Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་གི་མཆན་འགྲེལ་འཛམ་གླིང་ཉི་མ། མཁན་ཆེན་མཁྱེན་བརྩེ་ནོར་བུ།
   
   
   
   
   
   
   
   


 
previousདཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་གི་མཆན་འགྲེལ་འཛམ་གླིང་ཉི་མ། མཁན་ཆེན་མཁྱེན་བརྩེ་ནོར་བུ། next

དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་གི་མཆན་འགྲེལ་འཛམ་གླིང་ཉི་མ། མཁན་ཆེན་མཁྱེན་བརྩེ་ནོར་བུ།


MLP020_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་གི་མཆན་འགྲེལ་འཛམ་གླིང་ཉི་མ་ཅེས་བྱ་བ་བཞུགས་སོ།། མཁན་ཆེན་མཁྱེན་བརྩེ་ནོར་བུ།


MLP020_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་གི་མཆན་འགྲེལ་འཛམ་གླིང་ཉི་མ་ཅེས་བྱ་བ་བཞུགས་སོ།། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དོན་དམ་དབྱིངས་དང་སྒྲིབ་བྲལ་རིག་པའི་སྐུ། །མི་ཕྱེད་རྡོ༵་རྗེ༵་གྲུབ་པའི་གཟི༵་བརྗི༵ད་སྤྲིན། སྒྱུ་འཕྲུལ་དྲྭ་བའི་སྐུར་མཛད་རྒྱུད་སྡེའི་དབྱངས། །ཀུན་ཁྱབ་འཁོར་ལོའི་དབང་ཕྱུག་བླ་མར་འདུད། །གསང་སྔགས་ཀྱི་ཐེག་པའི་མཆོག་མ་ཧཱའི་ཨ་ཏིའི་རྒྱུད་སྡེ་འདི་ཉིད་བླ་མས་བསྟན་པའི་སྣང་བས་གདུལ་བྱའི་གླིང་ངམ་རྒྱུད་མཆོག་ཐུན་དངོས་གྲུབ་རྣམ་གཉིས་ཐོབ་ནས་གྲུབ་ཐོབ་ཀྱི་ལང་ཚོ་རབ་ཏུ་རྒྱས་པའི་པད་ཚལ་དུ། །སྒྲུབ་པར་མཛད་པའི་བརྒྱུད་པ་གསུམ་ལྡན་གྱི་བླ་མ་གདུལ་བྱའི་རྒྱུད་ཀྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་མུན་པ་བསལ་བའི་སྒོ་ནས་ཉིན་མོར་བྱེད་པའི་བླ་མ་དེ་དག་བདག་ཡིད་ནམ་མཁའི་ངོས་ལ་མི་འབྲལ་བར་བརྟན་པར་བཞུགས་ཏེ་བླ་མའི་ཐུགས་དང་རང་གི་སེམས་གཉིས་དབྱེར་མེད་དུ་གྱུར་ནས་རྒྱུད་ཀྱི་དོན་མཐའ་དག་རྟོགས་ནུས་པར་གྱུར་ཅིག །རྒྱུད་ཀྱི་བསྟན་དོན་ཟབ་མོ་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་བདག་དང་བདག་འདྲས་རང་སྟོབས་ཀྱིས་དཔག་དཀའ་ཡང་། །སྐྱེས་བུའི་ནགས་དང་བྲག་ཆེན་པོའི་རྩར་སྒྲ་ཇི་ལྟར་བརྗོད་པའི་རྗེས་སུ་འབྲངས་ནས་བྲག་ཆ་འབྱུང་བ་ལྟར། །བརྒྱུད་པ་གསུམ་ལྡན་བླ་མ་གོང་མའི་ལེགས་བཤད་ལ་བརྟེན་ནས། །རྒྱུད་ཀྱི་གོ་དོན་ཆ་ཤས་ཙམ་སྐབས་འདིར་གླེང་བ་ཡིན་པས་འདིར་ཕྱིས་འབྱུང་གདུལ་བྱ་རྣམས་ཀྱིས་ཆགས་སྡང་དང་ཕྱོགས་རིས་མེད་པའི་དྲང་པོའམ་གཟུ་བོའི་བློ་ཡིས་ཉོན། །འདིར་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་རྒྱ་མཚོའི་ནང་མཛོད། གསང་སྔགས་ཆུ་བོ་བཞི་ཡི་འབྱུང་གནས། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྲོག་ཤིང་། རྒྱལ་བའི་དགོངས་པ་དྲང་ངེས་གཉིས་དང་ངེས་དོན་ལ་གནས་སྐབས་མཐར་ཐུག་གཉིས་སུ་ཡོད་པའི་མཐར་ཐུག་གི་སྙིང་པོ་བཅུད་དུ་དྲིལ་བ། སེམས་འཁོར་བའི་ཕྱོགས་དང་ཡེ་ཤེས་འདས་པའི་ཕྱོགས་རང་སྣང་ལྷག་པའི་བདེན་


MLP020_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོའི་སྤྱི་དོན་གྱི་རྣམ་བཞག་ཅུང་ཟད་བརྗེད་བྱང་དུ་འགོད་པ་ལ་གསུམ་སྟེ། སྟོན་པས་ཇི་ལྟར་གསུངས་ཚུལ། དེ་ལས་ཇི་ལྟར་བརྒྱུད་ཚུལ། བརྒྱུད་པ་དེ་ལྡན་གྱི་རྒྱུད་དོན་དངོས་བཤད་པའོ། །དང་པོ་ནི། འོ་སྐོལ་རྣམས་ཀྱི་སྟོན་པ་བདག་ཉིད་སྲིད་པའི་འཆིང་བ་མཐའ་དག་ལས་གྲོལ་ཡང་། སེམས་ཅན་འབྲས་བུ་འཁོར་བའི་སྡུག་བསྔལ་གསུམ་གྱི་གཟེབ་དུ་ཆུད་ཅིང་རྒྱུ་རྨོངས་པ་སྤྱིར་ཕར་ཕྱིན་ཐེག་པ་ནས་བསྟན་པའི་རྒྱུ་བདག་འཛིན་གཉིས་དང་འདིར་བསྟན་གྱི་འཁྲུལ་པ་བཏགས་པའི་གཞི་རྨོངས་ཙམ་པའི་མ་རིག་པ་ཉན་རང་དགྲ་བཅོམ་གྱིས་ཀྱང་སྤངས་མ་ཐུབ་པའི་རྨོངས་པའི་མུན་ནག་སྟུག་པོས་ནོན་པ་རང་སྟོབས་ཀྱིས་ངེས་པར་འབྱུང་བའི་འགོག་ལམ་གྱི་ཕྱོགས་ཡོངས་སུ་མི་ཤེས་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་ཆོས་སྐུ་ལས་གཟུགས་སྐུ་འབྱུང་ཏེ། ཉི་མ་བྱེ་བ་ཕྲག་བརྒྱའི་འོད་ཀྱིས་མི་མཚོན་པའི་གདུལ་བྱའི་བསམ་ངོ་དང་མཐུན་པའི་མདོ་སྔགས་ཀྱི་དམ་པའི་ཆོས་ཀྱི་སྣང་བ་རླབས་པོ་ཆེ་འགྱེད་པའི་སླད་དུ་སྐྱེ་རྒུ་ཚེ་ལོ་བརྒྱ་པ་ལ་བབས་པའི་དུས་སུ་རིགས་ཐམས་ཅད་ལས་རྒྱལ་མཚན་གྱི་ཏོག་ལྟར་མཐོ་བ་ཤཱཀྱའི་རིགས་ཀྱི་རྒྱལ་པོ་ཟས་གཙང་མའི་སྲས་སུ་སྐྱེ་བའི་པདྨོ་དབང་འབྱོར་གྱི་ཡོན་ཏན་མཐའ་ཡས་པའི་རྒྱན་དང་ལྡན་པ་བཟུང་སྟེ། ཤཱཀྱ་ཐུབ་པའམ་ཤཱཀྱ་སེང་གེ་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་ན་མངོན་པར་གསལ་བ་དེས། དང་པོར་གཞོན་ནུའི་རོལ་རྩེད་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཕ་རོལ་ཕྱིན་པ་དང་རིག་པའི་གནས་ཆེ་ཆུང་རྣམས་ལ་སློབ་པ་དང་ས་འཚོ་ལ་སོགས་བཙུན་མོ་དྲུག་ཁྲིའི་འཁོར་དུ་བཞུགས་པ་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་པའི་ཚུལ་དང་མཐུན་པའི་ཐབས་མཁས་པ་མང་པོས་སེམས་ཅན་ཡོངས་སུ་སྨིན་པར་མཛད་ནས། ལོ་ཉི་ཤུ་རྩ་དགུ་བཞེས་པ་ན་ན་རྒ་འཆི་དང་རབ་བྱུང་ངང་ཚུལ་གཟིགས་པ་ལ་བརྟེན་ནས་ངེས་པར་འབྱུང་བས་རྒྱལ་པོའི་སྲིད་འབྱོར་སྤངས་ཏེ་མཆོད་རྟེན་རྣམ་དག་དྲུང་དུ་རང་བྱུང་གི་རབ་ཏུ་བྱུང་། བསམ་གཏན་གྱི་གདམས་པ་ཞུས་ནས་ཀླུང་ནེ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད་ཅིང་བཞུགས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐུལ་ནས་རྣམ་སྨིན་ཕུང་པོའམ་བཏགས་པའི་ལུས་མཐུན་སྣང་དུ་དེར་བཞག་སྟེ་སྟོང་པ་


MLP020_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ལུས་སམ་སྟོང་གཟུགས་ཀྱི་སྐུ་དབང་ཕྱུག་ཆེན་པོའི་འོག་མིན་དུ་སྣང་གསུམ་གྱི་བག་ཆགས་སྦྱོང་ཕྱིར་འབྲས་དབང་གསུམ་ཞུ་དགོས་པས་དེར་གཤེགས་ནས་མངོན་བྱང་ལྔས་བྱང་ཆུབ་བརྙེས་པའི་ཚུལ་མཛད། དེ་ནས་རི་རབ་ཀྱི་རྩེ་དང་དགའ་ལྡན། སུམ་ཅུ་རྩ་གསུམ། རི་རབ་བང་རིམ་སྟེ་རྣམ་སྲས་ཀྱི་གནས་ལྕང་ལོ་ཅན་དང་། རྒྱ་མཚོའི་འགྲམ་དང་། ལྷོ་ཕྱོགས་ཨོ་རྒྱན་དང་། ཤར་ཕྱོགས་ཟ་ཧོར་རྣམས་སུ་སྤྲུལ་སྐུ་ཡེ་ཤེས་སྐུའི་རྣམ་ཅན་དུ་གཤེགས་ནས་ཡེ་ཤེས་ཀྱི་སྐུ་མཇལ་ནུས་པའི་འཁོར་དག་པ་སྔགས་ཀྱི་གདུལ་བྱ་རྣམས་ལ་གསང་སྙིང་འདི་ཉིད་ལ་སོགས་པའི་གསང་སྔགས་ཀྱི་རྒྱུད་སྡེ་རྙིང་མ་རང་ལུགས་ལ་གསང་སྔགས་ནང་རྒྱུད་འབའ་ཞིག་བསྟན་པར་བཞེད། གསར་མས་ཕྱི་རྒྱུད་སྡེ་གསུམ་ཡང་བསྟན་པར་འདོད། མཐའ་ཡས་པ་བསྟན། སླར་མདོ་ཕྱོགས་ཀྱི་གདུལ་བྱའི་ངོ་སྐལ་དུ་ཡེ་ཤེས་ཀྱི་ལུས་བཏགས་པའི་ལུས་ལ་ཞུགས་ནས་རྡོ་རྗེའི་གདན་ལ་བྱང་ཆུབ་སྙིང་པོར་གཤེགས་པ་སོགས་མཛད་པ་ལྷག་མ་རྣམས་མཐུན་སྣང་དུ་བསྟན། དེ་ལྟར་སྤྲུལ་པའི་སྐུས་ལྷ་ཀླུ་མི་གསུམ་ལ་གསང་སྔགས་བསྟན་པ་དང་། རང་སྣང་འོག་མིན་དུ་སྤྲུལ་གཞིའི་ལོངས་སྐུས་གསང་སྔགས་བསྟན་པ་གཉིས་བྱད་དང་གཟུགས་བརྙན་དུས་མཉམ་པ་ལྟ་བུ་ཡིན་པས་ཕྱི་མ་ལོངས་སྐུའི་གནས་སྐབས་སྤངས་ནས་སྔ་མ་སྤྲུལ་སྐུར་མཛད་པ་ནི་མ་ཡིན་ཏེ། སློབ་དཔོན་ཉི་འོད་སེང་གེས་རྒྱ་ཆེར་འགྲེལ་དུ་བཤད་ཚུལ་ལོ། །སྟོན་པས་མི་ཡུལ་དུ་བྱང་ཆུབ་བརྙེས་པའི་མཛད་པ་བསྟན་ནས་ཐེག་པ་ཐུན་མོང་གི་ཆོས་འཁོར་བསྐོར་བའི་དུས་སུ་ལོངས་སྐུས་འོག་མིན་དུ་གསང་བའི་སྙིང་པོའི་རྒྱུད་གསུངས་པའི་ཕྱོགས་ནི་སྒེག་པ་རྡོ་རྗེས་སྤར་ཁབ་ཏུ་བཤད་པའི་ཚུལ་ལོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡང་ཕྱི་མ་དང་མཐུན་པར་བཞེད་དེ། གང་དུ་རྒྱུད་གསུངས་པའི་འོག་མིན་རང་ཉིད་སངས་རྒྱས་པའི་གནས་དེ་ལ་རང་སྣང་གི་འཁོར་ལས་གཞན་གྱིས་མི་མཐོང་བས་དབང་ཕྱུག་ཆེན་པོའི་འོག་མིན་ཏེ་ལོངས་སྐུའི་ཞིང་གི་འོག་མིན་དང་། དེའི་རྗེས་མཐུན་སྤྲུལ་སྐུའི་འོག་མིན་གཉིས་ཡོད་ཅིང་། ཕྱི་མ་ལའང་ཕྱེད་སྤྲུལ་ལོངས་སྐུར་གྲགས་པ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་རིགས་ལྔའི་ཞིང་ལྟ་བུ་དང་། གཙང་རིས་ལྷ་གནས་ཀྱི་འཇིག་རྟེན་གྱི་འོག་ཏུ་མ་གྱུར་པས་འོག་མིན་གཉིས་གསུངས་གཙང་མའི་གནས་ལྔའི་ནང་ཚན་འོག་མིན་དེ་མིན་པས་དེའི་སྟེང་དུ་འོག་མིན་རྣམ་པར་མཛེས་པ་ཞེས་ཐེག་ཆེན་སོ་འཕགས་གཉིས་ཀ་ཡོད་པའི་གནས་སུ་གསུངས་སོ། །བཤད་ཚུལ་དེ་དག་གང་ཡང་མི་


MLP020_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ཏེ། དེ་བཞིན་གཤེགས་པའི་མཛད་པའི་རྣམ་འཕྲུལ་གྱི་ཡུལ་བསམ་གྱིས་མི་ཁྱབ་པ་རྩོལ་མེད་དུ་འབྱུང་བའི་ཕྱིར་རོ་ཞེས་སྔོན་བྱོན་བརྒྱུད་པའི་བླ་མ་མཁས་པ་དག་གསུངས་སོ། །སྤར་ཁབ་ཏུ་བཤད་ཚུལ་འདི་ལ་སྤྲུལ་སྐུས་ཐུན་མོང་གི་ཐེག་པ་བསྟན་ཞེས་པ་ཙམ་ལས་སྔགས་གསུངས་པའི་གསལ་ཁ་མེད་པ་ཙམ་ལ་བརྟེན་ནས་སྔ་མ་ཁ་ཅིག །མི་ཡུལ་དུ་སྤྲུལ་སྐུས་ཐུན་མོང་གི་ཐེག་པ་ཙམ་ལས་མ་ཧཱ་ཡོ་གའི་རྒྱུད་གཏན་ནས་མ་གསུངས་པར་འདོད་པ་དེ་ནི་དེས་གསུང་པ་མ་བསྟན་པ་ཙམ་ཡིན་གྱི་མ་གསུངས་པར་བསྟན་པ་དེ་ནི་མི་འཐད་དེ། རྩ་རྒྱུད་ཉིད་ཀྱི་ལེའུ་གསུམ་པ་ལས་སྤྲུལ་སྐུའི་མཛད་པ་སྐུ་བསོད་ནམས་ཆེན་པོ་སོགས་འདུལ་བ་བཞིའི་ནང་ཚན་གསུང་གིས་འདུལ་བའི་སྐབས་སུ། བླ་ན་མེད་པའི་ཐེག་པ་དང་ཞེས་གསུངས་པ་སོགས་དང་འགལ་བའི་ཕྱིར་རོ། །འོག་མིན་དུ་ལོངས་སྐུས་གསང་སྔགས་གསུང་ཚུལ་ནི་ལེའུ་དང་པོའི་དངོས་བསྟན་གཙོ་བོ་ཡིན་པས་ལོངས་སྤྲུལ་གྱིས་གསུང་ཚུལ་གཉིས་ཀ་རྒྱུད་ཉིད་ཀྱི་ལེའུ་དང་པོ་དང་། གསུམ་པ་གཉིས་ན་གསལ་བ་ཡིན་ནོ། །གཉིས་པ་ལ། བརྒྱུད་གསུམ་སྤྱིའི་རྣམ་བཞག་དང་། སོ་སོའི་ངོས་འཛིན་ཕྱེས་ཏེ་བཤད་པ་གཉིས་ལས། དང་པོ་ནི། བཤད་རྒྱུད་རྒྱ་མཚོ་ལས། ༼༡ རྒྱལ་བ་༼༢ སེམས་དཔའ་༼༣ རྣལ་འབྱོར་པ། རིམ་བཞིན༼༡ དགོངས་པ་༼༢ རིག་པ་༼༣ རྣ་བར་བརྒྱུད་མཐའི་གསལ་བྱེད། ཅེས་པ་ལྟར་གསུམ་སྟེ། གསང་སྔགས་བརྒྱུད་པ་གསུམ་གྱི་དོན་ཕྱི་འགྱུར་གསར་མ་ལའང་ཡོད་ཀྱང་སྔ་འགྱུར་བའི་བརྡ་ཆོས་སྐད་ཆད་སྦྱར་ནས་འཇུག་ཐུབ་པ་ཐུན་མོང་མ་ཡིན་པ་གསར་མ་བ་ལ་མེད་པའི་དོན་ཡིན་པའོ། །དེ་ལ་རྒྱལ་བ་དགོངས་བརྒྱུད་ནི་རྒྱུད་གཅིག་པ་དང་རྒྱུད་ཐ་དད་ལ་བརྒྱུད་ཚུལ་གཉིས་ཏེ། དཔེར་ན་ནམ་མཁའི་ཟླ་བ་གཅིག་པུ་ལ་རི་བོང་གི་གཟུགས་ཡོད་པ་ཉིད་ཀྱིས་ཆུ་ཟླ་ཇི་སྙེད་ཤར་བ་ཐམས་ཅད་རི་བོང་གི་རྒྱན་དང་ལྡན་པར་སྣང་བ་བཞིན་དུ༑ གང་གིས་འཆད་པའི་སྐྱེས་བུ་རིགས་ལྔའི་སྤྲུལ་གཞི་རིགས་ཐམས་ཅད་འདུས་པའི་བདག་ཉིད་རིགས་དྲུག་པས་རང་གིས་སྨིན་གྲོལ་གྱི་ལམ་ལ་བསླབ་ནས་རྒྱུད་དོན་འོད་གསལ་གཉུག་མའི་དེ་ཁོ་ན་ཉིད་མཐར་ཕྱིན་པར་བརྙེས་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་དེ་ལས་ཤར་ཞིང་སྤྲུལ་པའི་རང་བཞིན་གཉིས་སུ་མེད་པའི་འཁོར་མི་བསྐྱོད་པ་སོགས་གཤེགས་པ་ལྔ་དང་སངས་རྒྱས་སྤྱན་མ་སོགས་གཤེགས་མ་ལྔ་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་ས་སྙིང་སོགས་སེམས་དཔའ་ཡབ་ཡུམ་བརྒྱད་སྟེ་ཞི་བ་དང་སྒོ་བ་ཡབ་ཡུམ་ལྟ་བུའི་ཁྲོ་བོའི་འཁོར་ཐམས་ཅད་


MLP020_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དོན་བརྙེས་པར་འཇོག་ནུས་ཏེ། དེ་ནི་གཙོ་འཁོར་དགོངས་པ་གཅིག་པ་ལ་དགོངས་པ་གཅིག་གིས་བརྒྱུད་ཅེས་བཏགས་པ་ཡིན་ནོ། །དཀྱིལ་འཁོར་གྱི་གཙོ་བོ་སྟོན་པ་དང་རྒྱུད་ཐ་དད་པ་ས་བཅུ་རྒྱུན་མཐའ་པ་ཁོ་ནའི་སེམས་ཅན་ཡིན་པའི་ལྷན་ཅིག་པའི་འཁོར་སྒོ་གསུམ་གྱི་བག་ཆགས་ཕྲ་བ་མ་སྤངས་ཤིང་འབྲས་དབང་ཞུ་དགོས་པའི་རྒྱལ་སྲས་མཐར་ལམ་པ་རྣམས་ལ་ཟབ་དབང་གསུམ་བསྐུར་བའི་དབང་གསུམ་པའི་དུས་སུ་ཡེ་ཤེས་ཀྱི་ལུས་ཅན་མ་ཡིན་པའི་མདོ་ལམ་པ་ལྟ་བུར་ལྷ་མོ་ཐིག་ལེ་མཆོག་མ་དབང་རྟེན་དུ་དགུག་དགོས་ཤིང་སྔགས་ལམ་གྱི་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱི་མཐར་ལམ་པ་ལ་དེ་མི་དགོས་སོ། །དགོངས་པ་མཛད་པས་ཤེས་སྒྲིབ་ཕྲ་བ་ལྷག་མེད་དུ་སྤངས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའང་དགོངས་བརྒྱུད་ཀྱི་ཚུལ་གཅིག་གོ །སེམས་དཔའ་རིག་ཅིང་གོ་བར་བྱེད་པའི་ཐབས་བརྒྱུད་ཅེས་པ་ནི། སྔ་འགྱུར་གྱི་རྒྱུད་སྡེ་གཞན་དུ་རིག་འཛིན་གང་ཟག་རིག་ཐབས་སམ་ཤེས་ཐབས་ལ་བརྡ་བྱས་པའི་བརྒྱུད་ཅེས་འབྱུང་བ་དང་མཐུན་ཏེ། གང་གིས་བརྒྱུད་ན་འཆད་པ་པོ་མ་དག་པའི་ཕུང་ཁམས་དག་པའི་སེམས་དཔའ་ཞེས་པའི་ཚིག་གི་ནུས་པས་དག་པར་གནས་པའི་སྐུ་ཡིན་པར་གྲུབ། དེས་ན་སྔགས་ཀྱི་ཡེ་ཤེས་ལས་གྲུབ་པའི་ཕྱག་ཆེན་དང་ལྷུན་གྲུབ་ཀྱི་སྐུ་བརྙེས་པ་དེས་གང་ལ་བརྒྱུད་ན་རིགས་གསུམ་གྱི་སེམས་དཔའ་ལྟ་བུ་རྒྱུད་ཡོངས་སུ་སྨིན་པའི་བྱང་སེམས་ཀྱི་འཁོར་ལ། བརྒྱུད་ཚུལ་ཇི་ལྟར་ན་ཐུགས་རིག་པའི་ཡེ་ཤེས་ཀྱི་དགོངས་པ་གཏད་པ་གཞིར་བཅས་ནས་སྔགས་གོ་བྱེད་ཀྱི་བརྡ་ཚིག་མགོ་སྨོས་པ་ཙམ་དང་བཅའ་བའི་ཕྱག་རྒྱ་རྒྱུད་དོན་མ་རྟོགས་པ་རྟོགས་པའི་བརྡ་ཐབས་བསྟན་པ་ཙམ་གྱིས་དེའི་མོད་ལ་དུས་དེ་མ་ཐག་ཏུ་འཁོར་གྱིས་རྒྱུད་དོན་མཐའ་དག་རྟོགས་པ་སྟེ། འདི་ཡང་དགོངས་པ་རིག་པ་གཏད་དགོས་པས་དོན་བརྒྱུད་ཁྱད་པར་ཅན་ཡིན་ཡང་། བརྒྱུད་བྱ་གཅིག་ཡིན་ཀྱང་བརྒྱུད་བྱེད་ཀྱི་ཐབས་མི་འདྲ་བས་རྒྱལ་བ་དགོངས་བརྒྱུད་ཀྱི་བརྒྱུད་ཚུལ་ལས་བརྒྱུད་ཚུལ་གཞན་དུ་གོ་བའི་ཆེད་དུ་དགོངས་བརྒྱུད་ཅེས་མ་སྨོས་པར་རིག་པས་བརྒྱུད་པ་ཞེས་པའི་བརྡ་སྦྱར་བ་ཡིན་ནོ། །རྣལ་འབྱོར་རྣ་བརྒྱུད་ཅེས་པའི་རྣལ་འབྱོར་ནི། དང་པོ་ནས་རིག་སྔགས་ཀྱི་ལྷའི་རྣམ་པར་བཞེངས་པ་ལྟ་བུ་མ་ཡིན་པར་ངེས་དོན་དུ་སངས་རྒྱས་བྱང་སེམས་ཡིན་ཀྱང་ཐ་མལ་པ་དགེ་བའི་བཤེས་གཉེན་ལྟ་བུའི་རྟེན་བཟུང་ནས་མ་མཐའ་ཐ་མལ་རང་མཚན་པ་ཡིན་ཀྱང་ལམ་བསྒོམས་ཏེ་དྲོད་ཚད་ཅི་རིགས་ཐོབ་པ་ཡན་ཆད་དེ་གོང་དུ་ཐ་མལ་པའི་རྟེན་བཟུང་ཞེས་པ་འདི་ནི་ཐུན་མོང་གདུལ་བྱའི་སྣང་ཚོད་ལ་ཐ་


MLP020_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མལ་པའི་རྟེན་ཅན་མ་གཏོགས་མཐོང་དཀའ་བས་དབང་བཙན་པར་བྱའི། གནས་ཚོད་ལྟར་ན་འདིའི་རྣལ་འབྱོར་པ་ལ་རྒྱལ་བ་དང་སེམས་དཔའ་ཡང་ཡོད་དེ། ལྟར་སྣང་མིའི་ཚུལ་ཅན་གྱི་སློབ་དཔོན་ཆེན་པོ་པདྨ་དོན་ལ་སངས་རྒྱས་ཡིན་པ་བཞིན་ནོ། །གསང་བདག་སྒྲོ་ཕུག་དོན་ལ་གསང་བདག་ཕྱག་རྡོར་དངོས་ཡིན་ཀྱང་རྣམ་པ་བླ་མའི་ཚུལ་འཛིན་པ་ལྟ་བུའོ། །དེར་མ་ཟད་ལས་དག་པ་འགས་ཡེ་ཤེས་ཀྱི་སྐུ་ཅན་དུའང་མཇལ་ཆོག་སྟེ་རྒྱལ་པོ་ཛཿབཞིན་ནོ། །དེ་ལྟ་བུའི་རྣལ་འབྱོར་པ་སྔ་མ་སྔ་མའི་ཞལ་ནས་ཕྱི་མ་ཕྱི་མའི་སྙན་དུ་དབང་བསྐུར་རྒྱུད་བཤད་མན་ངགབསྟན་པ་རྣམས་རིམ་བཞིན་བརྒྱུད་པ་ནི་རྣ་བརྒྱུད་དོ། །སངས་རྒྱས་ནང་ཕན་ཚུན་ལའང་སྔར་མ་རྟོགས་པ་གསར་དུ་རྟོགས་དགོས་པའི་སློབ་པའི་རྣ་བརྒྱུད་འདྲ་བ་མེད་ཀྱང་ཞལ་ནས་སྙན་དུ་བརྒྱུད་ཚུལ་ཙམ་ཡོད་པ་མི་འགལ་བར་ཀུན་མཁྱེན་ཆེན་པོས་གསུངས་ཤིང་མདོ་རྒྱུད་དུ་མའི་ལུང་གིས་ཀྱང་གྲུབ་པས་དེས་ན་རྒྱལ་བ་ལ་དགོངས་བརྒྱུད་ཁོ་ན་དང་སེམས་དཔའ་ལ་རིག་བརྒྱུད་ཁོ་ན་ཞེས་བཤད་མི་རུང་ངོ་། །དེས་ན་རྣལ་འབྱོར་པ་ལ་རྣ་བརྒྱུད་གཙོ་ཆེ་བ་སེམས་དཔའ་ནས་བརྒྱུད་ཚུལ་ཐུན་མིན་དེ་རིག་པའི་བརྒྱུད་པ་ཡིན་པ་དང་དེས་ན་སངས་རྒྱས་དངོས་ཀྱིས་བརྒྱུད་ཚུལ་ཐུན་མིན་ནི་དགོངས་པ་གཅིག་པས་དགོངས་བརྒྱུད་ཡིན་རྣ་བརྒྱུད་ནི་གསུམ་ཀར་ཐུན་མོང་དུ་འཇོག་ཆོག་ཞེས་བཤད་པར་བྱའོ། །གཉིས་པ་ལ་གསུམ་སྟེ། རྒྱལ་བ་དགོངས་བརྒྱུད། སེམས་དཔའ་རིག་བརྒྱུད། རྣལ་འབྱོར་རྣ་བརྒྱུད་དོ། །དང་པོ་ནི། སྟོན་པ་རིགས་དྲུག་པས་རྒྱལ་ཚབ་རིགས་ལྔ་སོགས་དང་། རིགས་ལྔས་ལྷན་ཅིག་པའི་འཁོར་ལ་བརྒྱུད་པའོ། །གཉིས་པ་ལ། མི་མ་ཡིན་ལ་བརྒྱུད་པ་དང་། མི་དང་མི་མིན་གཉིས་ཀ་ལ་བརྒྱུད་པ་གཉིས། དང་པོ་ནི། རྒྱལ་སྲས་རིགས་གསུམ་སེམས་དཔས་ལྷ་ཀླུ་གནོད་སྦྱིན་གྱི་རིག་འཛིན་གྲགས་ལྡན་མཆོག་སྐྱོང་སོགས་གསུམ་ལ་བརྒྱུད་པའི་ངེས་བཟུང་མེད་དེ་སྟོན་པས་ལྷ་ཀླུ་མི་གསུམ་དུ་མ་གསུངས་པའི་སྔོན་ནས་ཀྱང་བཤད་དོ། །གཉིས་པ་ནི། རྒྱལ་བ་ཞི་བར་གཟིམས་ནས་ལོ་ཉེར་བརྒྱད་འདས་པ་ན་དམ་པའི་རིགས་ཅན་མིའི་རིག་འཛིན་དྲི་མེད་གྲགས་པ་མི་མིན་བཞི་དྲྭ་མ་ལྔ་ལང་ཀའི་ཡུལ་གྱི་གྲོང་བརྡལ་བྱན་ལག་ལྗོངས་ཀྱི་མཚོ་ཀོ་ཀ་གླིང་རི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་གྱིས་འདུས་ཏེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་དམིགས་ནས་གདུང་


MLP020_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བླངས་པས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ལྕང་ལོ་ཅན་དུ་བསྐུལ་ནས་དཔལ་ཕྱག་ན་རྡོ་རྗེ་རྫུ་འཕྲུལ་གྱིས་མངོན་སུམ་དུ་རི་རྩེ་དེར་བྱོན་ནས་སྔར་འོག་མིན་དུ་བསྟན་ཟིན་པའི་རྒྱུད་རྣམས་བསྐྱར་ཟློས་ཚུལ་དུ་བཤད་དོ། །སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་ཡི་གེར་བྲིས་ནས་རྩལ་བདུན་གྱིས་གཏེར་དུ་སྦས་སོ། གསུམ་པ་ལ། མི་ཡུལ་དུ་རྒྱུད་འདི་ཐོག་མར་བྱུང་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་གཉིས། དང་པོ་ནི། བཤད་མ་ཐག་པ་ལྟར། གསང་བདག་གིས་བཀའ་བསྡུ་མཛད་པའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛཿསྟེ་ཨིནྟྲ་བྷུ་ཏི་ལ་རི་རབ་རྩེ་ནས་གསང་བདག་གི་སྐུའི་འོད་ཀྱིས་འཇིག་རྟེན་བསྲེགས་པ་དང་གསུང་གིས་ཆོས་བསྒྲགས་པ་དང་ཐུགས་ཀ་ནས་རྡོ་རྗེ་ཉི་ཟླ་སྤྲོས་པ་ཐུགས་ཀ་དང་སྤྱི་བོ་རྐང་མཐིལ་དུ་ཐིམ་ཞིང་སྣང་སྲིད་ལྟོ་བ་ནས་འཕྱོ་བ་རྨིས་རྟགས་ཐིམ་པ་དང་། སྤྲིན་ལ་ཉི་འོད་སྤྲོ་ཞིང་རིན་ཆེན་གླེགས་བམ་སྐར་མདའ་ལྟར་བབས་པ་དང་། སངས་རྒྱས་རྣམས་ཉི་ཟླ་ལ་ཞོན་ནས་ཆོས་ཀྱི་བགྲོ་བ་བྱེད་པ་དང་། ལྷ་དང་རིག་འཛིན་དྲང་སྲོང་ཀུན་གྱིས་བསྟོད་པའི་དམ་པར་བསྒྲགས་པ་དང་དེ་དག་གིས་སྐོར་ཀློག་བྱེད་ཅིང་མཆོད་པ་ཆེན་པོ་བྱས་པ་དང་སྤྲིན་གསེར་སྙིང་ཅན་ལས་རིན་ཆེན་དང་བདུད་རྩི་ཆར་དུ་བབས་པས་འགྲོ་བའི་སྡུག་བསྔལ་བསལ་ཞིང་བཛྲ་ཡོ་གའི་སྒྲ་སྒྲོགས་པ་དང་། སངས་རྒྱས་ས་ལ་ལས་དང་སྐལ་བ་རབ་ལྡན་པ། ནས། ཀུན་རིག་བདེ་བ་ཆེན་པོར་འགྱུར། ཞེས་པའི་བར་གྱིས་ལུང་བསྟན་པའོ། །ཞེས་པའི་རྨི་ལྟས་བདུན་བྱུང་ཞིང་དེ་དང་མཐུན་པར་ཕོ་བྲང་གི་སྟེང་དུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་རྒྱུད་སྡེའི་གླེགས་བམ་དང་ཕྱག་ན་རྡོ་རྗེའི་སྐུ་ཟུར་ལུགས་ལ་རྒྱུ་ཙན་དན་ལས་གྲུབ་པ་དང་ཁམས་ལུགས་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཁྲུ་གང་བ་དངོས་སུ་བབས་ཏེ་གསོལ་བ་བཏབ་པས་སྔོན་གསང་སྔགས་ལ་སྦྱངས་པའི་འཕྲོ་སད་དེ་སྒྱུ་འཕྲུལ་བརྒྱད་ཅུ་པའི་ནང་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས་ལེའུ་དེར་བཤད་པའི་སྒྲུབ་ཐབས་དེ་དང་སྒྲུབ་རྟེན་ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་ཟླ་བ་དྲུག་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཞིང་བྱིན་གྱིས་བརླབས་པས་གླེགས་བམ་གྱི་དོན་མཐའ་དག་རིག་བརྒྱུད་ཀྱི་ཚུལ་གྱིས་མཁྱེན་ལི་ཙཱ་བི་དྲི་མེད་གྲགས་པ་ལས་རྣ་བརྒྱུད་ཀྱི་ཚུལ་དུ་རྒྱུད་དོན་མཐའ་དག་གསན་པ་དང་དེར་མ་ཟད་དགེ་སློང་ཀུ་ཀུ་རཱ་ཛ་ལས་ཀྱང་གསན་པར་བཤད་པར་གྱུར་ཏོ། །གཉིས་པ་ནི། རྒྱལ་པོ་ཛཿདེས་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ་བཤད་རིག་འཛིན་དུང་ཕྱུར། དེ་ནས་


MLP020_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་ཨིནྟྲ་བྷུ་ཏི་ཆུང་བ་བྱེ་བ། སེང་ཧ་རཱ་ཛ་འབུམ་ཕྲག་ཨུ་པ་རཱ་ཛ་ཁྲི་ཕྲག་སྲས་མོ་གོ་མ་དཱེ་ཝིའི་སྟོང་ཕྲག་བར་དུ་བརྒྱུད་དེ། དེ་རྣམས་ནི་འཁོར་ཚོམ་བུ་དུང་ཕྱུར་སོགས་དང་བཅས་ཏེ་རིག་འཛིན་གྱི་ས་ལ་གཤེགས་པ་ཤ་སྟག་གོ །གོ་མ་དཱེ་ཝིས་སྒེག་རྡོར་དང་སངས་རྒྱས་གསང་བ་ལ་བཤད། སངས་རྒྱས་གསང་བས་སློབ་དཔོན་ཆེན་པོ་པདྨ་དང་བི་མ་མི་ཏྲ་ལ་གདམས་ཏེ་འཕགས་ཡུལ་དུ་བྱུང་བའི་ཚུལ་ལོ། །བོད་དུ་ནི། སློབ་དཔོན་པདྨས་རྗེ་འབངས་འདུས་པ་ལ་མན་ངག་ལྟ་ཕྲེང་གསུངས་པ་སྒྱུ་འཕྲུལ་འདིའི་འགྲེལ་པ་པདྨའི་རྣམ་བཤད་ཆེན་པོ་མཛད་པ་སོགས་དེ་ལས་བརྒྱུད་པའང་ཡོད་པར་སྣང་མོད། སྒྱུ་འཕྲུལ་མཁན་པོ་གོང་མ་ཁམས་ཟུར་གཉིས་ལུགས་རྣམས་ལ་གྲགས་ཆེ་བ་ནི། བི་མ་ལས་རྨ་རིན་ཆེན་མཆོག་གཉགས་ཛྙཱ་ན་ཀུ་མ་ར་གཉིས་ལ་གདམས། དེ་གཉིས་ནས་བརྒྱུད་པའི་ཆུ་བོ་གསུམ་དུ་གྱེས་པ་གནུབས་སངས་རྒྱས་ཡེ་ཤེས་ལ་གཅིག་ཏུ་འདྲེས། དེས་གནུབས་ཡོན་ཏན་རྒྱ་མཚོ་དང་སོ་ཡེ་ཤེས་དབང་ཕྱུག་ལ་བཤད། དེ་གཉིས་ཀ་ལ་ཉང་ཤེས་རབ་མཆོག་གིས་ཞུས། དེ་ནས་ཉང་ཡེ་ཤེས་འབྱུང་གནས། ཟུར་བོ་ཆེ་ཤཱཀྱ་འབྱུང་གནས་རྟེན་རབ་བྱུང་། དེའི་སློབ་མ་རྩེ་མོ་བཞིའི་ནང་ཚན་ཟུར་ཆུང་ཤེས་རབ་གྲགས་རྟེན་སྔགས་པ། ཟུར་ཆུང་སྲས་འདི་འཁྲུངས་ནས་ཟླ་བ་ཁ་ཤས་ཀྱིས་ཡབ་འདས་པས་ཡབ་ལ་མི་བརྒྱུད་པའི་དོན་དེ་ཡིན་ཐུགས་སྲས་ཀ་བ་བཞི་ནས་སྒྲོ་ཕུག་པ་ཤཱཀྱ་སེང་གེའི་བར་དུ་བརྒྱུད། གཉགས་གནུབས་ཟུར་གསུམ་དེ་དག་ལ་གསང་སྔགས་ཀྱི་བབས་སོ་གསུམ་དུ་གྲགས། སྒྲོ་ཕུག་པ་ལ་ཐུགས་ཟིན་གྱི་སློབ་མ་བཅུ་གཉིས་གདུགས་ཐོགས་ཀྱི་སློབ་མ་གྲྭ་ས་འཛིན་པ་སྟོང་སོགས་བྱུང་སློབ་མའི་གཙོ་བོ་ནི་ཟུར་དྲི་ངེས་པ་ཉེ་སྟོན་ཆོས་སེང་ཡིན་གསུངས་སྟེ་རྒྱུད་འདིའི་ཕྲིན་ལས་ཕྱོགས་མེད་དུ་བརྡལ། ཉེ་སྟོན་དེའི་སློབ་བརྒྱུད་གཙང་སྟོད་གཙང་ནག་འོད་འབར། མེས་སྟོན་མགོན་པོ། །སྲོ་ཤེས་རབ་ཚུལ་ཁྲིམས། རྟ་ནག་བདུད་འདུལ་འབུམ། མདའ་ཤཱཀྱ་འཕེལ། རུས་ཟུར་དུ་གྱུར་པ་ཟུར་ཉི་མ་སེངྒེའི་སྲས་ཟུར་བྱམས་པ་སེང་གེ ། རྗེ་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་གཡུང་སྟོན་རྡོ་རྗེ་དཔལ་རྣམ་གཉིས། སྒྲོལ་ཆེན་སྐུ་སྲས་སྒྲོལ་ཆེན་སངས་རྒྱས་རིན་ཆེན། འགོས་ལོ་ཆེན་པོ་གཞོན་ནུ་དཔལ་གསར་མས་ཡེ་བཟང་རྩེ་པ་ཞེས་བྱ། ཀརྨ་ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པ། འབྲི་གུང་རིན་ཆེན་ཕུན་ཚོགས། རང་གྲོལ་ཉི་ཟླ་སངས་རྒྱས། དེའི་སྲས་


MLP020_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཁོན་ཇོ་སྲས་ཚེ་དབང་ནོར་རྒྱས་ཁྱིམ་པའི་རྟེན་ཅན། དེའི་སྲས་འཁོན་སྟོན་དཔལ་འབྱོར་ཕ་ཝང་ཁ་ལྔ་པ་ལྷུན་གྲུབ། ཟུར་ཆེན་བཀྲ་ཤིས་ཀུན་དགའམ་ཆོས་དབྱིངས་རང་གྲོལ་རིག་འཛིན་ཀུ་མ་རའི་རྣམ་སྤྲུལ་ཡིན། དར་སྡིངས་རིག་འཛིན་ཕྲིན་ལས་ལྷུན་གྲུབ། དེའི་སྲས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ། དེ་ལ་ལོ་ཆེན་དྷརྨ་ཤྲཱིས་གསན། གཏེར་ཆེན་སྐུ་མཆེད་འདི་གཉིས་ཐུགས་སྲས་དང་བཅས་པས་རྒྱུད་འདིའི་དབང་ཞི་དབང་རྒྱ་མཚོར་འཇུག་པའི་གྲུ་ཆེན་སྲས་འགྱུར་མེད་རྒྱ་མཚོས་མཛད། ཁྲོ་དབང་ཁྲག་འཐུང་གད་རྒྱངས་དང་། སྒྲུབ་ཐབས་ཞི་སྒྲུབ་ཡེ་ཤེས་ཆར་འབེབས། ཁྲོ་སྒྲུབ་བདེ་ཆེན་ཆར་འབེབས། དཀྱིལ་ཆོག་ཞི་དཀྱིལ་རིན་ཆེན་ཕྲེང་བ། ཁྲོ་དཀྱིལ་རྡོ་རྗེའི་ཕྲེང་བ་ལོ་ཆེན་གྱིས་མཛད། །རྒྱུད་འགྲེལ་གསང་བདག་དགོངས་རྒྱན་མཐའ་དཔྱོད་ཞལ་ལུང་སོགས་རིན་པོ་ཆེའི་སྒྲོན་མེ་ལྟ་བུའི་ལེགས་བཤད་མང་དུ་མཛད་ཅིང་། འཆད་ཉན་གྱི་རྒྱུན་བཙུགས་པས་བསྟན་པ་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ། དེ་ནས་རིམ་པར་བརྒྱུད་དེ་མཁས་གྲུབ་དམ་པ་དགེ་རྩེ་བསོད་ནམས་བསྟན་འཛིན་ནམ་འཇིགས་མེད་ངོ་མཚར་ནས། རྡོ་རྗེ་འཛིན་པ་པདྨ་བཀྲ་ཤིས། དེ་ལ་གྲུབ་རྒན་གྱི་དངོས་སློབ་རྡོ་རྗེ་གདུང་གཞིའི་ནང་ཚན་རྒྱལ་སྲས་རིག་པའི་རྡོ་རྗེའམ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསན། དེས་བདག་ཅག་གི་བླ་མ་འཕགས་པ་འཇམ་དཔལ་གྱི་ཐུགས་སྲས་ཀུན་མཁྱེན་སྤྲུལ་པའི་སྐུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞབས་དཀར་བ་མཇལ་སར་ཕེབས་དུས་ཞབས་དཀར་གཤེགས་པ་དང་ནང་འདོམས། ཕྱིར་ལོག་ནས་ཡར་ལུང་དུ་རྒྱུད་གསན་པ་དང་། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁན་ཆེན་རྡོ་རྗེ་འཆང་པདྨ་དམ་ཆོས་འོད་ཟེར་དཔལ་བཟང་པོའམ་མཁན་པདྨ་རྡོ་རྗེ་གཉིས་ལ་བསྩལ་ཅིང་། སྔ་མས་རྡོ་རྗེ་འཛིན་པ་ཝ་ཤུལ་རོག་ཟའི་བསོད་ནམས་རྣམ་རྒྱལ་དང་། ཕྱི་མས་རྣམ་འདྲེན་རྗེ་བཙུན་དམ་པ་མི་ཕམ་རྣམ་རྒྱལ་རིན་པོ་ཆེར་གདམས་པ་ནས་མི་ཕམ་ནས་བརྒྱུད་པ་མ་ཟད་མཁན་པད་རྡོར་ནས་ཀྱང་ཞེས་པའི་དོན་དུ་གསུངས་ཀྱང་བརྒྱུད་དེ། གྲུབ་ཆེན་རང་གིས་དཔལ་སྤྲུལ་མདུན་ནས་མ་ཐོབ་པ་ནི་ཨ་ལགས་ཀྱི་ཞབས་ལ་གཏུགས་པའི་ལན་གྱིས་ཡིན་གསུངས་མདོར་ན་ཁོ་བོ་འབའ་ཞིག་མ་གཏོགས་པ་རྒྱུད་སྡེའི་གནས་ལ་སྦྱངས་པས་མཁས་པའི་གོ་འཕང་བརྙེས་ཤིང་། དཀྱིལ་འཁོར་འཁོར་ལོའི་ལྷ་ལ་བསྙེན་པ་ལས་སུ་རུང་བ། རིམ་གཉིས་ཀྱི་རྟོགས་


MLP020_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲོད་ཐོབ་པའི་རྣལ་འབྱོར་དབང་ཕྱུག་གི་ཕྲེང་བ་བར་མ་ཆད་པར་བརྒྱུད་པ་ལས་ད་ལྟའི་བར་དུ་དབང་གི་ཆུ་བོ་མ་སྐམ། བཤད་པའི་སྒྲོན་མེ་མ་ནུབ། བྱིན་རླབས་ཀྱི་གཟི་འོད་མ་ཡལ་བར་བྱོན་པ་ཡིན་ནོ། །ལོ་རྒྱུས་འདི་དག་གི་ཞིབ་ཆ་ནི་གཞན་ལས་ཤེས་པར་བྱའོ། །གསུམ་པ་ལ། བཤད་བྱ་འཆད་བྱེད་འཆད་ཚུལ་གསུམ་གྱི་རྣམ་བཞག་མདོ་ཙམ་བརྗོད་པ་དང་། རྒྱུད་དོན་དངོས་བཤད་པའོ། །དང་པོ་གང་འཆད་པར་བྱ་བ་ནི། སྤྱིར་གསང་སྔགས་བླ་མེད་ལ། མ་ཧཱ། ཨ་ནུ། ཨ་ཏི་ཡོ་གའི་རྒྱུད་སྡེ་གསུམ་སྟེ། དེ་གསུམ་གྱི་ཁྱད་པར་ལ་སྤྱིར་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་སྙིང་པོའི་དོན་འདིར་སྔ་འགྱུར་ཡོངས་གྲགས་ཀྱི་གྲུབ་མཐའ་དབུ་མ་རང་རྒྱུད་པ་ཡིན་པས་དེ་ལྟར་ན་ཐེག་པ་ལྔ་པའི་མཐར་ཐུག་མིན་པས་རྒྱུད་ཀྱང་འོག་མར་གྲགས། ཡུལ་ཆོས་ཉིད་གཏན་ལ་འབེབས་པའི་ཆ་ནས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མེད་ཀྱང་ཡུལ་ཅན་ལ་ཁྱད་པར་དུ་མ་ཡོད་པའི་ཕྱིར་འོག་མ་ཐམས་ཅད་དམན་པས་འདིར་སེམས་ལས་འདས་པའི་མཐར་ཐུག་པ་ནི་སྤྱིར་ཉོན་མོངས་པའི་སེམས་མིན་པའི་གསལ་རིག་ཤེས་པ་སྟོང་གསལ་ཟུང་འཇུག་རྣམས་འོད་གསལ་ཟེར་མོད། འདིར་འཁྲུལ་པ་བག་ཆགས་དང་བཅས་པས་མ་གོས་པའི་འོད་གསལ་བ་ཡིན་ནོ། དེ་རྒྱུན་ཆད་མེད་པའི་གཉུག་མའང་ཡིན་ཏེ་སེམས་ནི་བག་ཆགས་དང་དམིགས་རྐྱེན་བཟང་ངན་སྣ་ཚོགས་གློ་བུར་དུ་བྱུང་བ། འོད་གསལ་ཉིད་ནི་སངས་རྒྱས་ནས་སེམས་ཅན་བར་དུ་བཟང་ངན་འགྱུར་བ་མེད་པའི་གཉུག་མའི་དེ་ཁོ་ན་ཉིད། གནས་ལུགས་མཐར་ཐུག་ཏུ་གྲུབ་པ་དེ་གཅིག་པུ་ཡིན་པས་དེ་ཁོ་ན་ཉིད་ཡིན་ཞེས་ངེས་བཟུང་གི་ཚིག་གཞན་ལྡན་རྣམ་གཅོད་དོ། ཁྱད་ཆོས་དེ་དག་གི་བདག་ཉིད་ཅན་གྱི་ཁྱད་གཞི་ཟབ་གསལ་རང་ཉིད་ནི་མདོ་ཕྱོགས་སུ་བསྟན་པའི་སྟོང་ཉིད་ཐོས་བསམ་རྟོག་བཅས་ཀྱིས་རྟོགས་པ་ཙམ་ཡོད་ཀྱང་། འདི་སེམས་ཀྱི་ཆར་མ་གྱུར་པའི་ཕྱོགས་རྟོགས་མི་ནུས། སྟོང་པ་ཆོས་དབྱིངས་ཉིད་གསལ་བ་སྣང་བའི་ཆ་ནས་བཞག་པས་གསལ་བྱ་ཞིག་ཡོད་ནས་རང་ཉིད་གསལ་བྱེད་གྲུབ་དགོས་པས་ན་རང་གི་གནས་ལུགས་དེ་རང་གིས་གསལ་བས་ན་རང་ཉིད་གསལ་བ་ཡིན་ནོ། །གཉིས་སུ་མེད་པའི་མཚན་ཉིད་ཅན་ཉག་གཅིག་ཡིན་ཞིང་དོན་དེ་རྫོགས་རིམ་གྱིས་མངོན་སུམ་དུ་རྟོགས་པ་ལ་དང་པོར་འཇུག་པའི་སྒོ་མི་འདྲ་བ་གསུམ་སྟེ། སྐུ་གསུམ་ལམ་བྱེད་ཀྱི་བསྐྱེད་ཆོག་རྡོ་རྗེའི་ཆོ་ག་གསུམ་དང་བདག་སྲས་གཞན་སྲས་སོགས་རྒྱས་པའི་ཕྱོགས་དང་། རྒྱས་པར་མ་ཟད་བསྐྱེད་ཆོག་གི་སྤྲོས་པ་ཆུ་ལས་ཉ་འཕར་གྱི་ཚུལ་དུ་བསྐྱེད་པ་ལྟ་བུ་ཉེ་བར་བསྡུས་ཀྱང་རྫོགས་རིམ་གྱི་ཡེ་ཤེས་དབྱིངས་དང་ཡེ་ཤེས་ཀྱི་དག་པའི་སྣང་བ་


MLP020_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཏུ་ཡོད་པ་ལྟར་ལམ་བྱེད་ཀྱི་བསྐྱེད་རིམ་གྱི་ཕྱོགས་ཏེ་རིམ་པ་དང་པོའི་ཕྱོགས་གཉིས་ཀ་གང་རུང་ནས་རིམ་པ་གཉིས་པ་ལ་རིམ་གྱིས་སློབ་པ་དང་རྣམ་ཤེས་ལམ་བྱེད་བཅོས་མའི་བསྐྱེད་ཆོག་ལ་མི་ལྟོས་པ་དང་ཐབས་ཀྱི་ལམ་ལའང་མི་ལྟོས་པར་རྩོལ་མེད་སྒོ་གསུམ་བྱ་བ་དགུ་ཕྲུགས་སུ་བྱས་ཏེ་ཅོག་བཞག་བཞིའི་སྒོ་ནས་རང་བཞག་གི་ཐབས་ཀྱིས་ལས་རླུང་དང་གཡོ་རྟོག་རང་སར་དྭངས་ནས་རྩོལ་མེད་ཡེ་ཤེས་མངོན་དུ་བྱེད་པའོ། །དེ་ལས་དང་པོ་གཙོ་བོར་སྟོན་པ་དང་། གཉིས་པ་དང་གསུམ་པ་གཙོ་བོར་སྟོན་པ་རིམ་བཞིན་མ་ཧཱ་སོགས་གསུམ་དུ་བཞག་པར་ཁས་བླངས་ན་རེ་ཞིག་འཆད་བདེ་ཞིང་རོག་གིས་བློས་གསར་དུ་བཅོས་ནས་བསྐྱེད་པ་མ་ཧཱ། ཡེ་ལྡན་ཕྱི་རོལ་དུ་བཀོད་པ་ཨ་ནུ། ལྷ་བསྐྱེད་དུ་མེད་པར་དང་པོ་ནས་ཡེ་ཤེས་རང་ཉིད་མངོན་དུ་བྱེད་པ་ལ་ཨ་ཏི་ཞེས་བཞེད་པ་དང་ཡང་མཐུན་ནོ། །གོང་དུ་ཇི་སྐད་བརྗོད་པའི་བསྐྱེད་ཆོག་རྒྱས་བསྡུས་དང་། དཀྱིལ་འཁོར་རྒྱས་བསྡུས་མི་གཅིག་ལ་མཐའ་གཅོད་པ་གཞན་ཡང་མང་སྟེ་མང་བས་འཇིགས་སོ། །མ་ཧཱ་ལ་ཡང་མན་ངག་སྤྱིའི་སྡོམ་ལྔ་ཡོད་པའི་ལྔ་པ་བདེ་འདུས་སྒྲུབ་པ་རྒྱུད་ལུང་མན་ངག་གསུམ་གྱི་ལུང་གི་བཀའ་སྒོ་ལས། མ་ཧཱའི་མ་ཧཱ་ནི་ལྷའི་དཀྱིལ་འཁོར་ཏིང་འཛིན་གསུམ་འབྱུང་རིམ་སོགས་བསྐྱེད་ཆོག་རྒྱས་པའི་རིམ་པས་བསྐྱེད་པའོ། །མ་ཧཱའི་ཨ་ནུ་ནི་དེ་སྟེང་ནས་ཆུ་ལས་ཉ་འཕར་ལྟར་རང་བཞིན་གྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའོ། །མ་ཧཱའི་ཨ་ཏི་ནི་བསྐྱེད་རིམ་སྔོན་དུ་བཏང་སྟེ་དོན་དམ་ངོ་བོ་མ་སྐྱེས་པའི་དོན་རྩལ་དུ་བཏོན་པའོ། །ཞེས་གསུངས་པ་ལྟར་རིམ་འཇུག་གི་སྤྲོས་པ་ཆེ་ཆུང་ལ་ལྟོས་ཏེ་གསུམ་དུ་ཕྱེ་བ་ལས་འདིར་ནི་ཀུན་བྱེད་ལས། མ་ཧཱའི་ལམ་ལ་བརྟེན་ནས་རྡོ་རྗེ་འཆང་གི་གོ་འཕང་འདོད་པས། །ཐབས་བསྐྱེད་རིམ་དང་ཤེས་རབ་རྫོགས་རིམ་སྟེ་ལམ་རིམ་གཉིས་ཀྱི་སྒོར་ཞུགས་ནས། །རང་གི་རྒྱུད་རང་བཞིན་དང་གློ་བུར་གྱིས་དག་པའི་དཀྱིལ་འཁོར་ལ། །བསྐྱེད་རྫོགས་རང་རང་གི་བསྙེན་སྒྲུབ་རྣམ་བཞིས་མཆོག་ཐུན་སྒྲུབ་པར་བྱེད། །ཅེས་པ་ལྟར་རྒྱུད་འདིར་སྟོན་པས་ན་འདི་མ་ཧཱ་ཡོ་གའི་རྒྱུད་དང་། དེའི་ནང་ནས་ཀྱང་མ་ཧཱ་ལ་གསུམ་ཡོད་པ་ལས་སྣོད་བཅུད་རྒྱུད་གསུམ་གྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་རྩལ་དུ་བཏོན་ནས་སྟོན་པས་མ་ཧཱའི་ཨ་ཏིར་འཇོག་པ་སྒྱུ་འཕྲུལ་མཁན་པོ་ཉང་རོག་སོགས་ཕལ་ཆེ་བའི་བཞེད་པ་སྟེ་དེའི་ཁུངས་ནི་གསང་སྙིང་གི་མན་ངག་ཐོར་བུ་པཎྚི་ཏ་དུར་ཁྲོད་བདེ་བའི་དཔེ་ཆུང་རང་གནས་ཀྱི་འགྲེལ་པ་བི་མ་ལས་མཛད་པ་


MLP020_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་ཧཱའི་གསུམ་ནི་གསང་འདུས། བདེ་མཆོག་གསང་སྙིང་གསུམ་བཞག་པ་དང་། བཀའ་བརྒྱུད་བདེ་འདུས་མན་ངག་སྐོར་གྱི་སྡོམ་ལྔའི་དང་པོ་གསང་སྔགས་བཀའི་ལྡེ་མིག་ལ་སོགས་པའི་ཁུངས་དང་ལྡན་པའོ། །དེ་ཡང་ཕྱི་རྒྱུད་དང་མ་ཧཱའི་མ་ཧཱ་སོགས་འོག་མའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གཟི་ལྡན་ཉི་མ་ལྟ་བུའི་ཆེ་བ། མ་ཧཱའི་ཨ་ཏི་ཡིན་པས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རི་རྒྱལ་ལྷུན་པོ་ལྟ་བུའི་ཆེ་བ། ལྷ་མིའི་ཐེག་པ་ནས་བླ་མེད་བར་གྱིས་གང་བསྟན་པ་ཐམས་ཅད་རྒྱུད་དོན་མཐར་ཐུག་འདི་འཆད་པར་བཞེད་ཀྱི་འབྱུང་ཁུངས་ནམ་མཁའི་དབྱིངས་ལྟ་བུའི་ཆེ་བ། བཀའ་བསྟན་གྱི་ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་གོ་འབྱེད་ནམ་མཁའི་ཁམས་ལྟ་བུའི་ཆེ་བ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་རྒྱུད་དོན་མཐར་ཐུག་འདི་ཡིན་པས་རྒྱལ་པོས་བཀའ་གསུང་ཐོབ་པའི་མི་ལྟ་བུའི་ཆེ་བ། འབྲས་བུ་ཐམས་ཅད་ཀྱི་ཐུག་ས་ཡིད་བཞིན་ནོར་བུ། སྔོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་སྟོང་ལམ་གྱི་ཤུལ། ཕྱིས་འབྱུང་གི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཆེན་པོ་སྟེ་རྒྱུ་ལམ་གྱི་འགྲུལ་ལྟ་བུའི་ཆེ་བ། ཆེ་བ་བརྒྱད་དང་ལྡན་པ་དཔལ་གསང་བའི་སྙིང་པོ་འདི་ཉིད་ཡིན་ཏེ། མ་ཧཱ་ཡོ་གའི་ཏནྟྲའམ་རྒྱུད་ཆེན་པོ་སྡེ་བཅོ་བརྒྱད་ལས་གསང་སྙིང་འདི་རྒྱལ་པོ་ཛཿའི་དངོས་སློབ་ཀུ་ཀུ་རཱ་ཛའི་དཔལ་ཕྲེང་བ་དམ་པའི་འགྲེལ་བ་ལྟར་ན་ཏནྟྲ་ཆེན་པོའི་རྒྱུད་ཀུན་གྱི་བསྡུས་དོན་ལྟ་བུའི་རྒྱུད་དང་། ཀུན་མཁྱེན་བླ་མའི་བཞེད་པ་ལྟར་ན་ཏནྟྲ་སྤྱིའི་ཐུགས་རྒྱུད་ཡིན་ནོ། །དེ་གང་གིས་འཆད་ན་ལུང་དང་། ལུང་ནི་རྒྱུད་ཁོ་ན་ཡིན་པས་རྒྱུད་ལུང་གི་ལུང་དང་མི་གཅིག རིགས་པ་མན་ངག་གསུམ་གྱིས་ཏེ། ལུང་ནི་རྩ་རྒྱུད་ལེའུ་ཉེར་གཉིས་པ་འདི་ཉིད་ཀྱིས་བཤད་པའི་རྒྱུད་ལ་བཞི་སྟེ། ༼༡༽གྲོལ་ལམ་རིམ་དང་༼༢༽ཅིག་ཆར་སྟོན་པ་རིམ་བཞིན་༼༡༽ཡེ་ཤེས་སྙིང་པོ་དང་༼༢༽རྡོ་རྗེ་མེ་ལོང་། ༼༡༽ཐབས་ལམ་རིམ་དང་༼༢༽ཅིག་ཆར་སྟོན་པ་༼༡༽རྒྱ་མཚོ་དང་༼༢༽ཐལ་བ་སྟེ་བཞི་དང་རྩ་རྒྱུད་ཀྱི་རྗེས་སུ་གསུངས་པའི་རྒྱུད་ཕྱི་མ་སོགས་སོ་དྲི་བ་དང་དྲིས་ལན་གྱི་ལེའུ་གཉིས་ཅན་འདིའང་བཤད་རྒྱུད་དོ། །རྩ་བཤད་གཉིས་ཀྱི་ཁྱད་པར་ནི་བཞེད་པ་མང་ཡང་། རོག་བདེ་གཤེགས་ཆེན་པོས། ཐོག་མར་བྱུང་ཞིང་བཤད་བྱར་གྱུར་པའི་རྒྱུད་རྩ་རྒྱུད་དེ་རྩ་རྒྱུད་རང་ཉིད་ཡིན། རྗེས་ལ་བྱུང་ཞིང་སྔ་མའི་དོན་འཆད་བྱེད་དུ་གྱུར་པའི་རྒྱུད་ཕྱི་མ་ལྟ་བུ་གཞན་བཤད་རྒྱུད་ཅེས་གསུངས་པ་ལྟར་འདིར་རང་ལུགས་སུ་འཐད་ལ། དེས་ན་རྩ་བཤད་མི་འགལ་ཏེ། རྒྱུད་ཕྱི་མ་བཞིན་རྩ་རྒྱུད་འདི་


MLP020_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རྗེས་སུ་གསུངས་པའི་རྒྱུད་ཕྱི་མ་ཡིན་པས་བཤད་རྒྱུད་ཀྱང་ཡིན། བཤད་རྒྱུད་ཡེ་ཤེས་སོགས་བཞིའི་སྔོན་དུ་བྱུང་ཞིང་དེ་དག་གི་བཤད་བྱར་གྱུར་པས་ན་རྩ་རྒྱུད་ཀྱང་ཡིན་ནོ། །མན་ངག་ནི་གསུངས་པ་པོ་ཀླུ་སྒྲུབ་དང་བི་མ་གུ་རུ་པདྨ་ལྟ་བུ། བོད་ཀྱི་གནུབ་སངས་རྒྱས་ཡེ་ཤེས་ས་བཅུ་པ་བ་ཡིན་པར་གསུངས་པས་རབ་གསང་སྔགས་བླ་མེད་ཀྱི་འཕགས་ལམ་དོན་གྱི་འོད་གསལ་བརྙེས་པས་རྒྱུད་དོན་ཟག་མེད་མངོན་ཤེས་ཀྱིས་འཆད་པས་ཀླུ་སྒྲུབ་ཀྱིས་གསང་འདུས་འགྲེལ་པ། བི་མས་འགྲེལ་ཆུང་། གུ་རུ་པདྨས་རྣམ་བཤད་དང་། ལྟ་ཕྲེང་མཛད་ནུས་པ་དང་། འབྲིང་ཡི་དམ་ལྷས་མངོན་སུམ་དུ་རྗེས་སུ་བཟུང་སྟེ་བྱིན་གྱིས་བརླབས་པས་རྒྱུད་འགྲེལ་ནུས་པ་དང་། འཇམ་དབྱངས་ཀྱི་རྗེས་བཟུང་སངས་རྒྱས་གསང་བའི་རྣམ་དབྱེ་འགྲེལ་དང་། ཡང་འཇམ་དབྱངས་རྗེས་བཟུང་སངས་རྒྱས་ཡེ་ཤེས་ཀྱི་འཇམ་དབྱངས་ཞལ་ལུང་། ཡེ་ཤེས་ཞབས་ཀྱིས་མཛད་པའི་དགོངས་འགྲེལ་གྲོལ་ཐིག་སྒྲུབ་ཐབས་ཀུན་བཟང་གཉིས་ཏེ་ཞབས་ལུགས་པར་གྲགས་པའོ། །ཟུར་ཆེ་ཆུང་རྣམས་ལྟ་བུ་ཡིན་ནོ། །ཐ་མ་རིག་འཛིན་གོང་མའི་མན་ངག་གི་བརྒྱུད་པ་ཚད་ལྡན་མངའ་བ་ཟུར་ཆེན་དང་སློབ་མ་རྩེ་མོ་གཞན་གསུམ་དང་ཟུར་ཆུང་དངོས་སློབ་ཀ་བཞི་ལྟ་བུ་ཅི་རིགས་ཀྱིས་མཛད་པའི་རྒྱུད་འགྲེལ་དང་མན་ངག་ཐོར་བུ་རྣམས་ཏེ་སྒེག་རྡོར་སྤར་ཁབ་དང་བི་མའི་འགྲེལ་ཆུང་པིཎྜཱཪྠ་སོགས་ནི་རྒྱུད་འགྲེལ་དང་། སངས་རྒྱས་གསང་བའི་ལམ་རིམ་ཐོར་བུ། སྒེག་རྡོར་ཐུགས་ཐིག་སྤྱི་དོན་ཡིན། །བྱེ་བྲག་གི་འགྲེལ་པ་ཕྲན་ཚེགས་པདྨའི་ལྟ་ཕྲེང་ལ་སོགས་པའོ། །འཐད་སྒྲུབ་ཀྱི་རིགས་པ་ནི་རྟོག་གེའི་ཚིག་དོན་བརྒྱད་ཤེས་པའི་ང་རྒྱལ་དང་བརྟག་དཔྱད་མི་ཤེས་པའི་གཟུ་ལུམ་གྱིས་རྒྱུད་ཀྱི་རྡོ་རྗེའི་གནས་ལ་བཤད་པ་བྱེད་པ་ནི་རང་བཟོས་བསྟན་པ་དཀྲུགས་པ་ཡིན་ཞིང་། བླ་མ་དང་གཞུང་འདི་ལས་འདི་བཤད་ཅེས་པའི་དོན་ངེས་པའི་སྙིང་པོ་སྟོར་བའི་ཚིག་སྤྱིའི་གོ་ཡུལ་སྐམ་པོ་མང་དུ་ཡོད་ཀྱང་རྒྱུད་དོན་ལས་གཞན་དུ་བཀྲི་བར་མི་ནུས་པའི་ངེས་པ་བརྟན་པོ་རང་གིས་ཀྱང་མི་རྙེད་པས་གཞན་ལ་ལྟ་ཅི། དེས་ན་རྩ་རྒྱུད་ཀྱི་དོན་བཤད་རྒྱུད་རྣམས་ལ་བརྟེན་ནས་གོང་སྨོས་ཀྱི་གྲུབ་ཐོབ་སོ་སོའི་རབ་འབྲིང་ཐ་གསུམ་མན་ངག་གིས་ཇི་ལྟར་བཀྲལ་བ་བཞིན་དུ་རྟོག་གེའི་རིགས་པ་དང་མདོ་སྔགས་ཐུན་མོང་གི་རིགས་པ་ཙམ་མ་ཡིན་པར་བསྒྲུབ་བྱ་ཐུན་མིན་ལ་སྒྲུབ་བྱེད་ཀྱང་ཐུན་མིན། ལུང་དང་མཐུན་པའི་འཐད་པའམ་རྒྱུ་མཚན་རྣམ་པར་དག་པས་རྒྱུད་དོན་རང་ཉིད་ངེས་ཤིང་གཞན་ལ་འཆད་མཁས་པ་གཅེས་སོ། །བྱེ་བྲག་གི་རྒྱུད་གསང་སྙིང་འདི་ཉིད་འཆད་པའི་


MLP020_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལ་ཟུར་སྔ་རབས་པ་ལྷ་རྗེ་ཟུར་བོ་ཆེ། རྩ་རྒྱུད་བཤད་རྒྱུད་ཀྱིས་བཤད་པ་ལྟ་བུ་རྒྱུད་རྒྱུད་ཀྱིས། རྒྱུད་འགྲེལ་བས། རྒྱུད་སྒྲུབ་ཐབས་ཀྱིས། རྒྱུད་མན་ངག་གིས་བཤད་པ་སྟེ་བཤད་ཚུལ་བཞིར་བཞེད་པ་དང་། བི་མའི་ཁོག་གཞུང་གསལ་སྒྲོན་ལས། ཕས་ཀྱིས་ལན་བཏབ་འབྲུ་མནན་དང་། །ཁོག་དབུབ་ས་བཅད་བཞི་རུ་བཤད་ཅེས་སྤྱི་དོན་གྱིས་ཁོག་དབུབ། དཀྱུས་ཀྱིས་ས་བཅད། ཚིག་གིས་འབྲུ་གནོན། བརྒལ་ལན་གྱིས་གཏན་ལ་དབབ་པ་སྟེ་བཞིར་བཤད་པ་སོགས་རྒྱུད་གཞུང་སྤྱིའི་འཆད་ཐབས་དང་། སྣང་སྲིད་དག་པ་ཡིན་ན་འཁོར་བ་མེད་པར་ཐལ་བས་བརྒལ་ན་གནས་ལུགས་སུ་མ་གྲུབ་པ་དང་གྲུབ་ན་ལྡོག་མི་རུང་བར་ཐལ་བ་སོགས་ལྟ་བ་བརྒལ་བརྟག་གིས་དང་། ལས་དང་པོ་པ་དང་། རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གསུམ་གྱི་སྤྱོད་པ་དགེ་སྦྱོང་གཞོན་ནུའི་སྤྱོད་པ། བརྟུལ་ཞུགས་སྙོམ་པའི་སྤྱོད་པ། རྒྱལ་པོ་ས་འཛིན་གྱི་སྤྱོད་པ་འཇུག་ཐབས་ཀྱིས་དང་། དཀྱིལ་འཁོར་དོན་རྟགས་ཀྱིས་དང་། དབང་གདམས་ངག་གིས་དང་། དམ་ཚིག་རྣམ་གྲངས་ཀྱིས་དང་། ཕྲིན་ལས་ཆོག་བསྒྲིགས་ཀྱིས་དང་། སྒྲུབ་པ་ཕྱག་བཞེས་ཀྱིས་དང་། ཏིང་ངེ་འཛིན་བསྐྱེད་རྫོགས་ཀྱིས་དང་། མཆོད་པ་ཕྱི་ནང་གིས་དང་། རྒྱུ་དང་ས་བོན་བསྐྱེད་སྔགས་སྤྱི་མགྲིན་ལྕེ་རྐན་སོགས་སྒྲ་གདངས་མཚམས་སྦྱར། བསྒྲིགས་ཚུལ་ཤེས་པ་དག་སྡེབས་ཀྱིས་དང་། ཕྱག་རྒྱ་བཅའ་བ་བསྐྱེད་རིམ་གྱི་བོག་འདོན་ཡིན་པས་བསྐྱེད་རིམ་གྱིས་བཤད་པ་སྟེ་རྒྱུད་ཀྱི་དངོས་པོ་སོ་སོའི་བཤད་ཐབས་གཉིས་སོ། །གཉིས་པ་ནི། ཟུར་ཕྱི་མ་གསང་བདག་སྒྲོ་ཕུག་པས་བཞེད་པའི། སྣང་སྲིད་རང་བཞིན་གྱི་དངོས་པོའི་གནས་ཚུལ། ལྷན་སྐྱེས་དང་འཁྲུལ་བ་མ་རིག་པའི་དབང་གིས་འཁྲུལ་བ་ལྟ་བུ་མ་རྟོགས་འཁྲུལ་བའི་སྣང་ཚུལ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། འཁྲུལ་བའི་ཞེན་པ་བརྟན་པོ་ནི་སྐྲ་ཤད་ལ་མདུད་པ་བོར་བ་ལྟ་བུར་དགོངས་ནས་བརྩེ་བའི་ཐུགས་རྗེ་སྐྱེས་ཚུལ། འཁྲུལ་བ་སྤོང་བྱེད་ཀྱི་ལམ་སྟོན་པའི་གསང་སྔགས་ཀྱི་རྒྱུད་སྡེ་བསྟན་ནས་འགྲོ་དོན་ཇི་ལྟར་མཛད་ཚུལ་དང་ལྔས་འཆད་པ་སོགས་ཡོད་མོད་ཀྱི། བླ་མ་དམ་པ་ཀློང་ཆེན་པ་དང་སྨིན་གླིང་སྐུ་མཆེད་རྣམས་བི་མའི་སྒྱུ་འཕྲུལ་ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དགྲོལ་བའོ། །ཞེས་གསུངས་པའི་རྗེས་སུ་འབྲང་སྟེ་རྒྱུད་འདི་ཉིད་འཆད་པར་མཛད་པས་སྤྱི་དོན་འདིར་ཡང་རྒྱུད་དོན་འཆད་ཚུལ་དེ་བཞིན་དུ་


MLP020_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་བྱའོ། །དེ་ལ་གསུམ། ཚིག་བསྡུས་པའི་མགོ་སྨོས་པས་གོ་བའི་གདུལ་བྱ་དབང་པོ་རབ་ལ་རྒྱུད་ཀྱི་མཚན་བསྟན་པ། ཅུང་ཟད་ཚིག་ཕྱེ་སྟེ་བཤད་པས་གོ་བའི་དབང་འབྲིང་ལ་འབྲུ་འགྲེལ་ལ་ལྟོས་ན་ཚིག་ཉུང་བས་སྤྱི་དོན་རྣམ་པར་དབྱེ་བ་དང་། རྣམ་པར་སྤྲོས་པས་གོ་བའི་དབང་པོ་ཐ་མ་ལ་ཚིག་འབྲུ་རེས་དོན་གཉེར་རེའི་སྒོ་ནས་བཤད་པའོ། །དེ་ཡང་གདུལ་བྱ་ཤེས་རབ་ཀྱི་འཇུག་པ་མྱུར་བའི་དབང་རྣོན་མཚན་དོན་གྱིས་ཆེད་དུ་གཉེར་བྱའི་གདུལ་བྱ་རྣམས་ལ་མཚན་དོན་བཤད་པ་ཙམ་གྱིས་རྒྱུད་ཀྱི་དབུ་ཞབས་ཀྱི་བརྗོད་བྱའི་གནད་མཐའ་དག་རྟོགས་ནུས་པས་དེའི་ཆེད་དུ་གཉེར་ནས་མཚན་བསྟན་པ་ཡིན་ཡང་དབང་རྣོན་དེ་ཁོ་ནའི་ཆེད་དུ་མཚན་བསྟན་པ་མིན་ཏེ། དབང་པོ་འབྲིང་ཐ་གཉིས་ལ་ཡང་སྟོན་པའི་གདུལ་བྱ་ཡིན་པས་དེ་གཉིས་མགོ་སྨོས་པས་གོ་བའི་བག་ཆགས་བཞག་པའི་ཆེད་དུའང་མཚན་བསྟན་དགོས་པའི་ཕྱིར་རོ། །དབང་འབྲིང་ལ་སྤྱི་དོན་བཤད་པས་རྒྱུད་དབུ་ཞབས་ཀྱི་དོན་གྱི་འགངས་གཤོག་པའི་གོ་བ་སྐྱེད་ནུས་པས་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོར་དེ་ལ་བསྟན་པར་བྱ་བ་ཡིན་ཡང་། དབང་པོ་ཐ་མ་འབྲུ་གཉེར་དགྲོལ་བའི་ཆེད་དུ་བྱ་བའི་གདུལ་བྱ་ལའང་འབྲུ་གཉེར་དགྲོལ་བའི་སྔོན་དུ་གཞུང་གི་འགྲོ་ཚུལ་སྤྱིའི་ལུས་རྣམ་བཞག་ལ་བསླབ་པས་འབྲུ་གཉེར་གོ་སླ་བས་དཔེར་ན་དཀྱུ་ས་མཐོང་ནས་རྟ་རྒྱུག་པ་ལྟར་གཞུང་གི་བྱེ་བྲག་གི་ཚིག་དོན་བཟུང་བདེ་བའི་དགོས་པ་འབྲུ་གཉེར་བྱེད་པ་དབང་རྟུལ་ཁོ་ནའི་ཆེད་དུ་གསུངས་ཡོད་དོ། །མཚན་ལ་རྒྱུད་ལུང་མན་ངག་དང་མཐུན་པའི་མཚན་གྱི་རྣམ་གྲངས་གསུམ་གྱི་དང་པོ་རྗོད་བྱེད་ཀྱི་རྒྱུད་ཀྱི་བརྗོད་བྱའི་རྒྱུད་དང་དཀྱིལ་འཁོར་གྱི་གཙོ་བོ་དང་འཆད་པའི་སྐྱེས་བུ་མི་བསྐྱོད་པ་གསུམ་གྱི་མཚན་ཐུན་མོང་དུ་བསྟན་པ་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟེ། དང་པོ་རྒྱུད་ལ་རྡོ་རྗེ་སེམས་དཔའ་ཞེས་པ་དེའི་དོན་ཡང་བཤད་རྒྱུད་མེ་ལོང་ལས། ཁྱད་གཞི་སེམས་ཀྱི་ངོར་བཟང་ངན་ཆེ་ཆུང་འཁོར་འདས་སོགས་ཁྱད་ཆོས་གཉིས་སུ་གྱུར་པའི་ཆོས་རྣམས་མ་ལུས་པ་རྣམས་གནས་ལུགས་ལ་གཉིས་ཆོས་ཀྱི་སྤྲོས་པ་མེད་པའི། །རང་གི་སྣང་བ་རང་ཉིད་དུ་རིག་པའམ་སྐྱོན་ཡེ་ནས་བྱང་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་ཆུབ་ཅིང་རྫོགས་པའི་སེམས་ཉིད། གསརཕྱོགས་ལྟར་ན་གཞིའི་སྐབས་སུ་མ་དག་པའི་སྲོག་ཞུགས་ཀྱི་ཡེ་སྣང་མེད་པ་དང་། འདིར་ཡེ་ཤེས་


MLP020_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྣང་ཡོད་ཀྱང་སེམས་སྣང་ལྟར་མིན་ཏེ། ལམ་དུས་སུ་རང་གི་བདག་ཉིད་དུ་སྣང་བའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་ཞེས་ཡེ་ཤེས་གསལ་བ་ཡིན་པས་སེམས་ཞེས་པ་ཡིན་གྱི་དེ་ལ་གཙོ་འཁོར་དཔྱད་དུ་མེད་དེ། གཟའ་གཏད་བྲལ་བའི་ཡེ་ཤེས་ཡིན་པའི་ཕྱིར། ཡེ་ཤེས་དེ་ལ་སེམས་དཔའ་ཞེས་བརྗོད་དོ། །དེ་དང་ངོ་བོ་ཐ་དད་དབྱེར་མེད་པའི་སྟོང་པ་སྤྲོས་བྲལ་གྱི་རང་བཞིན་ཉིད་ལ། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་པས། རྡོ་རྗེ་ནི་ངོ་བོ་མི་ཕྱེད་རྡུལ་རྫས་གཞན་གྱིས་མི་ཤིགས་པ་སྟེ་དེ་དང་མཚུངས་པའི་སྟོང་གསལ་མི་ཕྱེད་པ་དང་ཀུན་རྟོག་གིས་མི་ཤིགས་པའི་ གཙོ་བོ་རྟོགས་པའི་ཕྱོགས་ལ་གོ་དགོས་ཤེས་རབ་སྟོང་པ་ཉིད་དོ། །རྒྱུད་འདིའི་གོང་འོག་ཏུ་སྟོང་པ་ཉིད་ཅེས་བཤད་པ་རྣམས་ནི་འོད་གསལ་གྱི་རང་བཞིན་རྣམ་པར་མི་རྟོག་པ་སྟོང་པའི་ཆ་ལ་སྤྲོས་པའི་ཀུན་རྟོག་དང་རང་རང་གི་ངོ་བོ་གང་དུའང་མ་གྲུབ་པས་རང་སྣང་གིས་ངོ་བོ་ལ་སྟོང་ཡོད་པའི་བདེན་དངོས་གཉིས་ཆར་གྱིས་སྟོང་པས་སྟོང་པ་ཁོ་ནའི་རྣམ་པ་ཅན་ལས་ངོ་བོ་ལ་མི་སྟོང་པའི་ཆོས་གང་ཡང་མེད་པའི་སྟོང་པ་ཡིན་པས་སྟོང་ཉིད་ཞེས་པ་དང་། སེམས་རིག་ཁྱད་པར་འབྱེད་པའི་སྟོང་གསལ་ཟུང་འཇུག་གི་རྫོགས་རིམ་གྱི་ཡེ་ཤེས་ངོ་སྤྲོད་པའི་མན་ངག་དང་ལྡན་པའི་རྣལ་འབྱོར་པས་ཟུང་འཇུག་སྟོང་པའི་ཡེ་ཤེས་དེ་ལ་མཉམ་པར་བཞག་པ་གཞན་ལྡན་རྣམ་གཅོད་ཉིད་ཀྱིས་རྒྱུ་མཚན་གྱིས་དཔྱད་པ་ལ་ལྟོས་མི་དགོས་པར་མེད་དགག་གི་སྟོང་ཉིད་ལ་མཉམ་པར་བཞག་པར་འགྲོ་བས་སྟོང་པ་ཉིད་ཅེས་དེར་བརྗོད་དེ། སྟོང་པའི་ཡེ་ཤེས་འདི་ལ་ཀུན་མཁྱེན་བླ་མ་ཀློང་ཆེན་པ་དང་སྨིན་གླིང་གཏེར་བདག་གླིང་པ་འཇིགས་གླིང་སོགས་མ་ཡིན་དགག་གི་སྟོང་ཉིད་ཅེས་གསུངས་ཏེ། དེ་ནི་ཐབས་ཀུན་རྫོབ་ཤེས་རབ་དོན་དམ་གཉིས་ཀྱི་ནང་ནས་ཤེས་རབ་ཀྱི་ཕྱོགས་ཡིན་པས་དབྱིངས་ཀྱི་དོན་ལ་ཤེས་རབ་ཅེས་བྱ་ཡི། སེམས་བྱུང་ཤེས་རབ་མིན་ནོ། །སེམས་དཔའ་ནི་ས་ཏྭའི་སྒྲ་གཙོ་བོ་གསལ་བའི་ཆ་ལ་སེམས་དཔར་འཇོག་དགོས་པས་སྐབས་འདིར་ཟབ་གསལ་གཉིས་མེད་ལ་སྦྱར་ཚེ་བརྟན་བསྡུས་རྟོགས་གསུམ་ལ་བཤད་དེ། སྣང་བ་ཐབས་ཀྱི་ཕྱོགས་གོང་དུ་བསྟན་པའི་རང་རིག་པ་བྱང་ཆུབ་ཀྱི་སེམས་ཤེས་རབ་སྟོང་པ་ཉིད་དང་ཆོས་ཉིད་སྟོབས་ཀྱིས་རོ་གཅིག་པའི་ཟུང་འཇུག་ཏུ་གནས་པའི་རང་བཞིན་རྣམ་དག་གི་སྟོང་པ་དེ་ཐོག་མ་གཞི་སེམས་ཅན་གྱི་སྐབས་དང་ཐ་མ་འབྲས་བུ་སངས་རྒྱས་ཀྱི་བར་རྒྱུན་ཆད་མེད་པའི་དུས་སུ་གནས་ཤིང་དུས་ཀུན་ཏུ་བཟང་པོས་ཕན་མ་བཏགས། ངན་པས་གནོད་མ་བསྐྱལ་བར་རྟག་ཁྱབ་རང་གི་ངོ་བོའི་མཚན་ཉིད་གཞི་འབྲས་ཀྱི་གནས་


MLP020_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀུན་ཏུ་རང་གི་ངོ་བོ་གཞན་དུ་མི་འགྱུར་བས་བརྟན་པ་དང་། ཡེ་ཤེས་དེ་ཉིད་ཀྱི་ཕྱག་རྒྱས་གང་ལ་བཏབ་ན་བརྟན་གཡོ་ཀུན་ལ་ཇི་ལྟར་ན་སྲོག་ཏུ་ཞུགས་པའི་སྒོ་ནས་བཏབ་པའམ། བརྟན་གཡོ་ཐམས་ཅད་དེའི་གདངས་སམ་ཆོ་འཕྲུལ་གདུང་བརྒྱུད་དུ་ཤར་བས། བླ་མེད་ཐེག་པའི་ནང་ནས་ནི། །སོགས་ལྟར་ཆོས་ཉིད་དུ་འཁོར་འདས་མཉམ་པར་བཤད་མོད། འདིར་ནི་ཐབས་ཀྱི་ཐེག་པ་སོགས་ལྟར། སྡུག་འགོག་ཀུན་ལམ་སྟེ་ཀུན་རྫོབ་ཏུའང་འཁོར་འདས་མཉམ་པ་ཉིད་དུ་དག་པར་གནས་པས་ན་བསྡུས་པ་དང་། གནས་ལུགས་རྡོ་རྗེ་ལྟ་བུའི་བརྟན་བསྡུས་ཀྱི་དོན་དེ་ཉིད་སྒྲིབ་བྱེད་ཀྱི་སྒྲིབ་པ་དང་བྲལ་ཞིང་བྲལ་བྱེད་གཏན་ཚིགས་ཀྱིས་གཏན་ལ་ཕབ་པ་ལྷག་པའི་བདེན་གཉིས་ལམ་དུ་བྱེད་པའི་སྒོ་ནས་ཚོགས་ཆེན་གཉིས་རྫོགས་པའི་མཐུས་ཇི་བཞིན་པར་མངོན་དུ་མཛད་པ་ནི་རྟོགས་པ་སྟེ། སྔ་མ་གཉིས་གཞི་འབྲས་གཉིས་ཀྱི་སྐབས་སུ་མཚན་ཉིད་དེ་གཉིས་མི་ལྡན་པའི་སྐབས་མེད་པའི་རྡོ་རྗེ་སེམས་དཔའ་ཞེས་ངོ་བོའམ་གནས་ཚུལ་ལ་ལྟོས་ནས་བཞག་ཅིང་། ཕྱི་མ་འབྲས་བུའི་རྡོར་སེམས་ཞེས་ངོ་བོར་དག་པ་མ་ཟད་སྣང་ལུགས་ལ་གློ་བུར་གྱི་དྲི་མ་བྲལ་མ་བྲལ་གྱི་སྐབས་གཉིས་ཡོད་པའི་ནང་ནས་སྣང་ཚུལ་ཡང་དྲི་བྲལ་ཤིན་ཏུ་རྣམ་དག་གྱི་ཆ་ནས་བཞག་གོ ། འབྲས་བུའི་རྡོར་སེམས་ཆོས་སྐུ་དེ་ཉིད་མཚོན་བྱེད་མཚན་མའི་ཕྱག་རྒྱར་སྣང་བ་རྟེན་བརྟེན་གཙོ་འཁོར་དུ་སྣང་ཡང་དཀྱིལ་འཁོར་གྱི་གཙོ་བོ་ལས་མ་འདས་པ་དང་ཐུགས་རྒྱུད་འདི་ལྟ་བུ་འཆད་པའི་སྐྱེས་བུ་བྱེ་བྲག་མི་བསྐྱོད་པ་ལའང་རྡོ་རྗེ་སེམས་དཔའ་ཞེས་གྲགས་ཏེ་མི་སློབ་ཟུང་འཇུག་དངོས་ཡིན་པའི་ཕྱིར། བརྟན་བསྡུས་རྟོགས་གསུམ་གཅིག་ཏུ་གྱུར་པའི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་དངོས་མིང་འཇུག་ཡུལ་ནི་མི་སློབ་པའི་སྐུ་ཐུགས་ཟུང་འཇུག་ཡིན་ཡང་དེ་མ་ཟད་གོང་གི་གནས་ལུགས་རྡོ་རྗེ་བརྟན་བསྡུས་གཉིས་འབྲས་བུ་རྟོགས་པའི་རྡོར་སེམས་ཀྱི་བསྒྲུབ་གཞི་དང་ལམ་གྱི་དངོས་གཞིར་བཟུང་སྟེ་རྟོགས་པའི་རྡོ་རྗེ་སེམས་དཔའི་ངོ་བོར་བལྟས་ནས་ལམ་བྱེད་ལ་གནས་པའི་ཚེ་ན་དང་པོ་བསྐྱེད་རིམ་གྱི་སྐབས་སུ་བཅོས་སྒོམ་གྱི་ཡུལ་ཡུལ་ཅན་ཟུང་འཇུག་ལ་རྡོར་སེམས་ཞེས་པ་དང་དེ་ཡར་ལྡན་དུ་སོང་བའི་རྫོགས་རིམ་པའི་དཔེའི་འོད་གསལ་གྱི་རང་གདངས་སྟོང་གཟུགས་ཤར་བ་རྣམས་རླུང་སེམས་ཀྱི་སྐུ་ཞེས་སེམས་སྣང་གིས་བསླད་པས་ཉམས་སྣང་ལྟར་དོར་ནས། དོན་གྱི་འོད་གསལ་གྱི་རང་གདངས་སྟོང་གཟུགས་ཡེ་ཤེས་ཀྱི་སྐུ་སོགས་ཟུང་འཇུག་རྣམས་ཀྱང་འབྲས་མིང་རྡོར་སེམས་ཀྱང་ཆ་འདྲ་ཙམ་དུ་བྱ་དགོས་སོ། །མི་སློབ་ཟུང་འཇུག་མིན་པས་དངོས་མིང་མི་ཐོབ།


MLP020_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་འཕྲུལ་དྲྭ་བ་ནི། བཤད་རྒྱུད་རྡོ་རྗེ་ལས། རྡོ་རྗེ་སེམས་དཔའི་ཐབས་དང་ཤེས་རབ་འབྲེལ་བའི་དོན་དེ་ལ། །སྒྱུ་འཕྲུལ་ཞེས་ནི་རྣམ་པ་བཞིར་བཤད་དོ། །ཞེས་པས། རྟོག་ཚོགས། གནས་ལུགས་མཐར་ཐུག་ངེས་དོན། དེ་དཔོག་བྱེད་དམ་མཚོན་བྱེད་དྲང་བྱེད་ཡིན་པས་དྲང་དོན། འབྲས་བུ་ལྷ་རྟོག་དོན་ཤེས་གཉིས་བསྡུས་ཀྱི་སྙིགས་མ་རྣམས་དབྱེར་མེད་ཀྱི་སྒྱུ་དྲྭ་བཞི་ལས། དང་པོ་ནི། རྩ་རྒྱུད་ཉིད་ལས་འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་པའི་སྐབས་སུ་བཤད་པ་ལྟར་འབྱུང་བ་ལྔའི་བཅུད་འདུས་པའི་ཁུ་ཁྲག་གི་ཐིག་ལེའི་ཆ་ཕྲ་བ་རྣཁམས་ཀྱི་མ་དག་པའི་སྣང་མས་ཕུང་བ་རིས་སུ་མ་ཆད་པར་འཆར་བའི་གཞིར་གྱུར་པས་ན་སྒྱུ་མ་ཁུ་ཁྲག་ལ་ཕུང་ཁམས་ཀྱི་ངོ་བོར་གྲུབ་བཞིན་དེར་སྣང་བ་དང་། དེ་ལས་ཕུང་ཁམས་རགས་པའི་ཆ་སྣ་ཚོགས་སུ་ཤར་བ་ནི་འཕྲུལ་བ་དང་། དེ་གཉིས་ཕྲ་བ་རྟེན་དང་རགས་པ་བརྟེན་པར་འབྲེལ་བ་ལ་དྲྭ་བ་ཞེས་བྱ། རྒྱུ་འབྲས་མ་དག་པའི་ཕུང་ཁམས་ རྣམས་རྟོག་ཚོགས་ཀྱི་སྣང་བ་ཙམ་ཡིན་པས་རྟོག་ཚོགས་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་ཞིང་འདི་ནི་སྤང་བྱའི་སྒྱུ་དྲྭའོ། །གཉིས་པ་ནི། རྟོག་ཚོགས་དེ་ལྟར་འབྱུང་བ་ཕྲ་བས་བསྐྱེད་པའི་དག་མ་དག་གི་སྣང་བ་སྒྱུ་མ་ལྟར་རིས་མེད་དུ་འཆར་བའི་འཆར་གཞི་གནད་མཐར་ཐུག་ནི་ནང་དབྱིངས་དྷརྨ་དྷ་ཏུ་ཞེས་ཆོས་འབྱུང་ཤེས་རབ་སྟོང་པ་ཉིད་ཡིན་པས་དེ་ཉིད་སྒྱུ་མས་སྤྲུལ་པ་ལ་སེམས་མེད་པ་ལྟར་རྟོག་ཚོགས་ཀྱིས་སྟོང་པས་ན་དེ་ལ་སྒྱུ་མ་ཞེས་བྱ་ཞིང་། དེ་སྟོང་རྐྱང་མིན་པར་དེའི་རང་མདངས་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལ་འཕྲུལ་བ་ཆེན་པོ་དང་། དེ་གཉིས་ངོ་བོ་དབྱེར་མེད་དུ་འབྲེལ་བ་ལ་དྲྭ་བ་ཞེས་བྱའོ། །གསུམ་པ་ནི། ངེས་དོན་དེ་མཚོན་པའི་བརྡ་རྟགས་ཀྱི་ཕྱག་རྒྱར་སྣང་བ་ལྷ་ཡུམ་རྣམས་ནི་སྒྱུ་མ་དང་། ཡབ་རྣམས་འཕྲུལ་པ། ཡབ་ཡུམ་ཁ་སྦྱོར་བདེ་བའི་སྐུར་བཞུགས་པ་ནང་རྒྱུད་ཐུན་མིན་ལས་བཤད་པའི་ཁ་སྦྱོར་བདུན་ལྡན་གྱི་སྐབས་དྲྭ་བའི་དོན་ཏོ། །གདུལ་བྱ་དྲང་བའི་དོན་དུ་གཟུགས་ཀྱི་སྐུར་བསྟན་པས་དྲང་དོན་སྒྱུ་དྲྭ་ཞེས་གསུངས། བཞི་པ་ནི། སྒྱུ་མ་ནི་གནས་སྣང་མི་མཐུན་པ་སྣང་ཚུལ་ཕྱིན་ཅི་ལོག་རྟོག་ཚོགས། དེ་ཉིད་ཀྱི་གནས་ཚུལ་རང་རིག་ཡེ་ཤེས་རྟོགས་པའི་ཐབས་བསྐྱེད་རྫོགས་གཉིས་ཀྱིས་མཐར་ཐུག་མི་སློབ་ཟུང་འཇུག་གི་ལྷར་ཤར་བ་ནི་འཕྲུལ་པ། ལྷ་རྟོག་གི་གཞི་འབྲས་དེ་གཉིས་ནི་དག་པའི་རང་བཞིན་ཡིན་པས་རང་བཞིན་གཉིས་སུ་མེད་པར་འབྲེལ་བ་ནི་དྲྭ་བའོ། །ཡང་དག་པའི་དུས་སུ་རྟོག་ཚོགས་དག་པའི་དག་པ་གཅིག་ལས་གཉིས་སུ་


MLP020_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅེས་བཤད་ན་ལེགས་གསུངས། སྒྱུ་དྲྭ་འདི་རྣམས་ཀྱང་གཞི་དང་འབྲས་བུའི་དབང་དུ་བྱས་པར་གསུངས་པས་གཞི་ལ་སྦྱར་ན་རྟོག་ཚོགས་དང་། དེའི་སྣང་གཞི་སེམས་ཉིད་འོད་གསལ་ཏེ། སྒྱུ་དྲྭ་སྔ་མ་གཉིས་ཙམ་དང་། ཙམ་སྒྲས་སྒྱུ་དྲྭ་གཞན་གཉིས་བཅད་། འབྲས་བུ་ལ་སྦྱར་ན་རྟོག་ཚོགས་ནི། འབྲས་བུའི་ཆོས་ལ་གཞིའི་ཕུང་ཁམས་ཀྱི་རྒྱུན་ལ་བསམ་ནས་ཆོས་ཕུང་ཁམས་ཀྱི་མིང་གིས་བཏགས་ན་མ་གཏོགས་མེད་ལ། གཞན་གསུམ་ཡོད་དེ་ངེས་དོན་ནི་རྟོགས་པ་ཆོས་ཀྱི་སྐུ་དང་། དྲང་དོན་ནི་གསང་སྔགས་ཐུན་མིན་གྱི་གཟུགས་སྐུ་དང་། དེ་གཉིས་ཟུང་འཇུག་ངོ་བོ་ཉིད་སྐུ་ལྷ་རྟོག་དབྱེར་མེད་ནི་རྟོག་ཚོགས། ཕུང་ཁམས་ཐམས་ཅད་རོ་མཉམ་མ་དག་པའི་དུས་ན་ཕུང་ཁམས་སོ་སོའི་རང་ཡུལ་ཐུན་མིན་ལས་གཞན་དུ་ཐོགས་ལ། སངས་རྒྱས་དུས་བ་སྤུའི་ཁུང་བུ་གཅིག་གིས་ཀྱང་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པས་རོ་མཉམ་རྡོ་རྗེའི་ལྷར་དག་པ་མི་འགྱུར་རྡོ་རྗེའི་སྐུའི་མིང་བཏགས་པའོ། །བརྗོད་བྱས་སྟོན་ཚུལ་གཙོ་བོའི་དབང་དུ་བྱས་ན། རྡོ་རྗེ་སེམས་དཔའ་རྟོགས་བསྡུས་གཉིས་ཀྱི་སྣང་བ་དང་གཟུགས་སྐུ་ཙམ་ཞར་བྱུང་ལ་ཡོད་ཀྱང་གཙོ་བོ་ལྷག་པ་དོན་དམ་གྱི་ཕྱོགས་ནས་དང་། སྒྱུ་འཕྲུལ་དྲྭ་བ་ངེས་དོན་སྐབས་སུ་གཙོ་བོ་འཕྲུལ་བའི་ཡེ་སྣང་བྱས་ཏེ་ཡང་ལོག་གི་ཀུན་རྫོབ་ཀྱི་ཕྱོགས་ནས་བཤད་པ་འདྲ་ལ། བརྟན་བསྡུས་སེམས་དཔའ་དང་རྟོག་ཚོགས་དྲྭ་བ། ངེས་དོན་དྲྭ་བ་སྟེ་གཞིའི་རྡོར་སེམས་སྒྱུ་དྲྭ་གཏན་ཚིག་གིས་གཏན་ལ་ཕབ་སྟེ་ཤེས་ནས། རྟོགས་པའི་སེམས་དཔའ་དྲང་དོན་ལྷ་རྟོག་དབྱེར་མེད་དྲྭ་བ་སོགས་འབྲས་བུའི་རྡོར་སེམས་སྒྱུ་དྲྭ་འཐོབ་ཕྱིར་དུ་བཟུང་སྟེ་གཞི་འབྲས་བུའི་ངོ་བོར་བལྟས་ནས་གཉིས་ཀ་ལམ་དུ་བྱེད་པའི་རིམ་གཉིས་ཀྱི་ལམ་རྒྱུད་ལའང་མཚན་ཤེས་ཐོབ་གཉིས་པོ་དང་འབྲེལ་བ་རྒྱུ་མཚན་གྱིས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་དེ་ལྟར་འདོགས་པར་གསུངས་སོ། །གཉིས་པ་ཡོན་ཏན་གྱི་ཁྱད་ཆོས་ཆེ་བ་ལས་མཚན་དུ་བཏགས་པ་ནི། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་ཞེས་པ་སྟེ། དེའི་དོན་ཡང་རྡོ་རྗེ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད་ཀྱི་དོན། །རྒྱུད་འདིར་ཐམས་ཅད་འདུས་པས་འདིར་སྟོན། འདིས་མདོ་སྔགས་ཐམས་ཅད་ཤེས་པས་ཕར་སྟོན། མདོ་སྔགས་རྣམས་འདི་ཕྱིར་དེ་དག་ཐམས་ཅད་ཀྱིས་ཚུར་གཞོལ་ཞིང་སྟོན། །བརྗོད་བྱའི་དོན་གྱི་གནད་ཀུན་འདི་ལ་ཡོངས་སུ་རྫོགས་པས། །དོན་གནད་ཐམས་ཅད་གྲོལ་བྱེད་ཀྱི་ལུང་གི་ཁྱབ་བྱེད་སྤྱི་ཆིངས་ལྟ་བུ་ཡིན་པས་སྤྱི་ཞེས་བཤད་པ་ཡིན། ཞེས་གསུངས་ཏེ། འདིར་སྟོན་ཚུལ་དབང་རྟུལ་ལ་མཚན་ཉིད་ཐེག་པའི་གསུང་


MLP020_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་བརྗོད་བྱར་གྱུར་པ་མངོན་མཐོ་དང་། ངེས་ལེགས་དང་། ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་ཐམས་ཅད་རེ་ཞིག་ཡེ་ཤེས་འདིའི་ལམ་སྟེགས་སུ་རིང་ལམ་ནས་བསྟན་ཅིང་། དབང་འབྲིང་ལ་ཐུན་མོང་གི་རྟོགས་རིགས་ནས་ཚེ་དེར་གསང་སྔགས་ཕྱི་པའི་ལྟ་བ་སེམས་སྟེང་དང་སྒོམ་པ་མཚན་བཅས་མཚན་མེད་ཀྱི་ལམ་དང་། ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་བརྗོད་བྱའི་རིམ་གཉིས་ཀྱི་སྙིང་པོ་གདུལ་བྱ་འོག་མ་ལ་གསང་ཡོད་པའི་ཟབ་གསལ་གཉིས་མེད་ཀྱི་གནད་གསང་མ་ལུས་པ་བརྗོད་ཚུལ་གཙོ་བོར་བྱས་ནས་རྒྱུད་འདིར་སྟོན་པ་དང་། སྡེ་སྣོད་དང་རྒྱུད་སྡེ་གཞན་ཐམས་ཅད་འདིར་བསྟན་པའི་འོད་གསལ་གཉུག་མའི་དོན་དེ་དག་ཉིད་སྟོན་དགོས་པར་དགོངས་པས་དེ་ལས་བརྩམས་ཏེ་དེའི་ཡན་ལག་ཏུ་གསུངས་པས་འདི་ལས་འཕྲོས་པ་དང་། གང་གསུངས་ཤིང་བསྟན་པ་དེ་དག་ཐམས་ཅད་རྒྱུད་འདིའི་དགོངས་དོན་ལྷག་པའི་བདེན་གཉིས་དབྱེར་མེད་ལ་འཇུག་པའི་ཆེད་དུ་དངོས་སམ་བརྒྱུད་ནས་གཞོལ་བས་འདི་ཕྱིར་སྟོན་པ་སྟེ། དེ་དག་གི་ཕྱིར་འདུལ་སྡོམ་འདུས་པའི་བདག་ཉིད་ཅན་ཡིན་པས་ལུང་ཐམས་ཅད་ཀྱི་སྤྱི་ཆིངས་སུ་གྱུར་པ་ཡིན་ནོ། །འདི་ལ་ལུང་དང་མཐུན་པའི་མཚན་ཞེས་ཀྱང་རྒྱུད་འགྲེལ་དག་ལས་གསུང་ངོ་། །གསུམ་པ་དོན་ཟབ་གསལ་ཡེ་ཤེས་རང་གི་ངོ་བོ་ལས་བཏགས་པའམ་མཚན་མཚོན་ཁྱབ་པ་སྒོ་བརྒྱད་ཚང་བའི་ལྟོ་ལྡིར་བ་ལ་བུམ་པ་ཞེས་པ་ལྟར་མན་ངག་ཨ་ཏི་ཡོ་ག་དང་མཐུན་པའི་མཚན་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་གླེགས་བམ་གྱི་ཀླད་དུ་འབྱུང་བ་ཉིད་དེ། འདི་ལ་བི་མ་ལའི་འགྲེལ་ཆུང་དུ། །ངོ་བོའི་རང་བཞིན་རྟོགས་དཀའི་མཚན་ཟུར་གསང་བ་ཞེས་བྱ་སྟེ། །ཡོན་ཏན་དང་གནད་ཆེ་བས་ཆེ་བ་ཞེས་བྱ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དེ། །ངེས་པས་ངེས་དོན་མདོར་བསྟན་པ། །ཞེས་མཚན་གྱི་ཟུར་བཞི་པོས་རྒྱུད་དམ་ཡེ་ཤེས་ཀྱི་རང་བཞིན་དང་། ཆེ་བ་དང་། མཚན་ཉིད་དང་། ངེས་པའི་དོན་རྣམས་བསྟན་པར་བཤད་དོ། །འདིར་སྤྱིའི་དོན་ཕྱོགས་ཙམ་བརྗོད་ན། མདོ་ཕལ་པོ་ཆེ་དེ་བཞིན་གཤེགས་པ་འབྱུང་བ་བསྟན་པའི་ལེའུ་ལས། སྟོང་གསུམ་གྱི་འཇིག་རྟེན་འབྲས་བུ་མང་བ་འདི་རྐྱེན་གཅིག་གིས་ནི་ཀུན་ནུས་པ། གང་ན་ཡང་ནི་ཡོད་མ་ཡིན། ཞེས་པ་ལྟར་རྒྱུ་རྐྱེན་ཆེས་མང་པོ་དང་ཆེས་སྣ་ཚོགས་ལས་འགྲུབ་པ་དཔེར་མཛད་ནས་རྒྱུ་ཚོགས་ཉུང་ངུ་དང་


MLP020_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་པ་ཙམ་གྱིས་འབྲས་བུ་ཆོས་གཟུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པའི་རྫོགས་པའི་བྱང་ཆུབ་མི་འགྲུབ་པར་གསུངས་པ་ལྟར་གདུལ་བྱ་ཐབས་རྒྱ་ཆེན་པོ་ལ་མོས་པ་ཐེག་ཆེན་རིགས་ཅན་རྣམས་ལ་བསྟན་པའི་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་ལྟར་ན་སྦྱིན་པ་ལྟ་བུ་ལ་ཆོས་དང་ཟང་ཟིང་དེའི་ནང་གསེས་སོགས་ནས་ཤེས་རབ་ཀུན་རྫོབ་དོན་དམ་སྟོང་གཞིའི་བྱེ་བྲག་སོགས་ཤིན་ཏུ་མང་བ་ཚོགས་གཉིས་ཀྱི་སྤྱོད་པའི་བྱེ་བྲག་དང་། དུས་གྲངས་མེད་གསུམ་བདུན་སོ་གསུམ་ཞེ་གཅིག་ཞེ་བདུན་སོགས་དང་སློབ་ཚུལ་གྱི་ཐབས་མཁས་དམ་པ་ཕར་ཕྱིན་དྲུག་སོགས་མཐའ་ཡས་པ་ཞིག་ལ་ངལ་བ་མ་བསྟེན་པར་བྱང་ཆུབ་འཐོབ་པ་གནས་མེད་ཀྱང་། གསང་བ་ཟབ་མོ་ལ་མོས་པའི་སྙིང་སྟོབས་དང་ཀུན་སློང་ཁྱད་པར་ཅན་ཡིད་བཞིན་ནོར་བུ་ལྟ་བུའི་གདུལ་བྱ་སྐལ་པ་རབ་མཆོག་ལྡན་པ་རྣམས་ལ་ཆེད་དུ་གཉེར་ནས་བསྟན་པའི་གསང་བ་བླ་མེད་ཀྱི་སྐབས་འདིར་ནི། དཔལ་ཀྱེ་རྡོར་བཤད་རྒྱུད་ལ་རྡོ་རྗེ་གུར་རྒྱུད་དང་སམ་བུ་ཌའི་རྒྱུད་དམ་ཁ་སྦྱོར་རམ་གཉིས་ཡོད་པས་ཁ་སྦྱོར་ཐིག་ལེར། སྔགས་ལ་ཁྱད་ཆོས་དུ་མ་ཡོད་པ་དེའི་ཕྱིར་དབང་རྣོན་དེ་མདོ་ལམ་རྐྱང་དེད་བྱེད་པའི་ཐབས་དེ་འདྲའི་རྒྱས་པས་ཅི་ཞིག་བྱ། ངོ་བོ་དང་སློབ་ཚུལ་མདོར་བསྡུས་པས་སྔགས་ལམ་གྱིས་ནི་སངས་རྒྱས་ཐོབ་པ་ཉིད་ཡིན། །ཅེས་སོགས་གསུངས་པ་ལྟར། དཔེར་ན་སྨན་འཐུས་ཁ་མི་ཚང་བ་མང་པོ་བས་བསྡེབ་སྦྱོར་ཚང་བའི་ཐུན་གཅིག་གིས་ནད་ལ་ཕན་ཐབས་མྱུར་བ་ལྟར་གནད་འདུས་པའི་ལམ་མདོར་བསྡུས་ཀྱིས་འགྲུབ་པ་དང་། དེའང་དུས་ཐུང་ངུ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འགྲུབ་པ་དང་། བདེ་བླག་ཉིད་དུ་འགྲུབ་པ་དང་། ལམ་གཞན་བསྣན་པ་ལ་མི་ལྟོས་པར་ལམ་རང་རྐང་ཐུབ་པ་འདི་ཉིད་ཁོ་ནས་འགྲུབ་པའི་ཁྱད་པར་དུ་མ་དང་ལྡན་ལ། ཁྱད་ཆོས་འཕགས་པ་དེའི་རྒྱུ་མཚན་ཡང་། མདོ་དང་ཕྱི་རྒྱུད་སྡེ་གསུམ་མན་ཆད་དུ་བདེ་གཤེགས་སྙིང་པོ་ཙམ་ལས་མཐར་ཐུག་གི་དོན་ཚིག་གིས་དངོས་སུ་གསལ་བར་མ་བསྟན་པའི་ཡེ་ཤེས་ལམ་བྱེད་ཀྱི་གནད་ཐུན་མིན་ཅིག་ནང་རྒྱུད་ཀྱི་སྐབས་སུ་ཡོད་པ་དེ་རྩ་རྒྱུད་འདིར་གཏན་ལ་ཕབ་པ་ཉག་གཅིག་གི་མཐུ་ཡིན་ཞིང་། གནད་གསང་མཐར་ཐུག་གི་ཡེ་ཤེས་དེ་འདྲ་དེ་ལ་རྒྱུད་འདི་ལས་མདོ་ཕྱོགས་ཀྱི་བདེན་གཉིས་ལས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་རང་བཞིན་དག་པ་ཆོས་སྐུ་ཆེན་པོའི་རྣལ་འབྱོར་ཞེས་པའི་བརྡ་ཆད་མཛད་ནས་གསུངས་ཏེ། རྒྱུད་འདིའི་ལམ་སྟེགས་དུ་མར་བསྟན་ཀྱང་བརྗོད་བྱའི་གཙོ་བོའི་སྙིང་པོར་བྱེད་ནས་སྟོན་རྒྱུའི་མཐིལ་ནི་དེ་ཡིན་ནོ། །གནད་གསང་སྡོམ་


MLP020_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡེ་ཤེས་གཅིག་ཡིན་པ་དེའི་དེའི་ཕྱིར་མཚན་གྱི་ཟུར་བཞི་པོ་འདི་དག་ཐམས་ཅད་ཀྱིས་ཀྱང་རྒྱུད་ཀྱི་ཆེ་བ་མཚན་ཉིད་སོགས་བརྗོད་པར་གསུངས་མོད་གཙོ་བོར་རྒྱུད་དོན་གྱི་ཡེ་ཤེས་དེ་གཅིག་པུ་ཁོ་ན་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །སོ་སོར་བཤད་ན་གསང་བའི་དོན་ནི་སྤར་ཁབ་ཏུ་རང་བཞིན་སོགས་གསུམ་དང་རང་བཞིན་གསང་བ་དེ་ལ་དབྱེ་བ་སྟོང་པའི་ཡེ་ཤེས་ངོ་བོ་སྐྱེ་མེད་ལ་རྨོངས་པའི་ཀུན་གཞིས་སྒྲིབ་པས་ཡེ༵་ནས༵་གས༵ང་བ༵་དང་། ཡེ་ཤེས་ཀྱི་རང་སྣང་ལ་རྨོངས་པའི་གཞན་སྣང་གིས་སྒྲིབ་པས་ར༵ང་བཞི༵ན་གྱིས་གས༵ང་བ༵། བྱེ་བྲག་རེ་རེ་ལ་སྒྲིབ་བྱེད་ཀྱི་སྣང་སྟོང་ཟུང་འཇུག་གི་ཆ་ལ་རྨོངས་པས་ཟུང་འཇུག་གི་ངོ་བོ་ལ་ངོ༵་བོས༵་གས༵ང་བ༵། གཞན་སྣང་དུ་ཞེན་པས་འཁྲུལ་རྟོག་རགས་པའི་ཚོགས་ཀྱིས་གནས་ལུགས་ལས་རིང་བར་བྱས་པས་ཤིན༵་ཏུ༵་གས༵ང་བ༵ ། བི་མ་ལས་དེའི་སྟེང་མི་བསྟན་པའི་གསང་བ་བསྣན་ཏེ་བཞིར་ཕྱེ་ནའང་སྤྱི་དོན་འདིར་རྒྱུད་ཉིད་ལེའུ་བཅུ་གསུམ་པ་ལས། ཤེས་རྒྱུད་དང་རྒྱུད་གཞུང་གཉིས་ཀའི་ཁོང་ནས་འཁྲུལ་པ་དང་དཀྲུགས་པའི་སྒོ་ནས་གབ་སྦས་དོན་འབྱིན་པ། །ཤེས་རྒྱུད་ལ་གབ་པ་རྡོ་རྗེ་འཆང་གིས་རྒྱུད་གསུངས་ནས་དོན་འབྱིན། གཞུང་དཀྲུགས་ནས་གབ་པ་བླ་མའི་མན་ངག་གིས་དོན་འབྱིན་དགོས་ཞེས་པ་ལྟར་གབ་སྦས་གཉིས་སུ་འདུ་བར་རྗེ་རོང་ཀློང་གཉིས་བཞེད་པ་ལྟར་བཤད་དེ། གབ་པའི་གསང་བ་ནི། གནས་ལུགས་རང་བཞིན་གྱི་རྒྱུད་འཁྲུལ་རྟོག་གིས་གབ་པས་རྟོགས་དཀའ་བ་དང་། རྒྱུ་དེས་དེ་ལ་ལྟོས་པའི་དེ་མངོན་དུ་བྱེད་པའི་ལམ་དེས་དྲི་བྲལ་གྱི་འོད་གསལ་འབྲས་བུ་རྣམས་རང་བཞིན་ཁྱད་པར་མེད་པའི་ཕྱིར་ཟབ་ཅིང་གཏིང་དཔག་དཀའ་བས་ཡིན་པ་ལའང་ཁྱད་མེད་པས་ཤིན་ཏུ་དབང་རྣོན་མ་གཏོགས་པ་གཞན་གྱིས་རྟོགས་མི་ནུས་པ་རྩ་བ་གཞི་གབ་ཡོད་པས་ལམ་འབྲས་ཀྱང་གབ་པའོ། །སྦས་པའི་གསང་བ་ནི། གསང་བ་བླ་མེད་ཀྱི་ལྟ་བ་འོད་གསལ་སྒོམ་རིམ་གཉིས་སྤྱོད་པའི་ཉེ་རྒྱུའི་གནད་ཐུན་མིན་རྣམས་སྣོད་མིན་ལ་རྣམ་པ་ཐམས་ཅད་དུ་སྦ་དགོས་པས་རང་མིང་མ་ཡིན་པར་ཚིག་གི་སྦས་པ་ཡིན་པས་ཚིག་ཙམ་ཡང་གསང་དགོས་ཏེ་གསང་སྔགས་གསང་བའི་ལམ་ནས་དངོས་གྲུབ་བསྒྲུབ་དགོས་པའི་ཕྱིར་དེར་བཞག་སྟེ། འདི་གཉིས་དང་པོ་གབ་གསང་རྟོགས་དཀའ་བ་དང་། སྦས་ཕྱི་མ་སྒྲ་རྟོག་ཙམ་ཡང་རྟོགས་སུ་མི་རུང་བའི་ཁྱད་པར་གྱིས་དབྱེ་བར་བཤད་དོ། །སྤྱིར་སྙིང་པོའི་དོན་ནི། སྙིང་པོའི་སྐད་དོད་ས་ར་ཆུའི་སྙིང་པོ་རྒྱ་མཚོ་ལ་འཇུག ཧྲི་ད་ཡ་གཅེས་ཕངས་ཀྱི་སྙིང་པོར་འཇུག གརྦྷ་བཅུད་འདུས་པའི་སྙིང་པོར་འཇུག་པ་གསུམ་ལས། འོད་གསལ་ཡེ་ཤེས་ལ་གསུམ་ཀའི་སྟེང་


MLP020_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་པ་འཇུག དང་པོའི་སྟེང་ནས་བཤད་ན། ཆུའི་སྙིང་པོ་མ་དྲོས་པ་ལྟ་བུ་གཅིག་ལས་མང་པོ་འཕྲོ་བའི་གཞི་ལ་འཇུག་པ་མ་རིག་པ་འཁོར་བའི་གཞི་བྱེད་པ་ཙམ་གྱིས་བཏགས་མིང་ཡིན། གཞི་མཚན་ཉིད་པ་ཆོས་ཐམས་ཅད་ཀྱི་གཞི་དངོས་མིང་ནི་ཡེ་ཤེས་གཉུག་མའི་ཡེ་ཤེས་ལ་འཇུག་པས་གཉུག་མའི་སེམས་གཅིག་པུ་ཉིད་གསང་བའི་སྙིང་པོ་ཉིད་ཅི་བཞིན་པར་ལམ་སྟོབས་ཀྱིས་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འཕྲོ་ཞིང་། འོད་གསལ་དེ་གཏན་ལ་འབེབས་པའི་རྗོད་བྱེད་ཀྱི་རྒྱུད་འདི་ཡང་འདིས་སྟོན་ཞེས་པའི་སྐབས་ལྟར་སྤང་རྟོགས་གནད་འདུས་རྗོད་བྱེད་འདི་ཉིད་ཡིན་ཡང་ཕྱོགས་རེ་བར་བྱས་ནས་རགས་རིམ་ནས་འདྲོང་བྱེད་མང་པོ་བསྟན་པས་བསྟན་པ་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་པའོ། །ཧྲི་ད་ཡ་ལས་བཤད་ན། སྙིང་ལྟར་གཅེས་སྤྲས་སུ་བྱ་བ་ལ་འཇུག་སྤྱིར་ལུས་ཐམས་ཅད་གཅེས་པར་བསྐྱང་ཞིང་གཙོ་བོར་སྙིང་མིག་ལྷག་པར་གཅེས་པ་ལྟར། སྤྱིར་གསུང་རབ་ཐམས་ཅད་དང་ཁྱད་པར་ནང་རྒྱུད་འདིར་བསྟན་གྱི་ཡེ་ཤེས་ནི་སྙིང་ལྟར་འཛིན་དགོས་སྟེ། མདོ་སྔགས་ཐེག་པའི་སྒོ་གང་ནས་ཞུགས་ཀྱང་ལམ་གྱི་ཕུགས་གཏུགས་ས་མཐར་ཐུག་འོད་གསལ་གྱི་ཡེ་ཤེས་འདི་ལས་མི་འདའ་བས་ན་ཐེག་ཆེན་རིགས་ཅན་བླ་མེད་བྱང་ཆུབ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་གཙོ་བོར་གྱུར་པ་དཔེར་ན་ལྷ་སར་འགྲོ་ལམ་ཕྱོགས་དང་ཐག་ཉེ་རིང་གང་ནས་འོངས་ཀྱང་མཐར་ཇོ་ཁང་སྒོ་ཐེམ་ནས་མི་འགྲོ་ཀ་མེད་ལྟར། ཆོས་སྐུའི་དེ་མ་ཐག་རྐྱེན་འབྲས་བུ་དངོས་ཀྱི་སྐྱེལ་སོ་མཐར་ཐུག་སྟེ་སྔ་མ་ལ་ས་རའི་སྐད་དོད་རྒྱུའི་སྙིང་པོ་དང་། ཧྲི་དའི་སྐད་དོད་ཕྱི་མ་ལ་འབྲས་བུའི་སྙིང་པོ་ཞེས་བཤད་དོ་དེ་དག་འདིར་སྨོས་པ་ཙམ་ཡིན་གྱི། གརྦྷ་ལས་སྙིང་པོ་དོན་གྱི་སྐད་དོད་འདི་ནི་རྩ་རྒྱུད་གླེགས་བམ་གྱི་དབུ་ན་བཞུགས་པ་གཙོ་བོའི་དོན་ཏེ། འདིའི་བརྗོད་བྱ་འོད་གསལ་མདོ་སྔགས་ཀྱི་བརྗོད་བྱའི་མཐིལ་གྱི་དབུས་དང་། རྗོད་བྱེད་རྣམས་ཀྱང་གདུལ་བྱའི་ངོར་རིམ་པ་ཕྱི་མ་མདོ་ཕྱོགས། བར་ཕྱི་རྒྱུད། དེ་ལས་བརྗོད་བྱ་དབུས་མ་སྟོན་པའི་ནང་མ་ནང་རྒྱུད་ལྟ་བུའོ། །ཤུན་པའི་ནང་གི་སྙིང་པོ་སྨིན་པ་མཐར་ཐུག་གི་འབྲས་བུ་ལྟ་བུ་བཅུད་འདུས་པའི་དོན་ལ་བྱའོ། །དེའང་གོང་འོག་གི་ཐེག་པ་ཐམས་ཅད་ཞལ་བསྡུར་བའམ་དཔེ་བསྡུར་བྱས་ན་ཡང་། སྔགས་འདིའི་འོད་གསལ་གཅེར་ཕྱུང་གི་ལམ་རིམ་གཉིས་ཉམས་ལེན་གྱི་ལམ་ལ་བྱང་ཆུབ་སྒྲུབ་པའི་ཐབས་མཁས་ཀྱི་གནད་འདུས་ཤིང་རྫོགས་པ་ལས་ལྷག་པའི་ལམ་གཞན་ཉན་རང་གི་ལམ་ཕྱོགས་རེ་བས་སྤང་རྟོགས་ཕྱོགས་རེ་བ་དང་། ཐེག་ཆེན་པས་བློ་གཅིག་གིས་ཚོགས་གཉིས་མངོན་གྱུར་གསོག་པའི་ཐབས་


MLP020_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་མེད་པས་འདིར་བསྟན་གྱི་ཤེས་སྒྲིབ་སྤོང་བྱེད་མེད་པས་འོད་གསལ་ཉག་གཅིག་གཞི་ལམ་འབྲས་བུའི་གནད་བཅུད་དུ་འདྲིལ་བའོ། །དང་པོ་གཞི་ངོ་མ་ཤེས་པས་འཁྲུལ་བའི་འཁོར་བ་དང་། དེའི་སྐབས་སུའང་ཐམས་ཅད་ཀྱི་སྲོག་ཏུ་དག་པར་གནས་པའི་ཡེ་ཤེས་ལ་གཞིའི་བཅུད་འདུས། དེ་ཉིད་སྤྲོས་བྲལ་དག་པར་རྟོགས་ནས་གཞི་རང་ཉིད་རྟོགས་གོམས་ཀྱི་ཡེ་ཤེས་ལམ་བཅུད་འདུས་པ་དང་། མཐར་རང་ཉིད་དྲི་བྲལ་དུ་གྱུར་པ་ཙམ་གྱིས་འབྲས་བུར་འཇོག་པའི་ཕྱིར་ན་འབྲས་བུའི་བཅུད་ཀྱང་འོད་གསལ་ཉིད་ལ་འདུས་ཡོད་པས་གནད་གསང་ཕྱོགས་གཅིག་ཏུ་འདུས་པ་འདིར་བསྟན་ཉིད་ཡིན་ཏེ༑ དཔེར་ན་སེམས་ཀྱི་ནང་ནས་བྱང་ཆུབ་ཀྱི་སེམས་ལ་ཡོན་ཏན་ཚང་ཞེས་པ་ལྟར་དང་། བུ་རམ་གྱི་ཁོ ང་སྙིང་གི་ཁོག་ཤིང་དང་ལྤགས་ཤུན་ཐམས་ཅད་ཀྱིས་བཅུད་ཀྱི་ཁྱད་པར་ལྟ་བུའོ། །དེ་ཁོ་ན་ཉིད་ནི་གསུམ་སྟེ། ཡིན་ལུགས་ལ་དྲན་ཤེས་སོགས་ཀྱིས་གསར་དུ་བསྣོན་ཆ་མེད་པས་ལམ་མ་བཅོས་པའི། འབྲས་བུ་མ་ནོར་བའི། གཞི་ལམ་འབྲས་གསུམ་གཉུག་མའི་ཡེ་ཤེས་དེ་ལས་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །དང་པོ་ནི། ཆོས་སྐུ་ཡེ་ནས་འདུས་མ་བྱས། །སངས་རྒྱས་སེམས་ཅན་གཉིས་སུ་མེད། ཅེས་པ་ལྟར། གདོད་ནས་རང་བཞིན་དག་པའི་ཡེ་ཤེས་གློ་བུར་བའི་ཀུན་རྟོག་དང་དེའི་བག་ཆགས་ཀྱི་རྙོགས་པས་བསླད་པ་ལ་སྟེ་བག་ཆགས་འཇོག་བྱེད་སེམས་དང་།དེ་ལེན་པའམ་འཛིན་པས་ན་སེམས་ཅན་དང་། དེ་གཏན་ལོག་པ་ལ་སངས་རྒྱས་སུ་བཏགས་ཤིང་། དེས་ན་བསྐྱེད་རིམ་སྔོན་དུ་སོང་སྟེ་གསང་སྔགས་རྫོགས་རིམ་ཀྱི་ཐབས་གྲོལ་གྱི་ལྟ་བ་གཏན་ལ་ཕབ་ནས་རྩུབ་སྦྱོར་དང་འཇམ་སྦྱོར་གྱི་རྩ་ཐིག་རླུང་གསུམ་ལ་ཕྲིན་བཅོལ་བའི་ཐབས་མཁས་ཀྱི་ལམ་དང་བླ་མའི་མན་ངག་ལ་སོགས་པའི་ཐབས་ཀྱིས་གཉུག་མའི་རང་བཞིན་རྗེན་ལ་ཕྱུངས་ཏེ་བསྒོམས་པའི་ལམ་མ་བཅོས་པ་ཁོ་ནས་ཆབ་རོམ་ཆུར་ཞུ་བ་ལྟར་གློ་བུར་འཁྲུལ་རྟོག་གིས་བསླད་པ་དེ་རང་ལོག་ཏུ་འགྲོ་བས་ངོ་བོ་གཤིས་ལུགས་ཀྱི་གསལ་ཆའི་ཤེས་རབ་སོགས་རང་ཉིད་ལས་གསར་དུ་བཞག་པ་མེད་པའི་གཞི་རང་ཉིད་ཅི་བཞིན་གསལ་བར་བྱེད་པའི་འོད་གསལ་སྙིང་པོའི་ལམ་མ་བཅོས་པ་དེ་ལ་རྒྱུའི་དེ་ཁོ་ན་ཉིད་ཅེས་བྱའོ། །གཉིས་པ་ནི། ལམ་མ་བཅོས་པ་ལས་བྱུང་བའི་འབྲས་བུ་མ་ནོར་བ་ཡིན་ཏེ། བཤད་མ་ཐག་པའི་ལམ་དེས་གཉུག་མའི་རང་གནས་ཀྱི་ཡེ་ཤེས་དྲི་བྲལ་དུ་བྱས་པ་ཁོ་ནས་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་རོ་མཉམ་པར་གསལ་བར་ཡེ་ནས་གནས་ལུགས་ཡེ་ཤེས་ཀྱི་ཡོན་ཏན་ཡོད་པ་ཉིད་རང་འབྱུང་བ་སྟེ་འབྲས་བུའི་དེ་ཁོ་ན་ཉིད་ཅེས་བྱ། གསུམ་པ་ནི། དེ་ལྟར་ན་གཞི་འབྲས་གཉིས་དང་མཐུན་པའི་ལམ་དེའི་ཤེས་བྱ་གཞི་དང་།


MLP020_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱ་འབྲས་བུ་གཉིས་ཀ་གློ་བུར་གྱི་དྲི་མས་བསླད་མ་བསླད་ཙམ་ལས་གཉུག་མ་མི་ཤིགས་པའི་སེམས་གཅིག་པུ་ལས་གུད་ན་མེད་པས་ན་གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དེ། དེ་ལ་རྒྱུ་འབྲས་གནས་སྐབས་ཐ་དད་ཡིན་ཀྱང་ངོ་བོ་ལ་ཁྱད་པར་མེད་པས་རོ་གཅིག་པའི་དེ་ཁོ་ན་ཉིད་ཅེས་ཀྱང་བྱའོ། །ངེས་པའི་དོན་ནི། དེ་ལྟར་འོད་གསལ་ལ་གཞི་ལམ་འབྲས་བུའི་རྣམ་བཞག་མཛད་པ་དེ་དག་ཀྱང་གདུལ་བྱ་ལ་དྲང་བའི་དོན་དུ་བསྟན་པའི། མགོན་པོས་དངོས་བསྟན་དེ་ཉིད་དུ། །དེ་དག་སྐད་ཅིག་མ་ཉིད་མིན། ལྟ་བུ་དགོངས་གཞི་དང་བརྗོད་བྱ་ཐ་དད་དུ་བསྟན་པའི་ལྡེམ་དགོངས་ལྟ་བུ་མ་ཡིན་ཏེ། དབང་རྣོན་མཆོག་གི་གདུལ་བྱ་ལ་རྒྱལ་བ་ཉིད་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དགོངས་དོན་མཐར་ཐུག་པ་བསྟན་པའི་སྒྲ་ཇི་བཞིན་པའི་རྒྱུད་ཡིན་རྒྱུད་འདི་ཡང་ངེས་དོན་སྟོན་པའི་ངེས་པའོ། །བསྐྱེད་རིམ་ནི་རྫོགས་རིམ་གྱི་ཡེ་ཤེས་བསྐྱེད་པའི་ཐབས་ཡིན་པས་ཐབས་ཤེས་གཉིས་ལས་ཐབས་ཡིན། ཤེས་རབ་རྫོགས་རིམ་ལ་གསུམ་ལས་གྲོལ་ལམ་གྱི་ཡེ་ཤེས་ནི་ཕྱི་ནང་གསང་གསུམ་གྱི་ཐུན་མོང་གི་མངོན་དུ་བྱ་བ་ཡིན་པས་ཕྱི་དང་། ཐབས་ཀྱི་ངེས་པའི་ལམ་གཉིས་ལས་སྟེང་སྒོའི་ལམ་ནི་ཐབས་ལམ་ནང་གསང་གཉིས་ཀའི་ཐུན་མོང་གི་མངོན་དུ་བྱ་བ་ཡིན་པས་ནང་དང་། འོག་སྒོའི་ལམ་གཞན་ལུས་ལ་བརྟེན་པ་ནི་ཐབས་ལམ་པ་ཕྱི་མའི་ཐུན་མིན་གྱི་ཆོས་ཡིན་པས་གསང་བ་ཞེས་བྱའོ་གསུངས ། འགྲེལ་བའི་མན་ངག་རྣམས་སུ་མ་གསུངས་པའི་མཚན་ནང་གསང་ལྟར་བླ་མ་དམ་པའི་ཞལ་རྒྱུན་གྱིས་བཤད་པ་ཕྱོགས་མཐོང་ཙམ་ནི། ནང་ལྟར་ཐབས་ལམ་རིམ་གྱིས་བ་སྟེང་སྒོོའི་ལམ་དང་སྦྱར་ནས་བཤད་ན་སྙིང་གའི་མི་ཤིགས་པ་ནི་གདོད་ནས་རང་ལ་གནས་ཀྱང་མ་དག་པའི་ཕྱོགས་སྟོབས་ཤུགས་རྒྱས་པར་གྱུར་པས་ན་མཚོན་དཀའ་བར་ལྐོག་གྱུར་དུ་སོང་བས་གསང་བ། དྭངས་མ་རྟེན་བརྟེན་པ་དེ་ཉིད་ལ་རྫོགས་རིམ་གྱིས་གནད་དུ་བསྣུན་པ་སངས་རྒྱས་ཆོས་ཀྱི་སྐུའི་སྒྲུབ་གཞི་ཡིན་པས་གསང་སྔགས་ཀྱི་ཟབ་གནད་ཐམས་ཅད་འདུས་པས་སྙིང་པོ། སེམས་ཅན་རྣམས་ལ་ལྐོག་ཏུ་གྱུར་པ་དེ་བླ་མ་དམ་པའི་སེམས་རིག་ཁྱད་འབྱེད་ཀྱི་མན་ངག་གིས་གྲོལ་ལམ་འཇོག་ཐབས་ཀྱི་དག་པ་གསུམ་མཉམ་པ་བཞིའི་སྒོ་ནས་དང་། ཐབས་ལམ་རྒྱུ་རྐྱེན་གྱིས་རྩ་ཐིག་ལ་གནད་དུ་བསྣུན་པས་ཡེ་ཤེས་དང་ཡེ་ཤེས་ཀྱི་སྣང་བ་དྭངས་མ་ལྔ་པོ་སྔགས་ཐུན་མིན་གྱི་གཟུགས་སྐུ་བསྒྲུབ་གཞི་ཡིན། དེ་ཉིད་གསལ་བར་སད་ཅིང་སྨིན་པའམ་རྒྱས་པ་གནས་ལུགས་ཡིན་ཚུལ་གྱི་དེ་ཁོ་ན་ཉིད། རྟེན་བརྟེན་པའི་སྙིང་པོའི་མི་ཤིགས་པའི་ཐིག་ལེ་དེ་ཆོས་ཐམས་ཅད་ཀྱི་མཐར་ཐུག་ཀྱི་མཐར་ཐུག་གི་གཞི་དེ་མངོན་དུ་བྱེད་པའི་ལམ་དེ་དྲི་བྲལ་དུ་སོང་བ་ཙམ་འབྲས་བུ་


MLP020_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་དེ་གསུམ་གྱི་སྲོག་གཅིག་ཏུ་ངེས་པས་ན་ངེས་པ་སྟེ། སྦས་རྒྱུད་དང་མ་སྦས་པའི་ཁྱད་པར་གྱིས་རྒྱུད་སྡེའི་རྫོགས་རིམ་རྣམས་སུ་རྩ་འཁོར་གང་ལ་གནད་དུ་བསྣུན་པའི་ཁྱད་པར་དུས་འཁོར་ལས། དང་པོ་སོར་བསམ་སྐབས་སྤྱི་བོ་དང་། དེ་ནས་ལྟེ་བ། མཐར་རྩ་འཁོར་ཐམས་ཅད། གསང་འདུས་སྙིང་ཁ། བདེ་མཆོག་གིས་སྤྱི་བོར་བསྣུན་པ་སོགས་མི་འདྲ་བ་མང་ཡང་གསང་བ་སྒྱུ་འཕྲུལ་ལས་སྙིང་གའི་འཁོར་ལོ་གཙོ་བོར་བྱེད་པས་དེ་ལྟར་གསུངས་ཏེ་བཤད་ཚུལ་གཅིག་གོ །གསར་མའི་གསང་འདུས་ལས་ཆོས་སྐུའི་བསྒྲུབ་གཞི་འོད་གསལ་དང་། གཟུགས་སྐུའི་བསྒྲུབ་གཞི་རླུང་འོད་ཟེར་ཁ་དོག་ལྔ་ལྡན་དུ་གསུངས་ཀྱང་། འདི་དང་གསར་མའི་དུས་འཁོར་ལས་འོད་གསལ་གྱི་ཡེ་ཤེས་ཆོས་སྐུའི་བསྒྲུབ་གཞི་དང་། འོད་སྣང་ངམ་ཡེ་སྣང་གཟུགས་སྐུའི་བསྒྲུབ་གཞིར་བཞེད། དེའང་འོད་གསལ་དང་དེའི་སྣང་བ་ཟུང་འཇུག་ཏུ་གནས་པར་བཞེད་ཀྱི། འོད་གསལ་སྔོན་དུ་ཤར། དེ་ལས་དེའི་སྣང་བ་འཆར་བ་ནི་རྫོགས་ཆེན་ཐུན་མིན་གྱི་ཁྱད་ཆོས་སུ་གསུངས། ཡང་མཚན་དོན་འཁོར་ལོ་བཞི་དང་སྦྱར་ན། ལྟེ་བའི་གནས་སུ་ཤས་ཆེར་བཞུགས་པའི་ཁམས་དམར་ཆ་གཙོ་བོ་ཁྲག་ཁམས་ཡིན་པས་རྟེན་དང་བརྟེན་པ་ཡེ་རླུང་ཡང་མེ་མཉམ་རླུང་དྲོད་ཀྱི་ངོ་བོ་ཅན་འོད་གསལ་ཡང་སྟོང་ཆ་དབྱིངས་ཀྱི་ཡེ་ཤེས་ཤུགས་ཆེ་བ་ཡིན། དབྱིངས་ཕྱུག་ལྔའི་ཐིག་ལེ་ནི་རྐྱེན་འཁོར་གཉིས་ལ་གནད་དུ་བསྣུན་པ་མེད་པས་ལྟེ་བའི་ཡེ་ཤེས་ལྔ་པོ་གསང་བ་དང་། སྙིང་གའི་གནས་སུ་ཤས་ཆེར་བཞུགས་པའི་ཁུ་ཁྲག་གི་རྟེན་ཅན་ཡེ་ཤེས་སྙིང་པོའི་ཐིག་ལེ་དྭངས་མ་ལྔ་ནི་སྙིང་པོ་དང་། མགྲིན་པར་ཤས་ཆེར་བཞུགས་པའི་རྩ་འདབ་བཅུ་དྲུག་གི་དབུས་སུ་སྟོད་ཕྱོགས་ཀྱི་དམར་ཆ་གཙོ་བོར་ལུས་ཀྱི་སྤྱི་བོའི་ཐིག་ལེ་ཞུ་བ་ལ་དཔེར་མི་ཟས་སྲེད་ཅན་ལྟར་རྔམ་པས་རྔམས་པ་དང་ཁྲག་ཁམས་ཡིན་པས་ཤེས་རབ་མའི་ཐིག་ལེ་ནི་སྤྱི་བོའི་ཁམས་ཞུ་བ་དེ་གཅིག་གིས་ཆོག་པས་དེ་ཁོ་ན་ཉིད་དང་། སྤྱི་བོའི་ཁམས་དཀར་ཆ་འབྲས་བུ་བདེ་ཆེན་ལྷན་སྐྱེས་ཀུན་ཏུ་བཟང་པོ་བསྐྱེད་པའི་རྒྱུ་ཡིན་པས་འབྲས་མིང་རྒྱུ་ལ་བཏགས་པའི་ཐིག་ལེ་ལ་རྒྱུད་རྣམས་ལས་བདེ་ཆེན་གྱི་རྒྱུ་རུ་བསྟན་པ་ལྟར་ངེས་པས་ན་ངེས་པ་ཞེས་བཤད་དོ། །གསང་བ་ལྟར་ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་ལ་ཁྱབ་པའི་རྩ་གནས་ཀྱི་ཐིག་ལེ་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཀྱི་རོ་མངོན་གྱུར་ཡོད་པར་མི་གོ་སྟེ། འཁྲིག་སྲེད་སོགས་ཀྱང་བདེ་ཆེན་དུ་ཐལ་བའི་སྐྱོན་ཐབས་རྡུག་མང་པོ་འབྱུང་། དེས་ན་ལམ་རྐྱེན་དང་འཕྲད་ན་བདེ་ཆེན་བསྐྱེད་པའི་ནུས་པ་ཡོད་པ་ལ་རོ་ཟེར་ཏེ། དཔེར་རྐྱེན་ས་ཆུ་དང་འཕྲད་ན་ས་བོན་ལ་འབྲས་བུ་བསྐྱེད་པའི་ནུས་པ་དེ་དང་པོ་ནས་རང་ཆས་སུ་ཡོད་པ་ལྟ་བུ་དང་བཅས་པ་རང་ཆས་སུ་ཡོད་ཀྱང་དོན་ཅན་དུ་ངོ་མ་ཤེས་


MLP020_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཚོར་བདེའི་དོན་ཙམ་དུ་ནོར་ནས་མ་ཤེས་པས་གསང་བ། ཐིག་ལེ་དེ་ལ་ཕུང་ཁམས་ཐམས་ཅད་ཀྱི་བཅུད་འདུས་ཏེ་ལུས་བཅུད་དངོས་སུ་འདུས་པ་དང་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱེད་པས་སྙིང་པོ། ཐབས་ལམ་ཟབ་མོས་གནད་དུ་བསྣུན་པས་བདེ་ཆེན་ཡེ་ཤེས་ཀྱི་ངར་བཏོན་ཏེ། རྗེས་ཆགས་ཀྱི་བདེ་ཆེན་ཡེ་ཤེས་བསྐྱེད་པ་ལ། ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་འཕགས་པ་ལྟ་བུ་དགོས་ཀྱང་། སོ་སྐྱེས་ཀྱིས་ཡེ་རྒྱ་བསྐྱེད་རིམ་དང་། ལས་རྒྱ་ཞིང་སྔགས་ཀྱི་ཕྱག་རྒྱ་གང་རུང་ལ་བརྡ་བཞིས་བསྐུལ་བ་དང་། འདུ་ཤེས་གསུམ་ལྡན་དང་། ཕྱག་རྒྱ་བཞི་བསྣོལ་གྱིས་སྦྱོར་ནས་རྩ་ཐིག་རླུང་གསུམ་སྐྱིལ་ཀྲུང་བྱས་པས་ཡུམ་གྱི་དབུ་མའི་ཐུར་སེལ་གཏུམ་མོ་དྲོད་དང་བཅས་པ་ཡབ་ཀྱི་དབུ་མར་དྲངས་ནས་གཉིས་ཀའི་རླུང་གིས་དྲོད་དང་མེ་མཆེད་ནས་སྤྱི་བོའི་ཐིག་ལེ་ཐམས་ཅད་ཞུ་ནས་མགྲིན་པར་བབ་པའི་དགའ་བ། མགྲིན་པའི་རྩ་གནས་ཐམས་ཅད་ཀྱི་ཐིག་ལེ་ཐམས་ཅད་དེར་འདུས་ནས་སྙིང་ཁར་བབ་པ་སོགས་ནས། མཐར་གསང་གནས་སུ་བབས་ཚེ་ལྷན་སྐྱེས་ཡེ་ཤེས་དེ་ཁོ་ན་ཉིད་དམ་བདེ་ཆེན་མཐར་ཐུག་ཡིན་ཚུལ་ཇི་བཞིན་ནོ། །ལྷན་སྐྱེས་ཀྱི་རང་ཞལ་ཇི་བཞིན་མཐོང་བ་སྔར་གསང་ཡོད་པའི་བདེ་བ་མཐར་ཐུག་དངོས་ཡིན་པས་དེ་ཁོ་ན་ཉིད། ཐིག་ལེ་དེ་ཉིད་དག་པ་ཡེ་ཤེས་ཀྱི་རྟེན་དང་མ་དག་པ་ཕུང་ཁམས་ཀྱི་བླ་རྟེན་བྱེད་པས་གཞི། ལམ་དུ་བྱས་ནས་འབེབ་འཛིན་ལྡོག་པར་བྱེད་པས་ལམ་སྲོག་ལྕགས་གཡས་རང་གིས་རང་ཉིད་ཟ་བ་ལྟར་བདེ་ཆེན་གྱི་ཐིག་ལེ་རང་ཉིད་དག་པ་འབྲས་བུ་གསུམ་ཀའི་གནད་སྲོག་ཏུ་ཐིག་ལེ་ཉིད་ངེས་པ་ལ་ངེས་པ་ཞེས་བཤད་དེ་བླ་མ་བརྒྱུད་པའི་མན་ངག་གོ། །དེ་ལྟར་ན་རྒྱུད་འདི་རྒྱུད་ལུང་མན་ངག་གསུམ་གྱི་གནད་བསྡུས་ཡིན་པས་རྒྱུད་དང་མཐུན་པ་སོགས་མཚན་གསུམ་དུ་བྱུང་ཞིང་། རང་གི་ངོ་བོ་མ་ཧཱ་ཡོ་ག་ལ་ལྟོས་པའི་མན་ངག་ཨ་ཏི་ཡོ་གའི་རྒྱུད་དུ་གནས་པས་གླེགས་བམ་གྱི་ཀླད་དུ་མན་ངག་དང་མཐུན་པའི་མཚན་འབའ་ཞིག་སྨོས་ཞེས་གསུང་ངོ་། །གཉིས་པ་ལ་གཉིས་ཏེ། དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ་དང་། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བའོ། །དང་པོ་ལའང་། ཆུ་འགོ་གངས་ལ་ཐུག་པ་ལྟ་བུའི་ཁུངས་ཐུག་སའི་ཉེར་ལེན་གྱི་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དཔེར་ན་རྔ་བོ་ལྟ་བུ། རྐྱེན་གླེང་བསླང་རྔ་ཡོག་ལྟ་བུ། དེ་གཉིས་ཀྱི་བྱ་བ་དོན་གྱི་འབྲས་བུ་རྒྱུད་གསུངས་པ་དེ་ཉིད་ཕྱིས་འབྱུང་འོག་མིན་དངོས་སུ་སྤྱོད་པའི་སྐལ་མེད་མ་དག་པའི་གོ་ཕྱེ་བའི་གདུལ་བྱའི་ངོ་སྐལ་ཆེད་དུ་གཉེར་ནས་གསུངས་པས་རིགས་གསུམ་གྱི་ལྷ་ཀླུ་མི་གསུམ་ལ་བསྟན་པ་དང་། འཆད་ཉན་ལ་དབང་བ་རང་


MLP020_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་རྣམས་ཀྱིས་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན། རྒྱུད་ཀྱི་དགོས་པ་དང་འབྲེལ་བ་ནི་བརྗོད་བྱ་རྗོད་བྱེད་ཐབས་དང་ཐབས་བྱུང་ངམ་ཤེས་བྱ་ཤེས་བྱེད་དུ་འབྲེལ་བ། རྗོད་བྱེད་དམ་དགོས་པ་ཤེས་པ་གཉིས་དེ་ལས་དེ་བྱུང་འབྲེལ། གོ་ཕྱེ་བའི་འཁོར་རང་ཅག་རྣམས་ལ་སངས་རྒྱས་བསྟན་པའི་ཁུངས་རྙིང་རྒྱུད་འདི་ཉིད་ཡིན་པས་ཆོས་སྐྱོང་དམ་ཅན་རྣམས་ཀྱི་བླ་རྟེན་ཡིན་པས་འཆད་ཉན་བྱེད་པ་རྡོ་རྗེ་འཆང་ཉིད་དང་ཉིད་ཀྱིས་བྱིན་གྱིས་བརླབས་པའི་འཆད་ཉན་ཡིན་ཞིང་། འཛིན་ཅིང་སྐྱོང་བ་རྣམས་བསྟན་འཛིན་གྱི་སྐྱེས་བུ་དང་རྣལ་འབྱོར་གྱི་དབང་ཕྱུག་ཡིན་ཞེས་འཁོར་ལ་གདམས་ཤིང་བསྟན་པ་གསང་བདག་སོགས་ཆོས་སྐྱོང་དམ་ཅན་རྣམས་ལ་སྣོད་ལྡན་ལ་སྟོན་སྣོད་མིན་ལ་གསང་བར་གྱིས་ཤིག་ཅེས་གཏད་པ་སྟེ་ལྔ་ལས། དང་པོ་ནི། འོག་མིན་གྱི་གནས་གང་དུ་སྟོན་པ་རིགས་དྲུག་པ་འཁོར་རང་བཞིན་གཉིས་སུ་མེད་པའི་འཁོར་དང་། རིག་པ་ཅན་གྱི་འཁོར། འཇོམས་བྱེད་ཁྲོ་བོའི་འཁོར་དང་། ལྷན་ཅིག་པའི་འཁོར་དང་། དད་པས་གཏམ་ཉན་པའི་འཁོར་རྣམས་ཚོགས་པ། དུས་ཕུན་སུམ་ཚོགས་པ་དེའི་ཚེ་གང་གླེང་བར་བྱ་བ་རྒྱུད་འབྱུང་བས་རྒྱུ་གང་གིས་གླེང་བའི་ཕུན་སུམ་ཚོགས་པ་ལྔ་ལྡན་ནི་གླེང་གཞིའོ། །སྒྲ་བཤད་ནི། དཱ་ན་ཐད་འགྱུར་སྦྱིན་པ་ལ་འཇུག་ཀྱང་། གླེང་གཞི་ཞེས་པ་དོན་འགྱུར་མཛད་པ། སྦྱིན་པ་དངོས་པོ་སྦྱིན་པ་ལ་གཙོ་བོར་འགྲོ་བས་གླེང་གཞིའི་ཆོས་སྦྱིན་གྱི་རྒྱུའམ་གོ་གཞིར་གོ་བར་སྟོན། ཆོས་སྦྱིན་བཤད་གླེང་གིས་སྦྱིན་དགོས་པ་དང་། ཁྱད་པར་དུ་རྒྱུད་འདི་རྣམ་དག་མིན་ནོ་སྙམ་པ་ལ་ཡིད་ཆེས་པའི་ངེས་ཤེས་སྦྱིན་པས་གཞིར་གྱུར་པའི་གླེང་གཞི་ཟེར་ཏེ། གླེང་གཞིའི་སྐད་དོད་དཱ་ན་ཞེས་པ་སྦྱིན་པ་ལ་འཇུག་སྟེ་མུ་སྟེགས་པའི་སྟོན་འཁོར་ལྟ་བུ་མ་ཡིན་པར་ཕུན་སུམ་ཚོགས་པའི་གླེང་གཞིས་ཁུངས་ལྡན་གྱི་ལོ་རྒྱུས་མ་རྙེད་པས་རྒྱུད་འདིར་ཡིད་མི་ཆེས་པ་རྣམས་ལ་ངེས་པ་སྦྱིན་པའི་ཕྱིར་དང་། རྒྱུད་དོན་འབྱུང་ངེས་གླེང་བའི་གཞིར་གྱུར་པའི་ཕྱིར་རོ། །དབྱེ་ན་ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་གླེང་གཞི་གཉིས་ལས། དང་པོ་ནི་ཐབས་ལམ་དང་སྦྱར་བ་སྟེ། དེ་ལའང་སྟེང་འོག་གི་སྒོའི་ལམ་དང་སྦྱར་བ་གཉིས་ལས། དང་པོ་ནི། གནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་བཞི་ལས་བཞིའི་དབྱིབས་ཅན་དང་། སྟོན་པ་རྩ་འཁོར་དེའི་དབུས་ན་སེམས་མི་ཤིགས་པ་འབྱུང་ལྔའི་དྭངས་མ་ལྔའི་ཐིག་ལེ་ལ་བརྟེན་ཏེ་བཞུགས་པ་དང་། འཁོར་རྩ་འདབ་དེ་བཞི་ལ་རྒྱུ་བའི་ལས་རླུང་གི་བཞོན་པ་ཅན་གྱི་གོང་བཤད་རྣམ་ཤེས་ཚོགས་བརྒྱད་དང་། བསྟན་པའམ་ཆོས་བདེ་གསལ་མི་རྟོག་པའི་ཚོར་བདེ་དང་རྟོག་ཚོགས་ཀྱིས་མི་མཚོན་པའི་ཡེ་ཤེས་བསམ་མི་ཁྱབ་ཀྱི་


MLP020_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་སྐྱེས་པའི་དགོངས་པ་ཅན་ཆོས་སྟེ་མི་ཤིགས་པ་སད་སྟོབས་ཀྱིས་ལས་རླུང་ཡེ་ཤེས་སུ་སྦྱངས་ཤིང་ཚོགས་བརྒྱད་བདེ་སྟོང་གི་རོས་ཁྱབ་པ་ནི་སྟོན་པས་འཁོར་ལ་ཆོས་བསྟན་པ་དང་། དུས་ནི་རྟོག་ཚོགས་ཀྱིས་བཟོས་པའི་དུས་གསུམ་དང་བྲལ་བའི་སྒོ་ནས་དུས་གསུམ་མཉམ་པ་ཉིད་དུ་བསྡམ་པ་དུས་མེད་ཀྱི་དུས་ཞེས་བདེ་སྟོང་གི་ཡེ་ཤེས་དགོངས་པ་མངོན་དུ་གྱུར་པའི་དུས་སོ། །གཉིས་པ་ནི། ཤེས་རབ་སྟོང་ཉིད་མཚོན་པའི་རྡོ་རྗེ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་ན་བཙུན་མོའི་པདྨའམ་མཁའ་དབྱིངས་ལས་བཞིའི་དབྱིབས་སྒོ་གྲུ་གསུམ་ཁྱམ་གྲུ་བཞི། སྐྱེ་གནས་ཟླ་གམ། དབྱིངས་ཕྱུག་མའི་སྣ་རྩེ་ཟླུམ་པོ་ཅན་ནི་གནས་དང་། བདེ་བ་ཆེན་པོ་མཚོན་བྱེད་ཐབས་ཀྱི་རྡོ་རྗེ་ནོར་བུའི་དབུས་ཀྱི་དབུ་མའི་གནས་ན་རྩ་རང་ཅག་གི་ལུས་ལ་རྩ་ས་ཡ་བཅུ་གཉིས་དང་། གཞན་ཡང་བཅུ་གསུམ་ཡོད་པར་གསུངས། ཁམས་ཀྱི་རྣལ་འབྱོར་པའི་ལམ་དུས་སུ་བཅུད་དངོས་སུ་ལུས་རིལ་པོའི་ཁམས་བཅུད་མེད་ཀྱང་། འདུས་རུང་ཡོད་པའི་བྱེད་བཅིང་གིས་འཕོ་མེད་དུ་གནས་པའི་བྱང་སེམས་ཀྱི་ཐིག་ལེ་བཞུགས་པ་ནི་སྟོན་པ་ནོར་བུའི་དབུས་ཀྱི་ཐིག་ལེ་ཐམས་ཅད་སྟོན་པར་མི་རིགས་ཏེ། ཆགས་སྲེད་ཀྱི་ཐིག་ལེ་ཡང་བདེ་ཆེན་སྟོན་པའི་སྟོན་པར་ཐལ་བའི་ཕྱིར་དང་། ཡབ་ཡུམ་རྩ་ཐིག་རླུང་གསུམ་སྐྱིལ་ཀྲུང་གིས་ཁམས་དམར་པོའི་མེ་དྲོད་གཡོས་པ་ལས་རྩ་ཁམས་ཐམས་ཅད་མེ་དྲོད་ཀྱིས་ཁྱབ་ཅིང་། ཐིག་ལེ་ཞུ་ནས་དབབ་པའི་བྱེད་པ་དང་རྡོ་རྗེའི་སྦུབས་ནས་ཕྱིར་མི་འཕོ་བར་བཅིང་གི་ཐབས་དང་བཅས་པའི་ཡབ་ཡུམ་གཉིས་ཀྱི་གསང་བའི་ལུས་ཤེས་མཚུངས་ལྡན་རྣམས་ཀྱི་ཡིད་ཤེས་དང་བཅས་པ་རྣམ་ཤེས་ནི་འཁོར་དང་། ཐབས་ལམ་གྱི་སེམས་འདི་ལྔ་བདེ་བ་ཇེ་རྒྱས་སུ་འགྲོ་བར་གསུངས་ལྔ་རྫོགས་པའི་མཐའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཆོས་དང་། སྟོན་པ་བྱང་སེམས་དཀར་པོ་ཞུ་བ་དེའི་མཐུས་འཁོར་ཡབ་ཡུམ་གསང་བའི་རྣམ་ཤེས་དང་ཡིད་ཤེས་དེ་དག་ཆོས་བདེ་བའི་ཡེ་ཤེས་དེའི་ངོ་བོར་སྐྱེས་པ་ནི་སྟོན་འཁོར་ཞུ་འཆད་བྱས་པའི་དོན་དང་། དུས་སྔར་བཞིན་ཏེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔའོ། །འདི་དག་རྒྱུད་ཀྱི་ཐོག་མར་འབྱུང་བའི་ཨེ་ཝྃ་མཱ་ཡཱ་ཞེས་པའི་ཡི་གེ་བཞི་དང་སྦྱར་ནས་བཤད་རྒྱུད་ཀྱིས་ཇི་ལྟར་འགྲེལ་བ་སོགས་དགོངས་རྒྱན་ལས་ཤེས་ཤིང་ལེའུ་གཉིས་པའི་འབྲས་དབང་གིས་གསང་དབང་སྟོན་པ་དང་། དབང་ཕྱི་མ་གཉིས་སྟོན་པའི་རྒྱུད་ཚིག་གི་ཤུགས་ཀྱིས་ཀྱང་རིམ་བཞིན་སྟེང་སྒོ་དང་འོག་སྒོའི་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་གླེང་གཞི་དེ་ཉིད་ཐོན་པར་བཤད་རུང་བར་མངོན་ཏེ།


MLP020_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསང་གི་ཕུན་ཚོགས་ལྔ་ལྡན་འདི་དག་རྒྱུད་འབྱུང་བའི་གླེང་གཞིར་འགྱུར་ཚུལ་གྱིས་ཤེས་པའི་ཕྱིར་སྙིང་ག་དང་གསང་བའི་འོག་མིན་དུ་སངས་རྒྱས་ཚུལ་དེ་ལ་ལྟོས་པའི་ཕུན་ཚོགས་ལྔ་པོ་གླེང་གཞིར་ཆོག་པའི་ཕྱིར་ཏེ། གླེང་བསླང་གི་སྐབས་སུ་རྒྱལ་སྲས་མཐར་ལམ་པ་ལྷན་ཅིག་པའི་འཁོར་རྣམས་ལ་སྟོན་པས་གོང་བཤད་ལྟར་གྱི་འབྲས་དབང་བསྐུར་བར་གསུངས་པའི་ཕྱིར་དང་། དེ་ལ་བརྟེན་ནས་མཐར་ལམ་པ་དེ་རྣམས་ནང་གི་མངོན་བྱང་ལྔས་བྱང་ཆུབ་པའི་ཕྱིར། བྱང་ཆུབ་སངས་རྒྱས་དེ་གླེང་གཞི་ཡིན་པས་ཁྱབ་སྟེ། སངས་རྒྱས་པ་དེ་རང་ཉིད་རྒྱུད་གསུངས་པའི་གླེང་གཞིར་གྱུར་ཟིན་པ་དང་། གཞན་ཡང་གསར་དུ་སངས་རྒྱས་པ་ན་གོ་ཕྱེ་བའི་འཁོར་གྱི་ཆེད་དུ། ཨེ་མའོ་ཡེ་ནས་གསང་བའི་ཆོས་སོགས་ཆེད་བརྗོད་ཞུས་པས་གཞི་བྱས་ནས་ལན་གླེང་བར་མཛད་པ་ལས་འཕྲོས་ཏེ་རྒྱུད་ཡོངས་རྫོགས་བྱུང་བ་ཡིན་པའི་ཕྱིར་ཞེས་པས་གྲུབ་ལ། དེ་ལྟ་བུའི་མངོན་བྱང་ལྔ་པོའང་སྟེང་སྒོའི་ལམ་གྱིས་སྙིང་ག་དང་འོག་སྒོའི་ལམ་གྱིས་གསང་བ་ཐབས་ལམ་ནང་གསང་བས་ཐོག་མའི་འཇུག་སྒོ་འདི་གཉིས་ཡིན་པས་དེར་འཚང་རྒྱ་བ་ཡིན་གསུངས་པའི་འོག་མིན་དུ་འབྲས་དབང་གི་སྐབས་སུ་གནད་དུ་བསྣུན་ནས་འཚང་རྒྱ་ཚུལ་ཡིན་པའི་གནད་ཀྱིས་སྙིང་གསང་དེ་གཉིས་ལ་ལྟོས་པའི་ཕུན་སུམ་ཚོགས་པ་ལྔ་གླེང་གཞིར་སོང་བ་ཡིན་ཞེས་དམ་པ་སྔ་མ་དག་བཞེད་དོ། །གཉིས་པ་ལ་ལོངས་སྐུའི་གླེང་གཞིའམ་རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་དང་། ཆོས་སྐུ་ལས་ལོངས་སྐུར་བཞེངས་པ་དེའི་ཞར་བྱུང་ཞི་བས་མི་འདུལ་བའི་གདུལ་བྱ་དགོས་ཆེད་དུ་བསྟན་པ་ཁྲོ་བོའི་གླེང་གཞི། སྤྲུལ་སྐུ་འགྲོ་བ་འདུལ་བའི་གླེང་གཞིའམ་བསྟན་པ་སྤྱིའི་གླེང་གཞི་སྟེ་གསུམ་ལས། དང་པོ་ནི། ཁོག་གཞུང་ལས། སྟོན་གནས་འཁོར་དང་སྡུད་པ་གསང་བདག་དང་། བསྟན་པ་དུས་ཀྱིས་ཤེས་པར་བྱ། །ཞེས་ཕུན་སུམ་ཚོགས་པ་དྲུག་ཏུ་བཤད་ཀྱང་། འདིར་སྡུད་པོ་ཕུན་ཚོགས་འཁོར་ལ་བསྡུས་ནས་ལྔར་བྱའོ། །དེ་ལ་གནས་ནི། སྒྱུ་འཕྲུལ་ལེ་ལག་གི་འགྲེ ལ་བ་བི་མའི་ཤེས་རབ་སྤྱན་འགྲེལ་ལས། སྟོང་པའི་ཡེ་ཤེས་ཆོས་ཉིད་དོན་ཀུན་རྟོག་དང་ཀུན་གཞིའི་འོག་ཏུ་མ་གྱུར་གྱི། རང་གི་གནས་ལུགས་རང་གིས་རིག་པའི་གསལ་བའི་ཡེ་ཤེས་ཀུན་བཏགས་ཀྱི་རྟོག་ཚོགས་ཀྱི་འོག་ཏུ་མ་གྱུར་པའི་འོག་མིན་ནོ། རྣལ་འབྱོར་བདེ་ཆེན་བསྐྱེད་པའི་ཆ་ནས་གསང་བའི་ཐ་མལ་ཆགས་སྲེད་ཀྱི་འོག་ཏུ་མ་གྱུར།


MLP020_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གནས་ཀྱི། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔར་བཤད་པའི་ཡ་གྱལ་ཕྱི་མ་སྟེ་འདིར་བསྟན་གྱི་དབང་ཕྱུག་ཆེན་པོ་ནི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་སྟེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལྟ་བུའི་གནས་དེ་མཚོན་བྱའི་དོན་ལྟ་བུ་རང་གི་རང་བཞིན་དང་མཚོན་བྱེད་རྟགས་ལྟ་བུའི་རྣམ་པའོ། །དཔེར་ན་རྫ་བུམ་ས་རྡུལ་གྱི་རང་བཞིན་ཡིན་ཞེས་པ་དང་། མ་དག་པའི་ཞིང་ལས་སྣང་གི་རྡུལ་རྫས་བརྒྱད་འདུས་ཀྱི་རང་བཞིན་ཡིན་པ་ལྟར་ངོ་བོ་གཉིས་ཀྱི་སྒོ་ནས་བཤད་པའི། དང་པོ་ལ་ཆ་ཅན་གནས་སྤྱིའི་རང་བཞིན་ནི། བི་མའི་འགྲེལ་ཆུང་པིཎྜཱརྠ་ལས། སངས་རྒྱས་ཀྱི་དོན་གྱི་འོག་མིན་མཐའ་དབུས་མེད་པའི་ཁྱབ་བདལ་ཆོས་ཀྱི་དབྱིངས་ཇི་བཞིན་མངོན་དུ་བྱས་ནས་ཆོས་དབྱི ངས་སྟོང་པའི་ཡེ་ཤེས་སམ་ཤེས་རབ་ཀྱི་ཆ་དེས་གྲུབ་པའི་གནས་དེ་ནི་གནས་ཀྱི་རྫས་ཕལ་པ་ལས་གྲུབ་པའི་གནས་རྣམས་ལས་བླ་མར་འདོད། །ཅེས་པ་ལྟར་ཆོས་ཀྱི་དབྱིངས་ནི་གནས་སྤྱིའི་རང་བཞིན་ཡིན་ལ། བྱེ་བྲག་གི་གནས་ཀྱི་ཆ་ཤས་སོ་སོའི་རང་བཞིན་ནི། སྤྱིར་གསང་འདུས་དང་བཀའ་བརྒྱད་སོགས་ལས་འཇིག་རྟེན་གྱི་རྟེན་གཞི་རླུང་རྡོ་རྗེ་རྒྱ་གྲམ་ཡིན་པས་དེ་ལྡོག་པའི་འོག་མིན་གྱི་འོག་གཞི་ཡང་རྡོ་རྗེ་རྒྱ་གྲམ་གསུང་ཡང་འདིར་འོག་གཞི་འཁོར་ལོའི་རང་བཞིན་ཡེ་ཤེས་ལྔ་ཡིན་པ་དང་། གྲུ་ཆད་ཀྱི་བདེན་བཞི་དང་། བར་ཁྱམས་ཀྱི་བདེན་པ་རང་བཞིན་ལྷག་པའི་དབྱེར་མེད་ལ་སོགས་པའོ། །གནས་ཀྱི་ངོ་བོའམ་མཚན་ཉིད་ནི། ཁ་དོག་དང་དབྱིབས་ཀྱི་རྣམ་པའི་ཁྱད་པར་ལ་གོ་དགོས་ཏེ་འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །བཅུ་གཅིག་དག་གིས་དབྱེ་བར་བྱ། །འདི་དག་ལེགས་བཤད་རོལ་མཚོ་ལས་གསལ་ལོ། །ཞེས་གསུངས་པ་ལྟར་རོ། །སྟོན་པ་ཕུན་ཚོགས་བཤད་པ་ལའང་སྟོན་པའི་རང་བཞིན་དང་ངོ་བོའི་རྣམ་པ་གཉིས་ཏེ། དེ་གཉིས་ཀྱི་ཁྱད་པར་དེའང་དཀྱིལ་འཁོར་གྱི་མཚོན་བྱེད་བརྡ་རྟགས་དོན་དང་བཅས་པ་ངོ་སྤྲོད་ལ་དཀྱིལ་འཁོར་གྱི་དེ་ཉིད་བསྟན་པ་ཞེས་བརྗོད་པ་ལྟར་དག་པའི་རྟེན་དང་བརྟེན་པ་ཐམས་ཅད་ཀྱི་འཆར་གཞིའི་ཡེ་ཤེས་ཀྱི་དེ་ཉིད་ལ་དེ་དག་གི་རང་བཞིན་དང་། ཡེ་ཤེས་དེ་རྟེན་བརྟེན་པའི་བཞིན་ལག་གི་གཟུགས་ཀྱི་རྣམ་པ་ཤར་བ་ལ་ནི་ངོ་བོ་ཞེས་བཏགས་པ་ཡིན་པས་རང་བཞིན་ལྷག་བདེན་དོན་དམ་ཡེ་ཤེས་ཆོས་སྐུའི་ཕྱོགས་ནས་གོ་དགོས་པ་དང་། ངོ་བོ་ཞེས་ལྷག་བདེན་ཀུན་རྫོབ་གཟུགས་


MLP020_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ཕྱོགས་ནས་བསྟན་དགོས་སོ། །དེ་ལ་སྟོན་པའི་རང་བཞིན་ནི་འགྲེལ་ཆུང་ལས། །བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་གཟུགས་སྐུ་ཡིན་ཀྱང་གཙོ་བོ་ཐུགས་གཡོ་མེད་ཆོས་སྐུའི་ཕྱོགས་བཟུང་དགོས་པས་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་བཞིར་བཤད་ཅིང་། དེའི་དང་པོ་ལའང་རྩ་རྒྱུད་ཉིད་ལས། དེ་བཞིན་གཤེགས་པ་ཞེས་པའི་དོན་ལ་ཆོས་ཉིད་དེ་བཞིན་ཉིད་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་སྤངས་ཟིན་པས་དུས་རྟག་ཏུ་མཉམ་པར་མ་བཞག་པ་མེད་པའི་ཚུལ་གྱིས་མངོན་དུ་མཛད་པ་དེ་བཞིན་ཉིད་དུ་ནར་སོན་པ་ཚུལ་གཞིའི་དུས་ཡེ་ཤེས་ཀྱི་དབྱིངས་མཇལ་བ་ལ་སྒྲིབ་པ་དག་རིམ་གྱིས་ཇེ་མཇལ་གྱི་ཚུལ་དུ་ནར་སོན་ཏེ་མཐར་རེས་འཇོག་མེད་པའི་ཚུལ་གྱིས་རྫོགས་པར་མཇལ་བའི་རང་བཞིན་དང་། ཡང་དག་པར་རྫོགས་པའི་ཞེས་པའི་དོན། ནར་སོན་པ་དེའི་དབང་གིས། རྒྱུད་བླ་མ་ལས། བྲལ་སྨིན་གྱི་འབྲས་བུ་སྟོབས་བཅུ། མི་འཇིགས་བཞི། མ་འདྲེས་པ་བཅོ་བརྒྱད། མཚན་བཟང་སོ་གཉིས་རེ་རེ་བཞིན་དང་། མངོན་རྟོགས་རྒྱན་དུ། ཉན་རང་ཐུན་མོང་དྲན་པ་ཉེར་བཞག་བཞི་སོགས་སོ་བདུན། བྱང་སེམས་ཐུན་མིན་སོ་བཞི། སངས་རྒྱས་ཐུན་མིན་སོ་དགུ །ཡང་མཚན་བཟང་སོ་གཉིས། དཔེ་བྱད་བརྒྱད་ཅུ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་སྟེ་བརྒྱ་དང་ཞེ་བཞིའོ། ལམ་ཤེས་གཞི་ཤེས་གཉིས་བསྣན་ཏེ་ཞེ་དྲུག་རྣམས་བཤད་པ་དང་། འདིར་ཐུན་མིན་ལོངས་སྐུའི་མཚན་དཔེ་སོགས་ཏེ་ཐུན་མོང་དང་ཐུན་མིན་གྱི་འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུ་ཉི་མ་སྤྲིན་ལས་གྲོལ་བའི་ཟེར་རང་ཆས་སུ་ཡོད་པ་ལྟར། རྩོལ་མེད་རང་བྱུང་དུ་བརྙེས་པའི་སྒོ་ནས་ཡང་དག་པར་རྫོགས་པ་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན་སངས་རྒྱས་ཞེས་པའི་དོན་མེ་ལོང་སོགས་ཡེ་ཤེས་རེ་རེའང་ཀུན་ཏུ་ཡང་ཡིན་ཆོག་པའི་བཟང་པོའི་རང་བཞིན་ཡིན་པས་མཁྱེན་པ་ལ་ཚད་འདི་ཙམ་ཞེས་བཟུང་དུ་མེད་པས་ཡེ་ཤེས་ཀྱིས་འདི་ཕན་ཆད་མི་གྲུབ་ཅེས་མཐའ་འདི་ལྟར་གྲུབ་ཅེས་དབུས་དང་བྲལ་བའི་རང་བཞིན་དངོས་སུ་རྒྱས་པའི་དོན་ཡིན་ཀྱང་དེ་སྒྲིབ་པ་སྤང་བ་ལས་བྱུང་བས་སངས་རྒྱས་ཀྱི་དོན་དུ་འཆད་རུང་། བཅོམ་ལྡན་འདས་ཞེས་སྤངས་རྟོགས་མཐར་ཕྱིན་གྱི་གོ་འཕང་ལ་བཞུགས་ཀྱང་ངོ་བོ་སྲིད་ཞིའི་མཐའ་གཉིས་གར་དབང་བསྒྱུར་ཡང་གཟུང་འཛིན་དང་བྲལ་བའི་ཆོས་ཉིད་ལས་མི་གཡོ་ཕྱོགས་སུའང་བརྗོད་དུ་མེད་པས་གསང་གསུམ་གྱི་ངོ་བོ་སྲིད་ཞི་གཉིས་བསྟན་དུ་མེད་ཅེས་པའམ། ཡང་ན་འགྲེལ་བ་ལས། སངས་རྒྱས་ཀྱི་སླར་མི་ལྡང་བའི་མཉམ་


MLP020_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གི་དགོངས་པ་ཉན་རང་བྱང་སེམས་ལྟ་བུས་ཀྱང་མཚན་མའི་རྟོག་པ་དང་བཅས་པའི་ཡུལ་ཅན་གང་གིས་ཀྱང་མཚོན་དུ་མེད་པ་འབྲས་བུ་ལ་མངའ་མཛད་ཀྱང་གང་མངོན་དུ་མཛད་པའི་ཡེ་ཤེས་རང་གི་ངོ་བོ་མངོན་སུམ་དུ་བསྟན་དུ་མེད་པའི་རང་བཞིན་ནོ། །གཉིས་པ་ནི། ལོངས་སྤྱོད་ཆེན་པོ་ཞེས་པའི་དོན་ཡེ་ཤེས་ལྷག་པ་ཀུན་རྫོབ་སྒྱུ་མའི་སྤྱོད་ཡུལ་སྐུ་སྣ་ཚོགས་དང་གསུང་སྣ་ཚོགས་ཀྱིས་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་ལ་ཅི་དགར་སྤྱོད་ཅིང་སྤྲུལ་གཞི་ལོངས་སྐུ་ཡིན་ཕྱིར་དབང་བསྒྱུར་ཡང་སྒྱུ་མའི་རྟ་གླང་སེམས་ཀྱིས་སྟོང་པ་ལྟར་གཟུང་འཛིན་ཞེན་རྟོག་དང་བྲལ་བའི་ཐུགས་ཆོས་ཉིད་ལས་སྐད་ཅིག་ཀྱང་མི་གཡོ་བ་སྟེ་འདི་གསུང་ཚུལ་གཅིག་ལ་སྤྲུལ་པ་སྣ་ཚོགས་ལ་ལོངས་སྐུའི་དབང་བསྒྱུར་བས་ལོངས་སྤྲུལ་མཉམ་པ་ཉིད་མངོན་དུ་མཛད་ཀྱང་། གཟུང་འཛིན་བྲལ་བའི་དབྱིངས་ལས་སྐད་ཅིག་ཀྱང་མི་ལྡང་བས་དེའི་ངོ་ཁར་སྤྱོད་ཡུལ་སྤྲུལ་པ་བཟང་ངན་གྱི་སྤྲོས་རྟོག་བྲལ་བས་ན་དེ་ལྟར་བྱས་ན་གོ་སྟོབས་ཆེ་གསུངས། ཡེ་ཤེས་ཀྱིས་ཡེ་སྣང་རབ་འབྱམས་འདི་ལ་མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྲུལ་པའི་རྣམ་པ་སྣ་ཚོགས་སྟོན་ཆོག་པས་ན་སྤྲུལ་པ་རྣམས་སྣང་བ་ལྟར་ངོ་བོ་ལ་བཟང་ངན་མེད་པས་ན་མཚན་འཛིན་གྱི་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ཞེས་ཀྱང་བྱའོ། །གསུམ་པ་ནི། ཕྱོགས་བཅུའི་སོགས་བདག་ཉིད་ཅེས་པའི་དོན་ཕྱོགས་བཅུ་དུས་བཞི་མེ་ཏོག་ལྟ་བུའི་འབྲས་བུ་གཅིག་ལ་ལྟོས་ནས་དུས་བཞིར་འཇོག་སྟེ། དཔྱིད་དུས་རྒྱུན་ཚང་ཡང་རྒྱུའི་དུས་ཡིན་པས་དེའི་མ་འོངས་པའི་དུས། དབྱར་སྐྱེས་ཟིན་མ་འགགས་པ་ད་ལྟའི་དུས། སྟོན་འགག་ཟིན་དེའི་འདས་པའི་དུས། དགུན་དུས་རྒྱུན་ཡོད་ཀྱང་རྐྱེན་མ་ཚང་བས་སྐྱེ་མི་སྐྱེ་ཐག་མི་ཆོད་པ་མེ་ཏོག་དེ་ལ་ལྟོས་པའི་མ་ངེས་པའི་དུས་བཞི་པའོ། ཡང་ན་དུས་གསུམ་བྱེ་བྲག་དང་། སྤྱིར་དུས་ཀྱི་སྤྱི་ལྡོག་གི་སྒྲ་བློ་གཅིག་འཇུག་གི་བྱེ་བྲག་ཏུ་མ་ངེས་པ་མ་ངེས་པའི་དུས་སོ། རྒྱལ་བ་ཐམས་ཅད་བསྡུ་ན་རིགས་ལྔར་འདུ་ཞིང་ལྔ་པོའང་ཡོན་ཏན་གསུང་དང་ཕྲིན་ལས་ཐུགས་སུ་བསྡུས་ཏེ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དུ་འདུ། དེའང་སྤྲུལ་གཞི་རིགས་དྲུག་པ་ལ་འདུ་བས་རིགས་ཐམས་ཅད་ཀྱི་བདག་པོར་བཞུགས་པ་སྟེ། གཅིག་ཏུ་མ་གྲུབ་སྟེ། རིགས་ལྔ་ཡིན་པའི་ཕྱིར། དུ་མར་མ་གྲུབ་སྟེ་རྡོ་རྗེ་འཆང་གཅིག་ཡིན་པའི་ཕྱིར། སངས་རྒྱས་རང་གི་གནས་ཚུལ་དེ་ལྟ་བུ་གོ་དགོས། རང་རེའི་བློ་ངོར་རགས་པར་བཤད་པ་ཆ་མེད་ཀྱི་གཅིག་མིན་ཏེ་ལྡོག་ཆ་ཀུན་གྱི་བདག་ཉིད་ཅན་དང་དུ་མ་མ་གྲུབ་སྟེ་ངོ་བོ་གཅིག་ལས་མ་འདས་པས་མཐའ་གཉིས་དང་བྲལ་བའི་རང་བཞིན་ཞེས་ཀྱང་བྱའོ། །བཞི་བ་ནི། མ་ལུས་མི་ལུས་སོགས་ནས་རང་བཞིན་ཏེ་ཞེས་པའི་དོན་ཁམས་གསུམ་དུས་གསུམ་གྱིས་བསྡུས་པའི་འཁོར་བའི་སྔར་


MLP020_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཚོགས་སྒྱུ་དྲྭ་ཞེས་པའི་ཆོས་ཐམས་ཅད་ཀྱང་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་ལས་རང་བཞིན་ཕྱི་རོལ་དུ་གྱུར་པ་མེད་ཅིང་འཁོར་འདས་རང་བཞིན་དག་པ་བདེན་གཉིས་དེ་དག་ལ་རྒྱལ་བ་དྲུག་པའི་དགོངས་པ་དེ་ལས་མ་གཡོས་མི་གཡོ་གཡོ་བ་མེད་པའི་རྟག་ཁྱབ་ཏུ་བཞུགས་པ་སྟེ་རང་བཞིན་ལ་དག་པ་འདྲ་མཉམ་པའི་འཁོར་འདས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་བཞུགས་ན་དུས་གསུམ་གང་དུའང་བཟང་ངན་འདུ་འབྲལ་མེད་པའི་རང་བཞིན་ནམ་ཐ་དད་མེད་པ་ཞེས་ཀྱང་བྱའོ། །གཉིས་པ་ངོ་བོ་ལའང་བཞི་སྟེ། སྟོན་པ་ཀུན་ཏུ་བཟང་པོའམ་རིགས་དྲུག་པ་ཉིད་སྐུ་གསུམ་གྱི་བདག་ཉིད་ཡིན་པའི་དོན་རྟགས་སམ་བརྡ་རྟགས། ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས། ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས། རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་སོ། །དང་པོ་ལའང་ཆོས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་རྒྱུད་ལས་སྐུ་མདུན་དང་རྒྱབ་སོགས་ཀྱི་དོན་སྐུ་མདུན་དང་རྒྱབ་མེད་པར་ཕྱོགས་ཐམས་ཅད་དུ་ཐལ་ལེར་ཆུ་སྣོད་གར་ཡོད་དུ་ཟླ་གཟུགས་ལྟར་རིས་མེད་དུ་གཟིགས་པ་དང་། མཚན་དང་དཔེ་བྱད་ལྡན་པ་ཞེས་པའི་དོན་ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་འཁོར་རྣམས་གཙོ་བོའི་ཐུགས་ཀྱི་ཡེ་ཤེས་མཚོན་པས་མཚན་དཔེ་དང་འཁོར་དུ་བཞུགས་པས་རྒྱན་དུའང་འགྲོ་ མཚན་དཔེའི་ཡོན་ཏན་མཐར་ཐུག་པ་དང་ལྡན་པ་དང་། བསམ་གྱིས་མི་ཁྱབ་ནས་ཀུན་ཏུ་སྣང་བར་གྱི་དོན་སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སུ་སྐུའི་བ་སྤུའི་སྒོ་རེ་རེ་ལས་ཀྱང་སྐྱེ་བ་སྤྲུལ་སྐུ་སོགས་སྤྲུལ་པ་དཔག་ཏུ་མེད་པ་ཕྱོགས་བཅུར་སྤྲོ་བའོ། །ལོངས་སྐུ་གངས་ཆེན་མཚོས་རིགས་དྲུག་གི་ཞིང་སྤྲུལ་པར་གསུངས་པ། སྣང་གཞིའི་སྣོད་བཅུད་སྤྲུལ་པ་ཡེ་སྣང་དག་པ་ཡིན་པ་དང་། སེམས་ཅན་སོ་སོའི་ལས་སྣང་ལས་གྲུབ་པ་གཉིས་མི་འགལ་ཏེ། དཔེར་འཁོར་སྒྱུར་རང་ཉིད་ཀྱི་ལས་དང་། འཁོར་དབང་སོ་སོའི་ལས་ཐུན་མོང་གིས་འཁོར་སྒྱུར་འབྱུང་བ་བཞིན་ནོ། གཉིས་པ་ནི། ཐབས་དང་ཤེས་རབ་སོགས་ཀྱི་དོན། ཉན་རང་ལས་འཕགས་པའི་ཁུར་ཁྱེར་ཐབས་སྙིང་རྗེ་ཆེན་པོ་དང་ཀུན་རྫོབ་ཀྱི་སྣང་ལྡོག་ཙམ་ཡང་མི་དམིགས་པའི་ཤེས་རབ་ཀྱིས་མི་གནས་མྱང་འདས་ལ་བཞུགས་པ་ཐུན་མོང་དང་འདིར་འོད་གསལ་དང་དེའི་རང་གདངས་ཏེ་ལྷག་པའི་བདེན་གཉིས་ཀྱི་རྟོགས་པས་དབྱིངས་ལས་གཡོ་བ་མེད་པའི་བརྡར་ཡབ་ཡུམ་གཉིས་ཀ་བཞུགས་པའི་རྣམ་པ་མཚུངས་པར་སྐྱིལ་ཀྲུང་དུ་བཞུགས་ནས་ཡབ་དོན་གཉིས་མཐར་ཕྱིན་པའི་བརྡར་བསྡོམ་པའི་སྐྱིལ་ཀྲུང་ངམ་རྫོགས་པའི་སྐྱིལ་


MLP020_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་། ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་ཀྲུང་གིས་གཡོན་ནས་འཁྲིལ་བའོ། །གཞན་ཡང་རིགས་ལྔ་ཞབས་གཡོན་ཕྱི་མར་བྱས་པ་དེ་མཉམ་པའི་སྐྱིལ་ཀྲུང་དང་། སེམས་དཔའ་གཡས་བརྐྱང་པའི་སེམས་དཔའི་སྐྱིལ་ཀྲུང་དང་། སེམས་མ་གཡོན་བརྐྱང་བའི་སྐྱིལ་ཀྲུང་ངམ། ཀུན་ཏུ་བཟང་མོ་དཀྱིལ་འཁོར་དུ་འགོད་སྐབས་ཤར་ཕྱོགས་སུ་ཞབས་སོ་སོར་ཕྱེས་ཏེ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའོ། གསུམ་པ་ནི། ཡེ་ཤེས་དྲུག་གི་སོགས་ཀྱི་དོན་ཆོས་དབྱིངས་སོགས་བྱེ་བྲག་གི་ཡེ་ཤེས་ལྔ་དང་སྤྱི་ཆ་ཅན་རང་བྱུང་གི་ཡེ་ཤེས་ཆོས་དབྱིངས། མེ་ལོང་། མཉམ་ཉིད་གཡས་གསུམ། རང་བྱུང་། སོར་རྟོགས། བྱ་གྲུབ་གཡོན་གསུམ་དང་དྲུག་བརྙེས་པའི་རྟགས་སུ་ཕྱག་དྲུག་དང་། ཕྱག་དེ་དང་དེས་ཞི་སོགས་ལས་རབ་འབྱམས་ཀྱིས་འགྲོ་དོན་མཛད་པའི་རྟགས་སུ་རྡོ་རྗེ་ལ་སོགས་པའི་མཚན་མ་དྲུག་འཛིན་པའོ། །བཞི་པ་ནི། སྤྱིར་དམིགས་རྐྱེན་ཡུལ་དང་། འབྲས་བུ་ཤེས་པ། དེ་གཉིས་ཀྱི་ངོ་བོ་ཅན་གྱི་བྱ་བ་གསུམ་རང་བཞིན་མེད་པའི་སྒོ་གསུམ་དང་། འདིར་ལྷག་བདེན་དོན་དམ་སྨོན་བྱ་སྨོན་བྱེད་ཀྱི་སྨོན་པ་མེད་པ། ལྷག་བདེན་ཀུན་རྫོབ་མ་དག་པའི་ཆོས་ཀྱི་མཚན་མ་མེད་པ། དེ་གཉིས་ཀྱང་ཟུང་འཇུག་ངོ་བོ་སྟོང་པ་སྟེ་གསུམ་ཡིན། རྫོགས་ཆེན་རང་ལམ་གྱི་སྒོ་གསུམ་ཡང་ཡོད་དོ། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་སོགས་ཀྱི་དོན་སྐུ་གཟུགས་རྡུལ་གྱིས་སྟོང་པ་ཉིད། གསུང་སྒྲ་རྡུལ་གྱིས་མཚན་མ་མེད་པ་དང་། ཐུགས་ཉན་རང་ལྟར་རྩོལ་བའི་སྨོན་པ་མེད་པ་སྟེ་སྐུ་གསུམ་པོ་དབྱེར་མེད་པའི་རྟགས་སུ་དབུས་མཐིང་གཡས་དཀར་གཡོན་དམར་བའི་ཞལ་གསུམ་མངའ་བའོ། །འཁོར་ཕུན་ཚོགས་ལ། ཞིང་གཅིག་ལ་ལྷན་ཅིག་པ་དང་། མ་དག་པའི་ཞིང་དུ་སྟོན་པ་དྲུག་པའི་རྒྱུད་གསུངས་པ་དང་སྤྲུལ་པ་སོགས་དང་འཁོར་གྱི་གླེང་བསླང་བས་གོ་ཕྱེ་བའི་འཁོར་གཉིས། དང་པོ་ལ་སྟོན་པ་རིགས་དྲུག་པའི་རང་བཞིན་བདུན་པོ་འདྲ་མཉམ་དང་ཁ་སྦྱོར་བདུན་ལྡན་དུ་འཁོར་རྣམས་ལ་སྣང་བའི་སྟོན་པ་རིགས་ལྔ་ནི་རང་བཞིན་གཉིས་སུ་མེད་པའི། སྟོན་པ་དྲུག་གི་ཐུགས་རིག་པ་ཡེ་ཤེས་ཀྱི་ཆ་ཤས་སམ་ཁྱད་པར་སོ་སོས་རང་སྣང་དང་འཁོར་གཞན་གྱི་ངོར་སེམས་ཀྱི་རྣམ་པར་སྣང་བས་ན་རིག་པ་ཁྱད་པར་ཅན་གྱི། དད་པས་དགོངས་བརྒྱུད་ཀྱི་གཏམ་ཉན་པའི་འཁོར་རོ། །དང་པོ་ནི། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་སོགས་ཀྱི་དོན། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་སོགས་རྒྱལ་བ་རིགས་ལྔ་སྟེ་དཀྱིལ་འཁོར་གཙོ་བོ་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་པ་འདི་ལ་ཀུན་མཁྱེན་ཆེན་པོས་རྣམ་པར་སྐུ་རིགས་སམ་དེ་བཞིན་གཤེགས་རིགས་སྣང་མཛད་ཡིན་པའི་སྒྲུབ་བྱེད་མང་དུ་འགོད་པར་མཛད་ལ།


MLP020_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་པ་སྔ་ཕྱི་ནི་གླང་ཆེན་རབ་འབོག་གི་རྒྱུད་དང་། ཉི་འོད་སེང་གེའི་འགྲེལ་བ་དང་། རྡོ་རྗེ་ལས་རིམ་སོགས་ཀྱི་ཁུངས་ལ་བརྟེན་ནས་སྒྲུབ་པའི་དུས་ཀྱི་གཙོ་བོ་མི་བསྐྱོད་པར་བཞེད་དེ། གཏེར་བདག་གླིང་པ་སྐུ་མཆེད་སོགས་ཀྱང་ཕྱི་མའི་རྗེས་སུ་འབྲང་ངོ་། །མི་བསྐྱོད་པ་ཐུགས་རིགས་ཡིན་པ་དང་རྣམ་སྣང་སྐུ་རིགས་བཞེད་པ་མཐུན་ཡང་ཡེ་ཤེས་དང་ཡུམ་དཀྱིལ་འཁོར་གཙོ་བོ་བཞེད་ཚུལ་མི་མཐུན། སྤྱིར་རིགས་ལྔ་འདི་དག་བཤད་རྒྱུད་ཐལ་བ་ལས། དཀྱིལ་འཁོར་འཁོར་ལོའི་ལྟེ་བར་མི་འཇིགས་སེང་ཁྲིའི་སྟེང་། རིགས་ཐམས་ཅད་ཀྱི་བདག་པོ་ཀུན་བཟང་བཞུགས་ནས་འཁོར་རྣམས་ལ། །བསྟན་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཀུན་འབྱུང་སྒྱུ་འཕྲུལ་འདི་ཉིད་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་པ་ལྟར་རྒྱུད་དམ་ཆོས་གསུངས་པའི་སྐབས་ཀྱི་རིགས་དྲུག་པ་ཀུན་ཏུ་བཟང་པོ་རྒྱུད་ཀྱི་སྟོན་པར་བཞེངས་པ་ལ་ལྟོས་ཏེ་རིགས་ལྔ་པོ་འཁོར་དང་། སྤྱིར་རྒྱལ་སྲས་རྒྱུད་ཐ་དད་སོགས་ལ་འཆད་པའི་སྐྱེས་བུ་རིགས་ལྔ་ཞེས་དང་དཀྱིལ་འཁོར་བཀོད་པའི་ཚུལ་དུ་གྲགས་པ་ལྟར་སྟོན་པའང་ཡིན་པས་སྟོན་འཁོར་གཉིས་ཀའི་གཞི་མཐུན་ནོ་འཇོག་རུང་སྟེ་དགོངས་པ་དབྱེར་མེད་ཡིན་པས་སོ། །གཉིས་པ་ནི། བཤད་རྒྱུད་རྒྱ་མཚོ་ལས། ཕུང་ལྔ་རིགས་ལྔ ། འབྱུང་ལྔ་ཡུམ་ལྔ། ཐུགས་ཡེ་ཤེས་ལྔ་སོགས་ཆ་ཅན་ལས་ཤར་བར་བཤད་ལ་དེ་བཞིན་ཐུགས་བྱེ་བྲག་ཀྱི་ཁྱད་པར་ལས། །རང་སྣང་གི་འཁོར་ལ་རྒྱལ་བ་སེམས་སོགས་དང་། །ཞེས་པ་ལྟར་སྟོན་པའི་ཐུགས་རིག་པ་ལམ་དུས་ན་རིམ་གཉིས་ཀྱི་ལམ་ལ་སློབ་སྐབས་སུའང་སྦྱང་བྱ་མ་དག་པའི་ཕུང་ཁམས་སོགས་ཀྱི་ཆོས་ཅི་སྙེད་ཡོད་པ་དང་རྣམ་པ་བརྟུན་ཏེ་སྦྱོང་བྱེད་བསྐྱེད་རིམ་གྱི་སྐབས་སུའང་། ལྷ་རིགས་ལྔ་སོགས་མང་པོར་བསྐྱེད་ཅིང་བཅོས་མའི་རྫོགས་རིམ་སྐབས་སུ་མ་བཅོས་ཀྱང་རྩ་ཐིག་སོགས་ལ་གནད་དུ་བསྣུན་སྟོབས་ཀྱིས་མ་དག་པའི་ཕུང་ཁམས་སྦྱངས་ཤིང་དག་པའི་སྐུ་འགྲུབ་པའི་སྔགས་ལམ་ཀྱི་ཡེ་ཤེས་དེ་མཐར་ཕྱིན་པ་འབྲས་བུའི་དུས་ནའང་མ་དག་པའི་ཆོས་ཀྱི་གྲངས་དང་མཐུན་པར་དེའི་མིང་གིས་སྨོས་པའི་རིགས་ལྔ་སེམས་དཔའ་སོགས་ལྷ་མང་པོའི་རྣམ་པར་སྤྲུལ་ཞིང་ཤར་བ་ཡིན་ཞེས་གོ་དགོས་ཀྱི་ཁྱད་པར་ལས་རང་སྣང་བའི་ཕྱིར་རིག་པ་ཁྱད་པར་ཅན་གྱི་འཁོར་ཞེས་བྱ་སྟེ། དེ་ལའང་རྡོ་རྗེ་མཐོང་བ་མིག་ཤེས་དག་པ་ས་སྙིང་དང་། མཐོང་བར་བྱ་བ་གཟུགས་དག་པ་སྒེག་མོ་མ་སོགས་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། རྡོ་རྗེ་རེག་པ་དང་། རྟག་པར་མ་ཡིན་པ་སོགས་འཇོམས་བྱེད་ཁྲོ་བོ་ཡབ་ཡུམ་བརྒྱད་དེ། སངས་རྒྱས་ཀྱི་སས་བསྡུས་


MLP020_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་ཡུལ་སོགས་ངོ་བོ་ཐ་དད་མེད་ཀྱང་ངོ་བོ་བྱེད་པ་ནུས་པ་ཐམས་ཅད་རོ་མཉམ་རྡོ་རྗེའི་སྐུ་ཡིན་ཀྱང་སྔར་མ་དག་པའི་ཕུང་པོ་ལྔ་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་ཀྱི་དག་པའི་ལྡོག་ཆ་སོ་སོ་ལ་ཕུང་ཁམས་ཀྱི་མིང་ལས་གཤེགས་པ་གཤེགས་མ་དང་སེམས་དཔའ་ཡབ་ཡུམ་སོགས་ཆ་ཅན་དང་ཆ་ཤས་ཀྱི་ལྡོག་ཆ་ཐ་དད་ལས་ཐ་དད་དུ་སྤྲུལ་པར་ཤེས་པའི་ཆེད་དུ་རྩ་རྒྱུད་དུ་ཕུང་ཁམས་སོགས་ཀྱི་མིང་གིས་ལྷ་ལ་བཏགས་པའོ། །རྒྱལ་བ་སེམས་དཔའ་དེ་དག་ནི་མ་འོངས་པའི་རྗེས་འཇུག་རྣམས་ཀྱིས་ལེའུ་དང་པོར་བསྟན་པའི་གླེང་གཞི་དང་མཐུན་པར་ཞི་བའི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་དབང་དུ་མཛད་ནས་རྒྱུད་ཚིག་གིས་དངོས་སུ་བསྟན་པའི་འཁོར་རྣམས་ཡིན་གྱི། ཀུན་མཁྱེན་གྱིས་རང་སྣང་འོག་མིན་དུ་རྒྱུད་ཐ་དད་པའི་འཁོར་མེད་པར་གསུངས། དེ་ལ་གཟུགས་སྐུ་མིན་པའི་སྐྱོན་སྤང་ཆོས་ཉིད་བར་དོ་ལྟར་རང་སྣང་ཡིན་ཀྱང་གཞན་སྣང་གི་སྤྲུལ་གཞི་ཡིན་པའི་ཕྱིར་ཞེས་སྐྱོན་སྤོང་མཛད་ཀྱང་རྗེ་སྒྲོ་ཕུག་པ་དང་ཉེ་སྟོན་སོགས་ཀྱི་བཞེད་པ་ལྟར་སྟོན་པ་ལས་རྒྱུད་གཞན་དུ་གྱུར་པའི་འཕགས་པ་སློབ་པ་ཡང་འབྲས་དབང་ཞུ་དགོས་པའི་མཐར་ལམ་པ་མཐའ་ཡས་པ་ཞིག་ལྷན་ཅིག་པའི་འཁོར་ལ་ཡོད་དགོས་ཏེ། དེ་ལྟ་མ་ཡིན་ན་ལེའུ་གཉིས་པར་སྟོན་པས་འཁོར་ལ་གླེང་བ སླང་ཟབ་དབང་བསྐུར་ནས་རྟོག་པའི་སྣང་གསུམ་གྱི་དྲི་མ་བསལ་བར་གསུངས་པ་མི་འགྲིགས་པའི་ཕྱིར་རོ། །གསུམ་པ་ནི། བི་མའི་ཁོག་གཞུང་ལས། དད་པས་ཉན་པའི་ལྷ་ཆེན་རྣམས། །ཞེས་པ་ལྟར། ཕྱིའི་འཁོར་ཡུག་ལ་གནས་པར་བཤད་པས་འཇིག་རྟེན་པའི་ཕྱོགས་སུ་བསྡུས་ནའང་། དོན་ལ་མགོན་པོ་རྣམས་སྤྱན་རས་གཟིགས་དང་རྟ་མགྲིན་གྱི་སྤྲུལ་པ་ཡིན་པར་བཤད་པ་ལེགས་ལྡན་ལངྐའི་བདག་པོ་མ་ཧཱ་དཱེ་ཝ་ལ་སོགས་དེའི་བཀའ་འཁོར་སྡེ་རིས་སུ་གཏོགས་པའི་ལྷ་ཆེན་པོ་རྣམས་སོ། །འདི་དག་ཀྱང་ཚུལ་དེ་ལྟར་ན་དགོངས་པ་གཅིག་གོ །གཉིས་པ་ནི། འདི་ལ་གོ་ཕྱེ་བའི་འཁོར་ཟེར་དོན་རྒྱུད་ཞུ་བ་པོས་གདུལ་བྱ་འདི་ལྟ་བུའི་དོན་དུ་དགོངས་ཏེ་ཞུས་ཤིང་འཆད་པ་ཡིན་པས་ཞུ་འཆད་ཀྱི་གོ་སྐབས་ཕྱེ་བའི་འཁོར་ཞེས་བྱ། སྔགས་ལ་དད་དང་མོས་པ་ཆེས་ཆེ་བའི་གདུལ་བྱ་ལྔ་ལས་ནོར་བུ་ལྟ་བུའི་དབང་རྣོན་སྐལ་བ་དང་ལྡན་པ་དམ་པའི་རིགས་ཅན་དྲྭ་མ་ལྔ་ལྟ་བུ་རྣམས་ཏེ། འདི་དག་འོག་མིན་དུ་ཚོགས་པའི་འཁོར་མིན་ཡང་འདི་ལྟ་བུའི་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པས་དངོས་སུ་མཆོག་སྤྲུལ་གྱིས་གསུང་སྟེ་མཐར་གདུལ་བྱ་དངོས་སུ་གྱུར་པས་ན་རྡོ་རྗེ་སེམས་དཔའི་འཁོར་དུ་སྨོས་སོ། །


MLP020_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཕུན་སུམ་ཚོགས་པ་ནི། མ་ཧཱའི་ཨ་ཏི་གཉིས་མེད་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་དང་། དུས་ཕུན་ཚོགས་ནི། འོག་མིན་དུ་གླེང་གཞིའི་སྟོན་འཁོར་སོགས་ཚོགས་པའི་རྟག་པ་རྒྱུན་གྱི་དུས་སོ། །མ་ཚོགས་པའི་དུས་མི་སྲིད་པའི་ཕྱིར་རོ། གཉིས་པ་ལའང་ཕུན་སུམ་ཚོགས་པ་ལྔ་ལས་གནས་ནི། གསལ་བའི་ཆ་འབར་བའི། སྟོང་པའི་ཆ་དུར་ཁྲོད། དུར་ཁྲོད་ནི་རོའི་ཁྲོད་ཀྱི་དོན་ཡིན་ལ། རོས་དོན་བྱེད་མི་ནུས་པ་ལྟར་དབྱིངས་ལ་གནས་ན་རྟོག་པས་དོན་བྱེད་མི་ནུས་པས་དུར་དང་། དབྱིངས་མཐའ་མེད་དུ་ཁྱབ་པས་ཁྲོད་ཅེས་བྱའོ། ཆེན་པོ་ཤིན་ཏུ་འཇིགས་པའི་རྒྱན་ཆས་ཀྱིས་སྤྲས་པར་རོ། །སྟོན་པ་ནི་མདོ་དགོངས་འདུས་སམ་ཀུན་འདུས་རིག་པའི་མདོ་ལས། གཤིན་རྗེ་སྲིན་པོའི་རིགས་སྦྱོར་བ་ཤིན་ཏུ་གདུག་ཅིང་སེམས་ཞེ་སྡང་སོགས་གཏུམ་པ་མཆོག་གི་སྤྲུལ་སྐུས་ཀྱང་ཉོན་མོངས་རགས་པའི་གདུལ་བྱ་དགའ་བོ་སོར་ཕྲེང་སོགས་ཐབས་ཀྱིས་འདུལ་བ་ལྟར་ཉོན་མོངས་རགས་ཤིང་དབང་པོ་རྣོ་བ་དག་ལ་ཐབས་ཞི་བས་ཕན་པར་མི་འགྱུར་ཏེ། ཐུན་མོང་སྟོང་ཉིད་སྙིང་རྗེ། ཐུན་མིན་བསྐྱེད་རྫོགས་སོགས་བདེན་གཉིས་ལ་ཟེར་བས་ཤེས་རབ་ཐུགས་དང་ཐབས་སྐུ་ལ་བྱེད་དེ་སྐུ་ཐུགས་ཟུང་འཇུག་གི་ཕྱག་རྒྱའམ། ཡང་ན་སྟོང་པ་ཡུམ་དང་ཐབས་ཡབ་སྟེ་ཡབ་ཡུམ་ཟུང་འཇུག་གི་ཕྱག་རྒྱ་ཤེས་རབ་ཐབས་ཀྱི་རང་གདངས་ཀྱི་ཕྱག་རྒྱ་ཞི་བའི་སྐུ་ལས། ཁྲོ་བོའི་ཟུང་འཇུག་གི་ཕྱག་རྒྱར་དེ་བཞིན་གཤེགས་པ་ཀུན་གྱིས་བསྐྱེད་པར་རམ་སྤྲུལ་པར་མཛད། །ཅེས་པ་ལྟར། ཁྲོ་བོ་ནི་གདུལ་བྱ་འདུལ་བའི་ཐབས་ཀྱི་ཕྲིན་ལས་ཁོ་ནས་སྣང་བ་ཡིན་པས། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མྱུར་བའི་ཕྱག་རྒྱའི་ཁྲོ་བོ་སྟེ། དེ་ལའང་དྲང་སྲོང་ཁྲོས་པའི་ལྷུ་ཚིགས་རིང་ལ་ཕྲ་བ་བདེ་མཆོག །གསང་འདུས་སོགས་དང་། མིའུ་ཐུང་བྱིས་པའི་དང་གནོད་སྦྱིན་ཁྲོས་པ་ཁྲོ་བོ་གུར་མགོན་དང་ལྷུ་ཚིགས་སྦོམ་ཞིང་ཟླུམ་པ་ཕྱག་རྡོར་སོགས། སྲིན་པོ་ཁྲོས་པ་རྡོ་རྗེ་གཞོན་ནུ་སོགས་དང་། གཤིན་རྗེ་ཁྲོས་པ་དཔལ་ཆེན། རིང་ཐུང་ཕྲ་སྦོམ་མཚམས་པ་བཀའ་བརྒྱད་ཁྲག་འཐུང་འབར་བའི་སྐུ་ལྟ་བུ་སྟེ་རྔམས་བརྗིད་ཀྱི་ཆ་བྱད་གསུམ་ལས་རུ་ཏྲ་འདུལ་བའི་སྟོན་པ་ཕྱི་མ་ཁྲོ་བོ་ལ་ཤ་ཉམས་ལྕགས་ཉམས་རུས་ཉམས་ཀྱིས་ཁྲོས་པ་སོགས་ཁྲོ་ཚུལ་ཡང་འདིར་རུས་པའི་གཏིང་ནས་ཤིན་ཏུ་ཁྲོས་པའི་འཇམ་དཔལ་རྔམས་བརྗིད་ཀྱི་ཁྲོས་པའམ་སྲིན་པོ་ཁྲོས་པའོ། །འཁོར་ལ་གདུལ་བྱ་དང་འདུལ་བྱེད་ཀྱི་འཁོར་གཉིས་ཀྱི་དང་པོ་ནི། རུ་ཏྲ་འཁོར་དང་བཅས་པ་སྟེ། རུ་ཏྲ་དེའང་འདིར་བསྟན་གྱི་རུ་ཏྲ་འདི་གནས་ཚོད་ལ་སྤྲུལ་པ་ཡིན་པར་བཤད་ཀྱང་། སྣང་ཚོད་ལྟར་ན་སྔོན་རུ་ཏྲ་ཐར་


MLP020_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནག་པོ་ཞེས་སྟོན་པ་ཐུབ་དཀའ་གཞོན་ནུའི་དྲུང་ན་སྔགས་ཀྱི་བསྐྱེད་རིམ་ཕོག་པ་ཡིན་ནའང་། སྟོན་པས། ཇི་བཞིན་ཉིད་དེ་སོགས་གབ་པའི་གསང་བ་རྟོགས་ན། དངོས་པོ་བཞི་ཞེས། ལུས་ཀྱི་གསུམ་གྱི་སྟེང་། ངག་གི་བཞི་གཅིག་ཏུ་བགྲངས་པའི་དེ་བཞི་ལ་སྤྱད་ཀྱང་མི་གོས་པར་གསུངས་པ་ལས་འཁྲུལ་ཏེ་སྐྱོན་གྱིས་མི་གོས་པར་རློམས་ནས་སངས་རྒྱས་ཀྱི་རིག་སྔགས་སྔགས་ཀྱི་དེ་ཉིད་མི་ཤེས་བཞིན་དུ་ར་ལ་ར་ལ་སོགས་དྲག་པོ་བཟླས་ཤིང་། དེ་ལྟ་བུའི་སྔགས་ཀྱི་ལྷ་བསྒོམས་ཀྱང་ལྷ་སྔགས་ཀྱི་དེ་ཉིད་མ་ཤེས་པས་གབ་པའི་གསང་བ་ལྟ་བ་ཟབ་མོའི་གནད་ཀྱིས་མ་ཟིན་པར་ལྷ་རང་རྒྱུད་པར་བསྒོམས་ཅིང་སྦས་པའི་གསང་བ་ལ་སྤྱད་པས་དམ་ཚིག་ཉམས་པའི་ཆད་པས་ངན་འགྲོ་བརྒྱུད་པའི་མཐར་སྔོན་རིག་སྔགས་ལ་སྤྱད་པས་ལས་ཀྱི་སྲིན་པོ་རིག་སྔགས་ཀྱི་མཐུ་ཅན་གཙང་མ་འཕགས་པའི་གནས་ལྔ་མ་གཏོགས་པའི་འདོད་གཟུགས་ཀྱི་ཁམས་ཐམས་ཅད་སྔར་སྔགས་ཀྱི་གཟུགས་བརྙན་གྱི་སྔགས་ཀྱིས་དབང་དུ་བསྡུས་ཤིང་མཐོང་ཐོས་ཀྱི་འཇིག་རྟེན་ནད་སྣ་ཚོགས་སོགས་ཀྱིས་ཕུང་བར་བྱེད་པ། ལས་འདྲ་བར་བསགས་པའི་གདུག་ཅིང་གཏུམ་པའི་འཁོར་ཕོ་བྱུང་ཉེར་བརྒྱད། མོ་བྱུང་ཉེར་བརྒྱད། ཡང་འཁོར་དྲེད་མོང་ལག་བརྡེབ། འཕར་བ་རྐང་བརྡེབ། བྱ་གཤོག་བརྡེབ་སོགས་ཐམས་ཅད་རང་འདྲའི་གནོད་ཚབ་ཆེ་བ་མང་པོ་དང་ལྡན་པར་གྱུར་པའོ། །གཉིས་པ་ནི། ཁྲག་འཐུང་རིགས་བཞིའི་ཚོགས་དང་། སྲས་མོ་ཉི་ཤུ་སྟེ། དབང་ཕྱུག་ཉེར་བརྒྱད་ནི་ལྷ་ཆེན་སོགས་ཀྱི་ཆུང་མ་ཡིན་པས་གདུལ་བྱ་དང་ཁྲག་འཐུང་རིགས་ལྔའི་སྦྱོར་ཡུམ་དང་སྲས་མོ་ཉི་ཤུ་བསྐྱེད་པའི་མ་ཡིན་པས་འདུལ་བྱེད་ཀྱི་འཁོར་གཉིས་ཀར་གཏོགས་ཞེས་གསུང་ངོ་། །བསྟན་པ་ནི། ཕོ་རྒྱུད་རྣམས་ལ་སྒྲོལ་བ་དང་། མོ་རྒྱུད་ལ་སྦྱོར་བའི་སྒོ་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བསྟན་པས་སྦྱོར་སྒྲོལ་གཉིས་སོ། །དུས་ནི། སྔགས་ཀྱི་གདུལ་བྱ་གདུག་པ་ཅན་འདུལ་བའི་དུས་ལ་བབ་པ་ནའོ། །གསུམ་པ་ལའང་ལྔ་ལས། གནས་ནི། དེ་བཞིན་གཤེགས་པས་སྔོན་སློབ་ལམ་དུ་བསྐལ་པ་འདི་ལྟ་བུར་སངས་རྒྱས་འདི་ལྟ་བུ་ཞིག་ཏུ་གྱུར་ཅིག་ཅེས་སྨོན་ལམ་གྱིས་ཇི་ལྟར་བཟུང་བ་བཞིན་གྲུབ་པའི་ཞིང་དངོས་ལོངས་སྐུའི་ཞིང་ཡིན་ཀྱང་སེམས་ཅན་འཁྲུལ་བའི་དབང་གིས་མ་དག་པར་སྣང་བ་སྤྲུལ་སྐུའི་ཞིང་སྟེ་སྤྲུལ་སྐུའི་ཞིང་འདི་དང་སྦྱར་ན་གླིང་བཞི་བྱེ་བ་ཕྲག་བརྒྱའི་བདག་ཉིད་མཛད་པ་བཅུ་གཉིས་ཀྱི་ཚུལ་དུས་མཉམ་མཛད་པའི་ཞིང་དང་། སྤྱིར་སྟོང་གསུམ་གཞན་དང་གཞན་གྱི་གླིང་བཞི་བྱེ་བ་ཁྲག་ཁྲིག་དུ་


MLP020_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་ལྡན་པའི་སྤྲུལ་སྐུའི་ཞིང་ན་ལ་ལར་བལྟམས་པ་དང་ལ་ལར་མྱ་ངན་འདའ་བ་སོགས་མ་ངེས་པར་སྟོན་པ་ཡང་ཡོད་དོ། །སྟོན་པ་ནི། བསྟན་པ་འདིའི་དབང་དུ་བྱས་ན་ཤཱཀྱའི་ཟས་གཙང་གི་སྲས་སམ་རང་ཉིད་ཀྱང་རྒྱལ་སར་བཞུགས་ཚུལ་བསྟན་པས་རྒྱལ་པོ་སྟེ། གདུལ་བྱ་རིགས་དྲུག་ལ་ལྟོས་ཏེ་གཙུག་ཏོར་མཛོད་སྤུ་ཐུགས་ཀ་སོགས་ལས་འོད་ཟེར་སྤྲོས་ཏེ། དམྱལ་བའི་སེམས་ཅན་རྣམས་ཞེ་སྡང་བྲལ་བའི་བྱམས་པའི་ཏིང་ངེ་འཛིན་ལ་བཀོད། ཡི་དྭགས་རྣམས་སེར་སྣ་ཆགས་འཛིན་ལྡོག་སྟེ་སྦྱིན་པ་རྣམ་བཞིའི་ཉམས་ལེན་ལ་བཀོད། དུད་འགྲོ་ལ་སེང་གེ་རལ་པ་ཅན་གྱི་ཕྱག་སོར་ལས་སེང་གེ་དུ་མར་སྤྲུལ་ནས་སྲོག་གཅོད་སྤང་བའི་སྡོམ་པ་སྦྱིན་པ་སོགས་མདོ་སྡེ་ཟ་མ་ཏོག་ལས་གསུངས་པའི་སྟོན་པ་བུམ་པའི་ལྡོག་པ་བཞིན་ངོ་བོ་གཅིག་ལ་ལྡོག་ཆ་ཐ་དད་པའི་སྒོ་ནས་ཐུབ་པ་དྲུག་ཏུ་བཞུགས་སོ། །གཞན་ཡང་། དམྱལ་བ་དང་ཡི་དྭགས་ཀྱི་འགྲོ་བ་ལ་རྣམ་པ་གཞན་གཤིན་རྗེའི་རྒྱལ་པོ་དང་། དུད་འགྲོ་ཁ་ཅིག་ལ་རི་དྭགས་དབང་པོ་རུ་རུ། སྤྲེའུ། རྟ་ཅང་ཤེས་སོགས་རིགས་མཐུན་གྱི་སྐྱེ་བ་སྤྲུལ་སྐུའི་གཟུགས་དང་། ལྷ་ལྟ་བུ་འགའ་ལ། ཐུན་མོང་དུ་བྱ་རྒོད་སྤུང་རིར་བཀའ་བར་པ་གསུངས་པ་དང་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་སོགས་ཞི་ཁྲོའི་དཀྱིལ་འཁོར་དུ་མ་བཀོད་ནས་དེ་དང་དེའི་སྐུར་བཞེངས་པའི་མཚན་དཔེས་སྤྲས་པའི་སངས་རྒྱས་ཀྱི་སྐུར་སྤྲུལ་པའི་གཟུགས་དང་། ལྷ་མི་འགའ་ལ་མཛད་པ་བཅུ་གཉིས་ཚུལ་ཅན་གྱི་མཆོག་གི་སྤྲུལ་སྐུ་དངོས་ཀྱིས་མཛད་པ་བཅུ་གཉིས་ཐུན་མོང་གིས་འདུལ་བ། དཀའ་སྤྱད་དུས་ཐུན་མིན་དུ་ལྷ་ཀླུ་མི་གསུམ་ལ་སྔགས་བསྟན། མངལ་ཞུགས་སྐབས་ལྷ་རྣམས་སྨིན་པར་མཛད་པ་སོགས་སངས་རྒྱས་ཀྱི་སྨིན་མ་གཡོ་བ་ཚུན་ཆད་སེམས་ཅན་ཀྱི་དོན་དུ་མི་འགྱུར་བ་མེད་སོགས་མང་དུ་ཡོད་ཀྱང་མཛད་པ་བཅུ་གཉིས་བསྟན་པའི་མཆོག་སྤྲུལ་ཉིད་གཙོ་བོ་དང་སྤྲུལ་པ་ཀུན་གྱི་རྩ་བའི་སྐུ་ཡིན་པས་ལེའུ་དང་པོ་གཉིས་པའི་རྒྱུད་ཀྱི་ཚིག་ཟིན་གཙོ་བོ་སྟོན་པ་དེ་ཡིན་ནོ། །འཁོར་ནི་གཙོ་བོའི་དབང་དུ་བྱས་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་པ་ལྟར་ལྷ་མི་གཉིས། དེའི་ཡང་གཙོ་བོ་ཁྱིམ་པའི་ཕྱོགས་ཀྱི་ཕ་མ་གཉིས་རབ་བྱུང་ཕྱོགས་ཀྱི་ཕ་མ་གཉིས་ཏེ་འཁོར་རྣམ་པ་བཞི་དང་སྤྱིར་དངོས་སུ་གདུལ་བྱར་གྱུར་པའི་འཁོར་འགྲོ་བ་དྲུག་ཀ་ཅི་རིགས་སུ་ཡོད་དོ། །བསྟན་པ་ནི། འདུལ་བ་བཞི་སྟེ་སྐུ་བསོད་ནམས་ཆེན་པོ་གསུང་ཐེག་པ་སྣ་ཚོགས་ཐུགས་མངོན་ཤེས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བའོ། །དེ་ལ་དང་པོ་ནི་མཛད་ཆེན་བཅུ་གཉིས་དང་ལྡན་པའི་སྐུ་བ་སྤུའི་ཁུང་བུ་རེ་རེའི་ཆའང་བསོད་ནམས་བརྒྱ་ལས་གྲུབ་པ་བསྙེན་བཀུར་ཕྲ་མོས་ཀྱང་བསོད་ནམས་


MLP020_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྫོགས་པའི་ཞིང་ཡིན་པས་བསོད་ནམས་ཆེན་པོ་ཞེས་བྱ་སྟེ། དེ་ནི་གསུང་གང་གིས་ཆོས་སྟོན་པའི་རྟེན་ནོ། །ལྷག་མ་གསུམ་ནི། ཆོ་འཕྲུལ་གསུམ་གྱིས་ཆོས་སྟོན་ཚུལ་ཏེ། དང་པོར་རྫུ་འཕྲུལ་གྱིས་ཐོག་མར་འཁོར་མ་ལུས་པ་བསྡུ་ཞིང་འདུས་པ་རྣམས་དད་ཅིང་འདུན་པར་མཛད། དེ་ནས་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་འཁོར་གྱི་སེམས་ལ་གཟིགས་ནས་དབང་པོའི་རབ་འབྲིང་ཐུགས་ཀྱིས་ཀུན་མཁྱེན་པ་ཟེར་ཆོག་སྟེ། དཔེར་ན་ཡིད་ལ་སྔགས་ཀྱི་སྒྲ་སྤྱི་ཤར་བཅུག་པ་ལ་ཡིད་བཟླས་ཟེར་བ་བཞིན་ནོ་བརྗོད་པར་མཛད། དེའི་འོག་ཏུ་གསུང་གི་ཆོ་འཕྲུལ་གྱིས་དང་པོ་བསྟན་པ་གདམས་ངག་དང་ཡང་ཡང་བསྟན་པ་རྗེས་བསྟན་འབོགས་པར་མཛད་པའི་ཆོ་འཕྲུལ་གསུམ་གྱི་རིམ་པ་དེ་ལྟར་ཡིན་པའི་ཕྱིར་རོ་སྙམ་ཞིང་གོ་རིམ་དེ་བཞིན་མི་འབྱུང་བ་ནི་སྔ་མ་བཞིན་སྐུ་གསུང་གཉིས་ཐུགས་ཀྱི་རྟེན། དེ་གསུམ་ཀ་རྫུ་འཕྲུལ་གྱི་རྟེན་ཡིན་པར་དགོངས་སྐུ་གསུང་གཉིས་རྒྱུ་འབྲས་དང་། ཐུགས་དང་རྫུ་འཕྲུལ་གཉིས་རྒྱུ་འབྲས་ཡིན་པ་ལ་དགོངས་སོ། །དུས་ནི་སྨོན་ལམ་རྒྱ་མཚོ་རྫོགས་སེམས་ཅན་རྒྱ་མཚོ་ལྟ་བུའི་རྒྱུད་སྨིན་ཞིང་ཁམས་རྒྱ་མཚོ་ལྟ་བུ་སྦྱང་གསུམ་འཕེལ་ཚད་མཐར་ཐུག་ཏུ་གྲུབ་ནས་སྒྲོན་མའམ་ཕུན་ཚོགས་ལྔའི་སྣང་བ་བཀོད་པའི་དུས་སོ། །ཁྲོ་སྤྲུལ་གྱི་གླེང་གཞི་གཉིས་དེའང་ལེའུ་གཉིས་པ་ལྟར་མཐར་ལམ་པ་ལྟ་བུའི་ལྷན་ཅིག་པའི་འཁོར་རྣམས་འབྲས་དབང་གིས་རྣམ་གཞག་རིམ་པས་བསྟན་པའི་སྤྱིར་ལུས་སེམས་རྟེན་བརྟེན་པ་ཡིན་པས་སེམས་རགས་པ་དབང་ཤེས། ཕྲ་བ་ཡིད། རབ་ཏུ་ཕྲ་བ་སྣང་གསུམ་གྱི་སེམས། ཤིན་ཏུ་ཕྲ་བ་གཉུག་སེམས་འོད་གསལ་དང་། ལུས་ལའང་དེའི་འགྲེས་ཀྱིས་དབང་ཤེས་ཀྱི་བཞོན་པ་རགས་པ་ནས། ཡིད་ཤེས་བཞོན་པ། སྣང་གསུམ་སེམས་ཀྱི་བཞོན་པ། འོད་གསལ་གྱི་བཞོན་པ། ཡེ་རླུང་ཤིན་ཏུ་ཕྲ་བའི་ལུས། དེའང་རླུང་རྟ་དང་འདྲ་བ་བྲལ་ནས་སེམས་རང་མལ་ལྷག་པས་གཡོ་བ་ལྷག་མ་མེད་པའི་སྣང་གསུམ་གྱི་ཤེས་པ་གསུམ་སྣང་བྱེད་ཀྱི་བག་ཆགས་སམ་དུས་འཁོར་ལས་བསྟན་པའི་འཕོ་བའི་བག་ཆགས་ཡེ་རླུང་གི་སྟེང་དུ་རང་རང་འགགས་པའི་དུས་སུ་བཞག་པའི་ཕྲ་མོའི་བདུད་བཅོམ་ནས་སངས་རྒྱས་པ་ན་དེའི་རྟགས་སྣང་མེ་དྲག་ན་དུ་བ་འཕྱུར་དྲག་པ་ལྟར་ཕྱི་རོལ་དུ་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་རྨད་དུ་བྱུང་བས་ཁྲོ་བོའི་ཕུན་ཚོགས་ལྔ་ལྡན་གྱི་གླེང་གཞིར་སྣང་བ་ཡིན་ཞིང་། འདིར་རུ་ཏྲ་ལ་སྤྱིར་སྒོ་གསུམ་གྱི་བག་ཆགས་སོགས་རུ་ཏྲ་དང་། བདག་འཛིན་ལྟ་བུ་ཤེས་པའི་རུ་ཏྲ། མ་དག་པའི་སྣང་བ་ཕྱི་སྣོད་སྤྱི་དང་བྱེ་བྲག་རིགས་དྲུག་གི་སོ་སོའི་གནས་ལྟ་བུ་སྣང་བའི་རུ་ཏྲ། ཐུན་མོང་སྔ་མ་སོ་སོའི་ལས་ལས་བྱུང་བས་ཕྱི་མ་ཐུན་མིན་དང་། གང་ཟག་རུ་ཏྲ་སྤྱི་དང་ཐར་པ་ནག་པོ་ལྟ་བུ་སྟེ་སྤྱི་མཐུན་


MLP020_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལས་ཀྱིས་འཇིག་རྟེན་ཕུང་བྱེད་དུ་གྲུབ་པས་སོ། བྱེ་བྲག་རིགས་དྲུག་གི་གང་ཟག་ལྟ་བུ། གང་ཟག་རུ་ཏྲ་ཐུན་མོང་མིན་པ་རྣམས་ཡོད་པས་གདུལ་བྱའི་རུ་ཏྲ་ལ་གང་ཟག་གིས་ཁྱབ་ཅིང་། དེ་དཔེར་ན་མ་ཏྲཾ་ཁ་ཏྲཾ་ཨ་ཀཪྴ་རུ་ཏྲ་རྣམས་ཀྱང་རིམ་བཞིན་མ་དག་པའི་ལུས་ངག་ཡིད་ལ་གོ་རྒྱུ་ཡིན་པར་གསུངས་སོ། དེར་མ་ཟད་སྤྲུལ་སྐུ་འགྲོ་འདུལ་གྱི་གླེང་གཞིའང་ལེའུ་དང་པོའི་སྐུ་གསུམ་དོན་རྟགས་སྐབས་སུ་སྤྲུལ་སྐུའི་དོན་རྟགས་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་ལོངས་སྐུ་ལས་སྤྲུལ་སྐུ་ངང་གིས་འབྱུང་བ་བཤད་པའི་དོན་དང་། ལེའུ་གཉིས་པའི་སྟོན་པའི་ལན་སྐབས་རྒྱུད་དོན་བསྟན་ཕྱིར་གོ་ཕྱེའི་འ ཁོར་གྱི་ངོར་མོས་པ་དང་འཚམས་པར་སྤྲུལ་པའི་སྤྲོ་བ་སྣ་ཚོགས་སྟོན་པར་མཛད། །ཅེས་པས་བསྟན་པའི་ལོངས་སྐུ་ལས་འཕྲོས་པས་ཞི་ཁྲོ་འདི་གཉིས་ཞར་བྱུང་གི་གླེང་གཞིར་འགྱུར་ཞེས་བཤད་དོ། །གཉིས་པ་གླེང་བསླང་ལ། སྟོན་འཁོར་ཞུ་ལན་གྱི་སྦྱོར་བས་རྒྱུད་དོན་འོད་གསལ་གདུལ་བྱའི་བློ་དང་འཚམས་པར་རྒྱུད་དོན་རྟོགས་པ་མཐར་ཕྱིན་བརྙེས་ནས། དངོས་དང་བརྒྱུད་ནས་ལམ་སྟེགས་སོ་སོར་སྟོན་པའི་མཆོག་སྤྲུལ་འབྱུང་མ་རག་གླེང་བསླང་བ་མཚན་ཉིད་པའོ། །སྒྲ་བཤད་དེ་ནི་གླེང་བྱ་རྒྱུད་དོན་རྟོགས་པའི་ཆོས་འོད་གསལ་ཉིད་བརྗོད་བྱར་བཟུང་བའི་རྒྱུད་བརྗོད་བྱ་རྗོད་བྱེད་གཉིས་གླེང་བར་བསྐུལ་བའི་སྒོ་ནས་སྔགས་ཀྱི་བསྟན་པ་དངོས་དང་ལམ་སྟེགས་བརྒྱུད་ནས་ཏེ་མཐའ་དག་འབྱུང་བའི་རྐྱེན་བྱེད་པས་ན་གླེང་བསླང་ཞེས་བྱའོ། །དབྱེ་ན་ཐུན་མིན་དང་ཐུན་མོང་བ་གཉིས་ལས། དང་པོ་ལ་གསང་དབང་བསྐུར་བ་དང་། དབང་གོང་མ་གཉིས་བསྐུར་བའི་ཚུལ་ལོ། །དང་པོ་ནི། སྟོན་པ་ཡབ་ཡུམ་སྙོམས་པར་འཇུག་པ་ཡེ་ཤེས་རང་སྣང་ལས་བྱུང་བའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་ཀྱིས་ལྷན་ཅིག་པའི་འཁོར་གྱི་ལྷུན་གྲུབ་རིག་འཛིན་པའི་རྒྱལ་སྲས་མཐར་ལམ་པ་རྣམས་ལ་དབང་བསྐུར་ཞིང་། དེའི་ཚུལ་ཡང་ཡབ་ཀྱིས་ཐབས་ཀྱི་ཆ་བཟུང་ནས་བྱང་སེམས་འཁོར་འདས་བརྟན་གཡོ་ཐམས་ཅད་མ་དག་པའི་མིང་ཙམ་ཡང་མ་གྲུབ་པའི་དག་པ་རབ་འབྱམས་ལྷའི་དཀྱིལ་འཁོར་གཅིག་ཏུ་སངས་རྒྱས་པར་ལྷག་པ་ཀུན་རྫོབ་བདེན་པ་སྟོན་པའི་ཆེད་དུ་ཨེ་མའོ་རྡོ་རྗེ་ཕུང་པོའི་སོགས་བརྗོད་ཅིང་། དོན་དམ་མ་ཟད་ཀུན་རྫོབ་ཏུའང་རང་བཞིན་དག་ལས་གཞན་མེད་ཚུལ་ཤེས་དགོས། འོ་ན་སྤང་བྱ་གཞི་མ་གྲུབ་པ་སོགས་ཀྱིས་གནོད་དམ་སྙམ་ན། གློ་བུར་བའི་ཆོས་ཡོད་ཀྱང་རང་བཞིན་མ་ཡིན་པའི་ཕྱིར་ན་ཡོད་གོ་མི་ཆོད་དེ། ཁོ་ལ་རང་བཞིན་ཡན་གར་བ་མེད་


MLP020_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ། ཀུན་རྫོབ་ཀྱི་རང་བཞིན་ལྷག་པ་ཀུན་རྫོབ་ཡེ་ཤེས་རང་ཡིན་ལས་རང་མིན་གྱིས་སྟོང་པའི་ཕྱིར། ཡུམ་གྱིས་དམར་ཆ་ཤེས་རབ་ཀྱི་ཆ་བཟུང་ནས་བརྟན་གཡོ་ཐམས་ཅད་གདོད་ནས་རང་བཞིན་སྟོང་པའི་ཡེ་ཤེས་དེ་བདེན་གྲུབ་དང་རྟོག་ཚོགས་གཉིས་ཀྱིས་རྣམ་པར་དག་པའི་དབྱིངས་ལས་མི་གཞན་པར་ལྷག་པ་དོན་དམ་བདེན་པ་སྟོན་པའི་ཆེད་དུ་ཀྱེ་མའོ་ཕྱོགས་བཅུའི་སྟོང་ཁམས་སོགས་བརྗོད་ཅིང་ངོ་སྤྲད་པས་འཁོར་ལྷན་ཅིག་པ་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་བདེན་གཉིས་དབྱེར་མེད་ཀྱི་རྟོགས་པ་སྔར་ལས་ཆེར་འབར་བའོ། །གཉིས་པ་ནི། རྒྱལ་སྲས་མཐར་ལམ་པས་རང་སྣང་གི་ཕྱག་རྒྱར་སྦྱོར་བའི་བདེ་བ་བསྐུལ་བའི་ཐབས་ཀྱི་སེམས་བདེ་ཆེན་མི་འགྱུར་བའི་ཡེ་ཤེས་སུ་བསྐྱེད་པའི་ཆེད་དུ་བརྗོད་པ་ཨེ་མ་མཚར་ལྔ་གསུངས་ཏེ། དེའི་ཚེ་མཚར་དང་པོ་བཞིས་རྫོགས་རིམ་གྱི་རྟོགས་པ་བཞི་ནི་རིམ་པ་བཞིན་འཆད་པར་འགྱུར་བའི་གཡོ་ཞིང་ལྡང་། བདེ་བ་སྔ་མ་དམན་པའི་ཆ་དེ་འཇིག་ཕྱི་མ་རྒྱས་པའི་ཆར་འཇུག གནས་པ། བདེ་བ་སྔ་མས་རྐྱེན་བྱས་ཏེ་ཕྱི་མ་ལ་སྨོན་པ་ཕྲ་མོ་སྟེ་སེམས་བཞི་བསྐྱེད་ཅིང་སྔོན་དུ་འགྲོ་བས་ཐིག་ལེ་རྩ་འདབས་རྣམས་སུ་བབས་པས་བདེ་བའི་ཆ་རྒྱས་ཚུལ་གྱིས་དགའ་བ་བཞི་རེ་རེ་ལའང་བཞི་བཞིར་ཕྱེས་པས་དགའ་བ་བཅུ་དྲུག་ལུགས་འབྱུང་གི་མཐའི་ལྷན་སྐྱེས་ཀྱི་ལྷ་དེས་གྱུར་པའི་ཆ་དང་སྦྲག་པ་སྟེ་ལྔ་པ་འགྲོ་འོང་དང་བྲལ་བའི་རྟོགས་པ་སྐྱེ་ཞིང་ཤེར་དབང་གི་ངོ་བོ་ཉིད་ཐོབ་ཅིང་། སླར་གྱེན་དུ་ལྡོག་པ་མས་བརྟན་གྱི་འདི་ཐམས་ཅད་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོ་ཡིན་པས་བདེ་བའི་ཆ་རྒྱས་ཚུལ་གྱིས་སྔར་བཞིན་ལུགས་ལྡོག་རྫོགས་པའི་དགའ་བ་བཅུ་དྲུག་གི་མཐར་བདེ་བ་ཆེན་པོའི་དབང་རྫོགས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པའི་ཚེ་ན་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་ཐོབ་པ་ནི་དེའི་ཚེ་དཀར་ཆ་སྤྱི་བོར་ལྡོག །དམར་ཆ་གསང་གནས་སུ་དྭངས། རླུང་སེམས་ཡེ་ཤེས་སུ་སངས་རྒྱས་པའོ། །འོག་ཏུ་སྙིང་རྗེ་སྐྱེས་པ་དྲི་ཆོས་སྟོན་འདོད་སྐྱེས་པ་ཞུས་པའི་དོན་འབྱུང་བའི་རྐྱེན་ཡིན་པས་ན་གླེང་བསླང་ངོ་། །གསང་དབང་འདིར་སྟོན་པ་ཀུན་ཏུ་བཟང་པོ་ཁུ་རྡུལ་རླུང་གསུམ་དག་པའི་ཡེ་ཤེས་ཀྱི་སྐུ་ཅན་གྱིས་འཁོར་ལ་དཀར་དམར་གྱི་ཐིག་ལེའི་རྫས་དབང་བསྐུར་བ་མི་འཐད་སྙམ་པ་དང་། གཟུགས་ཁམས་ཀྱི་ལྷ་ལ་ཁུ་ཁྲག་མེད་པས། ཤེར་ཚིག་གཉིས་སྐབས་སུ་འོག་མིན་གྱི་རྟེན་ཅན་ས་མཐོར་བཞུགས་པའི་ལྷུན་གྲུབ་རིག་འཛིན་ལུས་ལ་འཇུ་འདུལ་བྱེད་རྒྱུའི་ཁུ་ཁྲག་དང་སེམས་ཉོན་སྒྲིབ་མ་ཟད་ཤེས་སྒྲིབ་ཅི་རིགས་ཟད་པས། འཁྲིག་སྲེད་ཀྱིས་དབེན་པ་དེས་ན་དེས་ཕྱག་རྒྱ་ལ་བརྟེན་ནས་ཐིག་ལེ་འཇུ་འདུལ་


MLP020_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་དབང་གོང་མ་གཉིས་ནོད་པ་འགལ་ལོ་སྙམ་ན་མི་འགལ་བའི་ཚུལ་ནི། སྟོན་པ་ནི་ས་གསེར་དུ་བསྒྱུར་བ་སོགས་དབང་འབྱོར་གྱི་མཐུ་ུབཅུའི་ཕ་རོལ་ཏུ་བྱོན་པ་ཡིན་པས་འཁོར་གྱི་ཆེད་དུ་གདུལ་བྱའི་ངོར་ཡོད་པར་སྟོན་པའམ་ཉི་ཟླ་བྱིན་གྱིས་རླབས་པ་མི་ཁེགས་པ་དང་། དག་པའི་འཁོར་ལ་ལུས་རགས་པའི་རྩ་ཁམས་ནས་ཐིག་ལེ་གཡོ་བའི་འཁྲིག་སྲེད་དོན་གཉེར་ཀྱི་ཉོན་མོངས་མེད་ཀྱང་དབུ་མའི་དབྱིངས་སུ་ཁམས་གཡོ་བའི་རྗེས་ཆགས་ལྷན་སྐྱེས་ཀྱི་བདེ་བ་དོན་གཉེར་ཡོད་ལ་ཕྱག་རྒྱ་དེའི་ཐབས་ཡིན་པའི་ཕྱིར། སྤྱིར་བཏང་འོག་མིན་གྱི་རྟེན་ལ་ཁུ་ཁྲག་རགས་པ་མེད་ཀྱང་བླ་མེད་ཀྱི་སྔགས་སྤྱོད་པའི་དབང་ཕྱུག་ཆེན་པོའི་འོག་མིན་པ་ཁ་ཅིག་ལ་འབྲས་དབང་ཞུ་དགོས་པའི་མཐར་ལམ་པ་ཡིན་ན། སྤྱིར་ཁམས་དྲུག་ལྡན་ཡིན་པས་ཁྱབ་སྟེ་ཁུ་ཁྲག་འཇུ་འདུལ་བྱས་ཏེ་དག་དགོས་པའི་ཕྱིར་མངལ་སྐྱེས་ཁོ་ན་མིན་ཀྱང་སྤྱིར་རགས་པའི་ཁམས་དྲུག་ལྡན་གྱི་རྟེན་ཁྱད་པར་ཅན་དེ་འདྲ་འབྱུང་བ་དམིགས་བསལ་ཡིན་ཤེར་དབང་ལམ་འཇུ་འདུལ་བྱེད་པའི་རྟེན་དེ་ལ་དཀར་དམར་ཐིག་ལེ་ཡོད་པ་གསར་རྙིང་ཐམས་ཅད་མཐུན་པའི་ཕྱིར་ཞེས་པའམ། ལོ་ཆེན་རིན་པོ་ཆེའི་བཞེད་པའི་སློབ་པའི་རྟེན་ལ་ཁུ་རྡུལ་ཕྲ་མོ་དག་པ་མི་སྲིད་པས་དེའི་ཕྱོགས་ནས་བཤད་ཀྱང་རུང་བར་སེམས་ཏེ་འགལ་སྤོང་དེ་ལྟར་བྱའོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གྲོལ་བའི་ཐིག་ལེ་དྲངས་ནས་གསར་ཕྱོགས་ལྟར་བཤད་པ་སོགས་ལྟར་ན་རྒྱལ་སྲས་མཐར་ལམ་པ་མི་སློབ་ལམ་དུ་གསང་དབང་མི་དགོས་པར་ཤེར་དབང་ནས་ཞུགས་པས་ཆོག་པ་འདྲ་ཡང་གསང་སྙིང་འདིར་ཟུར་ལུགས་ལ་གསང་དབང་ནས་འཇུག་པར་བཤད་པ་ནི་ཀུན་མཁྱེན་གྱི་གསང་དབང་ལྟར་འདིར་བཤད་པ་དང་ཟུར་པའི་ལུགས་གཉིས་ཀྱི་གསང་དབང་གི་ལམ་སོ་སྐྱེས་ཁོ་ནའི་དང་། སོ་སྐྱེས་ནས་རྒྱུན་མཐའི་བར་འཇོག་ཚུལ་མི་འདྲ་བས་ཡིན་ནམ། ཡང་ན་ཀུན་མཁྱེན་དང་མཐུན་པར་བྱེད་ན་འབྲས་དབང་བསྐུར་ཚུལ་འདི་གསང་དབང་བསྐུར་ཚུལ་དང་ཆོས་མཐུན་པས་ཤེར་དབང་གི་སྔོན་འགྲོ་ལ་གསང་དབང་དུ་བརྗོད་པ་ཙམ་ཡིན་གྱི་གསང་དབང་དངོས་མིན་ཞེས་འཆད་པ་གང་བདེ་དཔྱད་དགོས་ཤིང་། ཕྱི་མ་ལྟར་ན་དབང་ཕྱི་མ་གཉིས་ལའང་ཆོས་མཐུན་པ་ལས་དངོས་མིན་ཟེར་ཆོག་གམ་སྙམ་པའི་དོགས་པ་གཅད་རྒྱུ་ཡོད་དེ་གསང་དབང་མིན་ཚུལ་དེས་ཤེས་ནུས་སོ། །གསང་དབང་ངེས་པར་བསྐུར་དགོས་པའི་ཁྱབ་པ་མེད་ཕྱིར་བཏགས་པ་ཡིན་ཟེར་ཆོག་ཀྱང་འབྲས་དབང་ཕྱི་མ་གཉིས་གསར་རྙིང་གང་གི་ལུགས་ལའང་ངེས་པར་མ་བསྐུར་ཐབས་མེད་


MLP020_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའོ། གསར་མས་ཀྱང་ཤེར་དབང་གི་ལམ་དོན་གྱི་འོད་གསལ་ལ་འཇོག་པས་དེ་མཐོང་ལམ་པར་འཇོག་ཆོག་གམ། གཉིས་པ་ནི། དེ་ལྟར་ཟབ་དབང་གསུམ་བསྐུར་བ་གསུམ་ལ་བརྟེན་ནས་སྟོན་པའི་ཐུགས་ཀྱི་གསང་བ་ཇི་ལྟ་བ་བཞིན་མངོན་དུ་བྱས་ཏེ་དགོངས་པ་དབྱེར་མེད་དུ་གྱུར་པ་ན་དོན་རང་གི་རྟོགས་པ་རབ་ཀྱི་མཐར་ཕྱིན་པ་དེ་གསང་བ་བཞིས་ཆོད་ནས་འཁྲུལ་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་རྣམས་མ་རྟོགས་པ་ལ་རྒྱུད་བཤད་པར། ཨེ་མའོ་ཡེ་ནས་གསང་བའི་ཆོས། །ལ་སོགས་པའི་དངོས་སུ་གསང་བཞིས་ཆོད་པར་གསུངས་ཀྱང་ཤུགས་ཀྱིས་དེ་བསལ་བྱེད་རྒྱུད་དངོས་བརྒྱུད་ནས་གསུང་དུ་གསོལ་ཞེས་གསོལ་བ་བཏབ་པས་སྟོན་པས་སྲིད་པའི་སྡུག་བསྔལ་མཐའ་དག་འཛིན་པ་ཕྱིན་ཅི་ལོག་གི་རྩ་བ་ཅན་ཡིན་པ་དང་། དེ་ཉིད་ཀྱི་ཕྱིར་འཛིན་པ་དེ་དག་འབྲལ་རུང་གློ་བུར་བ་ཁོ་ན་ཡིན་པ་དང་། གནས་ལུགས་རང་བཞིན་གྱི་གཤིས་ཐོག་མར་བཅིང་མཐར་གྲོལ་གཉིས་སུ་མེད་པ་རི་རྭས་རྨ་བྱེད་པ་དང་། དེ་སོས་པ་གཉིས་མེད་པ་ལྟར་དང་། ནམ་མཁའ་ལྟར་དག་པས་རྒྱུད་བསྟན་པ་དོན་ཡོད་པར་མཁྱེན་ནས་ཞལ་འཛུམ་པ་དང་། སྨིན་མ་གཡོ་བ་སོགས་སྤྱན་འགྱུར་བ། ལྗགས་བརྐྱང་བ། སྐུ་གཟེངས་བསྟོད་པ། འོད་བཀྱེ་བ་སྟེ་དགྱེས་ཚུལ་དྲུག་གིས་ཆོས་སྟོན་པར་ཞལ་གྱིས་བཞེས་པའོ་འདི་ཐམས་ཅད་ཐུགས་ལ་དགོངས་པ་ཙམ་གྱིས་ཞུས་པ་དང་གསུངས་པར་ཞལ་གྱིས་བཞེས་པར་གོ་དགོས་པའི་ངག་ནས་གསུངས་པའི་སྙན་བརྒྱུད་མེད་དོ། གསུམ་པ་འབྲས་བུ་གོ་ཕྱེ་བའི་འཁོར་གྱིས་ཡོངས་སུ་ཤེས་བྱ་རྒྱུད་དོན་ལ། རྒྱུད་དབུ་ཞབས་ཀྱི་དོན་རྒྱ་ཆེ་བ་ཐམས་ཅད་དངོས་ཤུགས་ཅི་རིགས་པར་རྒྱུད་གསུམ་གྱི་རྣམ་བཞག་སྤྱིར་བཤད་པ་དང་། དེའི་ནང་ནས་ལམ་རྒྱུད་དེར་དངོས་དང་། གསལ་བ་དང་། རྒྱས་པར་སོ་སོར་བཤད་པའི་ལམ་གྱི་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་གཉིས་ཏེ། སྔ་མ་རྒྱུད་དོན་རྒྱ་ཆེ་བ་གྲངས་མང་བ་ཐམས་ཅད་བརྗོད་བྱེད་ཉུང་ངུས་བཤད་པ་བརྗོད་བྱ་གཙོ་ཆེ་བའི་དབང་དུ་བཤད་པ་དང་། ཕྱི་མ་དེའི་ནང་མི་གསལ་བ་སོགས་གསལ་རྒྱས་སུ་རྗོད་བྱེད་གཙོ་ཆེ་བའི་དབང་དུ་བཤད་པ་ཞེས་ཁ་ཅིག་སྨིན་སྲས་འགྱུར་མེད་རྒྱ་མཚོ་ལས་སོ། །དེའི་དང་པོ་ལ། ལུང་རིགས་ཀྱིས་གཏན་ལ་དབབ་བྱ་དང་ལམ་གྱིས་གང་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད། ལམ་གང་གིས་གཞིའི་གནས་ཚུལ་ཅི་བཞིན་རྟོགས་ཤིང་ཐབས་བྱུང་འབྲས་བུའི་སར་བགྲོད་པ་ཐབས་


MLP020_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སམ་བགྲོད་གཅིག་གི་ཤུལ་ལམ་ལམ་གྱི་རྒྱུད། གཞི་གང་ལམ་གང་གིས་མངོན་དུ་བྱས་ནས་འབྲས་བུ་གང་དུ་མཐར་ཕྱིན་པ་ཤིན་ཏུ་རྣམ་དག་འབྲས་བུའི་རྒྱུད་དང་སྟེ་ངོ་བོ་ཡེ་ཤེས་གཅིག་ལས་མེད་ཀྱང་སྣང་ཚུལ་གྱི་ངོས་ནས་དྲི་མ་བྲལ་མ་བྲལ་གྱི་སྒོ་ནས་གསུམ་དུ་བཤད་དེ། དེ་ལྟར་བཤད་དགོས་པའི་རྒྱུ་མཚན་བྱེ་མ་ལ་སྣུམ་མི་སྲིད་པས་བཏག་བཙག་བྱེད་པ་དགོས་མེད་དང་། གཞིའི་དཔེ་ཏིལ་ལ་མར་ཡོད་པ་དང་པོར་ཤེས་ན་ལམ་གྱི་དཔེ་བཏག་བཙག་གི་ངལ་བ་ལ་མི་འཛེམ་པར་ཞུགས་ནས་འབྲས་བུའི་དཔེ་ཏིལ་རང་ལ་སྔར་ཡོད་ཀྱི་མར་འཐོབ་པ་བཞིན་དུ་སྲིན་བུ་ཕྲ་མོ་ཡན་ཆད་ཀྱི་རང་རྒྱུད་ལ་སངས་རྒྱས་ཀྱི་བསྒྲུབ་གཞི་མཐར་ཐུག་ཡོད་ཚུལ་དང་། སེམས་རགས་པ་ལས་འདས་པའི་ཁྱད་གཞི་ཡེ་ཤེས་གཉུག་སེམས་དེའི་ཁྱད་ཆོས་འཁོར་འདས་ཀྱི་འཆར་གཞི་ཡིན་པ་དང་གཤིས་ལ་འཆིང་གྲོལ་མེད་པ་སོགས་ལེགས་པར་གཞི་མ་ནོར་བར་གཏན་ལ་ཕབ་ཤེས་ན་རང་བཞིན་ཡེ་རྫོགས་ཀྱི་གཞི་དེ་ཉིད་ཤིན་ཏུ་རྣམ་དག་འབྲས་བུའི་གནས་སྐབས་དང་རྣམ་པ་མཐུན་པར་རིམ་པ་དང་པོའི་དུས་བཅོས་ནས་ཡར་ལྡན་དང་། གཉིས་པས་ཅི་བཞིན་མ་བཅོས་པར་ལམ་དུ་བྱས་ནས་གློ་བུར་དྲི་མ་རིམ་གྱིས་སྦྱང་ནས་ཡོན་ཏན་གྱི་ཆ། སྦྱོར་ལམ་སྐབས་སྟོང་གཟུགས། མཐོང་ལམ་དུ་ཚེ་དབང་རིག་འཛིན་སོགས་ཡར་ལྡན་དུ་འཁྱེར་བའི་ཐབས་མཁས་ཀྱི་གནད་ལ་ཞུགས་པ་བརྩོན་པ་དོན་ལྡན་ཡིན་པར་ངེས་པ་རྙེད་ནས་གུས་རྟག་གི་བརྩོན་པས་སྒྲུབ་ནུས་ཤིང་། དེས་མཐར་ཐུག་གི་འབྲས་བུ་གནས་ཚོད་ལྟར་སྣང་ཞིང་འགྲུབ་པའི་ཕྱིར་རོ། །ཚུལ་འདིས་གཞི་ལམ་འབྲས་ལ་ལྟོས་ལམ་གཞི་འབྲས་ལ་ལྟོས་འབྲས་བུ་གཞི་ལམ་ལ་ལྟོས་པས་དེ་གསུམ་རྒྱུན་གཅིག་ཏུ་རྟེན་ལྟོས་བཏགས་གསུམ་གྱི་འབྲེལ་བས་ན་རྒྱུད་ཅེས་གསུངས་ཏེ། རྒྱུད་ཕྱི་མ་དྲིས་ལན་གྱི་ལེའུ་གཉིས་པ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ལྷན་ཅིག་བྱེད་རྐྱེན་ཐབས་དང་ཉེར་རྒྱུ་གཞིའམ་རྒྱུ་ལས་འབྲས་བུའོ་ཀུན་མཁྱེན་ལྟར་ན་བསྐྱེད་འབྲས་མིན་ཐོབ་འབྲས་ཡིན་པ་འགོག་བདེན་ལྟར་རོ། ཞེས་གསུངས་པའི་ཕྱིར་ཏེ། ཐབས་ནི་ལམ། རྒྱུ་ནི་གཞིའི་དོན་ཏོ། །འདི་གསུམ་ལ་གླན་ཀ་ཚལ་བ་ཤཱཀྱ་བྱང་ཆུབ་ཀྱིས། གཤེགས་སྙིང་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་གནས་པ་གཞི། དེ་མངོན་དུ་བྱེད་པ་ལ་འཇུག་པ་ལམ། མངོན་དུ་གྱུར་པ་མཐར་ཐུག་པསྨིན་པ་འབྲས་བུ་ཞེས་རྒྱུད་གསུམ་གྱི་མཚན་ཉིད་དེ་ལྟར་གསུང་པ་ལ། ལོ་ཆེན་རིན་པོ་ཆེ་ནི་ལམ་གྱི་ཆ་རྐྱེན་དངོས་པོ་བཅུའི་ནང་གི་ལྟ་བ་དེ་ལམ་རེད། དེ་འཇུག་པའི་མཚན་ཉིད་མ་ཡིན་པས་དེ་ལྟར་ན་ལྟ་བ་ཆོས་ཅན། ལམ་རྒྱུད་མ་


MLP020_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཐལ། ལམ་རྒྱུད་ལ་འཇུག་པ་ཞེས་པའི་ཕན་ཚུན་ཁྱབ་པ་སྒོ་བརྒྱད་ཀྱི་མཚན་ཉིད་ཀྱིས་ཁྱབ་པ་གཞིར་བཞག་གང་ཞིག །ལྟ་བ་ཁྱོད་འཇུག་པ་མ་ཡིན་པའི་ཕྱིར། རྟགས་ཟུར་ལམ་ལ་འཇུག་པས་ཁྱབ་པ་དང་པོ་ཁས། འཇུག་པ་མིན་པའི་རྟགས་ཕྱི་མ་གྲུབ་སྟེ། ལྟ་བ་ཁྱོད་ཤེས་པའི་མཚན་ཉིད་ཡིན་པ་གང་ཞིག །ཤེས་འཇུག་གི་མཚན་ཉིད་ལྟ་བ་དང་ཏིང་འཛིན་གཉིས་མི་གཅིག་པའི་ཕྱིར་ཏེ་ལྟ་བ་ཤེས་སྒོམ་པ་འཇུག་པ་ཡིན་པའི་ཕྱིར། ཞེས་གསུངས་ཀྱང་གླན་གྱིས་དེ་ལ་ལྟ་བ་ཡིན་ན་འཇུག་པ་མིན་པས་མ་ཁྱབ་གསུང་ཆོག་སྟེ་ལྟ་བ་ཆོས་ཅན། ཁྱོད་འཇུག་པའི་མཚན་ཉིད་ཅན་ཡིན་ཏེ། ཁྱོད་ཤེས་ནས་འཇུག་པའི་ལམ་ཡིན་པའི་ཕྱིར། དེར་ཐལ། ལམ་དེ་ལ་ཐོག་མར་ཤེས་ནས་འཇུག་པ་དང་། ཡང་ཡང་སྒོམས་ནས་འཇུག་པ་གཉིས་ཡོད་པའི་ཕྱིར་ཞེས་པ་ལྟར་མཚན་ཉིད་གསུམ་གྱི་དང་པོ་ལྟ་བ་དེ་གཞི་གཏན་ལ་ཕབ་པས་ཤེས་ཤིང་རྟོགས་པའི་སྒོ་ནས་འཇུག་པའི་འཇུག་པ་ལམ་གྱི་རྒྱུད་ཡིན་ཡང་ཤེས་འཇུག་གཉིས་ཀྱི་ཟླས་ཕྱེ་བའི་འཇུག་པའི་མཚན་ཉིད་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། ཞེས་ལན་བཏབ་ན་ལོ་ཆེན་དང་དེའི་རྗེས་འཇུག་རྣམས་ཀྱིས་དཔྱད་དགོས་ཞེས་དྭོགས་སློང་བྱས་སོ། །ཞལ་ལུང་ནི་སྔར་རྒྱལ་པོ་ལ་ལྷ་རྗེ་དཔྱལ་ཀུན་དགའ་རྡོ་རྗེས་གསང་སྙིང་བཤད་པ་ལས། འབྲས་བུའི་རྒྱུད་ལ་ཡོན་ཏན་གྱི་སྨིན་པ་མཐར་ཐུག་པ་ཞེས་གསུངས་ཏེ། དེ་ལ་ལོ་ཆེན་གྱིས་ལམ་གྱུར་གྱི་འབྲས་བུ་ལ་ཁྱབ་ཀྱང་མི་འགལ་ཏེ་གཞི་ལམ་འབྲས་གསུམ་གྱི་ཟླས་ཕྱེ་བའི་འབྲས་རྒྱུད་འདི་མཐར་ལ་གོ་དགོས་སོ། དེས་ན་ལམ་གྱུར་གྱི་འབྲས་བུ་ཡང་འདིར་ལམ་རྒྱུད་དུ་བསྡུས་པའོ། འབྲས་བུའི་དོན་ལྡོག་ལ་མ་ཁྱབ་པས་ཁྱབ་ཆུང་གསུང་ཡང་། ལོ་ཆེན་རང་ལུགས་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཁྲུལ་བ་བཏགས་པའི་གཞི་ལྟ་བུའི་བཏགས་པ་བ་བཅད་ཏེ་འབྱུང་གནས་སུ་གྱུར་པ་གཞི། ཤེས་འཇུག་གི་བྱེད་རྩོལ་དང་བཅས་པ་ལམ། ཆོས་ཉིད་མངོན་གྱུར་བོགས་དབྱུང་དུ་མེད་པར་སོན་པ་མཐར་ཐུག་འབྲས་བུ་ཞེས་པའི་འབྲས་བུའི་འཇོག་ཚུལ་དང་། སྔ་མ་གཉིས་ལ་ཁྱད་ཡ ོད་སྙམ་གསུང་བཞེད་དོ། །དང་པོ་གཞི་རྒྱུད་ལ་ལམ་གྱིས་ཉམས་སུ་བླང་བྱའི་གཙོ་བོ་དང་འབྲས་བུ་གྲུབ་པའི་གཙོ་བོའི་དོན་གསར་བྱུང་མིན་པས་གནས་ལུགས་ངོ་བོ་ཉིད་ཀྱིས་འཁོར་འདས་གང་གི་ངོ་བོ་མ་གྲུབ་པའི་གཞི་དང་། ཞར་བྱུང་གཞི་མཚན་ཉིད་པ་བཤད་པའི་འགལ་ཟླ་དང་། འདི་སྒྲིབ་བྱེད་ཐུན་མིན་གོལ་ས་ངོས་ཟིན་པའི་ཕྱིར་འཁྲུལ་པ་བཏགས་པའི་ཉན་རང་རྣམས་ཀྱང་སྤང་བྱར་མ་གྱུར་པའི་འཁྲུལ་སྣང་སྣ་ཚོགས་པའི་གཞི་བཏགས་པ་བ་བཤད་པ་སྟེ་གཉིས། དང་


MLP020_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། དགོངས་རྒྱན་ལས། འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ་ཞེས་གསུངས་ཏེ། དེ་འགྲེལ་བ་ལ། སྤྱིར་རྒྱལ་བའི་མདོ་སྔགས་གསུང་རབ་རྣམས་སུ་བརྟན་གཡོའི་ཆོས་ཐམས་ཅད་ལས་སེམས་ཁོ་ན་གཙོ་བོ་ཡིན་པར་ལན་ཅིག་མ་ཡིན་པར་གསུངས་ཤིང་། སེམས་དེ་ལ་རགས་པ་དབང་ཤེས། ཕྲ་བ་ཡིད། རབ་ཏུ་ཕྲ་བ་ཀུན་གཞི། ཁམས་གོང་འོག་གི་ཁྱད་སོགས་ཕྲ་རགས་མང་དུ་ཡོད་པ་ལས་ནང་རྒྱུད་བླ་མེད་འདིར་ནི་བརྟན་གཡོ་ཐམས་ཅད་ཀྱི་རྩ་བ་ཤིན་ཏུ་ཕྲ་བའི་སེམས་མཐར་ཐུག་སེམས་ཀྱི་བག་ཆགས་རྐྱེན་སྣང་གིས་གློ་བུར་བའི་སྐྱེ་འགགས་སྤྲོས་པས་མི་ཤིགས་ཅིང་ཕར་ཟིལ་གྱིས་ནོན་པས་རྡོ་རྗེ་དང་། གློ་བུར་དྲི་མའི་སྦུབས་ན་ཡོད་བཞིན་དུ་དགག་བྱ་གཉིས་ཀྱི་རྙོག་པ་ལས་གྲོལ་བས་འོད་གསལ་དང་། ཡེ་ནས་གཉུག་མའི་ཆོས་སུ་གྱུར་པས་རང་བཞིན་སེམས་གྲུབ་ཙམ་ནས་ལྷན་སྐྱེས་ལ་སོགས་སྐབས་འདིར་ལྷག་པའི་བདེན་གཉིས་དབྱེར་མེད་པའི་མིང་གིས་བཏགས་པ་སྟེ། དེར་མ་ཟད་རྒྱུད་འདིར་སེམས་དང་ཡེ་ཤེས་རང་སྣང་བ་ཞེས་གསུངས་པའི་ཡེ་ཤེས་ཀྱང་དེ་ཁོ་ན་ཡིན་ཞིང་། སེམས་རགས་པ་གཞན་རྣམས་ལ་སེམས་དང་ཡེ་ཤེས་དེ་གཉིས་ཀྱི་ཟླས་དྲང་བའི་སེམས་ཞེས་བྱའོ། །དེ་འདྲ་བའི་ཡེ་ཤེས་དེ་ནི་སེམས་གཞན་ཡིད་ཤེས་དང་དབང་ཤེས་སོགས་རྣམས་ལས་ཉོན་དང་ཉོན་མོངས་སྐྱེད་པ་དང་བག་ཆགས་འཛིན་པ་ཅན་ཡིན་པས་སྡུག་བསྔལ་གྱི་འཆིང་བས་གཟིར་བཞིན་པ་ནའང་དངུལ་ཆུ་རྡུལ་གྱིས་མ་གོས་ལྟར་ངོ་བོ་ཅུང་ཟད་ཀྱང་མ་སྦགས་པས་བཅིང་གྲོལ་མེད་པ་ཡེ་གྲོལ་ལ་སླར་ཡང་གྲོལ་མི་དགོས་པ་ཞེས་བྱ། གཞིའི་སྐབས་ཕུང་པོ་འགག་སྟོབས་དང་ལམ་སྟོབས་ཀྱིས་རྒྱུད་ལ་གསལ་བར་ཉམས་སུ་མྱོང་བའམ་མངོན་དུ་གྱུར་པ་ན་སྟོང་གསལ་ཟུང་འཇུག་ཡིན་པའི་གནད་ཀྱིས་ཡེ་ཤེས་རང་གི་གནས་ལུགས་སྟོང་པ་ཉིད་ཀྱང་རིག་པ་ལས་རང་རྒྱུད་པར་ཞེན་སྣང་དང་ཐ་སྙད་ཀྱི་སྣང་བ་མཚན་མའི་སྤྲོས་པའི་རྟོག་པ་ཐམས་ཅད་ཞི་བས་མི་འཕྲོག་མི་རྟོག་པའི་སྟོང་ཆ་ནས་རང་རིག་པ་ཞེས་ཟེར་བའམ་ཡེ་ཤེས་དེ་ལ་ཡེ་ནས་རང་སྣང་བྲལ་མ་མྱོང་བའི་སྣང་སྲིད་ཐམས་ཅད་རང་སྣང་ཉག་གཅིག་ཏུ་གྱུར་པ་དང་རིག་པའི་ཡེ་ཤེས་ཀྱི་སྣང་བ་ཁོ་ནར་འགྱུར་སྤྱིར་སྣང་སྲིད་དག་པ་རབ་འབྱམས་ཡེ་ནས་ཡིན་པ་རང་རིག་གི་དོན་ཡིན་ཀྱང་འགྱུར་ཞེས་གསུངས་པ་ནི་ལམ་ཉམས་སུ་ལེན་པའི་ རྣལ་འབྱོར་པའི་ངོ་ལ་ལྟོས་ནས་སྒྲིབ་པ་དག་རིམ་གྱིས་འཆར་བར་འགྱུར་བས་ན་གསལ་བའི་ཆ་ནས་ཀྱང་རང་རིག་པ་


MLP020_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ། གཞན་མདོ་ཕྱོགས་དང་ཕྱི་རྒྱུད་སྡེ་གསུམ་དུ་སེམས་རགས་པ་རྟོག་བཅས་འདི་ཉིད་གོམས་པའི་རྩ་བ་ཅན་ཡིན་པས་ཚོགས་གཉིས་ཀྱི་ལམ་བསྒོམས་པའི་མཐུས་ཚོགས་སྦྱོར་མཐོང་སྒོམ་པའི་ཡེ་ཤེས་སུ་གྱུར་པ་སོགས་མཐར་སངས་རྒྱས་ཀྱི་ཡེ་ཤེས་སུ་ནར་སོན་ཅིང་བསྐྱེད་འཕེལ་པ་ཙམ་ལས་ཆེར་མ་བཤད་ཀྱང་སྔགས་ཀྱི་ལུགས་འདིར་སེམས་དེ་དག་གི་གནད་མདོ་ལམ་ནའང་མི་འདྲ་བ་དང་། སྔགས་གསར་མའི་གསང་འདུས་ཀྱིས་མ་དག་སྒྱུ་ལུས་ཀུན་རྫོབ། འོད་གསལ་དོན་དམ་དང་། དུས་འཁོར་ལས། ཡུམ་དོན་དམ། ཡབ་ཀུན་རྫོབ་སོགས། རྟོག་པ་རགས་པས་མངོན་དུ་མི་འགྱུར་བའི་གནད་བཟུང་ཡོད་པའི་རྟོགས་དཀའ་བས་གསང་། སེམས་ཀྱིས་མི་ཆོད་པས་རྡོ་རྗེའི། འཛིན་མེད་ཡེ་ཤེས་སེམས་མ་ཡིན་པ་སྟོང་གསལ་ཟུང་འཇུག་གི་ཡེ་ཤེས་འདི་ཁོ་ནའི་རང་བཞིན་སྤངས་རྟོགས་ཀྱི་བྱང་ཆུབ་སྟེ་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་སྙིང་པོའམ་རྩ་བ་དང་བདག་ཉིད་ཡིན་པར་བཞེད་པས་ཆོས་གསུམ་དོན་དམ་ཡེ་སྣང་ཀུན་རྫོབ་སེམས་བསྐྱེད་དེ་བྱང་ཆུབ་ཀྱི་སེམས་ཞེས་བྱ། དེ་ན་མདོ་ལྟར་བྱང་ཆུབ་དོན་གཉེར་གྱི་སེམས་ལ་མི་གོ་བདེན་པ་གཉིས་ལ་སྤྱིར་འཇོག་ཚུལ་མང་ཡང་འདིར་ནི་གསང་བ་སྒྱུ་འཕྲུལ་བའི་ཐུན་མོང་མ་ཡིན་པའི་ལུགས་ཀྱི་བདེན་གཉིས་སམ་ལྷག་པའི་བདེན་གཉིས་ཏེ། ལྷག་པ་དོན་དམ་བདེན་པ་ནི། དབྱིངས་དགག་བྱ་གཉིས་ཀྱིས་སྟོང་པའི་ཁྱད་པར་བྱས་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ལྡོག་ཆ་ནས་རང་བཞིན་དོན་དམ། རང་གསལ་སྒྲིབ་གཡོགས་ཀུན་གཞིའི་རྨོངས་པ་དང་བྲལ་བའི་གསལ་ཆ་ནས་ཡེ་ཤེས་དོན་དམ། སྟོང་གསལ་དོན་དམ་དེ་ལས་གཙོ་བོ་གསལ་ཆ་ཉིད་སྣང་ཚུལ་ལའང་དྲི་མ་དང་བྲལ་ཟིན་པའི་རོ་མཉམ་གྱི་འབྲས་བུའི་ཁྱད་པར་དུ་བྱས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་ཤར་རུང་གི་སྙིང་པོའི་གཏེར་དུ་གཏེར་ཞེས་པ་འདི་ཆོས་ལྔ་སད་རུང་གི་སྒོ་ནས་སམ་ཆོས་ལྔ་རང་ཡིན་པའི་སྒོ་ནས་གཏེར་ཞེས་བྱ། སྔ་མ་ལྟར་ན་དྲི་མ་ལ་ལྟོས་ནས་དང་། ཕྱི་མ་རང་གི་ངོ་བོའི་སྒོ་ནས་གོ་དགོས། བཞུགས་པ་འབྲས་བུའི་དོན་དམ་སྟེ་ཕྱི་མ་ལ་ལྔར་ཕྱེ་བས་དོན་དམ་འབྲས་ཆོས་ཀྱི་འབྱུང་གནས་ཡིན་པས་དཀོར་མཛོད་ལྟ་བུ་དཀོར་བདུན་ཞེས་གྲགས་སོ། །མདོར་ན་འོད་གསལ་གྱི་མི་རྟོག་པའི་ཁྱད་པར་དུ་བྱས་པའི་ཆ་དང་། གསལ་བའི་ཁྱད་པར་དུ་བྱས་པའི་ཆ་དང་། སྟོང་གསལ་དེས་འབྲས་ཆོས་ཀྱི་རྟེན་ཏེ་གཞི་དང་སྙིང་པོ་དང་འབྱུང་ཁུངས་བྱེད་པའི་ཆ་ལས་གཞིའི་ངོ་བོ་གཅིག་ལ་ལྡོག་ཆ་སོ་སོར་ཕྱེ་བར་ཟད་དོ། །ལྷག་པ་ཀུན་རྫོབ་ནི། དོན་དམ་དེའི་རྩལ་སྣང་ཞེས་


MLP020_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གཏེར་ཡབ་སྲས་བཤད་ཀྱང་། བདེ་གཤེགས་ཟུར་ཆུང་བ་ལ་གླན་ཤཱཀྱ་འབྱུང་གནས་ཀྱིས་བརྒྱུད་གསུམ་ཁྱད་པར་བཀའ་འདྲི་ཞུས་པའི་ངོར། ཆོས་ཐམས་ཅད་རིག་པའི་ཆོ་འཕྲུལ་དུ་སྣང་ཞིང་གཏན་ལ་ཕབ་པའི་ལྟ་བ་མ་ཧཱ། རིག་པའི་རྩལ་དུ་སྣང་ཞིང་རྟོགས་པའི་གཞི་རྒྱུ་གཏན་ལ་ཕབ་བ་ཨ་ནུ། རིག་པ་ཉིད་རང་སྣང་རྟོག་པའི་དོན་ཡིན་བ་ཨ་ཏིའི་ལུགས་ཞེས་གསུངས་པ་ལྟར་ན་ཆོ་འཕྲུལ་ཞེས་རིག་འཛིན་གོང་མས་མ་ཧཱ་ལ་བརྡ་ཆད་མཛད་པ་ལྟར་བརྗོད་ན་ལེགས་པ་འདྲ་སྟེ། དོན་དམ་དེའི་ཆོ་འཕྲུལ་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོ་རབ་འབྱམས་སུ་རང་བཞིན་ཡེ་ཤེས་ཀྱི་ངོར་ཡེ་ནས་ཤར་ཟིན་པའི་ལྷག་པ་ཀུན་རྫོབ་བདེན་བའོ། །དག་པ་རབ་འབྱམས་སུ་ཤར་བའི་ལྷག་པའི་ཀུན་རྫོབ་འདི་དང་གོང་གི་འབྲས་བུའི་དོན་དམ་གཉིས་འབྱེད་དཀའ་ཞེས་ཟེར་བ་ཡོད་ཀྱང་འབྲས་བུའི་དོན་དམ་ནི། གཞིའི་ཡེ་ཤེས་འབྲས་བུ་འཆར་རུང་གི་འཆར་གཞི་དང་ལྷག་པའི་ཀུན་རྫོབ་ནི། འདིར་ཤར་ཟིན་པས་གཞི་རང་གི་ཤར་ཆོས་ཀྱི་ཁྱད་ཆེའོ། །བདེན་གཉིས་སྣང་སྟོང་ཟུང་འཇུག་གི་ཤར་གཞི་དང་ཤར་ཆོས་འཁྲུལ་སྣང་ལས་རང་བཞིན་ཡན་གར་བ་མེད་པར་ཡེ་སྣང་གི་རང་བཞིན་ཡིན་པས་དེ་དག་ངོ་བོ་གཅིག་ཏུ་གནས་པའི་ཟུང་འཇུག་ནི་ལྷག་པའི་བདེན་པ་དབྱེར་མེད་ཅེས་བྱའོ། །དེ་འདྲ་བའི་བདེན་གཉིས་ཟུང་འཇུག་དེ་སེམས་གཏད་སོ་ཅན་གྱི་བློས་བཅོས་ཤིང་ཕྱོགས་འཇོག་བྱས་པ་ཙམ་མིན་པའི་བདེན་གཉིས་ཟུང་འཇུག་རང་གི་ཡིན་ཚུལ་ཀུན་གཞི་ལས་རླུང་སོགས་དང་བྲལ་ཡོད་པའི་ངོ་བོ་རྗེན་པར་མཐོང་བ་ནི་དབང་ཡིད་གཉིས་ཀྱིས་བསྡུས་པའི་ཡུལ་དང་ཡུལ་ཅན་དུ་སྣང་བའི་སྤྲོས་པ་རགས་པ་ཅན་གྱི་མདོ་སེམས་ཀྱིས་གཉིས་མེད་ཀྱི་རང་རིག་གཅིག་ཀྱང་འདོད་མོད། དེ་འདྲའི་སེམས་ལ་མེད་པས་ཡེ་ཤེས་རང་གིས་ཐུན་མིན་དུ་འཇལ་དགོས་པས་སེམས་ཀྱི་སྤྱོད་ཡུལ་ལས་འདས་པའམ་སྤྱོད་ཡུལ་དང་བྲལ་བ་ཞེས་བྱའོ། །བློའི་སྤྱོད་ཡུལ་དང་བྲལ་བར་བསྟན་པ་འདི་འདྲ་རྣམས་ཀྱིས་འཁྲུལ་གཞི་བྱས་ནས་དོན་དམ་བདེན་པ་ཤེས་བྱ་མིན་ཞེས་སྨྲ་བར་ནི་མི་བྱ་སྟེ་བློའམ་སེམས་ཀྱིས་ཤེས་བྱ་མིན་ཀྱང་ཡུལ་ཅན་ཁྱད་པར་བ་ཡེ་ཤེས་ཀྱིས་ཤེས་བྱའི་གནས་ལུགས་ཡིན་པས། དེ་ལྟར་སྨྲ་ན་ཧེ་རུ་ཀ་གལྤོ་ལས། ཤེས་བྱའི་ནང་ནས་དོན་གྱི་དམ་པར་ནི། །གྱུར་ཕྱིར་ལྷག་པ་དང་བདེན་པ་གཉིས་ཀ་ཡིན་ཞེས་ངེས་པའི་ཚིག་ཡིན་ནོ། །ཞེས་དང་། ཡེ་ཤེས་ཞབས་ཀྱིས། འཇམ་དཔལ་ཞལ་ལུང་དུ་མདོའི་དོན་བསྡུས་དྲངས་པར་ཕྱི་ནང་བྱེ་བྲག་ཇི་སྙེད་པའི་ཆོས་རྣམས་ཐམས་ཅད་འཆར་


MLP020_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལྷག་པའི་དོན་དམ་བྱང་ཆུབ་སེམས། །ཇི་བཞིན་པའི་ངང་དུ་ཡེ་གནས་པ། །དེ་ནི་ཤེས་པར་བྱ་བའི་རྒྱུད་དོན་དངོས་ཡིན། །ཞེས་དང་། སྒྱུ་འཕྲུལ་འདིའི་ལམ་སྲོལ་འཛིན་པའི་རིག་འཛིན་གོང་མ་གཉགས་གནུབ་ཟུར་སོགས་ཐམས་ཅད་ཀྱིས་གཞི་ཤེས་བྱ་ཉིད་ཤེས་པ་དང་འབྲས་བུ་ཐོབ་པ་སྟེ་ལམ་རྒྱུད་ཀྱིས་བྱ་བ་གཉིས་བྱེད་པར་གསུངས་པ་སོགས་དང་དངོས་སུ་འགལ་ཞིང་རིགས་པའི་གཞི་ཟུང་འཇུག་གི་ཡེ་ཤེས་སེམས་ཅན་མ་ཟད་སངས་རྒྱས་ཀྱིས་ཀྱང་མཁྱེན་བྱར་མ་གྱུར་པས་གཞི་མ་གྲུབ་པར་ཐལ། དེས་ན་ལམ་དང་འབྲས་བུ་མེད་པར་ཐལ་བ་སོགས་གནོད་པ་མཐའ་ཡས་པའི་ཕྱིར་རོ། །གཞན་ཡང་ཇི་སྐད་བརྗོད་པའི་ཁྱད་ཆོས་ལྡན་པའི་ཡེ་ཤེས་དེ་སེམས་ཀྱི་གཉུག་མ་རྒྱུན་མི་ཆད་པའི་རང་བཞིན་ལས་གང་ཟག་སྐྱེ་འཆི་མཐོ་དམན་དང་བག་ཆགས་དང་དམིགས་རྐྱེན་གྱི་རྗེས་འབྲང་གིས་སེམས་བཟང་ངན་རས་དཀར་ཚོན་གྱིས་བསྒྱུར་བ་ལྟར་ཡོད་ཀྱང་། གཞི་རང་གི་ངོ་བོ་གཞན་དུ་མི་འགྱུར་བར་བཞུགས་པས་ན་ཡེ་ནས་གནས་པ་ཞེས་ཀྱང་བྱའོ། །ལམ་དུས་སུ་རླུང་དབུ་མར་སྡུད་སྟོབས་ཀྱིས་ཐིམ་རིམ་སོགས་འབྱུང་ཞིང་། སྣང་གསུམ་གྱི་མཐར་འོད་གསལ་ལ་མཉམ་པར་བཞག་ཚེ། ཉེར་ཐོབ་ཀྱི་སེམས་ལ་ལྡང་ཞིང་། དེ་ནས་མཆེད་སྣང་སོགས་ལ་ལྡང་བ་ནི། དེའི་བག་ཆགས་མ་སྤངས་པས་འོད་གསལ་ལས་ལྡང་མི་སྲིད་པའོ། །སྣང་གསུམ་གྱི་བག་ཆགས་ལས་སྐྱེས་པའི་འཁྲུལ་བའི་རགས་པས། ཁམས་ཀྱི་ཐིག་ལེ་རྩ་འཁོར་དུ་འཕོ་བའི་རླུང་ཕྲ་མོའོ། །འཕོ་བའི་བག་ཆགས་ལས་སྐྱེས་པའི་ཐིག་ལེ་རགས་པ་སྟེ་དེ་འདྲའི་སེམས་རགས་པ་ནི་འབྲས་བུའི་ས་ན་མེད་ཅིང་དེའི་དབང་གིས་སེམས་དང་སེམས་སྣང་དེ་དག་སྟོང་གཞིར་བྱས་པའི་རེས་འགའ་བའི་རྟག་པའི་སྟོང་ཉིད་ཀྱང་འབྲས་བུའི་ས་དེ་ན་མེད་པས་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་སྐུར་འགྲོ་རྒྱུའི་སྤྱིར་བྲལ་རྒྱུ་ཁམས་ཀྱི་ཆོས་སྐུ། བྲལ་འབྲས་ཡེ་ཤེས་ཆོས་སྐུ་གཉིས་ལྟ་བུ་བྲལ་རྒྱུ་བྲལ་འབྲས་ཡིན་གྱི། ཐུན་མོང་ལྟར་བསྐྱེད་བྱེད་གྱི་རྒྱུ་འབྲས་མིན་ནོ། དེ་ཁོ་ན་ཉིད་ནི་གཉུག་མའི་ཡེ་ཤེས་འདིའི་དབྱིངས་ལ་བཞག་དགོས་པས་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་སུ་གང་ལ་དགོངས་ཏེ་བདེ་གཤེགས་སྙིང་པོ་བསྟན་པའི་དགོངས་གཞི་མཐར་ཐུག་ཀྱང་འདི་ཉིད་ཡིན་ཞིང་། འོན་ཀྱང་དེ་ལ་དགོངས་ཏེ་གསུངས་པའི་མདོ་སྡེ་དེ་དག་གཉུག་སེམས་དངོས་སུ་བརྗོད་བྱར་མཛད་ནས་སྟོན་པའི་སྡེ་སྣོད་ནི་མིན་ཞེས་བཤད་ན་བསྐྱང་བདེ་ཡང་། འདིར་ནི་རྒྱལ་བ་ཀློང་ཆེན་པ་རོང་ཟོམ་ཟུར་པ་སོགས་ངེས་དོན་གྱི་མཆོག་གཟིགས་པའི་སྤྱན་ཡངས་


MLP020_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་མང་པོ། མདོ་དེ་དག་གིས་བསྟན་པའི་གཤེགས་སྙིང་དང་། འདིར་བསྟན་གཉུག་སེམས་དོན་གཅིག་པས་དེ་དག་གི་དགོངས་གཞིར་གཉུག་སེམས་ཡིན་པར་མ་ཟད་བརྗོད་བྱ་ཡང་འདི་ཁོ་ན་ཡིན་ཞེས་བཞེད་ལ། དེ་ལྟ་ན་མདོ་སྔགས་ཁྱད་མེད་དུ་མི་འགྱུར་རམ་ཞེ་ན། མདོ་སྔགས་ཀྱི་ཁྱད་པར་འདི་ལ་སྨིན་གླིང་ལོ་ཆེན་རིན་པོ་ཆེ་སོགས་ནི་རིག་པ་ངོ་བོ་འགྱུར་མེད་ཡིན་པ་དང་དྲི་མའི་སྦྱང་གཞིར་འདོད་པ་ལ་ཁྱད་མེད་ཀྱང་རིག་པ་དེ་ཉིད་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཞེས་པའི་དང་པོའི་ཆ་ལྷན་སྐྱེས་མི་འགྱུར་བའི་བདེ་བའི་རང་བཞིན་ཏུ་བསྐྱེད་པའི་ལམ་དུ་ཡེ་ནས་གནས་པར་འདོད་པ་སྔགས་ཀྱི་ཁྱད་ཆོས་ཡིན་ཞེས་བཞེད་དོ། །དོན་འདི་དཀའ་བའི་གནད་ཡིན་པས་ཀུན་མཁྱེན་ཡབ་སྲས་ཀྱི་ཡིད་བཞིན་མཛོད་དང་ཡོན་ཏན་མཛོད་རྩ་འགྲེལ་སོགས་ཀྱི་གཞུང་ལ་བརྟེན་ནས་དཔྱད་པའི་སྒོ་ཙམ་སྨོས་ན། བླ་མེད་ཀྱི་རྒྱུད་ནས་གསུངས་པའི་གཉུག་སེམས་དང་འཁོར་ལོ་ཐ་མ་ནས་བསྟན་པའི་གཤེགས་སྙིང་གཉིས་མིང་མི་འདྲ་ཡང་དོན་གཅིག་ལ། དོན་དེ་འགྲོ་བ་ཐམས་ཅད་ལ་ཁྱབ་པར་བཞུགས་ཀྱང་གཟུང་འཛིན་འཁྲུལ་པའི་སེམས་ཀྱིས་བསྒྲིབས་ནས་མ་མཐོང་བ་ཡིན་པས། དེ་མངོན་དུ་བྱེད་པ་ལ་འཁྲུལ་པའི་སེམས་འདི་སྦྱང་དགོས་པར་བཞེད་པ་ལའང་མདོ་སྔགས་ཁྱད་པར་མེད་མོད་ཀྱི། སྦྱང་ཚུལ་དང་ལམ་ཉམས་ལེན་གྱི་ཐབས་མི་འདྲ་སྟེ་མདོ་སྡེར་མ་ཟད་རྣལ་འབྱོར་རྒྱུད་མན་ཆད་དུའང་སེམས་རགས་པ་འདི་ཉིད་ཁོ་ནའི་སྟེང་ནས་ཟབ་ཅིང་རྒྱ་ཆེའི་ལམ་བསྒོམས་ཏེ་རིམ་གྱིས་རྣམ་པར་མི་རྟོག་པའི་དབྱིངས་སུ་སྦྱངས་ནས། མཐར་སྔགས་ལམ་ལ་ནམ་ཞུགས་པ་དང་གཟོད་གཤེགས་སྙིང་དངོས་ལ་རེག་པར་སྟོན་པ་ཤ་སྟག་ཡིན་ལ། མདོ་ལམ་སོགས་སུ་སེམས་རྟོག་བཅས་ལམ་གྱི་ངོ་བོར་བསྐྱེད་ནས་བསྒོམས་ན་རྟོག་ཚོགས་ཐམས་ཅད་ལ་རིགས་སྲོག་ཏུ་ཞུགས་ཡོད་པས་རྟོག་ཚོགས་ཐམས་ཅད་དག་པ་ན་གཤེགས་སྙིང་དངོས་ལ་རེག་ནུས་པ་ནི་དཔེར་ན་ཁ་བའི་སྟེང་དུ་གུར་གུམ་བཏབ་ན་ཁ་བ་ཆུའི་སྙིང་པོ་ཅན་ཡིན་པས་ཁ་བ་ཞུ་ཚེ་ས་ལ་འབབ་པ་བཞིན་ནོ་གསུངས། སྔགས་ཀྱིས་དང་པོ་ནས་གཉུག་སེམས་རྗེན་པར་ཕྱུང་བའི་ཐབས་འཚོལ་བས་ལམ་གྱིི་དུས་ན་མདོ་སྔགས་གཉིས་དཔེར་ན་ཨ་རུ་སྣོད་དུ་བཅུག་ནས་ཕྱི་ནས་ནོམ་རེག་པ་དང་ཨ་རུ་དངོས་ལ་ནོམ་པ་ལྟ་བུའི་ཁྱད་ཡོད་གསུངས། རྡོ་རྗེ་སློབ་དཔོན་གྱིས་དབང་བཞི་བསྐུར་བའི་ཐབས་ཀྱིས་བདེ་གཤེགས་སྙིང་པོའི་འོད་གསལ་དེ་དབང་བསྐུར་རྒྱུད་བཤད་མན་ངག་


MLP020_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་གསུམ་ལས་དབང་བསྐུར་བའི། བུམ་དབང་གིས་དབང་གོང་མ་གསུམ་ཞུ་བའི་སྣོད་རུང་དུ་བྱ་ཞིང་སྐུར་སད་པའི་རྟེན་འབྲེལ་དང་། དེ་སྔོན་དུ་སོང་ནས་གཙོ་བོ་མཆོག་དབང་གསུམ་གྱི་དང་པོས་གསུང་ལོངས་སྐུ་དང་། ཤེར་དབང་གིས་ཐུགས་ཆོས་སྐུ། ཚིག་དབང་གིས་སྐུ་ཐུགས་ཟུང་འཇུག་ངོ་བོ་ཉིད་སྐུའི་རྟེན་འབྲེལ་བསྒྲིག་གོ སྒོ་གསུམ་སྐུ་གསུམ་དུ་སད་པའི་རྟེན་འབྲེལ་བསྒྲིགས་པ་སྔོན་དུ་བཏང་བས་ད་ལྟ་དང་པོ་ཉིད་ནས་རྣམ་རྟོག་གི་སྟེང་ནས་ལམ་མི་བསྒོམ་པར་ཀུན་རྟོག་འཁྲུལ་པའི་སེམས་འདི་ཐད་ཀར་དངོས་སུ་གཅོད་པའི་དག་གསུམ་མཉམ་བཞི་གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་བཞག་ཐབས་གྲོལ་ལམ་དང་། དབུ་མ་སྒྲ་གཅན་གྱི་དབྱིངས་སུ་བསྡོམས་པའི་ཐབས་ཏེ་རྫོགས་རིམ་གྱི་ཐབས་མཁས་ཀྱི་འཕྲུལ་གསང་ཟབ་མོས་གཉུག་སེམས་མངོན་དུ་ཕྱུང་སྟེ་དྲི་མ་བྲལ་རིམ་གྱིས་དེ་ཉིད་འཐུག་སྲབ་སོགས་ཡར་ལྡན་དུ་ཁྱེར་ནས་འབྲས་བུ་ལ་བདེ་མྱུར་དུ་སྦྱོར་བྱེད་ཀྱི་ཐབས་འཁོར་བསྐྱེད་རིམ་དམ་ཚིག་སྡོམ་པ་དང་བཅས་པ་ནི་བླ་མེད་ཀྱི་རྒྱུད་ལས་གཞན་དུ་འོད་གསལ་དངོས་ལ་རེག་ཚུལ་བསྟན་པ་མེད་ཅིང་། ལམ་སྒྲུབ་ཚུལ་རྟོག་པའི་སྟེང་ནས་ལམ་སྒྲུབ་པ་སྔ་མ་མདོའི་སྐབས་སུ་མི་མཁོ་བའི་རྩ་རླུང་ཐིག་ལེའི་རྣམ་བཞག་དང་། གཉུག་སེམས་སྔགས་ཀྱི་རྫོགས་རིམ་སྐབས་ལྟར་བདེ་བ་ཆེན་པོའི་ལྡོག་པ་ནས་བསྟན་པ་སོགས་ཀྱང་མདོ་སྡེའི་ཕྱོགས་ན་མེད་དོ། །དེ་ལྟར་བརྗོད་བྱ་རྟོགས་བྱ་བསྒོམ་བྱ་གཅིག་ཀྱང་སྒོམ་ཚུལ་དང་དྲི་མ་སྦྱོང་ཚུལ་གྱིས་མཆོག་དམན་དང་། ཉེ་རིང་ཕྱེས་ནས་བཤད་ན་ཐེག་པ་གོང་འོག་གི་རྣམ་བཞག་ཐམས་ཅད་ཀྱང་པདྨའི་འདབ་མ་ལྟར་མ་འདྲེས་མ་འཛིངས་གོང་འོག་མ་འཁྲུགས་པར་གནས་པར་འགྱུར་རོ། །བདེ་གཤེགས་སྙིང་པོའི་མདོ་མཉན་དུ་རུང་བ་ལ་དབང་ཐོབ་དགོས་པར་ཐལ་བར་ཡང་མི་འགྱུར་ཏེ། དབང་བསྐུར་བ་ནི་གཙོ་བོར་བླ་མེད་ཀྱི་ལམ་ལ་སློབ་པའི་ཆེད་ཡིན་པའི་ཕྱིར་ན་མདོ་ཕྱོགས་ཀྱི་ཆོས་ལས་བསྟན་དོན་སྔགས་ཀྱི་བརྗོད་བྱར་བསྟན་ཀྱང་སྔགས་ཀྱི་རྒྱུད་སྡེ་མིན་པས་དབང་ཐོབ་མི་དགོས་སོ་ཏེ། དཔེར་ན་ལུགས་གཞན་གསར་ཕྱོགས་དུའང་བླ་མེད་ཀྱི་རྒྱུད་གསང་འདུས་ཀྱི་སྐབས་སུ་འབད་པ་དུ་མས་ལྷན་སྐྱེས་ཀྱི་བདེ་བ་བསྒྲུབས་པའི་དོན་པོ་བདེ་བའི་ཡེ་ཤེས་དེས་སྟོང་ཉིད་སྒོམ་པ་ཡིན་ཡང་ལམ་ཁྱད་པར་བ་དེའི་སྟོང་ཉིད་བསྒོམ་པ་ལ་དབང་ཐོབ་དགོས་པ་དང་། སྤྱིར་སྟོང་ཉིད་མཉན་པ་ལ་དབང་ནོད་མི་དགོས་ཏེ་མདོ་ཕྱོགས་ཀྱི་སྟོང་ཉིད་ཉན་སྒོམ་བྱེད་པ་བཞིན་ནོ། །མདོ་སྡེའི་ཕྱོགས་ནས་དེ་འདྲའི་གཤེགས་སྙིང་བསྟན་


MLP020_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ད་ལྟ་ནས་གཤེགས་སྙིང་དངོས་སུ་ལམ་དུ་བྱ་བའི་ཆེད་མིན་ན་དགོས་པ་ཅི་ཡོད་ཅེ་ན། འདིའི་སྐྱོན་སྤོང་བྱེད་ཚུལ་རྒྱུད་བླ་མའི། །སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཞེས་སོགས་ཀྱི་སྐབས་རྒྱུ་མཚན་ལྔ་གསུངས་པ་ལ་སོགས་པའི་སྟེང་ནས་ཤེས་དགོས་ཏེ། ཀློང་ཆེན་བཞེད་པ་དང་། དར་ཊིཀ་ནས་བཤད་པ་མི་འདྲ་བས་དེ་ལའང་ཞིབ་ཆ་དགོས་གསུངས་ཤིང་། ཐོགས་མེད་ཀྱིས་ཐལ་འགྱུར་དུ་བཀྲལ་བའི་རྒྱུད་བླའི་འགྲེལ་པར། གཤེགས་སྙིང་ལ་ངོ་བོ་མི་འགྱུར་བའི་ཆ་ནས་རྟག་པའི་ཆོས་ཉིད་ཅེས་མི་བསླུ་བའི་ཆ་ནས་བདེན་པའི་ཆོས་གསུངས་པ་སོགས་དང་། འགྲེལ་བ་དེར། དེ་བས་ཀྱང་ཀུན་མཁྱེན་གྱི་ལུགས་ལ་ཆེས་བཤད་དཀའ་བ་འགའ་ཞིག་ཡོད་པའི་དེར་ཉན་རང་ཐེག་ཆེན་འཕགས་པས་གཤེགས་སྙིང་རྟོགས་པར་གསུངས་པ་གསར་ཕྱོགས་ལ་འཐད་ཀྱི། །ཀུན་མཁྱེན་ལུགས་འཛིན་ལྟར་ན་འདིར་མདོ་སྔགས་གཉིས་བརྗོད་བྱའི་གཤེགས་སྙིང་འོད་གསལ་ལ་བཤད་པས་དེ་ཉན་རང་སོགས་ཀྱིས་ཀྱང་་རྟོགས་པར་ཐལ་བའི་སྐྱོན་བརྗོད་ན་འགལ་སྤོང་སོགས་ཀུན་མཁྱེན་ཆེན་པོའི་གཞུང་རྣམས་ཁོག་བསྒྲིགས་ནས་ཤེས་པར་བྱའི། འདིར་མ་སྤྲོས་སོ། །རྣམ་པ་གཅིག་ཏུ་ན། འཁོར་ལོ་ཐ་མའི་མདོ་དང་རྒྱུད་བླ་མ་སོགས་ལ་བརྟེན་ནས་སྔགས་ཀྱི་འོད་གསལ་གཏན་ལ་ཕབ་པ་ཡིན་ཞེས་ཀུན་མཁྱེན་གྱིས་བཤད་པ་རྣམས་མདོ་བསྟན་བཅོས་དེ་དག་རང་རང་གི་དགོངས་གཞི་མཐར་ཐུག་དང་སྦྱར་བའི་སྟེང་ནས་མདོ་དེ་དག་གི་དོན་བཤད་ན་ཀློང་ཆེན་རང་གིས། རྫོགས་སངས་སྐུ་ནི་སོགས་འགྲེལ་ཚུལ་འདི་ལྟར་འཆད་དགོས་པར་འགྱུར་གྱི་དེ་ལས་གཞན་དུ་འཆད་ཚུལ་ཡོད་ཞེས་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་དོན་དཔེར་ན། རྗེས་ལམ་རིམ་གྱི་བརྗོད་དོན་མཐར་ཐུག་སྔགས་ལ་གཞོལ་ཆེད་ཡིན་ཕྱིར་ལམ་ཙམ་སྨོས་པ་ལྟར་མཐར་ཐུག་གསང་སྔགས་བླ་མེད་ལ་གཞོལ་བའི་ཚུལ་དེ་ཀློང་ཆེན་པས་བསྟན་པ་ཙམ་དུ་ཡིན་ཞེས་དགོངས་པ་བླང་ནའང་འགལ་བ་ཆེར་མ་མཐོང་སྟེ། རང་ལུགས་འཛིན་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ། །ཡེ་ཤེས་དེ་འཁོར་འདས་གཉིས་ཀྱི་གཞིར་འགྱུར་ཚུལ་གསར་རྙིང་ཡོངས་ལ་གྲགས་པ་ནི། སེམས་ཅན་རྣམས་འགྲོ་བ་ལྔར་འཁོར་བ་ན་ཕུང་པོ་སྔ་མ་ས་ཆུ་ལ་ཐིམ་པ་ས་རླུང་ཤས་ཆེ་བས་རྣམ་ཤེས་ཀྱི་རྟེན་མི་བྱེད་པ་ལ། ས་ཆུ་ལ་ཐིམ་ཞེས་བཤད་དེ། དེ་བཞིན་དུ་ཆུ་རླུང་དང་། མེ་རླུང་། རླུང་གི་རླུང་རྣམས་ཀྱིས་རྣམ་ཤེས་ཀྱི་རྟེན་མི་བྱེད་པ་ལ་ཆུ་མེ་ལ་ཐིམ་སོགས་དང་། སྟོང་ཆ་ཙམ་གྱིས་རྣམ་ཤེས་ཀྱི་རྟེན་མི་བྱེད་པ་ལ་ནམ་མཁའ་སྣང་བ་ལ་ཐིམ་


MLP020_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་སྟེ། དོན་ལ་རྣམ་ཤེས་ཇེ་ཕྲར་སོང་བ་ཡིན་ནོ། དེ་ནས་སྟོད་ཀྱི་ཁམས་དཀར་ཆ་སྙིང་ཁའི་དབུ་མར་འདུས་པ་སྣང་བ་དང་། སྨད་ཀྱི་དམར་ཆ་གྱེན་དུ་ཕྱུར་བ་མཆེད་པ་དང་། དེ་གཉིས་སྙིང་གར་འཛོམས་པས་རླུང་སེམས་མི་རྟོག་པར་བསྡུས་པ་ནི་ཐོབ་པ་སྟེ། དེ་གསུམ་གྱི་སྐབས་སུ་རིམ་བཞིན་ཞེ་སྡང་གི་རྟོག་པ་སོ་གསུམ། འདོད་ཆགས་ཀྱི་བཞི་བཅུ། གཏི་མུག་གི་བདུན་སྟེ་ཀུན་རྟོག་བརྒྱད་ཅུ་འགག་རྟགས་སུ་རིམ་བཞིན། སྨིག་རྒྱུ་དུ་བ་སྲིན་མེ་ཁྱེར། །མར་མེ་ཉི་ཟླ་དང་མཚུངས་སྦྱར། ཞེས་པ་རྣམས་འཆར་བའི་རྗེས་ཤི་བ་དོན་དམ་བདེན་པ་ཤར་ལ། དེ་ལས་ལྡང་བ་ན་རླུང་གི་རྒྱུ་དང་འོད་གསལ་གྱི་རྐྱེན་ལས་བར་སྲིད་གྲུབ་པ་ནི་གཞིའི་ཀུན་རྫོབ་བདེན་པ་ཡིན་ནོ། རིམ་ལྔ་དང་རྗེའི་སྔགས་རིམ་དུ། འོད་གསལ་ལས་ལྡང་བ་དང་། བར་སྲིད་གྲུབ་ནས་གཟོད་སྣང་གསུམ་གྱི་སེམས་དང་། ཀུན་རྟོག་རགས་པར་མཆེད་པར་བསྟན། སྲོག་འཛིན་དང་བཅས་རྣམ་ཤེས་མངལ་དུ་ཞུགས་པ་མེར་མེར་གྱི་གནས་སྐབས་ལ་བདུན་ཕྲག་གཅིག་སྟེ་ཁུ་ཁྲག་དྭངས་པ་ལ་ཕྱི་ནང་གི་ཁྱད་པར་མེད་པས་མེར་མེར་དང་། ནུར་ནུར་བདུན་གཅིག་ཕྱི་ནས་དཀྲིགས་མ་ཆགས་པ་དང་། ལྟར་ལྟར་བདུན་གཅིག་ལག་པས་རེག་ཏུ་མི་བཟོད་པ་དང་། འཁྲང་འཁྲང་བདུན་གཅིག་ལག་པས་རེག་ཏུ་བཟོད་པའི་འཁྲང་པའོ། གོར་གོར་དབྱིབས་ཟླུམ་པོ་སྟེ་བདུན་གཅིག ཟླ་བ་གཉིས་པར་སྲོག་ཆགས་ཉ་ལྟ་བུའི་དབྱིབས་སུ་གྲུབ་པའི་རྟེན་དེར་བྱིས་པ་དེའི་སོར་བཅུ་གཉིས་ཚད་ཀྱི་དབུ་མ་ཆགས། དེར་ཐུར་སེལ་གྱི་རླུང་ཆགས་། རུས་སྦལ་འབུར་ལྔ་ལྡན་སྐབས་མེ་མཉམ་ཆགས། དེ་ནས་སྨད་ཀྱི་རླུང་ཤས་ཆེ་བས་ཕག་རྒོད་ལྟར་དུ་སྒུར་བ་ལ་གྱེན་དུ་ཆགས་ནས། མགོ་གྱེན་དུ་མཐོ་བ་སེང་གེ་ལྟ་བུ་ཆགས། དེ་ནས་ལུས་ཡོངས་རྫོགས་མིའུ་ཐུང་ལྟ་བུའི་ཚེ་ཁྱབ་བྱེད་ཆགས་སོ། སོགས་ཀྱི་རིམ་པས་འོད་གསལ་གྱི་དབྱིངས་དེ་ཉིད་དུ་སྡུད་ཅིང་། སླར་ཡང་འོད་གསལ་དེ་ཉིད་གཞོམ་མེད་ཀྱི་རང་དང་རྫས་གཅིག་པའི་གཡོ་བའི་རླུང་དང་བཅས་པ་ལས་སྣང་བ་གསུམ་དང་ཀུན་རྟོག་གི་རླུང་སེམས་རིམ་གྱིས་མཆེད་དེ་བར་སྲིད་དང་འཕང་འབྲས་དང་གྲུབ་འབྲས་ཀྱི་ངོ་བོར་གྲུབ་ན་སྐྱེ་བ་འགྲུབ་ལ། སྐྱེ་བ་བླངས་ནས་ཀྱང་རྟེན་འབྲེལ་གཞན་གྱི་ཐོག་མ་ལས་ཉོན་གྱིས་ཕྱི་མའི་སྡུག་བསྔལ་གྱི་རང་སྣང་གི་ཆའི་མ་དག་པའི་ཕུང་པོ་ཕྱི་སྣོད་དང་བཅས་པ་འདུ་བྱེད་ཅིང་། ཇི་ལྟར་འདུ་བྱས་པ་བཞིན་དུ་ཡང་ཕྱི་མའི་ཕུང་པོ་འགྲུབ་སྟེ། དེ་ལྟར་ཟོ་ཆུན་གྱི་འཁོར་ལོ་ལྟར་འཁོར་བ་ནི་བླ་མེད་ཀྱི་རྒྱུད་གསར་རྙིང་ཕལ་ཆེར་ནས་ཐུན་མོང་དུ་གསུངས་ལ། རྙིང་མ་ཐུན་མིན་ལྟར་ན་དེར་མ་ཟད་ད་ལྟ་གསོན་ལུས་ལ་གནས་དུས་ཀྱང་དབང་ཡིད་སྐད་ཅིག་དང་པོའི་དུས་གཟུང་བ་དང་གཉིས་པ་ཕན་ཆད་འཛིན་པ་ཞེས་གཟུང་འཛིན་རགས་པའི་བཞོན་བྱའི་རླུང་སེམས་ཀྱི་རགས་


MLP020_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ཐམས་ཅད་ཉི་འོད་དང་དེའི་དྲོད་བཞིན་དུ་ཡེ་ཤེས་ཀྱི་རླུང་སེམས་ཀྱིས་ཁྱབ་ནས་གནས་པས་ཡུལ་སྣང་ཐམས་ཅད་ལ་ཡང་འོད་གསལ་ཡེ་ཤེས་ཀྱི་སྣང་བའི་ཆ་རེ་མེད་མི་སྲིད་ལ༑ དེ་དག་ལས་ཁྱབ་བྱེད་ཡེ་ཤེས་ཀྱི་རླུང་སེམས་རྣམས་ནི་གཉུག་མའི་ཆ་དང་། དེའི་ཁྱབ་བྱ་གཟུང་འཛིན་རགས་པའི་ཆ་རྣམས་དེའི་ཆོ་འཕྲུལ་དུ་བྱུང་བ་དང་། རྒྱུན་མ་ཆད་པའི་འོད་གསལ་དེ་གཟུང་འཛིན་ཐམས་ཅད་ལ་སྲོག་ཏུ་ཡོད་པའི་དབང་གིས་དབང་ཡིད་གློ་བུར་བ་རང་རང་གི་བྱ་བ་ལ་འཇུག་པ་དེ་བྱུང་བ་ཡིན་ཞིང་། ཡེ་ཤེས་ཀྱི་ངོ་བོ་འཁྲུལ་མི་སྲིད་ཀྱང་རྣམ་འགྱུར་རམ་རོལ་པ་འཁྲུལ་པའི་རླུང་སེམས་སུ་མཆེད་པ་ན་དེའི་དབང་གིས་ཡེ་ཤེས་ཀྱི་སྣང་བའམ་ལྷག་པའི་ཀུན་རྫོབ་བདེན་པའང་འཁྲུལ་སྣང་གི་དབང་དུ་སོང་ནས་སྒྲིབ་བ་ཡིན་པས་དག་མ་དག་གི་སྣང་སེམས་ཐམས་ཅད་ཀྱང་རྩ་བའི་གཞི་སེམས་ཉིད་འོད་གསལ་ཁོ་ནར་འདོད་པ་ནི་གསང་སྔགས་སྔ་འགྱུར་ནས་བཤད་པ་ཐམས་ཅད་གསལ་བྱེད་འདི་འོག་གི་འདི་ཙམ་ཞིག་སོགས་སྙེག་དགོས་པས་ལྷག་བཅས་ཀྱི་ཚིག་སྟེ། འོད་གསལ་གྱི་ཡེ་ཤེས་ལུས་ལ་གནས་པ་གསར་ཕྱོགས་པས་ལུས་ཀྱི་དྭངས་མ་དབུ་མ་ཁོ་ནར་གནས་པ་འདོད་པ་དང་། གསར་རྙིང་ཀུན་གྱི་རང་རང་གི་གནས་པ་དེ་དང་དེ་ནས་ཤར་བས་ཤར་བ་མི་གཅིག་པ་མང་དུ་བཤད་ཅིང་འོད་གསལ་འཆར་བའི་ཐབས་ཀྱང་གཅིག་ཏུ་མ་ངེས་པ་དུ་མ་གསུངས་པ་རྣམས་ནི་རྒྱུད་རང་གི་ཆེད་བྱའི་གདུལ་བྱ་སོ་སོ་ལ་ལྟོས་ནས་མི་འདྲ་བ་དཔེ ར་ན་སྔོན་དང་ད་ལྟའི་སྨན་ངོས་འཛིན་ཚུལ་སོགས་མི་འདྲ་བ་ནི་དུས་དབང་གིས་དེ་ལྟར་འགྱུར་བ་བཞིན་ནོ་གསུངས་པས། འཆི་དུས་སུ་འོད་གསལ་ཤར་བ་དང་གསང་འདུས་ཀྱི་ལམ་དུས་སུ་རླུང་སྡུད་སྟོབས་ཀྱིས་འོད་གསལ་ཤར་བའི་དུས་ན་ནི་སོགས་ནམ་མཁའ་དཀར་དམར་ནག་གི་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་སྟོང་སང་གི་རྣམ་པ་ཅན་དང་། འཆར་ས་ཡང་དྷཱུ་ཏིའི་རྩ་འཁོར་གྱི་ནང་ཁོ་ནར་འཆར་བ་སྟོང་ཉིད་མེད་དགག་འཛིན་སྟངས་སུ་བྱས་པར་འདོད་པའམ། དུས་འཁོར་ལས་འོད་གསལ་ཤར་ཚེ་འོད་སྣང་བསམ་གྱིས་མི་ཁྱབ་པའི་རྣམ་ཅན་དུ་བསྟན་པ་ལྟ་བུ་སོགས་ཡིན་ཡང་འོད་གསལ་གང་ཡིན་ཐམས་ཅད་སྟོང་པ་དང་འོད་སྣང་བསམ་གྱིས་མི་ཁྱབ་པ་སོགས་དེ་ལྟར་ཡིན་དགོས་པར་མ་ངེས་ཏེ། འདི་ཙམ་ཞིག་རྫོགས་རིམ་གྱི་སྣང་བ་ལྷར་སྒྲུབ་སོགས་བསྐྱེད་རིམ་སྐབས་དུ་མར་མཁོ་བས་ཟུར་ཙམ་གོང་དུ་སྨོས་ཀྱི་རྒྱས་པར་རྫོགས་ཆེན་གྱི་སྐོར་ལས་འབྱུང་བས་མ་བཀོད་དོ། །དེ་ནི་ཀུན་ཉོན་འཁོར་བའི་ཆོས་ཀྱི་གཞི་བྱེད་ལུགས་


MLP020_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། རྣམ་བྱང་ཕྱོགས་ཀྱི་གཞི་བྱེད་ལུགས་འབྲས་ཆོས་སྐུ་གསུམ་གྱི་བྲལ་རྒྱུ་ཡིན་ཞེས་བཤད་པ་ལྟ་བུ་གཞན་ཡང་ཡོད་མོད་དེ། གཙོ་བོ་ནི་གོང་དུ་བྱང་ཆུབ་སེམས་ཀྱི་དོན་བཤད་པར་བརྗོད་ཟིན་ཏོ། །འདི་དག་གི་སྐབས་སུ་སྔར་སེམས་དང་ཡེ་ཤེས་རང་སྣང་བ་ཞེས་པའི་སེམས་དང་ཡེ་ཤེས་བཤད་ཟིན་པས། འདིར་རང་སྣང་གི་དོན་ནི། དེ་ལ་གཉིས་ཀྱི་དང་པོ་ཡེ་ཤེས་རང་སྣང་ཞེས་བཤད་པ་ནི་ཡེ་ཤེས་ཉིད་ལས་གཞན་དུ་མ་གྱུར་པའི་སྣང་བ་སྟེ། འཁྲུལ་བས་མ་དཀྲུགས་པར་ཡེ་ཤེས་ཀྱི་རང་དབང་གི་འཆར་ཚུལ་ལྟར་བཞག་པ་དག་པའི་སྣང་བ་ལྷག་པ་ཀུན་རྫོབ་དང་སྣང་བ་འདི་ཡེ་ཤེས་དང་གཅིག་ཡིན། གཉིས་པ་སེམས་རང་སྣང་ཞེས་པ་ནི་ཡེ་ཤེས་དེ་སེམས་ཀྱིས་དཀྲུགས་པའི་དབང་གིས་སྣང་སེམས་ཐ་མལ་རང་རྒྱུད་པར་འཆར་བ་མ་དག་པའི་དངོས་སྣང་རྣམས་ཏེ། དེ་དག་ཀྱང་སེམས་དང་གཅིག་མིན་ཏེ་སེམས་ཀྱི་རྫས་སུ་མ་གྲུབ་པས་སེམས་རང་གིས་བཏགས་པ་ཙམ་གྱི་སྣང་ཆར་ཟད་ཀྱི། ངོ་བོ་ཉིད་ཀྱིས་མ་དག་པའི་དངོས་པོར་གྲུབ་པ་མེད་པས་རང་སྣང་ཞེས་བྱའོ། །ཕྱི་མའི་སེམས་རང་སྣང་གི་གནས་ལུས་སོགས་ནི་ཡེ་ཤེས་ཀྱི་ཆ་དང་སེམས་ཀྱི་ཆར་གྱུར་པ་གང་ཡང་མིན་པས་རང་སྣང་དངོས་མ་ཡིན་ཡང་། སེམས་རང་སྣང་ཞེས་བཏགས་དགོས་དོན་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུར། འོད་གསལ་ཉིད་ལས་མ་བྱུང་བའི་ངོ་བོ་གཞན་ཞེས་བྱ་བའི་ཆོས་ཞིག །བཙལ་ཡང་རྒྱལ་བས་མི་བརྙེས་སོ། །ཞེས་སོགས་རྒྱུད་ཀྱི་རྩ་ཚིག་ནས་སྣང་སྲིད་དག་མཉམ་དུ་བསྟན་པ་རྣམས་ཀྱི་དགོངས་དོན་གཏན་ལ་དབབ་པའི་ཕྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་གི་ཕྱོགས་སུ་བསྡུས་ནས་བསྟན་པ་ཡིན་ནོ། །གཉིས་པ་ནི། གཞི་ཁོ་རང་གི་ངོ་བོ་ལ་འཁྲུལ་བ་མེད་ཀྱང་། འཁྲུལ་བ་ལ་རྣམ་པའི་འཁྲུལ་གཞིའི་གཞི་ཡོད་ཅེས་རོག་བདེ་གཤེགས་ཆེན་པོས་གསུངས་པ་ལྟར། གཉུག་མའི་རང་བཞིན་ལ་འཁྲུལ་བ་མེད་ཀྱང་། དེའི་ཆོ་འཕྲུལ་འཁྲུལ་བར་ཤར་ཏེ། གནས་ལུགས་གཟུང་འཛིན་གཉིས་སོགས་གང་དུའང་བརྗོད་མེད་ཀྱི་རང་ཞལ་འགེབས་ཤིང་སྒྲིབ་པར་བྱེད་པའི་ཐུན་མིན་གྱི་ཀུན་ལྷན་ཞེན་སྣང་ནི་དག་པའི་ཆོས་ཕྱིན་ཅི་ལོག་ཏུ་མ་དག་པར་སྒྲོ་བཏགས་ནས་འཁོར་བ་དག་པའི་བསམ་མི་ཁྱབ་པའི་འཆི་འཕོ་ལྟ་བུའི་ལས་ཉོན་གྱིས་འཆི་བ་ཕྲ་རགས་ཀྱི་རྟེན་དུ་ཞེན་པའི་མ་རིག་པ་འདི་གྱུར་པས་འཁྲུལ་བ་འདོགས་པའི་རྒྱུ་མཚན་གནས་ལུགས་ཀྱི་གཞི་དང་། རྒྱུ་རྐྱེན་རྒྱུ་འབྲས་ཀྱི་


MLP020_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་ཐུན་མིན་གྱིས་བཏགས་པ་དང་། དགོས་པ་གནས་ལུགས་སྒྲིབ་བྱ་དགག་བྱ་ཐུན་མིན་ངོས་ཟིན་པའི་ཕྱིར་བཏགས་པའི་གཞི་ཞེས་བྱ། དེ་ལྟར་གཞི་འདི་ལ་དངོས་བཏགས་ནང་ཚན་གྱི་བཏགས་མིང་གོ་ལུགས་ཀྱང་ཡོད་མོད། རང་གིས་འཛིན་སྟངས་ཀྱི་ཡུལ་དོན་ལ་མེད་པས་གསར་དུ་སྒྲོ་བཏགས་ཡིན་པའི་བཏགས་པར་གོ་སྟོབས་ཆེ། དེ་ཡང་གཞུང་སྤྱི་སྐད་དང་བསྟུན་ན་དང་པོ་གང་ལ་སྣང་བའི་སེམས་ལ་ཕྱིན་ཅི་ལོག་ཏུ་སྣང་ཞིང་དེ་ནས་སྣང་བ་ལྟར་སླར་ཡང་ཞེན་པས་ན་ཞེན་སྣང་ཞེས་སྦྱོར་དགོས་པར་མངོན་ཡང་། འདིའི་བཀའ་སྲོལ་ཚུལ་ལམ་ཆོས་སྐད་དུ་སྣང་གཞི་ཡེ་ཤེས་ཀྱི་ངོར་འདས་པ་དག་པའི་ཆོས་སྣང་ཡང་སེམས་ཀྱི་ངོར་རང་རྒྱུད་པར་སྣང་ཞིང་མ་དག་འཁོར་བར་ཞེན་པ་ཞེས་གསུངས་ཏེ། དེ་ལྟར་ན་སྣང་བ་ལྟར་མ་རྟོགས་པར་གཞན་དུ་ཞེན་པ་ཞེས་བཤད་པར་བྱའོ། །ཐུན་མོང་དང་། ཐུན་མིན། ཞེན་སྣང་དང་། ཞེན་པ་ཞེས་གང་ལྟར་ཡང་དོན་དུ་འཁྲུལ་པ་བཏགས་པའི་མ་རིག་པ་ཡང་ཟེར་བ་གཉིས་མེད་ལ་གཉིས་སུ་འཛིན་པ་ལ་འཇོག་པར་བཤད་དེ། ཅི་འདྲ་ཞིག་ཡིན་སྙམ་ན་རང་བཞིན་མེད་པའི་ཆོས་ཉིད་སྟོང་པའི་ཡེ་ཤེས་ལྷག་པའི་དོན་དམ་ལས་གཞན་དུ་ཐོག་མར་བྱུང་བ་དང་། ད་ལྟ་གནས་པའི་དུས་རྣམས་སུ་ངོ་བོ་གཞན་དུ་མ་གྱུར་པའི་འམ་གཉིས་སུ་མེད་པའི་དག་པ་དངོས་པོ་ལྷག་པའི་ཀུན་རྫོབ་རྣམས་ལ་རང་མིན་གྱི་གཞན་ཕྱི་རོལ་ཐ་དད་དུ་གྱུར་པའི་ཡུལ་གྱི་ཚུལ་གྲུབ་པར་སྣང་བ་རང་རྒྱུད་ཐ་མལ་པའམ་རང་དབང་བ་དང་རང་མཚན་པར་ཞེན་པའོ། །གནས་ལུགས་ལས་གཞན་དུ་ཞེན་པའི་ལོག་རྟོག་དུ་མ་ཡོད་ཀྱང་འདིར་ཞེན་སྣང་དེའང་སྤྱིར་གནས་ལུགས་ཀྱི་དོན་ལས་གཞན་དུ་གོལ་ཏེ་སྲིད་པར་འཁོར་འི་རྒྱུའི་གཙོ་བོ་རྨོངས་པ་མ་རིག་པ་ཡིན་ཞིང་། དེ་ལ་ལྷན་སྐྱེས་དང་ཀུན་བཏགས་གཉིས་ཏེ། དེ་གཉིས་ཀྱང་འདིར་གཞུང་སྤྱི་སྐད་ལྟར་གྲུབ་མཐའ་ངན་པས་བཏགས་ཏེ་གཙང་བདེ་སོགས་བློ་ངོར་འཐད་འཛིན་དང་མ་བཏགས་པར་ཐོག་མ་ནས་རྟག་འཛིན་སོགས་ལ་ལྷན་སྐྱེས་ཞེས་པ་ལ་མ་བཞག་པར་ངོ་བོའི་དབྱིངས་ལ་དོན་རྫོགས་པར་མ་མཇལ་ཏེ་རྨོངས་ཙམ་གྱི་མ་རྟོགས་པའི་མ་རིག་པ་ནི་ལྷན་སྐྱེས་དང་། རྟོག་ཚོགས་རང་སར་མཆེད་དེ་སྣང་སེམས་རང་རྒྱུད་དུ་ཞེན་པའི་ལོག་རྟོག་གི་མ་རིག་པ་ཀུན་བཏགས་གཉིས་ལ་བཤད་པ་ཡིན། དེ་ལྟར་བཤད་པའི་སྲིད་པའི་རྒྱུའི་གཙོ་བོ་ཕྱི་མ་སྟེ། འདིར་བསྟན་གཉིས་མེད་ལ་གཉིས་སུ་ཞེན་པའི་ཞེན་སྣང་ནི་དེའོ། །གཞི་དེ་གཉིས་ཀྱི་མཇུག་བསྡུས་ནས་བཤད་པ་ནི། དེས་ན་སངས་རྒྱས་ཀྱི་ཆོས་གཟུགས་སུ་འགྲུབ་པའི་སྟོང་པ་ཕྱང་ཆད་མ་ཡིན་པར་སྟོང་པའི་ཡེ་ཤེས་འབྲས་བུ་དང་རིགས་


MLP020_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་བསྒྲུབ་གཞིའི་དབང་དུ་བྱས་ནས་ངོ་བོའི་གཞི་དང་། སྤྱིར་འཁོར་བ་རགས་པའི་རྩ་བའང་བྱེད་མོད་ཀྱང་ཁྱད་པར་དུ་སངས་རྒྱས་པའི་གོ་སྐབས་བཀག་ནས་སེམས་ཅན་དུ་གོལ་བའི་འཁོར་བ་ཕྲ་མོའི་ཡིད་ལུས་སོགས་ཀྱི་རྩའི་དབང་དུ་བྱས་ནས་འཛིན་པ་ཕྱིན་ཅི་ལོག་ཏུ་བཏགས་པའི་འཁྲུལ་བ་བཏགས་པའི་གཞི་བསྟན་པར་སེམས་ཏེ། སྔ་མ་གནས་ལུགས་དག་པ་ཡིན་པར་གཏན་ལ་ཕབ་ནས་མ་བསྟན་ན་རྒྱུད་འདིའི་གྲུབ་མཐའི་སྙིང་པོ་བརྟན་གཡོ་སྣང་བའི་ཆོས་ཐམས་ཅད་ཆོ་འཕྲུལ་དང་རྩལ་དུ་ཡེ་སངས་རྒྱས་པར་གཏན་ལ་ཕབ་ཚུལ་མེད་པའམ་དབབ་ཏུ་མེད་ལ། །ཕྱི་མ་མ་བསྟན་ན་མཐར་ཐུག་གི་གཞི་དེ་ལ་ལྟོས་པའི་ལམ་གྱི་སྦྱང་བྱའི་གཙོ་བོ་གནས་ལུགས་རྟོགས་པའི་འགལ་ཟླར་གྱུར་པའི་དགག་བྱ་ཐུན་མིན་ངོས་མི་ཟིན་པས་དེ་གཉིས་ལས་དང་པོ་དངོས་དང་ཕྱི་མ་ཞར་བྱུང་གི་ཚུལ་དུ་གཉིས་སྨོས་སོ། །གཉིས་པ་ནི། སྐྱེད་བྱེད་ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་གྱིས་བསྐྱེད་བྱ་ཐུན་མོང་དང་མཆོག་གི་སེམས་ལྔ་སྐྱེས་ཟིན་སམ་སྐྱེས་བཞིན་པ་སྟེ། བི་མའི་རིམ་གསུམ་ལས། སྒྱུ་འཕྲུལ་འདིར་བསྟན་གྱི་ལམ་གྱི་ངོ་བོ་གང་ཞེ་ན་རྒྱུ་ཤེས་རབ་རྣམ་གསུམ་གྱིས། །འབྲས་བུ་ཉེ་རིང་གཉིས་ཀྱི་ལམ་གྱི་སེམས་ལྔ་སྐྱེས་ཟིན་མ་ཉམས་པ་དང་ད་ལྟ་གསར་དུ་སྐྱེས་པ་རྣམས་ལམ་གྱི་ངོ་བོར་ཡིན་པར་བསྟན་པ་ཡིན། །ཞེས་སོ། །འདིར་ཐུན་མོང་གི་སེམས་ལྔ་ནི། ངན་སོང་ལས་ངེས་པར་འབྱུང་བའི་ལྷ་མིའི་ཐེག་པ་དང་། འཁོར་བ་ལས་ཉན་རང་། མཐའ་གཉིས་ལས་བྱང་སེམས། ཕྱི་རྒྱུད་སྡེ་གསུམ་གྱི་ལམ་རྣམས་རེ་རེ་ཞིང་སེམས་ལྔ་རེ་བརྩི་བ་ཡིན་ལ། མཆོག་གི་སེམས་ལྔ་ནི། མ་ཧཱ་ཡོ་གའི་རང་གི་ཐུན་མིན་གྱི་ཆོས་སྐད་ཡིན་པས་རང་ལམ་ཉིད་ལ་བརྩི་བ་སྟེ། གང་ལྟར་ཡང་ལམ་དེ་དང་དེ་ལ་དང་པོ་འཇུག་འདོད་ཀྱི་སེམས་དང་པོར་ལྡང་བ་གཡོ་ལྡང་། ལམ་གང་ཡིན་དེ་རྙེད་ན་ཅི་མ་རུང་སྙམ་དུ་དོན་གཉེར་གྱི་འདུན་པའི་ཤུགས་ཆེར་སོང་བ་སྨོན་པ། སྨོན་པ་བཞིན་དུ་གུས་སྦྱོར་འཇུག་པ་འཇུག་པ། ཞུགས་ནས་ལམ་དེ་དང་དེའི་ཉམས་ལེན་གྱི་རྒྱུན་རྟག་སྦྱོར་ལ་གནས་པ་གནས་པ། ལམ་རང་རང་གི་མཐར་འདོད་དོན་གྱི་འབྲས་བུ་གྲུབ་པ་མཐར་ཕྱིན་པའི་སེམས་ཏེ། འདི་རྣམས་རེ་རེའི་མཐར་བྱང་ཆུབ་ཀྱི་སེམས་ཞེས་སྒྱུ་འཕྲུལ་བླ་མ་གོང་མ་དག་གིས་སྦྱར་སྣང་བ་གཞན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་མི་སྦྱོར་ཏེ་ཐུན་མིན་གྱི་བརྡ་ཆད་མཆོག་གི་སེམས་ལྔ་ལ་སྦྱོར་དགོས་པའི་དབང་དུ་བྱས་པའམ། ཡང་རེ་རེ་ནས་བྱང་ཆུབ་སེམས་ཞེས་སྦྱོར་བའི་དབང་དུ་བཏང་ན་ཉན་རང་གི་ཐེག་པའི་སེམས་


MLP020_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའང་དེ་དག་རང་གི་གནས་སྐབས་རང་འབྲས་བྱང་ཆུབ་ལ་ལྟོས་ནས་དེ་ལྟར་བརྗོད་པའམ་ཡང་ན་ལྷ་མི་ཉན་རང་གི་སེམས་ལྔ་ལ་སྒྲ་འཇུག་པ་ལ་བཤད་དུ་ཡོད་པས་མ་ཁྱབ་པ་གང་བདེའི་སྟེང་ནས་བསྙད་པར་བྱའོ། །ལམ་དེ་དག་སེམས་ལྔ་ལྔར་བསྡུས་ནས་བཤད་པ་དེའང་ཐེག་དམན་ཉན་ཐོས་ཀྱི་སྡེ་སྣོད་རང་ནས་ཉན་ཐོས་དེའི་ལམ་རྣམས་སེམས་ལྔར་བསྡུས་ཏེ་བསྟན་པ་སོགས་མིན་གྱི། རྒྱུད་སྡེ་འདིའི་གཞུང་ལས་ཉན་ཐོས་ཀྱི་ལམ་རྣམས་སེམས་ལྔར་བསྡུས་ནས་ལམ་འདིའི་སྟེགས་སུ་བསྟན་པ་སོགས་ཡིན་ནོ༑ ༑ ལམ་དེ་དག་རྣམས་ཅི་ལྟར་ན་སྔགས་ལམ་གྱི་ཐབས་སམ་ལམ་གྱི་རྒྱུད་དུ་འགྱུར་ཞེ་ན། གང་དུ་མཐར་ཕྱིན་པའི་ཐོབ་བྱ་འབྲས་རྒྱུད་བྱང་ཆུབ་སངས་རྒྱས་མངོན་དུ་བྱེད་པའི་དངོས་དང་བརྒྱུད་ནས་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པས་ལམ་འོག་མ་རྣམས་ལ་ཐབས་དང་། དངོས་དང་བརྒྱུད་ནས་རྫོགས་བྱང་དོན་དུ་གཉེར་བའི་གང་ཟག་སྔོན་བྱོན་དམ་པ་གང་གིས་མཐར་ཐུག་གི་འབྲས་བུ་གང་དུ་བགྲོད་པའི་ཤུལ་ཡིན་པས་ལམ་མོ། །ལམ་རྒྱུད་དེ་ལ་གཙོ་ཕལ་གྱི་སྒོ་ནས་དབྱེ་ན། ཉེ་བའི་ལམ་བླ་མེད་སྒྱུ་དྲྭའི་ལམ་འདི་ཉིད་དང་། རིང་བའི་ལམ་ཐུན་མོང་གི་ཐེག་པ་བཞི་དང་ཕྱི་རྒྱུད་སྡེ་གསུམ་གྱི་ལམ་རྣམས་ཏེ། སྤྱིར་དེ་དག་ལའང་ཉེ་རིང་ཡོད་མོད། འདིར་ཐམས་ཅད་རིང་ལམ་དུ་འཇོག་པ་དེའང་འདིའི་དངོས་ཀྱི་གདུལ་བྱས་ནོར་བུ་ལྟ་བུས་ཚེ་འདིར་ཟུར་འཇུག་གི་སར་བགྲོད་ཆོག་པ་ལམ་འདི་བོར་ནས་དེ་དག་ལ་འཇུག་ན་མཆོག་གི་དངོས་གྲུབ་ཐོབ་པ་ལས་ཆེས་རིང་དུ་འགྱུར་བ་དང་། ཐེག་པ་གཞན་གྱི་རིགས་ཅན་གྱིས་རང་རང་གི་ལམ་དེ་དང་དེ་སྒྲུབ་ནའང་མདོ་སྔགས་ཐམས་ཅད་ནས་རིང་ལམ་དུ་བགྲང་བ་དམན་ལམ་སྔོན་སོང་རིང་ལམ་ཡིན་པ་ལྟ་ཅི། དང་པོ་ནས་ཐེག་ཆེན་ཕར་ཕྱིན་དང་ཕྱི་རྒྱུད་ཀྱི་ལམ་ནས་ཞུགས་ཀྱང་དབང་རྣོན་རིམ་གཉིས་ལ་དངོས་སུ་སློབ་པའི་ལམ་འདི་པ་ལ་ལྟོས་ན་རྫོགས་བྱང་དུས་རིང་མོ་ཞིག་གི་མཐར་ནང་རྒྱུད་འདིས་བསྣོན་ཆ་བྱས་ན་འགྲུབ་པས་རིང་ལམ་ཞེས་བྱ་ཡི་ཕྱི་རྒྱུད་དག་ལས་ཚེ་གཅིག་གིས་མཆོག་འགྲུབ་པར་བཤད་པ་ནི་འདོད་གཟུགས་ཀྱི་རིག་འཛིན་བསྒྲུབ་ནས་ཚེ་བསྲིང་པ་ཡིན་གྱི་ལམ་འདི་པ་ལྟར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་གིས་མཆོག་འགྲུབ་པ་ནི་མིན་ནོ། །ཁོག་གཞུང་ལས། ཉེ་རིང་གཉིས་ཀྱི་ཐུན་མོང་གི་རྟོགས་རིགས་རྣམས་ཐུན་མིན་རིམ་གཉིས་ཀྱི་དངོས་གཞིའི་ལམ་སྟེགས་ཙམ་གྱི་སྦྱོར་བ་སྔོན་འགྲོའི་ལམ་ཉིད་དུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་སྤྱོད་ཐབས་བྱང་ཆུབ་ཀྱི་སེམས་ཀྱིས་འབྲས་བུ་ཐབས་བྱུང་སྦྱོར་བ་ཕྱིན་དྲུག་ལ་སྤྱོད་པའམ། ཡང་ན་རྒྱུ་གཞན་དོན་དུ་འབྲས་བུ་རྫོགས་


MLP020_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དོན་གཉེར་ཏེ། ཡང་ན་རྒྱུ་སྐྱེས་བུ་ཆུང་འབྲིང་གིས། འབྲས་བུ་བྱང་ཆུབ་སེམས་སོགས། བཤེས་གཉེན་བསྟེན་པ་ནས། བདག་མེད་རྟོགས་པའི་བར་སྔ་མ་རྒྱུ་དང་ཕྱི་མ་འབྲས་བུ་གྱུར་ཅིང་འབྱུང་བས་ལམ་དེ་དག་གིས་སྣོད་སྦྱང་དགོས་ཞེས་པའི་དོན་ནོ། །ཅེས་པ་ལྟར་འདིའི་ལམ་རིམ་གཉིས་ལ་སློབ་པ་ལ་སེང་འོ་བླུགས་སྣོད་རིན་པོ་ཆེ་དགོས་པ་ལྟར་དབང་པོ་དང་བསམ་པའི་སྣོད་སྦྱོང་ནས་སྣོད་ལྡན་ཞིག་དགོས་པས་དེ་འདྲ་བའི་ཆེད་དུ་ཐུན་མོང་གི་རྟོགས་རིགས་ལ་སློབ་པ་ཙམ་ནི་སྔགས་ལམ་ལའང་ཡོད་པས་ཉེ་རིང་ཐུན་མོང་གི་ལམ་དུ་འགྱུར་རོ། །ཁྱད་པར་གྱི་ལམ་དེ་ལ་དབྱེ་ན། ཐབས་ཀྱིས་བདེ་ཆེན་ཡེ་ཤེས་རང་རྒྱུད་ལ་ངེས་པའི་ལམ་དང་། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་རྟོག་ཚོགས་ལས་རྣམ་པར་གྲོལ་བའི་དབྱིངས་སྤྲོས་བྲལ་དང་ཡེ་ཤེས་སྒྲིབ་བྲལ་དུ་གཏན་ལ་ཕབ་པའི་ལམ་གཉིས་ཏེ། བཤད་རྒྱུད་རྒྱ་མཚོ་ལས། གྲོལ་ལམ་དང་ཐབས་ཀྱི་ལམ་གཉིས་སུ་རྣམ་པར་བསྟན། །ཞེས་སོ། །དེ་གཉིས་ཀྱི་ཁྱད་པར་ནི། སྤྱིར་ཐབས་ལམ་ཞེས་པའི་ཚིག་ཟུར་གྱི་ཐབས་ནི་གྲོལ་ལམ་གྱི་ནང་དུའང་ཡོད་དེ། རྣལ་འབྱོར་ལམ་ལྔ་པ་ཚོགས་སྒྲུབ་ཀྱི་སྤྱོད་པ་བཞིན་ནོ། །གྲོལ་ལམ་གྱི་སྐབས་སུ་བཤད་པའི་ཆོས་ཉིད་རྟོགས་པའི་ཤེས་རབ་ཀྱི་ལྟ་བ་འདི་ཉིད་ཀྱང་ཐབས་ལམ་ལ་དགོས་ཏེ། རྫོགས་རིམ་གྱི་ཡེ་ཤེས་དེ་དང་བྲལ་ན་ཐབས་ཀྱི་ལམ་གྱི་དགོས་དོན་ལམ་གྱི་སྙིང་པོ་སྟོར་བའི་ཕྱིར་རོ། །འོན་ཀྱང་ཐབས་དང་ཤེས་རབ་ཕན་ཚུལ་འབྲེལ་ཡོད་ཀྱང་ཐབས་ལམ་དང་གྲོལ་ལམ་གཞི་མཐུན་མེད་པས་གང་ཟག་གཅིག་གི་ལམ་ལ་ཐབས་གྲོལ་གཉིས་ཀ་གཞི་མཐུན་དུ་འཇོག་པའང་མ་ཡིན་ཏེ། ཐབས་ལམ་པ་དང་གྲོལ་ལམ་པ་ཞེས་གང་ཟག་ཐ་དད་ཀྱི་ལམ་ཆ་ཚང་བ་མདོ་ལམ་དང་སྔགས་ལམ་ཐ་དད་པ་ལྟར་གཉིས་སུ་བཞེད་དོ། །དེས་ན་བསྐྱེད་རིམ་ཐུན་མོང་ཡན་ལག་དང་དེའི་སྟེང་ནས་སྔགས་ལམ་གྱི་གཞུང་ཤིང་རྫོགས་རིམ་ལ་ལྟོས་ནས་རྫོགས་རིམ་ལ་རྩོམ་པའི་ཐོག་མར་རྩོམ་པ་དང་པོར་རང་ལུས་དང་གཞན་གྱི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱི་མན་ངག་ལ་བརྟེན་པ་ཐབས་ལམ་དང་། དེ་འདྲའི་ཐབས་མི་ཚོལ་བར་སེམས་ལ་གནད་དུ་བསྣུན་པའི་རང་བབས་ཀྱི་སྟེང་དུ་འཇོག་པའི་བཞག་ཐབས་ཙམ་ལ་བརྟེན་པའི་གྲོལ་ལམ་ཞེས་ཐབས་གྲོལ་ལ་ཁྱད་པར་དུ་བཤད་ཀྱང་རུང་མོད་དེ། འདིར་དགོངས་རྒྱན་ལྟར་བཤད་ན། ཐབས་ལ་གཏན་མི་བརྟེན་པ་མིན་ཀྱང་གཙོ་བོར་ཤེས་རབ་གསུམ་གྱི་རིམ་པ་དང་པོའི་སྔོན་ནས་རྟོགས་པ་ཆེན་པོའི་གཏན་ཚིགས་ཀྱིས་ལྟ་བ་གཏན་ལ་ཕབ་པའི་སྒོ་ནས་བཞག་ཐབས་གཉིས་གང་རུང་གིས་རང་རྒྱུད་


MLP020_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མ་དག་པའི་ཆོ་འཕྲུལ་གྱི་འཆིང་བ་ནི་ཞེན་པ་དང་སྣང་བ་ཕྲ་རགས་ཐམས་ཅད་ཆོས་ཉིད་དུ་གྲོལ་བར་བྱེད་པ་གྲོལ་ལམ་དང་། ལྟ་བ་དེའི་སྟེང་དུ་གཙོ་བོར་ཐབས་ཀྱི་ཁྱད་པར་གཞན་ལ་འཆིང་བྱེད་བརྟུལ་བྱ་རྣལ་འབྱོར་པ་ལ་གྲོལ་བྱེད་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱས་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་ཐབས་ལམ་དུ་བྱ་སྟེ་ཉེ་སྟོན་ཆོས་སེང་དང་རོང་ཀློང་སོགས་ཀྱི་བཞེད་པ་འདི་གཉིས་ཚིག་མི་གཅིག་ཀྱང་དོན་གཅིག་པའི་ཕྱིར་བཞེད་པའོ། །དེའང་གཉིས་གང་ཡིན་ན་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་བཞུགས་ཚུལ་ཐོས་བསམ་གྱིས་གཏན་ལ་ཕབ་པས་རྟོགས་ནས་དེ་ཡང་ཡང་གོམས་པར་བྱེད་དགོས་པ་ནི་སྒྱུ་འཕྲུལ་འདི་ཉིད་ཀྱི་ལམ་སྤྱིའི་ཁོག་ཡིན་ལ། སྒོམ་པས་གོམས་ཚུལ་ལ་ཁྱད་པར་ཡོད་དེ་ཐབས་གཙོ་བོར་མི་བྱེད་པར་གཙོ་བོར་སྒོམ་ཚུལ་ཡང་དེ་ཙམ་གྱི་སྟེང་ནས་ལམ་བགྲོད་པ་ནི་གྲོལ་ལམ་དང་། ལམ་དེའི་སྟེང་དུ་མན་ངག་གི་བྱེད་བཅིང་གི་ཐབས་ཟུར་པ་བསྣན་ནས་བསྣན་ཆོས་ཐབས་དེ་ལའང་གཙོ་བོར་བརྟེན་ཏེ་ལམ་བགྲོད་པ་ལ་ཐབས་ལམ་དུ་བཞག་པ་ཡིན་པས། རྒྱུ་ཤེས་པའི་སོགས་མཚན་ཉིད་གསུམ་གྱི་ལམ་གྱི་ཁོག་རྒྱས་པར་གྲོལ་ལམ་གྱིས་དེ་ཁོག་བཟུང་ནས་གོམས་པས་དེའི་སྐབས་སུ་བསྟན་ཞིང་། ཐབས་ལམ་འཆད་དུས་ཐབས་ལམ་རང་གི་སྒོས་ཆོས་ཐུན་མིན་ཙམ་ལས་མཚན་ཉིད་གསུམ་གྱི་ལམ་ཆེར་མ་བཤད་པའང་ཐབས་གྲོལ་གཉིས་ལམ་གྱི་སྤྱི་ཁོག་གཅིག་པ་དེའི་རྒྱུ་མཚན་ལ་ཐུག་སྟེ། ཐབས་ལམ་ལ་མཚན་ཉིད་གསུམ་མེད་པ་ནི་གཏན་མིན་ནོ། །དཔེར་ན་ཕར་ཕྱིན་དྲུག་སྔགས་ཀྱི་རིམ་གཉིས་ཀྱི་ལམ་ལ་ཡང་ཚང་མོད་ཀྱི། སྔགས་ཀྱི་ཐེག་པ་ཕར་ཕྱིན་ཐེག་པ་མ་ཡིན་པ་ལྟར་ཐབས་ལམ་ལའང་གྲོལ་ལམ་གྱི་ཉམས་ལེན་ཚང་ཡང་གྲོལ་ལམ་མ་ཡིན་ཞིང་། ཕྱིན་དྲུག་གི་སྤྱོད་པའི་སྐོར་ལ་ཕར་ཕྱིན་ཐེག་པའི་གཞུང་རྣམས་རྒྱས་པ་བཤད་པ་ཡིན་ལ། སྔགས་སུ་གསང་སྔགས་རང་གི་ཁྱད་ཆོས་རྣམས་གཙོ་བོར་སྟོན་པ་གྲོལ་ལམ་དུ་མཚན་ཉིད་གསུམ་དང་ཐབས་ལམ་སྐབས་གང་རུང་གི་དགོས་ཆོས་ཞིབ་པར་བཤད་པ་དང་འདྲའོ། །དེ་ལྟར་ཐབས་གྲོལ་སོ་སོར་གཙོ་བོར་གང་བྱེད་ཀྱི་ལམ་གཉིས་ལ་གྲོལ་ལམ་ཁྱབ་ཆེ་ཐབས་ལམ་ཆུང་བར་བཤད་མ་ཐག་པ་འདིས་མཚན་དོན་དང་གླེང་གཞི་སོགས་ཀྱི་སྐབས་སུ་གྲོལ་ལམ་ལྟར་བཤད་པ་ཐབས་ལམ་ལ་ཐུན་མིན་ལྟར་བཤད་པ་རྣམས་ལ་ཐུན་མོང་ལྟར་རམ་སྤྱི་ལྟར་བཤད་པ་དང་ཐབས་ལམ་ལྟར་ན་ནང་གསང་ལྟར་བཤད་པ་ཞེས་འབྱུང་བའི་


MLP020_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གོ་དོན་ཡང་ཤེས་པར་མངོན་ནོ། །གཞན་ཡང་ལམ་མྱུར་བུལ་གྱི་དབང་དུ་བྱས་ན། གྲོལ་ལམ་ནི་རིན་པོ་ཆེ་ཀཽསྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་ལྟ་བུ་དང་། ཐབས་ལམ་ནི་མཀྵྀ་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་སྒྱུར་བ་ལྟ་བུར་བཤད་ལ། འོན་ཀྱང་གྲོལ་ལམ་ཡིན་ན་བུལ་བས་ཁྱབ་པ་མེད་དེ་གྲོལ་ལམ་རིམ་གྱིས་པ་ཐབས་ལམ་རིམ་གྱིས་པ་ལས་བུལ་ཡང་། གྲོལ་ལམ་ཅིག་ཅར་བ་རང་རྣོ་དང་སྦྱང་རྣོ་གཉིས་ནི་ཐབས་ལམ་ཅིག་ཆར་བ་ལས་ཀྱང་མྱུར་ཞེས་གསུང་སྲོལ་ཡང་སྣང་ངོ་། །མྱུར་བུལ་བཤད་པ་དེ་ལ་ཐུན་མོང་དང་སྤྱི་ཁྱབ་སྔོན་དང་ཁྱད་པར་གྱི་བྱེ་བྲག་རྗེས་སུ་བཤད་པའི་དབང་དུ་བཏང་སྟེ་བཤད་ན་གྲོལ་ལམ་དང་པོར་འཆད་དགོས་པ་དང་། འཆད་བདེ་བ་ལ་བསམས་ནས་ཐབས་ལམ་དང་པོར་མདོར་བསྡུས་སྔོན་དང་རྒྱས་བཤད་རྗེས་སུ་འཆད་པ་གང་ལྟར་བྱས་ན་ཡང་རུང་ཞེས་གསུངས་པ་ལས་སྤྱི་དོན་འདིར་དགོངས་རྒྱན་ལྟར། འཆད་བདེ་བའི་དབང་གིས་ཐབས་ལམ་སྔོན་ལ་བཤད་པར་བྱ་སྟེ། སྔར་ལྟ་བ་གཏན་ལ་ཕབ་པ་ཐོས་བསམ་ཙམ་ལས་མ་རྟོགས་ཀྱང་ཐབས་ལམ་ཉིད་ལའང་འོད་གསལ་ཉམས་མྱོང་གི་སྟེང་ནས་རང་གཞན་གྱི་ལུས་ལ་གནད་དུ་བསྣུན་པ་ཐབས་དང་ཐབས་བྱུང་གི་འོད་གསལ་དངོས་རྟོགས་པ་དེ་ཡིན་ཏེ་ཐབས་ལམ་གྱི་རྣལ་འབྱོར་ལྔ་པོ་ཐབས་བྱུང་མིན་ནོ། །རྣལ་འབྱོར་གཉིས་ཡོད་པའི་གོ་རིམ་དང་བསྟུན་ན་ཐབས་སྔོན་ལ་འོང་ཞིང་ཐབས་བྱུང་རྫོགས་རིམ་གྱི་ཡེ་ཤེས་ནི་གྲོལ་ལམ་གྱི་སྒྲོམ་ནས་འཆད་བདེ་འབའ་ཞིག་ལས་གོ་རིམ་འཇོག་ཚུལ་མེད་པའང་མིན་ཏེ། སྒྲོམ་ཞེས་པའི་ཚིག་ཟུར་གྱིས་འདིར་ཐབས་ཐབས་བྱུང་གི་གོ་རིམ་བཤད་པས ། ཐབས་ལམ་ལ་ཐབས་དང་གྲོལ་ལམ་ལ་ཐབས་བྱུང་ལྟ་བུར་གོ་མི་རུང་སྟེ། དེ་ལྟ་ན་ཐབས་ལམ་སྔོན་དང་གྲོལ་ལམ་རྗེས་སུ་འབྱུང་བར་འགྱུར་བས་སྤྱི་བྱེ་བྲག་གི་གོ་རིམ་འ ཆོལ་འགྲོ་ཡང་། འདིར་ཐབས་ལམ་རང་གི་ཐབས་བྱུང་ཡེ་ཤེས་དེ་གྲོལ་ལམ་གྱི་སྒྲོམ་ནའང་ཡོད་པས་དེ་ལ་ལྟོས་ཏེ་ཐབས་ལམ་སྔོ ན་དུ་བཤད་པ་ཡིན། ཐུན་མོང་དུ་ཤེས་པའི་ཕྱིར་ཡང་གྲོལ་ལམ་རྗེས་སུ་བསྟན་པ་ཡིན་པའི་ཕྱིར་རོ། །དེ་ལ་གཉིས། ཐབས་ལམ་རིམ་གྱིས་པ་སྟེང་སྒོ་འཇུ་འདུལ་དང་། ཐབས་ལམ་ཅིག་ཅར་བ་འོག་སྒོ་ཁམས་གསུམ་རོལ་པའི་ལམ་མོ། །དང་པོ་འཇུ་འདུལ་གྱི་དོན་ནི་ལུས་ཀྱི་དྭངས་མ་རྩ། རྩའི་དྭངས་མ་དྷཱུ་ཏིའི་ནང་དུ་ཁམས་བཞུ་བཏུལ་གྱི་ཐིག་ལེ་དབབ་ལྡོག་བསྒྱུར་དུ་བཏུབ་ཅིང་ལས་སུ་རུང་བར་བཤད་པ་ནི་བརྟུལ་བའི་དོན་ནོ་ལས་ཀྱིས་ཡེ་ཤེས་འཆར་བར་བྱེད་པས་ན་འཇུ་འདུལ་གྱི་ལམ་དང་། ཁམས་གསུམ་རོལ་རོལ་པའི་དོན་ནི་


MLP020_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་ལེའུ་བཞི་པར་ཡུལ་སྐུ། ཡུལ་དང་ཤེས་པ་སྦྲེལ་བྱེད་དབང་པོ་ཡིན། འཆད་པ་པོའི་ལུས་ཀྱི་རྣ་དབང་སྦྲེལ་བྱེད་གསུང་ངམ་ངག་ཡིན་པས་དབང་པོ་གསུང་། རྣམ་ཤེས་ཐུགས་སུ་གསུངས་ཤིང་ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། ཡིད་སྒྲ་གཟུགས་མི་སྣང་བས་གཟུགས་མེད་ཁམས་སུ་བཤད་པའི་གཙོ་བོ་པདྨའི་རེག་བྱ་ལུས་འདོད་ཁམས་དང་རྡོ་རྗེའི་དབང་པོ་ངག་གཟུགས་ཁམས་དང་བདེ་བའི་རྣམ་ཤེས་ཡིད་གཟུགས་མེད་ཁམས་གསུམ་ཚོགས་ཤིང་འཕྲད་པའམ་སྦྱར་བའི་སྔགས་ཀྱི་རྟོགས་པ་རང་རྒྱུད་ལ་བསྐྱེད་པའི་རོལ་རྩེད་ཀྱི་སྤྱོད་པ་ཡིན་པས་ན་ཁམས་གསུམ་རོལ་པ་ཞེས་བྱ་སྟེ། སྔ་མ་རང་ལུས་དང་ཕྱི་མ་གཞན་ལུས་ལ་བརྟེན་པའོ། །འཇུ་འདུལ་གྱི་ལམ་ལ་གཙོ་བོར་བྱེད་པས་ཀྱང་བོགས་འདོན་དུ་ཁམས་གསུམ་རོལ་པ་ལ་སློབ་དགོས་ཤིང་། ཁམས་གསུམ་རོལ་པ་གཙོ་བོར་བྱེད་པས་ཀྱང་སྔོན་དུ་འཇུ་འདུལ་གྱིས་རྩ་ཐིག་རླུང་གསུམ་ལས་རུང་ངེས་པར་འགྲོ་དགོས་ཀྱང་། གཙོ་བོར་གང་བྱེད་ལ་ལྟོས་ནས་ཐབས་ལམ་རིམ་དང་ཅིག་ཆར་ཞེས་གང་ཟག་གཉིས་ཀྱི་ལམ་དུ་བཞག་ཀྱང་ཆོག་སྟེ་སྔ་མ་བཞིན་ནོ། །དང་པོ་སྟེང་སྒོའི་རྣལ་འབྱོར་ལ་གཉིས་བཤད་དེ། གསར་ཕྱོགས་གསང་འདུས་སོགས་དང་། རྙིང་མའི་ནང་རྒྱུད་ཐམས་ཅད་དུ་སྤྱིར་སྟེང་སྒོའི་ལམ་བཤད་ཚུལ་ཐུན་མོང་བ་དང་། གསར་ཕྱོགས་སོགས་སྔགས་ཕྱི་མ་ལ་མ་གྲགས་པའི་སྟེང་སྒོ་ཁྱད་པར་བའོ། ། དང་པོ་ནི། བཤད་རྒྱུད་རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་གསུངས་ཏེ། འཁོར་ལོ་གསུམ་ཕྲག་གཉིས་ནི། སྤྱི་བོ་བདེ་ཆེན་གྱི། མགྲིན་པ་ལོངས་སྤྱོད་ཀྱི། སྙིང་ག་ཆོས་ཀྱི། ལྟེ་བ་སྤྲུལ་པའི་འཁོར་ལོ་སྟེ་རྩ་བའི་འཁོར་ལོ་བཞི་དང་། དེ་འོག་སོར་བཞི་གཞལ་བར་གསང་གནས་སུ་མེ་དཀྱིལ་གཉེར་པོ་ཆེ་ཞེས། སྤྲུལ་པའི་འཁོར་ལོ་དམར་ཆ་ལྟེ་བའི་གཏུམ་མོ་སྦར་བ་ལས་ཡར་དམར་བའི་མེ་དྲོད་འབར་བའི་དགོས་པ་གྲུ་གསུམ་དམར་ནག་རཾ་གྱིས་མཚན་པ་སྔགས་རྒྱུད་གཞན་དུ་མེ་རང་མལ་གྱི་ཚངས་ལྟ་བུ་ཡིན་པས་ཚངས་པའི་མེ་ཞེས་གྲགས་པའི་མེ་དཀྱིལ་དང་། དེའི་འོག་གཤང་ཁ་ན་མེ་དེ་སྦོར་བྱེད་ཀྱི་ཐུར་སེལ་གྱི་རླུང་གཞུ་དབྱིབས་ལྗང་ཁུ་ཡཾ་གྱིས་མཚན་པ་སྟེ་རྐྱེན་གྱི་འཁོར་ལོ་གཉིས་སོ། །སྲོག་ཤིང་གསུམ་ནི། དབུ་དཀར་ཆ་འབབ་པའི་ལམ་རྐྱང་དམར་ཆའི་ལམ་རོ་གསུམ་མོ། །མེ་རླུང་འགྲོ་བས་


MLP020_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྷག་མའི་ཚིག་དོན་ནི། འཁོར་ལོ་བཞིའི་ལྟེ་བར་དམིགས་པས་གནད་དུ་བསྣུན་པ་ལས་རོ་རྐྱང་གི་རྒྱུ་བ་འགག་ཅིང་ཐུར་སེལ་གྱེན་དུ་ལོག་སྟེ་རླུང་དཀྱིལ་གྱིས་གསང་གནས་སོགས་རིམ་པར་ཚངས་པའི་མེ་སྦར། དེས་ལྟེ་བའི་གཏུམ་མོ་སྦར་ཏེ་དྷཱུ་ཏིའི་ལམ་དྲང་པོ་ནས་སོང་སྟེ་སྤྱི་བོའི་རྩ་འདབ་ཀྱི་དབུས་སྟོང་པ་ནམ་མཁའི་བ་ཞེས་པ་སྤྱི་བོའི་ཧཾ་ཡིག་བསྐུལ་ཏེ་མུ་ཏིག་ལྟ་བུའི་བྱང་ཆུབ་ཀྱི་སེམས་བབས་པ་ལས་ཡས་བབས་དང་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་ཞིང་། ཁྱད་པར་དུ་སྐབས་དེ་ཙམ་ལ་སྟོང་གསལ་ཤུགས་མཉམ་པའི་ལྷན་སྐྱེས་ཀྱི་དགའ་བའི་དུས་སུ་ཆ་ཆེ་ཕྲ་གཉིས་སུ་གནས་པའི་ཕྱི་མ་བདེ་བ་ཆེར་རྒྱས། རིས་མེད་མཉམ་པར་སྟོང་པའི་གདལ་ཁྱབ་སྤྲོས་པ་མེད་པའི་འོད་གསལ་གྱི་དབྱིངས་ལ་སྤྱོད་པའོ། །གཉིས་པ་ལ། ལུས་ལས་ཡེ་ཤེས་སྐྱེ་བའི་གནད་དང་། དེ་ཤེས་ནས་གནད་དུ་བསྣུན་ཚུལ་གཉིས་ལས་དང་པོ་ནི། སྔརཐབས་ལམ་རིམ་གྱིས་པའི་གླེང་གཞི་བཤད་པ་ལྟར་གདོད་ནས་རྣམ་པར་དག་པའི་རང་གནས་ཀྱི་ཡེ་ཤེས་དེ་ད་ལྟ་རྡོ་རྗེའི་ལུས་ལ་ཇི་ལྟར་གནས་པའི་ཚུལ་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བར་དྭངས་མ་ཆེན་པོ་ལྔའི་དབུས་ན་བརྟེན་པ་མི་ཤིགས་པའི་ཐིག་ལེ་ནི་སྟོང་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་རུ་བཞུགས་པ་དང་། འཁོར་འདས་དག་མ་དག་གི་སྣང་བ་ཐམས་ཅད་ཀྱི་འཆར་གཞིར་བཞུགས་ཏེ། བཤད་རྒྱུད་རྡོ་རྗེ་མེ་ལོང་ལས། ལུས་ཅན་སྙིང་གི་དབུས་ལ་གང་གནས་པ། །དྭངས་མ་ལྔ་པོ་དེ་ལ་བརྟེན་པའི་ཡེ་ཤེས་དེ་གདོད་ནས་རྒྱུ་རྐྱེན་ལས་མ་བྱུང་བས་རང་བྱུང་ཟག་པ་ཉོན་མོངས་པ་མེད་པས་དེའི་འཛིན་སྟངས་ཅན་མིན་པའི་གསལ་བའི་ཡེ་ཤེས་དང་ཡེ་ཤེས་དེར་སྣང་ཆ་རང་ཆས་སུ་ཡོད་དེ་རང་ཡིན་གྱི་གཟུགས། །དེ་ནི་གདོད་ནས་འགྱུར་བ་མེད་དེ་མི་ཤིགས་ཐིག་ལེ་འགྱུར་བདེ་ལྟ་བུ་མིན་པའི་ཡེ་ནས་བདེ་བ་ཆེན་པོའི་ངོ་བོ་ཅན་དེ་ཆོས་སྐུའི་རང་བཞིན། །དཔེར་ན་ནམ་མཁའ་ལྟ་བུ་འཁོར་འདས་ཀུན་ལ་འཆར་གཞིའི་ཚུལ་གྱིས་དེས་ཁྱབ་པ། །དེ་ཉིད་གཅིག་དུ་མ་དང་འཁོར་འདས་གང་དུའང་མི་གནས་ཆོས་སྐུའི་རང་བཞིན་ཡིན། ཞེས་དང་། བི་མའི་དཔེ་ཆུང་རང་གནས་ལས། སྙིང་གའི་མི་ཤིགས་པའི་ཡེ་ཤེས་སྤྲོས་པའི་གྲྭ་ཟུར་དང་བྲལ་དང་བྲལ་བའི་ཐིག་ལེ་ནི། །འབྲས་ཆོས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་ཉིད། །ཆ་མེད་ཀྱི་གཅིག་དང་ཆོ་འཕྲུལ་སྣ་ཚོགས་ལ་ཁྱབ་ཀྱང་ངོ་བོ་དུ་མ་རྣམ་སྤངས་པ། །ཆོ་འཕྲུལ་དགེ་སྡིག་ལུང་མ་བསྟན་སྣ་ཚོགས་སྣང་ལ་སྒྲ་རྟོག་གིས་མཚོན་དུ་མེད་པར་མ་ཟད་འོད་གསལ་རང་གི་ངོ་བོར་གྱུར་པས་ན་དེ་དག་གིས་ཀྱང་ཐ་དད་དུ་


MLP020_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་དུ་མེད། །ཅེས་སོ། །ཕུང་པོ་རགས་པ་རིམ་པར་བསྡུས་ཏེ་མཆོག་གི་དྭངས་མ་བརྟེན་པ་འོད་གསལ་ཤར་བ་ན་སླར་ཡང་འོད་གསལ་དེ་ལ་སྤྱིར་འཁོར་འདས་གཉིས་ཀ་འབྱུང་བའི་ནུས་པ་ཡོད་པའི་ནང་ནས་གཞིའི་སྐབས་ལས་མ་དག་འཁོར་བའི་ཆོ་འཕྲུལ་འབྱུང་བའི་ནུས་པ་རིམ་གྱིས་སད་པ་ཡིན་དེ་སད་པའི་ཚུལ་གང་ཞེ་ན་དང་པོར་སྙིང་གའི་འོད་གསལ་དེ་རང་ཉིད་དང་རྗེས་སུ་མཐུན་པ་རང་སྣང་གི་སྟོང་གཟུགས་དག་པའི་སྣང་བ་སྐུལ་བའི་བྱེད་ལས་ཅན་གྱི་དཀར་དམར་རླུང་གསུམ་གྱི་ཆ་ཕྲ་མོ་འོད་རྩ་དཀར་དམར་དང་དེ་ལ་རླུང་ཕོག་པའི་འོད་གསལ་རང་གི་རྟེན་རྩ་བའི་དྭངས་མ་ལས་གཞན་དག་འབྱུང་བ་ནི་ཉེ་བའི་དྭངས་ཆེན་འབྲུ་གསུམ་ཏེ། ལུས་རགས་པའི་སྟེང་གི་རྩ་ཁམས་ལ་ཁྱབ་པའི་དྭངས་མ་གཞན་ཐམས་ཅད་ཀྱི་ཟུངས་སམ་གནད་དུ་གྱུར་པའོ། །འོད་རྩའམ་དཀར་དམར་སྣང་བ་དེ་འོད་གསལ་རང་ལ་སྣང་བའི་རང་སྣང་དང་བཅས་པའི་རྟེན་བརྟེན་པ་དེ་དག་དཀྲུགས་བྱེད་འདོགས་པའི་ཞེན་སྣང་གི་བག་ཆགས་ཐོག་མེད་ནས་བརྒྱུད་དེ་ཡེ་རླུང་ངམ་ཡང་ན་བཏགས་ཙམ་གྱི་གང་ཟག་གི་སྟེང་དུ་བརྟན་པར་བཞག་སྟེ་འོངས་པའི་བག་ཆགས་དེ་དག་སད་ནས་ལོག་པའི་ཞེན་སྣང་གི་ཆས་དཀྲུགས་པའི་སེམས་རིགས་གཉིས་ཀྱི་སེམས་ཤུགས་ཆེ་བ་ལས་མ་དག་པའི་སྣང་བ་ངན་པ་སྐྱེད་པའི་དཀར་དམར་ནག་གསུམ་དྭ ངས་མ་རྣམས་ལ་རྩ་ཁམས་རླུང་གསུམ་སྙིགས་མའི་ཆ་གཙོ་བོ་ཨ་ནྲྀ་སོགས་རྣམས་འབྱུང་ཞིང་། དེ་དང་མཉམ་དུ་དང་པོ་ཡེ་ཤེས་རང་དབང་བའི་སྣང་བའི་རང་སྣང་གི་ཡུལ་རྣམས་ཀྱང་ཆུ་ཤིན་ཏུ་མཉེན་པ་དགུན་གྱི་གྲང་རེག་གི་རྐྱེན་གྱིས་རྡོ་ལྟར་སྲ་བའི་ཁམས་སུ་འགྱུར་བ་ལྟར་ངོ་བོ་དག་པ་ལ་རྣམ་པ་ཐ་མལ་པའི་རྣམ་པར་ཤར་ནས་སླར་ལ་ཞེན་སྣང་རྒྱས་པར་བྱེད་དེ། དེ་ལྟར་འཁྲུལ་པའི་གཟུང་འཛིན་གྱི་འཁོར་ལོ་བསྐོར་བ་ཡིན་ནོ། །དེའང་ཅུང་ཟད་ཞིབ་ཏུ་བཤད་ན། ལུགས་འདིར་སྙིང་གའི་གནད་གཙོ་བོར་བྱེད་དེ། དེ་ལ་དགོངས་རྒྱན་ལྟར་རྩ་འདབ་བརྒྱད་དམ་རྩ་ཆེན་བཞི་ལས་བཞིའི་དབྱིབས་སུ་གནས་པ་ལས། མདུན་ཆོས་ཉིད་ཀྱི་རྩ་ཟླུམ་པོ་ལ་འོད་གསལ་གྱི་རྟེན་རྩ་བའི་དྭངས་མ་འོད་དཀར་པོ་ཕྱིར་ཤར་བ་ཉེ་བའི་དྭངས་མ་ༀ་དང་འོད་གསལ་དེའི་གདངས་མ་དག་པའི་རྣམ་པར་གྱུར་པའི་སྙིགས་མ་སུ་ཏྲི་འོད་དེ་དག་གི་དབྱིབས་དང་སྒྲ་གདངས་ཀྱི་ངོ་བོར་ཡོད་པས་ཀྱང་ཡི་གེ་དེ་དག་ཏུ་བཞག་ཅེས་བཤད་ཀྱང་ཆོག་གཡས་ཡེ་ཤེས་ཀྱི་རྩ་གྲུ་བཞི་ལ་དྭངས་མ་ཧཱུྃ་དང་སྙིགས་མ་ཨ་ནྲི། གཡོན་ཡོན་ཏན་གྱི་རྩ་ཟླ་གམ་ལ་དྭངས་མ་ཨཱཿདང་སྙིགས་མ་པྲེ་དུའི་ཡི་གེ་རྣམས་གནས་ཏེ། ཡི་གེ་གསུམ་པོ་དྭངས་


MLP020_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ནང་ཕྱོགས་དབུ་མའི་ནང་འོད་རྩའི་ཕྱི་ལོག་རྩ་གྱེས་མཚམས་སུ་ཡོད་པར་གསུངས། དྷཱུ་ཏི་དང་མི་ཤིགས་པའི་ཐིག་ལེ་རྣམས་དང་ཉེ་བ་ན་ཡོད་པ་དང་། ས་བོན་དྲུག་པོ་རྩ་འདབ་ཀྱི་རྒབ་བམ་མཐར་གནས་སོ། །ཉེ་བའི་དྭངས་མ་དེ་དག་ནི་དབུས་ཀྱི་མི་ཤིགས་པའི་དྭངས་མ་ལྔའི་ཡོན་ཏན་ལས་བྱུང་སྟེ། ཉེ་བའི་དྭངས་མ་ༀ་ཡིག་ཤའམ་རྩའི་དྭངས་མ་ཞེས་འོད་ཀྱི་རང་བཞིན་ཤེལ་སྦུག་ཅན་གྱི་ཡོན་ཏན་ལས་བྱུང་། བྱེད་ལས་ནི་ལུས་ལ་ཁྱབ་པའི་རྩའི་དྭངས་ཆ་རྣམས་རྒྱས་པ་དང་རྩ་དེའི་བྱེད་ལས་སམ་རྩ་དེས་འཛིན་པའི་བྱེད་ལས་ཀྱིས་འདི་ཡི་རྩའི་ཡོན་ཏན་རྣམས་ཐད་རྩ་ཐིག་རླུང་སོ་སོར་གནད་དུ་བསྣུན་པ་ལས་བྱུང་བའི་ལམ་འབྲས་ཀྱི་ཡོན་ཏན་རྣམས་ཞེས་གསུམ་ཀར་སྦྱར་སྣང་། ཡོན་ཏན་རྣམས་སྐྱེད་ཅིང་སྐྱེས་ཟིན་གྱི་རྒྱུན་གསོས་ནས་རྒྱས་པར་བྱེད་དོ༑ ༑ཉེ་དྭངས་ཨཱཿཡིག་མི་ཤིགས་པའི་ཆུའི་དྭངས་མའི་ཐིག་ལེ་དམར་ཆའི་ཡོན་ཏན་ལས་བྱུང་བྱེད་ལས་ལུས་ལ་ཁྱབ་པའི་ཁྲག་གི་དྭངས་ཆ་རྒྱས་པ་དང་དམར་ཆ་དེར་ཆུ་དང་མེའི་ཆ་གཉིས་ཡོད་པའི་བྱེད་པས་སྡུད་པ་དང་སྨིན་པར་བྱེད་པའི་ཡོན་ཏན་སྐྱེད་ཅིང་གསོ། ཉེ་དྭངས་ཧཱུྃ་ཡིག་མི་ཤིགས་པའི་རླུང་གི་ཡོན་ཏན་གྱི་དབང་ལས་བྱུང་། བྱེད་ལས་ལུས་ལ་ཁྱབ་པའི་དབུགས་ཀྱི་དྭངས་ཆ་རྒྱས་པ་དང་གཡོ་ཞིང་ཁྱབ་པར་བྱེད་པའི་ཡོན་ཏན་སྐྱེད་ཅིང་གསོའོ། །ཉེ་བའི་དྭངས་མ་ལས་འབྲུ་གསུམ་དུ་འཇོག་པའི་རྒྱུ་མཚན་ༀ་དུ་འཇོག་པ་ནི་ཐིག་ལེ་དེ་ལ་དག་པའི་གཟུགས་སྣང་སྣ་ཚོགས་སྐྱེད་པའི་ནུས་པ་ཤས་ཆེར་ཡོད་པའི་སྒོ་ནས་ཡིན་ཏེ། ༀ་སྐུ་རྡོ་རྗེའི་ས་བོན་ཡིན་པས་སོ། །དེས་མཚོན་ཏེ་སྒྲ་ཚིག་གི་སྣང་བ་རིས་མེད་སྐྱེད་པའི་སྒོ་ནས་ཨཱཿདང་། ཏིང་ངེ་འཛིན་བཟང་པོ་སྐྱེད་པའི་སྒོ་ནས་ཧཱུྃ་དུ་འཇོག་པའང་ཤེས་པར་བྱ་ལ་ཞབས་དྲུང་པདྨ་ཕྲིན་ལས་ཀྱིས་ཡི་གེའི་གཟུགས་སུ་གནས་པར་གསུངས་པའང་འགལ་བ་མེད་དེ། མི་སོ་སོའི་སྐད་རིགས་སྣ་ཚོགས་འབྱུང་བའི་རྩ་འདབས་ཀྱི་ཡི་གེ་མི་འདྲ་བ་ལས་འབྱུང་བར་གསུངས་སོ། ད་ལྟ་སྐུ་སྒྲུབ་བྱེད་ཀྱི་ལྷ་བསྐྱེད་པ་ལྟ་བུའི་ལས་བསགས་པ་རྣམས་ༀ་གྱི་སྟེང་དུ་གསོག་པ་དང་། གསུང་སྒྲུབ་བྱེད་སྔགས་ཕྲེང་བསྒོམ་པ་སྔགས་བཟླས་པ་རྣམས་ཨཱཿལ་གསོག་པ་དང་། ཐུགས་སྒྲུབ་བྱེད་ཏིང་འཛིན་དང་བསྡུ་རིམ་སོགས་ཧཱུྃ་ལ་གསོག་པའང་རྒྱུད་སྡེ་རྣམས་ལས་བཤད་དོ། །དེ་མིན་གང་ཟག་དང་ཡེ་རླུང་གང་རུང་ལ་འཇོག་དགོས་པར་ཤེས་སོ།། ཕུང་པོ་འདོར་ཚེ་ཉེ་བའི་དྭངས་མ་བསྡུས་ནས་དེའི་ཚེ་སྟེང་གི་སྐུ་གསུམ་གྱི་བག་ཆགས་རྣམས་འབྲས་བུའི་སྒྲུབ་གཞིའི་འོད་གསལ་རང་གི་སྟེང་དུ་འཇོག །གསར་མས་རང་བཞིན་གནས་རིགས་ཀྱི་སྟེང་དུ་ཡང་དག་པར་བླངས་རིགས་ཀྱི་བག་ཆགས་ཡོད་ཟེར། དེ་


MLP020_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྩའི་སྙིགས་མ་སུ་ཏྲི་གཉིས་ལ་བྱེད་ལས་རྩའི་སྙིགས་མ་སྐྱེད་པ་དང་། ལྷ་མིན་དང་དུད་འགྲོའི་སྣང་ཞེན་སྐྱེད་པའི་ནུས་པ་གཉིས་ཡོད་ཅིང་། ད་ལྟ་འགྲོ་བ་དེ་གཉིས་སུ་སྐྱེ་བའི་ལས་བསགས་པ་རྣམས་ཀྱིས་ཀྱང་དེ་གཉིས་ཀྱི་ནུས་པ་གསོས་འདེབས་པ་དང་། དམར་ཆའི་སྙིགས་མ་པྲེ་དུ་གཉིས་ཀྱིས་བྱེད་ལས་ཁྲག་གི་སྙིགས་མ་ལ་བྱ་བ་འཇུག་ཅིང་། ཡི་དྭགས་དང་དམྱལ་བའི་སྣང་ཞེན་སྐྱེད་པ་སོགས་དང་། རླུང་གི་སྙིགས་མ་ཨ་ནྲིས་བྱེད་ལས་དབུགས་ཀྱི་སྙིགས་མ་ལ་བྱ་བ་འཇུག་ཅིང་། ལྷ་མི་གཉིས་ཀྱི་སྣང་ཞེན་སྐྱེད་པ་སོགས་ཀྱང་ཤེས་པར་བྱའོ། །གཉིས་པ་ནི། སྐུལ་བྱེད་སྙིང་གའི་དྭངས་མ་ལྔ་འདུས་ཀྱི་བསྐུལ་བྱའི་སྙིང་པོ་སེམས་མི་ཤིགས་པའི་སྟེང་ན་སྟོང་གཟུགས་ཀྱི་དག་མ་དག་གི་སྣང་བ་རིས་སུ་མ་ཆད་པ་སྤྲོ་བའི་ནུས་པ་ཡོད་པ་དེ་ད་ལྟ་འགྲོ་བ་རིགས་དྲུག་གང་རུང་གི་ས་བོན་གྱིས་ཁ་ལོ་དྲངས་ཏེ་མ་དག་པའི་འཁྲུལ་སྣང་རང་དགའ་བའི་ཡོ་ལང་ཆེན་པོར་ཤར་བ་འདི་ལམ་སྟོབས་ཀྱིས་དག་པ་རབ་འབྱམས་ཀྱི་སྣང་བར་གོ་འཕོས་ནས་སྣང་བ་ཐམས་ཅད་ཀྱི་འཆར་གཞི་དོན་དམ་དཀོར་བདུན་གྱི་གནས་ལུགས་སམ་སྟོང་གསལ་ཟུང་འཇུག་གི་ཡེ་ཤེས་ལ་འཇུག་པའི་ཆེད་དུ་འོད་གསལ་གྱི་ལྟ་བ་ངོ་འཕྲོད་པ་དང་བསྐྱེད་རིམ་སྒོམ་པ་སྔོན་དུ་བཏང་སྟེ། ཀུན་ཏུ་བཟང་པོའི་ཐིག་ལེའམ་ཡེ་ཤེས་སྙིང་པོའི་ཐིག་ལེ་སྙིང་གའི་དྭངས་མ་ལྔ་འདུས་ཀྱི་མི་ཤིགས་པའི་ཐིག་ལེ་ཉིད་རྣམ་པ་ཡུངས་འབྲུ་ལས་ཀྱང་ཕྲ་བའི་ཐིག་ལེ་ཞིག་བསྒོམས་ནས་དེ་ལ་སེམས་འཛིན་རྩེ་གཅིག་ཏུ་སྦྱངས་པས། རླུང་སེམས་འཇུག་པ་གཅིག་པའི་ཕྱིར། རོ་རྐྱང་གི་མ་དག་པའི་རླུང་གི་རྒྱུ་བ་དབུ་མར་སྡུད་ཅིང་རྟོག་ཚོགས་རགས་པ་འགག་སྟོབས་ཀྱིས་མི་ཤིགས་པའི་ཐིག་ལེ་དེ་འབར་ཞིང་ལས་སུ་རུང་ནས་སེམས་མི་ཤིགས་པ་འོད་གསལ་རང་མིན་སེམས་ཀྱིས་བསམ་མི་ཁྱབ་ཀྱི་དགོངས་པ་རང་རིག་པའི་ཡེ་ཤེས་རང་གིས་མངོན་དུ་གྱུར་པས་ཀུན་རྟོག་གི་རྙོགས་པ་དང་བྲལ་བར་འཆར་ལ། ལས་རླུང་འགོག་ཚབ་ཆེ་ཆུང་གིས་སྲབ་མོའི་འོད་གསལ་ལས་ཤར་ཚབ་ཆེ་ཆུང་མང་ངོ་། དེའི་ཚེ་སྔར་མ་དག་པ་དག་པར་བཅོས་ནས་བསྐྱེད་རིམ་ལ་སྦྱངས་པ་སོང་བའི་སྟོབས་དང་། རྫོགས་རིམ་དྭངས་མ་ལྔའི་སེམས་འཛིན་གྱི་ཁོག་ཏུ་ཡེ་ཤེས་ཀྱི་སྣང་བ་ཐུན་མིན་འཆར་བའི་རྐྱེན་སའི་དྭངས་མ་འོད་རྩ་དར་སྐུད་ལྟ་བུའམ་ཤེལ་སྦུག་ཅན་ལ་སད་ཟིན་པའི་ངོ་བོར་གནད་དུ་བསྣུན་པའི་རྒྱུ་མཚན་གྱིས་མི་ཤིགས་པའི་འོད་གསལ་ཡེ་ཤེས་སྟེང་གི་དག་པའི་སྣང་བ་འཆར་བའི་ནུས་པ་


MLP020_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་སད་དེ་མེ་ལོང་དྭངས་པ་ལ་གཟུགས་བརྙན་འཆར་བའི་ཚུལ་དུ་སྐུ་དང་ཞིང་གི་སྣང་བ་ཚད་མེད་པ་མཐོང་སྟེ། དེའི་མཐུས་གཞིའི་དུས་འོད་གསལ་ཤར་ནས་ཉེ་བའི་དྭངས་མ་འབྱུང་ཚུལ་སོགས་གོང་དུ་བཤད་པའི་དང་པོ་བྱུང་བའི་རིམ་པ་ལྟར་ཡི་གེ་གསུམ་གྱི་གཟི་བརྗིད་དང་ནུས་པ་ཆེར་སྦར། དེ་དག་སྦར་བའི་དབང་གིས་མར་མེ་གསོས་ན་རང་འོད་མཆེད་ནས་འོང་བ་ལྟར་སྟོད་སྨད་ཀྱི་ལུས་ཀུན་གྱི་ས་དང་རླུང་སོགས་རིང་བའི་དྭངས་མ་ད་ལྟ་སྟོབས་ཉམས་ཡོད་པ་རྣམས་སྟོབས་སུ་གྱུར་ཅིང་། དྭངས་མ་ཐམས་ཅད་ཕན་ཚུན་འདྲེས་ཤིང་འབར་ནས་རྩ་ཁམས་ཐམས་ཅད་བདེ་བས་རྒྱས་པར་འགྱུར་ལ༑ ཤིན་ཏུ་ཕྲ་བ་དང་རགས་པའི་ཕྱོགས་སམ་དྭངས་མ་ཕྲ་བ་ཡེ་ཤེས་དང་རགས་པ་མ་དག་སྙིགས་མའི་ཕྱོགས་ཀྱི་རྩ་རླུང་ཐིག་ལེ་ནི་གཅིག་རྒྱས་པ་ན་ཅིག་ཤོས་ཞུམ་འགྲོ་བ་ཆོས་ཉིད་ཡིན་པས་ཡི་གེ་གསུམ་ཇི་ལྟར་འབར་བ་དེ་ལྟར་སྙིགས་མར་གྱུར་པའི་ས་བོན་དྲུག་པོའི་ནུས་པ་ཆུང་དུ་འགྲོ་སྟེ། འདི་ལ་རྫོགས་རིམ་པའི་རིགས་དྲུག་སྲེག་སྦྱང་ཡང་ཟེར་རོ། །འདི་ལྟར་རྩ་བའི་དྭངས་མ་མི་ཤིགས་གཉུག་མའི་དྭངས་ཆེན་དཀར་དམར་རླུང་གསུམ་སོགས་བསྐུལ་སྟོབས་ཀྱིས་རྩ་འདབ་ཀྱི་ཉེ་རིང་གི་དྭངས་མ་སྦར་བ་ནི་ཅི་ཙམ་སྦར་བ་དེའི་ཚོད་དུ་དེ་རྣམས་རྩ་བའི་དྭངས་མ་མི་ཤིགས་པའི་དབང་དུ་འདུ་བས། རིམ་གྱིས་ལུས་གནས་ཀྱི་རིང་བའི་དྭངས་མ་གཞན་རྣམས་རྒྱས་པས་ཉེ་བའི་དྭངས་མ་རྩ་བའི་ཡི་གེ་གསུམ་རྒྱས་པ་དང་། དེ་གསུམ་འོད་རྩ་ལྷག་པར་ཡང་རྒྱས་པས་རྩ་བའི་དྭངས་མ་ལྔ་ལྡན་ལ་ཞུགས་ནས། ཞུགས་ཞེས་པ་དེར་ཐིམ་པ་ལྟ་བུར་གོ་མི་རུང་ཞིང་སོ་སོར་རྒྱས་སྟོབས་ཀྱིས་ཁྱོན་བསྐྱེད་ནས་འདྲོང་པར་བསྡུས་པའི་མཆོག་གི་དྭངས་མའི་འོད་གསལ་དེ་ནུས་པ་སྣང་ཉམས་སྟོང་གཟུགས་དང་ཤེས་ཉམས་གཟུངས་དྲན་སོགས་ལྷག་པར་གསལ་བར་འགྱུར་རོ། །ནུས་པ་ལྷག་པར་གསལ་ཚུལ་ཇི་ལྟར་ཞེ་ན། དྭངས་མ་ལྔ་ལས་ས་ཁམས་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་པས་བྱ་བ་ཆེན་པོ་སས་རྟེན་པ་འོད་གསལ་བདེ་བ་བརྟན་པར་བྱེད། དེ་ལྟར་དུ་ཆུས་འོད་གསལ་གྱི་བདེ་བ་སྡུད་ཅིང་འོད་གསལ་ལ་ལས་རུང་ཐོབ་ཅིང་མཉེན། མེས་བདེ་བ་སྨིན། རླུང་གིས་བདེ་བ་རྒྱས། དྭངས་མ་ལྔ་པོ་རྟོག་ཚོགས་རགས་པས་སྟོང་པ་དང་ཐོགས་རེག་གིས་སྟོང་པའི་ནམ་མཁས་འོད་གསལ་རང་གི་མི་རྟོག་པའི་དབྱིངས་དང་ཡེ་ཤེས་འདྲ་མཉམ་དུ་མཁའ་མཉམ་རྒྱ་ཆེ་བར་འཇུག་པ་ལ་གོ ༑རྟེན་དྭངས་མ་ལྔ་འོད་གསལ་རང་ངོར་སྣང་བ་ལས་གཞན་དུ་སྣང་མི་སྲིད་དེ་འོད་གསལ་ཡིན་པའི་ཕྱིར་རྫོགས་པ་ཆེན་


MLP020_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བྱེད་ཅེས་གསུངས་ཏེ། མདོར་ན་འོད་གསལ་བདེ་ཆེན་གྱི་ཡེ་ཤེས་ཉམས་མྱོང་དེས་མེ་ཆུས་དྭངས་མས་འཐུག་ཅིང་རླུང་ནམ་མཁའི་དྭངས་མས་རྒྱ་ཆེ་བ་དང་སའི་དྭངས་མ་བརྟན་པོར་འཇུག་པའི་དོན་ཏེ། དེའི་སྟོབས་ཀྱིས་ལྷག་བདེན་ཀུན་རྫོབ་ཀྱི་སྟོང་གཟུགས་ཀྱི་དག་པའི་སྣང་བའང་ཇེ་གསལ་དང་རྒྱ་ཇེ་ཆེར་འགྲོ་ཞིང་བརྟན་པར་འགྱུར་རོ། །དེའང་དངོས་གནས་སུ་གྲུབ་པའི་བརྟན་པ་མིན་ཏེ་དེ་ལ་རྩ་འཁོར་ཐམས་ཅད་ལ་གཅུན་དགོས་པའི་ཕྱིར། དྭངས་མའི་གནད་སྐུལ་ཚུལ་ཐུན་མོང་མ་ཡིན་པ་དེ་འདྲ་འོང་བ་ལ་ནི་དང་པོར་བསྐྱེད་རིམ་སྒོམ་པའི་དུས་ནས་ཕར་ཤར་བའི་འོད་གསལ་རང་ལས་ཤར་ཚུལ་རྟོགས་ནས་སྣང་གྲགས་རིག་གསུམ་ཅིར་སྣང་ཐམས་ཅད་ལྷའི་དཀྱིལ་འཁོར་དང་། དེའང་ཡེ་ཤེས་རང་སྣང་ཞེས་མི་ཤིགས་པའི་སེམས་ལས་ཕར་མཆེད་པའི་ཆོ་འཕྲུལ་འབའ་ཞིག་ཏུ་བལྟ་བ་དང་། དེའི་ཆེད་དུ་ལྟ་བའི་སྐབས་སུ་རང་བཞིན་ཡེ་ཤེས་གཅིག་ཡིན་ཚུལ་དེ་ལྟར་ངོ་འཕྲོད་ཅིང་ངེས་ཤེས་ཀྱིས་ཐག་ཆོད་ཀྱི་གདེང་རྙེད་པ་ཞིག་སྲོག་ཏུ་བཟུང་དགོས་སོ། །སྟེང་སྒོའི་སྐབས་འདིའི་དག་པའི་སྣང་བ་རིས་མེད་དུ་འཆར་བའི་སྟོང་གཟུགས་སྒྲུབ་ཚུལ་དང་དུས་འཁོར་ནས་རླུང་བཅུ་དབུ་མར་བཅིངས་པའི་རྟགས་སྣང་བཤད་པ་གཉིས་འོད་གསལ་རང་ཉིད་གྱི་སྣང་བ་ཡིན་པ་ཙམ་དུ་དེ་གཉིས་ཀ་འདྲ་ཡང་། དུས་འཁོར་རླུང་བཅུ་དབུ་མར་ཞུགས་པའི་རྟགས་རྩ་ཐིམ་སྟོབས་དང་འདིར་རང་བཞིན་སད་སྟོབས་ཀྱིས་ཤར། འདི་ནི་མི་ཤིགས་པའི་རླུང་གི་གནས་ལྟ་བུའི་རང་ལ་སེམས་འཛིན་གྱི་རྩོལ་བ་གནད་དུ་བསྣུན་སྟོབས་ཀྱིས་རང་མལ་དུ་སད་པའི་སྐྱེ་བ་དེའི་སྟོབས་ཀྱིས་སྣང་བ་ཡིན་པས་ཐབས་སམ་རྐྱེན་མི་འདྲ་སྟེ། རྫོགས་ཆེན་ཐོད་རྒལ་བའི་དག་པའི་སྣང་བ་སྣ་ཚོགས་པའི་འཆར་སྣང་དང་སྟེང་སྒོའི་སྟོང་གཟུགས་སྒྲུབ་ཚུལ་འདི་གཉིས་ཐོད་རྒལ་བས་རིག་གདངས་ཀྱི་ཆ་ལ་རིག་པ་མིག་ལ་གཏད་པ་རྩལ་འདོན་བྱེད་འདིས་མི་བྱེད་རྒྱང་ཞགས་ལ་མི་ལྟོས་པར་དབུ་མའི་ནང་གི་ངོ་བོ་དང་། དེའི་སྣ་ལ་རྩལ་འདོན་དང་། འདིར་སྔར་བཤད་ལྟར་མི་ཤིགས་པའི་ཐིག་ལེར་སེམས་འཛིན་གྱི་རྩོལ་བ་ལས་རྩ་ཐིག་རླུང་གི་དྭངས་ཆ་བསྐུལ་བ་སོགས་ཀྱི་རྩོལ་བ་ཡོད་ཐོད་རྒལ་ལ་དེ་མེད་པ་ཙམ་ལས་ཕྱོགས་མཚུངས་སོ། །དེ་ཡང་གོང་བཤད་ལྷག་བདེན་ཀུན་རྫོབ་ཀྱི་སྟོང་གཟུགས་སྣང་བ་རྫོགས་ཆེན། སྒྱུ་འཕྲུལ། དུས་འཁོར་རྣམས་ནས་འོད་གསལ་གྱི་རང་གདངས་དེ་དག་རླུང་བཅུ་དབུ་མར་ཞུགས་པའི་བྱེད་རྐྱེན་ཙམ་དེའི་རྟགས་སུ་ཤར་བ་དུས་འཁོར་ལུགས་ཀྱི་ཡིན་འདིས་མིན་ཞེས་དཔྱད་པར་ཟད་ཀྱི། སྐབས་འདིར་སྟོང་གཟུགས་ཀྱི་སྣང་བ་དེ་དག་འཆར་


MLP020_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་རླུང་བཅུ་དབུ་མར་འཇུག་གཏན་ནས་མི་དགོས་ཞེས་བཤད་པ་ནི་མིན་ནོ། །གཏེར་ཆེན་སྐུ་མཆེད་སོགས་ཀྱིས་རྫོགས་རིམ་པའི་དག་པའི་ལྷ་སྐུ་ཡིད་ངོར་ལྷ་སྐུ་མཐོང་བ་ཙམ་མཐོང་བ་དང་། དངོས་གནས་གྲུབ་པ་ཐོབ་པ་གཉིས་སུ་བཤད་པའི་དང་པོ་མཐོང་བ་ཙམ་དང་། འོད་གསལ་གྱི་རྟོགས་པ་སྲབ་མོ་ཙམ་གྱིས་ལས་རུང་སྦྱོར་ལམ་གྱི་རྟོགས་པ་བདེ་བའི་འོད་གསལ་ལྟ་བུ་རྙེད་པ་ཙམ་ལ་སྙིང་གའི་དྭ ངས་ཆེན་རྟེན་བརྟེན་པའི་ཀུན་ཏུ་བཟང་པོའི་ཐིག་ལེ་གཅིག་པུ་ལ་སེམས་འཛིན་བསླབ་ནས་བསྒོམས་པས་ཀྱང་ཆོག་མོད་ཀྱི། ཅིར་བསྒྱུར་རང་དབང་ཐོབ་པའི་དབང་བསྐུར་ཐོབ་ནས་ལྷ་སྐུ་དེ་ཐོབ་པ་དང་། རྟོགས་པའི་འོད་གསལ་ལམ་འཐུག་པོའི་འོད་གསལ་མཐོང་ལམ་ཡེ་ཤེས་དོན་གྱི་འོད་གསལ་ལྟ་བུ་ཕུལ་ཕྱིན་འཆར་བ་ལ་ལྟེ་བའི་ཨ་ཐུང་ངམ་དམར་ཆ་ལ་དམིགས་པ་ཀུན་ཏུ་བཟང་མོའི་མན་ངག་དང་། མེ་དྲོད་རིམ་བཞིན་མཆེད་དེ་སྙིང་གའི་མེ་དྲོད་སྦར། དེ་ན་མགྲིན་པའི་ཨཾ་ཡིག་རྔམ་མ་ལ་འདིའི་མེ་དྲོད་སྦར་ན་སྤྱི་བོའི་ཐིག་ལེ་ཞུ་བ་ལ་རྔམས་པས་ན་རྔམས་པ་གསུངས་དམིགས་པ་སྦྱོར་བ་དག་པའི་མན་ངག་དང་། དེའི་དྲོད་ཀྱིས་སྤྱི་བོའི་ཧཾ་ཡིག་ལ་དམིགས་པ་བདེ་བ་ཆེན་པོ་ཁྱབ་བདལ་དུ་འབྱུང་བའི་གནས་ཡིན་པས་ཁྱབ་བརྡལ་ཆེན་པོའི་མན་ངག་རྣམས་ཀྱང་གྲོགས་སུ་ངེས་པར་གཅེས་ཏེ། དེ་ལྟ་བུའི་མན་ངག་གསུམ་གྱིས་གཏུམ་མོའི་གནད་ལ་དངོས་སུ་དམིགས་ནས་ཅི་ཙམ་བསྒོམས་པ་དེ་ཙམ་དུ་ལུས་ཀྱི་མཐོ་དམན་ཐམས་ཅད་ནས་དྭངས་མ་ཐམས་ཅད་དབུ་མར་འདུས་ནས། ཐིག་ལེ་དང་དམར་ཆའི་འབར་འཛགས་ཤུགས་ཆེ་ལ། འབར་འཛགས་ཀྱིས་བདེ་བ་དྲངས་ཏེ་མི་ཤིགས་པའི་ཡེ་ཤེས་ཚིམ་སྟོབས་ཆེ་རིམ་བཞིན་བདེན་དོན་ཡེ་ཤེས་ཀྱི་ངར་འདོན་པའམ་རྩལ་བཏོན་ཏེ་ཡེ་ཤེས་འབར་བ་དང་། ཡེ་ཤེས་ཀྱི་རྩལ་ཅི་ཙམ་རྒྱས་པ་བཞིན་དེའི་རང་སྣང་གི་དག་པའི་ལྷ་སྐུ་ཤར་བ་རྣམས་གསལ་བརྟན་ཁྱད་ཞུགས་པར་འགྱུར་ཞིང་། དྭངས་མ་ཐམས་ཅད་ཀྱི་རྟེན་དང་བརྟེན་པ་ཕྱོགས་གཅིག་ཏུ་འཛོམས་ན། དཔེར་དམག་དཔུང་ཕྱོགས་གཅིག་ཏུ་འཛོམས་ན་དགྲ་གཞོམ་ནུས་པ་ལྟར་འཁྲུལ་བ་བཏགས་པའི་ཞེན་སྣང་གི་གཞིའི་རྟེན་གནས་སྲོག་མཁར་གྱི་རིགས་དྲུག་གི་ས་བོན་དྲུག་པོའི་འགྲིབ་ཚབས་ཆེ་བའི་ཕྱིར་རོ། །འདི་དུས་འཁོར་ལྟར་རྡོར་བཟླས་ཀྱིས་སྒོ་ནས་རྩ་མདུད་འགྲོལ་བ་ཞིག་མ་བཤད་ཀྱང་། ལྟེ་བ་ནས་སྤྱི་བོའི་བར་གྱི་དབུ་མའི་ལམ་དུ་དམར་ཆ་གྱེན་དུ་འགྲོ་ཞིང་འབར་དཀར་ཆའི་ཐིག་ལེ་ཐུར་དུ་འོང་བ་འཛགས་རྩ་ཁམས་ཀྱི་བདེ་བ་ཆེར་འཕེལ་ཏེ་རྒྱས་པ་ན། གཟེར་ནད་ཀྱིས་བཏབ་སར་སེམས་ངང་གིས་འགྲོ་བ་


MLP020_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སེམས་དབུ་མའི་དབྱིངས་སུ་བདེ་བས་ཁྱབ་སྟེ་དབུ་མར་བསྡུས་པ་ན་རྩ་འདབ་ཀྱི་རླུང་རྣམས་ཀྱང་སེམས་གང་དུ་བསྡུ་བའི་ལམ་དེར་འདྲོང་སྟེ། རླུང་སེམས་གཉིས་མི་འབྲལ་ཞིང་འཇུག་པ་གཅིག་པས་སོ། །དེ་ལྟར་རླུང་འདྲོང་སྟོབས་ཀྱིས་དྷཱུ་ཏིའི་རྩ་མདུད་རྣམས་རང་ཞིག་ཏུ་རྡོར་བཟླས་མ་བྱས་ཀྱང་འགྲོ་བས་རྡོར་བཟླས་ཀྱིས་རྩ་མདུད་གྲོལ་བ་དུས་འཁོར་གསང་འདུས་སོགས་ནས་བཤད་པ་གནད་འབར་འཛག་གིས་འཇུ་འདུལ་བྱེད་པའི་ཐབས་ལེགས་པར་ཚང་ངོ་། །དེ་དག་ནི་ཁམས་ཟུར་གཉིས་ཀྱི་སྟེང་སྒོའི་མན་ངག་གི་གཞུང་རྣམས་ཀུན་མཁྱེན། ཤིང་རྟ། མུན་སེལ་སོགས་ཁོག་བསྒྲིགས་ནས་གོ་དོན་ཅུང་ཟད་བཤད་པ་སྟེ། འཁོར་ལོ་བཞིའི་མན་ངག་སྒོམ་པའི་ལག་ལེན་དངོས་ནི་རྒྱུད་འགྲེལ་ཕྱོགས་བཅུ་མུན་སེལ་དང་། སེམས་ཉིད་ངལ་བསོའི་དོན་ཁྲིད། གསང་བདག་ཞལ་ལུང་སོགས་སུ་གསལ་བར་བཞུགས་ཏེ། དེ་དག་ལའང་ཁ་དོག་གི་རིམ་པའི་རྩ་འདབས་མང་ཉུང་སོགས་དུས་འཁོར་དང་མི་འདྲ་བའི་ཁྱད་པར་བག་ཙམ་ཡོད་པས་ཞིབ་ཏུ་ཤེས་པར་བྱའོ། །གཉིས་པ་ནི། རྒྱུད་ཀྱི་ལེའུ་བཅུ་གཅིག་པར། ལྷ་མོ་ཀླུ་མོ་རིགས་ངན་མོ། །ཞེས་འདི་གསུམ་ལྷན་སྐྱེས། ཞིང་སྐྱེས། སྔགས་སྐྱེས་གསུམ་མམ། ལྷ་ཀླུ་མིའི་རྟེན་ཅན་འདོད་ཚུལ་གཉིས་སོགས་གསུངས་པ་ལྟར་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བརྟག་ཅིང་བཙལ་བ་དང་། འགུགས་ཤིང་རྙེད་ནས་ཕྱི་ནང་གཉིས་ཀའི་ཐུན་མོང་གི་འདོད་པའི་བསྟན་བཅོས་ལས་སྦྱོར་དུས་ཀྱི་སྒྱུ་རྩལ་རེ་བཞི་བཤད་པའི་ཀུན་སྤྱོད་ཀྱིས་རྗེས་ཆགས་རྩོམ་པ་རྣམས་ནི་བསྙེན་པ་དང་། ཡབ་ཡུམ་ལྷར་བསྐྱེད་པ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་རློབ་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྒྲུབ་པར་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་གསུམ་ལྡན་གྱིས་བརྡ་བཞིས་བསྣོལ་མར་བསྐུལ་བ་སོགས་ཉེ་བསྙེན། ཕྱག་རྒྱ་བཞིས་སྙོམས་པར་ཞུགས་ཏེ་རྗེས་ཆགས་ཀྱི་ཐུར་སེལ་སྦོར་བྱེད་ཀྱི་རླུང་བསྐྱོད་པས་གཏུམ་མོ་སྦར་བའི་འོད་ཀྱིས་ཟླ་བ་བཞུས་པའི་ཡས་བབས་ཀྱི་འགྲོས་ཀྱིས་འོངས་པ་ལས་འཁོར་ལོ་བཞིར་དགའ་བཞི་རིམ་གྱིས་མྱོང་བའི་མཐར་ནོར་བུའི་རྩེར་རྩོལ་མེད་ཀྱིས་འཛགས་མེད་དུ་བཟུང་བས་ལྷན་སྐྱེས་ཀྱི་དགའ་བ་རྫོགས་པར་ཐོབ་པ་སྒྲུབ་པ། ཡུམ་གྱི་ཉི་ཡབ་རང་གི་ཟླ་རྡོ་རྗེའི་ལྕེས་བླངས་ཏེ་གྱེན་དུ་བཟློག་པའི་སྦྱོར་བས་གྱེན་དུ་དྲངས་ཏེ་རྩ་འཁོར་གྱི་གནས་སོ་སོར་ལྷན་སྐྱེས་ཀྱི་དགའ་བ་


MLP020_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་འཕེལ་བའི་དགའ་བའི་ཆ་ཤས་རིམ་གྱིས་གང་བའི་མཐར་བདེ་ཆེན་འཁོར་ལོའི་ཧཾ་ཡིག་ལ་བརྟན་པ་ལས་བྱུང་བའི་ལྷན་སྐྱེས་བདེ་བ་མཐར་ཕྱིན་པ་ནི་སྒྲུབ་ཆེན་ཏེ། ལམ་དུས་དང་། སྒྲུབ་དུས་དང་། སྦྱོར་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིའི་འཇོག་ཚུལ་གསུམ་གྱི་ནང་ཚན་ཕྱི་མའོ། །འདི་ཉིད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལས་ནི། རྣལ་འབྱོར་རྣལ་འབྱོར་མར་འབྲེལ་བ། །བསྙེན་པ་ཞེས་བྱར་བསྟན་པ་ཡིན། །རྡོ་རྗེ་བོ་ལ་པདྨ་ཀཀྐོ་ལ་སྦྱོར་བ། །ཉེ་བར་བསྙེན་པར་བརྗོད་པ་སྟེ། །དབྱིངས་ཕྱུག་མའི་རྩ་གཉིས་མངོན་པར་འབྲེལ་བ་ནི། །སྒྲུབ་པ་ཡིན་པར་བསྟན་པའོ། །ཡབ་ཡུམ་གཉིས་ཀྱི་ལྷན་ཅིག་སྐྱེས་པའི་བདེ་བ་གཉིས་འབྲེལ་བ་ནི། །སྒྲུབ་པ་ཆེན་པོར་བརྗོད་པའོ། །ཞེས་བསྙེན་སྒྲུབ་བཞིའི་འཇོག་ཚུལ་གོང་དུ་བཤད་པ་ལས་ཁྱད་པར་ཅན་གཞན་གསུངས་སོ། །དེ་དག་ལ་གཡོ་ལྡང་ལ་སོགས་པའི་སེམས་ལྔ་འཇོག་ཚུལ་ཡང་ཡོད་དེ་འགྲེལ་བ་ལས་ཤེས་སོ༑ ༑ཡུམ་བརྟེན་དགོས་པའི་ཕོ་ཉའི་ལམ་གྱི་དགོས་པའི་གནད་ཆེ་ཤོས་ཆགས་སྲེད་ཆོས་སྐུར་བསྒྱུར་བའི་གནད་གཅིག་ནི། ཐལ་བ་ལས། སྤང་ཞེས་པའི་དོན། ཡབ་ཡུམ་ཕན་ཚུན་བརྟེན་པ་སྤངས་ནས་ཞེས། ཡང་ན། ཐ་མལ་མ་དག་པ་རང་དགའ་མའི་འདུ་ཤེས་སྤངས་ནས་ཞེས་པའི་དོན་སྤངས་ནས་ཡབ་ཡུམ་གྱི་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྡམ་པ་སོགས་མ་ཤེས་ན། །རྡོ་རྗེའི་བསྐལ་པ་མཐའ་ཡས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་པ་ལྟར། ཕོ་ཉའི་ལམ་གྱི་གནད་ཆེ་ཤོས་ནི་རྩ་བཅིང་བའི་གནད་ཉིད་ཡིན་ཏེ་ཕྱག་རྒྱ་བརྟག་པའི་རྒྱུ་མཚན་ཡང་འདི་ཡིན་ནོ། །འགྲེལ་པ་རྣམས་སུ་འོག་སྒོའི་ཐབས་དེས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཆར་བར་གསུངས་པའི་དོན་ནི་ཀཿདམ་པ་སོགས་དམ་པ་འགས་སེམས་རྣམ་པར་རྟོག་པའི་ངོས་ནས་དག་མ་དག་ཐ་དད་ཀྱང་ཡེ་ཤེས་ཀྱི་ངོས་ནས་གཅིག་ཏུ་སོང་བ་ཡིན་ཞེས་བཤད་པ་ལྟར་སྦྱོར་བའི་སྟོབས་ཀྱིས་རྟོག་ཚོགས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བདེ་ཆེན་གྱི་ངོ་བོར་གྱུར་ནས་བདེ་བ་ཆེན་པོའི་རོ་གཅིག་གིས་མྱོས་ཏེ་འོད་གསལ་བདེ་ཆེན་གཅིག རྣམ་པ་ལས་ཕུང་ཁམས་སོ་སོར་འཛིན་པའི་འདུ་ཤེས་ཀྱི་གཡའ་དང་བྲལ་བ་སྟེ། ཕུང་ཁམས་ཐམས་ཅད་བདེ་བའི་དཀྱིལ་འཁོར་གཅིག་དུ་བསྡམ་པ་ཞེས་བྱའོ། །རྟོག་ཚོགས་ཞེས་པ་འདི་ལ་སོགས་པའི་རྒྱུད་འདིའི་གོང་འོག་དུ་མར་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ལ་རྟོག་ཚོགས་ཞེས་པ་ཡིན་ཏེ་དེ་ལྟར་


MLP020_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ནི་རྟོག་པ་ཞེས་པ་ཐ་མལ་སྣང་ཞེན་གྱི་རྣམ་རྟོག་ལ་བྱས་ནས། ཕུང་ཁམས་རྣམས་ལ་དེ་ལྟ་བུའི་སྣང་ཞེན་གྱིས་མ་དག་པར་རྟོག་པས་འདི་ལ་རྟོག་པ་དང་། ཞེན་སྣང་རྣམས་འདིས་རྟོག་པ་ཞེས་གཉིས་སུ་ཕྱེས་པའི་སྔ་མ་ལ་འདི་ལ་རྟོག་པའི་ཡུལ་ཐམས་ཅད་ལའང་རྟོག་ཚོགས་ཞེས་བཤད་པར་བཤད་ཀྱང་རུང་མོད། ལེའུ་གསུམ་པར། འཁོར་བའི་གནས་དང་སྡུག་བསྔལ་གྱི་འཁྲུལ་འཁོར་ལ་སོགས་པ་འདིའི་རྟོག་པའི་མ་དག་ཞེན་སྣང་གི་ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་པ་ལྟར། མ་དག་པའི་སྣང་བ་ཐམས་ཅད་ལོག་རྟོག་གི་ངོར་སྣང་ཙམ་གྱི་རྣམ་འཕྲུལ་ཡིན་པའི་སྒོ་ནས་ཡུལ་ཡུལ་ཅན་གཉིས་ལ་རྟོག་ཚོགས་བཤད་ན་འཐད་དམ་སྙམ་མོ། །ཐབས་ལམ་རིམ་གྱིས་པའི་བོག་འདོན་འོག་སྒོ་དང་། ཅིག་ཅར་བས་དང་པོ་རྩ་ཐིག་ལས་སུ་རུང་བྱེད་སྟེང་སྒོའི་ལམ་དགོས་ཞེས་གོང་དུ་བརྗོད་པ་ལྟར་ཐབས་ལམ་ཅིག་ཆར་བ་གཞན་ལུས་ཁོ་ན་རྩལ་འདོན་བྱེད་པ་ལ་ལྟོས་ནས་ཀྱང་དབང་གཉིས་པ་དང་གསུམ་པའི་ལམ་གོ་རིམ་ངེས་ཤིང་དབང་གཉིས་པར་རང་ལུས་ལ་བརྟེན་པའི་ཐབས་ཀྱིས་གསལ་བར་མཚོན་པའི་སྲབ་མོའི་འོད་གསལ་དོན་དེ་ཉིད་དབང་གསུམ་པར་གཞན་ལུས་ལ་བརྟེན་ནས་སྒོམ་ནས་ཡར་ལྡན་དུ་བྱེད་པར་ཟད་པས་ཡེ་ཤེས་ཀྱི་སྐུ་སྒྲུབ་ཚུལ་སོགས་སྔ་མ་རིམ་གྱིས་པར་བཤད་པ་ལས་ཐབས་ལམ་ཅིག་ཅར་བ་ལ་སྒྲུབ་ཚུལ་གཞན་དུ་མི་བསམ་མོ། །གཉིས་པ་གྲོལ་ལམ་ལའང་། ལམ་མྱུར་བུལ་ལ་ལྟོས་ནས་འབྲས་བུ་མྱུར་སྦྱོར་གྱི་ཅིག་ཆར་བ་དང་། རིམ་པར་རིམ་གྱིས་པའི་ལམ་གཉིས་ལས། དང་པོ་ནི། འགྲེལ་བ་དགོངས་རྒྱན་ལས། དབང་པོ་རབ་ཀྱི་ནང་ནས་ཀྱང་ཡང་རབ་ཁ་ཅིག་ཤེས་འཇུག་མངོན་གྱུར་གསུམ་དབྱེར་མེད་ཆིག་ཆོད་དུ་ཤེས་པས་རྟོགས་ལམ་རྐྱེན་གྱི་ཏིང་འཛིན་གོམས་གནས་སྐབས་འབྲས་བུ་ཚེ་དབང་རིག་འཛིན་ལྟ་བུ་མཐར་ཕྱིན་པར་བྱེད་པ་ཡོད་དེ་ཅིག་ཆར་བ་ཞེས་བྱ་ཞིང་། ཞེས་པ་ལྟར་རོ། །གྲོལ་ལམ་གྱི་ལམ་དེ་ལ་སྤྱིར་རིམ་ཅིག་ཆར་ཞེས་བརྩི་བའི་གཞི་ནི་ཤེས་འཇུག་མངོན་གྱུར་མཚན་ཉིད་གསུམ་ཡིན་ལ། མངའ་རིས་པཎ་ཆེན་རིན་པོ་ཆེ་སོགས་འཇིགས་གླིང་སོགས་རྡོར་སྨིན་གྱི་བརྒྱུད་འཛིན་རྣམས་ཀྱིས་རྟོགས་གྲོལ་དུས་མཉམ་ཨིནྡྲ་བཞེད་པས་བརྩི་གཞི་མཚན་ཉིད་དེ་གསུམ་དུས་མཉམ་དབྱེར་མེད་ཆིག་ཆོད་ཁོ་ནར་རྫོགས་པའི་དེ་འདྲའི་ཅིག་ཆར་བའང་འོག་གི་རྟོག་པ་ཅིག་ཆར་བ་མ་ཟད་འདིའང་ཅིག་ཆར་བ་དང་འདི་མ་ཟད་འོག་མའང་ཡིན་ཞེས་སྡུད་ཚིག་འདི་


MLP020_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཆོག་ནའང་ཤེས་འཇུག་མཐར་ཕྱིན་རིམ་པར་གྱུར་བའི་ཅིག་ཅར་བ་ཡོད་དགོས་པས་རང་ལུགས་ལ་ཅིག་ཆར་པ་ཐམས་ཅད་དེ་ལྟར་མ་ངེས་ཀྱི། འདིར་རྟོགས་པ་ཤིན་ཏུ་མྱུར་བ་ལ་ཅིག་ཆར་བ་ཞེས་བརྗོད་པ་སྟེ་ཅིག་ཆར་བ་ཞེས་པ་དེ་ནི་གང་ཟག་ཡིན་ལ། ཅིག་ཆར་བའི་ལམ་ནི་དེའི་རྒྱུད་ཀྱི་ཏིང་ངེ་འཛིན་སོགས་སོ། །རང་ལུགས་ལ་ལམ་གྱི་རྟོགས་པ་མྱུར་བའི་ཅིག་ཅར་བ་དེའང་གྲོལ་ལམ་གྱི་རྫོགས་རིམ་འདིའི་ལམ་ལ་སྦྱང་བའི་ཐོག་མར་རྟོགས་པ་ཞེས་པ་དོན་ལ་གཏན་ཚིགས་ཡིན་བཞི་ལ་སོགས་སྦྱོར་བ་རྩོད་གཞི། སྒྲུབ་ཆོས། སྒྲུབ་བྱེད། དཔེའི་སྟེང་ཁྱབ་སྒྲུབ་སོགས་ཀྱིས་དང་པོ་ཚུལ་གསུམ་གྱི་རྟགས་འཛིན་སེམས་ཀྱི་རྗེས་དཔག་དང་། དེ་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ལ་བརྟེན་ནས་ལྟ་བ་ངེས་དགོས་པ། འོག་ཏུ་འཆད་པའི་གཏན་ཚིགས་ཀྱི་སྣ་རྩེ་རེ་བཀོད་པ་ཙམ་གྱིས་ལྷག་བདེན་དོན་དམ་མམ་འོད་གསལ་གྱི་རྟོགས་པ་བཅོས་མིན་དུ་རྙེད་ནས། རྟེན་ཡེ་རླུང་སོགས་སད་དེ་སེམས་ངོར་མ་དག་པའི་དོད་ལྷག་བདེན་ཀུན་རྫོབ་སྣང་སྲིད་ཐམས་ཅད་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་ཉག་གཅིག་ཏུ་འཆར་ཞིང་། དེ་ལྟ་བུའི་ལྷག་པའི་བདེན་གཉིས་ཟུང་འཇུག་དེའི་དོན་ལ་མཉམ་པར་བཞག་པས་རྗེས་ཐོབ་ཏུའང་སེམས་སྣང་རགས་པར་མཆེད་པའི་གོ་སྐབས་ཟད་པར་བཅོམ་ནས་གང་སྣང་སྒྱུ་མར་ཤར་བས་རང་སྣང་དབང་དུ་སྡུད་པས་མ་དག་པར་སྣང་ཞེན་ངན་པའི་རྣམ་རྟོག་སོགས་ཀྱིས་གཡོ་མི་ནུས་པས་རྐྱེན་ཐུབ་ཀྱི་རྟོགས་པ་འཕེལ་འགྲིབ་མེད་པར་བརྟན་པ་མྱུར་བ་འཕྲལ་དང་འཕྲལ་ལ་ཐོབ་ནས་དབང་རྣོན་ཡིན་པས་ཚེ་དབང་རིག་འཛིན་ཡན་ཆད་ཀྱི་རིག་འཛིན་གྱི་ས་ལ་མིག་འཕྲུལ་བཞིན་དུ་འགྲོ་བ་ཞིག་གོ ༑རྟོགས་པ་དེ་ལྟར་མྱུར་བ་ཡིན་ཆོག་པའི་རྒྱུ་མཚན་ནི་རྒྱུད་ངེས་འབྱུང་ནས་ཕྱིན་དྲུག་གིས་སྦྱང་བ་དང་། དེས་རྣམ་བྱང་གི་དབང་པོ་དད་བརྩོན་སོགས་སྨིན་པ་དང་རྟགས་དང་མངོན་པར་ཞེན་སོགས་ལྟར་ཡུལ་དུས་ཀུན་སློང་སོགས་ཀྱི་དགེ་རྩ་རླབས་ཆེ་བའི་ཁྱད་པར་གསུམ་ལྡན་གྱི་གང་ཟག་གི་ཁྱད་པར་འགའ་ཞིག་སྔར་སྔགས་ཀྱི་དབང་ཙམ་ཡང་མ་ཐོབ་པས་རིམ་གཉིས་སོགས་ཁྱད་པར་སོ་སོར་ཕྱེས་ནས་སྨོན་མི་ནུས་ཀྱང་རྒྱལ་བའི་དགོངས་པ་མཐར་ཐུག་ལ་སྨོན་འདུན་བྱས་པས་སྒྱུ་འཕྲུལ་དྲྭ་བའི་ལམ་འདི་ལ་སྔོན་སྨོན་ལམ་རླབས་པོ་ཆེ་བཏབ་པ་ལ་སོགས་པའི་རྒྱུ་ལས་བྱུང་སྟེ་དགེ་རྩ་གང་ཡང་རྩིས་ཟིན་བྱེད་ཡོངས་བསྒྱུར་གྱི་སྨོན་ལམ་སྟོབས་ཆེ་བས་དགེ་འདུན་ལ་ཁབ་ཕུལ་བའི་སྨོན་པས་ཤེས་རབ་ཆེ་བར་ལུང་བསྟན་པ་ཤཱ་རིའི་བུ་ལྟ་བུ་དང་། ལྷུང་བཟེད་ཟས་ཀྱིས་བཀང་བ་ཕུལ་བའི་སྨོན་ལམ་གྱིས་ཀུན་དགའ་བོ་ཏིང་ངེ་འཛིན་གྱི་མཆོག་ཐོབ་ལུང་བསྟན་པ་ལྟ་བུའོ། །དེ་ཡང་ཚེ་སྔོན་སྒྱུ་དྲྭའི་ལམ་ལ་དབང་ཙམ་ཡང་མ་


MLP020_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས་མ་བསླབ་པ་ཡིན་ཞིང་། ཚེ་འདིར་སྒྱུ་འཕྲུལ་འདིའི་ལམ་བགྲོད་ཚུལ་མྱུར་བ་དང་བླ་མེད་ཀྱི་སྔགས་སྒྱུ་འཕྲུལ་གྱི་ལམ་འདི་ཉིད་ལ་ལྟོས་ཏེ་ཅིག་ཆར་བ་ཡིན་ཡང་། དེ་འདྲ་དེ་ཚེ་སྔ་མ་ཡན་ཆད་དུ་འདིའི་ལམ་སྟེགས་སུ་འོག་མའི་ལམ་ལ་རིམ་གྱིས་སྦྱངས་པ་ཡིན་པས་ཚེ་འདིར་སྔགས་ལམ་ལ་ལྟོས་པའི་ཅིག་ཅར་དང་། ཚེ་སྔ་མར་ལམ་འོག་མར་ལྟོས་པའི་རིམ་གྱིས་པ་ཡིན་པ་ཡང་མི་འགལ་ལོ། །བརྒྱུད་པའི་བཀའ་འམ་གསུང་སྲོལ་ལ་དེ་འདྲ་བ་དེ་ལ་རྒྱུད་དང་དབང་པོ་དགེ་རྩ་རྣམས་ལ་སྦྱངས་རྣོ་ཅིག་ཆར་བ་ཞེས་གྲགས་ཤིང་། ཐེག་གསུམ་རིགས་ངེས་རང་འབྲས་ཐོབ་པ་ཕར་ཐེག་ཏུ་བཤད་པ་ལྟར་སེམས་ཅན་གྱི་རིགས་རབ་འབྲིང་ཐ་གསུམ་དང་དེ་རེ་རེར་གསུམ་གསུམ་སོགས་དབང་པོ་སྣ་ཚོགས་ཡིན་པར་བཀའ་ཐ་མ་སོགས་མདོ་རྒྱུད་དུ་མར་གསུངས་པས་ཡེ་ཁམས་ཀྱི་རང་རྣོ་རྟེན་འདིར་སྔགས་ལ་ཞུགས་པའི་ཐབས་དགེ་རྩ་སོགས་བསགས་པ་ཙམ་ལས་ཐར་ལམ་གང་ཡང་མ་བསླབ་ཀྱང་ཚེ་འདིར་རྟོགས་གོམ་མཐར་ཕྱིན་ཆིག་ཆོད་ཀྱི་ཅིག་ཆར་བའང་ཡོད་ཅེས་གསང་བདག་སྒྲོ་ཕུག་པ་ཆེན་པོ་གསུང་ངོ་། །སྦྱང་རྣོ་དང་རང་རྣོ་ཆིག་ཆོད་པའི་རིགས་པ་དེས་རིམ་གྱིས་པ་ལ་སྦྱངས་རྣོ་སྐྱེ་བ་སྔོན་ཐུན་མོང་དང་ཐུན་མིན་སྔགས་ལམ་ལ་རིམ་པར་སྦྱངས་པའི་འཕྲོ་མཐུད་པ་དང་རང་བཞིན་གྱི་རྣོན་པོ་ཚེ་འདིར་ཁོ་ནར་ཐུན་མོང་ཆ་ཤས་དང་ཐུན་མིན་ཆ་ཅན་གྱི་རིམ་པས་བགྲོད་པ་སྟེ་དབང་རྣོན་ལྟ་བ་རྟོགས་ནས་གཡོ་ཐོབ་གོམས་སོགས་རིམ་པར་གོམས་ནས་རིག་འཛིན་གྱི་སར་ཕྱིན་པ་གཉིས་སུ་འབྱེད་ཚུལ་ཡང་གོ་སླའོ། །དེ་ལ་མཚན་ཉིད་གསུམ་ནི་བསམ་ཡས་མཆིམ་ཕུའི་ནགས་སུ་འཁོར་རྗེ་འབངས་ཚོགས་རྣམས་ལ་སྒྱུ་འཕྲུ ལ་འདིའི་ལེའུ་བཅུ་གསུམ་པའི་དོན་རྫོགས་པར་གདམས་པའི་འགྲེལ་བ་སློབ་དཔོན་ཆེན་པོའི་མན་ངག་ལྟ་བའི་ཕྲེང་བ་ལས། གྲོལ་ལམ་གྱི་ལམ་དེ་ལ་མཚན་ཉིད་གསུམ་གྱིས་དོན་མཐར་ཕྱིན་པར་འགྱུར་ཏེ། སྒྲུབ་བྱ་རྟོགས་པའི་ཚད་མ་རྟོགས་པ་རྣམ་པ་བཞིའི་ཚུལ་རྒྱུ་གཅིག་པ་སོགས་བཞིས་འོད་གསལ་རིག་པ་ནི་ཤེས་པའི་མཚན་ཉིད་དོ། །ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འཇུག་པའི་མཚན་ཉིད་དོ། །གོམས་པའི་མཐུས་མངོན་དུ་གྱུར་པ་ནི་འབྲས་བུའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པའི་མཚན་ཉིད་འབྲས་བུ་སྟེ། དེ་ལྟར་འཇོག་པའི་རྒྱུ་མཚན་ཡང་། མཚན་ཉིད་དངོས་ཉམས་ལེན་གྱི་སྦྱོར་བའི་འཇུག་ཡུལ་ཤེས་པར་བྱེད་པ་ཡིན་པས་དཔེར་རྟ་རྒྱུག་པའི་རྒྱུག་ས་ཤེས་པ་ལྟ་བུའམ། གང་བསྒོམ་པར་བྱའི་དབང་དུ་མཛད་ནས་ལྟ་བ་


MLP020_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པ་དང་། རྒྱུག་ས་ཤེས་ཤིང་རྩལ་ཕྱུང་ནས་རྒྱུག་དགོས་ཟེར་བ་བཞིན་ཉམས་ལེན་གྱི་སྦྱོར་བས་གང་ཤེས་པ་དེ་ལ་འཇུག་པའམ་སྒོམ་བྱེད་ཀྱི་དབང་དུ་མཛད་ནས་ཏིང་ངེ་འཛིན་ཞེས་བཞག་པ་དང་། བསྒོམ་པའི་དོན་དེ་མངོན་དུ་གྱུར་པའི་དབང་དུ་མཛད་ནས་འབྲས་བུ་བཞག་གོ །དཔེར་ན། ཕར་ཕྱིན་ལས། བསྒོམ་བྱའམ་ཤེས་བྱ་མཁྱེན་པ་གསུམ། སྒོམ་བྱེད་སྦྱོར་བ་བཞི། མངོན་དུ་གྱུར་པ་འབྲས་བུ་ཆོས་སྐུ་ཞེས་པ་ལྟར། ཕྱི་མ་འདི་ལ་རྟོགས་བྱ་མཐའ་དག་མངོན་དུ་གྱུར་པ་མཐར་ཐུག་གི་འབྲས་བུ་དང་། ཅི་རིགས་ཙམ་མངོན་དུ་གྱུར་པ་ལམ་གྱུར་གྱི་འབྲས་བུ་གཉིས་ལས། སྔ་མ་འབྲས་རྒྱུད་དང་གཅིག་ལ། ལམ་རྒྱུད་སྐབས་ཀྱི་མཚན་ཉིད་གསུམ་པ་ནི་ཕྱི་མ་ལམ་གྱུར་གྱི་འབྲས་བུའོ། །དེ་ལྟར་མཚན་ཉིད་ལ་རྒྱུ་རྐྱེན་ཞེས་འཇོག་པའི་རྒྱུ་མཚན་དང་འཇོག་ཚུལ་གང་ཞེ་ན། རྒྱུ་རྐྱེན་འབྲས་བུ་ཞེས་བྱ་སྟེ་སེམས་ཅན་སངས་རྒྱས་ཀྱི་ཁྱད་གཞི་རང་བཞིན་རྣམ་དག་ལ་ཁྱད་པར་བཟང་ངན་མེད་ཀྱང་། སྔར་ངོ་བོ་ཉིད་ཀྱི་གཞི་དང་བཏགས་པའི་གཞི་བཤད་པའི་ཞེན་སྣང་དག་མ་དག་ཡིན་ལ། གཞིའི་གནས་ལུགས་རྟོགས་པའི་གེགས་དང་འབྲས་བུ་ཐོབ་པའི་གེགས་མ་དག་ཞེན་སྣང་ཤིང་གཅོད་བྱེད་དངོས་སྟྭ་རེ་ཡིན་པ་ལྟར་གཅོད་བྱེད་ཀྱི་གཙོ་བོ་དངོས་གཉེན་དག་མཉམ་གྱི་ལྟ་བ་ཡིན་པས་རྒྱུ་ཞེས་བྱ་ཞིང་། དེ་ཉིད་སྟྭ་རེས་ཤིང་ཆོད་ཐུབ་པའི་རྐྱེན་སྐྱེས་བུའི་ལག་པས་དྲང་བ་དང་རྩལ་དང་ལྡན་དགོས་པ་ལྟར་ཏིང་ངེ་འཛིན་གྱིས་གཡོ་རྟོག་གི་འཚུབ་མ་བཅད་དེ་ཡང་ཡང་གསོས་བཏབ་ཅིང་བསྐྱེད་བསྲིང་བ་དགོས་པས་རྐྱེན་ཞེས་པ་རིག་འཛིན་གྱི་འབྲས་བུ་འགྲུབ་པའི་ཕྱིར་རྒྱུ་རྐྱེན་འབྲས་བུ་གསུམ་དུ་ཐུན་མོང་གི་རྒྱུ་རྐྱེན་འབྲས་བུ་གསུམ་འཇོག་ཚུལ་ཡོད་པར་མ་ཟད་ཐུན་མིན་གྱི་བཤད་ཚུལ་འདི་ཡང་གོང་འོག་གཉིས་སྡུད་སྒྲ་བཞག་གོ ༑འོ་ན་ཐེག་ཆེན་ཐུན་མོང་གི་གཞུང་དུ་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་འདི་ནི་སོགས་དང་། ཐེག་མཆོག་ལ་མོས་ས་བོན་སོགས་སེམས་བསྐྱེད་རྫོགས་བྱང་གི་ས་བོན་ལྟ་བུ་ཕ་ལྟ་བུའི་རྒྱུ་དང་། ལྟ་བ་མ་ལྟ་བུའི་རྐྱེན་སོགས་སྤྱོད་པ་སྦྱིན་པ་ནས་ཤེས་རབ་ཀྱི་བར་གཞན་རྣམས་དེའི་གྲོགས་སུ་གསུངས་པ་དང་འགལ་ལམ་སྙམ་ན། ཀྱང་མི་མཐུན་པའི་རྒྱན་གྱི་སྒྲ། སྔགས་འདི་དང་མདོ་ཕྱོགས་གཉིས་གྲུབ་མཐའི་རྒྱུ་རྐྱེན་འཇོག་ཚུལ་རྣམ་གཞག་དབུ་མ་སེམས་ཙམ་སོགས་ལྟར་ཐ་དད་པས་མ་མཐུན་ཀྱང་ཆོག་པ་ཡིན་ཞིང་། ཐུན་མིན་སྐབས་འདིར་ཐུན་མིན་གྱི་ཀུན་རྫོབ་སེམས་བསྐྱེད་འོད་གསལ་ལྷན་སྐྱེས་ཀྱི་བདེ་ཆེན་ཀྱང་ལྟ་བའི་ཕྱོགས་ནས་ཆོས་གཟུགས་གཉིས་ཀའི་རྒྱུར་འཇོག་ཐུབ་པས་ཀུན་རྫོབ་བྱང་ཆུབ་སེམས་བསྐྱེད་སངས་རྒྱས་ཀྱི་ས་བོན་དུ་མ་གྱུར་པའི་མདོ་


MLP020_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དང་ཕྱོགས་འཛོལ་བ་ཡང་མེད་དོ། །དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལ། འཇལ་བྱེད་བསྒྲུབ་བྱ་ངེས་པའི་བསམ་བྱུང་གི་ཚད་མ་དེས་གཞལ་བྱ་ནི་བསྒྲུབ་གཞི་སེམས་རིག་ཐུན་མོང་གི་སྣང་ཡུལ་ཀ་བ་སོགས་ཙམ་སྒྲུབ་ཆོས་དག་པར་གཞལ་བྱའོ། །དེ་ལྟར་འཇལ་བྱེད་རྒྱུ་གཅིག་པ་སོགས། འོད་གསལ་མངོན་དུ་གྱུར་པ་གྲུབ་མཐའ་སྟེ་གསུམ་ལས། དང་པོ་ནི། ཞེན་སྣང་ངམ་སྣང་ཞེན་གྱི་ཚོགས་པ་ལ་དགོངས་རྒྱན་དང་ཞལ་ལུང་ནས་བཤད་ཀྱང་། དེའི་དགོངས་པ་བཙལ་ན་ལོག་རྟོག་འཁྲུལ་པའི་ཞེན་ཡུལ་སྒྲུབ་པས་དམིགས་ཡུལ་ཆོས་ཅན་དུ་བྱས་ནས་གདོད་ནས་རྣམ་དག་གི་ངོ་བོར་སྒྲུབ་སྟེ་འཇལ་བའམ་གཏན་ལ་འབེབས་དགོས་པ་ཡིན་པས། དེ་འདྲའི་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་ཚོགས་དོན་དེ་ལ་གཞལ་བྱར་བྱེད་པར་མངོན་ཏེ། གསང་བདག་ཞལ་ལུང་ལས། ཞེན་སྣང་གི་ཞེན་ཡུལ་མ་གྲུབ་པར་གཏན་ལ་ཕབ་པས་ཆོས་ཉིད་ཕེབས་པར་འགྱུར་ཏེ་སྦྲུལ་འཁྲུལ་གྱི་ཤེས་པའི་ཞེན་ཡུལ་ལ་དཔྱད་དེ་འཁྲུལ་བར་གོ་བས་ཐག་ཁྲར་དམིགས་ཡུལ་གྱི་རྟོགས་པ་བཞིན་ནོ། །ཞེས་དཔེ་འཇོག་ཚུལ་འདི་ལ་ལེགས་པར་བརྟག་ན་ཤེས་ནུས་སོ། །གཉིས་པ་འཇལ་བྱེད་ནི། གཏན་ཚིགས་ཏེ། སྐབས་དོན་དག་པའི་ལྷར་རྒྱུ་མཚན་གྱི་སྒོ་ནས་གཏན་ལ་འབེབས་པ་ཡིན་པའི་ཕྱིར་རོ། །དེ་ལ་ལམ་རིམ་ལས། གཏན་ཚིགས་དེ་ཉིདལ་དངོས་ལྔ་ཚུལ་དང་ཚིག །ཞེས་པ་ལྟར་གསུམ་སྟེ། སྔོན་བྱུང་དངོས་ལྔའི་དང་། རྗེས་འཇུག་ཚུལ་ལྔའི་དང་། ཚིག་ལྔའི་གཏན་ཚིགས་སོ། །དང་པོ་ནི། སྔོན་བྱུང་དུ་བདག་ཅག་གི་སྟོན་པས་དངོས་ཚུལ་ཅི་རིགས་པས་འོག་མིན་དུ་འབྲས་དབང་ཞུས་ནས་ཕྱི་ནང་གི་མངོན་བྱང་བརྙེས་ཚུལ་སོགས་ཀྱིས། བསྐུར་བ་པོའི་སྟོན་པ་གཅིག་གི་ལྡོག་ཆ་སྐུ་ལྔས་འཁོར་མཐར་ལམ་པ་ལྟ་བུ་ལའང་ལྡོག་ཆའི་མིང་ལྔ་བཏགས་ཏེ་ལྔ་ལ་གསུང་ལྔའི་དགོངས་གཏད་གཅིག་ལ་མིང་ལྔ་བཏགས་པའི་སྒོ་ནས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་དགོངས་པ་གཏད་ནས་འཁོར་གྱིས་རྒྱུད་དོན་རྟོགས་པ་ལ་བསྟན་ཞེས་བཏགས་བསྟན་པ་སྟེ། ལོངས་སྐུ་དངོས་ཀྱི་གདུལ་བྱར་གྱུར་པས་གཟུགས་སྐུའི་བདག་རྐྱེན་སྤངས་རྟོགས་མཐར་ཕྱིན་གྱི་ཐུགས་ཡེ་ཤེས་ཀྱི་འཁོར་དུའང་སོང་བར་བཞག་པའི་སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་ཆོས་རྣམས་དབྱིངས་རྣམ་དག་ལ་མ་གྲུབ་པས་སྐྱེ་མེད་ཀྱི་རྟོགས་པ་མཐར་ཕྱིན་པར་གྱུར་པའི་ཕྱིར་ན་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲོད་པའི་གཏན་ཚིགས་ཞེས་བཞག་གོ །ལོངས་སྐུས་སྨིན་པ་རྒྱ་མཚོ་ལ་དགོངས་པ་བརྡའི་


MLP020_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་ལོངས་སྐུ་རང་ཉིད་སྤྲུལ་སྐུའི་འཆར་གཞི་ཡིན་པས་དེ་ལྟར་གཞན་སྤྲུལ་སྐུ་དངོས་ལ་མི་གོ་གསུང་། འོག་མིན་དུ་སྐུ་བཞི་ལས་སྤྲུལ་སྐུ་མེད་པས་མཆོག་གི་སྤྲུལ་སྐུས་འཁོར་ཁམས་དབང་མོས་པ་རྒྱ་མཚོ་ལྷ་ཀླུ་མི་སོགས་ལ་མང་པོ་ཞལ་ནས་བརྗོད་པ་ཚིག་གིས། སྐུ་ཐུགས་ངོ་བོ་དབྱེར་མེད་པའི་རྡོ་རྗེའི་སྐུས་དགོངས་གཏད་ཀྱིས་སློབ་པ་ཟུང་འཇུག་གི་རྗེས་མཐུན་ཐོབ་པའི་དབྱེར་མེད་རྡོ་རྗེའི་འཁོར་ལ་སྤང་རྟོགས་མཐར་ཕྱིན་མི་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པས་རྡོ་རྗེའི་སྐུ་ཐུགས་སྣང་ལྡོག་མ་འདྲེས་པའི་། མངོན་བྱང་གིས་རྗེས་མཐུན་གཞན་ཟིལ་གྱིས་གནོན་པའི་རྒྱལ་བ་ཐུན་མོང་གི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལྡན་པའི་འཁོར་ལ་རིག་པ་སྣང་བ་ཐམས་ཅད་རིག་པའི་ཡེ་ཤེས་གཅིག་གི་ངོ་བོར་རྫོགས་པར་གྱུར་པས་བྱིན་རླབས་ཀྱི་གསུང་གིས་བརྡ་སྤྲོད་པའོ། །འདི་ལ་སྔོན་གྱི་ཟུར་ལུགས་ཀྱི་སྒྱུ་འཕྲུལ་མཁན་པོ་རྣམས་སྤྲུལ་སྐུ་མ་གཏོགས་པའི་སྐུ་བཞིའི་སྤྲུལ་སྐུ་དངོས་དང་ལོངས་སྐུ་ལ་རང་སྣང་གི་འཁོར་འབའ་ཞིག་ལས་མེད་པའི་ཕྱོགས་ལ་དགོངས་ནས་གསུངས། འཁོར་ལ་ཞེན་སྣང་གི་དགག་བྱ་གཅོད་རྒྱུ་མེད་པས་གསུང་བཞི་པོ་དེ་དག་སྔོན་བྱུང་སྐུ་བཞིའི་འཁོར་མཐར་ལམ་པ་ཉིད་ལ་ལྟོས་ན་གཏན་ཚིགས་མིན་ཡང་སྤྲུལ་སྐུའི་འཁོར་གཏན་ཚིགས་ལ་ལྟོས་ནས་ཞེན་སྣང་གཅོད་མི་དགོས་པའི་རྗེས་འཇུག་རྟོགས་པའི་རྟོགས་པ་ཆེན་པོ་བཞི་སོགས་བསྒྲུབ་བྱ་འོད་གསལ་རྟོགས་པའི་གཏན་ཚིགས་ཡིན་ཏེ་དེར་མ་ཟད་དགོངས་པ་གཏད་པ་སོགས་ཀྱང་གང་ཟག་ཁྱད་པར་ཅན་གྱི་རྒྱུ་མཚན་ནམ། གཏན་ཚིགས་འགྲོ་བ་ཡོད་པའི་པྱིར་ཞེས་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པས་གཏན་ཚིགས་སུ་མཐུན་རྐྱེན་རྟོག་པས་བསྐྱེད་པ་ཙམ་འདྲ་བས་བཏགས་གསུང་། ཟུར་ལུགས་གཞན་དག་སྐུ་བཞིའི་འཁོར་རྒྱལ་སྲས་མཐར་ལམ་པ་ལྟ་བུ་ལའང་ཞེན་སྣང་ཕྲ་བ་ཅི་རིགས་གཅད་རྒྱུ་ཡོད་པས་གཏན་ཚིགས་མཚན་ཉིད་པ་དངོས་ཡིན་གསུང་། ལོ་ཆེན་དྷརྨ་ཤྲཱི་ནི། མཐར་ལམ་ནའང་ཤེས་སྒྲིབ་ཕྲ་མོ་ཡོད་པས་ཕྱི་མ་ལྟར་ཞེན་སྣང་ཡོད་པས་གཏན་ཚིགས་ཀྱང་མཚན་ཉིད་པར་འཐད་གསུང་། དེ་དང་བསྟུན་ནས་སྐུ་བཞིའི་འཁོར་དང་ཆོས་སྟོན་ཚུལ་སོགས་ཀྱི་གོ་དོན་ཡང་ན་མཐར་ལམ་པ་རྣམས་རང་སྣང་གི་འོག་མིན་དེར་མཚན་དཔེས་སྤྲས་པའི་ལོངས་སྐུའི་ལྷན་ཅིག་པའི་འཁོར་དུ་སོང་བ་ཉིད་ཀྱིས་ཆོས་སྐུ་སོགས་རྡོ་རྗེ་མངོན་བྱང་གསུམ་པོའི་ཡང་འཁོར་དུ་སོང་བ་དང་། ཆོས་སྐུ་དང་རྗེས་མཐུན་གྱི་རྟོགས་པ་ཐོབ་པ་ལ་ཡེ་ཤེས་རྒྱ་མཚོའི་འཁོར་དང་། རྡོ་རྗེ་དང་མངོན་བྱང་གི་སྐུ་དང་ཆ་འདྲ་བའི་རྟོགས་པ་ཐོབ་པ་ལ་རྡོ་རྗེའི་འཁོར་དང་རྒྱལ་བ་རྒྱ་མཚོའི་འཁོར་ཞེས་ལྡོག་ཆས་ཕྱེ་ནས་


MLP020_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཡིན་ནམ་སྙམ་སྟེ། སློབ་ལམ་ན་སེམས་ཅན་སྒྲིབ་པ་དང་ལྡན་པ་ཡིན་པས་ཡེ་ཤེས་ཆོས་སྐུ་མངོན་སུམ་དུ་མཐོང་བ་མེད་ཅིང་། ཆོས་ལོངས་སྤྲུལ་གསུམ་ཚོགས་དོན་གཅིག་ཉིད་དེ་གསུམ་ངོ་བོ་དབྱེར་མེད་པ་དང་ལྡོག་པ་ཐ་དད་པའི་ཆ་ནས་རྡོ་རྗེ་དང་མངོན་བྱང་གི་སྐུ་སོ་སོར་བཞག་པ་ཙམ་ལས་མེད་པས་སྟོན་པ་ཐ་དད་དུ་བཤད་མི་ནུས་པའི་ཕྱིར་རོ། །རྡོ་རྗེའི་གསུང་སོགས་ཀྱི་གོ་དོན་ཡང་། སྟོན་པ་སྐུ་གསུམ་དབྱེར་མེད་སོགས་ཀྱི་དགོངས་པ་ལ་མཉམ་པར་བཞག་པ་ཉིད་ཀྱིས་འཁོར་མཐར་ལམ་པ་རྣམས་རྒྱུད་དོན་གྱི་རྟོགས་པ་མཐར་ཕྱིན་ནས་ཐུགས་དགོངས་ཀྱི་སྤངས་རྟོགས་དབྱེར་མེད་དུ་གྱུར་པ་ལ་གསུང་གིས་བརྡ་སྤྲོད་པའི་ཐ་སྙད་སྦྱར་བ་མི་འདྲ་བ་ཙམ་སྟེ་དོན་རྒྱལ་བ་དགོངས་བརྒྱུད་དང་འདྲའོ། །དགོངས་བརྒྱུད་ལ་གཏན་ཚིགས་སུ་འཇོག་པའི་རྒྱུ་མཚན་ཡང་། རྡོ་གྲུབ་རང་གི་གནས་ལུགས་ལ་དཔྱད་པའི་གོ་ཚོད་ལ། སྤྱིར་གྲོལ་ལམ་གྱི་སྐབས་འདིར་དབང་པོ་རྣོ་བའི་དབང་གིས་བསྐྱེད་རིམ་ཙམ་སྔོན་དུ་བཏང་བ་ལས་རང་གཞན་གྱི་ལུས་ལ་གནད་དུ་བསྣུན་པའི་ཐབས་རྣམས་སྔོན་དུ་མ་བཏང་བར་གཏན་ཚིགས་ཙམ་ལ་བརྟེན་ནས་རྫོགས་རིམ་གྱི་རྟོགས་པ་གསར་དུ་འདྲེན་པར་གསར་ཕྱོགས་པས་ཁས་མི་ལེན་མོད། རང་ལུགས་ལ་བཞེད་དེ། དེ་ལྟར་འདྲེན་ནུས་པའི་རྒྱུ་མཚན་ནི། གང་ཟག་གང་ཡིན་ཡིན་ལ་བཤད་པ་མིན་ཏེ། ལམ་འདི་གདུལ་བྱ་ཤེས་རབ་ཆེས་ལྷག་པར་རྣོ་བའི་དབང་དུ་མཛད་པས་གྲོལ་ལམ་ལ་ཤེས་རབ་ཀྱི་ལམ་པ་ཞེས་བྱ་ལ། དབང་རྣོན་དེ་འདྲ་བ་དེས་ཚུལ་གསུམ་ཚང་བའི་གཏན་ཚིགས་རྩ་ཐིག་རླུང་གསུམ་གྱི་ཐབས་ཡིན་པ་བཅད་ཙམ་ལ་བརྟེན་ནས་ཞེན་སྣང་གི་སྤྲོས་པ་གཅོད་ནུས་ཤིང་། སྒྲིབ་བྱེད་གེགས་ཀྱི་གཙོ་བོ་དེ་བཅད་སྟོབས་ཀྱིས་གཉུག་མའི་བཞུགས་ཚུལ་སེམས་ལས་འདས་པའི་འོད་གསལ་རྗེན་པར་མཐོང་ཞིང་མཚོན་ནུས་པའི་གནད་ཀྱིས་འདིར་གཏན་ཚིགས་ཁོ་ན་གཙོ་བོ་སྨོས་པ་ཡིན་ཏེ། གདུལ་བྱ་ཤེས་རབ་ཅན་ལ་གཏན་ཚིགས་མཚན་ཉིད་པས་འོད་གསལ་ལ་འཇུག་པ་ཡོད་ཆོག་པ་དེར་མ་ཟད་ཤིན་ཏུ་དབང་རྣོན་འགའ་ཞིག་ལ་གཏན་ཚིགས་མཚན་ཉིད་མི་ལྡན་པ་རྡོ་རྗེ་སློབ་དཔོན་གྱིས་དགོངས་པ་གཏད་པ་ཙམ་སྔོན་བྱུང་དངོས་ལྔ་ལྟ་བུ་དང་། བརྡ་ཐབས་ཚུལ་ལྔའི་གཏན་ཚིགས་ཙམ་དང་འོད་གསལ་རྟོགས་ཟིན་གྱི་རྣལ་འབྱོར་ཁྱད་པར་བ་ལ་གཞན་གང་ཟག་གིས་བརྡ་བྱས་པ་མིན། དོན་ལྔའི་སྣང་བ་གང་རུང་གིས་གནས་ལུགས་མཚོན་བྱེད་དམ་དྲན་སློང་བྱེད་དེ། དཔེར་ནང་དུ་ཅུང་ཟད་མི་རྟག་པར་འཕྲིག་ཚུད་པ་ལ་ཕྱི་རོལ་མི་རྟག་པའི་


MLP020_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་མི་སྟོན་པ་མེད་ཅེས་པ་ལྟ་བུ་ཡིན། ཚིག་ལྔའི་གཏན་ཚིགས་ཕྱོགས་ཀྱིས་ཚིག་མགོ་སྨོས་ཙམ་གྱིས་དགག་བྱའི་ཆོས་ཞེན་སྣང་བཅད་དེ་བསྒྲུབ་བྱའི་ཆོས་རང་གནས་ཀྱི་ཡེ་ཤེས་གསལ་བར་མཚོན་ནུས་པ་མཐར་ལམ་པ་ལྟ་བུ་ལ་རྒྱལ་བས་དགོངས་གཏད་བྱས་པ་གཏན་ཚིགས་སུ་འགྲོ་བ་ཟད་ཅེས་པའི་སྡུད་སྒྲའང་འདི་ལྟར་ཡོད་ཅེས་དབང་རྣོན་ཤེས་རབ་ཀྱིས་གྲོལ་ཚུལ་འདིར་བསྟན་འདི་ལ་གོང་བཤད་ལྟར་ཐབས་ཙམ་གྱི་རྣམ་གྲངས་ཀྱིས་རྟོགས་ནུས་པའི་འོད་གསལ་ཤར་ཚུལ་མི་འདྲ་བས་འཆར་བྱེད་ཀྱི་ཐབས་ཀྱིས་གཏན་ཚིག་ཀྱི་དོད་ཐུབ་པའི་རྣམ་གྲངས་ཀྱི་སྒོ་ནས་རྟོགས་བྱ་འོད་གསལ་ཉིད་རྟོགས་ལ། དེ་ལ་ཡུལ་ཁྱད་པར་བ་བླ་མ་དང་། གདུལ་བྱ་དབང་རྣོན་ཁྱད་པར་ཅན། ལམ་མྱུར་ལམ་ཁྱད་པར་བའི་རིམ་པས་ཐབས་ཀྱི་སྦྱོར་བ་མ་ཟད། རྒྱུ་མཚན་ནམ་གཏན་ཚིགས་ཕྱོགས་མཚུངས་ཙམ་གྱིས་འོད་གསལ་རྗེན་པར་རྟོགས་ཚུལ་ཡོད་པ་ལ་ངེས་པ་ཐོབ་པས། གཏན་ཚིགས་རྫོགས་པར་འགོད་པས་བསྒྲུབ་བྱ་རྟོགས་པར་ཡོད་པ་སྨོས་ཅི་དགོས་སྙམ་དུ་རྟོགས་ནས། གཏན་ཚིགས་ལ་བརྟེན་པ་ཙམ་གྱིས་འོད་གསལ་རྟོགས་པར་མི་འགྱུར་སྙམ་པའི་ལོག་རྟོག་ཆོད་ནས་ངེས་པ་སྐྱེད་པའི་ཆེད་དུ་རྣོན་པོའི་རབ་དངོས་རྣོན་པོའི་འབྲིང་ཚུལ་རྣོན་པོའི་ཐ་མ་ཚིག་གསུམ་གྱི་དབྱེ་བ་འདི་དག་ལ་གཏན་ཚིགས་ཀྱི་སྒྲས་བསྙད་པར་མཛད་པ་འདྲའོ། །བླ་མ་ཐམས་ཅད་མཁྱེན་པ་དཔལ་སྤྲུལ་རིན་པོ་ཆེའི་གསུང་རྒྱུན་ལས་ཀྱང་། རྩ་རླུང་ཐིག་ལེའི་བྱེད་བཅིང་ལ་མི་ལྟོས་པར་གཏན་ཚིགས་ཁོ་ནས་ལམ་གྱི་འོད་གསལ་ལ་སྦྱོར་བ་ནི་རྒྱུད་འདིའི་ཁྱད་ཆོས་ཆེན་པོ་ཡིན་པས་འདིར་གཏན་ཚིགས་སྲོག་ཏུ་བཟུང་དགོས་ཞེས་གསུང་ངོ་། །དེའི་ཕྱིར་སྔོན་བྱུང་དངོས་ལྔ་ནས་སྤྲུལ་སྐུའི་གཏན་ཚིགས་བསམ་བྱུང་གིས་དཔྱད་དུ་ཡོད་པས་འདི་གཏན་ཚིགས་མཚན་ཉིད་པ་ཡིན་པར་འོག་ཏུ་གསལ་གོ་བའི་གཏན་ཚིགས་ཀྱི་བར་གྱིས་བསྒྲུབ་བྱའི་ཆོས། དབང་རྣོན་ལ་རྒྱུད་དོན་གྱི་ཡེ་ཤེས་ཁྱད་མེད་པར་འོག་ཏུ་དཔྱད་དུ་ཡོད་པའི་གཏན་ཚིགས་དངོས་བཀོད་ནས་དབང་རབ་ལ་རྒྱུད་དོན་མཚོན་པ་དང་། མཚོན་ཚུལ་ཐམས་ཅད་ཤེས་རབ་ཀྱིས་རང་རྒྱུད་ཀྱི་འཆིང་བ་ཕྲ་རགས་ཅི་རིགས་པ་གྲོལ་ནས་མཐུན་ཕྱོགས་འོད་གསལ་བསྐྱེད་པའི་ལུགས་སུ་མཚུངས་པས་སམ་འདྲ་བས་ན་གཏན་ཚིགས་མཚན་ཉིད་པ་དཔྱད་དུ་ཡོད་པའི་གཏན་ཚིགས་དང་འདྲ་བ་ལས་བཏགས་ཏེ་དངོས་ལྔ་སོགས་ཚུལ་ལྔ། ཚིག་ལྔའི་ནང་ཚན་སྐུ་བཞིའི་ཚིག་རྣམས་ལའང་གཏན་ཚིགས་ཞེས་བཏགས་པ་ལས་གཏན་ཚིགས་དངོས་མིན་ཞེས་བརྗོད་དོ། །དེ་ལྟར་བྱས་ན་གོང་དུ་སྨོས་པའི་བཞེད་པ་ཟུར་ལུགས་པའི་རྗེས་འབྲང་གི་བཞེད་པ་གཉིས་པོ་གང་ལའང་འཐད་མི་འཐད་ཀྱི་


MLP020_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གཉིས་རེ་འབྱེད་རྒྱུ་ཡོད་པར་རྟོགས་སོ། །བཞེད་པ་སྔ་མས། སྐུ་བཞིའི་འཁོར་ལ་ཞེན་སྣང་མེད་ཅེས་དང་། ཕྱི་མས་གཏན་ཚིགས་དངོས་ཡིན་པར་འདོད་པ་མི་འཐད་པའི་ཕྱོགས་དང་སྔ་མས་གཏན་ཚིགས་མཚན་ཉིད་པ་མིན་ཞེས་པ་དང་། ཕྱི་མས་སྐུ་བཞིའི་འཁོར་ལ་ཞེན་སྣང་ཕྲ་མོ་ཡོད་ཅེས་པ་འཐད་ཕྱོགས་སོ། །ཚུལ་འདི་ནི་གྲོལ་ལམ་གྱི་དཀའ་བའི་གནད་ཅིག་ཏུ་སྣང་ངོ་། །གཉིས་པ་ཚུལ་ལྔ་ནི། མཐར་ལམ་པ་ལྟ་བུ་དབང་པོ་རབ་ལ་དགོངས་བརྒྱུད་གཏན་ཚིགས་སུ་འགྲོ་བ་དེ་ལྟར་ཡིན་ཀྱང་། དེར་མ་ཟད་རྗེས་འཇུག་གི་གང་ཟག་འོད་གསལ་ལ་བརྟན་ཆ་ཐོབ་ཟིན་ཡོད་པའི་དབང་རྣོན་ཡང་རབ་རྣམས་ལ་མིག་གིས་གཟུགས་སྣང་རྣ་བར་སྒྲ་གྲགས་ཀྱི་དངོས་པོ་ཐམས་ཅད་ཀྱིས་སྔོན་བྱུང་སྐུ་ལྔའི་གསུང་གི་དགོངས་གཏད་གཅིག་གིས་བསྒྲུབ་ཆོས་འོད་གསལ་གཉུག་མའི་ཡེ་ཤེས་ཀྱི་ཡོན་ཏན་སོ་སོར་ངེས་པར་བྱེད་པའི་ཚུལ་དང་མཐུན་པར་རྒྱུད་དོན་འོད་གསལ་གྱི་ཡེ་ཤེས་ངོ་སྤྲོད་པའི་སྒོ་ནས་གང་སྣང་གཏན་ཚིགས་སུ་འགྲོ་བ་སྟེ། དེའང་སྟོན་པ་ཆོས་སྐུ། ལོངས་སྐུ། མངོན་བྱང་། རྡོ་རྗེ། སྤྲུལ་པའི་སྐུ་རྣམས་ཀྱི་གསུང་དང་ཚུལ་མཐུན་པའི་གཏན་ཚིགས་རིམ་པ་བཞིན། སྐྱེ་མེད་དོན་གྱི་གཏན་ཚིགས་ཕྱི་རོལ་གྱི་ཀ་བ་ལྟ་བུའི་གཟུགས་སྣང་དེས་སྣང་བ་ལྟར་མི་གནས་པའི་སྣང་གྲགས་འདི་དག་གནས་ལུགས་ཀྱི་ངོ་བོ་སྐྱེ་མེད་མཚོན་པ་ནམ་མཁའ་ལྟ་བུ་དང་། དགོངས་པ་བརྡའི་གཏན་ཚིགས་སྣང་གྲགས་དེ་དག་དེ་ལྟར་སྣང་བྱེད་ཀུན་གཞི་སོགས་སྒྲིབ་པ་ངོས་འཛིན་པ་མེ་ལོང་གི་གཟུགས་བརྙན་ལ་ཡོད་པའི་ནག་ནོག་རྟོགས་ཐུབ་པ་ལྟ་བུ་དང་། རང་རིག་མངོན་གསལ་གྱི་གཏན་ཚིགས་མ་དག་པར་སྣང་བ་འཐུག་པོ་ལིང་ལིང་འཕྲང་འ ཕྲང་དེ་འོད་གསལ་གྱི་གསལ་ངར་སེམས་ཀྱིས་འཕྲོག་པས་ཡིན་གྱི་ཀ་བ་ལྟ་བུའི་སྣང་བ་འཐུག་པའི་མཐུ་འོད་གསལ་རྟོག་མེད་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་དང་། དབྱེར་མེད་རྡོ་རྗེའི་གཏན་ཚིགས་རྗེས་ཐོབ་ཏུ་ངེས་ངོར་སྟོང་པ་དང་། སྣང་ངོར་གཞན་དུ་སྣང་བས་སྒྱུ་མ་ལྟར་ཤར་བ་སྟོང་པའི་ངོ་བོར་གྲགས་སྟོང་དབྱེར་མེད་བྲག་ཆ་ལྟ་བུ་དང་། བརྗོད་པ་ཚིག་གི་གཏན་ཚིགས་ཚིག་དོན་སྣ་ཚོགས་སངས་རྒྱས་ཀྱི་གསུང་ཡིན་པ་ལྟར་ཀ་སྣང་ལྟ་བུའི་སྣང་བ་གཅིག་གིས་སྐྱེ་མེད་ཀྱི་དོན་སྣ་ཚོགས་རྟོགས་པས་ཀུན་ཡིད་འཇུག་པ་ཚངས་དབྱངས་ལྟ་བུའོ། །འདི་ནི་རྒྱལ་བ་གོང་མ་རྣམས་སྣང་བ་ཐམས་ཅད་བླ་མ་དང་དཔེ་ཆར་ཤར་བ་ཞེས་གསུངས་པ་དང་མཐུན་པ་སྟེ། དེའང་ཡུལ་སྣང་ཀ་བུམ་ལྟ་བུ་གཅིག་གི་བརྡ་ལ་བརྟེན་ནས་རྣལ་འབྱོར་པའི་རྒྱུད་ལ་སྐྱེ་མེད་ཀྱི་རྟོགས་པ་ཤར་བའི་ཆ་ནས་ཆོས་སྐུའི་གསུང་གི་ཚུལ་དུ་སོང་བ་དང་། སྐྱེ་མེད་དོན་གྱི་


MLP020_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་སུ་སོང་བ་དང་། ནམ་མཁའ་ལྟ་བུའི་དཔེར་སོང་བ་ཡིན་པ་དང་། དེ་བཞིན་སྦྱར་ཏེ་བརྡ་དེས་རང་རྒྱུད་ཀྱི་སྒྲིབ་པ་ངོས་ཟིན་པ་ན་ལོངས་སྐུའི་མེ་ལོང་གི་གཟུགས་བརྙན་ལྟ་བུའི་དཔེ་དང་། གསལ་ཆ་ཡེ་རླུང་སད་པས་སྟོང་གཟུགས་ཀྱི་མདངས་འགགས་མེད་ཀྱི་རིག་པ་ངོས་ཟིན་པ་ན་མངོན་བྱང་གི་དང་། སྣང་དུས་ཉིད་ནས་སྟོང་པའི་ངོ་བོར་ཤེས་པ་ན་རྡོ་རྗེའི་དང་། རྒྱལ་བའི་ཚངས་དབྱངས་གཅིག་ཉིད་གདུལ་བྱའི་དབང་གིས་སྐད་རིགས་དང་ཚིག་དོན་སྣ་ཚོགས་སུ་འཆར་བ་ལྟར་ཀ་བུམ་སོགས་དངོས་པོ་གཅིག་ཉིད་རང་བཞིན་སྐྱེ་མེད་སོགས་གསང་སྔགས་ཀྱི་དགོངས་པ་སྣ་ཚོགས་ཤེས་པའི་སྒོར་མཐོང་བ་ན་གང་ཟག་དེ་ལ་སྤྲུལ་སྐུའི་གསུང་གི་ཚུལ་དུ་སོང་བ་ཡིན་ནོ། །གསུམ་པ་མཆོག་སྤྲུལ་དང་བླ་མ་སོགས་ཚིག་ལྔ་ནི། སྔ་མ་ལས་དབང་པོ་ཅུང་ཟད་རྟུལ་ཕྱིར་ཚུལ་ལྔ་པོ་དེ་དག་ཚིག་ཏུ་བརྗོད་པ་སྟེ། དམ་བཅའ་ཙམ་སྟེ་ཆོས་ཐམས་ཅད་སྣང་བ་རང་རྒྱུད་དུ་གྲུབ་པ་མེད་དོ་ཞེས་སྐྱེ་མེད་རང་སྣང་དུ་འོག་གི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ་ལྟ་བུ་སྟོན་པའི་ཚིག་རྣམས་ཆོས་སྐུའི་ཚིག་དང་། ཚིག་འཁྱོགས་པོ་ནམ་མཁའ་གཡའ་དག་གོ །རས་དཀར་དྲི་མ་དང་བྲལ་ལོ་ཞེས་པ་ལྟ་བུས་སེམས་རྒྱུད་དྲི་བྲལ་དུ་ལྡེམ་དགོངས་བརྡའི་ཚིག་གིས་རྒྱུད་དོན་གོ་བར་བྱེད་པ་རྣམས་ལོངས་སྐུའི་དང་། སྟོང་གསལ་དབྱེར་མེད་རྡོ་རྗེ་ལྟ་བུར་སྟོན་པ་དབྱིངས་ཡེ་ངོ་བོ་དང་། བདག་ཉིད་དབྱེར་མེད་གཅིག་གོ་ཞེས་པའི་ཚིག་རྣམས་རྡོ་རྗེའི་དང་། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཡེ་ཤེས་རང་སྣང་དུ་སྟོན་པའི་ཚིག་དང་ཡི་གེ་རྣམས་མངོན་བྱང་གི་དང་། གདུལ་བྱ་རྒྱུད་དོན་ལ་བཀྲི་ཞིང་ཁ་དྲང་བའི་བརྒྱུད་པའི་ཚིག་རྣམས་སྤྲུལ་སྐུའི་ཚིག་གོ །དེ་རྣམས་བསྡུ་ན་སྒྱུ་འཕྲུལ་ལམ་རིམ་ལས། ཚིག་ལྔ་དེ་ལྟ་བསྟན་པ་ཡིན་མོད་ཀྱི་བསྡུ་ན་དཔྱོད་མི་དཔྱོད་གཉིས། །བཞི་རྗེས་མི་དཔྱོད་གཅིག་རྗེས་དཔྱོད། །ཅེས་པ་ལྟར། དཔྱད་དུ་མེད་པས་གོ་བ་སྐུ་བཞིའི་གཏན་ཚིགས་ཞེས་དཔྱད་དུ་མེད་ཟེར་དོན་གདུལ་བྱ་དབང་རྣོན་དཔྱད་པའི་ངལ་བ་ལ་ཆེར་མི་ལྟོས་པར་རྒྱུད་དོན་གོ་བའི་དབང་དུ་བྱས་པ་དང་། དཔྱད་དུ་ཡོད་པས་གོ་བ་སྤྲུལ་སྐུའི་གཏན་ཚིགས་ཞེས་པ་གཏན་ཚིགས་དངོས་ཏེ་དབང་རྟུལ་དཔྱད་པ་གཙོ་བོར་བྱས་པ་ལ་བརྟེན་ནས་རྒྱུད་དོན་གོ་བའི་དབང་དུ་བྱས་པ་གཉིས་སོ། །སྔ་མ་དཔྱད་པའི་ངལ་བ་ལ་ཆེར་མི་ལྟོས་ཞེས་པ་འདི་ལས་དཔགས་ན་ཚིག་ལྔའི་ནང་གི་སྐྱེ་མེད་རང་སྣང་དུ་སྟོན་པའི་ཚིག་ལྟ་བུ་ལ་མཚོན་རྣམ་པར་སྤྲོས་ཏེ་མ་བཤད་པར། ཆོས་ཐམས་


MLP020_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐྱེ་བ་མེད་པའོ། །ཞེས་པ་ལྟ་བུ་ུབསྒྲུབ་བྱའི་ངོ་བོ་བསྡུས་པའི་ངག་གིས་བརྗོད་པས་དོན་ཡོ་བཟུར་མེད་པར་བཅར་ཕོག་ཏུ་སྟོན་པ་ཞིག་དགོས་སམ་སྙམ་ལ། སྐུ་གཞན་གསུམ་གྱི་གཏན་ཚིགས་ལའང་རིགས་པ་དེ་བསྒྲེ་བར་བྱའོ། །དེ་ལྟར་ན་དབང་རྣོན་མཆོག་གིས་རྒྱུད་དོན་གོ་བ་གཏན་ཚིགས་རྒྱས་པར་བསྟན་པ་ལ་མི་ལྟོས་མོད། འོན་ཀྱང་དེ་དག་རྟོགས་བྱེད་ཀྱི་རྒྱུ་མཚན་ལ་ལྟོས་པ་གཏན་ནས་མེད་བཞིན་དུ་རྒྱུད་དོན་རྟོགས་པ་མིན་པས་གཏན་ཚིགས་ཀྱི་བྱེད་པ་ཚང་བའི་དོད་ཐུབ་དགོས་པར་ངེས་ཤིང་། གཏན་ཚིགས་མཚན་ཉིད་པ་བསྟན་པའི་ཡུལ་གྱི་གཙོ་བོ་ཡང་། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། སོགས་ལྟར་གོང་མ་ལ་ལྟོས་ཏེ་དབང་རྟུལ་ཞེས་བརྗོད་ཀྱང་སྤྱིར་ཐབས་ལམ་པ་ལས་ཤིན་ཏུ་དབང་རྣོན་ཡིན་ཏེ། གྲོལ་བ་ཤེས་རབ་ཀྱི་ལམ་པ་ཞེས་རྒྱུད་འདིའི་ཆེད་དུ་བྱ་བའི་སྣོད་ལྡན་གཙོ་བོའི་གདུལ་བྱ་ཡིན་པའི་ཕྱིར་ཏེ། རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོར་གྱུར་པའི་ཆེ་བ་བརྒྱད་ལྡན་གྱི་རྒྱུད་འདི་དབང་རྟུལ་ལ་དགོངས་ཏེ་གསུངས་པའི་རྒྱུད་ཡིན་ཞེས་སྨྲ་མི་རིགས་པའི་ཕྱིར་རོ། །སྤྲུལ་སྐུའི་གཏན་ཚིགས་དེ་ལ་གཉིས་ཏེ། སྐབས་བབ་ཀྱི་འདིར་ཚིག་ནི་གཏན་ཚིགས་དང་དོན་ནི་གཞལ་བྱའམ་བསྒྲུབ་བྱ་ཡིན་པས་ཚིག་དོན་མཐུན་པའི་དང་། མི་མཐུན་པའི་གཏན་ཚིགས་སོ། །དང་པོ་ནི། བསྒྲུབ་བྱའི་དོན་དང་སྒྲུབ་བྱེད་གཏན་ཚིགས་གཉིས་བརྗོད་ཚུལ་གྱི་སྒྲ་མི་འགལ་བར་སྦྱར་ནས་གཏན་ལ་འབེབས་པའོ། །དགོངས་རྒྱན་སོགས་ལས་ཚིག་དོན་མཐུན་མི་མཐུན་ཙམ་ལས་གསལ་ཁ་མ་བྱུང་ཡང་སྒྲ་མི་འགལ་བ་ཞེས་པའི་ཚིག་ཟུར་འདི་སྦྱར་དགོས་པར་སེམས་ཏེ། དཔེར། ཚིག་དོན་སྒྲ་མཐུན་པ། གང་ཟག་ཆོས་ཅན། བདེན་གྲུབ་མེད་དེ། གཅིག་དུ་མ་དང་བྲལ་བའི་ཕྱིར་ལྟ་བུ་མི་མཐུན་པ། དེ་ཆོས་ཅན། བདེན་གྲུབ་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་རམ། སྣང་ཙམ་ཡིན་པའི་ཕྱིར། ཞེས་པའི་མེད་དང་ཡིན་གྱི་ཚིག་འགལ་བ་ལྟར་ཡིན་གྱི། དོན་གྱི་རྟགས་ཆོས་གཉིས་འབྲེལ་བ་གྲུབ་མ་གྲུབ་ཀྱི་འགལ་བའི་གཏན་ཚིགས་མཚན་ཉིད་པ་ཡིན་མིན་ལ་བྱེད་ན་ཚིག་དོན་མི་མཐུན་པའི་གཏན་ཚིགས་ཁྱབ་འགལ་གྱི་རྟགས་ཡིན་དགོས་པས་འདིར་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་བཞག་ཏུ་མེད་པར་འགྱུར་རོ། །དེ་ལ་གཉིས་མི་བསླུ་བ་དེ་ཚད་མ་དེ་ལ་ཤེས་པ་དང་གང་ཟག་དང་ངག་ཚད་མ་ལས་འདིར་རྒྱལ་བའི་ངག་གམ་རྒྱུད་ཀྱི་བཀའ་གཞུང་དང་། གཏན་ཚིགས་བཀོད་ཚུལ་མདོ་ཕྱོགས་དང་སྒྲ་མཐུན་ཀྱང་བསྒྲུབ་བྱའི་དོན་སྤགས་ཀྱི་གཏན་ཚིགས་སོ། །དང་པོ་ནི། རྒྱུད་གཞུང་གིས་དངོས་བསྟན་ལྟར་


MLP020_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་སྟེ། དེ་ལའང་རྟོགས་པ་བཞིའི། དག་པ་གསུམ་གྱི། མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིགས་དང་བཞི། དང་པོ་ནི། རྒྱུད་ཀྱི་ལེའུ་བཅུ་གཅིག་པར། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །སྣོད་བཅུད་རྒྱུད་གསུམ་དག་པ་ལྷའི་རབ་ཏུ་རྟོགས་པར་བྱེད་པ་རྣམ་བཞི་ཡིས། །ཐམས་ཅད་ཡེ་ནས་རང་བཞིན་དག་པ་རབ་འབྱམས་ཀྱི་མངོན་པར་རྫོགས་པ་རྒྱལ་བ་རིགས་ལྔ་སོགས་རྒྱལ་པོ་ཆེ། །ཡིན་པར་སྒྲུབ་པར་བྱེད་པའོ་ཞེས་གསུངས་ཏེ། དེ་ལ་ཐ་མལ་པའི་མཐོ་རིས་དང་ངན་སོང་གི་གནས་དང་ལོངས་སྤྱོད་རང་གཞན་ལ་སོགས་པ་དམིགས་རྐྱེན་གྱི་མ་དག་པའི་སྣང་བ་སྣ་ཚོགས་དང་། དེ་རྣམས་ལ་བཟང་ངན་དང་ཆགས་སྡང་སྤང་བླང་སོགས་སུ་ཞེན་ཚུལ་སྣ་ཚོགས་ཅན་གྱི་སེམས་ནི་ཀུན་ཉོན་འཁོར་བའི་ཕྱོགས་དང་། མ་དག་པའི་སྣང་སེམས་དེ་དག་བརྒལ་བའི་ཕ་རོལ་ཡེ་ཤེས་ཀྱི་རང་དབང་གི་སྣང་བ་རང་སྣང་སྟུག་པོ་བཀོད་པ་དང་གཞན་སྣང་འོག་མིན་སོགས་དག་པའི་ཞིང་གི་འབྱོར་པ་རྣམས་ནི་རྣམ་བྱང་མྱང་འདས་ཀྱི་ཕྱོགས་ཏེ། དག་མ་དག་དེ་དག་གང་ཡང་སེམས་ཀྱི་གཉུག་མའི་གནས་ལུགས་ཀྱི་ཁམས་སམ་ངོ་བོའི་ཡེ་ཤེས་མི་རྟོག་པའི་དབྱིངས་ལ་མ་གྲུབ་སྟེ། དབྱིངས་དེ་གཅིག་པུ་འཁོར་འདས་ཀྱི་སྣང་བ་དེ་དག་ཐམས་ཅད་ཀྱི་རྒྱུའམ་སྣང་གཞི་ཡིན་ཞིང་། དབྱིངས་འཁོར་འདས་གང་དུའང་མ་གྲུབ་པས་དབྱིངས་མེ་ལོང་དྭངས་གསལ་ལྟ་བུ་དེའི་ངོས་ནས་ཚུར་འཁོར་བའི་སྣང་སེམས་ཐམས་ཅད་གྲུབ་ཡོད་ན་དབྱིངས་འཁོར་བའི་ཕྱོགས་སུ་ཆད་པས་ལམ་གྱི་དབྱིངས་ཇི་བཞིན་མངོན་དུ་གྱུར་ཚེ་འཁོར་བའི་ཆོས་རྣམས་སྣང་དགོས་པ་དང་མ་དག་པའི་སྣང་སེམས་དེ་དག་གནས་ལུགས་ཡིན་དགོས་པ་དང་གཞི་ལ་འཁྲུལ་བ་ཡོད་པས་སྦྱང་དུ་མི་རུང་བས་ལམ་ལ་འབད་པ་དོན་མེད་དུ་ཐལ་ལ། རྣམ་བྱང་གི་སྣང་བ་དེའི་ངོས་ནས་གྲུབ་ན་དབྱིངས་དེ་རྣམ་བྱང་གི་ཕྱོགས་སུ་ལྷུང་བས་འཁོར་བའི་སྣང་གཞིར་མི་རུང་བས་འཁོར་བ་གཞི་མ་གྲུབ་པ་དང་སེམས་ཅན་རྣམས་འབད་མེད་དུ་གྲོལ་ཟིན་པར་ཐལ་བ་སོགས་བྱུང་ངོ་། །ད་ལྟ་སེམས་ལ་སྣང་བ་ལྟར་འཁོར་བའི་སྣང་སེམས་ཐ་མལ་རང་རྒྱུད་པའམ་ཡུལ་བེམ་པོ་དང་ཡུལ་ཅན་གསལ་རིག་ཤེས་པའི་རྫས་ཅན་དུ་ཡེ་ཤེས་དང་ཡེ་སྣང་ལ་མ་ལྟོས་པའི་རང་དབང་བར་གྲུབ་ན་སྣང་གཞི་ཕྱི་ཡུལ་གྱི་གཤིས་མཐར་ཐུག་གི་ཁམས་ལ་གྲུབ་ཡོད་དྭོགས་མེད་པ་མི་འཐད་པས། ཞེན་སྣང་ལྟར་གྱི་གྲུབ་ཚུལ་དེ་དབུ་མའི་རིགས་པས་ཁེགས་དགོས་ཏེ། དེའི་ཕྱིར་བི་མའི་སྤྱན་འགྲེལ་ལས་མཐའ་བཞིའི་སྐྱེ་


MLP020_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་དང་གཅིག་དུ་བྲལ་གྱི་རིགས་པ་རྒྱས་པར་བཤད་དོ། །དེ་ལྟར་ན་དབྱིངས་ཀྱི་བཞུགས་ཚུལ་མཐར་ཐུག་ལ་སྣང་བ་དང་སྣང་ཡུལ་ཐ་དད་གཉིས་སྣང་གི་སྤྲོས་པ་ཕྲ་རབ་ཙམ་ཡང་མེད་པར་བཞེད་དེ། འཁོར་འདས་ཀྱི་རྒྱུ་གཅིག་པུ་མཐར་ཐུག་བཤད་པ་འདི་ཡང་བཅད་ལྡོག་ཙམ་ལ་སྣང་བའི་འཆར་གཞི་མི་བཏུབ་པས་སྒྲུབ་ལྡོག་སྟོང་པའི་ཡེ་ཤེས་ཆེས་ཕྲ་བའི་མི་རྟོག་པའི་ཤེས་རབ་ཡིན་པས་མ་ཡིན་དགག་གི་སྟོང་ཉིད་དང་དོན་གཅིག་ཡིན་པ་ལས་བརྩམས་ཏེ་དཔྱད་པའོ། །དབྱིངས་འཁོར་འདས་གང་དུའང་མ་གྲུབ་པའི་ཚུལ་དེ་ལྟར་རྟོགས་པ་ནི་རྒྱུ་གཅིག་པར་རྟོགས་པ་སྟེ། སྐབས་དོན་ཐམས་ཅད་མདོར་བསྡུས་ནས་སྟོན་པས་སྦྱོར་བར་འགོད་ཚེ། རང་བཞིན་སྐྱེ་མེད། རོལ་བ་འགགས་མེད། ངོ་བོ་དབྱེར་མེད། མཚན་ཉིད་བྱེ་བྲག་པ་སེམས་ཀྱི་ཡུལ་དུ་བློ་བྲལ་བཞི་བསྒྲུབ་བྱར་བཟུང་ནས་རྒྱུ་གཅིག་པ་སོགས་བཞི་པོ་གཏན་ཚིགས་སུ་འགོད་པར་གསུངས་པ་དང་སྦྱར་ན། འཁོར་འདས་ཀྱི་སྣང་བ་གཉིས་ཆོས་ཅན། དབྱིངས་ཀྱི་རང་བཞིན་ལ་གཉིས་ཀ་མ་གྲུབ་པས་སྐྱེ་བ་མེད་དེ། ཁྱོད་གཉིས་ཀའི་སྣང་གཞི་མཐར་ཐུག་དབྱིངས་གཅིག་པོ་དེ་ལས་མེད་པའི་ཕྱིར། ཞེས་པ་སྟེ། གསང་བདག་དགོངས་རྒྱན་དུ་བཀོད་ཚུལ་ནི་དེར་ཤེས་པར་བྱའོ། །དེ་ལྟར་འཁོར་འདས་གཉིས་ཀྱི་སྣང་ཆ་དབྱིངས་ཀྱི་ངོས་ནས་མ་གྲུབ་ཀྱང་། དབྱིངས་ལ་ཡེ་ཤེས་འབྲལ་མི་སྲིད་ཅིང་། ཡེ་ཤེས་ལ་ནི་དག་པ་ད ང་མ་དག་ཆ་འདྲའི་སྣང་ཆ་ཤར་རུང་ལྷུན་གྲུབ་ཏུ་ཡོད་དེ། ཐག་ཁྲ་མེད་ན་སྦྲུལ་དུ་འཁྲུལ་པའི་གཞི་མེད་པ་བཞིན་སེམས་ཀྱི་གཉུག་མའི་གནས་ཚུལ་སྟོང་པ་ཕྱང་ཆད་ཙམ་ཡིན་ན་སྣང་ཆ་ཞིག་འཇོག་ཏུ་མི་བཏུབ་ལ་དག་མ་དག་ཆ་འདྲའི་སྣང་བ་གཏན་མེད་ན་འཁྲུལ་སྣང་གཏན་མེད་པས་གོང་དུ་འཁྲུལ་བ་ལ་གཞི་ཡོད་ཅེས་གསུངས་པས་ཁྱབ་ཅེས་སྒྱུ་འཕྲུལ་ལ་མཁས་པ་རྣམས་གསུངས་ཏེ་བསླུ་མེད་རྡོ་རྗེའི་ཚིག་གོ །དེའང་གོང་སྨོས་ལྟར་རྩ་བའི་དབྱིངས་ཁོ་རང་འཁོར་འདས་གང་དུ་ཡང་ཕྱོགས་ལྷུང་མེད་པའི་གནད་ཀྱིས་རིས་མེད་ཀྱི་སྣང་བ་སྒྱུ་མ་ལྟ་བུར་རང་ཤར་ཏེ། རིས་མེད་ཀྱི་དོན་ནི། འཁོར་བའི་གནས་ལུས་ལོངས་སྤྱོད་མཐོ་རིས་དང་ངན་སོང་གི་ཁྱད་པར་གྱི་བྱེ་བྲག་མཐའ་ཡས་པར་སྣང་པ་དང་། དཔེར་ན་ཆུ་ལྟ་བུའི་དངོས་པོ་གཅིག་ཀྱང་ལས་དང་རིག་སྔགས་ཀྱིས་ཆུ་ལ་མེ་འབར་བ་སོགས་དང་བསམ་གཏན་གྱི་ཏིང་འཛིན་ཟད་པ་སའི་ཏིང་འཛིན་གྱིས་ནམ་མཁའ་སའི་དཀྱིལ་འཁོར་དང་སྒོ་ཁྱེར་བཏུབ་པ་ལ་སོགས་པའི་རྐྱེན་ལས་ཅིར་ཡང་


MLP020_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དེ་འདྲ་ཞིག་ལ་རིས་མེད་ཅེས་བྱ་སྟེ། མདོར་ན་སྣང་བ་ཅི་ཡང་འཆར་ཞིང་ཕྱོགས་རེར་མ་ཆད་པ་ནི་རིས་མེད་པའོ། །རྒྱུད་འདིར་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་བདེན་གྲུབ་མེད་པའི་མིང་ཙམ་དུ་ཟད་པར་དབུ་མ་ཐལ་འགྱུར་བས་ཕབ་པ་ལྟར་ཡང་ཡང་གསུངས་ཏེ། མིང་གདགས་གཞིའི་ངོར་གྲུབ་ན་རིས་མེད་འཆར་ཚུལ་མེད་པས་མིང་ཙམ་དུ་གསུངས་པ་འདི་སྣང་བ་རིས་མེད་ཡིན་པར་སྒྲུབ་བྱེད་ཀྱི་རྒྱུ་མཚན་དཔྱིས་ཕྱིན་པ་ཡིན་ལ༑ དཔྱིས་ཕྱིན་པ་ཡིན་ཚུལ་དེ་ཡང་སྣང་གཞི་མཐར་ཐུག་དབྱིངས་ཁོ་རང་གི་ངོ་བོ་ལ་འཁོར་འདས་ཀྱི་སྣང་བ་མ་གྲུབ་པའི་རྒྱུ་མཚན་བདེན་གྲུབ་མེད་པ་དེར་ཐུག་གོ དེར་གྲུབ་སྟེ་དབྱིངས་ལ་མ་གྲུབ་པ་དང་། བདེན་པར་མ་གྲུབ་པ་དོན་གཅིག །གང་དུ་གྲུབ་ནའང་རིས་ཆད་དུ་འགྲོ་བའོ། །དེས་ན་ཡེ་ཤེས་ཀྱི་སྣང་བ་ལ་ཕྱོགས་རིས་མེད་ཀྱང་ད་ལྟ་མ་དག་པ་རིས་སུ་ཆད་ནས་སྣང་བ་འདི་སེམས་ཀྱིས་ཕྱོགས་རིས་སུ་བཅད་ནས་ཞེན་པ་ཡིན་པར་མ་ཟད། དཔེར་ན་རྫོགས་ཆེན་ཐོད་རྒལ་གྱི་དབྱིངས་ཐིག་རིག་གསུམ་དང་པོར་རྒྱང་ཞགས་ཀྱི་སྒོ་ཁར་འབྲེལ་བའི་རྒྱ་ཆུང་ལ་མི་བརྟན་པ་ལྟར་རྫོགས་རིམ་པས་སྟོང་གཟུགས་མཐོང་ཚེ་དེ་ཕྱོགས་རེ་བ་སྣང་བ་ལས་ཀུན་ལ་ཁྱབ་པ་མི་སྣང་བ་ནི་རིས་མེད་ཀུན་ཁྱབ་ཀྱི་འཆར་ཚུལ་ཚད་དང་ཕྱོགས་རིས་ཅན་ཤར་ཞིང་རྩལ་མ་རྫོགས་པའང་ཡིན་ལ་དེ་མ་རྫོགས་པའི་རྒྱུ་མཚན། ཀུན་གཞི་སོགས་རྟོག་སྒྲིབ་གློ་བུར་བ་དེའི་ཤན་ཞུགས་པ་ཡིན་གྱི། དག་པའི་སྣང་བ་སྟོང་གཟུགས་རང་གི་གཉུག་མའི་འདུག་ཚུལ་མཐར་ཐུག་གི་ཆ་མ་ཡིན་ཏེ། གསེར་གཡས་སྒྲིབ་ནས་མདོག་མི་གསལ་བ་ལྟར་ཡིན་པའི་ཕྱིར་རྟོག་པ་གློ་བུར་བས་བསླད་པ་གཏན་མེད་ན་སངས་རྒྱས་ཀྱི་ཐུགས་ཆོས་སྐུ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ལས་མི་གཞན་པའི་རང་སྣང་བཀོད་པའི་འཁོར་ལོ་དབྱིབས་དང་ཁ་དོག་སོགས་རིས་མེད་ཀུན་ཁྱབ་ཀྱི་རྣམ་པ་ཐམས་ཅད་པ། ཆོས་ཀྱི་དབྱིངས་ལྟར་ཡེ་ཤེས་དང་ཡེ་སྣང་མཐའ་མེད་པར་ཁྱབ་ཅིང་། ཚད་ཡོངས་སུ་མ་ཆད་པ་ཁོ་ནའོ། །དེ་འདྲ་བ་དེ་ལ་སངས་རྒྱས་ཀྱི་མཁྱེན་པ་ལྟར་གཞི་རང་གི་གནས་ཚུལ་དག་པ་རབ་འབྱམས་ཀྱི་སྣང་བ་ཞེས་བྱ་ཞིང་། སྣང་བ་རང་གི་གནས་ཚུལ་དག་པར་གནས་པ་དེ་ཉིད་ཡོངས་སུ་དག་པའི་ལྷའི་ངོ་བོ་ཉིད་ཀྱང་ཡིན་ཏེ། རང་སྣང་ལོངས་སྐུའི་ཞིང་ལྟ་བུའི་དག་པའི་རྟེན་དང་བརྟེན་པ་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པར་མདོ་སྔགས་སྤྱི་ལ་ཡོངས་སུ་གྲགས་སོ། །དག་མ་དག་གི་སྣང་བ་རིས་མེད་ཡིན་པ་འདི་ལ་ཡིག་འབྲུའི་ཚུལ་དང་སྣང་བ་ལྷར་སྒྲུབ་པ་ཞེས་བྱ་སྟེ། རྟགས་སྦྱོར་བཀོད་ན། དགོངས་རྒྱན་ལས་འབྱུང་བ་ལྟར། སེམས་


MLP020_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོག་མེད་ཀྱི་ཡེ་ཤེས་དེ་བདེན་གྲུབ་དང་ལས་ཉོན་གང་དུའང་སྐྱེ་མེད་ཀྱི་གདངས་སམ་སེམས་བསླད་པས་སྣང་བ་དང་རང་དབང་ལམ་འབྲས་ལྟར་གྱི་སྣང་བ་ཆོས་ཅན། སྣང་ཚོད་ལ་དག་པར་རོལ་པ་འགགས་མེད་དམ་རིས་མེད། སྣང་བ་གཟུགས། གྲགས་པའི་སྒྲ། དྲན་པའི་སེམས་རྣམས་གནས་ཚུལ་ལ་ལྷའི་སྐུ་གསུང་ཐུགས་སུ་རང་ཉིད་རང་སྣང་བ་ཡིན་ཏེ། དཔེར་ན་དོན་མཚོན་བྱེད་ཀྱི་མིང་ཚིག་གང་གི་ངོ་བོར་མཚོན་དུ་མེད་པའི་བརྗོད་མེད་ན་དའི་ཡི་གེ་ཨ་ཉིད་གཅིག་གི་གདངས་ལས་མཚོན་བྱེད་ཡི་གེ་དབྱངས་གསལ་སོགས་དུ་མར་མ་འགགས་པར་སྣང་བས་མཚོན་ནས་རོལ་པ་འགགས་པ་མེད་པར་རྟོགས་པའི་ཕྱིར། རོལ་པ་འགགས་མེད་འདི་གོང་དུ་རུས་མེད་ཀྱི་དོན་དུ་བཤད་པ་ལྟར་རིས་མེད་ཡིན་ནའང་། གཙོ་བོ་དག་པའི་སྣང་བ་རིས་མེད་ཀྱི་ཕྱོགས་ལ་གོ་བ་ལེན་དགོས་མ་གཏོགས། རོལ་པ་འགགས་མེད་འདིས་སྣང་བ་ལྷར་སྒྲུབ་དགོས་པར་གསུངས། དེས་ན་དབྱིངས་ཡེ་གཉིས་ལས་ཡེ་ཤེས་ཀྱི་ཕྱོགས་ལ་དག་པའི་སྣང་བ་རིས་མེད་འཆར་བ་ལྟ་བུ་དེ་ལ་གོ་དགོས་གསུངས། ཞེས་པ་ཡིན་ཏེ། དེའི་ཚུལ་ནི་དབྱིངས་རང་གི་རང་ལྡོག་གི་ངོ་བོ་ལ་འཁོར་འདས་ཀྱི་སྤྲོས་པ་མེད་པ་ནི་ཨ་ཡིག་ལ་ཡི་གེ་མང་པོ་མེད་པ་དང་འདྲ། འོན་ཀྱང་ཡེ་ཤེས་ཀྱི་གདངས་ལས་སྣང་བ་སྣ་ཚོགས་དབྱིངས་དེའི་ཆོ་འཕྲུལ་དུ་ཤར་བ་ནི་ཨ་ཡི་སྒྲ་གདངས་དེ་ལྕེ་རྐན་མིད་སོ་མཆུ་སྟེ་དེ་གནས་ལྔའི་བྱེད་རྩོལ་ཐ་དད་ཀྱིས་བསྒྱུར་བས་དབྱངས་གསལ་གྱི་ཚོགས་བཅུ་དྲུག་དང་སོ་བཞི་འབྱུང་བ་དང་འདྲ། རང་བཞིན་དག་པའི་དབྱིངས་དེ་ལས་ཤར་བ་ལ་མཐར་གཏུགས་ན་དག་པའི་ལྷ་འབའ་ཞིག་ལས་གཞན་མེད་པ་ནི་དབྱངས་གསལ་གྱི་ཡི་གེ་ལ་ཨའི་གདངས་ཀྱིས་མ་ཁྱབ་པ་མེད་པ་དང་འདྲའོ། །ཡང་ཡིག་འབྲུའི་རྟགས་འཆད་ཚུལ་གཞན་ཡོད་གྲོལ་ལམ་ཅིག་ཆར་བའི་ཐད་ན་རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡིས། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཞེས་པ་ལྟར་ལྷག་པའི་བདེན་པ་གཉིས་དང་དེ་གཉིས་དབྱེར་མེད་པ་སྟེ་གསུམ་པོ་མཚོན་བྱེད་ཡི་གེ་ཨ་ཨུ་མ་གསུམ་སྟེ་ༀ་ཡིག་སྣང་སྟོང་དབྱེར་མེད་གསུམ་མཚོན་བྱེད་ལ་གཅིག་ཏུ་འདུས་པས་མཚོན་ནས་དབྱེར་མེད་སངས་རྒྱས་རྟོགས་པར་བྱེད་པ་ལ་ཡིག་འབྲུའི་ཚུལ་དུ་གསུངས་པའང་རིམ་གྱིས་པ་མ་ཟད་ཅིག་ཅར་བས་ཅར་ཕོག་ཏུ་རྟོགས་བྱེད་ཀྱང་ཡོད་དོ། །དཔེར་ན་རས་དཀར་པོ་བཙོད་ཀྱིས་ཁ་བསྒྱུར་ན་དམར་པོ་ཡིན་པ་ལྟར་སྣང་བྱ་ཆུ་ལྟ་བུ་འཁོར་བའི་ཆོས་གང་དང་གང་སྣང་ཚུལ་ཇི་ལྟར་མ་དག་པར་སྣང་བའི་ཆོས་ཐམས་ཅད་ཀྱང་གོང་གི་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱིས་གཏན་ལ་ཕབ་པའི་


MLP020_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་ཐོས་བསམ་གྱི་ངེས་ཤེས་ཀྱིས་བལྟས་ན་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་རྒྱལ་བའི་དཀྱིལ་འཁོར་ཉག་གཅིག་ཏུ་འཆར་བས་ན་མ་དག་པའི་སྣང་སྤྱོད་ཐམས་ཅད་ཚུལ་དེ་གཉིས་ཀྱིས་སངས་རྒྱས་སུ་བྱིན་གྱིས་བརླབས་པ་ཡིན་ཞེས་བཤད་ན་ལྟ་ཕྲེང་དང་། རྫོགས་ཆེན་ལས་ཀྱང་། གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །སྣང་བ་ཐམས་ཅད་རང་སྣང་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། ཞེས་པ་ལྟར་མཐུན་ལ༑ གྲོལ་ལམ་གྱི་སྐབས་འདིའི་བྱིན་གྱིས་བརླབས་པའི་གཏན་ཚིགས་འདིར་བཀོད་འོག་མ་ལའང་སྦྱར་རུང་བར་ཏེ་འོག་གི་སྦྱོར་ས་གཉིས་པོ་དེ་མངོན་ནོ། །སྦྱོར་བ་ནི། དགོངས་རྒྱན་ལས། ལྷག་པའི་བདེན་གཉིས་ཆོས་ཅན། ངོ་བོ་དབྱེར་མེད་ཡིན་ཏེ། ཁྱོད་གཉིས་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གཉིས་ཀྱི་རང་བཞིན་སྐྱེ་མེད་ཡིན་པ་དང་རོལ་པར་འགག་མེད་ཡིན་པར་གཏན་ལ་ཕབ་པའི་བྱིན་རླབས་སམ་ཤུགས་ལས་ལྷག་པའི་བདེན་གཉིས་དབྱེར་མེད་ཟུང་དུ་འཇུག་པ་དེ་ལྟར་ཐོན་ཞིང་རྟོགས་པའི་ཕྱིར་ཞེས་བཀོད་ན་གོ་བདེའམ་སྙམ་མོ། །ཡང་གོང་མའི་ལྟ་ཕྲེང་ལྟར་ན། འདི་ལྟར་སྣང་བའི་དངོས་པོ་ཆོས་ཅན། གནས་ཚོད་ལྟར་ན་ལྷག་པའི་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་གི་རང་བཞིན་དུ་ཡེ་ནས་རང་བཞིན་སངས་རྒྱས་པ་དཔེར་སྦྲུལ་དུ་ཞེན་བཞིན་པའི་སྐབས་སུ་གནས་ཚུལ་ཡེ་ནས་ཐག་ཁྲར་གནས་པ་ལྟར་ཡིན་ཏེ༑ རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་དུ་རྟོགས་པ་གཉིས་ཀྱི་སྟོབས་སམ་བྱིན་རླབས་ལས་སམ་སྟོབས་ཀྱིས་དེ་ལྟར་ཡིན་པར་མཐོང་བའི་ཕྱིར། ཞེས་བརྗོད་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་སངས་རྒྱས་པ་དེ་ཤེས་པ་གང་གིས་གསལ་བར་འགྲུབ་ཅེ་ན། དེ་ནི་དཔྱོད་ཤེས་པའི་མཁས་པ་སྒྲིན་པོའི་བློ་ཅན་རྣམས་ཀྱིས་རིང་དུ་བརྟག་ཀྱང་ལྷ་མིའི་སྤྱོད་ཡུལ་ཐ་དད་ཡིན་པས་མིས་ལྷ་ཡུལ་མི་མཐོང་བ་ལྟར་སེམས་ཀྱི་སྤྱོད་ཡུལ་མ་ཡིན་པས་མངོན་སུམ་དུ་བལྟ་བར་མི་ནུས་ཀྱི། སེམས་ལས་འདས་པའི་སྒོམ་བྱུང་གི་ཡེ་ཤེས་ཐམས་ཅད་རང་ཡིན་དུ་རྟོགས་པའི་རང་གསལ་གཡོ་མེད་ཀྱི་དགོངས་པ་ཤར་བ་ན་གདོད་གཞོན་ནུ་མའི་བདེ་བ་ལྟར་ཉམས་སུ་མྱོང་བཞིན་བརྗོད་མི་ཤེས་ཤིང་ཀ་ར་དང་། བུ་རམ་གཉིས་ཀྱི་རོའི་ཁྱད་པར་བཤད་ནས་འབྱེད་མི་ནུས་པས་ལྕེ་ཤེས་ཀྱིས་མྱོ ང་ནས་ཕྱེ་དགོས་པ་ལྟར། ཡིད་ཆེས་ཡོད་ཀྱང་སེམས་ཀྱིས་སྣང་སྤྱོད་ལྟར་འདི་ལྟར་གནས་འདི་ལྟར་མི་གནས་སྙམ་པའི་དགག་སྒྲུབ་བླང་དོར་སོགས་སྤྲོས་པའི་ཕྱོགས་འཛིན་དང་མ་འདྲེས་པའི་ཚུལ་དུ་རང་ཉིད་ཀྱིས་མཐོང་


MLP020_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཞེས་སྟོན་པ་ལ། བདེན་པ་དབྱེར་མེད་ཆོས་ཅན། ལས་རླུང་གི་གཞན་དབང་ཅན་སེམས་བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་གིས་རང་ཉིད་མངོན་དུ་བྱེད་པ་ལས་བློ་གཞན་གྱི་ཡུལ་མིན་པས་རང་རིག་དབྱེར་མེད་ཀྱི་འོད་གསལ་རྗེན་པ་མ་བཅོས་རང་བྱུང་གི་ཤེས་རབ་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། ཞེས་པ་སྟེ། མངོན་སུམ་པའི་གཏན་ཚིགས་སོ། །དབྱིངས་མ་ཡིན་དགག་དང་ཡེ་ཤེས་གཞིའི་སྐབས་སུའང་རང་གི་ངོ་བོ་རྒྱུན་ཆད་ནས་རྟོག་པར་མི་འགྱུར་བས་དང་ལས་རླུང་གིས་བསླད་པའི་སེམས་ཞེས་སྨོས་པ་རྣམས་སུ་སྔར་བཤད་པ་རྣམས་དྲན་པར་བྱའི། གཞུང་སྤྱི་སྐད་དབྱིངས་མེད་དགག་སེམས་ཀྱི་འཛིན་སྟངས་བྱས་པས་ཐར་ལམ་འབྱུང་བའི་འབྱུང་ཁུངས་དང་། ཡེ་ཤེས་ལ་ལམ་གྱི་ཡེ་ཤེས་ཀྱིས་ཁྱབ་པ་དང་བསྲེ་བར་མི་བྱའོ། །གཉིས་པ་ནི། རྩ་རྒྱུད་ལེའུ་བཅུ་གཅིག་པ་ཉིད་ལས། སྣོད་འབྱུང་ལྔ་བཅུད་ཕུང་ལྔ་རྒྱུད་དུག་ལྔ་རྣམས་རྒྱུ་མཚན་གསུམ་གྱིས་ཡེ་ནས་དག་རྟོགས་ཤིང་། །ཞེས་གསུངས་ཏེ། དག་ཚུལ་འདི་ལ་མ་དག་པའི་སྣང་བ་ཕྱི་འབྱུང་ལྔ་ནང་གི་རྒྱུད་ཀྱིས་བསྡུས་པའི་ཕུང་ལྔ་སྟེ་ཆོས་རྣམས་ཆོས་ཅན། ཡིན་ཚུལ་གྱི་ཡེ་ནས་སངས་རྒྱས་པ་ཡིན་ཏེ། དག་པའི་ཚུལ་གསུམ་སྣོད་ཡུམ་ལྔ། བཅུད་ཡབ། རྒྱུད་ཡེ་ཤེས་ལྔ་དང་ལྡན་པའི་ཕྱིར། ཞེས་དང་། སྣོད་འབྱུང་ལྔ་བཅུད་ཕུང་ལྔ་རྒྱུད་དུག་ལྔ་གསུམ་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། རིམ་བཞིན་དེ་དག་གི་རང་བཞིན་རྣམ་པར་དག་པ་དེ་བཞིན་གཤེགས་པ་སའི་རང་བཞིན་དག་པ་སངས་རྒྱས་སྤྱན་མ་སོགས་ཡུམ་ལྔ་དང་གཟུགས་ཕུང་གི་རང་བཞིན་ཡེ་ནས་དག་པ་རྣམ་པར་སྣང་མཛད་སོགས་ཡབ་ལྔ་དང་ཞེ་སྡང་རང་བཞིན་དག་པ་མེ་ལོང་ཡེ་ཤེས་སོགས་ཡེ་ཤེས་ལྔར་དག་པའི་ཕྱིར། ཞེས་འགོད་པ་གཉིས་ཚིག་རྒྱས་བསྡུས་ཙམ་ལས་དོན་འདྲའོ། །རྟགས་སྦྱོར་དེ་གཉིས་ཀྱི་དོན་དེའང་ད་ལྟ་ཕྱི་ནང་གི་དངོས་པོའི་བྱེ་བྲག་ཇི་སྙེད་པ་ལ་དམིགས་ནས་རེ་རེ་ནས་དེ་སྙེད་དུ་ཐ་མལ་པའི་སྣང་ཞེན་རྒྱས་ཤིང་། དེ་ཇི་ལྟར་རྒྱས་པའི་རིམ་པ་ལྟར་མུན་པ་མཆེད་རིམ་ནས་སྣང་བ་འགགས་རིམ་འབྱུང་སྟེ། མཐར་མུན་ནག་ཁོ་ནས་ལམ་ལོག་པར་གོལ་ཞིང་ཅི་ཡང་མི་མཐོང་བ་བཞིན་དུ་དག་པའི་གནས་ཚུལ་ལས་གོལ་བས་འཁྲུལ་བའི་རྒྱུ་འབྲས་ལ་སྤྱོད་པར་འགྱུར་བ་བཞིན་དུ་མ་དག་པའི་ཕྱི་ནང་གི་དངོས་པོ་དམིགས་པ་གཅིག་ཏུ་གྱུར་པའི་དེ་དག་ཐམས་ཅད་ལ་དམིགས་ནས་གདོད་ནས་རྣམ་དག་གི་ངོ་བོར་ཤེས་པའི་སྔར་བཤད་ཀྱི་གཏན་ཚིགས་ཐོས་བསམ་གྱི་ངེས་པ་དང་


MLP020_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་བྱུང་གི་ཤེས་རབ་ལྟ་བུའི་ལྟ་བ་ཅི་ཙམ་རྩལ་སྦྱངས་པ་དེ་ཙམ་དུ་ལོག་པའི་ཞེན་སྣང་གཅོད་ཚབས་ཆེ་ལ། སྤྱིར་ཞེན་སྣང་གི་དམིགས་པ་མཐའ་ཡས་པ་ཡོད་ཀྱང་ལེའུ་བཅུ་གཅིག་པ་འདིར་མ་དག་པའི་དངོས་པོ་ཐམས་ཅད་སྣོད་བཅུད་རྒྱུད་གསུམ་དུ་བསྡུས་ནས་བསྟན་ཏེ། དེའི་ནང་ནས་བཅུད་ཀྱི་ཕུང་པོ་གཅིག་ལ་མཚོན་ན། དག་པའི་གནས་སྐབས་དང་སྦྱར་ནས་ཤེས་དགོས་ཏེ་ཕུང་ལྔ་ཐ་དད་པའི་ལྡོག་ཆར་ཤར་བ་ནི་མ་དག་པའི་ཞེན་སྣང་གི་རིས་སུ་བཅད་པ་ཡིན་གྱི། དག་པའི་ངོས་ནས་བསམ་ན་སྔར་རྒྱ་མཚོར་ཁ་བ་འབབ་པའི་དཔེས་བཤད་པ་བཞིན་གཟུགས་ཕུང་ལྟ་བུའང་ལྷག་པའི་ཀུན་རྫོབ་བདེན་པ་ཡེ་ཤེས་རང་གི་སྣང་ཆ་ཡིན་ཕྱིར་དེ་ཙམ་ཡང་ཚོར་བ་སོགས་ཕུང་པོ་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ཆོག་པ་ཡིན་ཕྱིར་རོ་མཉམ་ཡེ་ཤེས་གཅིག་ལས་མི་ཕྱེད་པའི་རྡོ་རྗེའི་གཟུགས་ཕུང་དང་། དེ་བཞིན་དུ་བསམ་ན་གཟུགས་ཕུང་དེའི་ཆ་ཤས་རེས་ཀྱང་བརྟན་གཡོ་མཐའ་དག་ཁྱབ་པ་ཆུང་ངུས་སྟོང་གསུམ་ཁྱབ། སྟོང་གསུམ་ཡང་བ་སྤུའི་ཁུང་བུ་གཅིག་ལ་ལུས་རྟག་ཁྱབ་ཆེན་པོའི་གཟུགས་ཕུང་ནི་དག་པའི་གཟུགས་ཕུང་གི་དོན་དེ་ལྟར་མ་དག་པའི་ཆོ་འཕྲུལ་རྣམས་ཀྱང་དག་པའི་ཆོ་འཕྲུལ་ཡིན་པས་དག་པའི་ངོ་བོ་ཡིན་ཏེ་གནས་ཚུལ་ལྟར་སངས་རྒྱས་ཀྱིས་མངོན་དུ་བྱས་པ་ཡིན་པས་གྲུབ་པ་ཡིན་ཞིང་། དོན་དེ་དག་ཀྱང་ཡེ་ཤེས་ཀྱི་རང་སྣང་རིས་མེད་ཡིན་ཅེས་པའི་རིས་མེད་ཚུལ་གྱི་དོན་མཐར་ཐུག་ཡིན་ལ། དེར་མ་ཟད་ད་ལྟར་ཆོ་འཕྲུལ་མ་དག་པའི་སེམས་ཅན་གྱི་སྣང་བའི་གཟུགས་ཕུང་ཡང་རང་སྣང་རིས་མེད་དུ་གདོད་ནས་རོ་མཉམ་སྟོང་པའི་གཟུགས་སུ་དག་པར་བཤད་ཟིན་ཏེ། ཚུལ་དེ་ལྟ་བུས་སྣོད་ཀྱི་འཇིག་རྟེན་སོགས་བཅུད་སེམས་ཅན་རྒྱུད་དུག་ལྔ་གསུམ་པོ་རང་བཞིན་གནས་ཚུལ་ལ་རྣམ་པར་དག་པར་ཤེས་ནུས་པ་ནི་དག་པ་རྣམ་པ་གསུམ་གྱི་དོན་ཡིན་ནོ། །གསུམ་པ་ནི། བི་མའི་ཁོག་གཞུང་ལས། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་གསུངས་ཏེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞིས་མཉམ་པར་གནས་པའི་ཕྱིར། བཞི་པ་ནི། མ་དག་ཁམས་གསུམ་དང་དག་པའི་རིགས་ལྔའི་ཞིང་ཁམས་ཀྱི་སྣོད་བཅུད་སྟེ་ཕྱི་ནང་གི་དངོས་པོ་རྣམས་སེམས་ལ་ལྷ་སྐུ་དང་ཡེ་ཤེས་དག་འཁོར་བའི་དགྲ་གཉེན་སོགས་མ་དག་ཏུ་སྣང་བའི་ཚུལ་གཉིས་སུ་བྱུང་བ་ལ་བདེན་གྲུབ་ཀྱིས་དག་པའི་ཕྱོགས་ལ་བཟང་མ་དག་པའི་ཕྱོགས་ལ་ངན་དང་བླང་དོར་དུ་བདེན་པར་གྲུབ་པར་བལྟ་ཞིང་། ཐ་སྙད་ཙམ་ལ་བཟང་ངན་ཡོད་ཀྱང་བདེན་གྲུབ་ཀྱི་ངོ་བོར་རློམ་པ་ལྟར་མེད་དེ། ཐམས་


MLP020_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཆོས་ཉིད་སྟོང་ཉིད་རོ་གཅིག་ཏུ་མཉམ་པའི་ཕྱིར་རོ། སྟོང་ཉིད་གཅིག་མིན་ཏེ། རྣམ་གྲངས་ཡིན་མིན་གྱི་དོན་དམ་གཉིས་ཡོད་དམ་སྙམ་ན། དག་མ་དག་གི་ཆོས་དེ་རྣམས་ཀྱི་གནས་ལུགས་བདེན་མེད་སྟོང་ཉིད་ལ་རྣམ་གྲངས་ཡིན་མིན་གྱི་དོན་དམ་གཉིས་ཡོད་ཀྱང་ཡུལ་ཅན་གྱི་ཁྱད་པར་ལ་ལྟོས་ནས་སོ་སྐྱེས་ཀྱི་རིག་ཤེས་རྟོག་བཅས་སྣང་ངོར་སྤྲོས་པ་ཡོད་པའི་རྗེས་མཐུན་ནི་རྣམ་གྲངས་པ་དང་། འཕགས་པའི་གཉིས་སྣང་ཡང་མེད་པའི་འཛིན་སྟངས་སྟོང་ཉིད་མཚན་ཉིད་པ་ཞེས་རྣམ་གྲངས་མ་ཡིན་པར་ཕྱེ་བ་མ་གཏོགས། ཡུལ་སྟོང་ཉིད་ནི་དོན་དུ་རང་ལྡོག་བདེན་གྲུབ་ཀྱི་སྐྱེ་མེད་མཐའ་བྲལ་དུ་གཅིག་གམ་མཉམ་ཞིང་། ཡང་ལོག་གི་ཀུན་རྫོབ་གཉིས་པོ་གང་གི་དབང་དུ་བྱས་ཀྱང་རིག་ཤེས་རྗེས་དཔག་གིས་བརྟགས་ན་བདེན་སྟོང་ཕར་སྣང་ཙམ་གྱི་སྣང་གནས་མི་མཐུན་པའི་སྒྱུ་མ་ལྟ་བུར་མཉམ་སྟེ། དེས་ན་བདེན་པ་དེ་གཉིས་ནི་མདོ་སྔགས་ཐུན་མོང་གི་སྲིད་ཞི་དོན་དམ་པར་མེད་མཉམ་དང་། ཐ་སྙད་དུ་རྫུན་པར་ཡོད་མཉམ་གྱི་མཉམ་ཉིད་འཇོག་ལུགས་སོ། །ཐུན་མོང་གི་མཉམ་གཉིས་འདི་དག་འོག་མ་ཁ་དྲང་བའི་ཆེད་ཙམ་མིན་གྱི། སྒྱུ་འཕྲུལ་གྱི་ལམ་ལ་དངོས་སུ་སློབ་པའི་ལམ་འདིའི་རྣལ་འབྱོར་པས་ཐུན་མིན་གྱི་མཉམ་པར་རྟོགས་པའི་ཡན་ལག་ཏུ་ཐུན་མོང་གི་ཚུལ་དེ་དག་གིས་ཀྱང་འཁོར་འདས་མཉམ་ཉིད་དུ་ངེས་པར་བལྟ་དགོས་པ་ཡིན་ཏེ། འདི་གཉིས་ལ་མདོ་སྔགས་ཐུན་མོང་གི་མཉམ་པ་ཞེས་གྲགས་པས་མདོ་ཕྱོགས་ཐུན་མིན་གྱི་ཉམས་ལེན་ཙམ་མིན་པར་ཤེས་པའི་ཕྱིར་རོ། །ལྷག་པའི་མཉམ་གཉིས་ནི༑ དོན་དམ་གྱི་ཕྱོགས་ལ་བསམ་ན་སྟོང་ཉིད་མེད་དགག་དང་མ་ཡིན་དགག་གི་རྣམ་གཞག་ཅི་ཙམ་བྱས་ཀྱང་གློ་བུར་བའི་སེམས་ཀྱིས་སྒྲོ་བཏགས་པའི་དགག་སྒྲུབ་ཀྱི་ཚུལ་ལ་བརྟེན་ནས་བྱས་པ་ཁོ་ན་སྟེ་མེད་དགག་འདོད་པའི་བློས་དེ་སྒྲུབ། མ་ཡིན་དགག་ཡིན་པ་དགག །མ་ཡིན་དགག་འདོད་པའི་བློས་དེ་སྒྲུབ། མེད་དགག་ཡིན་པ་དགག་པ་སོགས། སེམས་ལས་འདས་པའི་ལྷག་པ་འོད་གསལ་གྱི་ཡེ་ཤེས་དོན་དམ་གྱི་ངོས་ནས་བལྟས་ན་ནི་གཡོ་རྟོག་གི་བྱེད་པས་གསར་དུ་སྒྲོ་བཏགས་པ་ཡིན་ཏེ། བརྗོད་འདོད་དང་ཉན་འདོད་ཀྱི་རྟོག་པས་ཀུན་ནས་བསླངས་ནས་ཞེས་བསླང་སྒྲས་བརྗོད་ནས་སྒྲ་རྟོག་དེ་གཉིས་ཀྱིས་བྱས་པའི་དགག་པ་གཉིས་ཀའི་ཐ་སྙད་དང་བྲལ་བ་མེད་མཉམ་ཡིན་ཏེ་དེ་གཉིས་སེམས་ཀྱིས་བཟོས་ནས་བཏགས་པ་ཡིན་པའི་ཕྱིར་ལ། དེ་བཞིན་དུ་ལྷག་པའི་ཀུན་རྫོབ་ལ་བསམ་ནའང་ད་ལྟ་རགས་པའི་སེམས་ཀྱིས་བསྐྱེད་རིམ་སྐབས་མ་དག་པའི་སྣང་ཞེན་ཕུང་ཁམས་སོགས་བཀག་ནས་བསྐྱེད་རིམ་གྱིས་ཡིད་དག་པ་ལྷའི་ང་རྒྱལ་གྱིས་བཅོས་ནས་བསྒོམས་པས་དག་


MLP020_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡིད་ངོར་ཤར་ཡང་དེ་འདྲའི་བསྐྱེད་རིམ་གྱིས་གཞལ་ཡས་ཁང་གི་སྣང་བའི་དག་པ་དང་ལམ་ལ་ཡེ་མ་སྦྱང་བའི་སྣང་ཚུལ་མ་དག་པ་གཉིས་ལ་ཚོགས་གཉིས་གསོག་པའི་ལམ་ཡིན་མིན་ལ་ཁྱད་པར་ཆེ་མོད་ཀྱང་། ཁྱད་མེད་ཚུལ་ཞིག་ཡོད་དེ་གློ་བུར་བའི་སེམས་ཀྱི་སྣང་བ་ཡིན་མིན་ཁྱད་མེད་ཅིང་། བཅོས་མའི་སྣང་བ་དག་པར་སྣང་བ་དེ་མ་དག་པའི་དངོས་པོའི་གནས་ཚུལ་དུ་ཡེ་ཤེས་ཀྱི་རང་སྣང་སྟོང་གཟུགས་ལྟར་སྒྲུབ་མི་ནུས་པས་ཆོས་ཁམས་ལྟ་བུའི་རྟོག་པས་སྒྲོ་བཏགས་རིས་སུ་བཅད་པའི་ཉི་ཚེ་བར་ཟད་ལ། ཡེ་ཤེས་རང་དབང་བའི་སྣང་བ་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་དངོས་ཀྱི་སྟེང་ནས་གཞལ་ན་ནི་གསེར་གླིང་དུ་ས་རྡོ་ཕལ་པ་མི་རྙེད་པ་ལྟར་སྤོང་ལེན་མེད་པར་དེ་འདྲའི་ལས་སྣང་ཁང་ཁྱིམ་སྣམ་བུ་རེ་ལྡེ་སོགས་དང་བཅོས་མའི་ཏིང་ངེ་འཛིན་གྱི་སྣང་བ་གཞལ་ཡས་ཁང་སོགས་ཀྱི་རྣམ་པ་ཐམས་ཅད་ཡེ་ཤེས་རང་སྣང་གི་དག་པའི་འཁོར་ལོ་འབའ་ཞིག་ཏུ་མཉམ་སྟེ་དེ་ནི་ལྷག་པའི་མཉམ་པ་གཉིས་སོ། །དེ་ལ་ལྷག་པའི་མཉམ་གཉིས་གང་ལ་ཟེར་དོན་མདོ་ཕྱོགས་ལས་ལྷག་ཅེས་བྱ་དགོས་ཀྱང་། ཀུན་མཁྱེན་ལྟར། དེ་འདྲའི་ལྷག་པའི་མཉམ་གཉིས་ཀྱི་གནད་འོད་གསལ་གཉུག་མའི་ཡེ་ཤེས་ལ་ཐུག་པས་རང་བྱུང་ཡེ་ཤེས་དེ་ཉིད་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་སོགས་འཁོར་ལོ་ཐ་མ་ནས་བསྟན་པར་སྔར་ཀུན་མཁྱེན་པ་ལྟར་འཆད་ཚེ་མདོ་དེ་དག་ལ་ལྟོས་ནས་ལྷག་པའི་མཉམ་པའམ་ཐུན་མོང་མ་ཡིན་པའི་མཉམ་པ་བསྟན་ཞེས་འདོད་རུང་མི་རུང་གཉུག་སེམས་བསྟན་པའི་མདོར་འདོད་རུང་མི་རུང་དཔྱད་དེ་སྔར་བཤད་པ་ལྟར་ཡིན་པས་དཔྱད་རྒྱུ་ཆེ་ཡང་། རེ་ཞིག་དཔྱད་ཚུལ་གཅིག་ཏུ་ན་དེ་ལྟར་རང་བྱུང་ཡེ་ཤེས་བསྟན་པའི་བཀའ་ཐ་མའི་མདོ་རྣམས་སྔགས་དང་བརྗོད་བྱ་ཐུན་མོང་གི་མདོ་དེ་དག་དམིགས་བསལ་དུ་བྱས་ནས། དེ་མ་ཡིན་པའི་མདོ་ཕྱོགས་བཀའ་དང་པོ་འདུལ་བ་དང་བར་པ་ལྟ་བུའི་སྤྱིར་བཏང་ལ་ལྟོས་ཏེ་ལྷག་བདེན་འདི་ཐུན་མིན་དུ་འཇོག་པའམ། ཡང་ན་མདོ་ལས་གཤེགས་སྙིང་བསྟན་པ་དང་སྒོམ་ཚུལ་ལ་ཁྱད་པར་ཡོད་པ་ཡིན་ཏེ་བདེ་གཤེགས་སྙིང་པོ་དོན་དམ་དཀོར་བདུན་གྱི་ལྡོག་པ་ནས་བསྟན་པ་དང་། དོན་དམ་གྱི་རོལ་པ་འགག་མེད་དེ་ལ་བརྟེན་ནས་སྣང་སྲིད་དག་མཉམ་དུ་བལྟ་བ་དང་བསྒོམ་པ་དེ་འདྲ་ཞིག་མདོ་སྡེའི་ཕྱོགས་ལ་མེད་པས་དེའི་ཆ་ནས་རྒྱུད་འདིར་བསྟན་ཐུན་མིན་དུ་ལྷག་པའི་མཉམ་གཉིས་སུ་བཞག་ཅེས་བྱ་སྟེ། དཔྱད་ཚུལ་ཕྱི་མ་ཁྱབ་ཆེ་ཞིང་བཀའ་ཐ་མའི་མདོ་རྣམས་དམིགས་བསལ་བྱེད་མི་དགོས་པས་དྲག་པར་སེམས་སོ། །ལེའུ་བཅུ་གཅིག་པའི་ཐད་སོ་སོར་དགོངས་རྒྱན་སོགས་དང་བསྟུན་ནས་མཉམ་པ་བཞི་


MLP020_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་བཤད་ཀྱི། གོ་བདེ་བ་ནི་དག་མ་དག་གི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པ་དང་། ཀུན་རྫོབ་ཏུ་ཕར་སྣང་ཙམ་གྱིས་རྟེན་འབྲེལ་སྒྱུ་མར་མཉམ་པ་གཉིས་མདོ་སྔགས་ཐུན་མོང་བའི་མཉམ་གཉིས་དང་། འཁོར་འདས་ཀྱི་ཆོས་རྣམས་དོན་དམ་པར་དོན་དམ་དཀོར་བདུན་དུ་མཉམ་པ་དང་། ཀུན་རྫོབ་ཏུ་སྣང་ཆ་འགགས་མེད་སྐུ་དང་རྒྱུད་ཀྱི་ཉོན་མོངས་སོགས་ཡེ་ཤེས་ཀྱི་དག་པ་རབ་འབྱམས་སུ་མཉམ་པ་གཉིས་ལྷག་པ་ཞེས་འདི་རོང་ཀློང་གཉིས་ཀྱི་གཞུང་ཊིཀ་གཞན་ནས་འབྱུང་བ་ལྟར་རོ། །བཞི་པ་ནི། རྒྱལ་པོ་ཛཿས་མཛད་པའི་སྒྱུ་འཕྲུལ་གྱི་འགྲེལ་པ། པདྨ་འགྱུར་མེད་ཀྱིས་ཛའི་གསུང་དུ་བཞེད། གཞན་རྣམས་སངས་རྒྱས་གསང་བས་མཛད་པར་འདོད་པའི་ལམ་རྣམ་བཀོད་དང་བསྟུན་ན་ལེའུ་དགུ་པའི། རང་བྱུང་ཡེ་ཤེས་མ་དག་པར་སྣང་བའི་གནས་མེད་པར་རང་ཡིན་སྟོང་གཟུགས་སྣང་། །ཞེས་པ་དྲང་རུང་བ་འདྲ་ཡང་དཔྱད་དགོས་རྣམ་བཀོད་ཀྱི་ནང་དུ་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱི་ཐད་དུ། སྣང་བ་འདི་ཀུན་རང་རང་གི །དེ་བཞིན་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། ཞེས་གསུངས་པས། རབ་འབྱམས་པ་ཆོས་གྲགས་ཀྱིས་སྤྱི་དོན་སོགས་སུ་དྲངས་ཡོད་མོད། དགོངས་རྒྱན་སོགས་རྒྱུད་ཀྱི་ཚིག་འགྲེལ་རྣམས་ལས་ཚིག་འདིས་བསྟན་ཅེས་མ་བསྟན་པ་དང་། རྣམ་བཀོད་ལས་ལེའུ་དགུ་པའི་ཚིག་གིས་བསྟན་པར་མ་བཤད་པས། ཚིག་མཐུན་པ་ཙམ་ཡིན་ཁྱད་དགོས་ཞེས་པའི་དོན་དུ་དཔྱད་གསུངས་པའོ། །དོན་ནི། འཁོར་འདས་ཀྱི་ཆོས་རྣམས་ཆོས་ཅན། སྣང་ལུགས་མ་དག་པའི་སྣོད་བཅུད་སྣ་ཚོགས་པ་དུ་མར་སྣང་ཞིང་འཆར་ཡང་ཡིན་ལུགས་དབྱི ངས་ལ་དེ་ལྟར་མ་གྲུབ་སྟེ། སེམས་ཉིད་སྤྲོས་པ་ཐམས་ཅད་བྲལ་བའི་སྐྱེ་མེད་རང་བྱུང་གི་ཡེ་ཤེས་འཁོར་འདས་ཀུན་འཆར་རུང་བས་གཅིག་གི་བདག་ཉིད་ཆེན་པོ་ཉིད་དུ་ཡེ་ནས་གནས་པའི་ཕྱིར། ཞེས་བྱ་སྟེ། འདི་དྭ་ཕྲུག་སྤྲང་པོ་ཡིན་ཀྱང་ཕ་མེས་རྒྱལ་པོའི་རིགས་ཀྱི་ལོ་རྒྱུས་བསྙད་པས་རིགས་བརྒྱུད་གང་ཡིན་ཤེས་ཏེ་རྣམ་པའི་སྣང་ཚུལ་ཅི་ལྟར་ཡིན་ཀྱང་དམངས་རིགས་སོགས་ཀྱིས་བཀུར་འོས་པའི་དཔེས་མཚོན་ནས་ད་ལྟ་རང་ཅག་ལ་སྣང་ལུགས་ཇི་ལྟར་ངན་ཡང་འོད་གསལ་ཡེ་ཤེས་དེ་ཉིད་དང་བདག་ཉིད་གཅིག་ཡིན་པ་བལྟར་རིགས་པར་གསུངས་པས། མདོར་ན་ཆོས་ཐམས་ཅད་སེམས་ཉིད་འོད་གསལ་གྱི་ངང་ལས་མ་ཤར་བ་མེད་པས་གདུང་རིགས་སུ་བསྟན་པ་ཡིན་ནོ། །དོན་བསྡུ་བ་ནི་དེའང་སྣང་སྲིད་དག་མཉམ་གྱི་ལྟ་བའི་གནད་སྤྱིར་གཏན་ལ་འབེབས་པ་རྟོགས་པ་བཞི་དང་། དག་ཚུལ་བྱེ་བྲག་ཏུ་ཕྱེ་ནས་སྟོན་པ་དག་པ་གསུམ་དང་། མཉམ་ཚུལ་བྱེ་བྲག་ཏུ་ཕྱེ་བ་མཉམ་པ་


MLP020_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། དག་མཉམ་གྱི་གནད་ཐམས་ཅད་མཐར་ཐུག་པ་ནི། རང་བྱུང་ཡེ་ཤེས་སུ་ལ་ཟློ་བའམ་ཕུགས་གཏུགས་པ་བདག་ཉིད་ཆེན་པོ་ཞེས་གཏན་ལ་ཕབ་ཚུལ་གྱི་རིམ་པ་དེ་ལྟར་བཤད་ན། རུས་ཉང་ཊིཀ་ཆོས་དབང་དངོས་སློབ་སྨན་ལུང་མི་བསྐྱོད་རྡོ་རྗེའི་གསང་སྙིང་འགྲེལ་བ་དང་། སྨིན་ལོ་ཆེན་པོའི་ཞལ་ལུང་གི་དགོངས་པར་ཡང་འགྲིགས་སོ། །གཉིས་པ་བསྒྲུབ་བྱ་སྒྲུབ་བྱེད་བཀོད་ཚུལ་སྒྲ་མཐུན་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀའི་དོན་སྤགས་ལ། ཉོན་མོངས་རང་སྤྱིའི། མཐའ་དང་བྲལ་བའི། རྣམ་པར་དབྱེ་བའི། མཚོན་པ་དཔེའི་གཏན་ཚིགས་དང་བཞི། དང་པོ་ནི། ཉོན་མོངས་དུག་ལྔ་ཆོས་ཅན། དེ་ཐུན་མོང་ལྟར་ན་སྤང་བྱར་མཐར་ཐུག་དཔྱོད་བྱེད་ཀྱི་རིགས་ཤེས་ངོར་ཡང་དག་པར་མ་གྲུབ་སྟེ། ཐ་སྙད་དུ་ཡོད་དེ་འཆིང་བྱེད་ཡིན་པའི་ཕྱིར་ཟེར་རང་སྤྱིའི་མཚན་ཉིད་གཉིས་ཆར་དུ་དཔྱད་བཟོད་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། ཞེས་པ་སྟེ། དུག་ལྔ་ལ་རང་སྤྱིའི་མཚན་ཉིད་གཉིས་འཇོག་པ་འོག་མ་དང་མཐུན་ཡང་། འཇོག་ལུགས་དོན་ངོས་འཛིན་མི་མཐུན་ཏེ། འོག་མའི་ལུགས་ལ། དུག་ལྔ་དེ་དག་རང་ལྡོག་ཉོན་མོངས་ཡིན་པའི་དོན་སྤྱིའི་མཚན་ཉིད་སེམས་རབ་ཏུ་མ་ཞི་བའི་རྣམ་པ། སོ་སོའི་མཚན་ཉིད། གཏི་མུག་ཀུན་ཏུ་རྨོངས་པ། ཞེ་སྡང་ཀུན་ནས་མནར་སེམས་པ། ང་རྒྱལ་ཁེངས་པ། འདོད་ཆགས་ཡུལ་ལ་སྲེད་པ། ཕྲག་དོག་གཞན་གྱི་ཕུན་ཚོགས་མི་བཟོད་པའི་རྣམ་པ་ཡིན་ཞིང་། འདིར་ཉོན་མོངས་སྤྱིའི་མཚན་ཉིད་ཉོན་མོངས་རང་སྤྱིའི་འཆར་གཞི་རིག་པ་སྤྲོས་བྲལ་གྱི་དབྱིངས་དང་། སོ་སོའི་མཚན་ཉིད་རིག་པ་རང་གི་སྣང་བའམ་ཆོ་འཕྲུལ་སྟེ་སྒྱུ་མའི་རྩལ་ཐ་དད་དུ་སྣང་བ་ཙམ་ལས་རང་བཞིན་རིག་པ་ལས་མ་འདས་ཏེ། རིག་པའི་ཆ་ཤས་རེ་སྲོག་ཏུ་མ་སོང་བ་མེད་བར་འདོད་པས་མདོ་ལས་འཕགས་ཞེས་གསུངས་ཏེ༑ ཕྱི་མའི་ཉོན་མོངས་རང་སྤྱིའི་མཚན་ཉིད་ནི་མདོ་ལྟར་གཞི་ལྡོག་དང་མཚན་གཞི་དོན་གཅིག །མཚན་ཉིད་དང་དོན་ལྡོག་དོན་གཅིག་པའི་དོན་ལྡོག་ལ་མི་བྱེད་ཀྱི། ཉོན་མོངས་པའི་རང་བཞིན་ནམ་དེ་ཉིད་ལ་མཚན་ཉིད་ཅེས་བྱ་ཞིང་། ཉོན་མོངས་པའི་དེ་ཉིད་དམ་རང་བཞིན་རིག་པ་ཡེ་ཤེས་ཡིན་ལུགས་ལ་སྔར་གཞི་རྒྱུད་ཀྱི་སྐབས་སུ་ལྡེབ་༤༨སྲིབ་ཕྲེང་༣ནས་བཤད་པ་དྲན་པར་བྱའོ། །བཤད་ཚུལ་སྔ་མ་མདོ་ལུགས་ཡང་འདིར་མི་བཞེད་པ་མིན་ཡང་། འདིར་ཉོན་མོངས་པའི་ངོ་བོ་ལ་བལྟས་ཏེ་ལམ་བྱེད་གང་གིས་ལམ་དུ་བྱེད་ན་ཡེ་ཤེས། གང་དུ་ལམ་དུ་བྱེད་ན་དབྱིངས་སྤྲོས་བྲལ་གྱི་ཀློང་དུ། ཚུལ་ཇི་ལྟར་ན་ཉོན་མོངས་པའི་རང་བཞིན་ཤེས་


MLP020_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལམ་དུ་བྱེད་དགོས་ཀྱི་སྐབས་དོན་གཙོ་བོ་ཕྱི་མ་ལྟར་ཡིན་ལ། དེ་འོག་མ་མདོ་དང་མི་མཐུན་པའི་འཕགས་ཆོས་ཡིན་ནོ། །གཉིས་པ་ནི། ཐུན་མོང་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་བདེན་མེད་དེ་ཆོས་ཅན། ཁྱོད་ལ་རྟག་ཆད་སོགས་མཐར་འཛིན་གྱི་མཐའི་སྤྲོས་པ་ཅི་ཡང་མ་གྲུབ་སྟེ། གནས་ལུགས་འཇལ་བྱེད་རིགས་ཤེས་ཡང་དག་པར་ཆ་ཅན་ཆ་ཤས་གང་ཡང་དཔྱད་བཟོད་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ཞེས་པ་སྟེ། ཐུན་མོང་དུ་སྟོང་ཉིད་ལ་ཡོད་མེད་རྟག་ཆད་སོགས་ཀྱི་སྤྲོས་མཐའ་གང་ཡང་མེད་པ་དང་སྒྲ་མཐུན་ཡང་། འདིར་དེའི་སྟེང་དུ་སེམས་དང་ཡེ་ཤེས་སོ་སོར་ཕྱེ་ནས་སེམས་རྟོག་ཚོགས་ཀྱི་སྤྲོས་པ་ལམ་གྱི་དགག་བྱའི་མཐའི་རྟོག་པ་གང་ཡང་ཡེ་ཤེས་ཀྱི་དབྱིངས་ལ་མི་རྒྱུ་བར་གོང་གི་རྟགས་སྦྱོར་གྱིས་སྟོན་དགོས་པས་སྤགས་སོ། །གསུམ་པ་ནི། བུམ་པ་ཆོས་ཅན། རང་བཞིན་མེད་དེ། དབྱིབས་དང་ཁ་དོག་སོགས་ཁྱད་ཆོས་ཆ་ཤས་དུ་མ་དང་ལྡན་པས་བརྟག་ན་ཆ་ཅན་བུམ་པ་བདེན་གྲུབ་ཀྱིས་དབེན་པའི་ཕྱིར། ཞེས་པ་སྟེ། ཐུན་མོང་བ་ལྟར་ན། འབྱུང་ཆེན་རགས་པར་སྣང་བ་རྣམས་སྣང་བ་ལྟར་བདེན་པར་གྲུབ་པ་ཆ་ཤས་ཕྱེ་ན་མི་རྙེད་པའི་རིགས་པས་འགོག་པ་དང་སྒྲ་མཐུན་ཡང་། འདིར་རྒྱུ་མཚན་དེས་ཆོས་དེ་དག་བཛྲ་མཱུྃ་གྱི་དེ་ཉིད་བཞིན་སྟོང་གསལ་ཟུང་འཇུག་གི་འོད་གསལ་གྱི་དབྱིངས་སུ་བསྟིམ་པར་བྱེད་པས་འཕགས་སོ། །བཞི་པ་ནི། སེམས་ཉིད་ཆོས་ཅན། ངོ་བོ་ཉིད་ཅིར་ཡང་མ་གྲུབ་སྟེ། གཟུང་དུ་མེད་པའི་ཕྱིར་ཏེ། ནམ་མཁའ་བཞིན། ཞེས་པ་ལྟ་བུར་གཞུང་སྤྱིའི་དཔེ་དོན་སྦྱོར་ཚུལ་དང་སྒྲ་མཐུན་ཡང་། འདིར་ནམ་མཁའི་བརྡ་ཐབས་ཀྱིས་ཆོས་ཉིད་མཚོན་པ་ཙམ་ལས་རྟགས་ཀྱི་ཚུལ་གསུམ་སྒྲུབ་པའི་ཆེད་མ་ཡིན་པས་སྤགས་ཞེས་ཟེར་རམ་དཔྱད་རྒྱུ་ཅུང་ཟད་སྣང་ངོ་། །གཉིས་པ་ཚིག་དོན་མི་མཐུན་པའི་གཏན་ཚིགས་ནི། སེམས་ཅན་ཐ་མལ་པ་ལ་དངོས་སུ་སྣང་བའི་དངོས་པོ་འདི་དག་ཉིད་ལྷག་པའི་བདེན་གཉིས་དབྱིངས་ཅིར་ཡང་མིན་པ་དང་སྣང་བ་ཅིར་ཡང་ཡིན་པ་དབྱེར་མེད་དུ་གདོད་ནས་སངས་རྒྱས་ཀྱང་དེ་ལྟར་མི་ཤེས་པའི་རྒྱུ་མཚན་ནི། ལྷག་པའི་བདེན་གཉིས་ཀྱི་གནད་གསང་མཐར་གཏུག་ན་སེམས་ཉིད་ཀྱི་དབྱིངས་ཅི་ཡང་མ་ཡིན་པ་སྟེ་ཅིར་ཡང་མ་གྲུབ་པ་ལ་ཐུག་ཅིང་། སྣང་བའི་དངོས་པོ་ནི་སྣ་ཚོགས་ཅིར་ཡང་འཆར་བ་ཡུལ་རྟེན་གྱི་འཁྲུལ་རྒྱུའི་མིག་འཕྲུལ་གྱི་གྲོང་ཁྱེར་


MLP020_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་ཡོད་པས་དེས་རང་རེ་མ་ཟད་རང་རྒྱུད་པ་མན་ཆད་སྣང་བ་ལྟར་མི་སྟོང་པར་མགོ་རྨོངས་ནས་དབྱིངས་ཀྱི་བཞུགས་ཚུལ་ལས་ཕྱིན་ཅི་ལོག་ཏུ་འཁྲུལ་པ་ཡིན་ཞིང་། ཐ་མལ་པ་ལ་འཆིང་བྱེད་དུ་གྱུར་པ་དེ་རྣལ་འབྱོར་པ་ལ་ལྟ་བ་ངོ་སྤྲོད་ཚེ་ཐལ་འགྱུར་པས་སྟོང་རྟེན་འབྱུང་ཕན་ཚུན་གྲོགས་སུ་འགྲོ་བ་འཕེན་པ་བཞིན་སྣང་ཕྱོགས་ཅིར་ཡང་འཆར་བ་ཉིད་དབྱིངས་ཅི་ཡང་མ་ཡིན་པའི་རྒྱུ་མཚན་དུ་བཀོད་པ་ན་འགལ་བ་མེད་མོད། མ་ཟད་ཕན་ཚུན་རྒྱུ་མཚན་གྱི་འབྲེལ་བ་ངོ་མཚར་ཅན་དུ་རྟོག་པའི་རྨད་དུ་བྱུང་བའི་ཐབས་མཁས་ཀྱིས་སྣང་ཚུལ་ལ་དུ་མ་དང་རོ་གཅིག་སོ་སོར་སྣང་བས་འགལ་བ་ཕྱོགས་རེར་ཞེན་པའི་མདུད་པ་འགྲོལ་བ་ལ་འོག་མ་ལྟར་ན་བདེན་གྲུབ་ཡིན་པ་སྟོང་པ་མིན་པའམ། འདིར་གནས་ལུགས་ཀྱི་ངོ་བོ་ལ་ཡིན་མིན་གྱི་ཕྱོགས་འཛིན་གཏན་མེད་རྟེན་མེད་གཞིག་པ་ཞེས་ལམ་རྣམ་བཀོད་ལས་གསུངས་ཏེ། དེ་ལྟ་བུའི་གཏན་ཚིགས་ནི། སེམས་ཀྱི་གནས་ལུགས་མཐར་ཐུག་ཉིད་ཆོས་ཅན། མཐར་ཐུག་མངོན་དུ་བྱེད་པའི་ངོར་ཡང་དག་པར་ཅི་ཡང་མ་ཡིན་ཏེ། སྣང་ཚུལ་དུ་མ་འགགས་པར་རང་སྣང་བས་ཅི་ཡང་ཡིན་པའི་ཕྱིར། དཔེར་ཤེལ་རྡོ་དྭ ངས་གསལ་ཙམ་འོད་གང་གི་ངོར་ཅི་ཡང་མིན་པས། ཉི་ཟེར་འཕྲད་ན་འོད་སྣ་ཚོགས་ཅི་ཡང་ཡིན་པའི་ཕྱིར་རོ། །རྟགས་གྲུབ་སྟེ། ལས་སྣང་གི་རིགས་དྲུག་གི་སྣང་བ་སྣ་ཚོགས་གཞན་དབང་གི་སྣང་བ་དང་། ལམ་སྟོབས་ཀྱིས་འོད་གསལ་རྐྱང་དེད་བྱས་ནས་རང་སྣང་ཉིད་ཤར་བ་རང་དབང་གི་ཤར་ཚུལ་དང་། སླད་སྣང་ཙམ་གྱིས་ཅི་ལྟར་བརྟགས་ཤིང་བསམ་པ་ལྟར་འགྱུར་བས་ན་ཆོས་ཀུན་གྱི་ངོ་བོར་ཆོས་ཉིད་རང་སྣང་བའི་ཕྱིར། ཞེས་བཤད་དོ། །སྒྲ་མཐུན་དོན་སྤགས་དང་ཚིག་དོན་མི་མཐུན་པའི་མཐུན་མི་མཐུན་བརྩི་བའི་གཞི་མི་གཅིག་སྟེ༑ སྔ་མ་གང་ལ་མཐུན་པ་ནི་ཐེག་པ་འོག་མའི་བཤད་ཚུལ་དང་སྒྲ་མཐུན་པར་བཞག་པ་དང་། ཕྱི་མ་རྟགས་ཆོས་གཉིས་ཀྱི་ཚིག་དོན་མི་མཐུན་པ་ལ་བཞག་པའི་ཕྱིར་རོ། །ཕྱི་མ་འདིའི་མི་མཐུན་པའི་མཚམས་ནི་ཅི་ཡང་མ་ཡིན་པ་དང་ཡིན་པ་གཉིས་ཙམ་མོ། །སྒྲ་མཐུན་དོན་སྤགས་དང་ཚིག་དོན་མི་མཐུན་པའི་གཏན་ཚིགས་གཉིས་བཀོད་པའི་རྒྱུ་མཚན་དེའང་རྟོགས་པ་བཞི་སོགས་རྒྱུད་གཞུང་གི་དངོས་བསྟན་བཞི་པོའི་ཁོངས་ནས་འཕྲོས་པའི་སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་བཞིས་སྐྱེ་མེད་དང་། དེ་རྟོགས་ཚུལ་དང་། རྟོགས་ནས་འཇོག་པའི་ཁྱད་པར་བཅས་སུ་ལྟ་བ་ངོ་སྤྲོད་ཚུལ་གཏན་ལ་ཕབ་པ་དེས་ཐེག་པ་འོག་མའི་གསུང་རབ་རྣམས་སུ་རང་སྤྱི་དང་མཐའ་བྲལ་གྱི་ཐ་སྙད་སོགས་གསུངས་པའི་དགོངས་གཞི་


MLP020_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་པའི་ཡེ་ཤེས་ཀྱི་ཁམས་ལ་དགོངས་ནས་མཐར་ཐུག་གི་དགོངས་གཞི་སྦས་ཏེ་གབ་པའམ་གསང་ཡོད་པས་མ་བསྟན་པ་རྣམས་གསལ་བར་རྒྱུད་འདིར་གསལ་བར་བཀྲོལ་ནས་ཡོད་ཀྱི་སྡེ་སྣོད་གཞན་མདོ་ཕྱོགས་རྣམས་འདིར་གཞོལ་བར་སྟོན་པ་ལ་སྒྲ་མཐུན་དོན་སྤགས་ཀྱི་གཏན་ཚིགས་བཞེད་པ་དང་། ཡང་རྒྱུད་དངོས་ཀྱི་དངོས་ཟིན་གྱི་བཀའ་གཞུང་གི་གཏན་ཚིགས་བཞི་པོ་དེར་མི་མཁས་པ་རང་བཞིན་སྐྱེ་མེད་ཅེས་དང་། རོལ་པ་འགག་མེད་ཡིན་ཞེས་པ་ལ་ཆེས་འགལ་བ་ལྟར་སྣང་བའང་ཕན་ཚུན་སྟོང་པ་ཡིན་ན་ཕྱང་ཆད་དུ་མི་གོལ་བའི་སྣང་བ་རིས་མེད་གྲོགས་སུ་ཁྱེར་ནས་གོལ་སྒྲིབ་ཀྱི་གཡང་སར་མི་འཆུག་པའི་གནད་ཀྱི་གཟེར་བུ་ངོ་མཚར་ཅན་ཡོད་པ་ཟུར་དུ་ཕྱུང་སྟེ་ངོ་སྤྲོད་པ་ལ་མི་མཐུན་པའི་གཏན་ཚིགས་བྱུང་བར་རྡོ་གྲུབ་བདག་ཅག་སྨྲའོ། །གསུམ་པ་གྲུབ་མཐའ་ནི། དེ་ལྟར་གཏན་ལ་ཕབ་པ་ལས་ཅིར་འགྱུར་ཞེ་ན། ཤེས་པའི་མཚན་ཉིད་ཀྱི་ལྟ་བ་དངོས་རྙེད་པར་འགྱུར་ཏེ། དེའི་ངོ་བོ་ནི་ལམ་རིམ་ལས། རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་རྟེན་ཡིད་ལ་བྱེད་མིན་པར། །རང་རིག་མངོན་སུམ་དམིགས་བྲལ་བ། །རང་གསལ་གསུམ་བྲལ་མི་བསྒུལ་བར། །ངེས་པར་གདེངས་སུ་གང་བྱས་པ། །ཐོས་བསམ་བརྟན་པའི་ལྟ་ཚད་རྫོགས་པས་མཐར་ཕྱིན་པའི་སྒོམ་བྱུང་གི་ཤེས་རབ་ཐོབ་པ་ཡིན། །ཞེས་པ་ལྟར། གནས་ལུགས་ལྷག་པའི་བདེན་གཉིས་དབྱེར་མེད་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྗེན་པར་རྟོགས་པ་སྟེ། མངོན་སུམ་འདི་དང་རྟོགས་པ་བཞིའི་སྐབས་ཀྱི་བློའི་ཡུལ་དང་བྲལ་བའི་མངོན་སུམ་པ་དོན་འདྲའོ། །གསལ་བར་བཤད་ན་འོད་གསལ་གྱི་རྟོགས་པ་དངོས་སུ་རྙེད་ནས་འོད་གསལ་དེའི་ཆར་གྱུར་པའི་ཤེས་རབ་སྐྱེས་པ་སྟེ་ཁོག་གཞུང་ལས། མིག་གིས་མཐོང་ན་གཟུགས་ཡོད་པས་ཐོས་བསམ་གྱིས་རོགས་མི་དགོས་པ་བཞིན་འོད་གསལ་མངོན་དུ་བྱས་པ་གནས་ལུགས་ཡུལ་མེད་རང་གསལ་རྟོགས་ཏེ། ལྷུན་གྲུབ་དབྱིངས་རང་ཀློང་གི་གསལ་ཆའི་ཡེ་ཤེས་སྒྲོན་མ་ཉིད། །ཆོས་རྣམས་ཀྱི་གནས་ཚུལ་རང་བཞིན་གསལ་བའམ་རྟོགས་བྱེད་ཀྱི་སྤྱན་གྱི་མཆོག་གཅིག་པུ་ཡིན་ནོ། །ཅེས་སོ། །འདི་ལ་རང་རིག་མངོན་སུམ་ཞེས་བཤད་པ་ནི། རང་གནས་ཀྱི་ཡེ་ཤེས་གོ་ཡུལ་དུ་མ་ལུས་པར་མངོན་སུམ་དུ་རྟོགས་པའི་རྒྱུ་མཚན་གྱིས་ཡིན་ལ། ལམ་གྱི་འོད་གསལ་མངོན་སུམ་དུ་ཤར་ན་ཆོས་ཉིད་ཀྱི་དབྱིངས་མངོན་སུམ་དུ་མཐོང་བས་མ་ཁྱབ་པས་རྗེ་སྒྲོལ་


MLP020_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་རྣམ་གཉིས་འདིར་འོད་གསལ་གྱི་ཆོས་ཉིད་དབྱིངས་སྲབ་མོ་མངོན་དུ་བྱས་པ་ལ་དོན་སྤྱིའི་སྒོ་ནས་མཐོང་བར་བཞེད་པ་དང་ཡང་མི་འགལ་སྲབ་མོའི་འོད་གསལ་ལ་དགོངས་ནས་གསུངས་པས་ཇི་སྲིད་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆོད་པའི་ཚུལ་གྱིས་འོད་གསལ་གྱི་དབྱིངས་ལ་འཇུག་མི་ནུས་པ་དེ་སྲིད་དུ་ཆོས་ཉིད་རྗེན་པར་མཐོང་བ་མ་ཡིན་ཞིང་། དེས་མཐོང་ཚོད་ཙམ་དེ་རྣམ་པར་མི་རྟོག་པའི་དབྱིངས་མཚན་ཉིད་ཡོངས་སུ་རྫོགས་པའང་མ་ཡིན་ནོ། །འདིར་དམིགས་པའི་བྱ་བྱེད་རགས་པ་བྲལ་བའི་མངོན་སུམ་པའི་བསྒྲུབ་བྱ་ལྟར་འོད་གསལ་རྗེན་པར་རྟོགས་པའི་གྲོལ་ལམ་རིམ་གྱིས་པ་ཡོད་ན་སླར་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་ཉམས་ལྔ་མཐར་ཆགས་ཀྱི་སྒོ་ནས་འཇུག་དགོས་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། འོད་གསལ་སྤྲིན་སྦུབས་ཀྱི་ཉི་མ་ལྟ་བུ་ཡུད་ཙམ་རེར་རྟོགས་ཀྱང་ད་དུང་རྣམ་རྟོག་གི་གཞན་དབང་ཅན་ཡིན་པས་བརྟན་པ་རིམ་གྱིས་འཐོབ་དགོས་པའི་ཕྱིར་ཏེ། ཀུན་མཁྱེན་ཆེན་པོས། འོད་གསལ་རྗེན་པར་རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་འཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུངས་པ་ལྟར་རོ༑ ༑གཏན་ཚིགས་ཀྱི་གྲུབ་འབྲས་ཙམ་ལ་འོད་གསལ་གྱི་དགོངས་པ་དངོས་ལ་མ་རེག་ཀྱང་ལྷག་པའི་བདེན་གཉིས་ལ་བསམ་བྱུང་གི་ངེས་པ་རྙེད་ན་ཤེས་པའི་མཚན་ཉིད་ཕལ་བ་ཙམ་དུ་འདོད་དགོས་པའི་དབྱིངས་སྟོང་ཉིད་ཐོས་བསམ་གྱིས་རྟོགས་པ་དང་སྟོང་ཉིད་རྟོགས་པར་འཇོག་པས་སོ། །ཤེས་པའི་མཚན་ཉིད་བཤད་ཟིན་ཏོ། །མ་ཧཱ་ཡོ་གའི་རྒྱུད་ལ་གསུམ་དུ་འབྱེད་སྐབས། གསང་འདུས་སོགས་ཕ་རྒྱུད་རྣམས་སུ་བསྐྱེད་རིམ་རྒྱས་པར་རྩལ་འདོན་བྱས་ནས་རྫོགས་རིམ་ལ་སྒྱུ་ལུས་སྒྲུབ་བྱེད་ལྟ་བུའི་གཟུགས་སྐུའི་ཉེ་རྒྱུའི་གསལ་སྟོང་རླུང་གི་རྫོགས་རིམ་སྟེང་སྒོའི་ལམ་དང་། བདེ་མཆོག་སོགས་མ་རྒྱུད་དུ་བསྐྱེད་རིམ་གཙོ་བོར་བྱེད་ཀྱང་རྫོགས་རིམ་ལ་ཐུགས་སྒྲུབ་བྱེད་བདེ་སྟོང་གཏུམ་མོ་འབར་འཛག་གི་དགའ་བཞི་ཡེ་ཤེས་གཙོ་བོར་བྱེད་པ་ཐིག་ལེའི་རྫོགས་རིམ་འོག་སྒོའི་ལམ་དང་། གསང་སྙིང་སོགས་བསྐྱེད་རྫོགས་གཉིས་མེད་རྒྱུད་ལས་འོད་གསལ་ཡེ་ཤེས་ཆེན་པོའི་རྫོགས་རིམ་གཙོ་བོར་སྟོན་ཞེས་འབྱུང་བའི་རྫོགས་རིམ་ཕྱི་མ་འོད་གསལ་ཡེ་ཤེས་ཆེན་པོའི་རྫོགས་རིམ་ཞེས་པ་ཡང་གྲོལ་ལམ་ལ་བྱེད་པར་མངོན་ཞིང་། སྔར་བཤད་པ་ལྟར་ཐབས་ལམ་དུ་རྫོགས་རིམ་གྱི་ཡེ་ཤེས་དང་པོ་མ་སྐྱེས་པ་སྐྱེ་གནས་འཕེལ་གསུམ་


MLP020_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཤས་ཆེར་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པ་རྣལ་འབྱོར་གྱིས་བྱེད་པའི་ལམ་ཁོག་ཅན་མིན་པའི་དོད་ལམ་འདིའི་ཕལ་ཆེར་རམ་དང་པོ་ལམ་ལ་འཇུག་པའི་ལམ་འདིར་ལྟ་བ་ལམ་བྱེད་ཀྱི་སྟེང་ནས་འགྲོ་བར་སྣང་བ་དང་ཐབས་ལམ་ལའང་ཐབས་བྱུང་འདིས་མ་ཐེབས་ན་རུ་ཏྲར་གོལ་རྐྱེན་བྱེད་པས་མེད་དུ་མི་རུང་བས་གཏན་ཚིགས་ཀྱིས་གཏན་ལ་ཕབ་ཚུལ་རྒྱས་པར་བཤད་དོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ལ། ལམ་རིམ་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་ཤི་བ་བར་དོ་སྐྱེ་བ་གསུམ་བཞག །སྐྱེ་བ་ལའང་གསུམ་གྱི་སྐབས་ཡོད་པས་དེའང་གང་ཟག་སུ་ཡིན་གང་དག་ས་ཆུ་ལ་ཐིམ་པ་སོགས་ནས་དངོས་ཀུན་སྟོང་པ་བཞི་པ་རང་རིག་འོད་གསལ་དུ་སྡུད་པའི་ཕྱིར། །ལས་ཉོན་གྱིས་ཤར་བའི་ཤི་བ་གཞིའི་འོད་གསལ་དོན་དམ་བདེན་པ་སྟེ། །ཉེར་རྒྱུ་རླུང་དང་རྐྱེན་འོད་གསལ་ལས་སྐྱེ་བ་བར་མ་བར་སྲིད་ཀུན་རྫོབ་ཡིན། སྐྱེས་པའི་མངལ་གནས་བཙས་པ་མི་གྲལ་ཏུ་སླེབ་སྐབས་ཀྱི་རིམ་གསུམ་བདེན་པ་གཉིས་མེད་དོན་གཞིའི་སྐུ་གསུམ་ཡང་ཟེར། །གཞིའི་མ་དག་པའི་བདེན་པ་གསུམ་མོ། ཞེས་གསུངས་པ་ལྟར། ཐ་མལ་པའི་སྐྱེ་འཆི་བར་དོ་གསུམ་གྱི་སྣང་ཞེན་སྦྱངས་ནས་འཆི་བའི་འོད་གསལ་རང་བཞིན་རྣམ་དག་ཉིད་ཤིན་ཏུ་རྣམ་དག་ཆོས་སྐུ་དངོས་ཡིན་པར་དྲན་ན་ལམ་དུ་འཁྱེར་བ་དོན་དམ་སྟོང་པ་ཆེན་པོའི་རྣལ་འབྱོར། བར་དོའི་རླུང་སེམས་གྲུབ་ཚེ་ཞི་ཁྲོའི་དཀྱིལ་འཁོར་ལོངས་སྐུར་འཁྱེར་བ་དྲན་ནས་ཀུན་རྫོབ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར། སྐྱེ་སྲིད་ཆ་ཅན་རགས་པ་འཁོར་མངལ་གནས་དང་། བཙས་པ་དང་། དར་ལ་བབ་པ་བཅས་སྤྲུལ་སྐུར་སྦྱོང་བྱེད་ཀྱི་རྣལ་འབྱོར་རིམ་པ་གསུམ་སྟེ་ཏིང་ངེ་འཛིན་ལྔའོ། །ཕྱི་མའི་རིམ་པ་གསུམ་ནི་དྲི་ཟ་མངལ་དུ་ཞུགས་པ་ནས་ཕྱིར་བཙས་པའི་བར་དག་པའི་གཞི་འཇོག་པ་དང་། འབྲས་བུ་སངས་རྒྱས་ལོངས་སྐུ་ལས་སྤྲུལ་པའི་མཆོག་སྤྲུལ་གྱི་མཛད་པ་ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་ཕྲིན་གྲུབ་པའི་གཞི་ཚུགས་མཐུན་པ་ཕྱག་རྒྱ་གཅིག་པ་དང་། བཙས་ནས་བུ་ཚ་འཁོར་འདབས་རྒྱས་པའི་སངས་རྒྱས་སྐུ་བལྟམས་པ་དང་། རྒྱལ་ཕྲན་མང་པོ་བཙས་པ་སོགས་ཀྱི་གཞི་འཇོག་པའི་བར་སྦྱོང་བ་དང་མཐུན་པ་བཀའ་བརྒྱད་ལས་ཧེ་རུ་ཀ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཧཱུྃ་བཞི་སྤྲོས་པས་རིགས་བཞི་སོགས་དང་། འདིར། ཨ། ཀ་ཁ་ག་གྷ་ང་སོགས་ཀྱིས་ཕྱག་རྒྱ་སྤྲོས་བཅས། ནར་སོན་ནས་རང་ཕྱོགས་ལ་བཅད་རིས་ཀྱིས་གཉེན་བསྐྱང་བ་དང་གཞན་བཅད་ནས་ཁེ་དྲག་གིས་དགྲ་འདུལ་སྒྲུབ་པ་དང་། སངས་རྒྱས་པ་


MLP020_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་གསུང་པ་སོགས་གྲུབ་པའི་གཞི་འཇོག་མཐུན་པ་ཚོམ་བུ་ཚོགས་སྒྲུབ་རྣམས་ཏེ། དེ་ལྟར་རིམ་དྲུག་ལས་བཤད་དོ། །ཕྱག་རྒྱ་གཅིག་པ་ལའང་། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དང་སྦྱར་ན། བར་དོའི་རླུང་སེམས་ཕ་མའི་ཁུ་རྡུལ་གྱི་དབུས་སུ་དང་པོར་ཞུགས་པ་ལྟར་གསུང་ཡིག་འབྲུ། མེར་ནུར་ལྟར་འཁྲང་གི་གནས་སྐབས་ལྟར་ཐུགས་ཕྱག་མཚན་དང་། གོར་ཉ་རུས་སྦལ་ནས་ལུས་རྫོགས་ཏེ་བཙས་པ་ལྟར་སྐུ་རྫོགས་པ་ཞེས་ཧེ་རུ་ཀ་གལྤོ་དྲངས་ནས་ལོ་ཆེན་གྱིས་གསུངས་སོ༑ ༑ཏིང་ངེ་འཛིན་གྱི་དབྱེ་སྒོ་གཞན་ཡང་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ཏེ།འདི་ཉིད་ཀྱི་རྒྱུད་ཕྱི་མ་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་གྱི་རང་བཞིན་གྲུབ་པའི་འོད་གསལ་མངོན་དུ་བྱེད་པའི་མ་བཅོས་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཅེས་གསུངས་པ་ལྟར་འཁོར་བའི་སྐྱེ་འཆི་བར་དོ་གསུམ་དང་། ཐུན་མོང་མ་ཡིན་པའི་སྐུ་གསུམ་སྟེ་གཞི་འབྲས་དེ་གཉིས་ཆར་དང་རྣམ་པ་མཐུན་པར་བྱས་ནས་རྫོགས་རིམ་གྱི་སྨིན་བྱེད་དུ་སྒོམ་པའི་དག་རྫོགས་སྨིན་གསུམ་གྱི་གནད་ཚང་བའི་བཅོས་མའི་རྣལ་འབྱོར་ནི་བསྐྱེད་རིམ་གྱི་མཚན་ཉིད་དང་། སྐྱེ་འཆི་བར་དོ་སྐུ་གསུམ་དུ་དངོས་སུ་སྒྱུར་བའི་ལམ་གྱི་བསྐྱེད་རིམ་དུས་སུའང་མ་བཅོས་པའི་རྫོགས་རིམ་ཡོད་ཅེས་གསར་ཕྱོགས་ཀྱིས་བཞེད་པས་དེ་འདྲ་ཡང་རིགས་སུ་གནས་པའི་མ་བཅོས་པའི་རྣལ་འབྱོར་ནི་རྫོགས་རིམ་ཡིན་ལ། དེའི་ཕྱིར་གོང་མ་ཁ་ཅིག་བཅོས་མས་ཀུན་བཏགས་བསྐྱེད་རིམ་དང་མ་བཅོས་པའི་ཡོངས་གྲུབ་རྫོགས་རིམ་གྱི་རྣལ་འབྱོར་ཞེས་གསུངས་པ་ཡང་གནད་མཁྱེན་པའི་དགོངས་པ་ཡིན་པས་དགོངས་པ་ཟབ་བོ། །ཡང་གཉིས་ཏེ། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་ཡིད་ངོར་ཞིབ་པར་མི་གསལ་བ་མོས་མནོ་ཙམ་གྱིས་ཐུན་རེའི་ནང་དུ་སྲུང་འཁོར་ནས་བསྡུ་རིམ་གྱི་མཇུག་དགེ་བསྔོ་དང་གོ་བགོ་ལུས་སྲུང་བར་གྱི་སྒྲུབ་ཐབས་ཚང་བ་རེ་ཉམས་སུ་ལེན་པ་མོས་སྒོམ་དང་། དང་པོ་དེ་བཞིན་ཉིད་ཀྱི་བསྐྱེད་ཚིག་བརྗོད་ནས་སྟོང་ཆེན་སོགས་ལྔ་པོ་སྔ་མ་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་ལྔ་རྫོགས་པ་ན་གདོད་ཕྱི་མའི་ཚིག་བཏོན་ནས་ཕྱི་མ་ཕྱི་མ་ལ་འཇུག་པའི་ཚུལ་གྱིས་མཐར་ཆགས་སུ་སློབ་པ་ངེས་རྫོགས་ཏེ་སངས་རྒྱས་གསང་བའི་ལམ་རིམ་ལས་དེ་


MLP020_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཤད་དོ། །མོས་སྒོམ་དུ་བཤད་པའི་ངེས་རྫོགས་མཐར་ཕྱིན་ནས་ཚོགས་སྒྲུབ་སྐབས་ལྟ་བུ་ཚུལ་འདི་ཉིད་ཐུན་བཞིར་སྒོམ་པའི་སྦྱོར་བས་བསྐྱེད་རིམ་མཐར་ཕྱིན་པའང་ཡོད་མོད་ཀྱི། བཀའ་སྲོལ་འདི་ལས་ཆེར་མི་འབྱུང་ལ། ཐུན་རེར་སྒྲུབ་ཐབས་ཀྱི་ཡན་ལག་ཚང་བར་སྒོམ་པ་ལ་མོས་ངེས་གཉིས་སུ་ཕྱེ་བའི་མོས་སྒོམ་གྱིས་ཁྱབ་པ་ནི་འདིར་ཡང་མི་བཞེད་དེ། ངེས་རྫོགས་ཀྱི་བསྐྱེད་རྫོགས་མཐར་ཕྱིན་ནས་ཚོགས་སྒྲུབ་གཉིས་གང་རུང་གི་སྐབས་སུ་ཡང་སྒྲུབ་གཞུང་རྫོགས་པར་གྱེར་ཞིང་མཐར་ཆགས་སུ་དེ་ལྟར་སྒོམ་པར་གསུངས་པའི་ཕྱིར་རོ། །མོས་སྒོམ་འདི་ལ་བཅོས་ནས་བསྒོམ་པའི་བསྐྱེད་རིམ་གྱིས་ཁྱབ་ཅིང་། །དེར་སྔ་དྲོ་ཕྱི་དྲོ་གཉིས། སྲོད་ཐོ་རངས་གཉིས་བཞིར་ཕྱེ་བ་སོགས་ཐུན་རེའི་ནང་དུ་ཚང་བར་སྒོམ་རྒྱུའི་ཏིང་ངེ་འཛིན་ནི་རྒྱ་སྤྲོས་མན་ཆད་ཀྱི་བཞི་པོ་ཙམ་བསྒོམ་པ་ཡིན་ཡང་། དེར་མ་ཟད་ཚོགས་སྒྲུབ་ལའང་མོས་སྒོམ་ཞིག་ཡོད་དེ་སེམས་བརྟན་པའི་མཚན་མ་མ་མཐོང་བའི་སྒྲུབ་པ་པོ་མང་པོས་དེང་སང་ཚོམ་བུ་ཚོགས་སྒྲུབ་ལྟར་ཚོགས་སྒྲུབ་བྱེད་པའང་བསྐྱེད་རྫོགས་གང་ཡང་མཐར་ཕྱིན་ནས་ཚོགས་སྒྲུབ་མ་ཡིན་པས་མོས་སྒོམ་དུ་བཞག་དགོས་པས་སྤྱིར་མོས་སྒོམ་གྱི་ཏིང་འཛིན་ཡིན་པ་ལྔ་ཀ་ཡོད་དོ༑ ༑ངེས་རྫོགས་ཀྱི་ཏིང་འཛིན་ལ་བསྐྱེད་རིམ་ཡིན་པས་མ་ཁྱབ་སྟེ་བསྐྱེད་རྫོགས་ཀྱི་ཆ་གཉིས་དང་། དེ་ལ་སློབ་ཚུལ་ཡང་གང་ཟག་གི་ཁྱད་པར་གྱིས་མི་འདྲ་བ་གཉིས་ཡོད་པར་གསུངས་ཏེ། དང་པོ་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་སློབ་ཚུལ་དང་། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་ལ་འཇུག་པའོ། །དང་པོ་ནི། ཐོག་མར་སྣོད་བཅུད་འོད་དུ་བསྡུས་ཏེ་སེམས་ལས་མ་ལྷག་པར། སེམས་དེ་མི་འཁྱར་བ་མི་རྟོག་པའི་ངང་དུ་འཇོག་དགོས་པའི་སྟོང་པ་ཆེན་པོའི་རྣལ་འབྱོར་སྔོན་གོམས་ཀྱིས་སྡོད་མི་ཚུགས་པར་རྟོག་པས་གཡོ་བའི་ཉམས་གཡོ་བ་ངོས་ཟིན་པས་མངོན་དྲག་པ་རི་གཟར་གྱི་འབབ་ཆུ་ལྟ་བུ་དང་། གཡོ་བ་བརྒྱ་ལ་གནས་པ་གཅིག་གཉིས་ཙམ་ཐོབ་པའི་ཉམས་རོང་ཁུང་དོག་པོའི་འབབ་ཆུ་ལྟ་བུ། གོམས་པའི་ཉམས་གནས་པའི་འཕྲོ་མཐུད་དུ་ཡོད་ཀྱང་གཡེང་བས་གཅོད་པ་བྱང་ཐང་གི་དལ་འབབ་ལྟ་བུ། བརྟན་པའི་ཉམས་རྣམ་རྟོག་ཤར་ཡང་གནས་ཆ་ལ་བར་གཅོད་དུ་མི་ཐུབ་པ་མཚོ་ཆུང་སེར་བུས་བསྐྱོད་པ་ལྟ་བུ། མཐར་ཕྱིན་གྱི་ཉམས་གཡོ་བ་གཏན་མི་རྒྱུ་བ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་སྟེ་ཉམས་ལྔ་རྫོགས་རྫོགས་སུ་བསྒོམས་པའི་ཁོག་ནས་རྫོགས་རིམ་པའི་འོད་གསལ་གྱི་ཉམས་མྱོང་ལ་འདྲིས་ཆ་


MLP020_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་པ་ན་སྙིང་རྗེ་སྒྱུ་མ་བཅོས་ནས་སྒོམ། དེ་རྫོགས་རིམ་མ་བཅོས་པའི་སྙིང་རྗེ་སྒྱུ་མར་སོང་སྟེ་ཉམས་ལྔ་རྫོགས་པ་ན་ཕྱག་རྒྱ་གཅིག་པ་ཕྲ་རགས་ལ་དམིགས་པའི་བསྐྱེད་རིམ་ལ་སྦྱངས་པས་རྐྱེན་བྱས་ཏེ་མཐར་མ་བཅོས་པའི་རྫོགས་རིམ་གྱི་ལྷ་སྐུ་རྒྱ་གཅིག་སྟོང་གཟུགས་དངོས་མཐོང་ལ། དེ་ལ་གསལ་བརྟན་གྱི་ནུས་པ་རྙེད་པ་དང་། ཡང་དམིགས་པ་ཁ་སྤོས་ཏེ་འཁོར་སྤྲོས་པའི་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ཡང་དང་པོར་བཅོས་ནས་བསྐྱེད་རིམ་དང་རིམ་གྱིས་རྫོགས་རིམ་དུ་གོ་འཕོ་ཞིང་། སྤྲོས་བཅས་མཐར་ཕྱིན་ནས་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུས་མཚམས་སྦྱར་བས་ཚེ་དབང་རིག་འཛིན་ནམ་འཕགས་ལམ་འགྲུབ་པ་སྟེ། བསྐྱེད་རྫོགས་ཟུང་འཇུག་གི་སྒོམ་ཚུལ་འདིའི་རྒྱ་གཅིག་གི་བསྐྱེད་རིམ་ལྟ་བུ་ནི་རྫོགས་རིམ་ཐོབ་ལ་མ་ཉམས་པའི་རྒྱུད་ཀྱི་བཅོས་མའི་རྣལ་འབྱོར་ཡིན་པས། རྫོགས་པའི་བསྐྱེད་པ་དང་། བསྐྱེད་པའི་རྫོགས་པ་ཞེས་གསུངས་པ་ལྟ་བུར་འགྱུར་རོ། །གཉིས་པ་ནི། དང་པོར་བསྐྱེད་རིམ་གྱི་སྟོང་ཆེན་བརྟན་པ་ཐོབ་ཐོབ་ཏུ་ཡུལ་གསུམ་གྱད་སྟོབས་སུ་གྱུར་པ་ཞེས། ཡིད་ངོར་ཆེས་མི་གསལ་ཙམ་ཡིད་ངོར་སྣང་བའི་ཡུལ། དེ་ནས་ཡིད་ངོར་ཆེས་གསལ་ནས་དབང་ཤེས་ཀྱིས་མཐོང་བ་བཞིན་སྣང་བ་དང་དབང་ཤེས་ཀྱི་རྣམ་པ་གཞན་གྱི་གོ་བཀག་པ་དབང་པོའི་སྣང་ཡུལ། ང་རྒྱལ་བརྟན་པས་ཞེན་ཡུལ་ལྷ་དེར་དངོས་སུ་ཞེན་ཡུལ་དུ་གྱད་དུ་གྱུར་ཏེ་སྟོབས་རྫོགས་པ་སྒོམ། དེ་ནས་སྙིང་རྗེ་སྒྱུ་མ་དེ་ལྟར་སྒོམ། དེ་ལྟ་བུའི་རིམ་པས་སྤྲོས་བཅས་ཀྱི་བསྐྱེད་རིམ་མཐར་སོན་པ་ན་ཚོགས་སྒྲུབ་ཀྱིས་འདོད་པའི་ཆགས་བྲལ་ཡིན་ན་ཚངས་པ་ལྟ་བུའི་འདོད་གཟུགས་གང་རུང་གི་རྣམ་པས་ཕྲ་ཡང་སོགས་ཀྱི་རྫུ་འཕྲུལ་ཐོབ་པའི་རིག་འཛིན་བསྒྲུབས་ཏེ་མཁའ་སྤྱོད་ཀྱི་ཞིང་སོགས་ས་སྤྱོད་ཟངས་མདོག་དཔལ་རི་ཉུལ་ཞིང་དཔའ་བོ་མཁའ་འགྲོའི་ཚོགས་དང་ལྷན་ཅིག་ཏུ་རྫོགས་རིམ་ཡིན་པའི་སྟོང་ཆེན་སོགས་ལ་བརྟེན་ནས་ལམ་ལྔ་མཐར་དབྱུང་བ་སྟེ། དེ་ལྟར་གཉིས་ཡོད་ཀྱང་གྲོལ་ལམ་རིམ་གྱིས་པ་སྤྱིར་ཕྱི་མ་ལྟར་སྒོམ་པ་ཡོད་མོད་གཙོ་བོ་རྣམས་ཀྱི་སྒོམ་ཚུལ་དངོས་སྦྲགས་ནས་སྒོམ་ཚུལ་སྔ་མ་ཡིན་པར་སྒྱུ་འཕྲུལ་འདིའི་ལུགས་ལ་ཡོངས་གྲགས་སུ་གསུངས་སོ། །དེ་ལྟར་བསྐྱེད་རྫོགས་གང་ཡིན་ཀྱང་ཏིང་འཛིན་ལྔ་ཡིས་བསྡུས་པས་དཔྱད་ན་དེ་ལྟར་ཡིན་ཚུལ་སྤྱིའི་རྣམ་བཞག་ལ་དཔྱད་པའི་ས་བོན་ཙམ་སྨོས་ནས་སྐབས་འདིར་ཏིང་འཛིན་ལྔ་སོ་སོའི་ངོས་འཛིན་ཟུར་ཙམ་བརྗོད་ན། དང་པོ་བསྐྱེད་རིམ་གྱི་ཏིང་འཛིན་ལྔའི་དང་པོ་ནི་ཆོས་ཐམས་


MLP020_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་གནས་ལུགས་ཅིར་ཡང་མི་དམིགས་པ་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་དངོས་སུ་མཉམ་པར་འཇོག་པ་ལ་རྫོགས་རིམ་དགོས་མོད། འདིར་བསྐྱེད་རིམ་ལའང་དེ་དང་འདྲ་མཚུངས་ཀྱི་ཉམས་ལེན་ཡོད་པས་མཉམ་པར་འཇོག་ཅིང་། འཆི་སྲིད་སྟོང་ཆེན་གྱི་རང་བཞིན་འབྲས་བུ་སངས་རྒྱས་ཀྱི་ཐུགས་ཆོས་སྐུའི་ངོ་བོར་བལྟ་བ་སྟོང་པ་ཆེན་པོའི་རྣལ་འབྱོར། དེ་ལྟར་མ་རྟོགས་པའི་སྣང་གནས་མི་མཐུན་པའི་སྒྱུ་མ་ལྟ་བུའི་སེམས་ཅན་ལ་གནོད་པའི་སྡུག་བསྔལ་སྣང་གནས་མི་མཐུན་པར་སྣང་ཙམ་འདི་བྲལ་འདོད་ཀྱི་དམིགས་པ་མེད་པའི་སྙིང་རྗེ་བར་སྲིད་རླུང་སེམས་སྒྱུ་མའི་རང་བཞིན་འབྲས་བུ་ལོངས་སྐུའི་རང་བཞིན་དུ་ཤེས་ནས་སྒོམ་པ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རང་སེམས་ལུགས་འདིར་ཨ་དཀར་པོར་བསྒོམས་ནས་རྩ་བའི་ཨ་ལས་གྲངས་མེད་དམ་ཀ་ཁ་སོགས་ཀྱི་ཡི་གེ་ཕར་ནམ་མཁའ་ཁྱབ་པར་སྤྲོ་བ་དང་ཚུར་རང་ལ་བསྡུ་བ་ལ་དམིགས་པ་ཕྲ་བ་ཡིག་འབྲུ་དང་། དེ་ལས་བསྐྱེད་ཆོག་བདག་སྲས་གཞན་སྲས་རྒྱས་མངོན་བྱང་ལྔ་དང་གསུམ་བསྡུས་ཅི་རིགས་ཀྱིས་རྩ་བའི་ལྷ་མི་བསྐྱོད་པ་ཡབ་ཡུམ་ཟུང་གཅིག་འབྲུ་གསུམ་མཚོན་པའང་ཡོད་མོད་བཀའ་མའི་ལུགས་འདིར་རྣམ་སྣང་སོགས་བྱིན་རླབས་ཀྱི་ལྷ་གསུམ་དང་དབང་བསྐུར་རམ་དབུ་རྒྱན་གྱི་ལྷ་ལྔ་ཐུགས་ཀའི་ནང་གི་ཙིཏྟའི་སྒྲོམ་ལྟ་བུ་ཡེ་ཤེས་སེམས་དཔའ་སྟེ་ཡན་ལག་གི་ལྷ་དགུ་དང་བཅས་པར་སྒོམ་པ་རགས་པ་དྲན་པ་གཅིག་པའི་ཏིང་འཛིན་ལྷ་སྐུ་ལ་བསླབ་པ་སྟེ་ཕྱག་རྒྱ་གཅིག་པ་ཕྲ་རགས་ཀྱི་རྣལ་འབྱོར། གཉལ་སངས་རྒྱས་གྲགས་ཀྱི་བཞེད་པ་ལྟར་གཙོ་འཁོར་གཉིས་རིགས་ཐ་དད་ཀྱི་ལྷ་ཅི་ཙམ་ཡོད་ཀྱང་གཙོ་བོ་མི་བསྐྱོད་པ་ལྟ་བུའི་ལྷ་གཅིག་ཏུ་གྱུར་པའི་འདི་ཕྱོགས་ནས་རབ་ཏུ་ཕྱེ་བ་དཀྱིལ་འཁོར་དང་། གཙོ་འཁོར་ཚོམ་བུ་གཅིག་གསུམ་ལྔ་སོགས་ཅི་ཙམ་ཡོད་ཀྱང་རིགས་ཐ་མི་དད་ཀྱི་ཐུགས་རིགས་མི་བསྐྱོད་པ་རང་ཡིན་གྱི་སྐུ་གསུང་ཐུགས་སོགས་ཀྱི་གཙོ་བོ་སོ་སོས་བྱེད་པས་རབ་ཏུ་ཕྱེ་བའམ་དེའི་ཕྱོགས་ནས་བཞག་པའི་ཚོམ་བུར་བཤད་དེ། དེ་འདྲའི་དཀྱིལ་འཁོར་དང་ཚོམ་བུ་སྤྲོ་བ་གཉིས་དང་གྲངས་དང་ཞལ་ཕྱག་སྤྲོ་བ་སྟེ་ཕྱག་རྒྱ་སྤྲོས་བཅས་ཀྱི་དབྱེ་བ་བཞི། དེ་ལ་དཀྱིལ་འཁོར་སྤྲོ་བ་ནི། ཞི་དཀྱིལ་འབྲིང་པོ་ལྷ་ཞེ་གཉིས་མ། རྒྱས་པ་དེའི་སྟེང་དུ་རིགས་ལྔ་གཙོ་འཁོར་རེ་རེ་ལ་བཞི་རེར་ཕྱེས་པའི་མི་བསྐྱོད་པའི་རྣམ་སྣང་རིན་འབྱུང་སོགས་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་བཅུ་བསྣན་པས་བརྒྱད་ཅུ་རྩ་གཉིས་པ། བསྡུས་པ་རྩ་བའི་གཙོ་འཁོར་རིགས་ལྔ་དང་


MLP020_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བ་ཡབ་ཡུམ་བཅོ་བརྒྱད། ཁྲོ་དཀྱིལ་འབྲིང་པོ་ཡོངས་གྲགས་ང་བརྒྱད་ལ་ཁྲོ་བཅུ་ཡབ་ཡུམ་བསྣན་པས་དོན་བརྒྱད། རྒྱས་པ་དེ་ལ་ཞི་བའི་སྐབས་ལྟར་རིགས་ཆུང་བསྣན་པས་བརྒྱ་དང་བཅོ་བརྒྱད། བསྡུས་པ་ལྔ་བཅུ་རྩ་བརྒྱད་པ་རྣམས་སོ། །ཚོམ་བུ་ནི། དང་པོ་ཞི་བ་ལ་ཚོམ་བུ་གསུམ་ལས་དང་པོ་ཐུགས་རིགས་མི་བསྐྱོད་པ་ཡབ་ཡུམ་ལ་མི་བསྐྱོད་པའི་རྣམ་སྣང་དེའི་རིན་འབྱུང་དེའི་སྣང་མཐའ་དེའི་དོན་གྲུབ་སྟེ་རྡོ་རྗེའི་རིགས་ཆུང་ཟུང་བཞི་ཐུགས་རིགས་རང་ལས་ཕྱེས་པའི་སྒོ་བ་ཡབ་ཡུམ་སྟེ་བཅོ་བརྒྱད་པ་དང་། གཉིས་པ། མི་བསྐྱོད་པའི་སྤྱི་བོར་སྐུའི་རིགས་ཆུང་ལྔ། མགྲིན་པར་སྣང་མཐའ། ཐུགས་ཀར་མི་བསྐྱོད་པའི་རིགས་ལྔ་དང་། ཕྱོགས་མཚམས་བརྒྱད་ཁྲོ་བོ་བརྒྱད་སྤྲོ་བ་ཚིག་ཟིན་ནའོ། །འདི་ལྟར་མདུན་དཀྱིལ་ལྟ་བུའི་དབུས་སུ་མི་བསྐྱོད་པ་རིགས་ཆུང་བཅས་གཙོ་འཁོར་ལྔ། མདུན་སྐུ་རིགས་རྣམ་སྣང་རིགས་ཆུང་ཡབ་ཡུམ་བཅས། རྒྱབ་སྣང་མཐའ་རིགས་ཆུང་ཡབ་ཡུམ་བཅས་པར་གསལ། ཕྱོགས་མཚམས་བརྒྱད་ཁྲོ་བོ་བརྒྱད་སོ་སོར་བཀོད། དེ་ཐམས་ཅད་ཐུགས་རིགས་རང་ལས་ཕྱེས་པའི་རིགས་གཅིག་ལ་སྐུ་གསུང་ཐུགས་རིགས་གཙོ་བོ་སོ་སོར་ཕྱེས་ནས། སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་གཙོ་བོ་རིགས་ཆུང་དང་བཅས་པ་ལ་ཁྲོ་བོ་བཅུ་ལས་སྟེང་འོག་གི་ཁྲོ་བོ་སྤངས་པའི་ཡབ་ཡུམ་ཟུང་བརྒྱད་བསྣན་པས་ཞེ་དྲུག་མ་དང་། གསུམ་པ་གཡས་གཡོན་དུ་རཏྣ་ཀརྨ་གཉིས་བསྣན་པས་རིགས་ལྔ་རིགས་ཆུང་སྟེང་འོག་གི་ཁྲོ་བོའང་བསྣན་པས་ཁྲོ་བཅུ་ཡབ་ཡུམ་སྟེ་བདུན་ཅུ་པ་རྣམས་རིམ་བཞིན་ཚོམ་བུ་དང་པོ་གཅིག་གཉིས་པ་གསུམ་གསུམ་པ་ལྔ་པའོ། །ཁྲོ་བོའི་སྐབས་སུ། གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ཡོད་མཉམ་ལ། རྡོ་རྗེའི་རིགས་ཀྱི་རིགས་ཆུང་བཅས་གཙོ་འཁོར་བཅུ་དང་ཁྲོ་བཅུ་ཡབ་ཡུམ་བསྣན་པའི་དོན་བརྒྱད་མ་དང་། བུདྡྷ་དང་པདྨའི་གཙོ་འཁོར་རིགས་ཆུང་བཅས་ཉི་ཤུ་ཡང་བསྣན་པའི་གོ་བརྒྱད་མ་དང་། རིགས་ལྷག་མ་རཏྣ་ཀརྨ་གཉིས་རིགས་ཆུང་བཅས་ཀྱང་བསྣན་པའི་བཅོ་བརྒྱད་པ་རྣམས་སྔ་མ་བཞིན་གཅིག་པ་གསུམ་པ་ལྔ་པ་རྣམས་ཡིན་ནོ། །གྲངས་ནི། ལེའུ་བརྒྱད་པ་ལྟར་ཞི་བའི་མི་བསྐྱོད་པ་ཡབ་ཡུམ་གྱི་སྐུ་ལུས་ལ་སངས་རྒྱས་སྟོང་དང་། རིགས་ལྔ་ཡབ་ཡུམ་ལྔ་སེམས་དཔའ་ཡབ་ཡུམ་བརྒྱད། སྒོ་བ་ཡབ་ཡུམ་བཞི། ཐུབ་དྲུག བྱ་བྱེད་ཀུན་བཟང་ཡབ་ཡུམ་གཅིག་ཏུ་བརྩིས་པའི་ཁྱོན་ཉེར་བཞི་རེ་རེ་ལ་སངས་རྒྱས་སྟོང་རེ་སྤྲོ་བས་ཉི་ཁྲི་བཞི་སྟོང་དང་། རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་སངས་རྒྱས་སྤྲོ་བ་ལྟ་བུའི་བློས་གཞལ་དཀའ་བ་བསམ་ཡས་ལྷུན་གྲུབ་ཏུ་སྤྲོ་བ་དང་གསུམ། དེའི་རིགས་པ་ཁྲོ་བོ་ལའང་སྦྱར་


MLP020_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བས་བཛྲ་ཧེ་རུ་ཀ་ཡབ་ཡུམ་གཅིག་གི་སྐུ་ལུས་ལ་ལྷ་གྲངས་སྟོང་བཞི་བརྒྱ་ལྔ་བཅུ་པ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་པ་དང་། བསམ་ཡས་ལྷུན་གྲུབ་སྟེ་སྤྲོ་བ་གསུམ་མོ། །བསམ་ཡས་ལྷུན་གྲུབ་སྤྲོ་བ་ལ་འཕགས་ལམ་པ་དགོས་ཞེས་གསུངས་པ་ཡོད་ཀྱང་དེ་ཚུན་ཆད་ལ་དེ་ལྟར་དངོས་སུ་སྤྲོ་མི་ནུས་པ་ཡིན་གྱི་སྒོམ་མི་ནུས་པ་མིན་ནོ། །ཞལ་ཕྱག་ནི། ཞི་བ་རྒྱས་པ་ཐུབ་དྲུག་དང་ཡུམ་རྣམས་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་དང་། འབྲིང་པོ་རྒྱལ་བ་མི་བསྐྱོད་པ་གཅིག་ཙམ་མམ་རིགས་དྲུག་ཙམ་ཞལ་གསུམ་ཕྱག་དྲུག་པ། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། ཁྲོ་བོ་ལ་གཙོ་བོ་དབུ་ཕྱག་གྲངས་མེད་དང་དབུ་དགུ་ཕྱག་བཅོ་བརྒྱད་པ། འཁོར་གྱི་མ་མོ་རྣམས་ཀྱང་ཞལ་གསུམ་ཕྱག་དྲུག་པ་སོགས་རྒྱུད་ནས་བཤད་ཀྱང་ཞི་ཁྲོའི་སྒྲུབ་ཐབས་རྣམས་སུ་བརྒྱུད་པའི་ཕྱག་བཞེས་སུ་རྒྱས་པ་ལ་རིགས་ལྔ་དང་། འབྲིང་པོ་ལ་གཙོ་བོ་ཙམ་ཞལ་གསུམ་ཕྱག་དྲུག་པ་དང་། བསྡུས་པ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པའོ། །དེ་ལྟར་ཏིང་ངེ་འཛིན་བཞི་པོ་སོ་སོར་སྒྲུབ་ཅིང་རྩལ་ཐོན་ནས། སླར་དེ་རྣམས་ཐུན་རེའི་ནང་དུ་ཚང་བར་བསྒོམས་ཏེ་བོགས་འདོན་པའམ་ཁྱད་པར་དུ་འགྲོ་བར་བྱེད་པ་ནི་ཚོམ་བུ་ཚོགས་སྒྲུབ་ཡིན་ཏེ། འདི་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་བ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པའོ། །དང་པོ་ནི། བདག་གིས་བསླང་སྦྱང་བཟུང་བསྲུང་སོགས་ཀྱིས་དབང་བ་དང་ཕྱི་ནང་གི་དགྲ་འདྲེའི་བར་ཆད་མེད་ཅིང་བསམ་གཏན་གྱི་ཚེར་མ་མེད་པས་ཡིད་དུ་འོང་བའི་སར་ཕྱི་རིམ་གཡོས་སྦྱོར་བྱེད་པའི་ཚང་མང་གི་ཁང་པ་དང་། བར་རིམ་སྒྲུབ་གཞུང་སྲོང་བ་དང་། ནང་རིམ་གསང་སྤྱོད་སྦྱོར་སྒྲོལ་ལ་འཇུག་པའི་ཁང་པ་རིམ་གསུམ་མམ་ཡང་ན་ཐོག་བརྩེགས་རིམ་པ་གསུམ་ཡང་འདྲ་བས་བརྩིགས་པ་གནས་ཕུན་ཚོགས་དང་། གཟའ་སྐར་སྦྱོར་བྱེད་ཡར་ངོ་སོགས་ཚེས་གྲངས་སོགས་ལེགས་པའི་དུས་ཕུན་ཚོགས། འཚོ་བ་ཟས། རྐྱེན་ཟློག་སྨན། སྒྲུབ་པ་རྫས། སྨན་རཀ་གཏོར་གསུམ་སོགས་མཆོད་པ་རྫས་ཀྱི་ཡོ་བྱད་རྣམས་ཚང་བར་འདུ་བྱས་པ་ཡོ་བྱད་ཕུན་ཚོགས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །ཞེས་སོགས་ལྟར་རང་བཞིན་བརྒྱད་ལྡན་གྱི་སློབ་དཔོན་དང་། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །


MLP020_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཡོན་ཏན་དྲུག་ལྡན་གྱི་འཁོར་ཏེ་སྟོན་འཁོར་དེ་གཉིས་སྒྲུབ་པ་པོ་ཕུན་ཚོགས་ཞེས་གཅིག་ཏུ་བསྡུ་སྟེ། དེ་ལྟ་བུའི་འདུས་པ་དཔའ་བོ་གཅིག་སྒྲུབ་ལྟ་བུས་ཡིད་རིག་ལ་བརྟེན་པ་ཆུང་ཡབ་ཡུམ་ཟུང་གཅིག་འབྲིང་ལྷ་གྲངས་དང་མཉམ་པའི་ཆས་ལྷན་དུ་ཚོགས་པས་ཆེན་པོ་ཇི་ལྟར་ཚོགས་པ་དང་། བསྙེན་སྒྲུབ་རྣམ་པ་བཞིའི་སྲོལ་ལམ་དེ་ལས་མ་འདས་པའི་ངང་དུ་ཚུད་པ་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པ་སྟེ་ལྔའོ། །གཉིས་པ་ནི། སྒྲུབ་དུས་ཀྱི་བསྙེན་སྒྲུབ་བཞིའི་དང་པོ་བསྙེན་པ་ལའང་སྔོན་དུ་འགྲོ་དགོས་པའི་བྱ་བའི་དང་། དངོས་སུ་བྱ་དགོས་པའི་བྱ་བ་ལས་ཀྱི་བསྙེན་པ་གཉིས་ལས། དང་པོ་ནི། སྔར་སྤྲོས་བཅས་མན་ཆད་ཀྱི་ཏིང་འཛིན་བཞི་མཐར་ཕྱིན་པར་བསླབས་པ་དེ་ཉིད་དོ། །གཉིས་པ་ནི། ས་ཆོག སྟ་གོན། བཤགས་སྐོང་། མཚམས་གཅོད། དཀྱིལ་འཁོར་བྲི་ཞིང་རྒྱན་བཀོད་པ་རྣམས་སྔོན་དུ་བཏང་སྟེ། གྲལ་ཚུལ་གྱི་ཕྱག་ནས་རྟགས་གདབ་པར་བྱ། དེ་ནས་རྒྱ་གཅིག་མན་ཆད་ཀྱི་ཕྲ་བའི་ཏིང་འཛིན་གསུམ་དང་། ཚོམ་བུ་གཅིག་གསུམ་ལྔ་གང་རུང་གི་དཀྱིལ་འཁོར་དང་། ལས་རིམ་གྱི་ཏིང་ངེ་འཛིན་ལྔ་པོ་བསྒོམ་ལ་ཛཔ་ཁང་ཕྱེ་ནས་གསལ་བ་གསུམ་ལྡན་གྱིས་ཛཔ་བཟླ། དཀྱིལ་འཁོར་ཕྱེ་བ་དེ་རང་ལ་བསྟིམ་ཞིང་ཚོགས་མཆོད་སོགས་བྱེད་པ་ནུབ་དང་པོའི་བསྙེན་པ་སྟེ་བསྙེན་པའི་ཡན་ལག །ལས་རིམ་དེ་དང་མཐུན་པས་ཛཔ་ཀྱི་ཚེ་ཞལ་ལུང་ལས་ཕར་འོད་ཟེར་དཀར་པོ་སྤྲོ་ཞིང་དམར་པོ་ཚུར་བསྡུ་བར་བཤད་ཀྱང་འདིར་འོད་ཟེར་དཀར་པོའི་སྤྲོ་བསྡུས་དངོས་གྲུབ་ཀྱི་གེགས་ཉེས་ཚོགས་སྦྱོང་ཕྱིར་ཡིན་པས་སྣོད་རུང་དུ་བྱ་བ་ལ་ཟླ་སྒྲུབ་དང་བདུན་སྒྲུབ་ཅི་ཙམ་སྒྲུབ་པའི་དུས་ཀྱི་ཕྱེད་ཚུན་ཆད་བརྩོན་པ་ཉེ་བསྙེན་གྱི་ཡན་ལག །དེ་ནས་ཕྱེད་ཕྱི་མར་འོད་ཟེར་དམར་པོའི་སྤྲོ་བསྡུས་དངོས་གྲུབ་དེ་འོད་དང་བདུད་རྩིའི་ངོ་བོར་རང་ལ་ཐིམ་པར་དམིགས་ནས་དངོས་གྲུབ་དབང་དུ་བྱ་བ་བསྒྲུབ་པའི་ཡན་ལག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་མཚན་མ་ཡིད་ཆེས་པ་བྱུང་བ་ན་དངོས་གྲུབ་བླང་བའི་སྔར་ནུབ་ལྟ་བུར་འོད་ཟེར་མཐིང་ཁས་དངོས་གྲུབ་བསྡུ་ཞིང་ལྷ་དང་རྫས་དང་ཡུམ་གྱི་མཁའ་རྣམས་ལས་དངོས་གྲུབ་བླང་བ་སྒྲུབ་ཆེན་གྱི་ཡན་ལག་གོ །རྒྱུད་ཉིད་ལས་ཚོགས་སྒྲུབ་སྟོན་པ་ན་ཞེན་མེད་ཀྱི་ངང་ནས་འདོད་ཡོན་གྱི་ཡོ་བྱད་ཐུན་མོང་དང་ཐུན་མིན་ལྔ་ལ་ལོངས་སྤྱོད་ཚུལ་འབའ་ཞིག་རྩལ་དུ་བཏོན་ནས་གསུངས་པས་ཚོགས་སྒྲུབ་ཀྱི་དོན་པོ་ནི་བདེ་


MLP020_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་ཡེ་ཤེས་རྒྱས་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་འབར་ཞིང་བརྟན་པ་ལ་བྱེད་དགོས་ཏེ། དེའི་མཐུས་ཏིང་ངེ་འཛིན་སྔ་མ་བཞིའི་རྒྱུན་ཡང་ཤིན་ཏུ་ཁྱད་ཞུགས་པར་འགྱུར་བས་བོགས་འདོན་དུ་འགྲོ་ལུགས་དང་། དངོས་གྲུབ་མྱུར་དུ་འགྲུབ་པའི་རྒྱུ་མཚན་གཉིས་ཀ་བདེ་ཆེན་ཡེ་ཤེས་དེས་དབྱིངས་རྟོགས་ཚབས་ཆེ་བའི་གནད་དེ་ཡིན་ནོ། །སྤྱིར་བསམ་གཏན་གྱིས་ཤིན་སྦྱང་གི་བདེ་བ་དང་སེམས་བདེ་སོགས་ཀྱིས་བདེ་བ་དང་། ཁྱད་པར་དབུ་མ་ལས་གཞན་ཉེ་སར་རེག་པའི་ཞུ་བདེ་རིམ་པ་གཉིས་པའི་སྔོན་དུ་དབང་གསུམ་པ་དངོས་དབང་བྱས་པ་ལ་ཡོད་པ་དང་བསྐྱེད་རིམ་གྱིས་དྲངས་པའང་ཡོད་པས་ཞུ་བདེ་ལམ་བྱེད་ལ་རྫོགས་རིམ་གྱིས་མ་ཁྱབ་པ་ནི་གསར་རྙིང་གྲགས་ཆེ་བས་མ་ཕྱེའོ། །འགྲེལ་པ་རྣམས་སུ་དངོས་གྲུབ་བླང་བའི་སྐབས་མ་གཏོགས་པར་ཨ་ལི་ཀ་ལིའི་ཡོ་བྱད་ལ་སྤྱོད་ཚུལ་གསལ་བར་མ་སྨོས་ཀྱང་མེད་པ་མིན་ཏེ། སྒྲུབ་ཐབས་ཀྱི་མཆོད་པའི་ནང་དུ། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །ཞེས་སོགས་ཀྱིས་སྦྱོར་བས་ཞུ་བདེ་འདྲེན་པ་དང་། རླུང་རྟོག་གི་རུ་ཏྲ་བསྒྲལ་བར་དངོས་སུ་འབྱུང་བ་ལས་ཤེས་པའི་ཕྱིར་རོ། །གསུམ་པ་ནི། བརྩོན་འགྲུས་དྲག་པོས་བསྒྲུབས་པས་ཟླ་དྲུག་ལ་སོགས་པའི་དུས་ངེས་པ་ཅན་ན་ཕྲ་ཡང་སོགས་ཀྱི་ཡོན་ཏན་དང་ལྡན་པའི་རིག་འཛིན་གྱི་ལུས་འདོད་གཟུགས་གང་རུང་གི་ལྷ་དང་རྗེས་སུ་མཐུན་པ་འཐོབ་སྟེ། འདོད་གཟུགས་ཀྱི་རིག་འཛིན་གཉིས་གང་འཐོབ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་ཁྱད་པར་གྱིས་ཡིན་ཞེས་གསུང་ངོ་། །འདི་ལྟ་བུའི་རིག་འཛིན་ནི་ཐུན་མོང་གི་དངོས་གྲུབ་ཆེན་པོའོ། །དངོས་གྲུབ་དེའང་ལམ་རིམ་ལས་ཞི་བའི་ཚོགས་སྒྲུབ་ཀྱིས་དབང་པོ་རབ་ཟླ་བ་དྲུག་དང་། ཐ་མས་ལོ་གཅིག་ཟླ་བ་བཞི་ན་དང་། ཁྲོ་བོས་རབ་ཟླ་བ་གཉིས་དང་། ཐ་མས་དྲུག་ན་འགྲུབ་པ་སོགས་ཀྱི་ཁྱད་ཡོད་པར་གསུངས་པ་ལ་ཛཔ་ཞི་བའི་སྒྲུབ་ཐབས་ལས་ཧཱུྃ་བཛྲ་དྷྲིཀ་སོགས་འཐོར་ཁྲོ་དཀྱིལ་ལ་རུ་ལུ་རུ་ལུ་སོགས་སུ་འདྲིལ་ཡོད་པས་ཡིན་པར་གསུངས་པས་དེ་ཉིད་གྱི་ཁྱད་དུ་བཞེད་པའང་ཡོད་མོད་ཀྱི། སྒྱུ་འཕྲུལ་མཁན་པོ་ཕལ་ཆེར་སྣར་སྟོན་གྱི་བཞེད་པ་ལྟར་ཁྲོ་བོ་བར་ཆད་འདུལ་བ་དང་། དྲག་ཅིང་མྱུར་བའི་ཕྲིན་ལས་ཀྱི་ལྷར་བཞེངས་པའི་རྒྱུ་མཚན་གྱིས་ཡིན་བྱས་ན་བདེ་ཞིང་། དེར་མ་ཟད་དངོས་གྲུབ་ཀྱི་ཕོ་ཉའི་དབང་གིས་ཀྱང་ཁྱད་ཅུང་ཟད་ཞུགས་སམ་སྙམ་མོ། །མ་ཧཱ་ཡོ་གའི་རྒྱུད་གཞན་


MLP020_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་ལྟ་བུ་ལས་ཚོགས་སྤྱོད་ཀྱི་མཐར་ཐུན་མོང་གི་གྲུབ་པ་མཁའ་སྤྱོད་རལ་གྲི་སོགས་ཆེན་པོ་སྒྲུབ་པ་ལ་ད་དུང་རྒྱས་པའི་སྦྱིན་སྲེག་དང་འཕྲུ ལ་སྔགས་དཀྲུགས་བཟླ་དང་དངོས་གྲུབ་སྒྲུབ་པའི་དམིགས་པའི་འཕྲུལ་འཁོར་དང་། དོན་དུ་ལས་ཀྱི་འཕྲུལ་འཁོར་གཞན་ཟུར་པའི་འཁོར་སོགས་བར་དུ་བརྒྱུད་དགོས་པར་གསུངས་ཤིང་། འདིར་དེ་དག་ལ་མི་ལྟོས་པར་ཚོགས་སྒྲུབ་ཀྱི་དུས་ཉིད་དུ་རིག་འཛིན་འགྲུབ་པར་གསུངས་པ་ནི། སྡོམ་ཊིཀ་དཔག་སྙེ་ལས་སྔ་མ་བསྐྱེད་རིམ་ཅུང་ཟད་བརྟན་པ་དང་། ཕྱི་མ་སྤྲོས་བཅས་མན་ཆད་ཉམས་ལྔའི་བརྟན་པ་ཆེར་བརྟན་པའི་དབང་དུ་བྱས་པར་བཞེད་པ་ཡོད་ཀྱང་ཕྲ་མོའི་རྣལ་འབྱོར་མཐར་ཕྱིན་པའི་ཚོགས་སྤྱོད་པས་ཀྱང་སྔ་མ་ལྟར་བྱེད་པར་གསང་འདུས་རང་ལས་བཤད་པས་སྒྲུབ་ལུགས་ཀྱི་ཁྱད་ལྟ་བུས་འབྱེད་དགོས་སམ་བརྟག་པར་བྱའོ། །ཕྱག་རྒྱའི་ཏིང་ངེ་འཛིན་གོང་འོག་འདི་དག་ཐམས་ཅད་དུ་ལྟ་བའི་སྐབས་སུ་བཤད་པའི་རང་སྣང་རིས་མེད་ཀྱི་གོ་དོན་སྲོག་ཏུ་བཟུང་ནས་མ་དག་པའི་ཞེན་སྣང་འགོག་དགོས་པའི་དོན་དྲན་པར་བྱ་སྟེ། སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ལས་བསྐྱེད་རིམ་གྱིས་ཡུལ་དུས་ཚད་ཅན་འཇོམས་པར་གསུངས་པའང་འདི་དང་ཚུལ་མཚུངས་ལ། རང་སྣང་རིས་མེད་ཀྱི་དཀྱིལ་འཁོར་ལ་གྲངས་ཚད་དང་ཞལ་ཕྱག་སོགས་གཅིག་ཏུ་ངེས་པ་མེད་ཀྱང་སྒྲུབ་ཐབས་སུ་ངེས་པ་ལྟར་མ་བསྟན་ན་བསྒོམ་བྱའི་དོན་ལྷ་དེ་ལ་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་སོགས་ཀྱི་ཏིང་ངེ་འཛིན་སྐྱེད་མི་ནུས་པས་དེ་ལྟར་བསྟན་ཅེས་བདེ་གཤེགས་འདུས་པ་དང་རང་ཤར་ལས་ཀྱང་། ཀུན་ཀྱང་འགྲོ་བ་འདུལ་བའི་དོན། ཞེས་སོགས་གསུངས་སོ། །དེ་འདྲ་བའི་ཏིང་ངེ་འཛིན་ལྔ་ནི་བསྐྱེད་རིམ་ཁོ་ནའི་དབང་དུ་བྱས་པ་ཡིན་ལ། རྫོགས་རིམ་གྱི་ཏིང་ངེ་འཛིན་ལྔ་ནི། དང་པོར་ཆོས་དང་། སྨན། སྐར་རྩིས། མོ། པྲ་སོགས་ཆོས་མིན་གྱི་བྱ་བ་གཞན་བཏང་སྟེ། ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་ལ༑ སེམས་ཀྱི་གནད་དཔྱད་སྒོམ་མིན་པའི་འཇོག་སྒོམ་དང་དེའི་བཞག་ཐབས་གཉིས་གང་རུང་ལ་གནས་པར་བྱ་སྟེ། བཞག་ཐབས་གཉིས་ནི། བློ་ཆེ་བ་ཤེས་རབ་ཀྱི་དང་། བློ་ཆུང་གདམས་ངག་གི་སྟོབས་ཀྱིས་འཇོག་པ་གཉིས་ཏེ། དང་པོ་ལའང་། སྤྲོས་བྲལ་གྱི་ཆོས་ཉིད་ལ་སེམས་འཇོག་གོ་སྙམ་པ་དྲན་ཙམ་གྱིས་རིག་པ་ཡུལ་མེད་དུ་སལ་ལེར་འཇོག་པ་རིག་པས་ཚུར་འཚོལ་བ་བཞིན་ཐུགས་


MLP020_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་དུ་འོད་གསལ་དངོས་ལ་འཇོག་ས་རྙེད་པ་རིག་པ་སྤྱི་བླུགས་སུ་དང་། སྔར་གཏན་ལ་ཕབས་པའི་འཇོག་སྙམ་པ་ཙམ་ནས་མི་ནུས་པར་འཇོག་ཡུལ་དེ་གང་ཞིག་སྙམ་དུ་སྔར་རྟོགས་ཟིན་གྱི་འདྲ་རྣམ་དོན་སྤྱི་གསར་དུ་དྲན་པས་སེམས་ངོར་ཤར་ཏེ་ལྟ་བ་དྲན་པར་བྱས་ནས་དེའི་ངང་ལས་འོད་གསལ་དངོས་ལ་གསལ་བ་ཚུགས་སོ་མ་ཤོར་ཙམ་དུ་འཇོག་པ་མཐོང་བའི་རྗེས་ལ་འཇོག་པ་གཉིས་ཡོད་ཅིང་དེ་གཉིས་ལྟ་བ་དངོས་ཀྱི་འོད་གསལ་ལ་འཇུག་སྔ་ཕྱི་ཙམ་ལས་མཉམ་བཞག་གི་དུས་སུ་འོད་གསལ་དངོས་ལ་བཞག་པ་དང་སྟོང་གཟུགས་ཀྱང་མཐོང་ཙམ་ལ་འདྲའོ། །ཕྱི་མ་ལྟ་བ་གཏན་ཕབ་ཀྱི་རྟོག་པ་ཕྲ་མོར་གྱུར་ཟིན་ནས་འོད་གསལ་རྟོགས་མ་ཐུབ་པས་ནི་ནང་དུ་སེམས་རིག་འདྲེས་མའི་གནས་སྐབས་ཞིག་གིས་ཕྲ་བ་རྟོག་པ་ཞིག་གིས་རང་སེམས་ཀྱི་ངོ་བོ་ལ་བལྟས་པ་ན་ངོ་བཟུང་ཅིར་ཡང་མི་མཐོང་ཞིང་སེམས་མི་རྟོག་པ་ཙམ་དེའི་ངང་ལ་མ་བཅོས་པར་འཇོག་པ་མཐར་འོད་གསལ་དངོས་ལ་གཏུགས་པ་སྟེ། སྐབས་དེར་ལྟ་བ་དངོས་མེད་པས་རང་སྣང་སྟོང་གཟུགས་ཡང་མི་ཤར་མོད་དེ་ལྟར་བྱས་པའི་དོན་འོད་གསལ་ལ་གཏུགས་ཐུབ་པ་ཡིན་པས་གསུམ་ཀ་སེམས་དེ་ཉིད་ལ་དངོས་བརྒྱུད་གང་རུང་གིས་འཇོག་པར་ཁྱད་མེད་ཀྱང་དང་པོ་ལ་འཇོག་བྱེད་ཀྱི་ཐབས་སམ་སྒོ་མི་འདྲ་བ་ལས་དབྱེའོ། །འཇོག་ཚུལ་གསུམ་པོ་གང་ལྟར་ཡང་མཉམ་བཞག་རྩེ་གཅིག་ཏུ་དང་། རྗེས་ཐོབ་ལ་ཡུན་མི་རིང་བར་བར་མ་ཆད་པར་བསླབ་པས་གཟུང་འཛིན་རགས་པ་དང་བྲལ་བའི་འོད་གསལ་མི་རྟོག་པའམ་སྟོང་པ་ནམ་མཁའ་ལྟ་བུ་མངོན་དུ་གྱུར་ནས་སྟོང་གཟུགས་ཞེས་སྟོང་པ་འོད་གསལ་གྱི་ཆར་གྱུར་པའི་གཟུགས་སྣང་ངམ་སྟོང་པ་འོད་གསལ་གྱི་གཟུགས་བརྙན་ལྟ་བུའི་སྣང་བ་ལྷུན་གྲུབ་ཀྱི་ཆ་ལ་ཤར་རུང་དེ་སྒྱུ་མའི་གྲོང་ཁྱེར་ལྟར་དབྱིབས་དང་རིགས་དྲུག་གི་སྣོད་བཅུད་ལོངས་སྤྱོད་ཀྱི་རྣམ་པ་ཁ་དོག་གི་རྣམ་པ་ཅན་མཐའ་ཀླས་པ་འཆར་ཏེ། དེ་གསལ་ཆ་ཡོད་ཀྱང་སྟོང་པའི་ཆ་ལ་གོམས་པ་ཡུན་བསྲིང་བས་འོད་གསལ་ཇེ་འཐུག་ཏུ་འགྲོ་ཞིང་། ཅི་ཙམ་འཐུག་པའི་རིམ་པ་ལྟར་དབྱིངས་ཤས་ཆེ་བས་སྣང་བ་བསྡུ་བའང་ཡོད་ཆོག་ཀྱང་སྟོང་གཟུགས་དེ་དག་ཇེ་དྭངས་ཇེ་གསལ་དང་ཆེར་མཆེད་པར་འགྱུར་ཏེ་དཔེར་མེ་ལོང་ཕྱིས་ནས་ཇི་ལྟར་གསལ་བའི་ཚོད་ཀྱི་གཟུགས་བརྙན་ཡང་གསལ་བ་ལྟར་རོ། །རྟོགས་ཟིན་གྱི་ལྟ་བ་དེ་ལྟ་བུའི་འོད་གསལ་དེ་ལ་མངོན་དུ་བྱ་ཚུལ་གྱིས་སོ་སྐྱེས་ཀྱི་རྟོགས་ཚུལ་ཡིན་པས་ཀུན་གཞི་སོགས་བསླད་པ་མངོན་གྱུར་ཡོད་ཀྱང་འོད་གསལ་སྲབ་འཐུག་ཇི་ལྟར་ཡིན་ཀྱང་རང་གི་ངོ་བོ་ལ་འཁྲུལ་བའི་ཀུན་རྟོག་གིས་སྟོང་པའི་འདི་རྒྱུ་མཚན་གྱིས་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ཞེས་


MLP020_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་བཤད་བྱ་སྟེ། སྟོང་ཆེན་འདིའི་ཚེ་སྟོང་གཟུགས་ཤར་བ་དེ་ལ་གཙོ་བོར་མི་བྱེད་པར་འོད་གསལ་རང་གི་བཞུགས་ཚུལ་མི་རྟོག་པའི་དབྱིངས་ལ་གཙོ་བོར་གཏད་ནས་སྣང་བ་ཚུར་སྟོང་པའི་ངོ་བོ་ལ་བསྲེ་བ་རྩལ་འདོན་བྱེད་པར་མངོན་ནོ། །འོད་གསལ་མི་རྟོག་པའི་ཉམས་ལེན་དེ་བྱང་བར་གོམས་པ་ན་འོད་ལ་ཆའི་གཞི་ལ་ཐེའུ་རྒྱབ་པ་བཞིན་གསལ་རྒྱ་བསྐྱེད་དེ་སྣང་བ་དེ་རྣམས་ལ་བསྲེས་ནས་རྩེ་གཅིག་ཏུ་བཞག་དགོས་དེ་ལྟར་བཞག་པས་རིས་མེད་ཀྱི་སྣང་བ་སྔར་ལས་ཀྱང་ཆེར་མཆེད་ཅིང་། རྣམ་པར་དག་མ་དག་གང་ཡིན་ཀྱང་དེ་ཐམས་ཅད་ངོ་བོ་ཐུན་མོང་མ་ཡིན་པའི་འོད་གསལ་ཡེ་ཤེས་དམིགས་མེད་ཀྱི་སྙིང་རྗེའམ་མི་དམིགས་པའི་བདེ་བའི་འོད་གསལ་རང་གི་ཡོ་ལང་ངོ་བོ་བདག་ཉིད་འབའ་ཞིག་ཏུ་འཆར་བར་འགྱུར་ཏེ། འོད་གསལ་ཕར་སྟོང་གཟུགས་ལ་བརྟེན་པས་འོད་གསལ་དེ་བརྟན་པའི་ཚེ་སྟོང་གཟུགས་ལ་ལས་རུང་གི་ཡོན་ཏན་ཁྱད་པར་ཅན་ཐོབ་པས། དང་པོ་ཀུན་སློང་གི་འཕེན་པས་རྐྱེན་ཅུང་ཟད་ཙམ་གྱིས་རྫོགས་རིམ་པའི་ལྷ་སྐུ་རྒྱ་གཅིག་ཏུ་སྒྱུར་ནུས་པ་ཡིན་ནོ། །སྣང་བ་ལ་ཕར་རྒྱས་གདབ་པས་སྙིང་རྗེ་སྒྱུ་མའི་ཏིང་ངེ་འཛིན་དེས་ཐམས་ཅད་རང་ཡིན་འབའ་ཞིག་ཏུ་ཤར་ནུས་པའི་མཉམ་བཞག་ཏུ་དེ་ལྟར་རྩལ་འབྱོངས་པས་དེ་ལས་ལངས་པ་ནའང་སེམས་རིག་འདྲེས་མའི་སྣང་བ་ཡུལ་ཕྱི་ནང་སྣོད་བཅུད་ཀྱི་འགྲོ་བ་ཐམས་ཅད་སྟོང་གཟུགས་བཞིན་དུ་བདེ་ཆེན་སྙིང་རྗེའི་རོལ་པ་སྒྱུ་མ་ལྟ་བུར་འཆར་ཏེ་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་དེའི་དུས་སུ་སེམས་ཅན་གྱི་འཁྲུལ་ཚུལ་རྟོགས་པས་སྡུག་བསྔལ་བྲལ་འདོད་ཀྱི་རྣམ་ཅན་ཡང་སྐྱེ་བས་རྗེས་ཐོབ་དེ་ལའང་སྒྱུ་མའི་རྣལ་འབྱོར་ཟེར་རོ། །དེ་ནས་བསྐྱེད་རྫོགས་ཟུང་འབྲེལ་བྱེད་ཚེ་ཀུན་བཟང་ཡབ་ཡུམ་ལྟ་བུའི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང་། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་སྒོམ་པའི་ཕྱོགས་གཉིས་པོ་གང་ལྟར་ཡང་སྙིང་རྗེ་སྒྱུ་མའི་རང་སྣང་སྣ་ཚོགས་དེ་ལྷ་ཡབ་ཡུམ་ཟུང་གཅིག་གི་རྣམ་པར་བསྒྱུར་བའི་མཉམ་བཞག་བྱའོ་སྙམ་པའི་མཉམ་པར་འཇོག་ཁར་འཕེན་པའི་རྐྱེན་ལ་བརྟེན་ནས་མཉམ་བཞག་གི་འོད་གསལ་སྟོང་གཟུགས་དེ་ཐམས་ཅད་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རྣམ་པར་ངང་གིས་ཤར་ཞིང་སད་པ་ནི་རྒྱ་གཅིག་གི་རྣལ་འབྱོར་ཏེ། སྟོང་གཟུགས་ཀྱི་ལྷ་སྐུ་ཇི་སྙེད་ཤར་ཡང་ཀུན་བཟང་ཡབ་ཡུམ་ལྟ་བུ་གཅིག་གི་རྣམ་པ་ཅན་དུ་མཚུངས་པས་དེ་ལྟར་བརྗོད་ཀྱི། སྟོང་གཟུགས་ཀྱི་སྐུ་གཅིག་ལས་མི་འཆར་བ་ནི་མིན་པ་འདྲའོ། །སྒྱུ་འཕྲུལ་གྱི་བཀའ་སྲོལ་འདི་ལས་རྒྱ་གཅིག་གི་མགོ་བརྩམས་པ་ནས་


MLP020_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གི་ལྷ་སྐུ་ཡིན་ཞེས་འབྱུང་བ་ནི་ལམ་རིམ་ལས། ཤི་བ་དོན་དམ་སོགས་གོང་དུ་དྲངས་པ་ལྟར་ཏིང་ངེ་འཛིན་དང་པོའི་སྟོང་པ་དང་འོད་གསལ་གཉིས་པའི་ཡེ་སྣང་གི་འཁོར་ལོ་སྙིང་རྗེ་ཟུང་འཇུག་ཏུ་སོང་བ་ཙམ་ལ་དགོངས་ནས་ཟུང་འཇུག་ཅེས་བཤད་ཀྱི། སློབ་པའི་ཟུང་འཇུག་གི་སྐུ་དངོས་མིན་ནོ། །རྫོགས་རིམ་གྱི་རྒྱ་གཅིག་ལ་བརྟན་པ་ཐོབ་པ་དེ་ནས་དཀྱིལ་འཁོར་དང་ཚོམ་བུའི་འཁོར་ལོ་སྤྲོ་བའི་བསྐྱེད་རྫོགས་རིམ་ཅན་དང་སྦྲགས་མ་གང་ཡིན་ཀྱང་ཀུན་སློང་གིས་གྲངས་ཚད་འདི་ལྟར་བསྒོམ་མོ་སྙམ་པའི་བསྐྱེད་རིམ་གྱི་རྐྱེན་ཅུང་ཟད་ལས་མཉམ་བཞག་ངོར་སྟོང་གཟུགས་ཀྱི་ལྷ་གཙོ་འཁོར་དང་ཚོམ་བུའི་རྣམ་པ་སོ་སོ་བ་མཐའ་ཡས་པ་དང་། དེ་དག་རེ་རེ་ལའང་གྲངས་སྤྲོ་བའི་སྐབས་ལྟར་གྲངས་མེད་པ། མ་འདྲེས་ཡོངས་རྫོགས་སུ་འཆར་བ་ནས་བཟུང་མཐར་ཕྱིན་པའི་སྟོང་གཟུགས་ཐོབ་པའི་བར་ནི་ཕྱག་རྒྱ་སྤྲོས་བཅས་ཏེ། དེ་ལྟར་རྫོགས་རིམ་གྱི་ཏིང་ངེ་འཛིན་སྔ་མ་བཞིའོ། །འཕྲོས་དོན་ཞར་བྱུང་བཤད་པ་ནི་ཕྱག་རྒྱ་སྤྲོ་བའི་བསྐྱེད་རིམ་གྱི་སྐབས་འདིར། ཕུང་ཁམས་སོགས་རྟོག་ཚོགས་ཞེ་བཞི་ཐམས་ཅད་ལྷར་སྦྱོང་བའི་ཆེད་དུ་སངས་རྒྱས་ཞེ་གཉིས་ཀྱི་དཀྱིལ་འཁོར་སྒོམ་པ་དང་། ཕུང་སོགས་ཀྱི་ཆ་རེ་རེ་ཡང་རྣམ་དག་གི་ཡོན་ཏན་ཐམས་ཅད་པར་རོ་མཉམ་རྡོ་རྗེའི་དཀྱིལ་འཁོར་སྒྲུབ་པའི་ཆེད་དུ་ལྷ་དེ་དག་རེ་རེ་ཞིང་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཚང་བར་སྒོམ་པ་དང་། དེ་ལྟར་དག་པ་གཅིག་ཀྱང་དག་པ་ཐམས་ཅད་ཀྱི་བདག་ཉིད་དུ་དངོས་སུ་འགྱུར་བ་ཡོད་དེ་ཡོད་པའི་ཚུལ་དེའང་སྣང་བ་ཐམས་ཅད་ཚུར་དབྱིངས་ངོར་གཅིག་ཡིན། དེ་ཕར་ཤར་བའི་རྟོག་ཚོགས་ཐམས་ཅད་མི་ཤིགས་པའི་སྲོག་ཤིང་བརྒྱ་གཟེར་གཅིག་གིས་བསྡམ་པ་ལྟར་ཁོང་སྙིང་ངམ་གཟེར་བུ་ཅན་དང་ལྡན་པ་རང་བཞིན་མིག་གི་ངོ་བོར་དག་པའི་རྒྱུ་མཚན་དུ་བཟུང་བའི་སྟེང་ནས་སྒོམ་དགོས་པའི་ཆེད་དུ་ལུས་ལ་བཀོད་པའི་ཐབས་ལྷ་ཐམས་ཅད་སོ་སོར་ཡེ་ཤེས་སེམས་དཔའ་དང་ལྡན་པར་དམིགས་པ་སོགས་ཡིན་པས། ལྷ་རྟོག་དབྱེར་མེད་དུ་ཤེས་པ་ནི་བསྐྱེད་རྫོགས་གང་ཡིན་ཀྱང་ཐམས་ཅད་ཀྱི་ལམ་གནད་གཅེས་ཤོས་ཤིག་ཏུ་སྣང་ངོ་། །དེ་དག་སྒོམ་པའི་རྗེས་ཐོབ་ཀྱི་སྐབས་རྣམས་སུའང་མཉམ་བཞག་གི་རྣལ་འབྱོར་གང་ཡིན་དེས་སྣང་སྤྱོད་ཐམས་ཅད་རྒྱས་བཏབ་ནས་རྣལ་འབྱོར་དེ་དང་མི་མཐུན་པའི་རྣམ་རྟོག་སྡོམ་པའང་མཉམ་བཞག་གི་རྟོག་པ་སྐྱེ་བའི་གནད་རྗེས་ཐོབ་ལ་རགས་ལས་པའི་ཉམས་ལེན་གཅིག་སྟེ་འདི་


MLP020_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལ་དོར་བ་སྤྱོད་པའི་ཐད་ན་ལྟ་བ་ལ་བོག་འདོན་དགོས་ཚུལ་གྱིས་གསལ་ལོ། །ཉིན་མོ་མཉམ་རྗེས་བསྲེ་བ་དེ་བཞིན་དུ་ཉིན་མོ་ཏིང་ངེ་འཛིན་གང་ལ་སློབ་པ་དེ་ཉིད་མཚན་མོའི་རྣལ་འབྱོར་དུ་འཁྱེར་ཚུལ་ཡང་རྒྱུད་འགྲེལ་དགོངས་རྒྱན། ཞལ་ལུང་ལས་སྟོང་ཆེན་གྱི་སྐབས་སུ་སད་པའི་དུས་ཀྱི་འོད་གསལ་དང་ཉིན་པར་བཞིན་རྟོགས་པར་བྱ་སྙམ་པའི་ངང་ནས་གཉིད་ལོག་སྟེ་མཚན་མོའི་གཉིད་འཐུག་གི་འོད་གསལ་གཉིས་སྦྲེལ་ཏེ་ཉམས་སུ་ལེན་པ་དང་། སྙིང་རྗེ་སྒྱུ་མའི་སྐབས་སུ་ཉིན་སྣང་དང་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མར་མཐོང་ཞེས་འབྱུང་བས་རྣལ་འབྱོར་དང་པོ་གཉིས་ཀྱིས་གཉིད་དང་རྨི་ལམ་སྦྱོང་ཚུལ་དངོས་སུ་གསལ་བར་བསྟན་ཅིང་། ཚུལ་དེས་རྨི་ལམ་གྱི་འོད་གསལ་རང་སྣང་གི་སྙིང་རྗེ་སྒྱུ་མ་དེ་ཉིད་ཕྱག་རྒྱ་གཅིག་སྤྲོས་སུ་བསྒྱུར་ནས་སྒོམ་པ་དང་ཤར་བའང་གོ་ནུས་ལ། སྔར་ལམ་རིམ་དྲངས་པར། འཆི་བ་དོན་དམ་བདེན་པ་སྟེ། སོགས་ཀྱིས་འཆི་བ་དང་སྟོང་ཆེན་བསྲེ་བ་དང་། བར་དོ་སྙིང་རྗེ་སྒྱུ་མ་དང་བསྲེ་བ་སྐྱེ་བ་རྒྱ་གཅིག་སྤྲོས་གཉིས་ངོ་བོར་བསྲེ་ཚུལ་སོགས་ཀྱང་ལེགས་པར་ཐོན་པས་བསྲེ་བའི་མན་ངག་ཅེས་པའི་མིང་མ་བཏགས་ཀྱང་དོན་ཚང་བ་ཡིན་ནོ། །འོན་ཀྱང་གསང་འདུས་ལས་རྨི་ལམ་དང་བར་སྲིད་སྦྱོང་བྱེད་གཞན་དང་གཞན་ཡིན་ཀྱང་འདིར་རྨི་ལམ་དང་བར་དོའི་ཕྱག་རྒྱ་གཅིག་སྤྲོས་དེས་བར་དོ་དང་རྨི་ལམ་སྦྱོང་བར་མ་ཟད་སད་པ་དང་སྐྱེ་བ་སྦྱོང་བྱེད་ཀྱང་ཡིན་པས་གཞན་གསང་འདུས་དང་མི་འདྲའོ། །དེའང་ལྟ་བའི་སྐབས་སུ་གཏན་ཚིགས་རྣམས་ལ་བརྟེན་ནས་སེམས་དང་ཡེ་ཤེས་ཐུན་མོང་གི་སྣང་བ་ཆོ་འཕྲུལ་གྱི་ལྷའམ་ཕུང་པོ་ལྔ་སོགས་ཡེ་ཤེས་གཞན་དབང་གིས་སྣང་བའི་རགས་པ་རྣམས་ལ་ཡེ་ཤེས་མངོན་གྱུར་ཅན་སྣང་སྲིད་དག་པར་ཤར་རྒྱུ་འདི་དག་སེམས་མངོན་གྱུར་ངོར་མ་དག་པ་སྣང་ཆོག་པས་ན་ཡེ་ཤེས་ཀྱི་རང་སྣང་ཁོ་ནའི་ཕྱོགས་བཟུང་སྟེ་བལྟས་པས་དགོས་དོན་གྱི་གྲུབ་མཐའ་འོད་གསལ་མངོན་སུམ་དུ་སད་པ་ནི་ཡེ་ཤེས་ཀྱི་སྣང་བ་ཐུན་མིན་སྟོང་གཟུགས་དངོས་སུ་སྐུལ་བའི་སྒོ་དང་པོ་ཡིན་ཏེ། འདིར་ཡེ་ཤེས་ཀྱི་སྣང་བ་ཐུན་མིན་ནི་སྟོང་གཟུགས་ལ་བྱའོ། །དེ་འདྲའི་སྣང་བ་དེ་རྫོགས་རིམ་ཡིན་པའི་ཏིང་ངེ་འཛིན་དང་པོར་སྟོང་ཆེན་སྐབས་མཐོང་ནས། གཉིས་པར་དག་མ་དག་གི་རྣམ་པ་ཇི་ལྟར་མཐོང་བ་དེ་ལ་ཀུན་གཞིས་བསླད་པ་བྲལ་བ་རྒྱ་ཆེ་བར་ཤར་ཐབས་ཀྱིས་ལས་རུང་གི་དབང་གྱུར་སྟོང་གཟུགས་ལ་ཡེ་ཤེས་རྒྱས་པས་རྒྱས་གདབ་ནས་བསྒྲུབ།


MLP020_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྒྱ་གཅིག་ནས་དག་པའི་རྣམ་པ་ལྷ་སྐུར་བསྒྱུར་ཏེ་ཅི་བསྒྱུར་བཟོད་པའི་ངོ་བོ་རུ་རྩལ་སྦྱང་བས་གནས་ལུགས་ངོ་བོ་ཉིད་ཀྱི་གཞིའི་སྟེང་ན་ཤིན་ཏུ་ཕྲ་བའི་སྣང་བ་རྣམ་པ་ཐམས་ཅད་པ་སྤྲོ་བའི་ནུས་པ་ཡོད་པ་དེ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་ནས་གསལ་བར་སད་ཅིང་། གཞིའི་ཡོན་ཏན་མ་ལྟ་བུ་དང་ཤེས་འཇུག་གི་བུ་ལྟ་བུའི་ལམ་མ་བུ་འཕྲོད་དེ་གཅིག་གྲོགས་གཅིག་གིས་བྱས་ནས་ཡེ་ཤེས་རང་དབང་གི་འཆར་ཚུལ་རང་སྣང་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དངོས་གནས་པ་སྒྲུབ་པའི་ནུས་པ་བདེ་བླག་ཏུ་རྫོགས་པར་འགྱུར་བ་ནི་སྒྱུ་འཕྲུལ་དྲྭ་བའི་ལམ་གནད་ཆེན་པོ་སྟེ། ཐབས་གྲོལ་གཉིས་ཀའི་སྐབས་སུ་ཡེ་ཤེས་ཀྱི་སྐུ་སྒྲུབ་པ་ལ་གནད་རྟོགས་དཀའི་མདུད་པ་འདི་ལས་འགྲོལ་དཀའ་བ་མེད་པས་རྩལ་ཅི་ཡོད་ཕྱུང་ནས་རྩ་འགྲེལ་ཐམས་ཅད་ལ་བལྟས་ནས་སེམས་ཤིང་བསྒོམ་པ་གཅེས་སོ། །རྒྱ་སྤྲོས་མཐར་ཕྱིན་ནས་རྣལ་འབྱོར་པའི་འབྱོར་བ་དང་དབང་པོའི་རིམ་པ་བཞིན་དུ་དབང་བརྟུལ་གྲོགས་སྟོབས་ཀྱིས་བདེ་ཆེན་འདྲེན་དགོས་པས་འདུས་པ་ཆེ་བ་སོགས་ཀྱི་འདུས་པ་ཆེ་འབྲིང་ཆུང་ངུ་ཅི་རིགས་ཀྱི་ཚོགས་སྒྲུབ་བམ་ཡང་ན་དང་པོ་ནས་རང་སྣང་སྟོང་གཟུགས་གྲུབ་ཡོད་པ་ལ་བརྟེན་པའི་རྣལ་འབྱོར་གྱི་སྟོང་གཟུགས་ཀྱི་ལྷ་མོ་འབའ་ཞིག་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་བསྒྲུབས་ཏེ་ཟག་མེད་ཚེ་དབང་རིག་འཛིན་ཀྱི་ལམ་ལ་མི་འགྱུར་བའི་སྒྲུབ་པས་སྦྱོར་བའི་དངོས་རྒྱུར་གྱུར་བ་ནི་ཚོགས་སྒྲུབ་ཀྱི་ཏིང་ངེ་འཛིན་དང་འཕགས་ལམ་ལ་སྦྱོར་བ་ལམ་གཞན་གྱིས་བར་མ་ཆོད་པའི་དེ་མ་ཐག་ཏུ་སྦྱོར་བས་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཚོགས་སྒྲུབ་ཀྱི་སྐབས་སུའང་རྒྱ་སྤྲོས་ཀྱི་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་ཡོད་མོད་ཀྱི། ཏིང་ངེ་འཛིན་ལྔར་ཕྱེ་བའི་བཞི་པ་ནི་མ་ཡིན་ཞིང་། དེས་སྟོང་ཆེན་སོགས་གཞན་ལའང་འོག་མའི་ཏིང་འཛིན་ཡར་ལྡན་གྱིས་རྫོགས་ཡོད་མོད་ཀྱང་འོག་མའི་ཏིང་འཛིན་མིན་ཏེ། ཏིང་འཛིན་གོང་མ་འོག་མའི་ཏིང་འཛིན་མ་ཡིན་པའི་ཕྱིར་ཤེས་པར་བྱའོ། །ལེའུ་དགུ་པ་རྩ་འགྲེལ་དགོངས་རྒྱན་གྱི་ཚིག་ཟིན་ལ་འབྲས་བུ་རིག་འཛིན་འགྲུབ་པའི་དབང་པོའི་ཁྱད་པར་གྱི་དུས་རིང་ཐུང་བསྟན་པ་འབྱུང་བ་ནི་རྫོགས་རིམ་གྱི་ཚོགས་སྒྲུབ་འདི་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་དབང་དུ་མཛད་པ་ཡིན་ནོ། །ལེའུ་བཅུ་གཅིག་པ་དེར་ཚོགས་སྒྲུབ་ཀྱི་དུས་སུ་ལྷ་ཚོམ་བུ་གཅིག་པ་དང་གསུམ་པ་ལྔ་པའི་ལྷ་ལ་བརྟེན་པ་སོགས་གང་བསྒོམ་གྱི་ཁྱད་པར་ལས་འབྲས་བུ་དམན་མཆོག་གི་


MLP020_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་འཇུག་པར་བཤད་པ་ནི་རྒྱ་གཅིག་དང་ཚོགས་སྒྲུབ་ཀྱི་བར་དུ་སྤྲོས་བཅས་བོར་བའི་ཐོད་རྒལ་བ་ཡོད་པར་བཤད་པས་དེ་ལྟ་བུ་ལ་སྦྱར་དགོས་སམ་དཔྱད་དོ། །ཤེས་འཇུག་གི་མཚན་ཉིད་དེ་དག་ལ་ཚོགས་སྦྱོར་གྱི་ལམ་གཉིས་ཀྱི་རྣམ་བཞག་བྱ་བའི་ཚུལ་ནི། རྡོར་བྲག་པདྨ་རིག་འཛིན་གྱིས། སྨིན་གླིང་གཏེར་ཆེན་ལ་བསྐུལ་བས། སྐུ་མཆེད་ལོ་ཆེན་གྱིས་མཛད་པའི་སྡོམ་ཊིཀ་སྙེ་མར་བསྐྱེད་རིམ་པའི་ཚོགས་སྒྲུབ་ཀྱིས་འདོད་གཟུགས་ཀྱི་རིག་འཛིན་གྲུབ་པའི་བར་རྣམས་ཚོགས་ལམ་དང་། རྫོགས་རིམ་ལ་ཞུགས་པ་ནས་སྦྱོར་ལམ་དུ་འཇོག་པར་བཤད་པ་སྔར་བརྗོད་པའི་ངེས་རྫོགས་ཀྱི་རིམ་གཉིས་ལ་སློབ་ཚུལ་ཕྱི་མ་རིམ་ཅན་དང་འགྲིགས་ཤིང་། གསར་རྙིང་ཡོངས་གྲགས་ཀྱི་བཤད་སྒྲོས་དང་ཡང་མཐུན་པས་བཟུང་བདེ་མོད་སྒྱུ་འཕྲུལ་རང་གི་ཐུན་མིན་གྱི་བསྐྱེད་རྫོགས་སྦྲག་ནས་སྒོམ་པའི་ཕྱོགས་འདི་ལ་དེ་དང་མི་མཐུན་པའི་རྣམ་བཞག་གཞན་དགོས་པས་སྒྱུ་འཕྲུལ་རང་གི་བཤད་སྒྲོས་སུ། ཚོགས་ལམ་གྱི་རྣལ་འབྱོར་བཞི་དང་། སྦྱོར་ལམ་ཚོགས་སྒྲུབ་ཅེས་སྔོན་བྱོན་བརྒྱུད་པའི་མཁན་པོ་རྣམས་ལ་གྲགས་ཆེ་བ་ལྟར་དགོས་སོ། །སྔགས་བླ་མེད་ཀྱི་ཚོགས་ལམ་ལ་བསྒོམ་སྟོབས་ཀྱིས་རླུང་སེམས་དབུ་མར་ཚུད་པ་ལས་བྱུང་བའི་རྫོགས་རིམ་གྱི་རྣལ་འབྱོར་དུ་མ་ཞིག་ཡོད་པར་ཡིད་བཞིན་མཛོད་རྩ་འགྲེལ་སེམས་ཉིད་ངལ་བསོའི་འགྲེལ་པ་ཤིང་རྟ་ཆེན་མོ་སོགས་མང་པོ་ལས་ཆེས་གསལ་བར་གསུངས་པའང་བསྐྱེད་རྫོགས་སྦྲག་ནས་བསྒོམ་པའི་ཕྱོགས་འདི་ལ་འཐད་དོ། །རྫོགས་རིམ་ཚོགས་ལམ་དུ་འཇོག་པ་དེའང་ཇི་སྲིད་བཅོས་ཤིང་བརྟགས་པའི་རྣལ་འབྱོར་ལ་ལྟོས་པ་དེ་སྲིད་དུ་ཚོགས་ལམ་པ་ཡིན་ལ། རྩ་དམིགས་སོགས་ལ་མི་ལྟོས་པར་རླུང་བཟུང་བ་ཙམ་གྱིས་གཏུམ་མོ་རང་བཞིན་གྲུབ་པའི་རྣལ་འབྱོར་རམ་མ་བཅོས་པའི་རྣལ་འབྱོར་རྫོགས་རིམ་གྱི་ཚོགས་སྒྲུབ་ཡིན་ན་བསྐྱེད་རིམ་མེད་དོ༑ མ་བཅོས་པའི་རྫོགས་རིམ་འབའ་ཞིག་ཏུ་སོང་བ་ན་སྦྱོར་ལམ་པར་འཇོག་སྟེ། ཚོགས་ལམ་དུ་འཇོག་པ་རྒྱུ་མཚན་ནི་བཅོས་མའི་རྣལ་འབྱོར་གྱི་ཆ་ནས་ཡིན་ཀྱང་། ཚོགས་ལམ་པའི་རྒྱུད་ཀྱི་མ་བཅོས་པའི་རྣལ་འབྱོར་རྣམས་ཚོགས་ལམ་དུ་འཇོག་པ་མི་འགལ་ལོ། །བསྐྱེད་རྫོགས་སྦྲགས་ནས་སྒོམ་པའི་སྐབས་འདིས་རྫོགས་རིམ་ལ་དང་པོར་འཇུག་པའི་སྔོན་དུ་བསྐྱེད་རིམ་མཐར་ཕྱིན་པ་མ་སོང་བའི་གནད་ཀྱིས་རྫོགས་རིམ་པའི་རྒྱ་སྤྲོས་གྲུབ་པའི་འོག་ཏུའང་བསྐྱེད་རིམ་ལ་


MLP020_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་སྤྲོ་བསྡུའི་རྩལ་སྦྱང་དགོས་པས་རྣལ་འབྱོར་སྔ་མ་བཞི་ཀ་ཚོགས་ལམ་དུ་འཇོག་པའི་རྒྱུ་མཚན་དེ་ཡིན་ནོ། །རྒྱ་སྤྲོས་ལས་བསམ་ཡས་ལྷུན་གྲུབ་སྤྲོ་བའི་ཐད་འདིར་ཞིབ་ཆ་ཅུང་ཟད་དགོས་སོ། །དེ་ལྟར་བྱས་ན་བསྐྱེད་རྫོགས་སྦྲག་མའི་ལུགས་འདིར་སོ་སྐྱེའི་སའི་རྫོགས་རིམ་གྱི་ཡོན་ཏན་ཕལ་ཆེར་ཏིང་འཛིན་བཞི་ཚོགས་ལམ་ཉིད་དུ་རྫོགས་པར་འདོད་དགོས་ཤིང་། ཡང་སྦྲགས་མའི་ལུགས་འདིར་སྦྱོར་ལམ་ལ་དྲོད་སོགས་བཞིའི་དབྱེ་བ་བྱས་པའང་མ་མཐོང་བས་ཚོགས་སྒྲུབ་ཀྱི་ཏིང་འཛིན་ནམ་དེ་མ་ཐག་པའམ་བར་ཆད་མེད་པའི་སྦྱོར་ལམ་ཆོས་མཆོག་ལྟ་བུ་ཞིག་ཏུ་འདོད་དགོས་པས་བླ་མེད་ཀྱི་རྒྱུད་སྡེའི་ལམ་གྱི་འགྲོས་གཞན་དང་མི་འདྲ་བ་ཆེས་ཆེ་བ་ཞིག་འོང་བར་གོ་སྟེ། ད་དུང་མཁས་པ་རྣམས་ཀྱིས་ཞིབ་ཏུ་བརྟགས་དཔྱད་མཛད་པར་ཞུའོ། །རྒྱ་གཅིག་མན་ཆད་ཚོགས་ལམ་དང་། སྤྲོས་བཅས་ནས་སྦྱོར་ལམ་དང་ལམ་དང་ཏིང་འཛིན་གོ་བསྟུན་པའི་ལོ་ཚོད་བསྟུན་པར་འདོད་པ། སྨིན་སྲས་རབ་འབྱམས་པ་སོགས་ཀྱང་ཡོད་དེ་སྔ་མ་ལྟར་དགོས་པས་འདིར་མ་བརྗོད་དོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་ནི། ལམ་དང་གང་ཟག་གཉིས་ལས། ལམ་ལ་མཐོང་སྒོམ་མཐར་ལམ་གསུམ་དང་། དེ་རྒྱུད་ལྡན་གྱི་གང་ཟག་ལ། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །ཅེས་པ་ལྟར་རིག་འཛིན་རྣམ་པ་བཞིའོ། །དང་པོ་རྣམ་སྨིན་རིག་འཛིན་ནི། རྣམ་སྨིན་གྱི་ལུས་རྟེན་རགས་པ་དང་མ་བྲལ་བ། སེམས་འོད་གསལ་གྱི་རང་གདངས་སྟོང་གཟུགས་ཀྱི་ཡི་དམ་གྱི་ལྷའམ་ཡེ་ཤེས་ཀྱི་སྐུར་སྨིན་པ། ལུས་རྒྱ་དང་བྲལ་མ་ཐག་ཕྱག་ཆེན་རིག་འཛིན་ལ་སྦྱོར་ངེས་པ་སྟེ་ཆོས་གསུམ་ལྡན་གྱི་མཐོང་ལམ་པའོ། །དེ་ཐོབ་པ་ན་མངོན་ཤེས་ལ་བརྟེན་ནས་གླིང་བཞིའི་འཇིག་རྟེན་ཙམ་དུ་འགྲོ་བའི་དོན་སྤྱོད་ནུས་པ་ཐུན་མོང་ལྟར་ན་ས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཡོན་ཏན་གཞན་མང་པོ་ཡང་འཐོབ་བོ། །འདི་ལ་རྣམ་སྨིན་གྱི་ལུས་རྒྱས་བཅིངས་པའི་ཆ་ནས་རྣམ་སྨིན་ཞེས་དང་། སེམས་ཡེ་ཤེས་རང་སྣང་གི་སྟོང་གཟུགས་གྲུབ་ཅིང་ལྷ་སྐུར་རྣམ་པར་སྨིན་པའི་ཆ་ནས་རིག་འཛིན་ཞེས་རྣམ་སྨིན་རིག་འཛིན་ཞེས་སྒྲ་བཤད་ཚུལ་གཉིས་ཡོད་གསུང་ངོ་། །ཚེ་དབང་རིག་འཛིན་ནི། ལུས་ཟག་མེད་དུ་གྱུར་པ། འཁོར་སྒྱུར་དང་འདོད་གཟུགས་ཀྱི་ལྷའི་གཙོ་བོའི་ཆ་བྱད་ཅན་གྱི་མཐོང་ལམ་པ་སྟེ། རྫོགས་རིམ་གྱི་ལག་རྗེས་སུ་


MLP020_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་དབང་ཤེས་དྲུག་པོ་རེ་རེ་ལའང་ལྔ་ཀའི་ནུས་པ་ཐོབ་པས་ལྔ་ལྔར་ཕྱེས་པའི་ཉི་ཤུ་རྩ་ལྔའི་མངོན་ཤེས་དང་། སྤྱིར་གྲགས་པའི་ལྷའི་མིག་གི་མངོན་ཤེས་སོགས་མངོན་ཤེས་དྲུག་གིས་གླིང་བཞི་བྱེ་བ་ཕྲག་བརྒྱར་སེམས་ཅན་གྱི་དོན་བྱེད་པའོ། །འདིར་ཟག་མེད་ཅེས་པའི་ཟག་པ་ནི་བཞི་སྟེ། འཁྲུལ་བ་བཏགས་པའི་གཞི་མ་དག་པར་ཞེན་པ་ཕྱིན་ཅི་ལོག་གི་སྒྲོ་འདོགས་ཉོན་མོངས་པའི་དང་། ལུས་རང་དབང་མེད་པར་འདོར་བ་ལུས་ཀྱི་དང་། ཁམས་ཤུགས་སྙོམས་པས་བདེ་འབྱུང་བཞིའི་ཁམས་མི་སྙོམས་པའི་མི་བདེ་རང་དབང་མེད་པར་འབྱུང་བ་ཁམས་ཀྱི་དང་། ལས་ཀྱིས་རང་དབང་མེད་པར་ལུས་ལེན་པ་སྐྱེ་གནས་ཀྱི་ཟག་པ་སྟེ་དང་པོ་རྩ་བ་དང་ལྷག་མ་གསུམ་ཡན་ལག་གོ །མཐོང་ལམ་དེ་ལ་རིག་འཛིན་དེ་གཉིས་ཀའང་དོན་གྱི་འོད་གསལ་མཚན་ཉིད་པ་ཐོབ་པ་དང་། རྩ་བའི་ཟག་པ་ཟད་པའི་དེའི་ཕྱོགས་ནས་སྤངས་རྟོགས་ཀྱི་ཆ་ལ་ཁྱད་མེད་ཀྱང་དབང་པོ་རྣོ་རྟུལ་གྱི་དབང་གིས་རགས་ལུས་ཆ་གང་རུང་ཡེ་ཤེས་ཀྱི་མེས་སྦྱང་ནུས་པ་དང་གང་ཡང་སྦྱང་མ་ནུས་སམ་ཡན་ལག་གི་ཟག་པ་གསུམ་ཟད་མ་ཟད་ཀྱི་ཁྱད་པར་ལས་ཕྱེ་བར་བི་མའི་ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་པ་འགྲེལ་བ་རྣམས་སུ་དྲང་ནས་བཤད་དོ། །དེས་ན་གང་ཟག་གཅིག་གིས་རིག་འཛིན་འདི་གཉིས་ཀ་བགྲོད་པ་ནི་མི་སྲིད་དེ། མཐོང་ལམ་ལན་གཉིས་སུ་འཐོབ་པ་མེད་པའི་ཕྱིར་རོ། །ཕྱག་ཆེན་རིག་འཛིན་ནི། རྩ་བའི་ལུས་རྟེན་མི་བསྐྱོད་པ་ལྟ་བུ་ཡབ་རྐྱང་གི་ཡི་དམ་གྱི་ལྷའི་རྣམ་པ་ཅན་མཚན་དཔེ་ཆ་འདྲས་བརྒྱན་པ་དང་། སྤྲུལ་པའི་ལུས་རྔོན་པ་དང་སྨད་འཚོང་སོགས་སྣ་ཚོགས་པའི་གཟུགས་སུ་སྟོན་ཅིང་། ཚེ་དབང་ལས་ཀྱང་མཐུན་ཕྱོགས་གསལ་བརྟན་མི་མཐུན་ཕྱོགས་ཀྱི་དག་གསུམ་གྱིས་ཁྱད་པར་འཕགས་པའི་མངོན་ཤེས་ཀྱིས་ལོངས་སྐུའི་ཞིང་དང་མཉམ་པར་འགྲོ་བའི་དོན་བྱེད་པ་སྟེ། འདི་ལ་སྒོམ་ལམ་ས་བཅུ། ཙམ་པོ་བ་སྟེ་དགུའི་དབྱེ་བས་དེ་སྙེད་ཕྱག་ཆེན་དགུ་དང་། དགུ་པོ་དེ་ལ་རིགས་ལྔའི་གནས་སྐབས་ཀྱིས་ལྔར་མཛད་པའང་ཡོད་དོ། །ལྷུན་གྲུབ་རིག་འཛིན་ནི། མཐར་ལམ་པ་ཞེས་ས་བཅུ་པའི་ཙམ་པོའི་མཉམ་བཞག་གཅིག་གིས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ལྟ་བུའི་ལམ་བརྒལ་ཏེ་ཐག་བསྲིང་གི་གཉེན་པོའི་རྗེས་སུ་ཐོབ། དེ་ནས་ཁྱད་པར་ལམ་མཐར་རྒྱུན་མཐའ་མཉམ་བཞག་གཅིག་གིས་ཀྱང་སྔ་རོལ་དེའི་བར་ཡིན་


MLP020_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཡབ་ཡུམ་ཁ་སྦྱོར་བདུན་ལྡན་དང་རྗེས་སུ་མཐུན་པའི་ལུས་ཅན། རྟོགས་པ་དང་ཕྲིན་ལས་ཀྱང་སངས་རྒྱས་ཉིད་དང་ཕྱོགས་མཚུངས་པའོ། །རིག་འཛིན་ཕྱི་མ་གཉིས་སུ་ལྷན་ཅིག་གནས་པ་དང་ལྷན་སྐྱེས་ཀྱི་གཞན་སྣང་དང་འཕོ་བའི་བག་ཆགས་དང་རླུང་རྟོག་གིས་བག་ལ་ཉལ་གྱི་དྲི་མ་ཕྲ་མོ་སྤོང་བར་གསུངས་པའི་དྲི་མ་རྣམས་ནི་ཤེས་སྒྲིབ་ཁོ་ན་ཡིན་ཏེ། ཉོན་སྒྲིབ་ཀུན་བརྟགས་ལྷན་སྐྱེས་མ་ཕྱེ་བར་མཐོང་ལམ་ནས་སྤོང་བར་བཤད་པའི་ཕྱིར་རོ། །སློབ་ལམ་དུ་རིག་འཛིན་གཅིག་ལས་མ་བགྲོད་པར་སངས་རྒྱས་ཐོབ་པ་སོགས་ཀྱང་ཡོད་དེ། ཤིན་ཏུ་བློ་ཆེ་བ་འགའ་ཞིག་ཚེ་དབང་ནས་རྒྱ་ཆེན་དང་ལྷུན་གྲུབ་གཉིས་བོར་ནས་དང་། རྒྱ་ཆེན་ཙམ་བོར་ནས་དང་། རྒྱ་ཆེན་ནས་ལྷུན་གྲུབ་བོར་ཏེ་འཚང་རྒྱ་བའི་ཐོད་རྒལ་བ་བཤད་པའི་ཕྱིར་རོ། །དེ་དག་གི་དཀའ་བའི་གནས་ལ་དཔྱོད་པའི་སྒོ་ཅུང་ཟད་བཏོད་ན༑ འདི་དང་དུས་འཁོར་བའི་ལུགས་གཉིས་ལ་སྤྱིར་མི་འདྲ་བའི་ཁྱད་པར་ཆེ་ཡང་སྟོང་གཟུགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་སྒྲུབ་པ་དང་། དེས་ཕུང་ཁམས་རགས་པ་སྦྱོང་ཚུལ་ལ་དགོངས་པ་མཐུན་པར་རྒྱལ་བ་གཡུང་སོགས་བཞེད་ལ། དེ་ལྟར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའང་བཞེད་དེ། གྲོལ་ལམ་ཅིག་ཅར་སྟོན་པའི་བཤད་རྒྱུད་སྒྱུ་འཕྲུལ་རྡོ་རྗེ་ལས། དང་པོ་དང་གཉིས་པ་སོགས་ས་དང་ས་ཡི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་རྣམས། །འོད་རྩ་དང་དབུ་མ་སོགས་དྭངས་མའི་རྩ་རྣམས་ཀྱི་ནི་སྐྱེ་བ་དང་མ་དག་པ་འབྲི་ལས། །ལས་རླུང་འགགས་པས་ཡེ་ཤེས་ཀྱིས་ཐུར་སེལ་སད་པའི་རླུང་དང་དེ་ལས་དབབ་ལྡོག་གི་བདེ་ཆེན་གྱི་སྟོང་གཟུགས་ཀྱིས་མི་འགྱུར་བའི་བདེ་ཆེན་ལས་ས་དང་ཡོན་ཏན་རྣམས་ཐོབ་པར་འདོད་དེ། ཨ་ནྲྀ་སོགས་སྦྱང་གཞི་སྦྱོང་བྱེད་འབྲུ་གསུམ་འཕེལ་དང་འགྲིབ། །ཁ་བསྒྱུར་ནས་སྡུག་བསྔལ་ཀུན་འབྱུང་སྲིད་དང་འགོག་ལམ་མྱ་ངན་འདས་འཕེལ་འགྲིབ། །དེའི་སྐབས་སུ་སྤྱི་མགྲིན་སྙིང་ལྟེ་རྣམ་བཞིའམ་སྤྱི་མགྲིན་སྙིང་གསུམ་མམ་གསང་གནས་དང་ལྔ་ཡི་འཁོར་ལོ། །ས་རེ་རེ་ནས་རྩ་མདུད་གཉིས་གཉིས་ཀྱི་གཙུག་ཏོར་གྱི་བཞི་པོ་ནི་གཅིག་ཏུ་བྱས་པའི་གཅིག་མ་རྫོགས། །ས་དེ་ཉིད་ལྷུན་གྲུབ་རིག་འཛིན་གྱི་ས་བཅུ་ཁྱད་པར་བས་གཉིས་གྲོལ་བ་དང་རྒྱུན་མཐའམ་ཐ་མས་གཉིས་གྲོལ་ཞིང་རྫོགས་ཏེ་རྒྱས་པར་བཤད་ན་དེའང་ཐ་མ་ཡེ་ཤེས་ས། །བཞི་པས་ལྷན་སྐྱེས་ཀྱི་དཀར་ཆ་སྟེང་དང་དམར་ཆ་འོག་ཏུ་དག་ནས་མངོན་བྱང་


MLP020_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་བྱང་ཆུབ་པར་གྲགས་ཤིང་འདོད་པ་ཡིན་ནོ། །ཞེས་གསུངས་པ་ལ་བརྟེན་ནས་ཡིད་བཞིན་མཛོད་ཀྱི༑ ༑འཁོར་ལོ་བཞི་ཡི་རླུང་སེམས་ནང་དུ་ཐིམ་ནས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་པ་རྩ་འགྲེལ་དུ་འབྱུང་བ་རྣམས་འགྱུར་མེད་ཀྱི་བདེ་བས་རགས་ལུས་ཟ་ཚུལ་བཤད་པ་རྣམས་དང་དུས་འཁོར་ལས་རགས་བཤད་འདིར་ཞིབ་བཤད་ཀྱི་ཁྱད་པར་མ་གཏོགས་དགོངས་པ་གཅིག་ཅེས་མཁས་གྲུབ་གོང་མ་འགས་སྨིན་གླིང་སྐུ་མཆེད་ཡབ་སྲས་གསུངས་སོ། །དེ་ལྟར་བྱས་ན་དོན་འབབ་ས་འདིར་འགྱུར་ཏེ་དབང་རབ་རྒྱ་གཅིག་གི་སྟེང་ནས་སྟོང་གཟུགས་ཐོབ་པའི་ཚོགས་སྒྲུབ་ཀྱིས་ཚེ་དབང་ཐོབ་པ་དང་། ཡང་རྒྱ་སྤྲོས་ནས་སྟོང་གཟུགས་གྲུབ་པའི་ཚོགས་སྒྲུབ་ཀྱིས་ཚེ་དབང་ལ་སྦྱོར་ཚུལ་ཡོད་པས། ཕྱག་རྒྱ་གཅིག་སྤྲོས་སུ་སྟོང་གཟུགས་ཀྱི་སྐུ་ཐོབ་ནས་དེ་འདྲ་བའི་ཕྱག་རྒྱའི་སྟོབས་ཀྱིས་བདེ་ཆེན་འདྲེན་པའི་ཆེད་དུ་ཚོགས་སྤྱོད་བྱེད་པ་ཡིན་ཞིང་། ཚོགས་སྤྱོད་དེའི་མཐུས་ནམ་མི་འགྱུར་བའི་བདེ་བ་སྐད་ཅིག་དང་པོ་ཐོབ་པ་ནས་ལུས་ཀྱི་བེམ་པོའི་ཆ་དག་པའི་མགོ་རྩོམ་པ་ཡིན་པས་རགས་ལུས་ཆ་གཅིག་དྭངས་མར་སོང་བའི་ཚེ་དབང་རིག་འཛིན་དུ་འཇོག་ཆོག་གོ ༑དབང་རྟུལ་ནི་ཕྱག་རྒྱ་ཆེན་མོ་གྲུབ་ནས་དེ་ལ་ཚོགས་ཀྱི་སྤྱོད་པས་ཁམས་དབུ་མར་ཞུ་ནས་བདེ་ཆེན་དྲངས་ཕྱིར་རྗེས་ཆགས་བརྩམས་ཀྱང་མཆོག་བདེ་འདྲེན་མི་ནུས་པས་འཕགས་ལམ་ཐོབ་ཀྱང་སྙིགས་མའི་ལུས་དག་མ་དག་གཉིས་སུ་བྱུང་བར་འདོད་དགོས་སོ། །འདི་པས་མི་འགྱུར་བའི་བདེ་བ་ཐོབ་ནས་ཚེ་དེ་ལ་འཚང་རྒྱ་བས་ཁྱབ་ཀྱང་། སྟོང་གཟུགས་ཀྱི་སྐུ་མཚན་ཉིད་པ་ཐོབ་པ་ཙམ་ལ་དེ་འདྲའི་ངེས་པ་མེད་པར་བཞེད་དེ་ཕྱོགས་གཉིས་གང་ཡང་མ་ངེས་པའི་ཕྱིར་རོ། །རྣམ་སྨིན་རིག་འཛིན་གྱི་སྟོང་གཟུགས་གྲུབ་ཀྱང་ཤི་དགོས་པར་བཤད་པས་ཤེས་སོ། །རྣམ་སྨིན་པས་བར་དོར་རྒྱ་ཆེན་འགྲུབ་ལུགས་ནི་ཚེ་འདིར་རྣམ་སྨིན་རིག་འཛིན་མ་ཐོབ་ཅིང་ཤི་དུས་རྣམ་སྨིན་ཐོབ་པ་ཅན་དུ་སྐྱེ་ཡོད་པ་དེའི་འཆི་དུས་ཀྱི་འོད་གསལ་གྱི་རྟེན་སྲོག་རླུང་རང་ལ་འོད་ཟེར་ལྔའི་ཁ་དོག་ཅན་གྱི་ཐུར་སེལ་སོགས་ཤིན་ཏུ་ཕྲ་བའི་རླུང་དེ་འོད་གསལ་ལ་གཉིས་སྣང་ཕྲ་མོ་ཡང་དག་པའི་དོན་གྱི་འོད་གསལ་མཚན་ཉིད་པས་རླུང་དེའི་སྟེང་གི་ཉོན་སྒྲིབ་ཡིན་པའི་ལས་རླུང་སོགས་ཀྱི་བག་ཆགས་སོགས་གསེར་ཡང་ཡང་སྦྱང་པ་ལྟར་དག་ཅིང་འོད་གསལ་རང་གི་


MLP020_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་མི་རྟོག་པའི་དབྱིངས་དྲི་མེད་ཀྱི་ཁམས་སུ་སྦྱངས་པ་དང་། སྔར་རིམ་གཉིས་ནས་ཁྱད་པར་རྫོགས་རིམ་གྱི་སྙིང་རྗེ་སྒྱུ་མ་སོགས་ཀྱིས་རྨི་ལམ་དང་སྲིད་པ་བར་དོའི་སྣང་ཞེན་སྐུ་དང་ཡེ་ཤེས་སུ་སྦྱངས་སྟོབས་ཀྱིས་ཐོབ་པའི་སྟོང་གཟུགས་ཀྱི་སྐུ་ལ་གསལ་བརྟན་རྫོགས་པའི་རྟེན་འབྲེལ་གྱིས་ཤི་བ་འོད་གསལ་དེའི་དོད་ཀྱི་འོད་གསལ་ལས་ལྡང་བ་ན་ཟུང་འཇུག་སྒྱུ་མའི་སྐུ་མཚན་དཔེས་བརྒྱན་པར་བཞེངས་པ་ལ་ཚེགས་མེད་པར་མངོན་ཏེ། ཚེ་དབང་ལས་ཡི་དམ་ལྷའི་རྣམ་ཅན་གྱི་རྒྱ་ཆེན་དུ་འཕོས་ཚེ་རགས་ལུས་ལྷའི་སྐུར་འགྲུབ་པ་ལའང་སྒྲུབ་ཚུལ་ཟུར་པ་མེད་དོ། །ཚེ་དབང་གི་མཉམ་བཞག་སྐབས་དང་དེས་ཐོབ་པའི་རྒྱ་ཆེན་གྱི་མཉམ་བཞག་གི་རང་སྣང་ལྟ་བུར་སྟོང་གཟུགས་སྐུ་ཡང་གསལ་བརྟན་དག་གསུམ་ཕུལ་དུ་བྱུང་བ་ཡོད་མོད་ཀྱི། སྟོང་གཟུགས་མཉམ་བཞག་ཁོ་ན་དང་འབྲེལ་བས་རེས་འགའ་བའི་རྟེན་སྟོང་གཟུགས་ཀྱི་རྟེན་ལ་འཚང་རྒྱ་ཞེས་མི་བྱའི། མཉམ་རྗེས་རྒྱུན་དུ་གནས་པའི་རྟེན་བར་དོར་རྒྱ་ཆེན་ཐོབ་ན་སྒྱུ་ལུས་ཀྱི་རྟེན་དང་། ཚེ་འདིར་ཐོབ་ན་རགས་ལུས་དྭངས་མར་གྱུར་པའི་རྟེན་ལ་འཚང་རྒྱ་ཞེས་བྱའོ། །སྒོམ་ལམ་བར་ནས་བོར་ཏེ་མཐོང་ལམ་ནས་མི་སློབ་ལམ་དུ་འགྲོ་བའི་ལམ་ཐོད་རྒལ་བ་ནི་འོག་མའི་མདོ་ཕྱོགས་དང་གོང་མའི་རྫོགས་ཆེན་སྐབས་མི་བཞེད་པ་མ་ཟད་འདིར་ཡང་མི་འདོད་ཀྱི། ཕྱག་ཆེན་དང་ལྷུན་གྲུབ་བོར་ཏེ་ཚེ་དབང་ནས་འཚང་རྒྱ་བ་ཡོད་པར་བཤད་པ་སོགས་ནི་དང་པོ་མི་དང་ལྷའི་རྟེན་གྱི་བླ་མ་སོགས་གང་ཡིན་ཀྱང་དེའི་རྣམ་པ་ཅན་གྱི་རྡོ་རྗེའི་ལུས་ཐམས་ཅད་པའི་རྣམ་པའི་ཆ་བྱད་ཅན་སོགས་རིག་འཛིན་གྱི་ལུས་རྟེན་མི་འདྲ་བ་གསུམ་གྱི་སྟེང་ནས་ཐོད་རྒལ་བརྩིས་ཏེ། ཤིན་ཏུ་དབང་རྣོན་ཁ་ཅིག་འགྱུར་མེད་ཀྱི་བདེ་བའི་སྐད་ཅིག་མ་ཐམས་ཅད་མཉམ་བཞག་གཅིག་ལྟ་བུའི་དཀྱུས་ཐོག་གཅིག་ལ་རྫོགས་པ་ལྟ་བུར་འདོད་དམ་གང་ཡིན་དཔྱད་པར་བྱའོ། །ཞར་བྱུང་ཀུན་མཁྱེན་ཆོས་རྗེའི་བཞེད་པའང་བསྟན་པར་བྱ་སྟེ། རྣམ་སྨིན་རིག་འཛིན་ནི་སེམས་འོད་གསལ་གྱི་རང་གདངས་དག་པའི་རྣམ་ཅན་ཡི་དམ་གྱི་ཕྱག་རྒྱར་སྨིན་པའི་མོས་སྤྱོད་པ་དང་། ཚེ་དབང་མཐོང་ལམ་པ། རྒྱ་ཆེན་ཙམ་པོ་བ་ནི་འཕགས་ལམ་གྱི་རྟོགས་པ་དང་པོར་ཐོབ་པ་ནས་དང་། ཁྱད་པར་བསྒོམ་ལམ་པ་སྤྱིར་རིག་འཛིན་བཞིའི་ནང་ཚན་གྱི་རྒྱ་ཆེན་དང་དོན་གཅིག ལྷུན་གྲུབ་མི་སློབ་ལམ་པ་སྟེ་སེམས་ཀྱི་རྟོགས་པ་ལ་ལྟོས་


MLP020_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞག་པ་དང་། རྣམ་སྨིན་གྱི་ལུས་རྟེན་ཁྱད་པར་ཅན་སོགས་རིག་འཛིན་གྱི་ལུས་ལ་ལྟོས་ནས་འཇོག་པའི་ཚུལ་གཉིས་ཏེ། ཚེ་དབང་དང་རྒྱ་ཆེན་ཙམ་པོ་བ་གཉིས་ལུས་དྭངས་མར་གྱུར་པའི་ཆ་ནས་ཚེ་དབང་འཇོག་པ་དང་། སེམས་འཕགས་ལམ་ཐོབ་པའི་ཆ་ནས་རྒྱ་ཆེན་རིག་འཛིན་ཞེས་རིམ་བཞིན་འཇོག་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས་པ་དང་། རིག་འཛིན་གཉིས་པ་ཚེ་དབང་། རིག་འཛིན་བཞི་པའི་ནང་ཚན་གྱི་གསུམ་པ་ཕྱག་ཆེན་ཞེས་པ་མི་འགལ་ཚུལ་ཡང་དེའི་སྟེང་ནས་གོ་སླའོ། །ཀུན་མཁྱེན་ལུགས་རྣམ་སྨིན་པ་ལ་ཚེ་འདིར་ཆོས་མཆོག་ཐོབ་ནས་སྟོང་གཟུགས་ཀྱི་རྗེས་ཆགས་ཀྱིས་ཚོགས་སྒྲུབ་བྱས་ནས་མི་འགྱུར་བའི་བདེ་བ་དྲངས་ནུས་པ་ཚེ་དབང་ལ་སྦྱོར་བ་དང་། འཕགས་ལམ་སྦྱོར་ངེས་པའི་བར་ཆད་མེད་ལམ་ཆོས་མཆོག་མ་ཐོབ་པར་ལས་ཀྱིས་ཤི་ནས་ཤི་བའི་འོད་གསལ་དོན་གྱི་འོད་གསལ་མངོན་དུ་བྱས་ཏེ་བར་དོར་ཕྱག་ཆེན་གྱི་སྐུ་འཐོབ་པ་སྟེ་རང་འབྲས་ཚེ་དབང་དང་ཕྱག་ཆེན་གཉིས་ཏེ། སྔ་མས་རྣམ་སྨིན་པ་རིག་འཛིན་བཞི་ཀ་འཐོབ་ཅིང་། རྣམ་སྨིན་པ་ཕྱི་མ་ལ་གསུམ་ལས་མི་འཐོབ་བོ༑ ༑དེ་ལྟར་གཉིས་ཡོད་པ་བཞིན་དུ་དེ་དག་གིས་ཐོབ་པའི་མཐོང་ལམ་གཉིས་ཀྱང་ཁྱད་ཆེ་བས། ཚེ་འདིར་ཚེ་དབང་ནུས་པ་ཐོབ་དང་ཤི་སྲིད་འོད་གསལ་དོད་ཅན་དེ་མ་ཐོབ་པའི། །སོགས་ཀྱི་ལུང་དོན་ཡང་གནས་སོ། །རྣམ་སྨིན་པ་ཕྱི་མ་ཤི་ནས་ཕྱག་ཆེན་ལ་སྦྱོར་བ་འདིས་ཐོབ་པའི་ཤི་བའི་འོད་གསལ་གྱི་དོད་ཀྱི་མཉམ་བཞག་གི་མཐོང་ལམ་ནི་སེམས་ལ་ལྟོས་ཏེ་རྒྱ་ཆེན་རིག་འཛིན་དུ་རུང་སྟེ་ཕྱག་ཆེན་ཙམ་པོ་བར་རུང་བའི་ཕྱིར་ཡང་ལུས་ལ་ལྟོས་ཏེ་ཤི་ཟིན་པའི་རྣམ་སྨིན་ཕུང་པོའི་རྟེན་གྱི་རྣམ་སྨིན་རིག་འཛིན་ཡང་མིན། དྭངས་མའི་ལུས་སུ་མ་གྱུར་པས་ཚེ་དབང་མིན། ཡི་དམ་དང་ལོངས་སྐུའི་རྣམ་པ་ཡང་མ་གྲུབ་པས་རིག་འཛིན་བཞིའི་གང་ཡང་མིན་ནོ། །ཆོས་མཆོག་མ་ཐོབ་པར་ཤི་ན་བར་དོར་རྒྱ་ཆེན་འགྲུབ་པའི་རྣམ་སྨིན་མོས་སྤྱོད་པ་ནི་རྫོགས་རིམ་གྱི་རྟོགས་པ་ཕྱག་རྒྱ་གཅིག་སྤྲོས་གྲུབ་པའི་ཚོགས་སྒྲུབ་བྱེད་མ་རག་པ་ལྟ་བུ་ཆེར་བྱང་བ་དགོས་ཀྱི། བསྐྱེད་རིམ་བརྟན་པ་ཙམ་གྱི་མོས་སྤྱོད་ཙམ་མིན་ཏེ་རྣམ་སྨིན་བཏགས་པ་ཙམ་པར་སེམས་ཏེ། རྣམ་སྨིན་རིག་འཛིན་ལ་ལམ་རིམ་དང་ཕྱོགས་བཅུ་མུན་སེལ་དུ་མཐོང་ལམ་པའི་སྒྲ་སྦྱོར་ནས་བསྟ ན་པ་བཏགས་པ་བ་ཡིན་ཏེ། རྫོགས་རིམ་གྱི་ལྷག་མཐོང་ཐོབ་པའི་འཕགས་པའི་ཡེ་ཤེས་དང་ཚུལ་འདྲ་བས་འདྲ་བ་རྒྱུ་མཚན་གྱིས་བཏགས་པ་དང་། འཕགས་པ་ཡིན་ན་སོ་སྐྱེ་འཕགས་པར་ཐལ་བ་དང་། དགོས་པ་མཐོང་ལམ་དོན་གྱི་འོད་གསལ་གྱི་སྔ་རོལ་ཏུ་དཔེའི་


MLP020_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་རྣམ་སྨིན་གྱི་མངོན་རྟོགས་འགྲོ་དགོས་པ་དེའི་ཕྱིར་བཏགས་ཆོས་ཀྱི་དགོས་པ་གསུམ་ཚང་བའི་དགོངས་པའང་རྫོགས་རིམ་གྱི་ལྷག་མཐོང་རྙེད་པ་ཡན་ཆད་ཅིག་ལས་གཞན་བསྐྱེད་རིམ་པ་ལ་འདྲ་ཆོས་མེད་ཕྱིར་འགྲིགས་དཀའ་བས། བསྐྱེད་རིམ་པའི་རྣམ་སྨིན་འཇོག་ན་ཕལ་བ་ཙམ་དུ་འདོད་པར་བྱའོ། །ལམ་རིམ་ལས། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོགས་བཤད་པ་རྣམས་ཀྱིས་ཀྱང་རྣམ་སྨིན་རིག་འཛིན་ཤི་ནས་བར་དོར་ཕྱག་ཆེན་ལ་སྦྱོར་བ་ཞིག་སྟོན་ཡང་། རྣམ་སྨིན་རིག་འཛིན་ཡིན་ན་མ་ཤི་བར་དུ་ཕྱག་ཆེན་མི་འགྲུབ་པས་ཁྱབ་ཅེས་བསྟན་པར་ཀུན་མཁྱེན་གྱིས་མི་བཞེད་དོ། །དེ་རྣམ་སྨིན་ནས་འདིར་ཚེ་དབང་ལ་སྦྱར་བའོ། །ཚེ་འདིར་ཆོས་མཆོག་ཐོབ་མ་ཐོབ་ཅེས་པ་ནི་ཚོགས་སྤྱོད་བྱས་མ་བྱས་ལ་རིག་འཛིན་འཇིགས་མེད་གླིང་པ་བཞེད་དོ། །ཆོས་མཆོག་ནས་ཚེ་དབང་རིག་འཛིན་ལ་སྦྱོར་ཚུལ་མི་འགྱུར་བའི་བདེ་བའི་སྟེང་ནས་འགྲོ་བ་ཟུར་ལུགས་མ་ཟད་ཀུན་མཁྱེན་གྱི་བཞེད་པར་ཡང་གནས་པ་ནི་ཡིད་བཞིན་མཛོད་དྲངས་ནས་སྔར་བཤད་ཟིན་ལ། མི་འགྱུར་བའི་བདེ་བའི་མ་མཐའི་མཚམས་ལ་མོས་སྤྱོད་མཐོན་པོ་ནས་འཇོག་པ་སོགས་བཞེད་པ་མི་འདྲ་བ་ཡོད་ཀྱང་། བདེ་བ་དེའི་སྐད་ཅིག་དང་པོ་ཐོབ་པ་དང་འཕགས་ལམ་གྱི་དང་པོ་བརྙེས་པ་དུས་མཉམ་པའི་ཕྱོགས་དེ་ཀུན་མཁྱེན་གྱི་དགོངས་པར་གནས་ཏེ། དེའི་རྒྱུ་མཚན་དང་ལུགས་འདི་ཁོ་ན་བཞིན་དུ་མ་བྱས་ན་ལུང་རིགས་ཀྱི་གནོད་བྱེད་ཡོད་ཚུལ་སོགས་མ་སྤྲོས་ལ། སེམས་ཉིད་ངལ་སོའི་ངེས་དོན་ཤིང་རྟ་ཆེན་པོ་སོགས་ལས་འགྱུར་མེད་ཀྱི་བདེ་བའི་སྐད་ཅིག་རྣམས་ཀྱིས་དྷཱུ་ཏིའི་རྩ་མདུད་འཇིག་པར་བཤད་པའི་དོན་ནི་རྩ་མདུད་དང་དེ་འཇོག་ཚུལ་གཞན་དུས་འཁོར་ནས་བཤད་པ་དང་མི་འདྲ་བར་རྩ་འོད་དུ་དེངས་པ་ལ་བྱེད་དེ། དེའི་ཚུལ་ཡང་མ་སྤྲོས་སོ༑ ༑སྤྱིར་སྒྱུ་འཕྲུལ་མཁན་པོ་སྔ་རབས་པ་ཟུར་ཆེ་ཆུང་གི་སྐབས་ཁ་ཅིག་ཟུར་ཆུང་གི་དངོས་སློབ་དམ་པ་རྒྱ་ར་བས། རྣམ་སྨིན་རིག་འཛིན་ལུས་འདི་དང་བྲལ་ནས་ཕྱག་ཆེན་རིག་འཛིན་དུ་མ་སླེབས་པའི་སྐད་ཅིག་དེ་ལ་འཇོག་པར་འདོད་ཀུན་མཁྱེན་གྱིས་ནུས་པ་མ་ཐོབ་པའི་མཐོང་ལམ་པ་དང་དོན་གཅིག །རྣམ་སྨིན་པར་འཇོག་མི་འཇོག་ཙམ་མི་འདྲ་བར་འགྱུར་ཏེ། དེ་ལ་ཉེ་སྟོན་ཆོས་སེང་གིས། མཉམ་བཞག་གི་རང་དོན་


MLP020_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་ཅིང་གཞན་སེམས་ཅན་ལ་ཆོས་བསྟན་པ་སོགས་ཚར་གཅོད་རྗེས་འཛིན་གྱིས་མི་འདོར་བར་ས་དང་ལམ་ལ་འགོད་པ་གཞན་གྱིའོ། །ཞེས་པའི་ལུང་དང་འགལ་བ་ལ་སོགས་པའི་སྐྱོན་བརྗོད་མཛད་ཀྱང་། འཆི་བའི་སྔ་རོལ་དུ་མཐོང་ལམ་ཐོབ་པ་ལ་རྣམ་སྨིན་པར་འཇོག་པ་རྣམས་ལས་འདི་ཉིད་ཟུར་ལུགས་གཞིར་བཞག་ལའང་བཟང་བར་སེམས་ཏེ། སྔ་མ་ལྟར་ན་ཚེ་འདིར་དོན་གྱི་འོད་གསལ་མཐོང་བའི་དེ་འདྲའི་རྣམ་སྨིན་པ་དེས་སླར་མི་འགྱུར་བའི་བདེ་བ་ཐོབ་ནས་རྒྱ་ཆེན་ཚེ་འདིར་འགྲུབ་པའང་མེད་པར་སྒྲུབ་མི་ནུས་ལ། དེ་ཡོད་ན་ནི་རགས་ལུས་འདི་རྒྱ་ཆེན་དུ་འཁྱེར་བ་མེད་པས་རྣམ་སྨིན་དང་དེས་ཐོབ་པའི་རྒྱ་ཆེན་སོགས་ལྷག་མེད་མྱང་འདས་དང་། ཚེ་དབང་དང་དེས་ཐོབ་པའི་རྒྱ་ཆེན་སོགས་དེ་ལས་ལྡོག་པས་རགས་ལུས་དྭངས་མར་གྱུར། དེའི་རྒྱུན་སངས་རྒྱས་ཀྱི་བར་དུ་འགྲོ་བས་ལྷག་བཅས་མྱང་འདས་སུ་ཟུར་ལུགས་པ་རང་གིས་བཤད་པ་དང་འགལ་ཞིང་། སྟོང་གཟུགས་ཡེ་ཤེས་ཀྱི་སྐུ་སྔོན་ནས་གྲུབ་ཅིང་དོན་གྱི་འོད་གསལ་ཐོབ་ནས་ཉོན་སྒྲིབ་ཟད་པར་སྤངས་པའི་འཕགས་པ་ལས་ཀྱིས་འཆི་བའི་གཞན་དབང་དུ་འགྲོ་བ་སོགས་ཀྱང་ཁས་ལེན་བཟང་བར་མ་མཐོང་ལ། ལུགས་ཕྱི་མ་འདི་ལྟར་ན། སྦྱོར་ལམ་ཚོགས་སྒྲུབ་པ་ལ་ཕྱག་རྒྱ་ཆེན་མོའི་སྟོབས་ཀྱིས་མི་འགྱུར་བའི་བདེ་བ་གྲུབ་ནས་མཐོང་ལམ་པར་ཚེ་དབང་རིག་འཛིན་འགྱུར་བ་དང་། དེ་མ་གྲུབ་ཀྱང་འཆི་བའི་སྟོབས་ཀྱིས་འཐུག་པོའི་འོད་གསལ་གཉིས་སྣང་གི་སྤྲོས་པས་མི་ཤིགས་པ་ཐོབ་སྟེ་མཐོང་ལམ་པར་འགྱུར་བ་གཉིས་ལས་སྔ་མས་ཐོབ་པའི་མཐོང་ལམ་པ་དེ་ཚེ་དབང་དང་། གཉིས་པ་རྣམ་སྨིན་རིག་འཛིན་ཞེས་བཤད་པར་འགྱུར་ཏེ༑ དེ་ལྟར་བྱས་ཚེ་མཐོང་ལམ་པ་ཕྱི་མ་དེ་རྣམ་ཤེས་ལུས་ལས་བསྡུས་ཟིན་པས་ལུས་དང་བྲལ་བ་ཞེས་གོང་དུ་སྨོས་པ་ལྟར་ཡིན་ཡང་འོད་གསལ་ལ་ཅི་ཙམ་གནས་པའི་ཟླ་ཞག་སོགས་སྐད་ཅིག་མ་དེའི་བར་དོ་ལ་མ་སླེབ་བར་དུ་རྣམ་སྨིན་གྱི་ལུས་ལ་གནས་ཤིང་། ལུས་ཀྱི་དྲྭ་བས་སྒྲིབ་གྱུར་པ། ཞེས་པའི་དོན་ཡང་ལུས་ལས་ཕྱིར་མ་ཐོན་པས་རྒྱ་ཆེན་ལ་སྒྲིབ་པའི་སྙིགས་མའི་ལུས་དང་མ་བྲལ་བ་ཞེས་ཀྱང་བརྗོད་པ་དང་། སྔར་ནས་སེམས་ལྷ་སྐུར་སྨིན་པ་དང་། གདོན་མི་ཟ་བར་བར་དོའི་རྟེན་ལ་རྒྱ་ཆེན་འཐོབ་པ་སྟེ་སྔར་སྨོས་པའི་ཆོས་གསུམ་ཚང་བར་ལྡན་ལ། ཟག་པ་གསུམ་མ་ཟད་


MLP020_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནི་ལུས་རྟེན་སྔ་མའི་འབྱུང་བ་སྙིགས་མའི་ཆ་རྣམས་མ་དག་པར་ཕུང་པོ་ཤུལ་དུ་ལུས་པ་ཙམ་ལ་བྱ་ཡི། ད་དུང་ཁམས་བདེ་མི་བདེ་སོགས་དབང་མེད་དུ་འབྱུང་བ་མི་དགོས་ཏེ། རྣམ་སྨིན་རིག་འཛིན་ཚེ་འདིར་ཐོབ་པར་འདོད་པ་རྣམས་ཀྱི་ལྟར་ནའང་། དེ་སྐྱེ་གནས་ཀྱི་ཟག་པ་མ་ཟད་ཀྱང་བར་དོར་རྒྱ་ཆེན་དུ་སྦྱོར་བར་ངེས་པར་དབང་མེད་དུ་སྐྱེ་བ་མི་ལེན་པས་ཁྱབ་པར་བཞེད་པ་བཞིན་ནོ། །རྣམ་སྨིན་འདིས་མཐོང་ལམ་བརྙེས་ཀྱང་ཐ་མལ་པའི་རྣམ་སྨིན་གྱི་ལུས་རྒྱའི་སྦུབས་ལས་མ་འཕགས་པས་རྣམ་སྨིན་དང་སེམས་ལྷར་སྨིན་པའི་རིག་འཛིན་ཞེས་སྒྲ་བཤད་ཀྱང་མི་འཇུག་གོ །ཅི་སྟེ་རྣམ་སྨིན་རིག་འཛིན་གྱི་འཇོག་ཚུལ་དེ་ལྟར་བྱེད་ན་ནི། ལམ་རིམ་ལས། ལྷ་ཡི་རྣལ་འབྱོར་གསལ་རྫོགས་སྨིན། །ལུས་ཀྱི་དྲྭ་བས་བསྒྲིབས་གྱུར་པ། །ཞེས་ལུས་ཀྱིས་བསྒྲིབས་པར་བཤད་པ་དང་འགལ་ཏེ། འཆི་བའི་འོད་གསལ་ལ་གནས་པ་ཡིན་ན་ཕུང་ཁམས་རགས་པའི་དྲྭ་བས་མ་བསྒྲིབས་པར་འདོད་རིགས་པའི་ཕྱིར་དང་། དཔག་ཚད་གླིང་ཁམས་ཡུལ་ལ་སྤྱོད། །ཅེས་མངོན་ཤེས་ཀྱི་ཡུལ་དོན་བཤད་པས་ཀྱང་གནོད་ཅིང་། སེམས་སྨིན་པས་ལས་བཞིའི་ཕྲིན་ལས་རྫོགས་བྱེད་པས། །གཞན་དོན་མི་འདོར་བར་མ་ལམ་ལ་འགོད་པ་གཞན་གྱིའོ། །ཞེས་ཕྲིན་ལས་བཞིས་གཞན་དོན་སྤྱོད་པ་མི་འདོར་བར་བཤད་པའང་འགོག་རིགས་པར་ཐལ་ལོ་ཞེ་ན། མི་སྐྱོན་ཏེ། དང་པོ་ནི་ཁྱོད་ལྟར་འོད་གསལ་ལ་བསྒྲིབས་པའི་དོན་མིན་ཞིང་ཕུང་པོ་ཕྲ་རགས་ཀྱི་འབྲེལ་བ་གཏན་ཆད་པ་ན་གེགས་བྱས་པའི་དོན་དངོས་མི་གནས་ཀྱང་རྣམ་སྨིན་གྱི་ལུས་སྔ་མ་ལས་མ་ཕྱུང་བར་དུ་སྒྱུ་མའི་སྐུར་མངོན་དུ་མི་འགྱུར་བ་ལ་དེས་སྐུ་དེ་བསྒྲིབས་པར་ཐ་སྙད་འདྲ་བ་རྒྱུ་མཚན་གྱིས་བཏགས་མིང་བྱས་པ་ཡིན་པར། ཡིད་ཀྱིས་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་སྤྱི་བོར་ནས་བྱུང་ནས་རྒྱ་མདུད་གྲོལ་གྱུར་ནས། །སྒྱུ་ལུས་ཕྱི་ལྡང་གི་སྔར་སྟོང་གཟུགས་གང་སྒོམ་ལྟར་ཕྱག་རྒྱའི་སྐུ་ཉིད་འོད་གསལ་གྱི་བྱེད་རྐྱེན་དང་། ཡེ་རླུང་གི་ཉེ་རྒྱུར་བྱས་ཏེ་གསལ་གྱུར་པ། །ཞེས་དང་། རྒྱ་མིག་རྒྱ་ས་ཇི་ལྟ་བར། །ཕྱག་རྒྱ་ཐོབ་ལ་མ་རག་པའི། །ཞེས་སོགས་ཀྱིས་ཤེས་ཤིང་། གཉིས་པ་མངོན་ཤེས་ཀྱི་ནུས་པ་ཐོབ་ཚུལ་ཙམ་ལ་སྦྱར་བས་ཆོག་པ་དང་། གསུམ་པ་སེམས་ལྷའི་སྐུར་སྨིན་པས་གཞན་ཕན་ཕྲིན་ལས་ཀྱི་ནུས་པ་ཆེར་ལྷག་པའི་སྒོ་ནས་


MLP020_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྨིན་པའི་མཉམ་བཞག་ཡེ་ཤེས་དེ་ཟབ་གསལ་གཉིས་མེད་དང་སྲིད་ཞིའི་མཐའ་གཉིས་འགོག་པའི་རྣལ་འབྱོར་དུ་འགྲོ་ལུགས་སྟོན་པ་ཙམ་ཡིན་པའི་ཕྱིར་ཏེ། ཕྱི་མ་འདི་གནད་ཤིན་ཏུ་ཆེའོ། །འདི་ལྟ་བུའི་ཚུལ་གྱིས་བཤད་ན་ཟུར་ལུགས་དང་ཀུན་མཁྱེན་ཆོས་རྗེའི་བཞེད་པ་གཉིས་ཀྱང་རྣམ་སྨིན་རིག་འཛིན་གྱི་མཚན་གཞི་སོ་འཕགས་ཀྱི་ཁྱད་པར་གྱི་ངོས་འཛིན་ལ་མི་མཐུན་པ་ཙམ་དང་། རིག་འཛིན་འཇིགས་མེད་གླིང་པས་ཀུན་མཁྱེན་གྱི་དགོངས་པ་བླངས་པ་དང་བསྒྲིགས་ཚེ་ཕྱག་རྒྱ་གཅིག་སྤྲོས་པས་ཚེ་འདིར་ཚེ་དབང་རིག་འཛིན་མི་འཐོབ་པའི་རྒྱུ་མཚན་ཚོགས་སྤྱོད་མ་བྱས་པ་དང་། བྱས་ཀྱང་དགོས་པ་མ་གྲུབ་པ་ལ་བཞེད་པའི་ཁྱད་པར་ཡང་ཡོད་དེ། དེ་ཙམ་མ་གཏོགས་གནད་ཀྱི་འགངས་གཅིག་པར་སྣང་ལ། ཚེ་འདིར་མཐོང་ལམ་ཐོབ་ཅིང་བར་དོར་རྒྱ་ཆེན་འགྲུབ་པའི་རྣམ་སྨིན་རིག་འཛིན་ཁས་ལེན་པ་ལྟར་ན་གནད་མི་མཐུན་པའི་ཁྱད་པར་ཆེན་པོ་ཡོད་དོ། །དེ་ལ་ཟུར་ལུགས་པ་རྣམས་ནི་རིག་འཛིན་བཞི་པོ་འདི་མཚན་ཉིད་གསུམ་ལས་འབྲས་བུའི་མཚན་ཉིད་དུ་གསུངས་ཡོད་པས་སོ་སྐྱེའི་སར་བཞག་ཏུ་མི་བཏུབ་བོ་སྙམ་པར་དགོངས་ཏེ་རྣམ་སྨིན་རིག་འཛིན་ཡང་འཕགས་ལམ་པ་ཁོ་ནར་འཇོག་གི་གཉུག་སེམས་ལྷའི་སྐུར་རྫོགས་པ་ཙམ་གྱིས་འཇོག་མི་ནུས་པར་བཞེད་ལ། ཀུན་མཁྱེན་ནི་རིག་འཛིན་གྱི་དངོས་གྲུབ་ཅེས་པ་ཕལ་ཆེར་གཙོ་བོར་ལུས་ཀྱི་དངོས་གྲུབ་ཁྱད་པར་ཅན་གྱི་སྟེང་ནས་འཇོག་པ་རྒྱུད་སྡེ་གོང་འོག་ཀུན་ཏུ་གྲགས་ཆེ་ཞིང་། དངོས་གྲུབ་སེམས་ལྷ་སྐུར་སྨིན་པ་ཞེས་རྫོགས་རིམ་གྱི་ལྷ་སྐུ་ཐོབ་པ་ནས་རྣམ་སྨིན་གྱི་ལུས་གནས་མ་གྱུར་ཡང་མཆོག་གི་དངོས་གྲུབ་ཀྱི་ཕྱོགས་སུ་གཏོགས་པའི་རིག་འཛིན་གྱི་སྐུ་བརྙེས་པ་ཡིན་པས་རིག་འཛིན་བཞིའི་དང་པོར་འཐད་སྙམ་དུ་དགོངས་ནས་མོས་སྤྱོད་ཀྱི་སར་གནས་དང་རྣམ་སྨིན་རིག་འཛིན་གྱི་གཞི་མཐུན་ཞལ་གྱིས་བཞེས་པ་ཡིན་ཞེས་བཤད་ན་སོ་སོའི་ལུགས་ལ་ངེས་པ་ཕྲིག་ཙམ་རྙེད་ཅིང་ཐོབ་པར་འགྱུར་རོ། །སེམས་ལྷ་སྐུར་སྨིན་པ་ཞེས་པའི་སྐུ་འདིར་རེས་རྣམ་སྨིན་དུ་སྟོང་གཟུགས་སེམས་ཀྱི་ཕྱོགས་དང་། རེས་ཕྱག་ཆེན་གྲུབ་པའི་མཚམས་སུ་ལུས་ཀྱི་ཕྱོགས་སུ་བཤད་ཀྱང་སྟོང་གཟུགས་དང་སྒྱུ་ལུས་ཀྱི་གྲུབ་པའི་འགལ་བ་མེད་པར་ཤེས་པར་བྱ་སྟེ་ཅུང་ཟད་གོ་སླའོ། །


MLP020_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། སྦྱང་གཞི་གནས་ལུགས་ངོ་བོ་ཉིད་ཀྱི་གཞིའི་སྟེང་གི་སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས་ལམ་གྱིས་བསལ་བས་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་མཐར་ཐུག་པའི་གོ་འཕང་སྟེ། ཁོག་གཞུང་ལས། ལམ་ཉམས་ལེན་གྱི་ལག་རྗེས་སུ་བྱུང་བའི་གྲུབ་པ་མཐར་ཕྱིན་འབྲས་བུར་བརྗོད། །ཅེས་པ་ལྟར་བླ་ན་མེད་པའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱི་ཟག་བཅས་ཀྱི་བདེ་བ་ལྟར་ངོམས་མེད་མིན་པས་བསམ་པ་ཡོངས་སུ་རྫོགས་པ་མཐར་ཐུག་པས་ན་འབྲས་བུ་དང་། ནམ་ཡང་རྒྱུན་མི་འཆད་པས་ན་རྒྱུད་ཅེས་བཤད་དོ། །ཐེག་ཆེན་ཕ་རོལ་དུ་ཕྱིན་པའི་སྡེ་སྣོད་ནས་ཀྱང་བྱང་ཆུབ་ཆེན་པོའི་འབྲས་བུ་སྟོབས་དང་མི་འཇིགས་མ་འདྲེས་ཕར་ཕྱིན་ནས་རྣམ་མཁྱེན་གྱི་ཡོན་ཏན་བརྒྱ་ཞེ་བཞི་སོགས་རྒྱས་པར་བསྟན་མོད་དེ། དེ་དང་སྔགས་བླ་མེད་ནས་བཤད་པའི་ཁ་སྦྱོར་བདུན་ལྡན་གྱི་སངས་རྒྱས་གཉིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྨོན་ལམ་དང་རྒྱུ་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་སྤྱོད་པས་བསྒྲུབས་པ་དང་། སྔགས་ཀྱི་ཁ་སྦྱོར་བདུན་ལྡན་གྱི་འབྲས་བུ་སངས་རྒྱས་རང་བཞིན་གཞི་རྒྱུད་ཀྱི་སྣོད་བཅུད་རྒྱུད་རྣམས་གནས་ཚོད་སེམས་མ་དག་པའི་ཕྱོགས་མི་བཟུང་བས་ཉི་མ་ཤར་ན་ཟེར་རང་ཆས་སུ་ཤར་བ་ལྟར་ཡུལ་མེད་རང་གསལ་ཡེ་ཤེས་ཀྱིས་ཇི་ལྟ་བ་བཞིན་མངོན་དུ་མཛད་པའི་ཁྱད་ཆེ་ཞིང་། གསང་སྔགས་ཐུན་མིན་གྱི་ལམ་ལ་མ་བརྟེན་པར་དེའི་ཐུན་མིན་གྱི་འབྲས་བུ་འགྲུབ་པ་མི་འཐད་པས་མདོ་ལམ་རང་རྐང་ནས་སངས་རྒྱས་ཞེས་པ་མཐར་ལམ་ལྷུན་གྲུབ་རིག་འཛིན་ཙམ་ལ་སངས་རྒྱས་སུ་བཏགས་པ་ཡིན་གྱི། སྔགས་ལམ་གྱི་སངས་རྒྱས་དངོས་ནི་དེའི་ཕྱི་ནས་འཐོབ་དགོས་སོ་ཞེས་དཔལ་ལྡན་ཟུར་པའི་སྲོལ་འཛིན་ཆེན་པོ་གཡུང་སྟོན་དང་ལོ་ཆེན་རྣམས་བཞེད་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡང་མདོ་ཕྱོགས་ནས་བཤད་པའི་སངས་རྒྱས་དང་རྒྱུད་འདིའི་ལྷུན་གྲུབ་རིག་འཛིན་གཅིག་པར་བཞེད་ཀྱང་། ལྷུན་གྲུབ་མཐར་ཐུག་གི་ས་ལ་མཛད་པས་ཟུར་ལུགས་པ་དང་དགོངས་པ་མི་གཅིག་སྟེ། ལུགས་ཕྱི་མ་ཀུན་མཁྱེན་ལྟར་ན། མངོན་ལྐོག་གི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་སངས་རྒྱས་མདོ་ཕྱོགས་ནས་ཀྱང་ཤིན་ཏུ་རྒྱ་ཆེར་གསུངས་ལ། དེ་ལྟར་མངོན་པར་བྱང་ཆུབ་པ་ནི་མདོ་ལམ་གྱི་ས་བཅུ་རྒྱུན་མཐར་ཕྱིན་བྱེད་སེམས་བསྐྱེད་ཡིན་པས་གློ་བུར་བའི་སེམས་ཀྱིས་བསྒྲུབ་གཞི་བྱས་པ་ལ་མི་སྲིད་པས་


MLP020_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་ཀྱི་ལམ་ལ་ངེས་པར་བརྟེན་དགོས་ཏེ། དེའི་ཕྱིར་ཐེག་པ་གཉིས་ཀྱི་ཐོབ་བྱའི་སངས་རྒྱས་གཅིག་ཡིན་ཀྱང་མདོ་ལམ་རྐྱང་བས་འཐོབ་མི་ནུས་ཞེས་པ་སྟེ། ཡི་གེས་འཇིགས་པས་རྒྱ་མ་བསྐྱེད་དོ། །འབྲས་བུའི་ཆོས་ལ་དབྱེ་ན། སྤྱིར་གྲགས་པའི་སྟོབས་བཅུ་མི་འཇིགས་སོགས་དང་། བླ་མེད་ཁོ་ན་ལ་གྲགས་པའི་ཁ་སྦྱོར་ཡན་ལག་བདུན་མདོ་ནས་མ་བསྟན་པའི་རྟེན་གཞལ་ཡས་ཁང་དང་གདན་སོགས་མང་དུ་ཡོད་ཀྱང་རྒྱུད་གཞུང་འདི་ཉིད་ཀྱི་དབང་དུ་བྱས་ན་འབྲས་ཆོས་ཉེར་ལྔ་སྟེ། དང་པོ་སྐུ་ལྔ་ནི། དབྱིངས་ལ་རིག་པ་ཕྱོགས་མེད་དུ་གྲོལ་བ་ཆོས་སྐུ་དང་། དེ་ལས་མ་གཡོས་བཞིན་དུ་བྱང་སེམས་འཕགས་པ་རྣམས་ལ་ཐེག་པ་མཆོག་གི་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་སྟོན་པ་ལོངས་སྐུ། གདུལ་བྱ་དག་མ་དག་ཐུན་མོང་གི་སྣང་ངོར་བཟོ་དང་སྐྱེ་བ་མཆོག་གི་གཟུགས་སུ་སྟོན་པ་སྤྲུལ་སྐུ། དེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེའི་སྐུ༑ སྐུ་གསུམ་སྣང་ཆ་མ་འདྲེས་པ་མངོན་བྱང་གི་སྐུའོ། །གསུང་ལྔ་ནི། བསམ་བརྗོད་དང་བྲལ་བའི་དབྱིངས་ལ་རྟག་ཏུ་མཉམ་པར་བཞག་པའི་ཡེ་ཤེས་ཉིད་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆ་ནས་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། མཐོང་བ་ཙམ་གྱིས་འཁོར་རྣམས་ལོངས་སྐུ་དེའི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་དག་པར་ཤེས་ནས་རང་ལ་ཡོན་ཏན་དམན་པར་མཐོང་བའི་གནས་ལ་འཇུག་པའི་ཆ་ནས་ལོངས་སྐུའི་སྐུ་དེ་དགོངས་པ་བརྡའི་གསུང་། སྐད་ཅིག་རེར་ཡང་གདུལ་བྱ་སོ་སོའི་སྐད་དུ་ཆོས་ཚད་མེད་པ་སྟོན་པ་སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། ཅི་ཙམ་གསུང་ཡང་གཞོམ་མེད་ཡེ་ཤེས་གཅིག་ཉིད་ཀྱི་རང་སྒྲ་ལས་གཞན་དུ་མི་འགྱུར་བ་དབྱེར་མེད་རྡོ་རྗེའི་གསུང་། ཡེ་ཤེས་གཅིག་ཉིད་སྒྲ་དབྱངས་ཀྱི་རྣམ་པ་ཐམས་ཅད་དུ་འཆར་བ་མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་སྟེ་ཕྱི་མ་གཉིས་པོའི་ཁྱད་ནི། དུ་མ་གཅིག་ཏུ་འདུ་བ་དང་། གཅིག་ཉིད་དུ་མར་འཆར་བའི་ལྡོག་ཆ་ནས་སོ། །དགོངས་རྒྱུད་ཁོ་ན་ལ་སྦྱར་ན་སྔར་སྔོན་བྱུང་དངོས་ལྔའི་ཐད་དུ་བཤད་པ་ལྟར་ཡང་འདིར་གོ་ནའང་རུང་མོད་དེ། ལེའུ་བདུན་པ་རྩ་འགྲེལ་གྱི་དངོས་བསྟན་ནི་བཤད་མ་ཐག་པ་ཉིད་དོ། །ཐུགས་ལྔ་ནི། འོད་གསལ་སྟོང་ཆ་ལ་ཆོས་དབྱིངས་ཡེ་ཤེས་ཆོས་སྐུ་རྣམ་པར་མི་རྟོག་པའི་ཐུགས། མཉམ་ཉིད་ཡེ་


MLP020_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལོངས་སྐུ་མཉམ་པ་ཆེན་པོའི་ཐུགས། བྱ་གྲུབ་ཡེ་ཤེས་སྤྲུལ་སྐུ་འགྲོ་བ་འདུལ་བའི་ཐུགས། སོར་རྟོག་ཡེ་ཤེས་མི་ཕྱེད་རྡོ་རྗེའི་ཐུགས། འོད་གསལ་གསལ་བའི་ཕྱོགས་ཇི་སྙེད་པ་མཁྱེན་པའི་ཕྱོགས་མེ་ལོང་ཡེ་ཤེས་མངོན་བྱང་ཅིར་ཡང་གསལ་བའི་ཐུགས་སོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་དགུར་སྤྱོད་པའི་འདོད་རྣམ་གྱི་མཆོད་སྤྲིན་ལོངས་སྤྱོད་རྣམས་སོ། །ཕྲིན་ལས་ལྔ་ནི། ཚེ་འདི་ཕྱིའི་སྡུག་བསྔལ་རྒྱུར་བཅས་ཞི་བ་དང་། མངོན་མཐོ་དང་ངེས་ལེགས་ཀྱི་ལེགས་ཚོགས་རྒྱས་པ་དང་། ས་གསུམ་གྱི་གདུལ་བྱ་དབང་དུ་མཛད་པ་དང་། ཤིན་ཏུ་གདུལ་དཀའ་རྣམས་དྲག་པོས་ཚར་བཅད་པ་དང་། དང་པོ་གསུམ་རྗེས་འཛིན་དང་། བཞི་པ་ཚར་གཅོད་དེ་དག་ཐམས་ཅད་དུས་དང་གདུལ་བའི་དབང་བཞིན་རྩོལ་མེད་དུ་འབྱུང་བ་ལས་བཞི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕར་ཕྱིན་ནས་ཕྲིན་ལས་ཉེར་བདུན་སོགས་ཕྲིན་ལས་ཀྱི་རྣམ་བཞག་ཕར་ཕྱིན་ནས་བཤད་པ་རྣམས་ཀྱང་དེ་དག་ཏུ་འདུས་སོ། །དོན་གཉིས་པ། གང་གིས་རྟོགས་པའི་ཐབས་གྲོལ་ལམ་གྱི་ཆ་ཤས་ཡང་ཡིན་ཆ་ཅན་གྱི་ལམ་དེའི་རྟོགས་པ་རང་རྒྱུད་ལ་སྐྱེད་པའི་རྒྱུའམ་རྐྱེན་ཡིན་པས་ཆ་རྐྱེན་རྒྱུད་ཀྱི་དངོས་པོ་བཅུ་བྱེ་བྲག་ཏུ་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་གསང་གསུམ་གྱི་ཕྲིན་ལས་ལྷུན་གྲུབ་ཡིན་མོད། ཕྲིན་ལས་ཀྱི་སྒོ་ཆེན་པོ་གསུང་གི་ཕྲིན་ལས་ཡིན་པས་གསང་ཆེན་རྒྱུད་སྡེའི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་སྟོན་པ་རང་ཉིད་ལམ་གང་ནས་གཤེགས་པ་དེ་ཉིད་ནས་གདུལ་བྱ་མཆོག་རྣམས་འཁྲིད་པའི་ཆེད་ཁོ་ན་ཡིན་པས་གཞི་འབྲས་ཤེས་ཐོབ་གཉིས་ཀྱི་རྩ་བར་གྱུར་པས་རྒྱུད་ཀྱི་བརྗོད་བྱའི་གཙོ་བོ་གཞི་འབྲས་གཉིས་འབྲེལ་བ་ལམ་རྒྱུད་ཡིན་ལ། ལམ་རྒྱུད་དེ་ཉིད་ལམ་གྱི་ཁོག་དབུབ་ཚུལ་སྤྱིར་བསྟན་པ་དང་། དེའི་ཆ་རྐྱེན་དུ་དགོས་པའི་རྒྱུད་དོན་གྱི་དངོས་པོ་བྱེ་བྲག་ཏུ་ཕྱེ་ནས་བསྟན་པ་གཉིས་ཀྱིས་གསལ་བར་བཤད་པ་ལས། དང་པོ་ཐབས་གྲོལ་གྱི་ལམ་སྔར་བརྗོད་པ་རྣམས་ཡིན་ཞིང་། ཕྱི་མ་ལའང་། དཀྱིལ་འཁོར། སྒྲུབ་པ། དབང་། དམ་ཚིག ཕྲིན་ལས་ཏེ་གཞི་ལྔ་དང་། སྔགས། ཕྱག་རྒྱ། ཏིང་


MLP020_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། མཆོད་པ་དང་ལམ་གྱི་ཡན་ལག་བཞི་སྟེ་ཤེས་བྱའམ་མཁས་བྱའི་རྒྱུད་དོན་གྱི་དངོས་པོ་དགུར་ལོ་ཙཱ་བ་ཆེན་པོ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་དེ་མ་ཐག་གི་སྤྲུལ་སྐུ་རོང་ཟོམ་གསུངས་ལ། སྒེག་རྡོར་སྤར་ཁབ་ལས་གཞི་ལྔ་པོ་དེའི་སྟེང་དུ་ལྟ་སྤྱོད་གཉིས་ཀྱི་དངོས་པོ་བསྣན་ནས་དངོས་པོ་བདུན་དུ་བཤད་ཀྱང་། འདིར་རྗེ་སྒྲོལ་གཡུང་གཉིས་སོགས་ཀྱི་བཞེད་པ་ལྟར་གཏན་ལ་དབབ་བྱའི་གཙོ་བོ་གནས་ལུགས་མཐར་ཐུག་པའི་དེ་ཁོ་ན་ཉིད་ལྟ་བ། ལྟ་བ་མཐར་ཐུག་གི་སར་ལ་དོར་བ་སྤྱོད་པ། གདན་སོ་སོར་གཙོ་བོ་དང་འཁོར་བཀོད་པ་དཀྱིལ་འཁོར། ལམ་རིམ་བཞིན་ཉམས་སུ་ལེན་པ་ལ་དབང་བཞིའི་རིམ་པས་བགྲོད་དགོས་པས་རིམ་པར་བགྲོད་པ་དབང་། ས་མ་ཡ་ཞེས་པའི་སྒྲ་དགག་སྒྲུབ་ཀྱི་སོ་མཚམས་སངས་རྒྱས་ཀྱིས་བཀས་བཅད་པའི་ཚིག་ལས་མི་འདའ་བས་མི་འདའ་བ་དམ་ཚིག སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པའི་རོལ་རྩེད་ཐམས་ཅད་རོལ་པ་ཕྲིན་ལས། སྟོན་ཐོག་གཉེར་བས་སོ་ནམ་གཉེར་དགོས་པ་ལྟར་འབྲས་བུ་གཉེར་བ་ལ་རྒྱུ་ལམ་ལ་དོན་གཉེར་དགོས་པས་དོན་དུ་གཉེར་བ་སྒྲུབ་པ། སྒྲུབ་པའི་ཚེ་ཉམས་ལེན་སེམས་མི་གཡོ་བ་ཏིང་ངེ་འཛིན། མེ་ཏོག་མ་སྤྱན་གྱི་གནས་སུ་སྟོབས་པའམ་བསྟིམ་པ་སོགས་འདོད་ཡོན་ལྔ་སོ་སོར་གནས་སུ་སྟོབས་པ་མཆོད་པ། རིགས་ལྔའི་ཕྱག་རྒྱ་ལུས་ཀྱིས་བཅའ་བ་ཡིད་ཀྱིས་བསྒོམ་པའི་ཕྱག་རྒྱ་ལ་འཆིང་རྩ་བསྐྱེད་བཟླས་གསུམ་ཟློས་སྔགས་དང་ཕྱག་རྒྱ་སྟེ་བཅུར་འཆད་པར་མཛད་དེ། དེའང་ཆ་ཅན་ལམ་གྱི་ཁོག་སྔར་ཐབས་གྲོལ་སྐབས་སུ་བཤད་པ་དེ་ལ་དབང་དང་དམ་ཚིག་སོགས་བླ་མ་རང་གི་ཉམས་བསྐང་སོགས་བདག་འཇུག་དང་དབང་དཀྱིལ་བཞེངས་པ་དེ་སྒྲུབ་མཆོད་སོགས་ཁ་བསྐང་ནས་དང་། ཏིང་ངེ་འཛིན་དང་སྤྱོད་པ་སོགས་བསྐྱེད་རྫོགས་རིམ་གཉིས་ལམ་དེ་དག་གསལ་བར་ཕྱེ་བའི་ཚུལ་གྱིས་དངོས་པོ་བཅུར་འཆད་པར་ཤེས་པར་བྱའོ། །དངོས་བཅུ་འདི་དག་ལ་ཉམས་སུ་ལེན་བྱེད་ཡུལ་ཅན་ལམ་གྱི་རིམ་པ་བཤད་ན་མངོན་རྟོགས་བཅུ་ཡོད་པ་དང་། བླང་བྱ་ཡུལ་གྱི་ཆ་ནས་རྒྱུད་ཀྱི་དངོས་པོ་བཤད་པ་ཞེས་ཀྱང་ཕར་ཕྱིན་ནས་ལེན་བྱ་དངོས་པོ་བརྒྱད། ལེན་བྱེད་མངོན་རྟོགས་བརྒྱད་ཅེས་པ་བཞིན་འབྱུང་ངོ་༑ ༑དེ་ལ་དང་པོ་ནི། སྒྱུ་འཕྲུལ་དྲྭ་བའི་ལམ་གོང་འོག་ཐམས་ཅད་ལ་ལྟ་བ་ཁྱབ་བྱེད་དུ་འཇུག་པས་ལམ་གྱི་རིམ་པ་ལ་ལྟོས་ནས་ལྟ་བའི་གྲངས་དགུར་དབྱེ་སྟེ། ལམ་རིམ་ལས། སྣང་སྲིད་དག་པར་མཉམ་ཉིད་ངང་ལ་མི་སྐྲག་པས། །ཐོས་བསམ་བསྒོམ་པའི་སྒོམ་བྱུང་གི་མངོན་བྱས་ཏེ་ངེས་པའི་ཤེས་རབ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཡིན་པའི་ཆ་ནས་དང་པོ་དང་། །བསྐྱེད་རིམ་པའི་བཅོས་ཙམ་དང་རྫོགས་


MLP020_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱི་འོད་གསལ་རང་སྣང་སྟོང་གཟུགས་ཀྱི་རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། གང་སྣང་ཐམས་ཅད་རང་རིག་བདེ་ཆེན་ཡེ་ཤེས་ཀྱི་བདག་ཉིད་ཁོ་ནར་རྟོགས་པའི་རང་རིག་ཡེ་ཤེས་སྙིང་རྗེས་གཟིགས། །ཕྱག་རྒྱ་གཅིག་སྐུ་འབྲས་བུར་བལྟ། །རིགས་ཐ་དད་ཀྱི་དཀྱིལ་འཁོར་དང་རིགས་གཅིག་པའི་ཚོམ་བུ་དེ་ཐམས་ཅད་གསལ་བའི་རྟོག་མེད་རང་གསལ་ལྟ་བ་དང་། །བར་ཆད་མེད་པའི་སྤྱོད་པ་ལྔ་ལ་བདེ་ཆེན་གྱི་ཚོགས་ཆེན་མཐོང་། །ལམ་མཆོག་ཀུན་རྫོགས་ཀྱི་ཚེ་དབང་རིག་འཛིན་གྱིས་མི་རྟོག་དབྱིངས་དངོས་ལ་གཉིས་སྣང་དང་བྲལ་བའི་དབང་བསྒྱུར་ནུས་པས་ཚེ་དབང་རིག་འཛིན་ཡིན་ནོ། །སྣང་སྲིད་དག་མཉམ་ཉིད་ཉོན་སྒྲིབ་ལྷག་མེད་དག་པས་ཕྱག་ཆེན་གྱི་ཐུགས་མི་གཡོ་བ། །སངས་རྒྱས་དང་ཆ་འདྲ་བའི་ཡེ་ཤེས་ཀུན་མཁྱེན་ལྷུན་གྲུབ་རིག་འཛིན་གྱི་མངོན་རྟོགས་ལ་ཁྱབ་བྱེད་དེ་ལྟ་བ་དགུ། །ཞེས་སོ། །གཞན་ཡང་རྒྱུད་ཀྱི་དངོས་པོ་རྣམས་ལ་ལྟ་བ་ཁྱབ་བྱེད་དམ་ཟིན་བྱེད་དུ་འཇུག་པ་ལ་ལྟོས་ནས་དཔེར་ཕར་ཕྱིན་ཐེག་པས་ཕྱིན་དྲུག་གིས་སེམས་བསྐྱེད་དྲུག་ཏུ་འཇོག་པ་ལྟ་བུ་སྟེ་ལྟ་བའི་གྲངས་དགུ་དང་། ཚོགས་དྲུག་གི་སྤྱོད་ཡུལ་ཐམས་ཅད་ལྟ་བས་རྒྱས་འདེབས་པ་ལ་ལྟོས་ནས་དྲུག་དང་། དབང་པོ་རབ་འབྲིང་ཐ་མའི་རྟོགས་ཚུལ་ལ་ལྟོས་ནས་གསུམ་དུ་དབྱེ་བ་སོགས་རིམ་གཉིས། ཏིང་འཛིན་ལྔ། ལམ་ལྔ་སོགས་སོ་སོར་བརྩི་བ་ཡོད་ཅིང་། གཏན་ལ་འབེབ་ཚུལ་རྒྱས་པར་སྔར་ལྟ་བའི་སྐབས་བཤད་ཟིན་ཏོ། །གཉིས་པ་ནི། སྤྱིར་སྒོམ་པ་ལག་ལེན་ཏུ་བཏབ་པ་ལ་སྤྱོད་པ་ཟེར་བས་སྤྱོད་པ་ལ་མཉམ་རྗེས་གཉིས་ཀ་ཡོད་ཀྱང་འདིར་སྤྱི་མིང་ཕྱོགས་གཅིག་ལ་བཏགས་ནས་མཉམ་བཞག་གི་རྟོགས་པའི་གྲོགས་སུ་གྱུར་པའི་སྒོ་གསུམ་གྱི་སྤྱོད་པ་རྗེས་ཐོབ་ཀྱིས་བསྡུས་པ་གཙོ་བོར་གྱུར་པ་སྟེ། དེ་ལ་སྤྱི་དང་། ཁྱད་པར་གཉིས། དང་པོ་ནི། ལས་དང་པོ་པའི་དུས་སུ་དགེ་སྦྱོང་གཞོན་ནུ་ལྟར་བག་དང་ལྡན་པར་སྤྱོད་པ་ཞེས་ལམ་སྒྲུབ་པའི་འགལ་རྐྱེན་འཇིག་རྟེན་གྱི་ཆོས་བརྒྱད་སོགས་ལས་བྱོལ་བ་དང་། མཐུན་རྐྱེན། ཉམས་ལེན་གྱི་རྟེན་ཡི་གེ་འབྲི་སྒྲིབ་སྦྱོང་ནི་ཞིང་གི་མཐུ་ལ་བརྟེན་དགོས་པས་མཆོད་སྦྱིན་པ་དང་། །ཉམས་ལེན་གྱི་ཆོས་བསྐུལ་ཞིང་བླ་མ་ལས་ཉན་དང་བསམ་བྱུང་གི་རྟེན་ཀློག་དང་ཐོས་དོན་འཛིན་པ་དང་། །ཚིག་ཟིན་དོན་ངེས་ན་གཞན་ལ་འཆད་དང་སྔར་ཟིན་པ་ཡང་ཡང་ཁ་ཏོན་བྱེད་པ་དང་། །སེམས་སྟེང་དུ་བསྐོར་ནས་དོན་སེམས་པ་དང་མངོན་དུ་མ་གྱུར་བར་རྒྱུན་བསྐྱང་ནས་སྒོམ་པ་སྟེ། །སྤྱོད་པ་འདི་


MLP020_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པའི་ཆོས་སྤྱོད་བཅུ་ལ་མང་དུ་གནས་པ་དང་། དེ་ནས་ཅུང་ཟད་གོམས་པ་ན་རྟོགས་པ་རྐྱེན་ཐུབ་ཏུ་རྩལ་སྦྱོང་བ་རོ་སྙོམ་སྨྱོན་པའི་བརྟུལ་ཞུགས་དང་། ཤིན་ཏུ་གོམས་ནས་ཞེན་རྟོག་གི་ནད་རོ་སླར་མི་གཡོ་བས་རྐྱེན་བཟང་ངན་གང་གིས་ཀྱང་ཕན་གནོད་མི་བཏུབ་པའི་རྟོགས་པ་བྲི་གང་མེད་པ་ན་རང་བབས་སུ་གཞན་ཕན་བྱེད་པ་བཟང་ངན་རོལ་པ་སྣ་ཚོགས་པར་ནུས་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱིར་བཤད་པའོ། །གཉིས་པ་ལ། གྲོལ་ལམ་བག་ཡོད་དང་། ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་གཉིས། དང་པོ་ལ་རིམ་གྱིས་པ་དང་ཅིག་ཆར་བའི་སྤྱོད་པ་གཉིས། དང་པོ་ལའང་བདུན་ཏེ་དང་པོ་དད་བརྩོན་གྱི་སྤྱོད་པ་ཞེས་ཤེས་པའི་མཚན་ཉིད་ཚོལ་དུས་ཀྱི་སྤྱོད་པ། འདི་ལ་གཞི་དམ་ཚིག་གིས་བཟུང་བ། རྒྱུད་ཐོས་པས་དགྲོལ་བ། སྒོ་ཀུན་ནས་བསྡུར་བ། ཕུལ་དུ་མཁས་པས་དབྱུང་བ། ཐག་ལྟ་བས་བཅད་པ། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ། ལ་སྤྱོད་པས་དོར་བ༑ རིམ་པ་དབང་གིས་བགྲོད་པ། དོན་མན་ངག་གིས་སྒྲུབ་པ། མདོ་དོན་གཅིག་ཏུ་བསྡུ་བ་ལ་བསླབ་པ་སྟེ་བསླབ་པའི་མཐའ་བཅུའོ། །དེའང་ལྟ་བ་ཐོག་མར་འཚོལ་དུས་ནས་ལམ་ཡོངས་རྫོགས་དམིགས་འོག་ཏུ་བཅུག་ནས་སྐབས་དོན་ལ་གཙོ་བོར་བྱེད་པ་ཡིན་པས་དེ་ལྟར་གསུངས་ཀྱི། སྐབས་དོན་གཙོ་བོའི་དབང་དུ་བཏང་ན་རྒྱུད་ཐོས་པས་དགྲོལ་བ་སོགས་སྒོ་ཀུན་ནས་སྡུད་པ། ཕུལ་དུ་མཁས་པས་དབྱུང་བ། ཐག་ལྟ་བས་བཅད་པ་བཞི་པོ་ཉིད་དོ། །གཉིས་པ་སྟོང་ཕྱོགས་ཤེས་རབ་དང་མཐུན་པ་ཡི་ཕྱོགས་ཞེས་མཉམ་བཞག་ལ་མི་རྟོག་པའི་ངང་ལ་ཚུར་གཏད་ནས་བསྒོམ་པའི་སྟོང་ཆེན་གྱི་དུས་སུ་ཐུན་མཚམས་ཀྱི་བྱ་བ་ཐམས་ཅད་མི་དམིགས་པའི་ཤེས་རབ་ཀྱི་རྩལ་སྦྱོང་དུ་འཁྱེར་བ་དང་། གསུམ་པ་སྣང་བའི་ཕྱོགས་ཐབས་དང་མཐུན་པ་ཞེས་མཉམ་བཞག་ཏུ་སྣང་ཆ་ལ་རང་ཡིན་གྱི་རྒྱས་གདབ་པའི་སྙིང་རྗེ་སྒྱུ་མའི་སྐབས་སུ་རྗེས་ཐོབ་དུས་སུའང་སྣང་སྤྱོད་ཡེ་ཤེས་སྒྱུ་མའི་ཡོ་ལང་དུ་བལྟ་བ་དང་། བཞི་པ་ཕྱག་རྒྱ་གཅིག་པའི་དུས་སུ་སྟོང་གཟུགས་དེའང་དག་པ་འབྲས་བུའི་རྣམ་པ་ཕྱོགས་གཅིག་ཏུ་བསྡུས་ནས་བསྒོམ་པ་པ་དང་། །ལྔ་པ་དཀྱིལ་འཁོར་དང་ཚོམ་བུ་ུགང་རུང་སོ་སོར་སྤྲོས་བཅས་ཀྱི་ཚེ་སྤྲོས་བཅས་ཀྱི་སྤྱོད་པ་ཞེས་མཉམ་བཞག་ཏུ་གང་བསྒོམ་གྱི་ལྷའི་ཏིང་ངེ་འཛིན་དེས་ཕྱག་རྒྱ་གཅིག་


MLP020_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་རྗེས་ཐོབ་ཀྱི་སྣང་བ་ཐམས་ཅད་ལ་རྒྱས་བཏབ་སྟེ་སྣང་བ་ལ་བརྟེན་ནས་ཞེན་འཛིན་མི་བསྐྱེད་པར་མ་ཟད་དག་མཉམ་གྱི་རྟོགས་པའི་གྲོགས་བྱས་ཏེ་ལོག་རྟོག་འཁྲུལ་པའི་སྣང་བ་ཟིལ་གྱིས་གནོན་པ་དང་། དྲུག་པ་ཚོགས་ཀྱི་སྤྱོད་པ་ཞེས་ཚོགས་སྒྲུབ་ཀྱི་དུས་དག་མཉམ་བདེ་བ་ཆེན་པོའི་རྣལ་འབྱོར་ཁོར་ཡུག་ཏུ་སྐྱོང་བ་དང་། བདུན་པ་ཟག་མེད་རྣམ་སྨིན་རིག་འཛིན་གླིང་བཞིའི་གཟུགས་ཕྲ་རགས་མངོན་སུམ་མཁྱེན་པ་སོགས་རྫུ་འཕྲུལ་གྱི་ནུས་པ་ཐོབ་པ་དང་། ཚེ་དབང་ལ་གོང་བཤད་མངོན་ཤེས་ཀྱི་རྫུ་འཕྲུལ་ཉི་ཤུ་སོགས། ཕྱག་ཆེན་ལྷུན་གྲུབ་རིམ་པར་གོང་འཕེལ་གྱིས་རིག་འཛིན་ཐོབ་ནས་རྫུ་འཕྲུལ་གྱི་སྤྱོད་པ་ཞེས་ནུས་མཐུ་ཐོགས་པ་མེད་པའི་ཕྲིན་ལས་ཀྱིས་གཞན་དོན་རླབས་པོ་ཆེ་སྤྱོད་ཅིང་རང་རྒྱུད་ཀྱི་རྟོགས་པ་གོང་དུ་སྤོར་བའོ། །གཉིས་པ་ནི། རྟོགས་སྒོམ་མྱུར་བས་རྗེས་ཐོབ་ཏུ་ཡང་ཐ་མལ་པ་ལ་འཆིང་བྱེད་ཀྱི་སྣང་སེམས་གང་ཤར་ཐམས་ཅད་ལ་བརྟེན་ནས་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དགོངས་པའི་རྩལ་ཕྱོགས་མེད་དུ་སྦྱོང་བའོ། །གཉིས་པ་ནི། སྐྲག་པ་དང་དོགས་པ་དང་ངོ་ཚ་བ་ལ་སོགས་པའི་རྣམ་རྟོག་ཐམས་ཅད་བཤིག་ཅིང་བཏུབ་ནས་འཇིག་རྟེན་ན་དམེ་བར་གྲགས་ཤིང་དམན་པར་བལྟ་བའི་ཤ་ལྔ་དང་བདུད་རྩི་ལྔ་དང་བུད་མེད་བསྟན་དགྲ་ལ་སོགས་པའི་ཡུལ་ཐམས་ཅད་ལ་བདེ་བ་ཆེན་པོའི་མན་ངག་གི་གདེང་དང་ལྡན་པས་ཅི་དགར་ལོངས་སྤྱོད་པའོ། །ཕྱི་མ་འདིར་ཡུལ་ཤ་ལྔ་བདུད་རྩི་ལྔ་དང་། བུད་མེད་དང་། དགྲ་སོགས་ཡུལ་ལྔས་བསྡུས་པ་གང་ལ་སྤྱོད་ཀྱང་རང་བཞིན་དག་པའི་ཏིང་ངེ་འཛིན་ལས་སྐད་ཅིག་ཀྱང་མི་གཡོ་བ་གནད་དུ་བཟུང་དགོས་པས་བླ་ན་མེད་པའི་བག་ཡོད་ཀྱི་སྤྱོད་པ་ཡིན་ཡང་ཆགས་ཡུལ་དང་སྐྱུག་བྲོ་བའི་གནས་ངོ་ཚ་བའི་གནས་སོགས་གང་ལའང་འཛེམ་པ་སྤངས་པ་འདི་ལྟ་བུ་གྲོལ་ལམ་གྱི་དུས་སུ་རྩལ་འདོན་གྱི་ཆེད་གཉེར་མི་བྱེད་པས་བརྟུལ་ཞུགས་ཀྱི་དང་གྲོལ་ལམ་རང་ལམ་གྱི་སྣང་ཞེན་ཡུལ་མ་གྲུབ་པའི་རང་བཞིན་དག་པར་ངེས་པའི་ཕྱོགས་ལ་ཆེད་དུ་བཟུང་ནས་བག་དང་ལྡན་པར་བྱ་བས་བག་ཡོད་ཀྱི་སྤྱོད་པ་ཞེས་སོ་སོར་སྦྱར་རོ། །གསུམ་པ་ནི། བཀོད་པ་ལྷའི་རྟེན་བརྟེན་པ་བཀོད་པའི་འཁོར་ལོ་རིམ་དང་ཅིག་ཆར་གང་རུང་གིས་རྫོགས་པར་སྣང་བ་ལ་བཤད་དེ་ཐུགས་ཐིག་ལས་སོ། །དེ་ལ་སངས་རྒྱས་གསང་བས་མཛད་པའི་དཀྱིལ་འཁོར་སྒྲུབ་ཆོག་ཆོས་དོན་ལས། རང་བཞིན་དང་། ཏིང་ངེ་འཛིན་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་


MLP020_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་། རྒྱུད་ཕྱི་མ་ལས་སྐུ་རྣམ་སྣང་དང་གསུང་སྣང་མཐའ་ཐུགས་མི་བསྐྱོད་ཀྱི་དཀྱིལ་འཁོར་གསུམ་དང་། བི་མའི་འགྲེལ་ཆུང་ལས་དཀྱིལ་འཁོར་བཅུ་གཉིས་སུ་བཤད་པ་སོགས་ཡོད་ཀྱང་ཟུར་ལུགས་བརྒྱུད་པའི་བཀའ་སྲོལ་དུ་སྒྱུ་འཕྲུལ་བརྒྱད་ཅུ་པའམ་རྒྱས་པ་ལས། འདིས་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། །ཞེས་གསུངས་པ་ལྟར་དཀྱིལ་འཁོར་བདུན་དུ་འཆད་པར་མཛད་དེ། །དེ་ལ་དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལ་བི་མའི་ཁོག་གཞུང་ལས་གསུམ་དུ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་དབྱིངས་དོན་དམ་མམ་དབྱིངས་རང་བཞིན་ཉིད་ཀྱི་དང་། རྟོག་ཚོགས་ཐམས་ཅད་ཀྱི་སྣང་གཞི་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གནས་པ་ཡེ་ཤེས་གསལ་ཆ་ཡེ་ཤེས་དོན་དམ་ལ་རང་བཞིན་ལྷུན་གྲུབ་ཀྱི་དང་། ལམ་སྟོབས་ཀྱིས་རྟོགས་པ་མངོན་དུ་གྱུར་ཏེ་འབྲས་བུའི་དོན་དམ་ཕྱིར་གསལ་དུ་དབང་ཕྱུག་ཆེན་པོའི་འོག་མིན་དུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་རོ། །གཉིས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ནི་ལྷག་པ་ཀུན་རྫོབ་ཀྱི་ཕྱོགས་ནས་བཤད་པའི་དྲི་བཅས་ཀྱི་དཀྱིལ་འཁོར་ཡིན་ཏེ། དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་རྟོག་པ་ཕྲ་རགས་ཀྱི་རྣམ་པར་ཤར་འདི་དག་རང་བཞིན་དག་པའི་ལྷར་ཤར་བའོ། །གསུམ་པ་འབྲས་བུ་ཡོངས་དག་བཞིའི་ངོ་བོར་བལྟས་ནས་རྟེན་བརྟེན་པ་བསྒོམ་དགོས་པས་དྲི་བཅས་ཀྱི་དཀྱིལ་འཁོར་གྱིས་དྲི་མ་བྲལ་བྱེད་ལྷག་པ་གཟུགས་བརྙན་ནི། དགོས་པ་ལ་ལྟོས་ནས་དབང་གི་དང་། རབ་གནས་ཀྱི་དང་། སྒྲུབ་པའི་དང་། ཞི་སོགས་ལས་བཞིའི་ཕྲིན་ལས་ཀྱི་ཕྱིར་ཞི་ཁྲོ་སོགས་འདས་པའི་དཀྱིལ་འཁོར་དང་བཞི་སྟེ་གང་ཡང་རྡུལ་ཚོན་རས་བྲིས་ཚོམ་བུ་བློས་བསླང་སོགས་ལས་དཀྱིལ་འཁོར་གྱི་གཟུགས་སུ་བཞེངས་པའོ། །དེའང་དཀྱིལ་འཁོར་གྱི་བཞེངས་པའི་གྲུབ་དོན་གཅིག་ལ་ཆོ་གའི་ལས་རིམ་མང་པོས་ལྷག་པས་ན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཞེས་བྱའོ། །ལས་རིམ་ནི་མང་པོ་གང་ཞེ་ན། སངས་རྒྱས་གསང་བའི་སྒྱུ་འཕྲུལ་རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་དང་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་


MLP020_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ནོ༑ ༑ཞེས་པ་ལྟར། ས་བརྟག བསླང་། དབང་དུ་བྱ་བ། སྦྱང་བ། བྱིན་གྱིས་རློབ་པ། སྲུང་བ༑ ས་གཟུང་བ་དང་བདུན། ས་གཞི་མཉམ་པ་ཞེས་གཅིག་ཏུ་བགྲང་བ་དང་། དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གང་བྱེད་ཀྱི་ཚད་ངེས་པ་ཅན་དུ་བྱ་བ་དང་། ཐིག་གི་རྒྱུ། གྲོགས། ཚད། གྲངས། རབ་གནས། བཀའ་གཏེར་རང་རང་གི་གདབ་ཐབས། ཉེས་སྤང་དང་བདུན་ལ་ཐིག་ཆོག་ཅེས་གཅིག་ཏུ་བྱས་པ་དང་། རྒྱུ། གྲངས། རབ་གནས། འགྱེད་ལུགས། ཉེས་སྤང་སྟེ་ཚོན་གྱི་ཆོ་ག་ལྔ་དང་། འབྲི་བ་ཞེས་རྟེན་གྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གང་རུང་དུ་འབྲི་བ་དང་རྣམ་པ་ཞེས་ལྷའི་མཚན་མ་སྐུ་དང་ཡིག་འབྲུ་ཕྱག་མཚན་ཅི་རིགས་ཀྱི་རྣམ་པ་དགོད་པ་དང་། བུམ་པ་དང་སློབ་མ་དཀྱིལ་འཁོར་གསུམ་རབ་ཏུ་གནས་པ་དང་། འཆད་པར་འགྱུར་བའི་སྦྱིན་སྲེག་དང་། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་སློབ་མ་གཞུག་པ་དང་། ཞུགས་པའི་ཡོན་ཏན་རྣམས་ཏེ། དེ་དག་ཀྱང་སློབ་མ་ལ་དབང་བསྐུར་བའི་ཆེད་དུ་ཡིན་ན་ལམ་མོས་སྒོམ་གྱི་ཚུལ་གྱིས་གྲངས་དུས་མཚན་མའི་བསྙེན་པ་གང་རུང་རྫོགས་པ་སློབ་དཔོན་གྱི་བྱ་བ་དང་། ཚོགས་སྒྲུབ་ཀྱི་ཆེད་ཡིན་ན་བསྐྱེད་རྫོགས་གང་ཡིན་ཀྱང་ངེས་རྫོགས་ཀྱི་སྤྲོས་བཅས་མན་ཆད་བརྟན་པའི་སློབ་དཔོན་གྱིས་བྱ་དགོས་བ་ཡིན་ནོ། །བཞི་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། དངོས་སྣང་ཐམས་ཅད་མི་དམིགས་པའི་དབྱིངས་སུ་བསྡུས་ཏེ་རིག་པ་རྟོག་མེད་མ་བཅོས་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་བསྐྱེད་རིམ་གྱི་ཐོག་མའི་ཏིང་ངེ་འཛིན་དང་མཐར་བསྡུ་རིམ་གྱི་ཏིང་ངེ་འཛིན་ལྟ་བུའོ། །ལྔ་པ་ལྷག་པ་ཏིང་ངེ་འཛིན་ནི། མཚན་བཅས་ལྷ་སྐུ་སྒོམ་པའི་ཏིང་ངེ་འཛིན་ཏེ། བསྐྱེད་ཆོག་གི་བྱ་བ་མང་པོས་ལྷག་པས་ལྷག་པ་ཞེས་བྱའོ། །དེ་ལའང་། ཐུགས་རྗེ་ཞི་བའི་དང་། བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་གཉིས་ཡོད། འདི་དག་གི་ལས་རིམ་ཡང་ཟུར་ཙམ་བརྗོད་ན། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། གྲལ་ཚུལ་གྱི་ཕྱག་དང་། རྒྱུད་སྦྱང་བ། མཚམས་བཅད་པ། བཤགས་པ་བྱ་བ། དམ་བཅའ་བ། བྱིན་དབབ་པ། མཆོད་པ་བྱིན་བརླབ་སྟེ་ལས་བདུན་ནོ། །གཉིས་པ་ནི། ཁྱད་པར་གྱི་སེམས་བསྐྱེད་པས་མཚམས་སྦྱར་ནས་བསྐྱེད་ཆོག་དངོས་ལ་འཇུག་སྟེ། འདི་ནི་ལྷག་ཏིང་གི་སྒོམ་


MLP020_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཙོ་བོ་ཡིན་པས་ཅུང་ཟད་བཤད་པར་བྱ་སྟེ། དེ་ལ་གསུམ། ཏིང་འཛིན་རྣམ་གསུམ། དཀྱིལ་འཁོར་བསྐྱེད་པ། ལས་རིམ་གྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། དེ་བཞིན་ཉིད་སྟོང་པ་ཆེན་པོ་དང་། ཀུན་སྣང་སྙིང་རྗེ་སྒྱུ་མ་དང་། རྒྱུའི་ཏིང་འཛིན་རྩ་བའི་ཨ་དང་དེ་ལས་ཨ་སོགས་ཡི་གེ་ཕྲ་མོའི་སྤྲོ་བསྡུ་ལ་དམིགས་པ་རྣམས་སོ། །གཉིས་པ་ལ་རྟེན་དང་། བརྟེན་པ་སྒོམ་པ་གཉིས་ཀྱི་དང་པོ་ནི། འབྱུང་བ་རིམ་བརྩེགས་དང་། གཞལ་ཡས་ཁང་དང་། གདན་བསྐྱེད་པ་རྣམས་ཏེ་སྒྲུབ་ཐབས་བཞིན་ནོ། །གཉིས་པ་ལ། དང་པོར་བསྐྱེད་ཚུལ། བསྐྱེད་པའི་ལྷའི་རྣམ་པ། དབང་བསྐུར་ཞིང་བྱིན་གྱིས་བརླབ་པའོ། །དང་པོ་ནི། སྤྱིར་ལུགས་གསུམ་ལས་རྒྱུད་འགྲེལ་ཉི་སེང་མ་ལྟར་ན། ཐོག་མར་སེམས་བསྐྱེད་དེ། ཡུད་ཙམ་གྱིས་ཀུན་ཏུ་བཟང་པོར་བསྒོམས་ནས་འོག་གི་ཕྱོགས་སུ་ཡེ་ཤེས་ཀྱི་ས་གཞི་ནས་བཟུང་གཞལ་ཡས་ཁང་གདན་བཅས་བསྐྱེད། དེ་ལས་ཉི་ཟླའི་གདན་ལ་སེམས་སྐྱིལ་གྱིས་འདུག་པར་མོས་ལ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་དོན་གྱི་སྟོང་ཉིད་ཡེ་ཤེས། དེའི་ངང་ལས་རང་སེམས་ཨའི་ངོ་བོར་བསྒོམས་ནས་སྤྲོ་བསྡུས་ཨ་ལས་ཟླ་བ་ལ་མཚན་གྱི་ས་བོན་ཨ་ལི་ཉིས་འགྱུར་དང་། ཨཱ་རིང་ལས་ཉི་མ་ལ་དཔེ་བྱད་ཀྱི་ས་བོན་ཀ་ལི་ཉིས་རིམ་དུ་འགོད་པ་མེ་ལོང་ཡེ་ཤེས། དེ་དག་འོད་ཀྱི་གོང་བུ་གཅིག་ཏུ་འདྲིལ་བ་མཉམ་ཉིད་ཡེ་ཤེས། འོད་ཀྱི་གོང་བུ་དེ་ལས་ཧཱུྃ་དུ་གྱུར་ནས་དེའི་རྒྱུ་མཐུན་པའི་འབྲས་བུ་རྡོ་རྗེར་བྱིན་གྱིས་རློབ་པ་སོར་རྟོག་ཡེ་ཤེས། དེ་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོའི་སྐུར་བསྐྱེད་པ་བྱ་གྲུབ་ཡེ་ཤེས་ཏེ་ཆོ་ག་ལྔའོ། །དེ་ནས་ཡུམ་བསྐྱེད་དེ་བྱང་ཆུབ་སེམས་སྤྲིན་ལས་ལྷ་སོ་སོའི་སྐུ་བསྐྱེད་པ་རང་རང་གི་སྔགས་ཀྱིས་ཕྱིར་ཕྱུང་ནས་དཀྱིལ་འཁོར་དུ་འགོད་པར་མཛད་དོ། །བི་མ་ལའི་ལྷ་སྐུ་སྒོམ་པའི་མན་ངག་ལྟར་ན་གོང་དུ་བཤད་པའི་རྒྱུའི་ཡི་གེ་ལས་ཡི་གེ་ཞེ་གཉིས་སྤྲོས་ཏེ་སོ་སོའི་གདན་ལ་བཀོད་ནས་རྒྱུའི་ཨ་ཉིད་དེ་རྣམས་ལ་བསྟིམ་ཞིང་སྤྲོ་བསྡུ་བྱ་བ་ཡིག་འབྲུའི་ཆོ་ག་ཡི་གེ་རྣམས་ཞུ་བ་རྡོ་རྗེ་དང་འཁོར་ལོ་སོགས་ཕྱག་མཚན་ཞེ་གཉིས་སུ་གྱུར་པ་ལས་སྤྲོ་བསྡུ་བྱ་བ་ཕྱག་མཚན་གྱི་ཆོ་ག་ཕྱག་མཚན་རྣམས་ཡོངས་སུ་གྱུར་པ་ལས་དང་སོ་སོའི་བསྐྱེད་སྔགས་བརྗོད་


MLP020_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་སྐུར་བསྐྱེད་པ་སྐུ་རྫོགས་པའི་ཆོ་ག་སྟེ་རྡོ་རྗེ་གསུམ་གྱི་ཆོ་གས་བསྐྱེད་པ་ད་ལྟའི་ཞི་སྒྲུབ་སྨིན་གླིང་གི་ཕྱག་བཞེས་སུ་ཇི་ལྟར་འབྱུང་བ་བཞིན་ནོ། །དྲྭ་བ་ཆེ་ཆུང་གི་ལུགས་ནི་སྲས་གཉིས་ཀྱི་ཆོ་གས་བསྐྱེད་པ་སྟེ། དེ་ལ་བདག་སྲས་ནི་ཆོ་ག་གསུམ་གྱིས་ལྷ་ཞེ་གཉིས་བསྐྱེད་པའོ། །གཞན་སྲས་ནི། གཙོ་བོའི་ཐུགས་ཀ་ནས་བདག་ཉིད་འཁོར་བའི་ལུས་འཛིན་པ་ཞིག་ཤར་སྒོར་ཐོན་ནས་གསོལ་བ་བཏབ་པས་ལྷ་རྣམས་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་ཏེ་བདག་གི་ལུས་རྟོག་སྦྱངས་པས་འོད་ཀྱི་གོང་བུར་གྱུར་པ་ལ་སླར་ཡང་རྡོ་རྗེ་གསུམ་གྱི་འོད་ཟེར་བསྟིམས་པས་ཡི་གེ་གསུམ་དང་དེ་ཡང་ཧཱུྃ་དུ་བསྒྱུར། དེ་ཉིད་ཟླ་བའི་སྟེང་དུ་བཞག་པ་རླུང་དཀྱིལ་གྱིས་བཏེགས་ནས་ལྷ་ཚོགས་རྣམས་ལ་བསྐོར་བ་ལན་གསུམ་བྱས་ཏེ་གཙོ་བོའི་ཐུགས་ཀར་ཐིམ། ཡབ་ཡུམ་རོལ་པའི་རྗེས་ཆགས་ཀྱིས་བྱང་སེམས་སུ་ཞུ་བ་སྐུའི་དབྱིབས་བརྒྱུད། ཡུམ་མཁར་བབས་པའི་རྐྱེན་གྱིས་གཙོ་བོ་ཡབ་ཡུམ་འོད་དུ་ཞུ། འཁོར་རྣམས་ཀྱང་བདེ་བ་ཆེན་པོར་ཞུ་སྟེ་དབུས་ཀྱི་ཐིག་ལེར་ཐིམ་པས་འོད་ཀྱི་གོང་བུ་གཅིག་ཏུ་གྱུར། དེ་ཉིད་ཀྱངཧཱུྃ་མཱུྃ་དུ་གྱུར་པ་ལས་ཆོ་ག་གསུམ་གྱིས་རྡོར་སེམས་ཡབ་ཡུམ་བསྐྱེད། སྙོམས་པར་ཞུགས་ནས་ཡུམ་མཁར་སྤྲོ་བ་གསུམ་གྱི་དང་པོས་ཐིག་གདབ། གཉིས་པས་གཞལ་ཡས་ཁང་གདན་བཅས་སུ་རློབ། གསུམ་པས་ས་བོན་གྱི་ཡི་གེ་བསྐྱེད་ཅིང་དེ་དག་རང་རང་གི་སྔགས་ཀྱིས་ལྷར་བསྐྱེད་ནས་མདུན་མཁར་བཏོན། ཡི་གེ་གསུམ་གྱིས་སྐུ་བརྟས་པར་བྱ། སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་སྟེ་མི་བསྐྱོད་པ་གཙོ་བོ་ལ་བསྟིམ། གཞན་རྣམས་རང་རང་གི་གནས་སུ་དགོད་པར་བྱའོ། །འདི་ལྟར་བསྐྱེད་པའི་ཁུངས་ནི། རྒྱ་མཚོ་ལས། རང་བྱུང་དངོས་དང་མི་འགལ་ཞིང་། །འབྲས་བུ་ཉིད་ལ་ལམ་ཤེས་པས། །མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ཞེས་དང་། །མ་དག་པའི་རྣམ་ཅན་བདག་གང་གིས་ཤིན་ཏུ་དག་པ་སངས་རྒྱས་གང་ལ་གསོལ་བཏབ་པས། །སྦྱོར་མཚམས་ནས་ཐུགས་རྗེས་འོད་ཀྱི་བྱིན་བརླབས་ཀྱིས་སྒོ་གསུམ་གྱི་སྣང་ཞེན་བག་ཆགས་རིམ་པར་སྦྱངས་བྱས་ནས། །ཧཱུྃ་ཟླ་བ་བཅས་གཙོ་ལྷའི་ཐུགས་ཞུགས་བདག་དང་གཙོ་བོ་གཅིག་ཏུ་འདྲེས་ནས་


MLP020_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་དམན་མཆོག་ཏུ་སྣང་ཡང་དེའི་ཚེ་རང་དང་གཙོ་འཁོར་ཐམས་ཅད་དབྱེར་མེད་པ། །སངས་རྒྱས་ཀྱི་སྲས་སུ་བདག་གྱུར་ཏེ་དགོངས་པ་གཅིག་ལ་གནས། ཞེས་དང་། ལམ་ལ་བརྟེན་མ་བརྟེན་དང་ཐོབ་མ་ཐོབ་ཀྱི་འབྲས་བུའི་ཁྱད་པར་ལས། །སྒོ་གསུམ་གྱི་རྟོག་པའི་ཕུང་པོ་དེ་ཉིད་ཡེ་ཤེས་འོད་ལས་བྱུང་བས། །བྱིན་རླབས་ཀྱིས་ཤིན་ཏུ་དག་པའི་འབྲས་བུ་དངོས་འབྲེལ་བས། །བདེ་བར་གཤེགས་པའི་སྲས་ཚོགས་བསྒོམ། ཞེས་སོ། །དེའང་བདག་སྲས་ཞེས་ཕྲ་བའི་གཉུག་མའི་སྒོ་གསུམ་མམ་བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་ན་རང་བཞིན་སངས་རྒྱས་བདག་གི་སྲས་སུ་སྣང་ཚོད་ཀྱང་དག་པའི་དེ་བཞིན་གཤེགས་པ་བྱ་བ་དང་། རང་བཞིན་དག་པའི་ལྷ་མ་ཡིན་ན་འབྲས་བུ་ཡེ་ཤེས་ཀྱི་ལྷའི་སྲས་སུ་གྱུར་མི་ཆོག་པའི་ཕྱིར་རོ། །རང་བཞིན་དག་ཀྱང་དྲི་མ་འབྲལ་མ་ཐུབ་ན་སངས་རྒྱས་དང་རང་ཉིད་ཀྱི་བར་དུ་མ་དག་པས་ཆོད་ནས་རིགས་ནུབ་ཀྱང་དག་པའི་རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་ཞེས་ཆེན་པོ་སྨིན་གཏེར་སྐུ་མཆེད་རྣམས་གསུངས་པ་ལྟར་ཤེས་པར་བྱའོ། །དེའི་དོན་ཡང་སེམས་ཀྱི་གཉུག་མའི་གནས་ཚུལ་ནི་སངས་རྒྱས་ཡིན་ལ། རྒྱལ་བའི་དཀྱིལ་འཁོར་གང་བསྒོམ་ཀྱང་མ་དག་པ་འདི་སངས་རྒྱས་སུ་བལྟ་བ་མིན་རང་བཞིན་དག་པ་གཉུག་མའི་ཡེ་ཤེས་དེ་ཉིད་གཞིར་བཟུང་སྟེ་སྒོམ་པ་ལས་མ་འདས་ཤིང་། དེ་ལྟར་རང་བཞིན་དག་པ་དེ་ཉིད་ཤིན་ཏུ་དག་པ་འབྲས་བུའི་ངོ་བོར་བསྒོམས་པས་གཉུག་མ་རང་ཡིན་གྱི་ཡེ་ཤེས་སད་ཅིང་སྣང་བ་རིས་མེད་གཅིག་ཤར་བ་ལས་འཁྲུལ་བའི་དབང་གིས་གཉིས་མེད་གཉིས་ལྟར་སྣང་བའི་གློ་བུར་གྱི་ཕུང་པོའི་ཆ་རྣམས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྟིམས་ནས་སླར་དག་པ་དངོས་སུ་ཤར་བ་མིན་ཀྱང་བཅོས་ནས་ཤིན་ཏུ་རྣམ་དག་གི་ཕུང་ཁམས་ཀྱི་ཆ་ལས་མི་བསྐྱོད་པ་སོགས་རྒྱལ་བ་སྲས་དང་བཙུན་མོར་བཅས་པ་རང་འཆར་བ་ནི་བདག་སྲས་གཞན་སྲས་ལམ་རིམ་པ་གཉིས་ཀའི་ཁོག་སྡོམ་ཡིན་ལ། དེ་ལྟར་འབྲས་བུའི་སངས་རྒྱས་ལམ་དུ་གང་བྱེད་གཞིར་གནས་གདོད་མའི་སངས་རྒྱས་ཀྱི་གདུང་རིགས་ལས་བདག་གི་སྲས་སུ་སངས་རྒྱས་བྱས་ནས་བསྐྱེད་དགོས་པ་དང་། དྲི་བཅས་གནས་ལུགས་ཀྱི་གཞི་དེ་དྲི་མ་སྦྱང་ཕྱིར་འབྲས་བུ་ལམ་བྱེད་ཀྱི་གདུང་སྲས་སུ་བཟུང་བས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་པའི་རྒྱུ་མཚན་འདིའི་ཕྱིར་བདག་གི་སྲས་སུ་སངས་རྒྱས་དང་སངས་རྒྱས་ཀྱི་སྲས་སུ་བདག་བྱེད་པ་ཡིན་ཏེ་རྒྱ་མཚོའི་ལུང་དོན་ཡང་འདིས་ཤེས་སོ། །


MLP020_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གསང་བའི་སྒྱུ་འཕྲུལ་ཁྲོ་བོའི་སྒྲུབ་ཐབས་དམ་པ་རྒྱན་ལས་བདག་གཞན་གྱི་སྲས་གཉིས་ཀྱི་ཆོ་ག་ཁྲོ་བོའི་བསྐྱེད་ཆོག་ཏུ་སྦྱར་ནས་བཤད་པའང་ཁོག་འདི་ཉིད་ཡིན་ཏེ་ཡི་གེས་འཇིགས་ནས་མ་བཀོད་དོ། །གཉིས་པ་ནི། བཞུགས་ཚུལ། ལྷ་གནས། ཕྱག་མཚན། སྐུ་མདོག ཞི་ཚུལ། འོད་ཟེར་སོགས་ཏེ་ལེའུ་དྲུག་པ་བཞིན་ནོ། །གསུམ་པ་ནི། བྱིན་རླབས་དང་དབང་བསྐུར་གྱི་སྔགས་དང་ཏིང་ངེ་འཛིན་ལེའུ་བདུན་པ་རྩ་འགྲེལ་ལས་འབྱུང་བ་བཞིན་ནོ། །གསུམ་པ་ལའང་། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་ཞིང་བསྟིམས་ནས་མཆོད་པ་འབུལ་བ་དང་། བཤགས་པ་བྱ་བ་དང་། དངོས་གྲུབ་གསོལ་བ། དམ་བཅའ་བ། ཛཔ་བཟླ་བ་སྟེ་ལྔའོ། །གསུམ་པ་རྗེས་རིམ་ལའང་། ཚོགས་ཀྱི་མཆོད་སྦྱིན། བརྟན་མ་སྐྱོང་བ། བསྡུ་ལྡང་། གོ་བགོ་ལུས་བསྲུང་། སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་དང་ལྔའོ། །རྗེ་རོང་ཟོམ་ནི། སྣང་སྲིད་ཐམས་ཅད་གདོད་ནས་དག་པ་ལྷའི་རང་བཞིན་དུ་གནས་པ་ལ་སྤྱིར་དམིགས་ནས་སྒོམ་པ་ཏིང་ངེ་འཛིན་གྱི་དང་། རང་གིས་མངོན་པར་འདོད་པའི་དཀྱིལ་འཁོར་གང་ཡིན་ལ་བྱེ་བྲག་ཏུ་དམིགས་ནས་སྒོམ་པ་ལྷག་ཏིང་གི་དཀྱིལ་འཁོར་དུ་བཞེད་དེ། འདིས་ནི་ལྷག་པ་ཞེས་པ་གཙོ་བོར་རམ་ཁྱད་པར་དུ་ཞེས་པའི་སྟེང་ནས་འཆད་པར་མངོན་ནོ། །དྲུག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། རྩ་རླུང་ཐིག་ལེ་སྟེ། རྡོ་རྗེའི་ལུས་ལ་རྩ་དབུ་རྐྱང་རོ་གསུམ་དང་། དབུ་མ་ལས་གྱེས་པའི་སྤྱི་བོ་བདེ་ཆེན། མགྲིན་པ་ལོངས་སྤྱོད། སྙིང་ག་ཆོས། ལྟེ་བ་སྤྲུལ་པའི་འཁོར་ལོ་རྣམས་དང་། ལྟེ་འོག་མེ་དང་། གཤང་ཁ་རླུང་གི་འཁོར་ལོ་རྣམས་དང་། རླུང་རྩ་བ་ལྔ་དང་། ཡན་ལག་གི་རླུང་ལྔ་དང་། དེ་དག་གི་འཕོ་བ་བཅུ་དྲུག་ལ་སོགས་པའི་རྣམ་བཞག་སྒྱུ་འཕྲུལ་རྒྱ་མཚོ་དང་། གསང་བའི་སྙིང་པོ་ཁྲོ་བོ་སྟོབས་ཀྱི་རྒྱུད་དང་། དབང་གི་གལྤོ་ལ་སོགས་པ་ལས་གསུངས་པར་བཤད་ལ། རྒྱུད་འདིའི་སྒོས་ཆོས་སུ་ཆེ་ལོང་ཙམ་འབྱུང་བ་ནི། སྙིང་གའི་འཁོར་ལོར་ཆོས་ཉིད་ཀྱི་རྩ་གསུམ། ཡེ་ཤེས་ཀྱི་རྩ་གཅིག །རང་རྒྱུད་ཀྱི་རྩ་གསུམ། ཡོན་ཏན་གྱི་རྩ་གཅིག་རྣམས་འོད་བཞི་དབྱིབས་བཞིར་བཅས་པ་དང་། དེ་དག་གི་དབུས་ན་དྭངས་མ་ལྔའི་ཐིག་ལེ་དང་། ལྟེ་བ་དང་། མགྲིན་པར་གཏུམ་མོ་དང་། སྤྱི་བོ་ན་བདུད་


MLP020_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་ཐིག་ལེ། དབྱིངས་ཕྱུག་ལྔའི་ཐིག་ལེ་སོགས་ཀྱི་མིང་ཅན་ཡོད་ཚུལ་ཐལ་རྒྱུད་དང་དབང་གི་གལྤོ་དང་གསང་ཐིག་སོགས་ལས་གསུངས་པ་རྣམས་བརྟེན་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མིང་རྟེན་རྩ་ཐིག་རླུང་རྣམས་ལ་བཏགས་སོ། །བདུན་པ་ཚོགས་ཀྱི་དཀྱིལ་འཁོར་ནི། ཁོག་གཞུང་ལས། སྐལ་ལྡན་མིའི། འབྱོར་ལྡན་ཡོ་བྱད་ཀྱི། དགྱེས་ལྡན་ལྷའི་ཚོགས་གསུམ་ཚིག་ཟིན་དང་། སོགས་སྒྲས་བསྟན་པ་ཚོགས་ཆེན་པོ་སྟེ་བཞིར་བཤད་དོ། །དང་པོ་ནི། རྣལ་འབྱོར་མཆོག་དང་ལྡན་པའི་སྐྱེ་བོ་ཕོ་མོ་ཚོགས་ཤིང་འདུས་པ་སྟེ། བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ༑ ༑རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། ཞེས་སོ། །གཉིས་པ་ནི། ཁྱད་པར་གྱི་ཡོ་བྱད་ལྔ་ལ་སོགས་པ་ཚོགས་པ་སྟེ། དེ་ཉིད་ལས། རྣལ་འབྱོར་ཡོ་བྱད་ཚང་བས་ནི། །བདེ་བ་ལོངས་སྤྱོད་ཚོགས་སུ་བཤད། །ཅེས་སོ། །གསུམ་པ་ནི། དེ་ལས། དམ་ལྡན་རྣམས་ཀྱི་ཁྲོད་ན་ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཅེས་གསུངས་ཏེ། ཚོགས་འདི་དངོས་ནི་ཡེ་ཤེས་ལྷའི་དཀྱིལ་འཁོར་སྤྲུལ་པ་ཕྱག་བརྙན་དང་བཅས་པ་ཡིན་ལ། བཏགས་པ་བ་དངོས་གྲུབ་ཀྱི་རྟེན་དུ་དེ་དག་གི་གཟུགས་བརྙན་བཀོད་པ་དང་། སེམས་ཀྱིས་བརྟགས་ནས་བསྒོམ་པའང་ཡིན་ནོ། །བཞི་པ་ནི། བདག་དང་ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤེས་ནས་སྤྱད་པས་བསོད་ནམས་དང་། སྤྱོད་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་གོང་ནས་གོང་དུ་རྫོགས་པ་སྟེ། དེ་ཉིད་ལས། ཚོགས་ཡོ་བྱད་ཐམས་ཅད་ནང་ནས་ཕར་ཤར་བའི་སྤྱོད་པ་ལ་ཞེན་པས་མི་འཛིན་པ། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པས། །ཚོགས་ཆེན་པོར་ནི་ངེས་པར་བཤད། །ཅེས་སོ། །སྐལ་ལྡན་མིའི་ཚོགས་སོགས་དེ་ལྟར་ཚོགས་དཀྱིལ་ཞེས་པའི་བཏགས་པ་ཙམ་གྱི་རྣམ་གྲངས་ཀྱིས་དབྱེ་བའི་ཚོགས་ཀྱི་རྣམ་གྲངས་དེ་ལྟར་ཡོད་ཀྱང་ཚོགས་ཀྱི་དཀྱིལ་འཁོར་དངོས་ནི། དཀྱིལ་འཁོར་གྱི་ཁང་པར་རྟེན་གྱི་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་ཏེ་སྒྲུབ་ཁང་དེར་ལྷ་གྲངས་དང་མཉམ་པའི་ཚོགས་སྒྲུབ་ཀྱི་རྣལ་འབྱོར་པ་རྣམས་ལྷའི་ཆས་སུ་ཞུགས་ཏེ་གཙོ་བོའི་ལྷ་གནས་སུ་རྡོ་རྗེ་སློབ་དཔོན་ཡབ་ཡུམ་དང་འཁོར་གྱི་ལྷ་གནས་སུ་འཁོར་གྱི་རྣལ་འབྱོར་ཕོ་མོ་བྲང་སྤྲད་དུ་འདུག་པའམ་འདུག་


MLP020_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པར་མོས་པ་གང་རུང་ལ་བྱ་སྟེ། དེ་ལའང་རྣལ་འབྱོར་པ་སོ་སོས་ལྷ་སོ་སོར་ང་རྒྱལ་བཞག་ནས་སྒྲུབ་པ་དང་། རྣལ་འབྱོར་པ་རེ་རེ་ཞིང་གཙོ་བོའི་ང་རྒྱལ་ལ་གནས་དངོས་སུ་ཡོད་པའམ་མོས་པ་གང་ཡིན་ཀྱང་གཞན་རྣམས་འཁོར་གྱི་རྣམ་པར་གསལ་ཏེ་སྒྲུབ་པའི་ཚུལ་གཉིས་ཡོད་པར་གསུངས་སོ། །དཀྱིལ་འཁོར་བདུན་བཤད་པའི་དོན་མཇུག་བསྡུ་བའི་དོན་ནི་དེ་ལ་རང་བཞིན་གྱི་དཀྱིལ་འཁོར་དང་པོ་གཉིས་ནི་ལྷག་པ་དོན་དམ་པའི་དཀྱིལ་འཁོར་དང་། ཕྱི་མ་གཅིག་ནི་དེ་བསྒྲུབས་གཞི་མཐར་ཐུག་ཏུ་བཟུང་སྟེ་འབྲས་བུ་ལམ་བྱེད་ཀྱི་དམིགས་པ་ཡིན་ལ། གཟུགས་བརྙན་ནི་རོལ་པ་འགགས་པ་མེད་པའི་ལྷག་པ་ཀུན་རྫོབ་ཀྱི་དཀྱིལ་འཁོར་དང་། ལྷག་པ་གཟུགས་བརྙན་ནི་རང་ཞི་ཁྲོའི་གཟུགས་བརྙན་གྱི་རྫས་དཀྱིལ་གང་དུ་ཕྱི་འཇུག་དང་ནང་འཇུག་གང་གིས་ཞུགས་ན་ཀུན་རྫོབ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་ལོངས་སྐུའི་དང་སྟོང་གཟུགས་ཀྱི་དཀྱིལ་འཁོར་མཚོན་བྱའི་དོན་དེར་ཞུགས་པར་འགྱུར་བའི་མཚོན་བྱེད་ཀྱི་མཚན་མའི་རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་ནི་སྟོང་ཕྱོགས་ཀྱི་དཀྱིལ་འཁོར་སྒོམ་པའི་ཐོག་མའི་ཏིང་འཛིན་དང་མཐར་བསྡུ་བའི་དམིགས་པ་ལྟ་བུའི་རྣལ་འབྱོར་དང་། ལྷག་ཏིང་ནི་སྣང་ཕྱོགས་ཀྱི་དཀྱིལ་འཁོར་སྒོམ་པའི་རྣལ་འབྱོར་དང་། བྱང་སེམས་ནི་ཕུང་པོ་གྲུབ་ཙམ་ནས་རང་བཞིན་མ་བཅོས་པའི་དཀྱིལ་འཁོར་བདེ་ཆེན་ལ་དངོས་སུ་འཇུག་པའི་ཕྱིར་གནད་དུ་བསྣུན་པའི་ཡུལ་རྩ་ཐིག་རླུང་གསུམ་དང་། ཚོགས་དཀྱིལ་ནི་དངོས་གྲུབ་མཆོག་གི་དོན་དུ་སྒྲུབ་པ་པོ་ཡ་གྱལ་ཉུང་ངུའི་ནུས་པ་ལ་མང་པོ་ཚོགས་པའི་ནུས་པས་སྟོངས་གདབ་ལ་ཚོགས་ཀྱི་དཀྱིལ་འཁོར་པའམ་ལྟ་སྤྱོད་མི་མཐུན་པ་ལ་ལས་མི་ཆགས་ཞེས་འདུལ་བ་ལས་གསུངས་པ་ལྟར་གཙོ་བོར་བདེ་ཆེན་གྱི་ཀུན་སྤྱོད་གཅིག་པའི་གྲོགས་མང་པོ་ལ་བརྟེན་ནས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པར་བྱེད་པའོ། །བཞི་པ་དབང་ནི། སྒེག་རྡོར་གྱི་ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་དབང་ཐོབ་པའི་ཡན་ལག་བསྙད། །དྲུག་ཚོགས་དོན་ལ་གནས་པའི་ཐོབ་བྱ་དེ། །དབང་གི་ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་པས། རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་འབྲས་ཆོས་སྐུ་བཞིའི་གོ་འཕང་གི་ཆོས་གདུལ་བྱའི་རྒྱུད་ལ་དབང་སྐལ་འཇོག་པའི་དབང་གི་བྱེད་ལས་ཀྱིས་འབྲས་དབང་གི་དུས་དང་གཞི་དབང་ཨིནྡྲ་བྷུ་ཏི་ལྟ་བུ་ལ་ཡེ་ཤེས་དངོས་སུ་སྐྱེས་པའམ་གཞན་ལ་སྐྱེ་ངེས་ཀྱི་ནུས་པ་ཅི་རིགས་ཐོབ་


MLP020_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལ་དབྱེ་ན། རྩ་རྒྱུད་དུ་ཕན་ནུས་ཟབ་མོའི་དབང་གསུམ་གསུངས་པ་བཤད་རྒྱུད་རྡོ་རྗེ་ལས་ལྔར་ཕྱེ་ནས་གསུངས་ཏེ། དང་པོ་ས་བོན་འཇོག་པ་སྟེ། །གཉིས་པ་ནུས་པ་སྐྱེད་པ་ཡིན། །གསུམ་པ་ཉམས་མྱོང་སྐྱེད་པའོ། །བཞི་པས་དེ་ཉིད་བརྟན་པར་བྱེད། །ལྔ་པས་བརྟན་པ་ཉམས་ལོན་པས། །མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ། །ཅེས་སོ། །རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་ཕན་ནུས་གཉིས་སློབ་དཔོན་གྱི་དབང་ཞེས་གཅིག་ཏུ་བགྲངས་ནས་བཞིར་གསུངས་ཏེ། སློབ་དཔོན་གྱི་དབང་གཙོ་བོ་དང་གཞན་རྣམས་དེའི་འཁོར་ཡིན་པ་ལ་དགོངས་ནས་སོ། །དེ་ལ་ཕན་དབང་ནི་བཅུ་སྟེ་ཀུན་མཁྱེན་གྱིས་བདུད་རྩི་ལྔ་ལ་གསུངས་ཤིང་། ཟུར་ལུགས་པས་རིགས་ལྔའི་ཕྱག་མཚན་ལྔ་ལ་སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ་ཞི་བ་ཞེ་གཉིས་ལྷ་ཙཀ །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་རྒྱུད་ཀྱི་དངོས་བསྟན་ཞི་བའི་ཕན་དབང་ཡིན་ལ། ཁྲོ་བོ་ལ་ནི། གདན་དང་ལྷ་དབང་ཕྱག་མཚན་དང་། །ཆས་བཅུ་སྒྲུབ་རྫས་བཅོ་ལྔ་སྟེ། །ཞེས་ཕན་དབང་ཉེར་བརྒྱད་དུ་བཤད་དོ། །ཕན་དབང་བཅུ་པོ་དེ་དག་ཕལ་ཆེར་འཇིག་རྟེན་ན་རྒྱལ་པོ་ཆེན་པོའི་བུ་རྒྱལ་སར་དབང་བསྐུར་བ་ན་སྟེང་དུ་གདུགས་དང་གཡས་གཡོན་དུ་རྒྱལ་མཚན་བསྒྲེང་། བུམ་ཆུས་སྤྱི་བོ་ནས་བླུགས་དབུ་རྒྱན་དང་ཅོད་པན་རྒྱན་ཕྲེང་བཏགས་ནས་མིང་བཏགས་པ་སོགས་བྱིན་ནས་བྱེད་པ་དང་ཚུལ་མཐུན་པར་བཞག་པ་དཔེར་ན་དུས་འཁོར་ནས་བྱིས་པ་ལྟར་འཇུག་པའི་དབང་བདུན་ཞེས་གསུངས་པ་ལྟ་བུར་མངོན་ནམ་སྙམ་ཡང་སྒྱུ་འཕྲུལ་སྔ་རབས་སྔ་མ་རྣམས་ཀྱིས་བཤད་པ་མ་མཐོང་བས་ཁ་ཚོན་མི་ཆོད་དོ། །ནུས་དབང་ནི། ཉན་སྒོམ་གཉིས། འཆད་ཕྲིན་གཉིས། རྡོ་རྗེ་རྒྱལ་པོའི་དབང་དང་ལྔ་སྟེ། ཕྱི་མ་གསུམ་པོ་འདི་ལས་གཞན་རྣམས་སློབ་དཔོན་གྱི་དབང་མཚན་ཉིད་པ་མ་ཡིན་ཡང་དབང་བཞིའི་ཡ་གྱལ་གྱི་དང་པོ་བུམ་དབང་ངམ་སློབ་དཔོན་དབང་ཡིན་པར་རྒྱུད་ཕྱི་མར་སློབ་དཔོན་གསང་བ་སོགས་ཀྱི་སྐབས་བརྗོད་ཟིན་ལ། འཆད་ཕྲིན་རྒྱལ་པོ་གསུམ་པོའི་ཡང་རྡོ་རྗེ་རྒྱལ་པོའི་དབང་གཙོ་བོ་དང་འཆད་ཕྲིན་དེའི་འཁོར་དུ་བཤད་དེ། དེས་ན་རྡོ་རྗེ་རྒྱལ་པོའི་དབང་གི་འཁོར་


MLP020_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སློབ་དཔོན་གྱི་དབང་མཚན་ཉིད་པ་ཡིན་མིན་གཉིས་ཡོད་དོ། །ཟབ་དབང་གསུམ་ནི་གསང་ཤེར་ཚིག་དབང་གསུམ་སྟེ། ཤེར་དབང་ལ་འདིར་ཡེ་ཤེས་རང་གནས་དང་། དབང་བཞི་པ་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཞེས་ཀྱང་གསུངས་སོ། །དབང་དེ་དག་ཐམས་ཅད་ལ་རྒྱུ་གཉིས་དང་རྐྱེན་བཞི་རེ་ཡོད་པའི་དང་པོ་རྒྱུ་གཉིས་ལས། མཚུངས་ལྡན་གྱི་རྒྱུ་ནི། སློབ་བུའི་རྒྱུད་ལ་དང་པོ་ལུས་གྲུབ་ཙམ་ནས་དབང་སོ་སོའི་རྗེས་སུ་མཐུན་པའི་ཆོས་རེ་ཡོད་པ་དེ་ཡིན་ཏེ༑ ཕན་དབང་དང་སྦྱར་ན། གོང་དུ་སྨོས་པའི་གོ་རིམ་ལྟར་ནང་གི་བདུད་རྩི་ལྔ་དང་། རྣམ་ཤེས་ཚོགས་བརྒྱད་དང་། རྩ་གནས་ཐིག་ལེས་གང་བ་དང་། རྩ་རོ་རྐྱང་གཉིས་དང་། དྷཱུ་ཏིའི་ནང་ན་ཐིག་ལེ་སོ་གཉིས་གནས་པ་དང་། ལུས་རྩའི་དྲྭ་བས་ཁེབས་པ་དང་། ཕོ་མོའི་དབང་པོ་དང་། སྤྱི་བོའི་རྩ་འཁོར་དང་། རྟོག་ཚོགས་ལྷའི་ངོ་བོར་གནས་པ་དང་། ལོངས་སྤྱོད་འཁོར་ལོའི་ཐིག་ལེ་རྣམས་སུ་ཐལ་བ་ལས་གསུངས་ཤིང་། ནུས་དབང་གི་མཚུངས་ལྡན་ནི་རིམ་བཞིན། རྣ་བའི་འདོམ་རྩའི་སྒྲ་ཉན་བྱེད་ཀྱི་ཐིག་ལེ་དང་། སྙིང་གའི་དྲན་བྱེད་ཀྱི་དང་། ལག་པའི་སྐྱོད་བྱེད་ཀྱི་དང་། ལྕེའི་སྨྲ་བྱེད་ཀྱི་དང་། ཡན་ལག་ལྔའི་སྐྱོད་བྱེད་རེག་ཤེས་ཀྱི་ཐིག་ལེ་རྣམས་དང་། ཟབ་དབང་གསུམ་གྱི་ནི། གསལ་སྟོང་གི་མཚུངས་ལྡན་སྙིང་ཀ་གཙོ་བོར་གྱུར་པའི་ལུས་གནས་བདེ་བའི་རྟེན་གྱི་ཉེ་རིང་གི་དྭངས་མའི་ཐིག་ལེ་དང་ཁྱད་པར་འོད་རྩའི་ཐིག་ལེ་དང་། བདེ་སྟོང་མི་རྟོག་པའི་འོད་གསལ་གྱི་མཚུངས་ལྡན་འོད་གསལ་མི་རྟོག་པའི་ཡེ་ཤེས་དང་། ཟུང་འཇུག་ཐམས་ཅད་རང་སྣང་དབྱེར་མེད་རྟོགས་པའི་ཡེ་ཤེས་ཀྱི་མཚུངས་ལྡན་བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་དེ་དག་གདོད་ནས་རང་ཆས་སུ་བཞུགས་པ་རྣམས་གོ་རིམ་བཞིན་ནོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་སྟེ། དབུ་རྒྱན་དང་ཕྲེང་བ་རིན་འབྱུང་གི །ཅོད་པན་མཐའ་ཡས་དང་རྡོར་སེམས་ཀྱི། གོ་ཆ་དོན་གྲུབ་ཀྱི། རྒྱལ་མཚན་དང་གདུགས་མི་བསྐྱོད་པའི་ཕྱག་རྒྱ་ནི་ཀུན་མཁྱེན་ཆེན་པོའི་རིགས་ལྔའི་ཕྱག་མཚན་ལ་བཞེད་ཀྱང་འདིར་དཀྱིལ་འཁོར་བའི་སྐུ་གཟུགས་ཏེ་ལྷ་རང་རང་གི་རབ་གནས་ཏེ་བླ་མས་དང་པོ་ནས་སོ་སོར་གསལ་ཡོད་པའི་ཕྱིར་བུམ་ཆུ་རིགས་ལྔ་ཀའམ། བཟའ་བཏུང་རྣམ་སྣང་གི། སྙིང་པོ་ལྔ་ནི་ཀུན་མཁྱེན་བདུད་རྩི་ལྔ་ལ་བཞེད་ཀྱང་འདིར་རིགས་


MLP020_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ས་བོན་ཏེ་གང་ལྟར་ཡང་རིགས་ལྔ་སོ་སོར་རབ་གནས་ཅན་ནོ། །དེ་དག་ཀྱང་སྔོན་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་དུས་ཙམ་རབ་གནས་བྱས་པ་ཙམ་གྱིས་མི་ཆོག་གི །དུས་དེར་གང་ལ་དབང་བསྐུར་བ་དེའི་ཆེད་དུ་རབ་གནས་བྱས་པ་དགོས་སོ། །དབང་རྫས་གང་དུ་འགོད་པའི་གཞིའི་མཚན་མའི་དཀྱིལ་འཁོར་ཡང་ལྷན་ཅིག་བྱེད་རྒྱུར་འཇོག་པའམ་ཡང་ན་བདག་རྐྱེན་གྱི་ཕྱོགས་སུ་བཞག་པར་བྱ་སྟེ་བརྟག་གོ །དེ་བཞིན་དུ་ནུས་དབང་གི་དབང་རྫས་ཀྱང་། གླེགས་བམ་རིན་འབྱུང་གི་དང་། ཕྲེང་བ་ཡི་དམ་གང་ཡིན་གྱི་དང་། རྒྱ་གྲམ་དོན་གྲུབ་ཀྱི་དང་། འཁོར་ལོ་དུང་སོགས་མཐའ་ཡས་ཀྱི་དང་། རྡོར་དྲིལ་རིགས་ལྔ་སྤྱི་འདུས་ཀྱི་རབ་གནས་ཅན་རྣམས་དང་། གསང་དབང་ལ་རྡོ་རྗེ་སློབ་དཔོན་གྱི་ལྷན་སྐྱེས་ཀྱི་བདེ་བས་ལྷག་པར་གནས་པའི་བདུད་རྩི་དང་། གོང་མ་གཉིས་ལ་བྱིན་གྱིས་བརླབས་པའི་ཚིག་དབང་ལ་རིག་མ་གཏད་པ་གཞན་ནས་བཤད་པ་མེད་ཀྱང་འདིའི་སྒོས་ཆོས། བཅུ་དྲུག་དང་། བཅུ་གཉིས་མའི་ཕྱག་རྒྱ་མའོ། །རྐྱེན་བཞིའི་དང་པོ་རྒྱུའི་རྐྱེན་ནི་ཁོག་གཞུང་ལས། དད་དང་བརྩོན་འགྲུས་གསུམ་ལྡན་དང་། །བརྟུལ་ཞུགས་གསུམ་ལྡན་སློབ་མ་ལ། །ཞེས་པ་ལྟར་དབང་གི་སྣོད་དུ་རུང་བའི་སློབ་མ་སྟེ། ཕན་དབང་གི་སྣོད་དད་པ་ཅན་དང་། ནུས་དབང་ལས་ཉན་སྒོམ་གྱི་སྣོད་བདག་དོན་ནུས་པའི་དད་འདུན་གྱིས་གཞིར་བྱས་ནས་དངོས་སུ་སྦྱོར་བའི་སྤྲོ་བའི་བརྩོན་འགྲུས་དང་། འཆད་ཕྲིན་གྱི་གཞན་དོན་ནུས་པའི་དང་། རྡོ་རྗེ་རྒྱལ་པོའི་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་གསུམ་དང་། གསང་དབང་གི་བདུད་རྩི་ལྔ་སོགས་གཙང་སྨེ་གཉིས་འཛིན་མི་རྟོག་པའི་ངེས་པ་ཆེར་ཐོབ་པས་བཅོམ་ནས་སྤྱོད་པའི་དང་། ཤེར་དབང་གི་གཟུངས་མ་རིག་པའི་བདེ་བས་ཆགས་སྲེད་རང་སར་གྲོལ་བའི་དང་། དབང་བཞི་པའི་སྣོད་རིག་པའི་ཡེ་ཤེས་གཅིག་ཏུ་རྟོགས་པའི་མཉམ་པའི་བརྟུལ་ཞགས་ཅན་ཏེ་གསུམ་རྣམས་སོ། །འདིར་བསྟན་དད་པ་ཅན་ནི་སྔགས་ཀྱི་ཐེག་པ་ལ་ཡིད་ཆེས་པ་སྟེ། ཐེག་ཆེན་པའི་གང་ཟག་ནི་རྫོགས་བྱང་དོན་གཉེར་མེད་ན་མི་འོང་བས་དེའི་རྟེན་དུ་ཚེ་འདིའམ་སྔ་མར་ཐེག་ཆེན་སྤྱིའི་ལམ་ལ་བློ་སྦྱང་བའང་དགོས་སོ། །ནུས་དབང་གི་སྣོད་ལ་དད་པ་དེའི་སྟེང་དུ་རྒྱུད་ཉན་སྒོམ་སོགས་ལ་དངོས་སུ་འཇུག་པའི་བརྩོན་འགྲུས་སམ་སྤྲོ་ཤུགས་ལྷག་པ་དང་། ཟབ་དབང་ལ་དེ་གཉིས་ཀའི་སྟེང་དུ་བརྟུལ་ཞུགས་


MLP020_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ཡང་ལྡན་པ་སྣོད་དུ་དགོས་ཞེས་པ་ཡིན་གྱི། ཕན་དབང་མ་གཏོགས་པའི་སྣོད་ལ་དད་པ་ཅན་མི་དགོས་པ་སོགས་མིན་ནོ། །བརྟུལ་ཞུགས་གསུམ་ནི་རིམ་བཞིན། བདེ་བ་ཆེན་པོའི་ལམ་ལ་མོས་པ་བརྟན་པས་བདུད་རྩི་ལྔ་ལ་གཙང་དམེའི་རྟོག་པ་ཟིལ་གྱིས་མནན་ནས་དངོས་སུ་སྤྱོད་ནུས་པ་དང་། ཆགས་རྟོག་རང་དགའ་བ་ཟིལ་གྱིས་མནན་ནས་རིག་མའི་བདེ་བ་ལམ་དུ་བྱེད་ནུས་པ་དང་། དེའི་སྒོ་ནས་བདེན་གཉིས་དབྱེར་མེད་མཉམ་པ་ཆེན་པོའི་དོན་ལ་དངོས་སུ་འཇུག་ནུས་པ་སྟེ་གསུམ་ལ་བྱེད་ཅེས་གསུངས་ཏེ། གཙོ་བོར་དངོས་དབང་གི་སྣོད་ལ་དགོངས་སོ། །གཉིས་པ་བདག་པོའི་རྐྱེན་ནི། ལེའུ་དགུ་པར། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་པའི་སྐབས་ལྟར་བསྙེན་པ་ཚད་དུ་འཁྱོལ་བ་སོགས་མཚན་ཉིད་དང་སློབ་མ་རྗེས་འཛིན་ལ་ཡོན་ཏན་དེས་རང་སྟོབས་ཀྱིས་བསྐྱང་ནུས་པའི་བདག་རྐྱེན་ལྡན་པའི་སློབ་དཔོན་ཏེ་དེ་ལས་གཞན་གྱིས་དབང་སྐུར་ལོ་བྱས་ཀྱང་སློབ་མའི་རྒྱུད་སྨིན་མི་ནུས་ཤིང་བདག་ཉིད་ཆོས་སྤང་གི་ལས་ཀྱིས་ངན་འགྲོར་ལྟུང་ཞིང་རྣམ་པར་སུན་འབྱིན་པར་གསུངས་སོ། །གསུམ་པ་དམིགས་རྐྱེན་ནི། དབང་རྫས་དང་སྔགས་དང་ཏིང་ངེ་འཛིན་གསུམ་ཚོགས་པའི་ནུས་པ་ཁྱད་པར་ཅན་ཏེ། དེ་ལ་ཏིང་ངེ་འཛིན་ནི། སློབ་མ་ལྷར་གསལ་བའི་གནས་ལྔར་སྙིང་པོ་ལྔ་བཀོད་པ་རིགས་ལྔར་བསྐྱེད་དེ་བྱིན་གྱིས་བརླབས་པས་ཁམས་ལྔ་རིགས་ལྔར་དག་པར་དང་། དབུ་རྒྱན་གྱིས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པར་དང་། བུམ་པས་རིགས་ལྔའི་ཆུ་རྒྱུན་གྱིས་ཉོན་མོངས་པའི་དྲི་མ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་དང་། ཅོད་པན་དམར་པོ་རྣ་གཡོན་ནས་ཡར་འདེགས། མཐིང་ག་རྣ་གཡས་ནས་ཐུར་དུ་དཔྱང་བའི་རྟེན་འབྲེལ་གྱིས་ཡོན་ཏན་རྫོགས་ཤིང་གདུག་པ་འདུལ་བ་དང་། །ཕྲེང་བས་གཟུངས་ཏིང་སོགས་ཚེ་དབང་ནས་རྡོར་འཆང་བར་གྱི་འབྲས་ཆོས་རྫོགས་པ་དང་། གོ་ཆས་རྒོལ་བས་མི་ཚུགས་པར་དང་། རྒྱལ་མཚན་གྱིས་ལོག་ལྟ་ཅན་ཟིལ་གྱིས་གནོན་པར་དང་། གདུགས་ཀྱིས་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་དང་། ཕྱག་རྒྱས་རྟོག་པ་ལྷའི་ངོ་བོར་དག་པ་དང་། བཟའ་བཏུང་གིས་འདོད་ཡོན་ཡེ་ཤེས་སུ་རོལ་པའི་མཐུ་ཐོབ་པར་བསམ་པ་རྣམས་ཕན་དབང་གི་དགོངས་པ་ཡིན་ལ། དེར་མ་ཟད་དཀྱིལ་འཁོར་པའི་ལྷ་རྣམས་ཀྱང་


MLP020_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དགོངས་པ་མཛད་པར་དམིགས་དགོས་ཏེ། ཕན་དབང་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལས་ཐོབ་པར་བཤད་པའི་གོ་དོན་ཡང་དེའི་སྟེང་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལ་དགོངས་ནས་ཕན་དབང་གི་མཚམས་སྦྱོར་དུ་ཡང་སློབ་དཔོན་གཙོ་བོ་ལས་གཉིས་པར་ཆད་དེ་དེ་ཉིད་གྱིས་དཀྱིལ་འཁོར་བསྐོར་ཞིང་བསྟོད་ནས་དབང་བསྐུར་བའི་དོན་དུ་དགོངས་ཤིང་བྱིན་གྱིས་རློབ་པར་གསོལ་བ་འདེབས་ཚུལ་འབྱུང་བ་ཡིན་ནོ། །ནུས་དབང་གི་ཏིང་ངེ་འཛིན་ནི། སློབ་བུའི་མཚུངས་ལྡན་གྱི་རྒྱུ་རྣམས་ཀྱི་གནས་སུ་དབང་རྫས་རབ་གནས་ལ་བཤད་པའི་རིགས་གང་ཡིན་གྱི་ཚོམ་བུའི་དཀྱིལ་འཁོར་གསལ་སྤྲོ་བསྟིམས་ནས་སློབ་མ་རིགས་བཞིའི་གཙོ་བོ་དང་ཀུན་ཏུ་བཟང་པོར་བྱིན་གྱིས་རློབ་པའོ། །ཟབ་དབང་གསུམ་ལས། གསང་དབང་ལ་ཉི་ཟླ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་སྐུ་ཕྲ་མོ་ཏིལ་གོང་ཕྱེ་བ་ལྟ་བུར་གྱུར་པ་སྙིང་གའི་འཁོར་ལོ་ལ་བསྟིམས་པས་དེ་ན་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས་ནས་སེམས་ཉིད་འོད་གསལ་གྱི་དཀྱིལ་འཁོར་དུ་བསྒྱུར་བ་དང་། ཤེར་དབང་ལ་ཕྱག་རྒྱའི་ཐབས་ཀྱིས་མཚོན་པའི་དཔེའི་ཡེ་ཤེས་རྟོགས་པ་དང་། དབང་བཞི་བར་མས་བརྟན་གྱི་དགའ་བའི་མཐའི་ལྷན་སྐྱེས་ལ་བརྟེན་ནས་བདེན་གཉིས་ཟུང་འཇུག་གི་དཀྱིལ་འཁོར་མཐར་ཐུག་ངོ་སྤྲོད་པའི་དགོངས་པའོ། །སྒྱུ་འཕྲུལ་ཐལ་བ་ལས་དབང་བཞི་པ་བསྐུར་དུས་དགའ་བཞི་མཚན་དཔེ་དང་མངོན་ཤེས་དྲུག་ལྡན་དུ་ངོ་སྤྲོད་ཚུལ་གསུངས་ཤིང་། དེ་འདྲ་དེ་མདོ་ཕྱོགས་ནས་བླ་མ་བསུ་སྐྱེལ་སོགས་དང་མངོན་ཤེས་ཀྱི་རྒྱུ་གཟུགས་སྒྲའི་དམིགས་པ་རང་གི་ལུས་འདི་འདྲ་བ་ལ་སེམས་འདི་འདྲ་བ་གནས་ཞེས་གཞན་ལ་དཔག་སྟེ་རྣམ་གནས་ཡིད་བྱེད་ཀྱིས་མཚན་དཔེ་དང་མངོན་ཤེས་སྒྲུབ་པའི་ཕྱོགས་དང་ཐུན་མོང་མ་ཡིན་པར་བཞིན་ལག་གི་མཚན་དཔེ་དང་། ཐུགས་མངོན་ཤེས་གཉིས་ཡེ་ཤེས་གཅིག་གི་བདག་ཉིད་ཅེས་ཀུན་མཁྱེན་ཆེན་པོ་བཞེད་དེ། མདོར་ན་སློབ་མས་སྟོང་པ་མི་རྟོག་པ་དང་སྣང་བ་ཐམས་ཅད་རང་སྣང་དུ་མོས་པ་བརྟན་པར་བྱས་ཡོད་པ་དེ་ཉིད་སྔར་ཐབས་གྲོལ་དུ་བཤད་པའི་སྟོང་གཟུགས་ཀྱི་ཡེ་ཤེས་ཀྱང་སྐུ་དང་མི་འགྱུར་བའི་བདེ་བའི་ཐུགས་གཉིས་ངོ་བོ་གཅིག་ཏུ་གྱུར་པའི་ཟུང་འཇུག་གི་གོ་འཕང་ངོ་སྤྲོད་པར་གསལ་ལ། དེ་ལྟར་ངོ་སྤྲོད་བྱེད་ཀྱི་དགའ་བཞི་དངོས་ནི་


MLP020_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་བསླང་གི་འབྲས་དབང་གསུམ་བསྐུར་བས་དགོངས་པ་དབྱེར་མེད་དུ་གྱུར་པའི་འཁོར་ལ་རྒྱུད་གསུང་བར་གླེང་བ་ཞེས་པའི་ཐད་དང་བསྒྲིགས་ན་མས་བརྟན་ལ་བྱེད་དགོས་པར་མངོན་ཏེ། དེའི་སྟེང་ནས་ངོ་སྤྲོད་ཚུལ་ནི། ད་ལྟ་དབང་དུས་སུ་སྐྱེས་པའི་དགའ་བཞི་འདི་དག་གི་རྒྱུན་གོམས་པ་ལས་ཡས་བབས་ཀྱི་དགའ་བ་བཞི་གནས་སྐབས་བཅུ་དྲུག་དང་། ཡབ་ཡུམ་གྱི་རྟེན་གྱི་དབྱེ་བའང་ཡོད་ཀྱང་འདིར་དཀར་དམར་རྟེན་གྱི་དབྱེ་བ་སུམ་ཅུ་རྩ་གཉིས་ཡེ་ཤེས་ཀྱི་རོ་ཉམས་ཡེ་ཤེས་ལྔ་ལྔའི་བརྒྱད་ཅུ་མཚན་དཔེའི་རྒྱུ་ཚོགས་ཀྱི་གྲངས་ཚང་གི་ནུས་པ་ཐམས་ཅད་པ་ཡིན་ཞེས་པ་དང་དེ་ལས་བྱུང་བའི་མས་བརྟན་གྱི་དེ་འདྲའི་ཡེ་ཤེས་མཚན་དཔེ་དང་མངོན་ཤེས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་བ་ཡིན་ཞེས་བླ་མས་ངོ་སྤྲད་ནས་མཚོན་པར་བྱེད་པ་སྟེ། ད་དུང་རྡོ་རྗེ་ལས་རིམ་ལས། མས་བརྟན་གྱི་བདེ་ཆེན་ཉིད་ཕ་རོལ་ཕྱིན་པ་བཅུ་དང་ས་བཅུ་དང་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་སོགས་ལྟར་མང་དུ་སྤྲོ་བར་བྱའོ། །བཞི་པ་དེ་མ་ཐག་རྐྱེན་ནི། དབང་བཞི་སྤྱི་དང་བྱེ་བྲག་དེ་དག་གོ་རིམ་འཆོལ་བར་བསྐུར་དུ་མེད་ཀྱི། སྔ་མ་སྔ་མས་གོ་ཕྱེ་ནས་གདོད་ཕྱི་མ་ཕྱི་མ་བསྐུར་དགོས་པས་ཟབ་དབང་གི་དེ་མ་ཐག་རྐྱེན་ནུས་དབང་དང་། ནུས་དབང་གི་དེ་མ་ཐག་རྐྱེན་ཕན་དབང་ཡིན་པ་སོགས་ཕན་དབང་ཡང་སྔ་ཕྱི་རིམ་པར་ཏེ། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་མི་རུང་བ་འདིའི་ཡང་ལུགས་ཡིན་པས་ཕན་དབང་དང་པོའི་དེ་མ་ཐག་རྐྱེན་དཀྱིལ་འཁོར་དུ་འཇུག་པ་ལ་བཞག་དགོས་པ་སོགས་ཀྱང་འདོད་ཆོག་གམ་སྙམ་མོ༑ ༑དེ་ལྟར་ན་དབང་བསྐུར་ཡུལ་སྤྱིར་ས་ཆུ་མེ་རླུང་གི་ཁམས་དང་བྱེ་བྲག་རྩ་ཐིག་གཉིས་བསྣན་པས་ཁམས་དྲུག་ལྡན་གྱི་རྟེན་ཅན་མིན་ན་མཚུངས་ལྡན་གྱི་རྒྱུ་མ་ཚང་། དབང་རྫས་མ་ཚོགས་པའམ་ཚོགས་ཀྱང་ལྷག་གནས་མ་བྱས་ན་ལྷན་ཅིག་བྱེད་རྒྱུ་མ་ཚང་། སྔོན་དུ་སློབ་བུའི་རྒྱུད་སྦྱངས་ཤིང་སྨིན་པ་མ་སོང་ན་རྒྱུའི་རྐྱེན་དང་། སློབ་དཔོན་གྱིས་སྔོན་དུ་བསྙེན་པ་སོགས་མ་སོང་ན་དཀྱིལ་འཁོར་གྱི་ལས་ལ་མི་དབང་བས་བདག་པོ་དང་། ཡུལ་བླ་མ་རྟེན་སློབ་མ་དེ་དག་འཛོམ་ཡང་སློབ་དཔོན་གྱིས་རྫས་སྔགས་སེམས་མི་གཡེང་བའི་ཏིང་འཛིན་ཚང་བར་འདུ་མ་བྱས་པ་དང་། བྱས་ཀྱང་སློབ་བུས་དེ་ལ་ཡིད་གཏད་ནས་མོས་པ་མ་བསྒོམ་ན་བླ་སློབ་གང་རུང་གིས་མ་དམིགས་ན་


MLP020_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་རྐྱེན་དང་སྔགས་དང་རྫས་མ་ཚང་ན་དམིགས་རྐྱེན་དུ་འགྲོ་བའི་ཡན་ལག་དང་། དབང་གི་གོ་རིམ་འཁྲུགས་ཤིང་བར་དུ་འགའ་ཞིག་ཆད་ན་དེ་མ་ཐག་རྐྱེན་མ་ཚང་བར་འགྱུར་ལ། ཤིང་རྟ་འཕང་ལོ་ཉམས་པ་ལྟར་རྒྱུ་ཚོགས་ཀྱི་ཡན་ལག་མ་ཚང་ན་དགོས་པ་བྱེད་མི་ནུས་པས་ཐམས་ཅད་ཚང་བ་གཅེས་སོ། །དེ་ལྟར་ཚང་བ་ལས་ལག་རྗེས་ཀྱི་ཁྱད་པར་གང་དང་གང་འབྱུང་བ་ནི༑ ཕན་དབང་གིས་སྤྱིར་གསང་སྔགས་ཀྱི་རིགས་སུ་ངེས་པར་སྔགས་ཀྱི་རིགས་སུ་ངེས་པ་ཡིན་ན་སྔགས་པ་ཡིན་མི་དགོས་ཏེ་ཐེག་ཆེན་སངས་རྒྱས་ཀྱི་རིགས་ཅན་ཡིན་ན་སངས་རྒྱས་ཡིན་མི་དགོས་པ་བཞིན་ནོ་བྱེད་ཅིང་ཕྱི་རྒྱུད་རང་གི་དབང་མ་ཐོབ་ཀྱང་རྣལ་འབྱོར་མན་ཆད་ཀྱི་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་ཙམ་མཉན་པ་ལ་དབང་བ་དང་། ཉན་སྒོམ་གྱི་དབང་གིས་ནང་ལུས་ལ་ལྷ་ཚོགས་སངས་རྒྱས་སྟོང་སོགས་རྒྱས་པར་བཀོད་པའི་ཕྱི་ནང་ཐམས་ཅད་ལྷར་སྣང་བའི་སྣང་བྱེད་ཀྱི་བསྐྱེད་རིམ་སྔགས་བཟླས་སྤྲོ་བསྡུ་སོགས་ཉན་སྒོམ་ལ་དབང་བར་བྱེད། ནུས་དབང་ལྷག་མ་གསུམ་གྱིས་སློབ་དཔོན་གྱི་གོ་འཕང་སྦྱིན་པར་མཚུངས་ཀྱང་འཆད་ཕྲིན་གཉིས་ཀྱིས་རྒྱུད་འཆད་པ་དང་། ལས་ཕྲ་མོ་ནད་ཞི་བ་ཚེ་བསོད་རྒྱས་པ་སོགས་སྒྲུབ་པ་ཙམ་ལ་དབང་བར་བྱེད་ལ། ཞི་རྒྱས་དབང་དྲག་གི་ལས་བྱེད་པ་ཙམ་ཕྱི་ནང་གཉིས་ཀའི་ཐུན་མོང་ཡིན་པས་དེ་ཙམ་གྱིས་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་དུ་གྱུར་པ་མིན་ཞིང་། རྡོ་རྗེ་རྒྱལ་པོའི་དབང་གིས་དཀྱིལ་འཁོར་ཀྱི་ལས་རབ་འབྱམས་ལ་དབང་བར་བྱེད་པས་མི་འདྲའོ། །གསང་དབང་གིས་ཐབས་ལམ་ལ་སྦྱར་ན་སྟེང་སྒོའི་རྫོགས་རིམ་མམ་རང་ལུས་ལ་གནད་དུ་བསྣུན་པ་ལ་དང་། ཤེར་དབང་གིས་འོག་སྒོའི་ལམ་མམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་ལ་དབང་བསྒྲུབ་པར་གསུངས་ཏེ། གྲོལ་ལམ་དང་སྦྱར་ན། གསང་དབང་གི་ལམ་རྫོགས་རིམ་པའི་སྟོང་ཆེན་སོགས་ཏིང་ངེ་འཛིན་དང་པོ་བཞི་དང་། ཤེར་དབང་གི་ལམ་ཚོགས་སྒྲུབ་ནས་འཇོག་པ་འདྲ་ཞིང་། གང་ལྟར་ཡང་གསང་ཤེར་གྱི་དབང་ཐ་དད་རེ་ཡོད་ཀྱང་དབང་བཞི་པས་གསང་ཤེར་གྱི་ལམ་དུ་ཐོབ་པའི་ཡེ་ཤེས་དེ་དག་འཕགས་ལམ་གྱི་ངོ་བོར་གྱུར་པའི་འགྱུར་མེད་ཀྱི་བདེ་བར་སོང་བའི་སྒོ་ནས་ཤིན་ཏུ་བརྟན་པར་བྱེད་དེ། དབང་བཞིའི་ལམ་གྱི་རྟོགས་པ་སོ་སོར་ངེས་པར་བཤད་པ་འདི་དག་ཐོག་མར་སྐྱེ་བ་ལ་གོ་རིམ་གྱི་ངེས་པ་ཡོད་ཀྱང་། གཞན་ལྟར་བུམ་གསང་ལམ་སྐབས་ཐ་དད་ཀྱི་འགལ་བར་


MLP020_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཞེད་དེ་གསང་དབང་གི་ལམ་པ་དང་བུམ་དབང་གི་ལམ་པ་འགལ་བ་སོགས་མི་བཞེད་དམ་སྙམ་དུ་སེམས་མོད་ཀྱི་སྔར་བསྐྱེད་པའི་རྫོགས་པ་དང་རྫོགས་པའི་བསྐྱེད་པ་ཞེས་བཤད་པའི་ཕྱིར་ཟབ་མོའི་གནས་ལ་ཁ་ཚོན་མི་ཆོད་པས་གཟུར་གནས་མཁས་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ། །དབང་དེ་རྣམས་སྔར་མ་ཐོབ་པ་གསར་དུ་ཐོབ་པའི་ཕྱིར་མ་སྨིན་པ་སྨིན་བྱེད་ཀྱི་དབང་དུ་བསྐུར་ན་རྒྱུའི་དབང་ཞེས་བྱ་ལ། སྨིན་ཟིན་གྱི་ནུས་པ་གོང་འཕེལ་དུ་བྱ་བའི་ཕྱིར་དང་། རྩ་ལྟུང་བྱུང་ནས་སྔགས་སྡོམ་སླར་གསོ་བའི་ཆེད་དུ་བླ་མ་ལས་ནོད་པའམ་རང་ཉིད་ལེན་པ་ནི་ལམ་གྱི་དབང་དང་། མཐར་ལམ་པས་རིགས་བདག་དྲུག་པ་དངོས་ལས་ནོད་པ་ནི་འབྲས་བུའི་དབང་ཞེས་བྱའོ། །ལྔ་པ་དམ་ཚིག་ནི། སྟོན་པ་རྡོ་རྗེ་འཆང་གིས་ཕྱི་རོལ་པའི་དྲང་སྲོང་སོགས་ཀྱིས་བཅས་པའི་ཁྲིམས་ཡིན་པར་བཅད་ཁྲིམས་སུ་བཅས་རང་བཞིན་བར་མའི་དགེ་བ་བཅད་ཤིང་། སྔགས་པ་རྣམས་ཀྱིས་བསྲུང་བྱར་གྱུར་པའི་ཉན་རང་སོ་བྱང་གི་ཐུན་མོང་གི་སྡོམ་པ་བཅད་བསླབ་གཞི་རྣལ་འབྱོར་རྒྱུད་མན་ཆད་ལས་ཀྱང་ལྷག་དཔྱད་པར་བརྟན་པ་བཅད། ཁྱད་པར་ཅན་ལས་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། རྒྱུད་ཕྱི་མ་ལས། སྔགས་ཀྱི་དག་ཚིག་གང་ཞིག་ལྟུང་བ་འབྱུང་བའི་རྒྱུ་གཞི་སོགས་ཀྱི་ཉེན་ནན་ཏན་བྱས་ཏེ་གནས་གཅིག་ལས་མི་འགོང་བར། །ཉིན་པར་མ་ཟད་རྨི་ལམ་དུ་ཡང་གཞི་གཅིག་ལ་ངེས་པར་བྱེད་པའི་དམ་ཚིག་བརྗོད། །ཉེས་པའི་ཚོགས་ལས་བ སྲུང་བར་དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་གསུངས་པ་ལྟར་རང་གི་ལུས་སྐུ་རྡོ་རྗེ་ངག་གསུང་རྡོ་རྗེ་སེམས་ཐུགས་རྡོ་རྗེ་གསུམ་གྱི་བརྟུལ་ཞུགས་སམ་ཉམས་ལེན་ལ་གནས་པའི་ཆ་ནས་དམ་ཚིག་དང་། དེ་དག་གི་འགལ་ཟླ་སྣང་ཞེན་ངན་པའི་རྒྱུད་མི་མཐུན་ཕྱོགས་ལས་སྡོམ་པའི་ཆ་ནས་སྡོམ་པའང་ཡིན་ནོ་དམ་སྡོམ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དོ། །དེ་སྲུང་བ་ལ་དང་པོར་བླ་མ་ལས་སྔགས་སྡོམ་ཐོབ་པ་མེད་དུ་མི་རུང་ཞིང་། དེ་ལ་ཐོབ་པའི་དུས་མཚམས་ཤེས་ནས་ཐོབ་བློ་སྐྱེ་བ་གལ་ཆེ་སྟེ། དུས་མཚམས་ནི་སྔོན་གྱི་སྒྱུ་འཕྲུལ་མཁན་པོ་རྣམས་དངོས་གཞི་དབང་གི་སྔ་རོལ་དུ་དང་པོར་སྟ་གོན་སྐབས་ཐུན་མོང་གི་སྡོམ་བཟུང་དང་། དེ་ནས་ཁྱད་པར་གྱི་སྡོམ་བཟུང་ལན་གསུམ་རེ་བརྗོད་པའི་མཐའ་ལ་སྐྱེ་བར་བཞེད་ཡང་ན་དངོས་གཞིའི་དབང་གི་སྦྱོར་བ་ཕྱི་འཇུག་ལྟ་བུའི་སྐབས་སུ་སྡོམ་བཟུང་སྐབས་ཐོབ་ཅེས་པའི་གོ་ཚུལ་གཉིས་སུ་གསུངས་ཀྱང་། ཟུར་ཕྱི་རབས་པ་ཤཱཀྱ་སེངྒེ་ནས་ལོ་


MLP020_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བར་ལུགས་འདིར་སངས་རྒྱས་གསང་བའི་རྡོ་རྗེ་ལས་རིམ་ལས། །སྒོ་གསུམ་གྱི་རང་བཞིན་གནས་གསུམ་དུ་འབྲུ་གསུམ་སྐུ་གསུང་ཐུགས། །གཟི་བྱིན་ལྡན་པར་བྱིན་བརླབས་ལ། །དམ་ཚིག་སྡོམ་པ་མཆོག་ཅེས་བཤད། །ཅེས་པ་ལྟར་དཀྱིལ་འཁོར་དུ་འཇུག་པའི་སྐབས་སྐུ་གསུང་ཐུགས་ཀྱི་དམ་ཚིག་བྱིན་པ་ཉིད་སྡོམ་བཟུང་དུ་བཞེད་པས་དེའི་མཐར་སྐྱེ་བ་ཡིན་ནོ། །དེ་ལ་དམ་པ་ཁ་ཅིག་ནི། སྡོམ་བཟུང་གི་དུས་སུ་སྔགས་སྡོམ་གྱི་ཆ་ཤས་ཞིག་ཐོབ་ཀྱང་སྔགས་སྡོམ་མཐའ་དག་དེར་བཟུང་བ་ནི་མ་ཡིན་ཏེ། ད་དུང་དབང་སོ་སོའི་ངོ་སྐལ་གྱི་སྡོམ་པ་མི་འདྲ་བ་མང་པོ་བཟུང་དགོས་པའི་ཕྱིར་ཞེས་གསུངས། འཇིགས་གླིང་གིས། དབང་བཞི་ཐོབ་པས་རིག་འཛིན་སྡོམ་པ་རྫོགས། ཞེས་པ་ལྟར་ཡིན་ལ། ཁ་ཅིག་ནི། སྔགས་སྡོམ་ལ་རིས་མི་འདྲ་བ་མང་པོ་མེད་ཀྱི་གཅིག་ཏུ་ཟད་ལ། དེ་ཁས་བླང་གིས་བཟུང་བའི་མཐར་ཐོབ་ཀྱང་དབང་བསྐུར་དང་མ་འབྲེལ་བའི་ཁས་བླང་གི་བརྗོད་པ་ལན་གསུམ་ཙམ་གྱིས་འཐོབ་པ་མིན་ཞིང་། ཁས་བླང་གིས་ཐོབ་པའི་འོག་ཏུ་དབང་རྣམས་བསྐུར་བས་སྡོམ་རྒྱུན་གོང་འཕེལ་དུ་འགྲོ་བ་ཡིན་ཞེས་གསུང་ངོ་། །ཐུན་མོང་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ལུས་དབུལ་གསུམ་གྱི་སྐབས་སུ་སྐྱེ་བར་ལོ་ཆེན་སྡོམ་ཊིཀ་ལས་བཤད་ཀྱང་དམ་ཚིག་གསུམ་བཀོད་དང་བསྟུན་ན་རུང་ཙམ་སྣང་ཡང་འདིའི་སྐོར་དུ་དེ་ལྟར་བཤད་པ་མ་མཐོང་ངོ་། །སྤྱིར་དམ་ཚིག་གི་རྣམ་གྲངས་མཐའ་ཡས་ཀྱང་བསྡུ་ན་རྩ་བ་དང་ཡན་ལག་གཉིས་སུ་འདུ་ལ། དེའང་རྒྱུད་གཞུང་འདི་ཉིད་ལས་གྲགས་པ་ལྟར་ན། རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་བཅུའོ། །དང་པོ་ནི། ལེའུ་བཅུ་དགུ་པ་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །སྒྲུབ་དང་སྲུང་བའི་དམ་ཚིག་མཆོག །ཅེས་གསུངས་པ་ལྟར། བླ་མེད་མི་སྤང་བ། བླ་མ་བཀུར་བ། སྔགས་རྒྱ་རྒྱུན་མི་གཅོད་པ༑ མཆེད་ལ་བྱམས་པ། གསང་བ་མི་སྨྲ་བ་སྟེ་ལྔ་ལས། དང་པོ་ནི། བླ་ན་མེད་པའི་བྱང་ཆུབ་སངས་རྒྱས་ཀྱི་རང་བཞིན་སྣང་སྟོང་གཉིས་མེད་ཀྱི་དབྱིངས་དང་ལྷུན་གྲུབ་ཀྱི་ཡེ་ཤེས་གྱི་སེམས་བསྐྱེད་པའམ་བསྐྱེད་ཚུལ་ཡང་བྱང་ཆུབ་ཆེན་པོར་སངས་རྒྱས་ཀྱི་ལྷག་པའི་བདེན་གཉིས་དབྱེར་མེད་ངོ་བོར་བལྟས་ནས་འབྲས་བུ་


MLP020_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བྱེད་ཀྱི་ཚུལ་དུ་སེམས་བསྐྱེད་པ་གསལ་བཀྲ་ལས། དུས་གསུམ་རྒྱུན་དུ་མ་དྲན་ན། ཐེག་ཆེན་སྔགས་པར་ཇི་ལྟར་ཚུད། །ཅེས་པ་ལྟར་དུས་དྲུག་ཏུ་དྲན་ནས་མི་སྤོང་བ་སྟེ། སེམས་ཀྱི་རང་བཞིན་དག་པ་གཉིས་ལྡན་བྱང་ཆུབ་ཏུ་རྟོགས་པའི་ལྟ་བ་གཞིར་བཟུང་སྟེ་ཏིང་ངེ་འཛིན་གྱིས་རྒྱུན་དུ་གོམས་པར་བྱེད་པ་ལས་མི་འདའ་བའོ། །བླ་མེད་བྱང་ཆུབ་སེམས་དེ་ལ་སེམས་ཉིད་སྤྲོས་བྲལ་གྱི་ངང་ལ་མཉམ་པར་འཇོག་པ་དོན་དམ་སེམས་བསྐྱེད་བསྐྱེད་རྫོགས་གཉིས་ཀྱི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལྟ་བུ་དང་། དེ་གོམས་པས་བསྐྱེད་རྫོགས་གཉིས་ཀྱིས་བཅོས་པ་དང་ཤར་བ་གང་རུང་གིས་ཅིར་སྣང་སེམས་ཉིད་ཀྱི་རྣམ་རོལ་རྒྱལ་བའི་དཀྱིལ་འཁོར་ཉག་གཅིག་ཏུ་ཤེས་པ་ཀུན་རྫོབ་སེམས་བསྐྱེད་གཉིས་ཡོད་དེ། རིམ་བཞིན་ཟབ་པ་དང་རྒྱ་ཆེ་བའི་སེམས་གཉིས་སོ། །གདུལ་བྱ་སེམས་ཅན་རྣམས་ཀྱི་སྣང་ཚུལ་ལ་ཞེན་ཅིང་ལོག་པར་གྱུར་ཡོད་བཞིན་པ་ལ་སེམས་དེ་གཉིས་མཐར་ཕྱིན་པར་གདུལ་བྱས་མྱུར་དུ་འགྲུབ་པའི་ཆེད་དུ་སངས་རྒྱས་རྣམས་ཀྱིས་རང་གི་ཐུགས་རྒྱུད་ཤིན་ཏུ་རྣམ་དག་གི་བདེན་གཉིས་ཟུང་འཇུག་ཆོས་སྐུའི་ཡེ་ཤེས་འོག་མིན་གྱི་ཡེ་ཤེས་རྟེན་བརྟེན་པའི་རྣམ་པར་རོལ་པ་ལྷའི་རྣམ་པར་ཤར་ཞིང་བྱིན་གྱིས་བརླབས་པ་ཡིན་ཏེ། མ་དག་པའི་རྣམ་པ་འདིའི་སེམས་ཅན་རྣམས་འཁྲུལ་བའི་གཞི་བྱེད་པས་ན། དེ་ལས་ལོག་པའི་དམིགས་བྱ་དག་པའི་རྣམ་པར་རོལ་པ་ཞིག་དངོས་སུ་སྟོན་ཅིང་སྤྲུལ་པ་ཡིན་པ་ལ་དེ་ལྟར་ཤེས་ནས་བསྒོམ་ན་བླ་མེད་བྱང་ཆུབ་ཀྱི་སེམས་གཉིས་ཀ་དེར་འདུ་བར་སྔོན་གྱི་མཁས་གྲུབ་དག་གིས་གསུངས་ཏེ། འདིར་ཀུན་རྫོབ་བྱང་སེམས་གཙོ་བོར་སྒོམ་པའི་ཚེ་ཡང་སྣང་བ་རང་རྒྱུད་པ་མ་ཡིན་པར་ལྷག་པ་ཀུན་རྫོབ་ཅེས་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་དུ་སྒོམ་པས་དོན་དམ་སེམས་བསྐྱེད་ཀྱི་སྙིང་པོ་ཅན་སྣང་བའི་ལྷ་ལ་སྟོང་པའི་ཡེ་ཤེས་ཀྱིས་སྲོག་ཤིང་བྱས་ནས་བསྒོམ་པ་ཡིན་ལ། དོན་དམ་སེམས་བསྐྱེད་ལ་མཉམ་པར་འཇོག་པ་ན་ཡང་ཐ་མལ་པའི་དངོས་སྣང་ཀ་བུམ་སོགས་འདི་དག་གི་རང་བཞིན་མེད་དགག་གི་སྟོང་པར་སྒོམ་པ་དང་མི་འདྲ་སྟེ་དེ་ལ་བདེན་གྲུབ་ཀྱིས་དག་པར་བལྟ་བ་ཡོད་ཀྱང་མ་དག་པ་ལ་དག་པར་བལྟ་བ་མེད་པས་འདིར་དེ་དང་མི་འདྲ་བར་དག་པའི་དཀྱིལ་འཁོར་སྤྲོས་པ་ཐམས་ཅད་ཚུར་དོན་དམ་འོད་གསལ་གྱི་ཐིག་ལེ་གཅིག་ཏུ་བསྡུས་ནས་སྣང་བ་ཐམས་ཅད་ཀྱི་རང་བཞིན་དགག་བྱ་གཉིས་དང་བྲལ་བའི་བདག་ཉིད་སྤྲོས་བྲལ་སྒོམ་པ་ཡིན་པས་ཀུན་རྫོབ་སེམས་བསྐྱེད་ཀྱི་སྙིང་པོ་ཅན་བྱས་ནས་བསྒོམ་པ་ཏེ། ཚུལ་དེ་ལྟ་བུས་བྱང་


MLP020_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་གཉིས་མཉམ་བཞག་གི་བློ་ངོར་རེས་འཇོག་མེད་པས་སྐད་ཅིག་ཙམ་ཡང་ཡ་བྲལ་དུ་མ་སོང་བའི་སྒོ་ནས་ཚོགས་གཉིས་རླབས་པོ་ཆེ་བསྡུ་བ་ལ་བསླབ་པར་བྱའོ། །གསང་བ་བླ་མེད་འདིར་བཅས་མཚམས་བྱང་ཆུབ་སེམས་གཉིས་ཟུང་འཇུག་ཏུ་སྦྱོང་བའི་ཐུན་མོང་མ་ཡིན་པ་འདི་ལྟ་བུ་ཡོད་པ་ལ་དགོངས་ནས། རྒྱུད་ཉིད་ལས། གསང་སྔགས་ལམ་ལ་གནས་པ་དེ། བདེ་གཤེགས་ཉིད་ཀྱི་བདེན་གཉིས་དབྱེར་མེད་མཁྱེན་པའི་སྤྱོད་ཡུལ་ལམ་དུས་ནས་སྣང་གནས་མཐུན་པའི་ཚུལ་ལ་ཞུགས་ཏེ། །མི་མཐུན་ཕྱོགས་ཀྱི་སྣང་ཞེན་གྱིས་འཇིགས་མེད་སྤྱོད་པ་ཀུན་ཏུ་བཟང་པོར་མིག་འཕྲུལ་བཞིན་དུ་སྦྱོར། །ཞེས་དམ་ཚིག་བསྲུང་ན་སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག་པ་དང་ཀུན་ཏུ་བཟང་པོའི་རྒྱལ་སྲིད་ལག་མཐིལ་ན་གནས་པ་ལྟ་བུར་གསུངས་པ་ཡིན་ཏེ། སོ་ཐར་འདུལ་བྱང་སྡོམ་འདུས་པའི་ཆེ་བ་དང་། སྤྱོད་སྒོ་ཡངས་པའི་ཆེ་བ་བཤད་པ་རྣམས་ཀྱང་གནད་འདི་ལ་གཏུག་དགོས་པར་དམ་བསྒྲགས་ཀྱི་སྐབས་ལས་ཤེས་ཤིང་། རྩ་བའི་དམ་ཚིག་ལྷག་མ་བཞི་ཡང་ལོ་ཏོག་བསྲུང་བ་ལ་ར་བ་བྱེད་པར་ལྟར་འདིའི་ཆེད་དུ་བཅས་བསྐྱེད་འཕེལ་གྱི་ཐབས་ཅི་རིགས་པར་སྣང་ངོ་། །གཉིས་པ་ནི། བཀུར་བའི་ཡུལ་ལ་བདེ་འདུས་ཞི་རྒྱུད་ལས། རྒྱུད་འགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་པ་ལྟར། དབང་བསྐུར་བ། རྒྱུད་འཆད་པ། སྙིང་པོའི་དོན་གྱི་མན་ངག་སྟོན་པ་སྟེ། རྡོ་རྗེ་ཐེག་པའི་ཆོས་ཀྱི་བཀའ་དྲིན་ནོད་པའི་བླ་མ་གང་ཡིན་ཡང་སངས་རྒྱས་ཐམས་ཅད་དང་མཉམ་པར་བལྟས་ནས་དངོས་པོ་ཐམས་ཅད་ཀྱིས་མཆོད་པ་ལ་བརྩོན་པའོ། །བླ་མ་སངས་རྒྱས་ཐམས་ཅད་དང་མཉམ་ཚུལ་ནི། སངས་རྒྱས་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་ཞུགས་ནས་དགོངས་པ་གཅིག་གིས་སློབ་མའི་རྒྱུད་བྱིན་གྱིས་རློབ་པར་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཞལ་གྱིས་བཞེས་པ་ཡིན་ཏེ། འདི་ཉིད་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན༑ ༑ཕྱི་རྒྱུད་དང་། ནང་རྒྱུད་གཞན་སོགས་རིང་བའི་དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །བཅས་པའི་ཉེས་པ་ཐམས་ཅད་དག་པར་འགྱུར། །ཞེས་སོགས་མང་ངོ་། །དེ་ལ་དགོངས་ནས་སངས་རྒྱས་མཉམ་སྦྱོར་ལས་ཀྱང་། བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་ལེགས་མཆོད་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །


MLP020_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་སོགས་སྔགས་ཀྱི་ཐེག་པས་འགྲོ་བ་རྣམས་ལ་ཚོགས་མྱུར་དུ་རྫོགས་པར་བྱེད་པའི་ཐབས་འདི་དང་མཉམ་པ་གཞན་མེད་པར་ཡང་ཡང་གསུངས་ཏེ༑ མཆོད་པས་བསྙེན་བཀུར་ཚུལ་ལ། རྙེད་བཀུར་གཉིས་དང་ཁྲུས་བཀུ་མཉེ་རིམ་གྲོ་བཀའ་བཞིན་སྒྲུབ་པ་སོགས་སྒོ་མང་པོ་ཡོད་དོ། །བཀུར་ཡུལ་གཙོ་བོའི་དབང་དུ་བཏང་ན་ཞི་རྒྱུད་ལས་བཤད་པ་དེ་ལྟར་ཡིན་ཀྱང་། སྤྱིར་བླ་མ་བཀུར་ཞེས་པའི་བླ་མ་ལ་གསང་སྔགས་སྟོན་པ་ལས་གཞན་སོར་བྱང་གི་གདམས་པ་སྟོན་པའི་བླ་མ་ཡང་ཡོད་པ་མི་འགལ་ཏེ། དཔེར་ན་མདོ་སྔགས་གང་ཞིག་སྨད་པས་སྔགས་ཀྱི་རྩ་ལྟུང་འབྱུང་བའི་ཆོས་ལ་གསང་སྔགས་ཀྱི་ཆོས་ཤིག་མི་དགོས་པར་སྔགས་ཀྱི་ཆོས་རང་ངམ་གཞན་མདོ་ཕྱོགས་ཀྱི་མདོ་དང་བསྟན་བཅོས་གྱི་གྲུབ་པའི་མཐའི། །ཆོས་ལ་སྨོད་པ་སྔགས་པ་ལ་རྩ་ལྟུང་དྲུག་པ་ཡིན། །ཞེས་བཤད་པ་བཞིན་ནོ། །དེས་ན་དམ་ཚིག་གསལ་བཀྲ་ལས་འདིར་བསྟན་བླ་མའི་དབྱེ་བ་དང་དེ་དག་བཀུར་བའི་ཚུལ་དྲུག་ཏུ་བཤད་དེ། སྤྱིར་འགྲོ་བ་མང་པོའི་ཆོས་འཁོར་བསྐོར་བའི་འདྲེན་པར་གྱུར་ཅིང་རང་གིས་ཀྱང་ཆོས་ཀྱི་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་བླ་མ་སྟེ་ཡུལ་ཁམས་སྐྱོང་བའི་རྒྱལ་པོ་ལྟ་བུར་བཀུར་བ་དང་།དེ་བཞིན་དུ་རབ་བྱུང་གི་མཁན་པོ་ལྟ་བུ་རང་གི་ཤེས་ཚད་ཀྱི་སློབ་དཔོན་མཛད་པ་རྣམས་ནི་ཆོས་སྒོར་འདྲེན་པའི་སྟེ་ཁུ་བོ་དང་། སྔགས་ཀྱི་དམ་ཚིག་འབོགས་ཤིང་དབང་བསྐུར་བ་དམ་ཚིག་དབང་གི་སྟེ་རིགས་ངེས་པར་བྱེད་པའི་ཕ་དང་། ལྟུང་བ་ཕྱིར་བཅོས་ཀྱི་སྔགས་ལྟུང་རིགས་མཐུན་གྱིས་མ་གོས་པའི་མདུན་དུ་བཤགས་ཚིག་ལན་གསུམ་བྱེད་པའི་ཡུལ་དུ་གྱུར་པ་ཉམས་ཆག་སྐོང་བའི་སྟེ་མས་མངལ་དང་བཙས་པའི་དུས་ཀུན་ཏུ་སྟོབས་ཉམས་ཤི་ལ་ཁད་ཀྱི་བུ་བསྐྱེད་པ་ལྟར། ལྟུང་བས་ཉམས་ཆུང་བ་དེ་སྐྱོན་བྲལ་བྱེད་པས་མ་དང་། གཞུང་ཚིག་དོན་གསལ་བར་བཀྲོལ་ནས་སྟོན་པ་ཚིག་སྤྱི་གཉིས་ཙམ་གྱིས་ཚོགས་བཤད་བྱེད་པའི་བླ་མས་ཤེས་རྒྱུད་འགྲོལ་བའི་སྟེ་མིག་དང་། སྦས་དང་མཐར་ཐུག་གི་དོན་ཀུན་རྫོབ་བདེན་སྦས་དང་། འདོད་ཆགས་ཆོས་སྦས་སོགས་མན་ངག་གི་དོན་བཤད། ཟབ་དོན་སྙིང་པོའི་མན་ངག་འབོགས་པ་མན་ངག་ལུང་གི་སློབ་དཔོན་ཏེ་སྙིང་ལས་ལྷག་པའི་ཚུལ་དུ་བལྟས་ནས་བཀུར་བ་རྣམས་ཏེ། འདིར་དཔེ་དོན་ལ་འདྲ་ཆོས་བརྩི་ལུགས་མི་ཕམ་དང་དཔལ་སྤྲུལ་སོགས་ཀྱི་གསུང་སྒྲོས་ཀྱང་ཡོད་དེ་གོ་སླ་བས་མ་སྨོས་སོ། །ཡང་ན་རྒྱུད་ལས་དངོས་བསྟན་


MLP020_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་མ་ཕྱི་མ་བཞི་པོ་རྣམས་ཡིན་ཡང་། བླ་མར་གྱུར་པ་གཅིག་ལ་བརྙས་ན་དེའི་རྒྱུ་མཐུན་འཕེལ་ནས་གཞན་ལའང་སྲུང་དཀའ་བས་སྤྱིའི་སློབ་དཔོན་དང་ཆོས་སྒོར་འདྲེན་པ་གཉིས་སོགས་ཀྱང་ཞར་བྱུང་དུ་བསྟན་ཞེས་བཤད་པར་བྱའོ། །གསུམ་པ་ནི། གོང་དུ་བརྗོད་པའི་བླ་མེད་བྱང་ཆུབ་ཀྱི་སེམས་དེ་ཡང་སྔགས་དང་ཕྱག་རྒྱའི་བཅོས་མའི་སྣང་སྟོང་མ་ཟད་མ་བཅོས་པའི་སྣང་སྟོང་ཡན་ལག་དང་བྲལ་ན་མདའ་སྒྲོ་མེད་བསྣུན་ཡང་ཚབས་ཆུང་བ་བཞིན་དུ་དངོས་གྲུབ་སྒྲུབ་པའི་རྩལ་ཤུགས་ཆེར་མི་འབྱུང་བས་བླ་མེད་མི་སྤང་ཞེས་པའི་ཚིག་ཟུར་གྱི་བླ་མེད་བསྒྲུབ་བྱ་དང་སྔགས་རྒྱ་སྒྲུབ་བྱེད་དུ་དཀོན་མཆོག་འགྲེལ་ལས་གསུངས་ཏེ། དེའི་ཕྱིར་འཆད་པར་འགྱུར་བའི་སྔགས་གསུམ་དང་ཕྱག་རྒྱ་བཞི་པོ་སྒོམ་བཟླས་འཆིང་གསུམ་གྱི་སྒོ་ནས་ཉམས་སུ་བླང་བ་ལ་བརྩོན་དགོས་སོ། །དེའང་བརྩོན་པས་ཉམས་སུ་བླང་ན་དངོས་གྲུབ་འབྱུང་བ་ཙམ་དུ་མ་ཟད་ཀྱི་མ་བརྩོན་ན་བཅས་འགལ་གྱི་ལྟུང་བ་བསྐྱེད་པ་ཡིན་ལ། དེ་སྐྱེད་པའི་མཚམས་ཀྱང་དམ་ཚིག་གསལ་བཀྲའི་ཚིག་རིས་ལས་དཔག་ན། བླ་མེད་མི་སྤང་ཉིན་རེར་དུས་གསུམ་དུ་མ་དྲན་པ་དང་སྔགས་རྒྱ་ར་བ་བཞིའི་དུས་མཚམས་ཡོལ་བ་ནས་ལྟུང་བ་བསྐྱེད་པར་འཇོག་སྟེ། ཚོགས་གཏོར་ཡང་ལོ་ལས་འདས་པར་ཆག་ན་དེ་བཞིན་ནོ། །བསྲུང་ན་ཡོན་ཏན་འཐོབ་པར་མ་ཟད་འདས་པ་ལས་ལྟུང་བ་འབྱུང་བའི་ཚུལ་འདི་བླ་མ་བཀུར་བ་སོགས་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །བཞི་པ་ནི། ཡུལ་ལ་སྤྱི་རིང་ཉེ་འདྲེས་ཀྱི་སྤུན་བཞི་ལས། མཆེད་ཞེས་པ་རུས་གཅིག་སྤྱིའི་མཆེད་ནི་སེམས་ཅན་ཐམས་ཅད་དེ། བདེ་གཤེགས་སྙིང་པོའི་གདུང་གཅིག་པ་དང་། མ་འོངས་པ་ན་ཐམས་ཅད་མཁྱེན་པར་འགྱུར་བ་རྒྱུ་མཚན་དུ་བཟུང་ནས་བྱམས་ཤིང་གུས་པར་བྱ་བར་གསལ་བཀྲ་ལས་བཤད་དེ། སེམས་ཅན་ལ་བརྟེན་པའི་སྡིག་ལྟུང་མཐའ་དག་སྡོམ་པའི་ཐབས་ཆེན་པོའོ། །རིང་བའི་མཆེད་ནི་ཆོས་འདི་པ་རྣམས་ཏེ། བཅོམ་ལྡན་འདས་ཀྱི་རྗེས་སུ་སློབ་པའི་འཁོར་ཡིན་ནོ་སྙམ་དུ་དང་། ཉེ་བའི་མཆེད་ནི་སྔགས་ཀྱི་ཐེག་པ་རྣམས་ཏེ། སངས་རྒྱས་ཀྱི་སྤྱོད་ཡུལ་ག་པའི་དཀྱིལ་འཁོར་ཐ་ན་བཅོས་མ་ཡན་ཆད་ཀྱི་ཡོངས་དག་ལ་གནས་པའོ་སྙམ་དུ་དང་། ནང་འདྲེས་པའི་རང་གཞན་དམ་ཚིག་འདྲ་མཉམ་དུ་འདྲེས་བའི་མཆེད་ལ་བླ་


MLP020_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཅིག་པ་ཕ་གཅིག་གི་སྤུན་ནི་གསལ་བཀྲ་ལས་དངོས་སུ་བཤད་ལ། ཕ་གཅིག་ཅེས་དེས་དཀྱིལ་འཁོར་གཅིག་པ་མ་གཅིག་གི་སྤུན་ཡང་མཚོན་ཞེས་མཁས་པ་དག་གསུང་སྟེ། དེ་གཉིས་ནི་སྙིང་པོ་བྱང་ཆུབ་ཀྱི་བར་དུ་དམ་ཚིག་གི་སྲོག་རྩ་གཅིག་གིས་སྦྲེལ་བའི་འདུ་ཤེས་ཀྱིས་ལྷག་པར་ཡང་སྒོ་གསུམ་གྱིས་བྱམས་པར་བྱའོ། །དེ་དག་གང་ལ་བྱམས་པ་ལས་འདས་ཀྱང་དམ་ཚིག་ཉམས་པའི་ཉེས་པར་འགྱུར་མོད་ཀྱི། སྐབས་འདིར་བསྟན་གྱི་མཆེད་དངོས་ནི་ཐེག་ཆེན་པ་ཁོ་ནར་རོང་ཟོམ་ཆེན་པོ་བཞེད་ལ། ཡང་དག་ལམ་དུ་ཞུགས་པ་ཞེས་གསུངས་པ་དང་ལེའུ་བཅུ་གསུམ་པར་ཕར་ཕྱིན་ཐེག་པ་བ་ལ་ཡང་དག་ཉིད་མ་རྟོགས་པ་ཞེས་གསུངས་པའི་ཤུགས་ཀྱིས་ཡང་དག་རྟོགས་པའི་ལམ་གསང་སྔགས་སུ་གོ་ནུས་པ་བསྒྲིགས་ན་ཐེག་ཆེན་གསང་སྔགས་པ་འབའ་ཞིག་ཡིན་པ་འདྲའོ། །ལྔ་པ་ནི། གསང་ཞེས་པ་བཤད་གཞིར་བཟུང་། གང་གསང་བ་ནི་གསང་བའི་དོན་ཞེས་པས་བསྟན། གང་ལ་གསང་བ་ནི་ཕྱིར་ཞེས་པས་བསྟན་ཏེ། སྣོད་ཀྱི་མཚན་ཉིད་ལས་ཕྱིར་གྱུར་པའོ། །ཇི་ལྟར་གསང་བ་ནི། སྨྲ་མི་བྱ་ཞེས་པས་བསྟན་ཏོ། །དེ་དག་ཕྱེ་ན་གསང་བའི་ཡུལ་ནི་དམ་ཚིག་ཕྲ་རྒྱས་ལས། རྩ་ལྟུང་བྱུང་བ་ཕྱིར་མ་བཅོས་པས་དམ་ཉམས་རྩ་ལྟུང་གཅིག་གིས་སྡོམ་པ་བཏང་ཟིན་ཀྱང་ལྟུང་བའི་རྒྱུན་མི་གཏོང་བའི་དམ་ལས་ལོག་གམ་འདས་པ་དང་། །དབང་མ་ཐོབ་པས་དམ་སྡོམ་མེད་པའི་དམ་མེད་དཀྱིལ་འཁོར་མ་མཐོང་དང་། །བླ་མ་དང་དཀྱིལ་འཁོར་འདྲེས་དང་མི་གཅིག་པའི་མ་འདྲེས་ཐམས་ཅད་ལ། །ཞེས་སོ། །གང་གསང་བ་ལ༑ སྤྱིར་གསང་བཞི་དང་། བར་གསང་བཞི་དང་། གསང་བར་འོས་པ་དང་གཉེར་གཏད་པ་གཉིས་ཏེ་བཅུར་བཤད་པའི་དང་པོ་ནི། ལྟ་བ་ཟབ་མོ་དང་སྤྱོད་པ་བརླང་པོ་གཉིས་ནི་བློ་དམན་དང་མ་འདྲེས་པ་ལ་གསང་། རང་བསྙེན་བསྒྲུབ་ཀྱི་ཡི་དམ་གྱི་ལྷ་དེ་དང་དེའི་སྔགས་དང་གྲུབ་རྟགས་ནི་འདྲེས་དང་མ་འདྲེས་ཐམས་ཅད་ལ་གསང་བར་གསུངས་ཏེ། དུས་ནམ་ཡང་དེ་ལྟར་གསང་དགོས་སོ། །གཉིས་པ་ནི། སྒྲུབ་པའི་གནས། དུས། གྲོགས། རྫས་རྣམས་ཏེ་སྒྲུབ་པ་ཇི་སྲིད་དུ་གསང་ངོ་། །གསང་བར་འོས་པ་ནི་བླ་མ་དང་མཆེད་ལ་རང་གིས་གུས་དགོས་པས་ཡན་ལག་ཕ་རོལ་མ་དད་པར་འགྱུར་བའམ་འགྱུར་དུ་དོགས་པའི་ཀུན་སྤྱོད་སོགས་དང་། གསང་


MLP020_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཉེར་གཏད་པ་ནི། བླ་མ་དང་མཆེད་ཀྱིས་འདི་གཞན་ལ་མ་སྨྲ་ཞེས་བསྒོ་བ་རྣམས་སོ༑ ༑སྒྲུབ་རྫས་སྣོད་མིན་གྱི་མིག་ལ་མི་བསྟན་པའང་དམ་ཚིག་ཆེན་པོ་ཡིན་མོད་དེ། སྐབས་འདིའི་དངོས་བསྟན་ནི་གསང་དོན་རྣ་བར་མི་སྨྲ་བ་ཉིད་དོ། །སྔགས་ཀྱི་དངོས་གྲུབ་མི་འགྲུབ་པའི་རྒྱུའི་ནང་ན་སྣོད་མིན་ལ་གསང་བ་སྟོན་པ་དང་། བླ་མ་སྨོད་པ་ལས་ཐུ་བ་གང་ཡང་མེད་པར་དགོངས་ཏེ་འདི་ཉིད་ཀྱི་དབང་གི་སྐབས་སུ་ཡང་། སངས་རྒྱས་ཀུན་གྱི་གསང་བ་གསང་སྔགས་ཀྱི་རྒྱུད་དོན་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །ཞེས་འབུར་དོད་དུ་གསུངས་སོ། །དེ་དག་ཀྱང་བསྡུ་ན་གཉིས་པ་དང་བཞི་པ་ལྔ་པ་རྣམས་སྲུང་བའི་དམ་ཚིག དང་པོ་དང་གསུམ་པ་སྒྲུབ་པའི་དམ་ཚིག་གོ །རྡོ་རྗེ་གསུམ་གྱི་དམ་ཚིག་ཏུ་བསྡུ་ན། གཉིས་པ་དང་བཞི་པ་སྐུའི། གསུམ་པ་གསུང་གི །དང་པོ་ལྔ་པ་ཐུགས་ཀྱི་དམ་ཚིག་ཏུ་བྱེད་པ་གྲགས་ཆེ་ལ། དང་པོ་གསུང་གི་དམ་ཚིག་ཏུ་བསྡུ་བའི་ལུགས་ཀྱང་ཡོད་མཛད་པ་ཐམས་ཅད་ཀྱི་མཆོག་གསུང་ཡིན། དེས་བསྟན་བྱའི་དོན་མཐར་ཐུག་འོད་གསལ་ཡིན་པའི་སྒོ་ནས་གསུང་གི་ཕྱོགས་ཡིན་བཤད་དོ། །དེ་ལྟར་རྩ་བ་ལྔ་པོའི་ཡན་ལག་ཏུ་གྱུར་པའི་དམ་ཚིག་ནི་བཅུ་སྟེ། མི་སྤང་བ་ལྔ་དང་། མི་དོར་བ་ལྔའོ། །དང་པོ་ནི། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །ཞེས་གསུངས་ཏེ། དེའི་དོན་ལ་གསལ་བཀྲ་ལས། །མི་སྤང་དམ་ཚིག་བཤད་བྱ་བ། །ཡང་དག་དུག་ལྔ་མི་སྤང་བ་དང་ལོག་པའི་དུག་ལྔ་མི་སྤང་བར་ལམ་དུ་བྱེད་ཚུལ་གཉིས་ཡོད། ཞེས་གཉིས་སུ་བཤད་པའི་དང་པོ་ཡང་དག་དུག་ལྔ་ནི༑ བླ་མེད་མི་སྤོང་བའི་གྲོགས་སམ་འོད་གསལ་ཉམས་ལེན་ཚུལ་ཆ་ལྔ་ཡོད་པའི་ཡན་ལག་ཏུ་དུག་ལྔ་དང་ཆ་འདྲ་བའི་ཐབས་ཀྱི་ཁྱད་པར་ལྔ་དང་མི་འབྲལ་བར་བྱ་བ་སྟེ། ལྔ་ནི། ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པ་གཏི་མུག་དང་། དེ་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་འབྱུང་བ་འདོད་ཆགས། ཁ་ཅིག་ཏུ་ཆོས་ཉིད་མཉམ་པ་ཉིད་ལས་འབྲལ་མི་ཕོད་པ་འདོད་ཆགས་སུ་བཤད་པའང་ཡོད། མཉམ་པ་ཉིད་ཀྱི་ཀློང་དུ་རང་བྱུང་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པ་ཞེ་སྡང་། མཉམ་ཉིད་རྟོགས་པའི་ལྟ་བ་དབྱིངས་ལ་ཁྱབ་པར་རྟོགས་པས་


MLP020_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཤོངས་སུ་མི་འབེབས་པའམ་གོང་འཕེལ་དུ་གཏོང་བ་ལས་འཕང་མི་སྨོད་པ་ང་རྒྱལ། དབྱིངས་ལ་ཡེ་ཤེས་ཉག་གཅིག་པ་གཉིས་འཛིན་གྱི་ཞེན་རྟོག་སྤྲོས་བཅས་ཐམས་ཅད་མཉམ་ཉིད་ཀྱི་དགོངས་ཀློང་དུ་མི་ཤོང་བ་ཕྲག་དོག་རྣམས་ཏེ། མདོར་ན་བླ་མེད་བྱང་སེམས་ནི་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ཟུང་འཇུག་གི་ལྷ་སྒོམ་པ་ཡིན་ཞིང་། དེ་ལ་བར་དུ་གཅོད་པ་ནི་སྤོང་ལེན་ཕྱོགས་རིས་ཀྱི་ཞེན་སྣང་ཡིན་པས་དེ་མཉམ་པ་ཆེན་པོའི་ཐབས་མཁས་ཀྱིས་སྡོམ་པ་ལ་གཏི་མུག་སོགས་མིང་བཏགས་པའི་ལྔར་ཕྱེ་བ་འདྲ་ལ། དེ་ལྟར་བྱས་ན་བླ་མེད་མི་སྤོང་ནི་བསླབ་བྱའི་ཡུལ་དང་། ཡང་དག་དུག་ལྔ་འདི་ལྔ་ནི་སློབ་ཚུལ་ཐབས་ཀྱི་ཁྱད་པར་དུ་འགྱུར་རོ། །གཉིས་པ་ལོག་པའི་དུག་ལྔ་ནི། ཉོན་མོངས་པ་དུག་ལྔ་དངོས་ཏེ། ཐབས་ལམ་ཅིག་ཆར་བའི་སྐབས་དང་པོ་བསྐྱེད་པས་ལམ་དུ་བྱས་ཚེ་བདེ་ཆེན་གྱི་ཆགས་པ་འཇོམས་པས་ལམ་དང་། དེ་རྣམས་དང་དུ་བླང་བ་ལ་མང་དུ་བཤད་ཀྱང་སྙིང་པོ་བསྡུ་ན། རྡོ་རྗེ་ལས། ཉོན་མོངས་རྣམས་ནི་ཆུ་ལ་ཆུ་བུར་ལྟར་སྒྱུ་འདྲ་ངོ་བོས་སྟོང་། །ངང་གིས་བརྟགས་ན་ངོ་བོས་མི་སྟོང་པ་མ་ཡིན་ཀྱང་ངོ་བོས་མི་སྟོང་ན་རྟག་པས་ཁྱབ། དེས་ན་འདིར་མི་རྟག་པར་གནས་ངོ་བོས་སྟོང་པར་གྲུབ་པས་མི་རྟག་པ་ཡིན་པའི་གནས་སྣང་མི་མཐུན་པའི་གནས་ལུགས་མི་རྟོག་པའི་རང་བཞིན་ཤེས་པས་གྲོལ། །ཞེས་རང་བཞིན་ཤེས་པའི་སྒོ་ནས་དང་དུ་བླང་བར་གསུངས་པ་དང་། རིག་འཛིན་གོང་མས་དངོས་སུ་སྣུམ་མི་མཐོང་ཡང་སྣུམ་གྱི་དོན་དུ་ཏིལ་མི་སྤོང་བ་ལྟ་བུར་གསུངས་པས་ཉོན་མོངས་ཐོལ་གྱིས་སྐྱེས་པ་ན་འཇིག་རྟེན་ཕལ་པ་ལྟར་དེའི་གཞན་དབང་དུ་མི་གཏོང་། ཐེག་དམན་པ་ལྟར་དེ་ལ་དགྲར་མི་ལྟ་བར་སྒྲ་མཐུན་དོན་སྤགས་ལས་ཉོན་མོངས་རང་སྤྱིའི་གཏན་ཚིགས་ཀྱི་ཐད་དུ་བཤད་པ་ལྟར་ཤེས་པས་ཉོན་མོངས་དེ་ཉིད་ཀྱི་སྙིང་པོའི་བཅུད་འོད་གསལ་མངོན་དུ་བྱས་ནས་བླངས་པས་དུག་ལྔས་རང་རྐྱ་མི་ཐུབ་པར་ལན་ཚྭ་ཆུར་ཞུགས་པ་བཞིན་ཡེ་ཤེས་ཀྱི་དབྱིངས་སུ་རང་གྲོལ་བ་སྟེ་ཉོན་མོངས་པའི་བཅུད་ནི་འོད་གསལ་གྱི་ཡེ་ཤེས་ཡིན་པར་སྔར་བཤད་ཟིན་ཏོ། །གཉིས་པ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཞེས་གསུངས་ཏེ༑ དེའི་དོན་ནི་ཞི་ཁྲོའི་སྨན་མཆོད་ལས། བྱང་ཆུབ་སེམས་ནི་རིགས་ལྔའི་ནང་གི་རྡོ་རྗེ་རིགས་ཀྱི་བདུད་རྩི་ཡིན་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་རཀྟ་མེ་ཏོག་སྐྱོན་བྲལ་པདྨའི་རིགས་ཡང་དག་ལྡན། །


MLP020_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཆུ་སྟེ་ལས་ཀྱི་མཆོག །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ཞེས་སོ་སོའི་རིགས་ཀྱི་ངོས་འཛིན་དང་བཅས་བཤད་པའི་གྲུབ་པ་བཞི་ལྡན་གྱི་བདུད་རྩི་ཆེན་པོ་ལྔ་གང་གིས་མི་འདོར་ན་དག་མཉམ་རྟོགས་པའི་རྣལ་འབྱོར་གྱིས་དང་དུ་བླང་བར་བྱ་སྟེ། དེ་ལ་གྲུབ་པ་བཞི་ནི། རྫས་དེ་རྣམས་རང་བཞིན་རྣམ་དག་གི་དབྱིངས་ལས་ངོ་བོ་གཞན་དུ་མ་གྱུར་པས་རང་གདངས་ཀྱི་ཆོས་སུ་གནས་པས་ཆོས་ཉིད་རང་བཞིན་གྱིས་གྲུབ་པ། ཕྱི་ནང་གི་ཆོས་ཐམས་ཅད་རང་གདངས་ཡིན་ཀྱང་ཁྱད་པར་གྱི་བདུད་རྩི་ལྔ་པོ་ལ་སྔགས་ཀྱི་ཡེ་ཤེས་འཆར་བའི་རྟེན་ཁྱད་པར་ཅན་ཁམས་དྲུག་ལྡན་གྱི་ལུས་ལས་བྱུང་བའི་ནད་ལྔ་སེལ་བ་དང་ཡོན་ཏན་ལྔ་ཐོབ་པ་སོགས་བཅུད་ལེན་གྱི་རྫས་ཁྱད་པར་ཅན་ཡིན་པས་ཆོས་ཅན་རང་གི་ངོ་བོས་དངོས་སྟོབས་ཀྱིས་ཐ་སྙད་དུ་གྲུབ་པ། དཔེར་རྩི་སྨན་རྣམས་ཀྱང་བཅུད་སོ་སོར་གྲུབ་པ་ལྟར་རོ། དམ་ཚིག་ཅན་གྱི་སྔགས་པས་རྒྱུད་ལས་གསུངས་པའི་ཆོ་ག་བཞིན་དུ་མ་དག་པ་སྦྱངས་རྟོགས་ཡེ་ཤེས་ལྔར་བསྒྱུར་སྤར་མང་པོར་སྤེལ་གསུམ་བྱས་རིགས་བརྒྱ་རིགས་ལྔ་རིགས་གཅིག་གི་ངོ་བོར་ཁྲོལ་སྒྲུབ་ཕྱེ་སྒྲུབ་རློན་སྒྲུབ་གསུམ་བྱས་ཏེ་དངོས་གྲུབ་ཀྱི་རྫས་སུ་བྱིན་གྱིས་བརླབས་པས་ནུས་པའི་མཐུ་གསར་ཐོབ་ཀྱི་མཐུས་གྲུབ་པ། དེ་ལྟ་བུའི་རྫས་ལྔ་ལ་དམེ་བར་འཛིན་པའི་རྣམ་རྟོག་མཉམ་པའི་དམ་ཚིག་ལ་གུས་པ་ཆེ་བས་ཟིལ་གྱིས་གནོན་པ་དང་དག་མཉམ་གྱི་ལྟ་བ་རྟོགས་པའི་དགོངས་པས་ཟིལ་གྱིས་མནན་ཏེ་དང་དུ་ལེན་ནུས་པའི་རྣལ་འབྱོར་པ་ལ་དག་མཉམ་ཆེན་པོའི་ལམ་གྱིས་མངོན་པར་བྱང་ཆུབ་པའི་སངས་རྒྱས་དང་དེའི་སྲས་རྣམས་སྤྱོད་ཡུལ་གཅིག་པར་དགོངས་ནས་ལྷག་པར་རྣལ་འབྱོར་པ་དེ་ཉིད་བྱིན་གྱིས་རློབ་པ་བྱིན་གྱིས་རླབས་ཀྱིས་གྲུབ་པ་དང་བཞི་ཡིན་ཏེ། རིམ་པ་བཞིན། ཐལ་རྒྱུད་ལས། བདུད་རྩི་ལྔ་སོགས་དངོས་པོ་མ་ལུས་སེམས་ཉིད་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར་ན༑ ༑བདུད་རྩིའི་ངོ་བོ་སྤྲོས་པའི་མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །ཞེས་དང་། འོད་གསལ་གྱི་རང་བཞིན་བདེ་བའི་ཡེ་ཤེས་འཆར་བའི་རྟེན་ཁམས་དྲུག་ལྡན་གྱི་ལུས་ལས་བདུད་རྩི་ལྔ་པོ་བདག་རྐྱེན་དུ་གྱུར་ཡོད་པའི་རྒྱུ་མཚན་ནི། །བྱེད་པ་པོ་གཙོ་བོ་སོགས་མེད་པར་ཐ་སྙད་ཙམ་ལ་རྐྱེན་ཉིད་འདི་པ་ཙམ་གྱིས་རང་སྣང་བའོ། །ཞེས་དང་། རྣལ་འབྱོར་པས་ཤེས་རབ་ཏིང་འཛིན་རྫས་སྔགས་ཐབས་དག་གིས། །སྦྱང་རྟོགས་སྤར་གསུམ་བྱས་ཏེ་ནུས་མཐུ་མེ་གསོས་པ་ལྟར་གོང་འཕེལ་ངེས་པར་འབྱུང་བ་ཡིན། །ཞེས་དང་། སྨན་


MLP020_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་བདུད་རྩི་རབ་ལྟ་བའི་ངང་ནས་དང་དྲན་འདུན་ངེས་པས་གཉིས་འཛིན་མེད་པར་སྤྱད་དགོས་པས་དག་མཉམ་རྟོགས་པ་འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབས། །ཅེས་གསུངས་ཟ་ཚུལ་ལེགས་ན་གྲོལ་བ་བཞི་ལྡན་གྱི་བདུད་རྩི་མྱོང་གྲོལ་དུ་གནས་སོ། །དེ་ལྟར་དང་དུ་བླངས་པས་གོང་དུ་སྨོས་པའི་རིམ་པ་བཞིན། ཚ་བ། མཛེ་ནད། གྲང་བ། གག་པ། དུག་ནད་དེ་ནད་ལྔ་སེལ་བ་དང་། དེ་བཞིན་དུ་མི་བརྗེད་པའི་གཟུངས་དང་། མཐུ་ཆེ་བ་དང་། བཀྲག་གསོ་བ་དང་། སྐད་སྙན་པ་དང་། ཚེ་རིང་བ་སྟེ་ཡོན་ཏན་ལྔ་འབྱུང་བ་སོགས་ཀྱང་གསུངས་སོ། །དམ་ཚིག་གི་མཇུག་བསྡུ་བ་དེ་ལྟར་ན་དུས་རྟག་ཏུ་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་རྣལ་འབྱོར་ཟབ་མོ་ལ་གནས་ཤིང་། ནང་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་དུག་ལྔ་དང་། ཕྱི་འཇིག་རྟེན་ན་ཤིན་ཏུ་སྨད་པར་གྲགས་པའི་རྫས་ལྔ་སོགས་ཀྱང་དེ་ཉིད་རྩལ་སྦྱོང་གི་གྲོགས་སུ་འཁྱེར་བ་ལ་ཅི་ནུས་སུ་སློབ་པ་ནི་གསང་བ་སྒྱུ་འཕྲུལ་པའི་དམ་ཚིག་གི་ཀུན་སྤྱོད་ངེས་པའོ་ཞེས་ཤེས་པར་བྱའོ། །དམ་ཚིག་བཅོ་ལྔ་པོ་དེ་ལས་རྒྱས་པར་ཕྱེ་ན་སུམ་བརྒྱ་དྲུག་ཅུར་འགྱུར་ཚུལ་ཡང་ཡོད་དེ་གཞན་དུ་ཤེས་པར་བྱའོ། །ཇི་སྐད་བཤད་པའི་དམ་ཚིག་དེ་དག་མ་ཉམས་པར་བསྲུང་བ་དང་། བརྒྱ་ལ་ཉམས་ན་ཕྱིར་འཆོས་པ་གཉིས་ཀྱིས་དམ་ཚིག་དག་པར་འགྱུར་ཏེ། དེ་ལ་སྲུང་བའི་ཐབས་ནི། རྒྱུད་ཉིད་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་འབྲས་བུ་མེད་པར་ལོག་པར་འགྱུར། །ཞེས་སོགས་དམ་ཚིག་ཉམས་པ་ལ་མཐོང་བ་ཚེ་འདི་དང་དང་མ་མཐོང་བ་ཕྱི་མའི་དག་གི་ཉེས་དམིགས་བཀའ་བསྩལ་བ་རྣམས་ཡང་ཡང་བསམ་ནས་འཇིགས་པ་དང་། རྩ་རྒྱུད་ཉིད་ལས། རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར་ཞེས་སོགས་བསྲུང་བའི་ཕན་ཡོན་བསྟན་པ་རྣམས་བསམ་ནས་དོན་གཉེར་དང་སྤྲོ་བ་བསྐྱེད་ལ་སྲུང་འདོད་དྲག་པོ་མང་དུ་སྦྱང་། དེ་ལྟར་བསམ་ཀྱང་འཇིགས་སྐྲག་དང་སྤྲོ་བ་ཆེར་མི་འབྱུང་ན་རྩ་བ་ལས་འབྲས་ཡིད་ཆེས་ཀྱི་དད་པ་ཆུང་བ་དང་ཀུན་བྱང་གི་སྐྱོན་ཡོན་མ་མཐོང་བས་ཡིན་ཕྱིར་དད་པ་མང་དུ་བསྒོམ། དྲན་ཤེས་བག་ཡོད་དང་ངོ་ཚ་ཁྲེལ་ཡོད་སོགས་སྲུང་ཐབས་ཀྱི་ཡན་ལག་གཞན་རྣམས་ཀྱང་སོ་སོའི་མན་ངག་བཞིན་དུ་བསླབ། ཕྱིར་བཅོས་ནི་རྩ་


MLP020_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུད་བསྡུས་པ་འདིར། ཉམས་ན་སྐོང་བས་རྫོགས་པ་དང་། །ཞེས་དང་། རྒྱུད་ཕྱི་མ་ལས། དོན་ཡོད་རྡོ་རྗེའི་རྣལ་འབྱོར་གྱིས། །དམ་ཚིག་སློང་བར་འདོད་པ་ཡིན། །ཞེས་པ་ཙམ་ལས་མ་གསུངས་ཀྱང་རྣལ་འབྱོར་སྤྱི་ཁྲུས་སོགས་དྲི་མེད་བཤགས་རྒྱུད་གཞན་ནས་འབྱུང་བ་ལྟར་བྱའོ། །དྲུག་པ་ཕྲིན་ལས་ནི། ཐུགས་ཐིག་ལས། ཕྱི་རོལ་མདོ་ཕྱོགས་དང་ཐུན་མོང་གི་ཚད་མེད་ཉིད་ལས་བཞི། །ཞེས་པས་བྱམས་སོགས་ཚད་མེད་བཞིའི་རྒྱུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་རང་དོན་ཞར་ལ་ཚང་བའི་གཞན་དོན་ཕྲིན་ལས་ཡིན་པས་གཙོ་བོར་གཞན་དོན་དངོས་སུ་སྒྲུབ་པའི་ཐབས་མཁས་ཀྱི་མཛད་སྤྱོད་དོ། །གསང་བདག་ཞལ་ལུང་དུ། བདག་གཞན་དོན་སྒྲུབ་ཕྲིན་ལས་ཏེ། །ཞེས་ཁོག་གཞུང་ལས་གསུངས་པ་དྲངས་ནས་གནོད་གདུག་ཅན་དང་དབུལ་ཕོངས་ཅན་ལ་ཞི་རྒྱས་ཀྱིས་ཕན་གདགས་པ་དང་ལོག་ལྟ་ཅན་སོགས་དབང་དྲག་གིས་ཚར་གཅོད་པ་གང་རུང་གི་སྒོ་ནས་བདག་གཞན་གྱི་དོན་སྒྲུབ་པའི་བྱ་བ་ཞེས་བཤད་དོ། །དེ་ལ་དབྱེ་ན། བསྒྲུབ་བྱའི་ལས་ཀྱི་སྒོ་ནས་ཞི་སོགས་བཞི་སྟེ། དེ་རེ་རེ་ལ་ཡང་བསྒྲུབ་བྱའི་ཡུལ་དེའི་ནད་རིགས་སོགས་ཀྱི་སྒོ་ནས་མཐའ་ཡས་པ་དབྱེར་ཡོད་ཀྱང་། སྒེག་རྡོར་ཐུགས་ཐིག་ལས་ཞི་བ་ལ་ནད་དང་གདོན་བགེགས་དགྲ་ཞི་བའི་ལས་གསུམ་དང་། རྒྱས་པ་ལ་གསོ་བ་དང་འཕེལ་བར་བྱ་བ་གཉིས་ཀྱི་སྔ་མ་ལ་ན་བ་གསོ་བ་ནས། ཤི་བ། ལོ་ཏོག སྲིའུ་གསོ་བ་སྟེ་བཞི། ཕྱི་མ་ལ་ཚེ། རིགས་བརྒྱུད། ལོངས་སྤྱོད། བསོད་ནམས་སྤེལ་བ་སྟེ་བཞི། དབང་ལ་གཟུངས་མ་སོགས་དགུག་པ་དང་། ཡུལ་ཁམས་སོགས་དབང་དུ་བྱ་བ་སྟེ་གཉིས། མངོན་སྤྱོད་ལ་གནོད་བྱེད་མཐུ་ཆུང་བ་བསྐྲད་པ་དང་། བསྐྲད་ཀྱང་སླར་ཡང་གནོད་དོགས་པའི་སྟོབས་ལྡན་རྣམས་བཙོན་དུ་བཟུང་བ་མནན་པ་དང་། སྨྱོ་བར་བྱེད་པ་དང་། ལུས་ལོངས་སྤྱོད་སོགས་བསྐམས་པ་དང་། དགྲ་རྣམ་རིག་བཀྲ་བ་རྨོངས་པར་བྱེད་པ་དང་། བྲོ་གར་བྲོས་གབ་སོགས་ལ་རང་དབང་མི་ཐོབ་པ་ཡན་ལག་རེངས་པར་བྱེད་པ་རྣམས་བཤད་ལ། མངོན་སྤྱོད་ཀྱི་གཙོ་བོ་བསད་པ་ནི་རྒྱུད་ཉིད་དུ་གསུངས་སོ། །བྱ་ཐབས་ཀྱི་སྒོ་ནས་དབྱེ་ན། མེ་སྦྱིན་སྲེག་དང་། ཕུར་གདབ་རྫས་དང་། ལུ་གུ་རྒྱུད་བྲོ་མནན་དང་། མཆོད་


MLP020_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་རྣམས་ཁོག་གཞུང་ལས་བཤད་དེ། དེ་ལས་སྔ་མ་གསུམ་ནི་རྒྱུད་ཉིད་ཀྱི་ལེའུ་ཉི་ཤུ་པར་འབྱུང་སྟེ། དེ་རྣམས་རེ་རེ་ལའང་ལས་བཞིས་དབྱེ་བས་བཞི་བཞིར་འགྱུར་རོ། །རྒྱུད་ཉིད་དུ་བསྟན་ཚོད་ཀྱི་ལས་བཞི་ནི། ཕ་རོལ་ཁྲོས་པ་ཞི་བ་དང་། ཚེ་བསོད་སོགས་རྒྱས་པ་དང་། དམིགས་བྱ་འགུག་པ་དང་། བསྒྲལ་འོས་བསད་པ་སྟེ་བཞི་པོ་འདི་ཙམ་མོ། མེའི་ལས་ནི་སྦྱིན་སྲེག་དང་། རྫས་ཀྱི་ལས་ནི་ཕུར་གདབ་དང་། ལུ་གུ་རྒྱུད་ནི་བྲོའི་ལས་སོ། །སྦྱིན་སྲེག་ལའང་ཕྱི་ནང་གསང་བ་གསུམ་ཡོད་ཀྱང་རེ་ཞིག་དང་པོའི་དབང་དུ་བྱས་ན་སྦྱིན་སྲེག་རྩ་བ་ལས། གནས་རྫས་ཐབས་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། ཞེས་དོན་བཅུ་གཅིག་ཏུ་བཤད་དེ། སྡོམ་ཚིག་འདི་དག་རྟོག་པ་སྤྲོ་བའི་ས་བོན་ཙམ་དུ་སྨོས་ཀྱི་ཡི་གེས་ངལ་བས་རྒྱས་པར་མ་ཕྱེས་ལ། སྦྱིན་སྲེག་གི་སྒོ་ནས་ལས་དང་དངོས་གྲུབ་མྱུར་དུ་འབྱིན་པའི་གནད་ཆེ་བ་ནི། ལེའུ་དགུ་པར། ཞལ་དུ་གྱུར་པའི་མེ་བོས་ལ། །ཞེས་མེ་ལ་དཀྱིལ་འཁོར་གྱི་ལྷའི་ཞལ་དུ་གསུངས་པ་འདི་ཡིན་ཏེ། དཔེར་ན་ཁམས་ཟས་ཀྱིས་ཁའི་སྒོ་ནས་བརྒྱུད་དེ་ཟིན་པའི་འབྱུང་བ་ཆེན་པོ་རྣམས་ཚིམ་ཞིང་རྒྱས་པར་བྱེད་པ་བཞིན་དུ་མེ་ལྷ་ཚིམ་པའི་སྒོ་ནས་དཀྱིལ་འཁོར་བ་རྣམས་ཚིམ་ཞིང་མཉེས་པར་འགྱུར་བས་ན་དེ་ལྟར་གསུངས་ཏེ་མདོར་ན་མེ་ལྷའོ། །དེའི་སྒོ་ནས་རང་གི་ལྷག་པའི་ལྷ་རྣམས་ཚིམ་པར་བྱ་བའི་ཚུལ་ལ་བཞི་སྟེ༑ ངོ་བོ་མེ་ལྷ་རྣམ་པ་འབར་བ་མེའི་རྣམ་པར་བྱས་ལ་དེར་ལྷ་རྣམས་སྤྱན་དྲངས་ཏེ་མཆོད་པ་དང་། འབར་བའི་དབུས་སུ་དམ་ཚིག་པ་བསྐྱེད་དེ་ཡེ་ཤེས་པ་གཞུག་པ་དང་། མེ་ལྷ་ཤར་ལྷོའི་མཚམས་སུ་དཔང་པོའི་ཚུལ་དུ་གཞག་ནས་མེའི་དབུས་སུ་དཀྱིལ་འཁོར་གྱི་དམ་ཚིག་པ་བསྐྱེད་པ་དང་མེ་ལྷ་ཞི་དྲག་སོ་སོའི་རྒྱན་ཆས་ལ། མེ་ལྷའི་ལྟོ་བར་བསྐྱེད་པ་རྣམས་ལས་འདིར་ཕྱི་མའོ། །གདབ་ལས་དམིགས་བྱའི་རྫས་གཟུགས་ལ་བརྟེན་པའི་ལས་ནི། དམིགས་བྱ་གང་ཡིན་དེའི་བདུད་རྩི་ལྔ་སྟེ་ཟག་རྫས་སམ་རྐང་པའི་ཉ་ཤ་བུ་རམ་སྦྲང་རྩི་ཏིལ་ཏེ་རྫས་ལྔ་དང་གཞན་ཡང་མི་ལ་རྐང་རྗེས་ཀྱི་ས་དང་མི་མ་ཡིན་ལ་གནས་རྟེན་གྱི་ས་ལ་སོགས་ལ་རྒྱུ་བྱས་པའི་ལིང་ག་


MLP020_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡིག་ཅན་ལས་གང་ཡིན་གྱི་བྲུབ་ཁུང་དུ་བཅུག་ནས་དཀྱིལ་འཁོར་གྱི་ཕྱོགས་སོ་སོར་འཇོག དེ་ནས་ལས་དང་མཐུན་པའི་འདུག་སྟངས་དང་སྔགས་ཀྱི་རིང་ཐུང་དྲག་ཞན། དབྱངས་ཀྱི་འགྱུར་སྟངས་སོགས་དང་ལྡན་པས། སྐབས་སུ་གང་བབས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། ལྷ་ལས་ལ་གཟུད་ཅིང་སྤྲུལ་པ་སྤྲོས་ལ་བསྒྲུབ་བྱ་གང་ཡིན་བཀུག་སྟེ་ལིང་ག་ལ་བསྟིམ། རྒྱུ་དང་དབྱིབས་དང་ཁ་དོག་དང་གྲངས་ངེས་པར་བྱས་པའི་ཕུར་བུ་གང་ཡིན་ལས་དེ་དང་དེའི་རིགས་ཀྱི་ཀཱི་ལ་ཡར་བྱས་ནས་ཕུར་བསྐུལ་དང་། ག་ཏ་ཡའི་སྔགས་མཇུག་ཏུ་སྤུ་གྲི་བཏགས་ཏེ། ཞི་བ་ལ་ཡན་ལག་ལྔ་སྙིང་ག་དང་དྲུག རྒྱས་པ་ལ་ཡན་ལག་བཞི། དབང་ལ་དབང་པོ་ལྔ། དྲག་པོ་ལ་གནས་གསུམ་དུ་གདབ། སྐབས་འདིར་ནི་མངོན་པར་འདོད་པའི་ཡུལ་ལ་རིན་པོ་ཆེའི་ཕུར་བུའི་རྒྱས་བཏབ་ནས་རྒྱས་པར་བྱ་བ་སོགས་ཀྱང་ཡོད་པས་ཕུར་གདབ་དཀྱུས་དང་མི་འདྲའོ། །ཕུར་གདབ་ཀྱི་འོག་ཏུ་རལ་གྲིས་བཅད། མཚོན་ཆར་གྱིས་གཏུབ་ནས་ཞལ་བསྟབ་སོགས་བྱའོ། །བྲོའི་ལས་ནི་བསྒྲལ་ཟིན་གྱི་ཕུང་པོ་དེའང་བཀྲ་མི་ཤིས་པར་བྱེད་པའི་རྫས་ཞིག་ཡིན་ཏེ། གནོད་གདུག་ཅན་དང་། དབུལ་ཕོངས་ཅན། ལོག་ལྟ་ཅན། གནོད་འཚེ་ཅན་གང་རུང་གི་ཕུང་པོའི་ཆ་ཤས་ཡིན་པའི་ཕྱིར་ལིང་རོ་དབུས་སུ་སྤུངས་པའི་མཐར་སྒྲུབ་པ་པོ་རྣམས་ལས་དབྱིབས་དང་མཐུན་པའི་བྲོ་ར་བཅས་ལ། སྣོད་བཅུད་ཐམས་ཅད་ལས་ཀྱི་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པར་བཞེངས་པའི་ང་རྒྱལ་གྱིས་ལག་གཡས་སྟེང་དུ་བྱས་ཏེ་བསྣོལ་བས་ཞི་རྒྱས་དབང་དྲག་བཞི་ལ་རིམ་པ་བཞིན་མཛུབ་གུང་སྲིན་ལག་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་ཚིག་དང་སྔགས་ཀྱིས་བསྐུལ་ཏེ་བྲོ་བརྡུང་བས་ལྷ་རྣམས་ཀྱི་འོད་ཟེར་ལས་མཐུན་གྱི་ཁ་དོག་ཅན་བསྒྲུབ་བྱ་ལ་ཐིམ་པས་ལས་གང་ཡིན་གྲུབ་པར་བསམ་ལ་སྤུ་གྲི་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ཏེ་བཤིག་ནས་མནན་པར་བྱ་བའོ། །མཆོད་རྟེན་གྱི་ལས་ནི། རང་ཉིད་ཞི་བ་ལ་རྣམ་སྣང་སོགས་ལས་གང་ཡིན་གྱི་ལྷར་བསྐྱེད་ནས་རིགས་སོ་སོའི་སྔགས་ཀྱིས་མཆོད་རྟེན་དཀར་པོ་ཟླུམ་པོ་སོགས་ལས་གང་ཡིན་དེའི་དབྱིབས་མདོག་ཏུ་བཏབ་པའི་བུམ་པར་ལས་མཐུན་གྱི་ལྷ་བསྐྱེད། དེའི་འོད་ཀྱིས་བསྒྲུབ་བྱ་བཀུག་ནས་མཆོད་རྟེན་གྱི་འོག་ཏུ་གནས་པ་ལ་འོད་


MLP020_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རེག་པས་ཅི་ལྟར་འདོད་པའི་ལས་གྲུབ་པར་བསམ་པ་སྟེ་སྒྱུ་འཕྲུལ་རྒྱས་པ་ལས་གསུངས་ཤིང་། བི་མའི་སྒྱུ་འཕྲུལ་རྒྱས་པའི་འགྲེལ་སྤྱན་འགྲེལ་ལས། མཆོད་རྟེན་འབྱུང་བ་གང་ལ་འདེབས་ཀྱང་། ཞེས་མེ་དང་རླུང་སོགས་ལ་འདེབས་ཀྱང་རུང་བར་བཤད་དོ། །ཕྱག་རྒྱའི་ལས་ནི། སྒྱུ་འཕྲུལ་རྒྱས་པ་ལ་བརྟེན་ནས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅའ་བ་དང་དེ་རྡོ་རྗེ་རྩེ་གཅིག་པ་བསམ་པས་ཞི་བ་དང་། རྩེ་ལྔས་རྒྱས་པ། དགུ་པས་དབང་། བཅུ་གཅིག་པས་མངོན་སྤྱོད་སྒྲུབ་པར་སྤྱན་འགྲེལ་ལས་བཤད་པ་ཕྱག་རྒྱ་བཅའ་བའི་སྒོ་ནས་སྒྲུབ་ཚུལ་དང་། རྒྱས་པ་ལས། རང་ཉིད་བཛྲ་ཧེ་རུར་གསལ་བའི་རྡོ་རྗེ་ལན་གསུམ་གསོར་བ་ཡིས། །ལྷ་མོ་ཀླུ་མོ་རིགས་ངན་མོ༑ ༑དམ་ཅན་རྣལ་འབྱོར་དབང་དུ་འགྱུར། །ཞེས་སོགས་ཕྱག་རྒྱ་བསྒྱུར་བའི་སྒོ་ནས་ཕྲིན་ལས་སྒྲུབ་ཚུལ་གསུངས་པ་རྣམས་སོ། །དེ་དག་གང་ལའང་ནང་གི་སེམས་དོན་གྱི་གྲོགས་ཀྱི་རྣམ་པ་གཉིས་དང་། ཕྱིའི་གྲོགས་རང་རང་གི་གཟུངས་མ་འཛོམས་པ་མཆོག་ཏུ་བསྔགས་ཏེ། དེ་ལ་སེམས་གཉིས་ནི་དོན་གྱི་སེམས་དང་སྟོངས་སམ་གྲོགས་ཀྱི་སེམས་སོ། །དང་པོ་ནི། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་དངོས་སུ་མངོན་དུ་བྱས་ནས་རྟོགས་ཤིང་གོམས་ནས་གཞན་དོན་ལས་བཞིའི་སྒྱུ་མའི་མཛད་སྤྱོད་ལ་གོམས་འདྲིས་ཀྱི་བྱན་ཚུད་པའོ། །དོན་གྱི་སེམས་བཅོས་མའི་སྟོང་ཆེན་ལྟ་བུའི་སེམས་ཡང་བསྐྱེད་རིམ་གྱི་ལས་འདོད་གཟུགས་ཡན་ཆད་ཀྱི་ལས་བཞི་གང་སྒྲུབ་ཀྱི་དོན་ཀྱི་སེམས་ཡིན་ནོ། །གཉིས་པ་ནི། གཙོ་བོའི་སེམས་ལྟ་བ་དེ་ལ་སྟོངས་འདེབས་པའམ་གྲོགས་བྱེད་པའི་ལས་སོ་སོའི་ཀུན་སློང་གི་སེམས་ཏེ། ཞི་བ་ལ་དྭངས་པ། རྒྱས་པ་ལ་དགའ་བ། དབང་ལ་ཆགས་པ། དྲག་པོ་ལ་ཁྲོས་པ་ཞེས་ལེའུ་ཉི་ཤུ་པ་ལས་འབྱུང་བ་ལྟར་རོ། །གཉིས་པ་གྲོགས་ནི། དོན་གྱི་སེམས་དེའང་ཕྱག་རྒྱ་གཟུངས་མ་ཁྱད་པར་ཅན་གྱི་གྲོགས་དང་ཚོགས་ན་ལྷག་པར་འབར་བར་འགྱུར་ཞིང་། དེའང་ལས་དེ་ལ་ཁྱད་པར་དུ་བསྔགས་པའི་ཕྱག་རྒྱ་རྙེད་ན་སྟོངས་དོན་ཀྱི་སེམས་གསར་ཕྱོགས་ཀྱི་བསྐྱེད་རིམ་ལ་འོད་གསལ་མེད་དེ་རླུང་དབུ་མར་ཞུགས་ནས་འོད་གསལ་དབུ་མ་ཁོ་ནར་འཆར་དགོས་པའི་ཕྱིར་རོ། །རྫོགས་རིམ་གྱི་འོད་གསལ་ལ་གཟུང་མའི་སྟོངས་གདབ་པ་དང་། འདིར་འོད་གསལ་འཆར་བ་དབུ་མར་མ་ངེས་པས་བསྐྱེད་རིམ་པའི་སྟོང་ཆེན་ལྟ་བུའང་འོད་གསལ་ཡིན་པའི་བསྐྱེད་རིམ་གྱི་འོད་གསལ་ལའང་གཟུངས་མའི་སྟོངས་གདབ་ནས་བདེ་ཆེན་འདྲེན་ཅིང་རང་རང་གི་ལས་


MLP020_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སླ་བ་ཡོད་པར་བཤད་པ་འདྲའང་དཔྱད། རྣོ་ལ་ངར་བཏགས་བཞིན་བྱེད་པས་ལེའུ་ཉི་ཤུ་པའི་ཡལ་ག་མི་མང་བའི་ཁོག་ཤིང་གཅིག་པ་ལྗོན་པ་དང་ནི་ཡལ་ག་མང་ཞིང་ཁོག་ཤིང་ཡང་མང་བ་ལྕུག་ཕྲན་ཚལ། །སོགས་ཀྱི་ཕྱི་ལྟར་གནས་ལ་དང་། ནང་ལྟར་གཟུངས་མ་ལ་བཤད་པའི་ངེས་དོན་ལྟར་བཤད་པ་ནི་འགྲེལ་ཆུང་ལས་རྨ་སྒོ་མ་ཉམས་པ་ལ་གསུངས་ཀྱང་གཞན་གྱི་མ་སྨས་པར་དཔྱད། མ་རྨས་པ་ཞི་དང་པུ་དྲ་རྒྱས་མང་འཕེལ་དབང་དང་། །སྐྱེ་རྒྱུད་མེད་དྲག་པོ་དང་བཀྲ་མི་ཤིས་གསང་བ་རྣལ་འབྱོར་པའི་གཟུང་མའོ། །ཞེས་བཤད་དེ། སྤྱིར་གཟུངས་མ་ལ་བརྟེན་པའི་བདེ་ཆེན་གྱི་རྣལ་འབྱོར་ལས་རུང་མ་ཐོབ་ཀྱང་ཞི་སོགས་ཀྱི་ལས་རྣམས་བྱ་སྤྱོད་དང་ནང་རྒྱུད་ལའང་བསྐྱེད་རྫོགས་བརྟན་པ་མ་ཐོབ་པས་ཀྱང་འགྲུབ་པས་མི་འགྲུབ་པ་མ་ཡིན་མོད། འོན་ཀྱང་བདེ་ཆེན་ཡེ་ཤེས་དེ་ཡོད་ན་ཕྲིན་ལས་རླབས་ཆེ་བ་དང་མྱུར་དུ་དང་ཚེགས་མེད་དུ་འགྲུབ་པ་སོགས་ཀྱི་སྟོབས་ཤིན་ཏུ་མི་མཉམ་པ་ཡིན་ནོ། །བདུན་པ་སྒྲུབ་པ་ནི། དངོས་གྲུབ་རྣམ་གཉིས་གང་རུང་ལ་དངོས་སུ་སྦྱོར་བའི་ཐབས་ཁྱད་པར་ཅན་ཏེ། དེ་ལ་བསྒྲུབ་བྱའི་དངོས་གྲུབ་ཀྱི་སྒོ་ནས་དབྱེ་ན་ཐུན་མོང་གི་དངོས་གྲུབ་ཙམ་དང་། མཆོག་གི་དངོས་གྲུབ་སྒྲུབ་པའི་དབང་དུ་བྱས་པ་གཉིས་ཏེ། རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་འཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པའི་སྦྱོར་བས་སོ། །ཞེས་ཐུན་མོང་གི་དངོས་གྲུབ་བསྐྱེད་རིམ་དང་། མཆོག་གི་དངོས་གྲུབ་རྫོགས་རིམ་གྱིས་འགྲུབ་པར་རྒྱུད་ཕྱི་མར་གསུངས་ཤིང་། རྫོགས་རིམ་གྱི་གཞིར་བསྐྱེད་རིམ་ཡང་དགོས་པས་བསྐྱེད་རིམ་གྱིས་ཐུན་མོང་གི་དངོས་གྲུབ་དངོས་སུ་ཐོབ། མཆོག་གི་དངོས་གྲུབ་བརྒྱུད་ནས་ཐོབ་པས་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བསྐྱེད་རྫོགས་གཉིས་ཀ་དགོས་པར་དོན་གྱིས་བསྟན་ཏོ། །དངོས་སུ་རྫོགས་རིམ་གྱིས་ཐོབ་པས་མཆོག་གི་དངོས་གྲུབ་རྫོགས་རིམ་གྱིས་ཐོབ་པར་བཞག་གོ །ལྷའི་ཁྱད་པར་གྱིས་དབྱེ་ན། ལྷ་ཆེན་པོ་དབང་ཕྱུག་རྣམ་སྲས་སོགས་འཇིག་རྟེན་པ་ལྷ་ལ་བརྟེན་པའི་འཇིག་རྟེན་པའི་དངོས་གྲུབ་དང་། རྡོ་རྗེ་སེམས་དཔའ་སོགས་རྒྱལ་བ་རིགས་ལྔ་འཇིག་རྟེན་ལས་འདས་པའི་སྒྲུབ་པ་གཉིས་དེའི་ཕྱི་མ་ལའང་གཙོ་བོར་བར་ཆད་འདུལ་བ་ལ་ཕུར་པ། ནོར་སྟེར་བ་ལ་ནོར་རྒྱུན་མ། བྱད་བཟློག་སེང་གདུགས་ལྟ་བུ་ལས་ཚོགས་ཀྱི་ཆེད་དུ་བསྔགས་པའི་ལྷའི་དང་། མཆོག་


MLP020_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་ཆེད་དུ་གཙོ་བོར་བསྔགས་པའི་ལྷ་དཔལ་ཆེན་པོ། ཡང་དག མི་བསྐྱོད་པ་ལྟ་བུའི་སྒྲུབ་པ་གཉིས་སོགས་ཡོད་དོ། །བྱེ་བྲག་གསང་བ་སྒྱུ་འཕྲུལ་པའི་ལུགས་ལ་དངོས་གྲུབ་ཀྱི་སྒྲུབ་པ་མང་དུ་གསུངས་ཏེ། ཁོག་གཞུང་ལས། ཤི་བོ་གསོན་པོར་བྱས་ནས་ལོངས་སྤྱོད་ཟད་མེད་རོ་ལངས་འདོད་གཟུགས་ཀྱི་ཚེ་ཉི་ཟླ་ལྟར་ཚེ་དང་པྲ་སེ་ན་མངོན་ཤེས་སྒྲུབ་དང་། །ལྷ་དབང་ཕྱུག་ཆེན་པོ་སྒྲུབ་པ་དང་རྒྱལ་པོ་བཞི་སྒྲུབ་པ། གདུག་པ་ཀླུ་ནད་འདུལ་བ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་དབང་དུ་བྱ་བ་ཅེ་སྤྱང་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པའི་བྱེ་བྲག་རྐང་མགྱོགས་བསྐྲད། །མི་སྣང་གཟུགས་སྒྲུབ་ལྷ་ཀླུ་མོ་དབང་སྡུད། རྒྱལ་རྣམ་སྲས་བློན་རྟ་བདག་བརྒྱད་ལྟ་བུ་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའོ། །ཞེས་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་སྒྲུབ་ལུགས་དང་། ཡི་གེ་སྒྱུ་འཕྲུལ་རཾ་ཡཾ་ཁཾ་སྒོམ་པས་མེ་རླུང་ཆུར་དངོས་སུ་གྲུབ་ནུས་པ་རྣལ་འབྱོར་ལྔའི་ནང་ཚན་གྱི་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དཔའི་ཞལ་མཐོང་བར་སྒྲུབ་པ་རྒྱལ་པོ་ཛཿལྟ་བུ་དང་བདུད་རྩི་སྨན་སྒྲུབ་པ་དང་། །རིགས་ལྔ་ཡབ་ཀྱི་དཀྱིལ་འཁོར་གཙོ་བོར་བྱས་ནས་སྒྲུབ་དང་ཡུམ་ལྔ་གཙོ་བོར་བྱས་ནས་སེམས་དཔའ་སེམས་མའི་དཀྱིལ་འཁོར་གཙོ་བོར་བྱས་ནས་བསྒྲུབ་པ། གསང་འདུས་འཇམ་པའི་རྡོ་རྗེ་དང་། འཇིག་རྟེན་དབང་ཕྱུག་སེམས་དཔའི་གཙོ་བོར་བྱས་ནས་སྒྲུབ་པ་ལྟ་བུའོ། དེ་ཐམས་ཅད་ལ། །བྱིན་དབབ་སྒྲུབ་པ་རྣམས་གཉིས་སོ། །ཞེས་མཆོག་སྒྲུབ་ཀྱི་རྣམ་གྲངས་གསུངས་ཏེ། ལུང་ཕྱི་མའི་རྣམ་གཉིས་སོ༑ ༑ཞེས་པ་ནི་བྱིན་དབབ་དང་སྒྲུབ་པ་གཉིས་པོ་ཉིད་དེ། རིགས་ལྔ་དང་ཡུམ་ལྔ་དང་སེམས་མ་རྣམས་རེ་རེ་ཞིང་དབབ་པ་དང་སྒྲུབ་པ་གཉིས་རེ་ཡོད་དོ། །སྒྲུབ་ལུགས་ཀྱི་ཁྱད་པར་དེ་རྣམས་ནི་རྩ་རྒྱུད་ཀྱི་བཤད་པ་ལ་བཤད་རྒྱུད་རྒྱས་པ་ལས་ཁ་བསྐངས་ནས་བཤད་པ་ཡིན་སྟེ། རྒྱས་པའི་ལེའུ་གང་གིས་སྒྲུབ་ལུགས་གང་བསྟན་པའི་རྣམ་བཞག་ཞིབ་པར་ནི་ཞལ་ལུང་དགོངས་རྒྱན་སོགས་འགྲེལ་བ་རྣམས་སུ་གསལ་ལོ། །རྩ་རྒྱུད་ཉིད་ལས་མདོ་ཙམ་གསུངས་པ་ནི། ཐུན་མོང་གི་སྒྲུབ་པ་ལ་ལེའུ་བཅུ་གཉིས་པར། འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཞེས་དང་། གང་འཆད་དགོས་པའི་ཆོས་ཀྱི་ཚིག་དོན་ཐོགས་མེད་དུ་སྟོན་ནུས་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོགས་དཀོན་མཆོག་འགྲེལ་དང་སྦྱར་བ་ལས་ཐུན་མོང་གི་དངོས་གྲུབ་ཡིན་པར་འཐོན་ཞིང་། གཙོ་


MLP020_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ལེའུ་ལྔ་པ་ལས་ཡི་གེ་སྒྱུ་འཕྲུལ་གྱི་ལས་ཚོགས་གསུངས་པ་རྣམས་ཡིན་ཏེ། དུག་བདུད་རྩིར་བསྒྱུར་བ་ལ་སོགས་པ་ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུགའོག་མིན་གྱི་བར་གྱི་ནམ་མཁའ་ལ་རྡོ་རྗེའི་སྐས་འབྱུང་བ་ལ་སོགས་པ་འབྱུང་བའི་དངོས་གྲུབ་ལྔ། དགུག་པ་དང་བསྐྲད་པ་སོགས་ལས་ཕྲན་ཚེགས་ཀྱི་དངོས་གྲུབ་བརྒྱད་སྒྲུབ་པ་སྟེ་བཅུ་དགུའོ། །རྩ་རྒྱུད་ལས་འདི་ལྟར་གསུངས་པ་རྣམས་བཤད་རྒྱུད་དུ་ལས་ཚོགས་རྒྱས་པར་བཤད་པ་རྣམས་ཀྱིས་སོ་སོར་འགྲེལ་ཚུལ་ཡང་ཡོད་དེ་གཞན་དུ་ཤེས་སོ། །ཡི་གེ་སྒྱུ་འཕྲུལ་འདི་དང་སྔགས་ཀྱི་དངོས་གྲུབ་ཟུང་འཇུག་སྤྱིའི་གོ་བ་ལའང་ཕན་པས་ཡི་གེའི་ལས་ཚོགས་བསླུ་མེད་དུ་འགྲུབ་པའི་ཚུལ་ཟུར་ཙམ་བརྗོད་ན། སེམས་ཅན་གྱི་ལས་ཀྱི་མཐུ་དང་རྣལ་འབྱོར་པའི་ནུས་པའི་ཡུལ་བསམ་གྱིས་མི་ཁྱབ་ཅེས་ཡོངས་སུ་གྲགས་པ་ལྟར་སྤྱིར་མཚན་མ་རགས་པ་སྐུ་དང་ཕྲ་བ་ཡིག་འབྲུ་གཉིས་ཡོད་པའི་འདིར་སྔགས་ཚིག་ཡི་གེ་སྒྱུ་འཕྲུལ་ཡེ་ཤེས་ཀྱི་རྣམ་འཕྲུལ་ལམ་སྒྱུ་མའི་རོལ་གར་ཡིན་གྱི་ཞེས་པའི་དོན་ནོ། །ཏིང་ངེ་འཛིན་བརྟན་པོར་གྲུབ་པ་རྣམས་ལ་ཡི་གེའི་སྤྲིན་ལས་དངོས་གྲུབ་ཀྱི་དོན་ཐམས་ཅད་འབྱུང་བ་ལྷ་རྣམས་ལ་ཡིད་བཞིན་གྱི་སྤྲིན་ལས་རིན་པོ་ཆེའི་ཆར་འབབ་པ་ལྟ་བུ་དང་། དེ་ལྟར་དངོས་གྲུབ་ཀྱི་དོན་བྱེད་པའི་ནུས་པ་ཕུལ་དུ་བྱུང་བ་ཅན་གྱི་ཡི་གེ་དེ་དག་ཀྱང་རྣལ་འབྱོར་པའི་ཡིད་ཙམ་གྱི་སྣང་ཆའི་རྒྱུ་མཚན་ཅན་ཡིན་པ་ཡིད་བཞིན་གྱི་སྤྲིན་གཟུགས་ཅན་དེ་དག་ཀླུའི་རྒྱལ་པོའི་སེམས་དང་ལྷ་རྣམས་ཀྱི་ལས་གཟུགས་ཅན་མ་ཡིན་པའི་རྩ་བ་ཅན་གྱི་རང་རང་གི་སེམས་ཀྱི་སྣང་ཙམ་དུ་ཟད་པ་བཞིན་ཏེ། དེ་ལྟར་ཡང་རྒྱུད་ཉིད་ལས། དབྱིངས་ལ་འཁོར་འདས་གཉིས་ཀར་སྐྱེ་བ་མེད་པས་རྩ་བ་མེད་པའི་སེམས་ཉིད་འོད་གསལ་རྣམ་པར་མི་རྟོག་པའི་སྤྲོས་བྲལ་དེ་ནི། །ཅི་ཡང་མེད་པའི་ཡེ་ཤེས་འབྲལ་མེད་ཀྱི་རང་བཞིན་ནི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་མི་རྟོག་པའི་ཡེ་ཤེས་སྣང་བ་རིས་མེད་ཡིན་པའི་ཡི་གེ་དབུ་ཅན་སོགས་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན་འབྱུང་བ་རིམ་བརྩེགས་ཀྱི་ས་བོན་སོགས་ནས་འབད་མེད་དུ་སོ་སོར་གྲུབ་པས་སོ། ཞེས་གསུངས། དེའང་སེམས་ཡེ་ཤེས་ཀྱི་རྩ་བ་ཡེ་ཤེས་དབྱིངས་ཀྱི་རྩ་བ་ཡིན་པས་དབྱིངས་དེ་ལ་བསླད་པ་ཡོད་མེད་ཀྱི་ཤར་ཚུལ་གཉིས། རང་དབང་གི་ཤར་ཚུལ་ཆོས་ཐམས་ཅད་གདོད་ནས་རང་སྣང་རིས་མེད་ཀྱི་ལྷར་སངས་རྒྱས་ཤིང་། དེ་ཡང་མིང་ཚིག་ཡི་གེས་བཏགས་


MLP020_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་འཕྲུལ་ཉག་གཅིག་ཏུ་གནས་ལ། དག་པའི་ལྷའི་ངོ་བོར་སྒྲུབ་པའི་ཨོཾ་དང་དེའི་མཛད་པ་སྤྲོ་བསྡུ་སོགས་སྒྲུབ་པའི་ཡི་གེ་དེ་ལ་སྔགས་ཀྱི་ཡི་གེ་ཞེས་བྱ་སྟེ། ཚུལ་འདིས་ཆོས་ཐམས་ཅད་སྤྱིར་ཆོས་ཐམས་ཅད་ལྷ་ཡིན་པས་བྱེ་བྲག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཞི་བ་ཞེ་གཉིས་འདུ་ཞིང་། དེའང་ཡི་གེ་འཁོར་ལོ་ལ་འདུ་བར་རྟོགས་ནས་ཡི་གེ་སྒྱུ་འཕྲུལ་སྒོམ་པ་ཡིན་ལ། སྒོམ་པ་དེ་རྫོགས་པའི་ཚེ་འཁྲུལ་བའི་ཞེན་སྣང་ཟིལ་གྱིས་ནོན་ཏེ། སྣང་སྲིད་མ་ལུས་པ་རིས་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཇི་ལྟར་བསམ་པ་དེ་ལྟར་འཆར་བའི་ཡིད་བཞིན་གྱི་ཡི་གེའི་ཆོ་འཕྲུལ་ཙམ་དུ་མཐོང་བ་སྟོབས་སུ་གྱུར་པ་སྣང་བ་བྱུང་བས་མུན་པ་ཟིལ་གྱིས་མནན་ནས་དངོས་པོའི་རང་གཟུགས་གསལ་བར་དམིགས་པ་ལྟ་བུ་དང་། དག་པའི་ཡིག་གཟུགས་ཁོ་ནས་ལྷར་སྣང་བ་ལ་དབང་ཐོབ་པ་དེའི་དབང་གིས་བརྟན་གཡོའི་དངོས་པོ་རྣམས་བྱེ་མ་ལས་གསེར་དང་སོལ་བ་ལས་ལྗོན་ཤིང་སོགས་རྣལ་འབྱོར་པའི་འདོད་པ་བཞིན་དུ་བྱིན་གྱིས་རློབ་པ་གསེར་འགྱུར་རྩིས་ལྕགས་སྒྱུར་བ་ལྟ་བུ་དང་། གནས་ལུས་ལོངས་སྤྱོད་སོགས་ངན་རེང་གི་རྣམ་པར་སྣང་བའི་ཆ་ཐམས་ཅད་རང་སྣང་གི་ཕྱོགས་བཟུང་ནས་ཡི་གེའི་ཏིང་ངེ་འཛིན་གྱིས་འདུལ་ནུས་པ་དུག་བཅུད་ལེན་གྱི་སྨན་གྱིས་ཐེབས་པ་ལྟ་བུ་སྟེ། ལེའུ་ལྔ་པའི་གཞུང་དེ་ཉིད་ལས། སྣང་བའི་གནས་ལུགས་དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་སྣང་བའི་རིས་མེད་ཀྱི་རོལ་པ་ཅི་ཡང་མ་གྲུབ་པའི་སྟོང་པའི་དབྱིངས་ཀྱི་ངོ་བོ་ཅན་དང་དེའང་། མིང་ཚིག་གཟུགས་སོགས་ཡིད་བཞིན་གྱི། །མུན་ལ་སྣང་བྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །ཞེས་གསུངས་ཏེ། འདི་ནི་རོང་ཀློང་གི་འགྲེལ་བ་གཉིས་དང་འགྲོ་ཕྱོགས་བསྟུན་ནས་བཤད་དོ། །ཡི་གེའི་སྒྱུ་འཕྲུལ་འདི་གཙོ་བོར་སྒོམ་པའི་དུས་ཀྱང་རྗེ་རོང་ཀློང་ནི། དང་པོར་ཡི་གེ་རྣམས་ལས་དཀྱིལ་འཁོར་བ་བསྐྱེད་དེ་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨ་དཀར་པོ་ཕྲ་མོ་བརྟན་པ་ཐོབ་ཐོབ་སྒོམ། དེ་ནས་ཨ་གྲངས་མེད་པའི་སྤྲོ་བསྡུ་དང་དེ་གོམས་པ་ན་ཡི་གེ་གཞན་སྤྲོ་བསྡུའི་དམིགས་པ་ལ་བསླབ། དེ་ལའང་དྲོད་ཐོབ་པ་ན་ལས་སྣ་ཚོགས་ལ་སྦྱོར་བར་བཞེད། ཟུར་ལུགས་ལ་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་གཅིག་པ་རགས་པ་ལྷ་སྐུ་ལ་བསླབ་པའི་བར་དེར་སྒོམ་པར་བཞེད་དོ། །རྩ་བའི་རྒྱུད་ལས་


MLP020_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་གི་དངོས་གྲུབ་གོང་བཤད་བཅུ་དགུ་པོ་དེ་སྙེད་གསུངས་པ་རྣམས་ཀྱི་གཙོ་བོ་ནི་འདོད་གཟུགས་ཀྱི་རིག་འཛིན་གྱི་དངོས་གྲུབ་ཡིན་ཏེ། བཅུ་གཅིག་པའི། ཚོགས་སྒྲུབ་ཀྱི་དངོས་གྲུབ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་ལུས་ཀྱི་ཁ་དོག་གསལ་ཞིང་གཟི་བྱིན་འབར་ཚེ་ཉི་ཟླ་བཞིན་རིང་བ་ལ་སོགས། །ཞེས་པའང་འདོད་གཟུགས་ཀྱི་དངོས་གྲུབ་དེའི་ཁྱད་པར་ཡིན་ལ། བཅུ་གཉིས་པར་ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ་བསྟན་པ་རྣམས་ཀྱང་ཤས་ཆེར་ཚོགས་སྒྲུབ་ཀྱི་དུས་སུ་ཡོ་བྱད་ལྔ་ལ་སྤྱད་པའི་ལག་རྗེས་མཐར་འདོད་གཟུགས་ཀྱི་རིག་འཛིན་གྲུབ་པའི་དུས་སུ་འཐོབ་ཚུལ་ཡིན་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་རྒྱལ་པོ་ནི་ཚོགས་སྒྲུབ་ཡིན་ནོ། །སྒྲུབ་པ་དེ་རྣམས་གང་ཡང་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་རྫོགས་ནས་གདོད་བྱ་བར། ལེའུ་ལྔ་པ་ལས། སྔགས་དང་ཕྱག་རྒྱ་རབ་བརྟན་ན། །ཞེས་པའི་རྒྱུད་ཚིག་གིས་འཐད་པར་བསྒྲུབས་ནས་ཟུར་པ་རྣམས་འཆད་པར་མཛད་དེ། རྒྱ་སྤྲོས་རྫོགས་པ་ལའང་ཚོགས་སྤྱོད་བྱས་མ་བྱས་གཉིས་ལས་ཐུན་མོང་གི་རིག་འཛིན་མ་གཏོགས་པའི་དངོས་གྲུབ་ཕལ་ཆེར་མ་བྱས་པས་ཀྱང་སྒྲུབ་ནུས་ལ། རིག་འཛིན་ནི་ཚོགས་སྤྱོད་མེད་པར་སྒྲུབ་ཏུ་མེད་དེ་ལམ་ཏིང་འཛིན་ལྔ་བཤད་པའི་སྐབས་སུ་སྔར་བཤད་ཟིན་ཏོ། །འདི་ལྟར་བཤད་པ་ཐམས་ཅད་བསྐྱེད་རིམ་པ་ཁོ་ནའི་དབང་དུ་བྱས་ལ། རྫོགས་རིམ་པ་ལའང་ཏིང་འཛིན་ལྔའི་སྐབས་སུ་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ཅི་རིགས་བྱེད་པ་ཡོད་མོད་ཀྱི༑ སྤྱིར་མཆོག་གི་རིག་འཛིན་རྣམ་བཞི་སྒྲུབ་གཙོ་ཆེ་སྟེ། དེ་ཡང་གོང་དུ་བསྟན་པ་བཞིན་ནོ། །སྒྲུབ་པ་དང་ཕྲིན་ལས་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ལས་ཕྲ་མོ་གཅིག་ལ་མཚོན་ན་ལྷ་དང་རང་ཉེ་ཡོད་པའི་བསྙེན་པ་རྫོགས་ནས་ལྷ་དངོས་དང་དེ་དང་དེའི་ལས་དེ་དངོས་སུ་འགྲུབ་པའི་ནུས་པ་སྐྱེད་པའི་ཆེད་དུ་ལས་དེའི་སྔགས་དང་ཏིང་ངེ་འཛིན་སྒྲུབ་པ་ནི་སྒྲུབ་པ་དང་། དེ་ལ་དངོས་གྲུབ་འབྱུང་ངེས་ཅན་ནུས་པ་རྙེད་ནས་གྲུབ་པ་ལས་ལ་སྦྱར་བ་ཞེས་ལས་དངོས་སུ་སྒྲུབ་པ་ནི་ཕྲིན་ལས་ཏེ། གསུང་རྒྱུན་འགར་དང་པོར་རང་དོན་རྫོགས་པར་སྔོན་དུ་འགྲོ་དགོས་པའི་སྒྲུབ་པ་རང་དོན་དང་། རང་དོན་ལྷུན་གྱིས་གྲུབ་པའི་སྐབས་སུ་གཞན་དོན་ལ་དམིགས་པ་དང་། ཕྲིན་ལས་ལ་རང་ལ་གནོད་བྱེད་གསོད་པ་སོགས་ཀྱང་གཙོ་བོ་སོ་སོར་ཕྲིན་ལས་གཞན་དོན་གཙོ་ཆེ་ཞེས་འབྱུང་བའང་ནུས་པ་ཐོབ་ནས་ཐ་མལ་པ་དངོས་སུ་འཇུག་


MLP020_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་དེ་དང་ཕྱོགས་འདྲའམ་སྙམ་ཞིང་། ཕྲིན་ལས་ལ་ཕྲ་མོ་ལས་བཞིའི་སྐོར་མ་གཏོགས་ཡི་གེ་དང་ཚོགས་སྒྲུབ་དངོས་གྲུབ་ཆེན་པོའི་རིགས་མཆོག་ཐུན་གྱི་རིག་འཛིན་སྒྲུབ་པ་རྣམས་མ་བཤད་དོ། །བརྒྱད་པ་ཏིང་ངེ་འཛིན་ནི། ལེའུ་ལྔ་པར། སྣང་སྲིད་འཁོར་འདས་ཀྱི་དངོས་རྣམས་གནས་ལུགས་དེ་ཁོ་ན་ཉིད་ན་དངོས་མེད་པར། །རང་བཞིན་རྣམ་པར་དག་པར་རྟོགས་པའི་འོད་གསལ་མངོན་དུ་གྱུར་པའི་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་གསུངས་པ་ལྟར། རྟོགས་བྱའི་དོན་བདེན་གཉིས་ལ་དབང་དུ་གྱུར་པའམ་ལས་སུ་རུང་བའི་སེམས་རྩེ་གཅིག་པ་སྟེ། མཆོག་གི་དངོས་གྲུབ་རིག་འཛིན་བཞི་དང་ཐུན་མོང་གི་དངོས་གྲུབ་འདོད་གཟུགས་ཀྱི་རིག་འཛིན་ཆེན་པོ་ཐམས་ཅད་ཟབ་པ་དང་རྒྱ་ཆེ་བའི་བདེན་པ་གཉིས་ལ་དེ་འདྲའི་ཏིང་ངེ་འཛིན་བརྟན་པ་ལས་འབྱུང་ལ། ཕྲ་མོའི་དངོས་གྲུབ་རྣམས་ཀྱང་ལྟ་བ་མེད་ཀྱང་དམིགས་པ་བརྟན་ཆགས་པའི་ལྷ་སྔགས་ལ་ཡིད་རྩེ་གཅིག་ཏུ་གཏད་ནས་སྒོམ་པ་མེད་པར་མི་འགྲུབ་ཅིང་དེ་ལྟར་སྒོམ་པའང་ཏིང་ངེ་འཛིན་གྱི་ཕྱོགས་ཡིན་ནོ། །དེའི་ཕྱིར་རྒྱུད་ཉིད་ལས། ཏིང་འཛིན་སྒོམ་པ་པོ་གང་གིས་གླང་ཆེན་མྱོས་འདྲའི་སེམས། །འདི་དག་པའི་ལྷ་སྔགས་ལ་མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་གསུངས་པ་ལྟར་དངོས་གྲུབ་འདོད་པས་གླང་པོ་ཆེ་མྱོས་པ་བཞིན་དུ་སྤྲོས་པའམ་དཔྱད་པ་བྱས་ན་མི་འཕྲོ་ཞིང་། བསྡུས་ན་མི་འདུ་བའམ་མི་གནས་བ་དང་། འདོད་པའི་ཡུལ་ལ་མི་འཇུག་ཅིང་མི་འདོད་པའི་ཡུལ་ལ་འཇུག་པ་སོགས་གཡོ་བའི་སྐྱོན་གྱི་གཞན་དབང་དུ་གྱུར་པའི་ཡིད་འདི་ཏིང་ངེ་འཛིན་སྒྲུབ་པའི་མན་ངག་གི་གནད་ཀྱིས་བཟུང་སྟེ་འདུལ་བ་གཅེས་སོ། །དེ་ལ་ལམ་རིམ་ལས། སྐྱེས་བུ་སེང་གེ་བཞིན་རྒྱུ་བས། ཞེས་དང་། ཁམས་དང་ཏིང་འཛིན་རྐྱེན་བསྡུས་ལ། །ཞེས་པ་ལྟར། དབེན་ཞིང་ཡིད་དུ་འོང་བའི་གནས་སུ། ཁམས་དང་མཐུན་པའི་ཟས་སོགས་དང་། ཏིང་ངེ་འཛིན་གྱི་ཆ་རྐྱེན་དུ་བླ་མའམ་མཆེད་དགོངས་ཉམས་ཅན་དང་ཏིང་ངེ་འཛིན་གྱི་མན་ངག་གི་གླེགས་བམ་སོགས་བསྡུས་ལ། ལྷ་རྗེ་ཟུར་ཆུང་བའི་མཛུབ་ཚུགས་ཀྱི་བསམ་གཏན་ལས། དད་པས་ཕུལ་བཏགས། བརྩོན་འགྲུས་ཀྱི་གཞུ་བདུང་པ། འཁོར་བ་དཔྱིས་འབྱིན་པ། སེམས་རུས་ཀྱི་ཐང་གཅོད་པ། བླ་མ་ལྷ་ལྟར་བཀུར་བ། མན་ངག་སྙིང་ལྟར་འཚོ་བ། དམ་ཚིག་སོ་མཚམས་


MLP020_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཁར་ལྟར་སྲུང་བ། འདུ་འཛི་དུག་ལྟར་སྤོང་བ། གནས་གྲོགས་ལྟར་བསྟེན་པ། བྱང་ཆུབ་ཀྱི་འབྲས་བུ་སྒྲུབ་པའི་མི་ཆེན་པོས་སྤྲོ་བ་བསྲིངས་ཏེ་བསྒྲུབ་པར་བྱའོ། །ཞེས་གསུངས་པ་ལྟར་ཆོས་བཅུ་ལྡན་གྱིས་བསྒོམ་པར་བྱའོ། །སྒོམ་ཚུལ་དངོས་ནི་ལམ་ངེས་རྫོགས་ཀྱི་དབང་དུ་བྱས་ན། ཐོག་མར་སྟོང་ཆེན་གྱི་རྣལ་འབྱོར་སྔར་བསྐྱེད་རྫོགས་གང་ཡིན་ཀྱང་དང་པོ་ལྟ་བ་གཏན་ལ་ཕབ་ནས་བཅོས་མ་བཅོས་གང་རུང་གིས་རིགས་པ་སྤྱི་བླུགས་ཀྱིས་སོགས་བཤད་པ་བཞིན་བྱས་ལ་དེའི་དུས་སུ་སྒོམ་པའི་སྐྱོན་བྱིང་བའམ་རྒོད་པ་བྱུང་ན་དེ་མ་ཐག་ངོས་བཟུང་སྟེ་གཉེན་པོའི་མན་ངག་གིས་འཆོས་ཤིང་། སྐྱོན་དེ་དག་ཞི་བ་ན་རང་བབས་སུ་བཞག་ནས་བསྒོམས་པས་རིམ་གྱིས་ཉམས་ལྔ་རྫོགས་པར་འགྱུར་ལ། དེའང་བསྐྱེད་རིམ་ཁོ་ནའི་ངེས་རྫོགས་པ་ཡིན་ན་དུས་དེར་ཞི་གནས་དང་། རིམ་གཉིས་སྟོབས་གཅིག་ཏུ་ངེས་རྫོགས་བྱེད་ན་དང་པོར་བསྐྱེད་རིམ་གྱི་སྟོང་ཆེན་ལ་ཞི་གནས་ཐོབ་སྟེ། དེའི་འོག་ཏུ་རྫོགས་རིམ་གྱི་སྟོང་པ་ཆེན་པོའི་ཡེ་ཤེས་སྐྱེ་ལ། དེ་སྐྱེས་པ་ན་སེམས་གཡོ་བྱེད་ཀྱི་ལས་རླུང་རང་སར་ཞི་བས་འོད་གསལ་གྱི་ཏིང་ངེ་འཛིན་ལ་རླུང་མེད་པའི་མར་མེའི་རྩེ་མོ་ལྟར་གཡོ་མེད་དུ་གནས་ཤིང་། དེ་ཉིད་མར་མེ་དང་རང་འོད་ཀྱི་ཚུལ་དུ་མ་བཅོས་རང་བྱུང་གི་ཤེས་རབ་ཀྱི་སྣང་བ་རྣོན་པོ་དང་མི་འབྲལ་ལ། དེ་དག་ཀྱང་སེམས་ཀྱི་གཉུག་མའི་ཆ་ཡིན་པས་ཏིང་ངེ་འཛིན་དང་ཤེས་རབ་གཞན་ལས་ཆེས་ཕུལ་དུ་བྱུང་བ་ཡིན་ཏེ༑ མདོར་ན་རྫོགས་རིམ་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རླུང་སེམས་ལེགས་པར་བཏུལ་བའི་འོག་ཏུ་སྙིང་རྗེ་སྒྱུ་མ་སོགས་ཀྱང་ཉམས་ལྔ་རྫོགས་སུ་སྒོམ་དགོས་པ་ཡིན་ཡང་མཐར་ཕྱིན་གྱི་ཉམས་ལ་སླེབ་པར་སྒོམ་པའི་དོན་ཡིན་གྱི། རེ་རེ་ཞིང་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་རེ་ཡོད་པར་མི་སེམས་སོ༑ ༑འདིའི་ཐད་དུ་ལྷ་སྐུ་སྒོམ་ཐབས་ཀྱི་མན་ངག་རྣམས་ཀྱང་དྲན་པར་བྱ་སྟེ། དེའང་མདོ་ཙམ་བཀོད་ན། སྐབས་འདིར་ཐ་མལ་གྱི་སྣང་ཞེན་གཅོད་པའི་སྣང་ཕྱོགས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་སྐྱེད་དགོས་ཤིང་། དེ་ལ་ཡུལ་ཅན་གྱི་སེམས་གསལ་ངར་དང་ལྡན་པ་ཙམ་གྱིས་མི་ཆོག་གི །ལྷ་སྐུའི་དམིགས་པ་གསལ་ཞིང་ང་རྒྱལ་བརྟན་པ་ཞིག་དགོས་ཏེ། དེ་མེད་


MLP020_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ན་དག་མ་དག་གི་སྣང་ཞེན་གོ་བཟློག་མི་ནུས་པའི་ཕྱིར་རོ། །ལྷའི་ང་རྒྱལ་བརྟན་པའང་རྟེན་དང་བརྟེན་པའི་རྣམ་པ་གསལ་བ་གཞིར་བཟུང་སྟེ་བསླབས་པ་ལས་འབྱུང་བ་དང་། རྣམ་དག་དྲན་པའི་སྣང་གཞིར་གྱུར་པའི་རྣམ་པ་གསལ་བ་ལའང་ཐུན་མོང་དང་ཁྱད་པར་གྱི་སློབ་ལུགས་གཉིས་ཡོད་པར་བི་མ་ལས་ལྷ་སྐུ་སྒོམ་པ་ལས་བཤད་དེ། ཐུན་མོང་བ་ལྟར་ན། བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འདུག་ལ། མདུན་དུ་བྲིས་སྐུ་ཐིག་ཚད་དང་རབ་གནས་གཉིས་ཀྱི་ཚད་ལྡན་བཀྲམ་སྟེ་དེའི་དེའང་རྒྱབ་ལོག་ལ་འགྱིང་ལོག་བྱས་པའི་དང་མདུན་དུ་མེ་ལོང་དྭངས་གསལ་ལ་ཤར་བའི་གཟུགས་བརྙན་ལ་སེམས་གཏད་ནས་མིག་རེངས་རེངས་སུ་བལྟས་པས་ནམ་ཞིག་ན་ཡིད་ངོར་གསལ་ཞིང་འདྲིས་པ་ན་མེ་ལོང་ལ་མི་བལྟ་བར་ཡིད་ངོར་གྱི་ལྷ་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་བཟུང་། ཡིད་ངོར་དེའང་དང་པོར་སྔ་མ་ལྟར་ལྷ་སྐུ་མདུན་དུ་སྒོམ། དེ་ལ་གོམས་པ་དང་བདག་ཉིད་ལྷ་སྐུར་སྒོམ་པ་དང་རྒྱལ་པོ་ཛཿའི་ལམ་རྣམ་བཀོད་ལས་ཅི་རིགས་སུ་བཤད་དེ། བདག་ལྷར་སྒོམ་ཚུལ་ནི་ཁྱད་པར་བའི་སྐབས་བཞིན་ཆོ་ག་གསུམ་བསྐྱེད་བྱས་པས་ཆོག་པ་འདྲའོ། །གཉིས་པ་ཁྱད་པར་བ་ལྟར་ན། ལམ་རིམ་སོགས་ལྷ་སྐུ་སྒོམ་པའི་མན་ངག་ལས། རིམ་ཅིག་ཆར་གྱི་སྒོམ་ཚུལ་གཉིས་བཤད་པའི་དང་པོ་ནི། རང་ཉིད་ལྷ་དེ་དང་དེའི་ས་བོན་ལས་ཆོ་ག་གསུམ་བསྐྱེད་དང་དབང་བསྐུར་རྒྱས་གདབ་སོགས་བྱས་ནས་བྱིང་རྒོད་མེད་པར་སེམས་འཛིན་ལ་བསླབ་པ་སྟེ། དེའང་དམིགས་པ་གསལ་བའི་ཡན་ལག་ཏུ་བི་མའི་ལྷ་སྐུ་སྒོམ་པ་ལས་དང་པོ་སྤྱི་ཁོག་མ་ཤོར་བའི་ངང་ནས་དབུ་ཡི་གཙུག་ཏོར་གསལ་ཆ་ཆེར་བསྒྲུབ། དེ་ནས་ཞལ་གྱི་མདངས་ལ་བསླབ། དེ་ནས་ཐུགས་ཀྱི་དཔལ་བེའུ་ལ། ཞེས་སོགས་ཞབས་ཀྱི་སོར་མོའི་བར་སོ་སོར་གསལ་བ་ལྟར་སྤྱིའི་རྣམ་པ་མ་ཤོར་བའི་ངང་ནས་སྐུའི་ཆ་སོ་སོར་གསལ་བཏབ་ལ་སྒོམ། ང་རྒྱལ་བརྟན་པའི་ཡན་ལག་ཏུ་མ་དག་པའི་ང་རྒྱལ་ལ་དམིགས་རྣམ་སོགས་ཕྱོགས་ཚད་ཅན་ཡིན་པས་དེའི་འགལ་ཟླར་ལྷ་གྲངས་དང་སྐུའི་ཚད་མ་ངེས་པ་ལ་སློབ་པའི་སྔར་བསྐྱེད་རིམ་གྱི་ཡུལ་དུས་ཀྱི་ཚད་འཇོམས་པའི་དོན་ཡང་འདི་ཉིད་ཡིན་པར་ལྷ་སྐུ་སྒོམ་པ་དེ་ཉིད་ལས་བཤད་པ་ནི། ལྷའི་ཏིང་ངེ་འཛིན་འབྱོངས་པའི་འོག་ཏུ་རྩལ་སྦྱང་ཚུལ་ཡིན་གྱི་དང་པོ་ནས་དེ་ལྟར་བྱས་ནས་དམིགས་པ་དང་རྣམ་པ་གང་ཡང་མེད་པར་བྱར་མི་རུང་ངོ་། །གཉིས་པ་ནི། སངས་


MLP020_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གསང་བའི་ལམ་རིམ་ལས། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །ཆུ་ལས་ཉ་ལྡང་ཇི་བཞིན་དུ། །ཞེས་པ་ལྟར་ཡུམ་ཀ་དང་ཚེ་བདག་འདུས་མདོ་སོགས་བཀའ་གཏེར་གང་རུང་གི་ཨ་ནུའི་ལྷ་བསྐྱེད་ལྟར་ལྷ་སྐུ་སྐད་ཅིག་དྲན་རྫོགས་སུ་ཝལ་གྱིས་བསྐྱེད་ནས་གཞན་དུ་མ་ཡེངས་པར་དེ་ཉིད་ལ་སེམས་འཇོག་པ་སྟེ། ལྷ་སྐུའི་གསལ་སྣང་སྐྱེ་མྱུར་བུལ་གྱི་བློ་རིམ་གཅིག་ཏུ་མ་ངེས་པས་དང་པོར་བྲིས་སྐུ་ལ་སེམས་འཛིན་པ་དང་། བདག་ཉིད་རྡོ་རྗེ་གསུམ་ཆོག་ནས། དང་པོ་ནས་ལྷ་ཐོལ་གྱིས་བསྐྱེད་ཚུལ་དེ་ལྟར་ཕྱེའོ། །བསྐྱེད་རིམ་སྔོན་སོང་ནས་བློ་མྱུར་བའི་གྲོལ་ལམ་ཅིག་ཆར་བའི་སྐབས་སུ་ཞི་ལྷག་གཉིས་སྔ་ཕྱི་མེད་པར་ཐོབ་པ་ཞིག་ཀྱང་ཁས་ལེན་དགོས་པར་མངོན་ཞིང་། ཐབས་ལམ་པ་གཉིས་པོ་ལ་རྫོགས་རིམ་གྱི་སྔོན་དུ་རིམ་པ་དང་པོའི་ཞི་ལྷག་གཉིས་ཀ་ཐོབ་པ་དང་། ཞི་གནས་ཙམ་ཐོབ་པའང་འཇོག་ཆོག་གམ་ད་དུང་མཁས་པ་རྣམས་ཀྱིས་གཟུ་ལུམ་མི་བྱ་བར་ཞིབ་ཏུ་དཔྱད་དགོས་སོ། །དགུ་པ་མཆོད་པ་ནི། མདོ་ནས་སངས་རྒྱས་བྱང་སེམས་ལ་མཆོད་པ་འབུལ་བ་མེད་པ་མ་ཡིན་ཏེ། ཡུལ་དང་དགེ་རྩའི་མཆོད་པ། ཀུན་སློང་བྱང་ཆུབ་སེམས་ཀྱི་མཆོད་པ་སོགས་མང་ཡང་འདིར་བསྟན་གྱི་དབང་དུ་བྱས་ན། དཀྱིལ་འཁོར་པ་ཞི་ཁྲོའི་ལྷ་ཚོགས་རྣམས་ཚིམ་ཞིང་མཉེས་པར་བྱེད་པའི་ལྟ་སྣང་སྦྱོར་སྒྲོལ་གླུ་སོགས་ཞེན་རྟོག་གི་མཆོད་པ་རྣམས་བཅད་ནས་དགྱེས་བྱེད་མཆོད་པ་ཡིན་པར་སྡུད་ཐབས་ཀྱིས་རབ་ཏུ་ཕྱེ་བ་སྟེ། དེ་ལ་དབྱེ་ན༑ རྩ་བའི་རྒྱུད་ལས་ཕྱག་རྒྱ་དང་ལྷག་པ་ཏིང་འཛིན་བསྟོད་པ་སྦྱོར་སྒྲོལ་སོགས་ཅི་རིགས་ཤིག་གསུངས་པ་ལ་བཤད་རྒྱུད་སྡེ་བཞི་དང་ཏནྟྲ་བཅོ་བརྒྱད་ལས་ཧེ་རུ་ཀ་རོལ་པའི་རྒྱུད་དང་མཉམ་སྦྱོར་སོགས་དང་ཡན་ལག་གི་རྒྱུད་ཀྱིས་ཁ་བསྐངས་ནས་དྲྭ་ཆེ་ཆུང་དམ་པ་རྒྱན་སོགས་སྒྲུབ་ཐབས་རྣམས་སུ་བཅུ་བཞིར་གསུངས་ཏེ། དེ་ལ་མཆོད་རྫས་བྱིན་རློབ་དང་། འབུལ་ཚུལ་གཉིས། དང་པོ་ནི། ཕྱི་ནང་གི་མཆོད་རྫས་ལ་ཐ་མལ་པའི་རྣམ་རྟོག་མ་བསལ་བར་བླ་མེད་ཀྱི་དཀྱིལ་འཁོར་དགྱེས་པ་སྐྱེད་པའི་རྡོ་རྗེའི་བདེ་ཆེན་ཡེ་ཤེས་ཀྱི་ལོངས་སྤྱོད་དུ་མི་འགྱུར་ལ། དགྱེས་པ་བསྐྱེད་མ་ནུས་པ་དེ་ལྟ་ན་མཆོད་པ་དེ་ལ་བརྟེན་ནས་རང་གི་ཉམས་ཆག་སྐོང་བ་དང་ཐུན་མོང་མ་ཡིན་པའི་ཚོགས་རྫོགས་པའི་དགོས་པའང་སྒྲུབ་མི་ནུས་པས་མཆོད་པ་གང་བྱེད་ལ་བྱིན་རླབས་ཐོག་མར་འགྲོ་སྟེ། དེའི་ཚུལ་ནི་བི་མས་མཛད་པའི་ཕྱག་རྒྱ་བཞི་པའི་བསམ་གཏན་ལྟར་དང་པོ་མཚམས་གཅོད་དུས་ནས་སྐད་ཅིག་གིས་


MLP020_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་དཔལ་ཆེན་པོ་སོགས་གསལ་བའི་སྐད་ཅིག་ཀྲོང་བསྐྱེད་ཡིན་པས་རང་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔར་བསྐྱེད་དེ། ཐུགས་ཀ་ནས་རྫས་སོ་སོའི་ས་བོན་སྤྲོས་ཏེ་འཕྲོ་འདུ་དང་སྔགས་ཀྱི་རྐྱེན་གྱིས་མཆོད་རྫས་ཐོགས་པའི་ལྷ་མོ་ནམ་མཁའ་གང་བར་རློབ་པ་ཐུན་མོང་ཕྱི་མཆོད་རློབ་ཚུལ་དང་། སྨན་གྱི་སྣོད་གཞལ་ཡས་ཁང་ལྟེ་བ་རྩིབས་བཞི་དང་བཅས་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལ་ས་བོན་ཟུང་ལྔ་བཀོད། ཆོ་ག་གསུམ་གྱིས་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། རྗེས་ཆགས་ཀྱི་སྦྱོར་བས་ཐམས་ཅད་ཞུ་སྟེ་སྣོད་ཀ་པཱ་ལར་བཅུད་ཡེ་ཤེས་ཀྱི་བདུད་རྩི་ལ་ༀ་དང་། ཁ་གཅོད་ཀྱི་རྡོ་རྗེ་རྒྱ་གྲམ་ལ་རྟ་མགྲིན་གསང་བའི་ཡུམ་བཞི་དང་བཅས་པ་བསྐྱེད། མཐེབ་སྲིན་གྱིས་རྡོ་རྗེ་བཟུང་བ་བདུད་རྩི་ལ་རེག་སྟེ་བདུད་རྩི་དགུག་པའི་སྔགས་བཟླ་ཞིང་ༀ་གྱི་འོད་ཟེར་གྱིས་འཁོར་འདས་ཀྱི་བདུད་རྩི་བཀུག་པ་དམ་ཚིག་གི་བདུད་རྩི་ལ་ཐིམ་པར་བསམས་ནས་བདུད་རྩི་བྱིན་གྱིས་བརླབ་པར་བྱ་སྟེ། འདི་ནི་སྨན་མཆོད་ཀྱི་ཆེད་དུ་མ་ཟད། ཇི་སྐད་དུ༑ རྣལ་འབྱོར་བ་ལ་གཏོར་བྱས་ན། །ཐ་མལ་མ་དག་པའི་ཆགས་སྡང་རྨོངས་གསུམ་གྱི་རྟོག་སྒྲིབ་ཉམས་ཆག་དག་པར་འགྱུར། །མཆོད་པའི་རྫས་ལ་གཏོར་བྱས་པས། །ཐམས་ཅད་བདུད་རྩི་ཉིད་དུ་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་པས། །དྲག་པོ་གཏུམ་པོ་རུ་ཏྲ་ལྟ་བུའང་འཇིག་པར་འགྱུར། །ཞེས་པ་ལྟར་དགོས་པ་གཞན་ཡང་མང་ངོ་། །དེ་བཞིན་དུ་གཏོར་མ་ལ་ༀ་བཀོད་དེ་འཕྲོ་འདུ་དང་གཏོར་སྔགས་ཀྱིས་འདོད་ཡོན་གྱི་ལྷ་མོ་དྲུག་རེ་རེ་ཞིང་གྲངས་མེད་པར་སྤྲོས་ཏེ་སྤེལ་བ་དང་། རཀྟ་ར་ལས་འཕྲོ་འདུ་དང་སྔགས་ཀྱིས་རཀྟའི་རྒྱ་མཚོར་རློབ་པའོ། །གཉིས་པ་ནི། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ལས་ལས་ཀྱི་རྡོ་རྗེ་སེམས་དཔའ་ཞིག་སྤྲོས་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་གནས་པར་བསམ་པ་ནི་གང་གིས་མཆོད་པ་བྱེད་པ་པོ་ཡིན་ལ། དེས་མཆོད་པ་ཅི་ཞིག་བྱེད་པ་ལ་བཅུ་བཞི་སྟེ། དེའང་སྒྱུ་འཕྲུལ་ཞི་བ་དང་སྦྱར་ན། དང་པོ་ཕྱག་ནི། ཕྱག་འཚལ་བའི་ཡུལ་རྟེན་གཉིས་སུ་མི་དམིགས་པར་རྟོགས་པ་དོན་གྱི་ཕྱག་དང་། ལྷ་རྣམས་ཀྱི་ཡོན་ཏན་དྲན་ནས་གུས་པས་འདུད་པ་བརྡའི་ཕྱག་གཉིས་ཟུང་འབྲེལ་དུ་འཚལ་ཞིང་། ལྷ་ཚོགས་རྣམས་ཀྱིས་ལན་གནང་བར་བསམ་པའོ། །གཉིས་པ་ཕྱག་རྒྱ་ནི་འཆད་པར་འགྱུར་


MLP020_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་རོ། །གསུམ་པ་ཀུན་བཟང་ནི་དཀྱིལ་འཁོར་མཐར་བཤམས་པ་ཙམ་གྱིས་ཉུང་ཤས་མིན་པ་སྣོད་བཅུད་རྟེན་དང་བརྟེན་པ་ཐམས་ཅད་མཆོད་པའི་རྣམ་རོལ་ཁོ་ནར་གྱུར་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་རང་སྣང་ཡེ་ཤེས་ཀྱི་ངོ་ཁར་དུ་མཉམ་པ་ལ་བཟང་ངན་དང་བླང་དོར་མ་གྲུབ་པས་མཆོད་པར་མ་གྱུར་པའི་དངོས་པོ་རྡུལ་ཙམ་ཡང་མེད་དེ་སྤྱོད་ཡུལ་ཡོངས་སུ་དག་པ་བྱང་སེམས་ཀུན་བཟང་གིས་ནམ་མཁས་སྣོད་བྱས། མཆོད་རྫས་ཀྱིས་བཅུད་བྱས་ཏེ་ཕུལ་བ་ལྟ་བུ་ཀུན་ཏུ་བཟང་པོའི་མཆོད་པའོ་མཆོད་པ་རྒྱ་ཆེན་འབུལ་བའི་ཐབས་བླ་ན་མེད་པའོ། །འདི་དང་འོག་མ་རྣམས་ཀྱི་སྔགས་རྒྱ་སོགས་སྒྲུབ་ཐབས་ལྟར་རོ། །བཞི་པ་ཞབས་བསིལ་ནི། བསིལ་ཆབ་ཐོགས་པའི་ལྷ་མོས་ལན་གསུམ་དུ་ཕུལ་བས་དང་པོས་ཕྱག་དང་གཉིས་པས་ཞབས་དང་གསུམ་པས་ཞལ་བསིལ་བར་རང་གི་སྒོ་གསུམ་གྱི་སྒྲིབ་པ་དག་པར་བསམ་པའོ། །ལྔ་པ་བཞི་བསྣོལ་ནི། རྡོ་རྗེ་སྤོས་མ་སོགས་ལྷ་མོ་དཔག་མེད་སྤྲོས་ཏེ། ཤངས་ལ་བདུག་སྤོས། དབུ་ལ་མེ་ཏོག སྤྱན་ལ་མར་མེ། ཐུགས་ཀར་བྱུགས་པ་རྣམས་ཀྱིས་མཆོད་དེ། མཐར་ལྷ་མོ་རྣམས་ཀྱང་གནས་དེ་དང་དེར་ཐིམ་པ་ཐུགས་བདེ་ཆེན་ཡེ་ཤེས་ཀྱིས་མཉེས་ཤིང་ཚིམ་པར་བསམ་པ་དང་། སྐྱེས་ལན་གྱི་ཚུལ་དུ་ལྷ་རྣམས་ཀྱི་གནས་དེ་དག་ལས་ལྷ་མོ་བཞི་སླར་བྱུང་ནས་ལས་ཀྱི་རྡོར་སེམས་ཀྱི་ཤངས་སོགས་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ་པ་སྟེ། དེ་ལྟར་སྐྱེས་དང་སྐྱེས་ལན་གྱི་ཚུལ་གཉིས་བསྣོལ་མར་བྱེད་པས་ན་བཞི་བསྣོལ་ཞེས་བརྗོད་གསུངས་སོ། །དྲུག་པ་སྨན་མཆོད་ནི། འཇིག་རྟེན་ན་ཡོན་འབུལ་བའི་ཆེ་བ་བཤད་པ་ལྟར་དེའང་དོན་ལ་གནས་པའི་བརྗོད་པ་ཞིག་དགོས་པས་བདུད་རྩིའི་ཆེ་བ་བརྗོད་པ་སྔོན་དུ་བཏང་སྟེ། མཐེབ་སྲིན་ཉི་ཟླ་ཁ་སྦྱོར་གྱི་ཕྱག་རྒྱས་གཏོར་བས་བདུད་རྩིའི་ཟེགས་མ་ནམ་མཁའ་ལ་སྤྲིན་ལྟར་ཆགས་པ་ལས་རཱ་ས་ཡ་ནའི་ཆར་བབས་པས་ལྷ་རྣམས་གཟི་བརྗིད་བསྐྱེད་ཅིང་། དེ་ནས་གཏེར་ཕྱོགས་ལ་དངོས་གྲུབ་ཀྱི་གེགས་བཤགས་པ་ཡོད་ཀྱང་འདིར་མེད་རང་གི་ལྕེ་ལ་ཧཱུྃ་དང་སྨན་སྣོད་ཁ་ལ་འབྲུ་གསུམ་བཀོད་ལ་མཐེབ་སྲིན་གྱིས་བླངས་ནས་ལྕེར་བཞག་པས་གནས་གསུམ་དུ་ཆགས་ཏེ་འཕྲོ་འདུས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པའོ། །བདུན་པ་གཏོར་མ་ནི། བྱིན་རླབས་སྐབས་ལྟར་གཏོར་མ་འདོད་ཡོན་གྱི་ལྷ་མོ་དྲུག་གི་རྣམ་པར་ཕུལ་བས་གཟུགས་རྡོ་རྗེ་


MLP020_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་མེ་ལོང་སྤྱན་ལ་དང་། སྒྲ་རྡོ་རྗེ་མ་དང་རྒྱུད་མང་སྙན་ལ་སོགས་དབང་པོ་སོ་སོ་ལ་ཐིམ་ནས་མཉེས་པར་བསམ་པའོ། །བརྒྱད་པ་བདུད་རྩི་གསང་ནན་ནི། གསང་ནན་ནམ་རྩང་ནན་ཞེས་པ་གསེར་ཞལ་ཞེས་ཞལ་ངོ་ལ་གསེར་དང་དེའི་བཏུང་བའི་མིང་ལ་སྐྱེམས་ཞེས་པ་ལྟར་སྐྱེམས་ཀྱི་བརྡ་རྙིང་སྟེ༑ བདུད་རྩིའི་རྒྱུན་གཏོར་མར་ལན་གསུམ་སྦྲེང་པས་དང་པོས་ལྷ་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླང་། གསུམ་པས་རྒྱལ་བ་རྣམས་གཞན་དོན་ལ་བསྐུལ་བའོ། །དགུ་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། སྤྲུལ་པ་དང་བསྒྱུར་བ་གཉིས་ལས་འདིར་ཕྱི་མ་ལྟར་བྱེད་དེ། བདག་ཉིད་ལས་ཀྱི་སེམས་དཔའི་ཐུགས་ཀ་ནས་བྷྲུཾ་ཡིག་སྤྲོས་པས་ས་གཞི་དང་ཁང་ཁྱིམ་སོགས་དག་པའི་ཞིང་དང་གཞལ་མེད་ཁང་དུ་བྱིན་གྱིས་རློབ་པ་དང་། ཚུལ་དེ་བཞིན་དུ་ཏྲཱཾ་ལས་རྒྱན་དང་ནགས་ཚལ། ཧྲཱིཿལས་གླུ་དབྱངས། ཨ་ལས་ཁྲུས་རྫིང་། ༀ་ལས་ཞལ་ཟས། མཾ་ལས་གོས་དང་། ཧཱུྃ་ལས་བྲོ་གར་སོགས་རེ་རེའང་མཐའ་ཡས་པ་སྤྲོས་ཏེ་མཆོད་པའོ། །བཅུ་པ་བསྒྲལ་མཆོད་ནི། རྒྱུད་ཉིད་ལས། མ་དག་འཁྲུལ་བའི་ཞེན་འཛིན་གྱིས་བློ་ངན་བཅིང་བའི་འཇིག་རྟེན་སྙིང་རེ་རྗེ། །ཞེས་པ་ལྟར་འཁྲུལ་པའི་གཞན་དབང་དུ་སོང་བའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ་རང་གི་ཐུགས་ཀ་ནས་སྤྲོས་པའི་རཾ་ཡིག་ལས་ཡེ་ཤེས་ཀྱི་མེ་འབར་བས་བསྒྲལ་བྱའི་སྙིང་ནང་གི་ས་བོན་དྲུག་བག་ཆགས་དང་བཅས་པ་བསྲེག་ནས་རྣམ་ཤེས་འོད་གསལ་གྱི་དགོངས་དབྱིངས་སུ་བསྟིམ་པའོ། །བཅུ་གཅིག་པ་སྦྱོར་མཆོད་ནི། དཀྱིལ་འཁོར་སྒོམ་བཞིན་པའི་ལྷ་ཚོགས་རྣམས་རྗེས་ཆགས་ཀྱིས་སྙོམ་པར་ཞུགས་པའི་བདེ་བའི་འོད་ཟེར་སྤྲོ་བསྡུས་རྒྱལ་བ་ཐམས་ཅད་མཆོད་ཅིང་གསང་བའི་དབང་ཐོབ་པར་བསམ་ལ་ཨ་ནུ་རཱ་གའི་སྔགས་ཀྱིས་ང་རྒྱལ་བཟུང་བའོ། །བཅུ་གཉིས་པ་འདོད་ཡོན་རོ་མཉམ་ནི། སྣང་སྲིད་ཐམས་ཅད་དག་པ་རབ་འབྱམས་ཡིན་པའི་ཕྱིར་ན་འདོད་ཡོན་གྱི་ལྷ་མོར་དག་པས་མཆོད་བྱ་མཆོད་བྱེད་ཐམས་ཅད་ལྷ་ལ་ལྷ་དང་ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་མཆོད་པའོ། །བཅུ་གསུམ་པ་རོལ་མོ་ཡེ་ཤེས་ནི། མཆོད་པའི་ཡོ་བྱད་ཀྱི་འཁོར་གསུམ་པོ་ཇི་སྙེད་པ་ཐམས་ཅད་མི་རྟོག་པ་སེམས་ཉིད་ཀྱི་རོལ་པར་རམ་ཀློང་དུ་མཐར་སྡུད་པ་སྟེ་རོལ་མོ་སྒྲ་དང་བཅས་པའི་སྒྲ་ཡང་མི་རྟོག་


MLP020_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལ་རྟོགས་པའི་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ཟེར་རོ། མཆོད་པའི་དབྱེ་བ་དེ་རྣམས་བསྒྲིགས་ན། དང་པོ་ཀུན་བཟང་གིས་འདོད་པའི་ཡོན་ཏན་གྱི་རྣམ་པ་ཡིན་མིན་བཟང་ངན་བླང་དོར་གྱི་རྣམ་དབྱེ་མེད་པར་ཡེ་ཤེས་ཀྱི་རང་སྣང་ཁོ་ནར་བལྟས་ཏེ་མཆོད་པ་དང་། དེ་ནས་དགུས་རང་སྣང་དག་པའི་འདོད་ཡོན་གྱི་བྱེ་བྲག་སོ་སོར་སྤྲུལ་ཏེ་མཆོད་པ་དང་། ཕྱི་མ་འདིས་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་དབྱིངས་སུ་རོ་གཅིག་པར་བསྡུས་ནས་མདོར་བསྡུ་ན་སྣང་སྤྱོད་མ་ལུས་པ་ཡེ་ཤེས་ཀྱི་རང་སྣང་ཡིན་ཕྱིར་དགྱེས་མཉམ་ཆེན་པོའི་ཡེ་ཤེས་རྩལ་འབར་བའི་གྲོགས་སུ་འཁྱེར་བ་ཉིད་མཆོད་པའི་ལམ་གྱི་གནད་ཡིན་པས། རོལ་མོ་ཡེ་ཤེས་ཀྱི་མཐར་མ་ཧཱ་པཱུ་ཛ་བཛྲ་ཞེས་སོགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་རྡོ་རྗེར་ཡེ་ཤེས་ཀྱི་རོལ་པ་ཁོ་ནར་ཤེས་ནས་འོད་གསལ་ཡེ་ཤེས་ཀྱི་ང་རྒྱལ་བཟུང་བ་གསུངས་ཏེ་དེས་ན་མཆོད་པར་མ་ཟད་བླ་མེད་ཀྱི་རྒྱུད་ལས་འདོད་ཡོན་ལམ་ཁྱེར་གྱི་ཐབས་མཁས་ཇི་སྙེད་བསྟན་པ་རྣམས་ཀྱི་གནད་གཟེར་ཡང་སྣང་བ་ཐམས་ཅད་འོད་གསལ་ཡེ་ཤེས་ཀྱི་གྲོགས་སུ་ཁྱེར་ནས་རྟོགས་བྱེད་ཐབས་འདི་ཉིད་དོ། །བཅུ་བཞི་པ་གླུ་ཡེ་ཤེས་ནི། དཀྱིལ་འཁོར་ལྷ་རྣམས་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའི་གླུ་ཆོས་ཉིད་ཀྱི་རང་སྒྲའི་དབྱངས་སུ་གྲགས་པར་མོས་ལ་བསྟོད་པ་གླུ་དྲུག་བླང་བའོ། །ཁྲོ་བོ་ལའང་ཕལ་ཆེར་དེ་དང་འདྲ་བ་ལས། དགུ་པའི་གནས་སུ་རཀྟ་ཚར་གསུམ་སྟེ་དང་པོས་ལྷ་ཚོགས་རྣམས་མཉེས་པར་བྱ་བའི་ཕྱིར་དང་གཉིས་པས་ཞིང་བཅུ་སོགས་གདུག་ཅན་རྣམས་བརླག་པའི་ཕྱིར་དང་གསུམ་པས་ཁམས་གསུམ་གྱི་འདུལ་དཀའི་འགྲོ་བ་རྣམས་ཐུགས་རྗེས་སྒྲོལ་བའི་ཕྱིར་གོ་རིམ་བཞིན་དུ་དང་པོ་རཀྟའི་དྭངས་མ་ཡེ་ཤེས་ཀྱི་བདུད་རྩིར་རླབས་པས་མཉེས་པ་དང་། གཉིས་པ་ཁུ་བ་ཞིང་བཅུ་སོགས་དམིགས་ནས་བསྒྲལ་བྱར་དང་། གསུམ་པ་རྩིགས་མ་དུག་གསུམ་ཤ་རུས་ཀྱི་རྣམ་པར་བྱས་ཏེ་འབུལ་བའི་ཆེད་དུ་རཀྟ་ལན་གསུམ་སྦྲེང་བའོ། །སྤྲོ་ན་ཚོགས་མཆོད་ཀྱི་ཆོ་གའི་ཚུལ་ཡང་གནས་སུ་སྟོབས་པ་མཆོད་པའི་སྐབས་འདིར་བཤད་པར་བྱའོ། །བཅུ་པ་སྔགས་རྒྱ་ལ་གཉིས་ལས། དང་པོ་སྔགས་ནི། སྔགས་ཡིན་ན་ངག་གི་སྒྲ་ཁོ་ན་མིན་པར་སྟོན་པས་ཐབས་ཤེས་ཀྱི་ཡི་གེ་ཨ་ལི་ཀ་ལི་ཚོགས་པའམ་རྐྱང་པ་ཅི་རིགས་ལ་བཞག་པའི་གྲུབ་པ་བཞི་


MLP020_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་ངག་གཙོ་བོར་གྱུར་པ་སྟེ། ཐུགས་ཐིག་ལས། ཡི་གེ་དབྱངས་གསལ་འདུས་པ་གྲུབ་པ་བཞི་ཡི་སྒོ་ནས། །མཐུ་ཆེན་རེད་པ་གང་ཡིན་པ་ནི་སྔགས་སོ། །ཞེས་སོ། །གྲུབ་པ་བཞིའི་གྲངས་འདྲེན་ནི་སྔར་བཤད་པ་བཞིན་ཏེ་དང་པོ་ཆོས་ཉིད་ངོ་བོས་གྲུབ་པ་ནི། སྟོང་གསལ་ཟུང་འཇུག་གི་ཡེ་ཤེས་ཀྱི་སྣང་བ། རིས་མེད་ཅིར་ཡང་འཆར་བ་འདི་ཡི་གེར་སྣང་བ་ཡིན་པས་ན་གོང་སྨོས་ལྟར་ཡི་གེ་སྒྱུ་འཕྲུལ་གྱི་མཐུ་བསམ་གྱིས་མི་ཁྱབ་པ་འབྱུང་བའང་གནད་འདི་ལ་ཐུག་པས་ཡི་གེའི་རང་བཞིན་མཐུ་བསམ་གྱིས་མི་ཁྱབ་པའི་ཆོས་དབྱིངས་སུ་གནས་པ་དང་། ཆོས་ཅན་རང་བཞིན་གྱིས་གྲུབ་པ་ནི་དེ་ལས་ཤར་བའི་ཡི་གེ་དེ་དག་གང་ཤར་ཡང་དོན་ལ་བདེན་པར་མ་གྲུབ་པས་ན་སྒྱུ་མ་ཙམ་དུ་མིང་ཚིག་ཡི་གེ་དེ་དག་ལ་བརྟེན་ནས་སྙན་པར་སྨྲས་པས་དགའ་ཞིང་ཕན་ཚིག་ངན་ཞིག་སྨྲས་པས་གནོད་ཀྱི་བྱ་བ་སྣ་ཚོགས་འབྱུང་བ་འཇིག་རྟེན་བ་ལང་རྫིའི་བར་ལ་གྲགས་པ་དང་། ནུས་པ་མཐུས་གྲུབ་པ་ནི་བདེན་ཚིག་གྲུབ་པ་ཞིག་ལས་གཞན་གྱིས་གང་སྨྲས་མི་འགྲུབ་སྟེ་སྔགས་པས་སངས་རྒྱས་བྱང་སེམས་སོགས་ཁྱབ་འཇུག་དང་དབང་ཕྱུག་གིས་སྔགས་སུ་བརླབ་པས་མཐུ་ལྡན་རྣམས་ཀྱིས་སྔགས་ཚིག་ཏུ་དགོངས་པས་བྱིན་གྱིས་བརླབས་པའི་རྗེས་སུ་འབྲངས་ནས་སྔགས་ཚིག་དེ་དག་བཟླས་པས་ངག་ལ་གང་སྨྲས་འགྲུབ་པའི་ནུས་པ་ཕུལ་བྱུང་སྐྱེ་བ་དང་། དེའང་ཕྱི་རོལ་པ་དང་ཐུན་མོང་འཇིག་རྟེན་པས་བརླབ་པ་ལྷ་སྔགས་བཟླས་པས་གྲུབ་པ་དང་། ནང་པ་ཐུན་མིན་སངས་རྒྱས་ཀྱིས་བརླབས་པའི་སྔགས་ཚིག་གི་མཐུ་ལ་གནམ་ས་ལྟར་ཁྱད་ཆེ་བས། དེ་ལ་བྱིན་གྱིས་བརླབས་པའི་གྲུབ་པ་ཞེས་དེས་སྔགས་ཀྱི་ལྷའི་ཐུགས་རྒྱུད་འཁུལ་ནས་སྒོ་གསུམ་བྱིན་གྱིས་རློབ་པ་རྣམས་སོ། །སྤྱིར་ནི་སྔགས་ལ་ངག་ཁོ་ནས་མ་ཁྱབ་ཅིང་། གསང་བདག་ཞལ་ལུང་ལས། འདིར་སྔགས་མཛད་པ་པོ་སངས་རྒྱས་ཡིན་པས་ཐབས་ཤེས་ཀྱི་བདག་ཉིད་སྟོང་གསལ་ཟུང་འཇུག་གི་ལྟ་བ་ལ་འཇུག་པ་དེའི་སྒོ་ཡིག་འབྲུར་སྣང་བས་ན་ངོ་བོ་གབ་པའི་གསང་བ་དང་རྒྱུད་སྡེ་ནས་སྦས་པའི་གསང་དོན་ཡིན་ཕྱིར་སྔགས་བཟླ་བའི་ཚེ་ནའང་གསང་སྟེ་ངག་ཏུ་བརྗོད་པ་དང་བཅས་ཤིང་སྔགས་ཀྱི་རང་བཞིན་ཤེས་པས་སྔགས་དེས་མ་དག་པའི་ཞེན་སྣང་ལོག་རྟོག་ལས་སྐྱོབ་པར་བྱེད་པ་ཉིད་ཀྱི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་འགྱུར་བ་ནི་གསང་སྔགས་ཞེས་གཙོ་བོ་ངག་གི་ལྡོག་ཆ་ནས་བསྟན། གསལ་ཆའི་ཤེས་རབ་དང་ནི་ཡེ་ནས་དབྱིངས་དོན་ཤེས་པའི་བདག་ཉིད་ཀྱི་ཤེས་རབ་ཡིན་ཕྱིར། དེ་ལྟ་བུའི་ཤེས་རབ་དེས་ཡེ་ཤེས་རང་ཉིད་ཀྱི་བདག་ཉིད་དུ་གྱུར་པའི་དངོས་པོའི་དོན་རྣམས་རང་སྣང་ཉིད་དུ་རིག་པར་བྱེད་པའི་ལས་ཀྱིས་རང་སྣང་ཡིན་པར་མ་རྟོགས་པའི་


MLP020_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ལས་སྐྱོབ་ཅིང་དེའི་གཉེན་པོར་གྱུར་པ་ནི་རིག་སྔགས་དེ་ནི་གཙོ་བོར་གསལ་བའི་ཤེས་རབ་ལ་གོ་ནས་མཚན་གཞི་ཡུམ་གྱི་རང་རང་གི་མཚན་སྔགས་དང་སྤྱིར་ཐུན་མོང་པའི་རིག་སྔགས་ཏདྱ་ཐཱ་ག་ཏེ་སོགས་སོ། །སྟོང་པའི་ཡེ་ཤེས་རང་གི་ངོ་བོར་གྱུར་པའི་དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་སམ་བརྗེད་ངེས་ཀྱི་གཉེན་པོར་གྱུར་པ་ནི་གཟུངས་སྔགས་ཏེ་གཙོ་བོར་དྲན་པའི་ཆ་ལག་གོ །རྫོགས་པའི་ཡེ་ཤེས་ཀྱི་མངོན་དུ་གྱུར་པའི་མཐུས་སྟོང་གཟུགས་ཀྱི་སྐུ་འགྲུབ་ཚེ་ནའང་སྔགས་འདི་གསུམ་གྱི་རྟགས་ཀྱང་། དང་པོ་གསང་སྔགས་ཀྱི་ལག་རྗེས་སུ་ལྷ་ཕོའི་དབྱིབས་དང་། ཕྱི་མ་གཉིས་ལྷ་མོའི་གཟུགས་སུ་བཞུགས་ཞེས་འབྱུང་ངོ་། །ཞེས་པ་ལྟར་གསུམ་དུ་དབྱེ་བ་སོགས་ཡོད་ཀྱང་། རྩ་རྒྱུད་འདི་ཉིད་ལས་གསུངས་པའི་སྔགས་ཀྱི་རྣམ་གྲངས་ནི། གཞལ་ཡས་ཁང་བསྐྱེད་པའི་དང་། ལྷ་བསྐྱེད་པའི་དང་། ལས་ཀྱི་རིམ་པའི་སྔགས་ཏེ་གསུམ་ལས། དང་པོ་ནི། ཕོ་བྲང་གི་ས་བོན་དང་། རྐྱེན་གྱི་སྔགས་གཉིས་རིམ་བཞིན་བྷྲུཾ་ཞེས་པ་དང་བི་ཤྭ་བི་ཤུངྔྷ་ཞེས་པའོ། །གཉིས་པ་ལ་ཞི་ཁྲོའི་སྔགས་གཉིས་ལས། དང་པོ་ལའང་། རྒྱུ་མ་ནོར་བ་རྩ་བའི་དང་། བསྐྱེད་པ་རྐྱེན་གྱི་དང་། བཟླས་པ་ལས་ཀྱི་སྔགས་སོ། །དང་པོ་ནི། གང་ཞིག་ཡོངས་སུ་གྱུར་པ་ལས་ལྷར་བསྐྱེད་པའི་ས་བོན་གྱི་སྔགས་ལ་ལྷ་སྐུའི་རྩ་བར་གྱུར་པའི་སྔགས་ཞེས་བརྗོད་པ་ཡིན་པས་གཞན་དུ་ཕྲེང་བའི་སྔགས་ལ་རྩ་བའི་སྔགས་སུ་བཤད་པ་སོགས་དང་མི་འདྲའོ། །དེ་ལའང་། ལེའུ་བཞི་པ་ལས་གསུངས་པའི་ཡི་གེ་སྒྱུ་འཕྲུལ་དང་། བདུན་པ་ལས་གསུངས་པའི་ཧཱུྃ་མཱུྃ་སོགས་རིགས་ཀྱི་ས་བོན་དུ་གྲགས་པ་གཉིས་དང་། ཕྱི་མ་ལའང་མིང་ཡིག་དང་པོ་ཡིན་མིན་གཉིས་ཡོད་དོ། །གཉིས་པ་ནི། གང་ཞིག་བརྗོད་པའི་རྐྱེན་གྱིས་ཕྱག་མཚན་རྡོ་རྗེ་སོགས་ལས་ལྷའི་སྐུར་འགྱུར་བའི་རྐྱེན་གྱི་སྔགས་ཏེ། འདི་ལ་སྒྲུབ་ཐབས་སུ། ཧཱུྃ་སོགས་ས་བོན་དང་བཛྲ་དྷྲིཀ་སོགས་གཉིས་ཆར་ཚོགས་པ་འབྱུང་ཡང་། འགྲེལ་པ་ལས་བཛྲ་དྷྲིཀ་སོགས་ཙམ་ལས་མ་བཤད་པས་རྩ་སྔགས་དང་སྦྲེལ་བའི་བསྐྱེད་སྔགས་དང་རྩ་སྔགས་མེད་པའི་བསྐྱེད་སྔགས་རྐྱང་པ་གཉིས་ལས་གསུམ་དུ་ཕྱེ་བའི་བསྐྱེད་སྔགས་ལ་རྐྱང་པ་ཁོ་ན་འཇོག་དགོས་སམ་སྙམ་མོ། །གསུམ་པ་ནི། ས་བོན་དང་བསྐྱེད་སྔགས་སྦྲེལ་བ་སྟེ། འདི་ནི་ཛཔ་ཀྱི་ལས་


MLP020_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་ཆེ་བས་ལས་སྔགས་ཞེས་བཏགས་སམ་བརྟག་གོ །གཉིས་པ་ལའང་གསུམ་ལས། རྩ་སྔགས་ནི། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རྣམས་ཁྲག་འཐུང་གནས་ཡུལ་སྒོ་དབང་རྣམས་ཀྱིའོ། །བསྐྱེད་སྔགས་ནི། ཁྲག་འཐུང་ལྔ་ལ་ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་མ་ཧཱ་ཙནྜ་མན་ཆད་དོར་བ་སོགས་དང་། གནས་ཡུལ་སྒོ་མ་ལ་བཛྲ་སྟེ་དབང་རྟགས་རྡོ་རྗེ་མཚོན་པའི་མཐར་གཽ་རི་སོགས་སོ་སོའི་མིང་སྦྱར་བ་དང་། དབང་ཕྱུག་མའི་བསྐྱེད་སྔགས་རྩ་བའི་རྒྱུད་ལས་མ་གསུངས་ཀྱང་བཤད་རྒྱུད་རྡོ་རྗེར་མ་ནུ་རཀྴ་སཱི་སོགས་འབྱུང་བས་ཁ་བསྐང་ངོ་། །བཟླས་སྔགས་ནི། བཛྲ་མ་ཧཱ་ཤྲཱི་སོགས་བསྐྱེད་སྔགས་ལ་མ་ཧཱ་ཙཎྜ་སོགས་ལས་སྔགས་བཏགས་པ་སྟེ། འདི་རྩ་བསྐྱེད་ལས་གསུམ་གྱི་ནང་གི་ལས་སྔགས་ཡིན་ལ། མ་ཧཱ་ཙཎྜ་མན་ཆད་མ་གཏོགས་ལས་སྔགས་སུ་མི་འཇོག་པར་བཤད་པ་ནི་ལས་ལ་སྐུལ་བའི་སྔགས་ཀྱི་དབང་དུ་བྱས་པར་མངོན་པས་ལས་སྔགས་ཀྱི་འཇོག་ཚུལ་ལ་ལས་སྔགས་ཞེས་བསྐྱེད་སྔགས་འབྲེལ་བ་དང་། ལས་ལ་བསྐུལ་བའི་སྔགས་ཞེས་མ་འབྲེལ་བ་གཉིས་སུ་འགྱུར་བ་འདྲའོ། །ཁ་ཅིག་རྩ་བསྐྱེད་ལས་གསུམ་ཕྲིན་ལས་སྐུལ་བའི་སྔགས་ཆེ་གེ་མོ་ཤནྟིཾ་ཀུ་རུ་སོགས་དང་བཞིར་བཞེད་པའང་སྣང་ངོ་། །འཁོར་རྣམས་ལ་རྩ་བསྐྱེད་སྦྲེལ་བ་ལས་སྔགས་སུ་འཇོག་པ་སྔར་དང་འདྲ་ལ། དེ་རྣམས་སོ་སོའི་མཐར། ཆེ་གེ་མོ་ཧཱུྃ་ཛཿལྟ་བུ་གང་འདོད་ཀྱི་སྔགས་ཤམ་བཏགས་ན་ལས་ལ་སྐུལ་བའི་སྔགས་སུའང་འགྱུར་གསུང་ངོ་། གཙོ་བོ་ལ་བཟླས་སྔགས་ཉིད་ལས་བསྐུལ་སྔགས་ཟུར་པ་མེད་དོ། །གསུམ་པ་ནི། ལེའུ་བདུན་པ་དང་བཅུ་དྲུག་པ་ལས་སྙན་གསན་དབབ་པ་དང་། སྤྱན་དྲངས་པ་དང་། རིག་མེ་དོར་བ། བསྐུལ་ཞིང་བསྟིམ་པ། དབང་བསྐུར་བྱིན་རློབ་ཀྱི་སྔགས་དང་། ཁྲོ་བོ་མཆོད་པའི་གླུ་ཨ་ལི་ཨུ་ལི་རྣམས་སོ། །གསལ་བཀྲ་ལས། །རྟག་ཏུ་བཟླས་པ་བྱས་པ་ནི། །བྱང་ཆུབ་སངས་རྒྱས་ཀྱི་འབྲས་བུ་གསུང་ཉིད་ལ་རང་གི་ངག་ཞུགས་པས་གཟུངས་ལ་ཞུགས་པ་ཡིན། །ངག་ཏུ་བགྲང་བ་ཞེས་པ་ལྟར་དངོས་གྲུབ་སྤྱི་དང་ཁྱད་པར་གསུང་རྡོ་རྗེ་སྒྲུབ་པའི་ཆེད་དུ་གསུངས་པའི་གཙོ་བོ་ནི་བཟླས་སྔགས་ཡིན་པས། བཟླས་བརྗོད་ཇི་ལྟར་བྱ་བའི་ཚུལ་ཡང་བཤད་ན། ལམ་རིམ་ལས། སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱིས། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །ཞེས་བཤད་དེ། དེ་ལ་སྐྱོན་བཅུ་ནི། འདུས་མདོའི་


MLP020_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལག་གི་རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་པ་ལྟར་ཧ་ཅང་སྒྲ་ཆེ་བ་དང་ཆུང་བ་སོགས་སོ། །རྣམ་པ་གསུམ་ནི་བཟླ་ཚུལ་ཏེ། དེ་ལའང་གསལ་བ་གསུམ་དང་། ཕྱི་ནང་གསང་གསུམ་དང་། ཕྲ་མོ་གསུམ་གྱི་བཟླ་ལུགས་རྣམས་ལས། དང་པོ་ནི། བདག་དམ་ཚིག་སེམས་དཔའ་གསལ་བ་དང་། དེ་ལས་མདུན་དུ་ཕྱེ་བའི་ཡེ་ཤེས་སེམས་དཔའ་གསལ་བ་དང་། དམ་ཚིག་པ་ལས་ཡེ་ཤེས་པ་ལ་འོད་ཟེར་སྤྲོ་བསྡུ་འགལ་མེའི་འཁོར་ལོ་ལྟ་བུར་གསལ་བ་སྟེ། དེ་ལྟ་བུའི་ཚུལ་གྱིས་བཟླས་པ་བྱའོ། །གཉིས་པ་ནི། དམ་ཡེ་ཕྱེ་ནས་སྤྲོ་བསྡུ་ཞལ་ནས་ཞལ་ཡང་སྣ་བུག་ནས་སྤྲོ་བའང་ཡོད་དང་གསང་བ་ནས་གསང་བར་འཁོར་བའི་ཚུལ་གྱིས་བཟླ་བ་དང་། ཕར་སྤྲོས་སྒྲིབ་པ་སྦྱང་བར་སྐུལ་ཞིང་ཚུར་བསྡུས་སྒྲིབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བ་སྟེ་ཕྱི་ལྟར་བཟླ་བའི་སྒོ་གཉིས་དང་། ཡེ་ཤེས་སེམས་དཔའ་འབྱེད་དམ་མི་འབྱེད་པར་འོག་མིན་དུ་སྤྲོ་བསྡུས་བྱས་ཀྱང་རུང་སྟེ། ཕར་སྤྲོས་དངོས་གྲུབ་བསྐུལ་ནས་ཚུར་བསྡུས་དངོས་གྲུབ་ཐོབ་པར་བསམ་པ་ནང་ལྟར་བཟླ་ཚུལ་དང་། ཕར་མི་སྤྲོ་བར་ཚུར་དངོས་གྲུབ་བསྡུད་དམིགས་ཁོ་ན་བྱ་བ་དང་། གསང་བ་ལྟར་ན་ཡབ་ཡུམ་གཉིས་ཀྱི་ཞལ་ནས་ཞལ་དང་མཁའ་ནས་གསང་བར་འཁོར་བ་དམིགས་པ་སྟེ་གསང་བ་ལྟར་བཟླ་ཚུལ་གཉིས་ཏེ་ཕྱི་ནང་གསང་གསུམ་བཅས་སོ། །གསུམ་པ་ལའང་ཚུལ་གཉིས་ཏེ། ཡིག་འབྲུ་དང་། ཕྱག་མཚན་དང་། ལྷ་སྐུ་ཕྲ་མོ་སྤྲོ་བསྡུ་རིམ་བཞིན་བྱ་བ་ལ་དམིགས་པའི་བཟླས་བརྗོད་དང་། དབུགས་འཇུག་གནས་ལྡང་གསུམ་སྔགས་དང་སྦྱར་བའི་རྡོ་རྗེའི་བཟླས་པའོ། །དེ་ལྟར་གང་མོས་ཀྱི་སྒོ་ནས་རབ་ལྷས་བྱིན་གྱིས་བརླབས་པའི་མཚན་མ་རྙེད་པའམ་སེམས་བརྟན་པའི་དྲོད་ཚད་ཐོབ་པ་དང་། འབྲིང་ལོ་གཅིག་གམ་ཟླ་བ་དྲུག་སོགས་ཇི་སྲིད་བཟླ་བར་དམ་བཅས་པ་དེ་སྲིད་དུ་བཟླ་བ་དང་། ཐ་མ་གཙོ་བོ་ལ་བྱེ་བ་དང་། འཁོར་རྣམས་ལ་ཁྲི་ཕྲག་རེ་བཟླ་བར་ཀུན་མཁྱེན་གྱིས་གསུངས་སོ། །གཉིས་པ་ཕྱག་རྒྱ་ནི། རང་སེམས་རིག་པ་སྐུ་ཕྱག་ཆེན་སོགས་ཕྱག་རྒྱ་བཞི་


MLP020_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀྱི་ལྷའི་སྐུར་གསལ་བ་ལས་མུ་དྲ་ཞེས་པའི་སྒྲས་མཚན་མ་སྟེ་དེ་ལ་འདོགས་བྱེད་རྟེན་གྱི་མཚན་མ། མཚོན་བྱ་མཚོན་པའི་མཚན་མ། མི་འདའ་བ་རྒྱའི་མཚན་མ་སྟེ་གསུམ་ལ་འཇུག་པ་ལས་འདིར་ཕྱི་མ། མི་འདའ་བ་ཞེས་བཤད་དེ༑ སྐུ་གསུང་ཐུགས་ཕྲིན་ལས་བཅས་ཕྱག་རྒྱ་བཞི་རྫོགས་སུ་གསལ་བ་ལས་མི་འདའ་བའི་སྒོ་ནས་སྒོ་གསུམ་བྱ་བ་དང་བཅས་པ་ཡོངས་དག་གི་ངོ་བོར་བརྟན་ཅིང་མི་ཤིགས་པར་བྱེད་པ་བདག་ཉིད་ཆེན་པོ་རྣམས་ཀྱི་ཆེ་བའི་རྟགས་སམ་མཚན་མར་གྱུར་པ་སྟེ། རྒྱས་པ་ལས། དཔེར་འཇིག་རྟེན་རྒྱལ་པོའི་ཕྱག་རྒྱས་བཏབ་པ་ལས་འདའ་དཀའ་ཞིང་འདའ་མི་ནུས་པ་ཇི་བཞིན་དུ་སྒོ་གསུམ་དག་པའི་ངོ་བོར་མི་ཤིགས་པའི་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རོ་མཉམ་ཆེན་པོའི་ཕྱག་རྒྱ་མཆོག་གི་གནས་གང་ཡིན་ན་རིག་པ་ཕྱག་རྒྱ་བཞི་རྫོགས་ཀྱི་ལྷར་གསལ་བ་ལས་མི་འདའ་བ་དེ་ཉིད་ནི་སྔགས་ཀྱི་བདག་ཉིད་ཆེན་པོའི་མཚན་མའི་གཟུགས་སམ་རྟགས་སུ་གྱུར་པས་ན་བཟླས་བསྒོམ་ཏིང་འཛིན་ལ་ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཞེས་གསུངས་ཏེ་འདི་ནི་གཙོ་བོར་ཡིད་ཀྱིས་ལྷར་གསལ་བ་ལྷག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་དབང་དུ་བྱས་པའོ། །ཏིང་ངེ་འཛིན་གཞིར་བྱས་ནས་བཅའ་བའི་ཕྱག་རྒྱ་དེ་ལ་ཞི་ཁྲོའི་ཕྱག་རྒྱ་གཉིས་ལས། དང་པོ་ལ། ཕྱག་རྒྱ་འབྱུང་བའི་རྒྱུ་ནི། ལག་པ་གཡས་པའི་སོར་མོ་ལྔ་ལ་དཔའ་བོ་འབྲུ་ལྔ་དང་། གཡོན་གྱི་སོར་མོ་ལྔ་ལ་དཔའ་མོ་འབྲུ་ལྔ་བཀོད་ནས་ཐལ་མོ་སྦྱར་བ་སྟེ། འདི་ཕྱག་རྒྱ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་ཕྱག་རྒྱའི་དངོས་གྲུབ་ཐམས་ཅད་ཀྱི་གཞི་རྣལ་འབྱོར་པའི་ནང་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་ཤེས་རབ་མི་རྟོག་པའི་དབྱིངས་དང་མཉམ་པར་སྦྱོར་བའི་རྣལ་འབྱོར་དུ་མཚོན་པའོ། །དེ་ནས་རིགས་ལྔ་སྤྱིའི་དམ་རྒྱ་ནི། ལེའུ་བརྒྱད་པར། ༀ་དང་མཱུྃ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་པ་ལྟར་རོ། །སོར་མོ་འདི་ལྟར་བསྣོལ་བའི་རྒྱུ་མཚན་ལ་དཔལ་སྤྲུལ་རིན་པོ་ཆེའི་གསུང་རྒྱུན་དུ་གྲགས་པ་འགར་འདི་ལྟར་ལྷ་རྣམས་གཞན་རིགས་ལ་འཁྱུད་པར་ད་ལྟ་འཇིག་རྟེན་པས་ཆུང་མ་བླངས་ན་རིགས་ཐ་དད་ལོན་པ་འདྲ་མཚུངས་སྦྱར་ནས་སྦྱང་བྱ་དང་སྦྱོང་བྱེད་ཀྱི་རིགས་པའི་ཕྱོགས་ནས་བཤད་པ་མཐོང་ཡང་། འདི་སྐོར་གྱི་ཁུངས་ཚད་ལྡན་མ་རྙེད་ལ། ཐལ་བ་ལས། དབྱིངས་དང་ཡེ་ཤེས་བདག་པོ་ཉིད། །ༀ་དང་མཱུྃ་དུ་རང་བཞིན་གནས། །ཡབ་ཀྱི་ཐབས་རྡོ་རྗེའི་རྭ་དང་ཡུམ་གྱི་ཤེས་རབ་པདྨ་


MLP020_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མའི་ཐིག་ལེ་རྣམས། །རང་གི་གནས་ཀྱི་བསྣོལ་མར་འགྱུར། །རབ་ཏུའང་རྒྱལ་བ་རིགས་གཅིག་པ་མ་ཟད་རིགས་ཐ་དད་པ་མང་པོ་འདྲེས་པར་འགྱུར་བ་ལས། །རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ། །མྱོང་ཕྱིར་ཐོབ་པ་ཞེས་སུ་གསུངས། །ཞེས་འབྱུང་བ་ལས་དཔག་ན། དབྱིངས་སྟོང་ཕྱོགས་མཚོན་པའི་ལྷའི་གཙོ་བོ་དབྱིངས་ཕྱུག་མ་མཱུྃ་ཡིག་དང་། ཡེ་ཤེས་སྣང་ཕྱོགས་མཚོན་པ་ལ་གཙོ་ཤོས་ༀ་རྣམ་སྣང་གི་ཡི་གེ་གཉིས་མཉམ་སྦྱོར་དུ་བཅིང་ཞིང་སྭཱ་མཱྃ་མ་གཏོགས་གཞན་བསྣོལ་བ་སངས་རྒྱས་ཀྱི་རིགས་ཐ་དད་མང་པོ་ཐབས་ཤེས་བསྲེས་པའི་བདེ་བས་མི་ཕྱེད་པར་བསྡམས་ནས་ལྷ་རྟོག་དབྱེར་མེད་དུ་རྟོགས་པའི་ཡེ་ཤེས་ལ་བརྟན་པར་རྒྱས་འདེབས་བྱེད་བདེ་ཆེན་རྒྱས་འདེབས་པའི་ཆེད་དུ་སོར་མོ་ཕལ་ཆེར་བསྣོལ་མར་སྦྱར་ལ། མ་བསྣོལ་བ་དེའང་སྭཱ་མཱྃ་ནི་ཡབ་ཀྱི་སྤྱི་རྒྱས་སྲིན་ལག་གཉིས། ཡུམ་གྱི་སྤྱི་རྒྱས་མཐེའུ་གཉིས་ཟུང་གཅིག་ཡོད་ཀྱང་ཡབ་ཡུམ་རིགས་འདྲེས་པ་དང་མ་འདྲེས་པའི་བདེ་བ་འདུས་ཤིང་བསྲེས་པར་འགྱུར་བས་མདོར་ན་རིགས་ཐམས་ཅད་ཀྱི་ལྷ་སྔགས་གང་སྣང་ཐམས་ཅད་བདེ་བ་བསྡམས་པའི་ཕྱག་རྒྱ་ཡིན་ཞེས་བཤད་དུ་རུང་ངམ་སྙམ་སྟེ་དཔྱད་གཞི་ཙམ་མོ༑ ༑སོ་སོའི་ཕྱག་རྒྱ་ནི། རེ་རེའང་ཕྱག་རྒྱ་བདུན་སྦྲགས་སུ་བྱ་སྟེ། མི་བསྐྱོད་པ་ལ་མཚོན་ན༑ རང་ལྷ་མི་བསྐྱོད་པ་ཡབ་ཡུམ་དེའི་སྐུར་སྒོམ་པ་ཕྱག་ཆེན༡༽ ལག་པ་གཡས་པའི་གུང་མོ་ཐུགས་ཀར་བསྒྲེང་བ་བཅའ་བ་དམ་རྒྱ་༢༽ དེའི་རྩེ་མོར་ཧཱུྃ་ཡིག་བསམ་པ་ལ་བསམ་པ་ཆོས་རྒྱ་༣༽། དེ་ཡོངས་སུ་གྱུར་པ་ལ་རྡོ་རྗེ་རྩེ་ལྔ་བསམ་པ་བསམ་པ་དམ་རྒྱ་༤༽ གཡོན་པའི་འབྲུ་ལྔ་སྦས་ནས་དྲིལ་བུ་བསིལ་ཞིང་ལྷ་མོ་ལ་འཁྱུད་པའི་ཚུལ་གྱིས་ཞབས་གཡོན་ལ་བརྟེན་པ་བཅའ་བ་ལས་རྒྱ་༥༽ དེ་ལྟར་བསམ་པ་བསམ་པ་ལས་རྒྱ༦༽ ཡབ་ཀྱི་བདེ་བས་ཡུམ་ལ་རྒྱས་འདེབས་ཕྱག་རྒྱ་གཡས་ནས་བཅས་ཏེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་དང་ལྷན་ཅིག་བཛྲ་དྷྲིཀ་ཅེས་བརྗོད་པ་ཆོས་རྒྱ་༧༽སྟེ། ཕྱི་མ་འདིའི་ཕྱག་རྒྱ་བསྒྱུར་ཞིང་དགྲོལ་བ་ནི་བཅའ་བ་དང་བསམ་པ་ལས་རྒྱའི་ཁོངས་སུ་གཏོགས་པ་འདྲའོ། །དེ་ནི་ཤེས་རབ་ཡུམ་ལ་ཐབས་ཡབ་ཀྱིས་རྒྱས་འདེབས་པའོ། །དེ་བཞིན་དུ་ཡུམ་གྱི་ཤེས་རབ་ཀྱིས་ཡབ་ཀྱི་ཐབས་ལ་རྒྱས་འདེབས་པ་ནི་ཱུམཱུྃ་བསྒྲེང་རྩེ་མོར་དྲིལ་བུ་སྒྲ་བཅས་སྒོམ་པ་བསིལ་འབར། །ཞེས་སོགས་ལྟར་དབྱིངས་ཕྱུག་མའི་ཕྱག་རྒྱ་


MLP020_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་མི་བསྐྱོད་པའི་སྐབས་ན་བཤད་པ་ལྟརབདུན་ལྡན་གྱིས་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པ་སོགས་ལྷག་མ་རྣམ་སྣང་སོགས་རྣམས་ལའང་ཅི་རིགས་སུ་སྦྱར་རོ། །བསྡུས་པ་ལ་དགའ་བས་སྤྱིའི་དམ་རྒྱ་ཙམ་བཅིངས་པས་ཀྱང་དཀྱིལ་འཁོར་ཡོངས་རྫོགས་མཉེས་པ་དང་རྒྱས་འདེབས་ཀྱི་དགོས་པ་འགྲུབ་པར་གསུངས་སོ། །ཁྲོ་བོའི་ཕྱག་རྒྱ་ནི། རྩ་བའི་རྒྱུད་འདིར་མ་གསུངས་ཀྱང་། བཤད་རྒྱུད་རྒྱས་པ་དང་རྡོ་རྗེ་མེ་ལོང་སོགས་ནས་ཁ་སྐོང་བ་སྟེ་མ་སྤྲོས་སོ། །སྒྲུབ་ཐབས་ཀྱི་མཆོད་པའི་ཡན་ལག་ཏུ་ལྷག་པར་བསྔགས་པའི་ཕྱག་རྒྱ་བདུན་སོགས་དེ་ལྟར་ཡིན་ཀྱང་། སྤྱིར་ལྷག་པའི་བདེན་པ་དབྱེར་མེད་ཀྱི་གནད་ལ་རྟོགས་གོམས་ལས་སུ་རུང་བའི་སྔགས་པས་ཡན་ལག་གི་བསྒུལ་བསྐྱོད་ཕྲ་མོ་ཚུན་ཆད་དེ་བཞིན་གཤེགས་པའི་ཕྱག་རྒྱ་འབའ་ཞིག་ཏུ་བྱེ་བྲག་མེད་པར་འགྱུར་བའི་ཚུལ། ལེའུ་བརྒྱད་པར། མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་སོགས་གསུངས་སོ། །དངོས་པོ་བཅུའི་ཡ་གྱལ་གྱི་སྔགས་རྒྱ་བསྒོམ་ཚུལ་གྱི་ཐོག་ནས་དཔེར་ན་རིག་པ་ཕྱག་རྒྱ་བཞིར་རྫོགས་ཀྱི་ལྷར་གསལ་ན་རིགས་སྔགས་དང་གཟུངས་སྔགས་ལྟ་བུའི་སྔགས་ཀྱང་ཡིན་ལ་ཕྱག་རྒྱའང་ཡིན་པ་དང་། ཡང་ན་བརྗོད་ཚུལ་གྱི་ཐོག་ནས། ཧཱུྃ་བཛྲ་དྷྲིཀ་ཞེས་པ་བརྗོད་པས་སྔགས་དང་བརྗོད་པ་ཆོས་རྒྱ་ཡིན་པས་ཕྱག་རྒྱའང་ཡིན་པའི་ཕྱིར། དངོས་པོ་བཅུའི་ས་བཅད་ལ་གཅིག་ཏུ་བགྲང་བའི་རྒྱུ་མཚན་དེ་ཡིན་གཉིས་ཀའི་གཞི་མཐུན་ཡང་ཡོད་མོད་ཀྱི། གཉིས་སུ་ཕྱེ་བ་ནི་ངག་ཏུ་བརྗོད་པ་གཙོ་བོར་གྱུར་པའི་སྔགས་དང་ལག་པས་བཅའ་བ་གཙོ་བོར་གྱུར་པའི་ཕྱག་རྒྱ་ཞེས་ཁྱད་པར་གྱིས་ཡིན་ཞེས་རོང་ཟོམ་ཆེན་པོ་བཞེད་དོ། །བཞི་པ་རྒྱུད་ཀྱི་དགོས་འབྲེལ་ནི། ཐུགས་ཐིག་ལས། བརྗོད་འབྲེལ་དགོས་པ་ཡང་དགོས་དང་། །རྒྱུ་རྐྱེན་ཡན་ལག་བཞི་རུ་འགྱུར། །ཞེས་པ་ལྟར་ཡན་ལག་བཞི་སྟེ། གཞི་ལམ་འབྲས་བུའི་རྒྱུད་གསུམ་བརྗོད་བྱ། དེ་མཚོན་བྱེད་མིང་ཚིག་ཡི་གེའི་རྒྱུད་ནི་རྗོད་བྱེད་དེ་རྗོད་བྱེད་ཙམ་ལ་དགོས་འབྲེལ་འཇོག་མི་བཏུབ་སྟེ། ཕྱི་རོལ་པའི་བྱ་རོག་སོ་རྟོག་གི་བསྟན་བཅོས་ལྟ་བུའང་རྗོད་བྱེད་ཡིན་ཀྱང་དགོས་པ་དང་མ་འབྲེལ་བའི་ཕྱིར། དེས་ན་སྤྱིར་དགོས་འབྲེལ་བཞིའི་ཡ་གྱལ་རྗོད་བྱེད་ཡིན་མོད་ཀྱང་བརྗོད་བྱ་གང་སྟོན་ལ་མི་ལྟོས་པར་རྗོད་བྱེད་དང་དགོས་པའི་འབྲེལ་པ་བརྩིར་མི་བཏུབ་པས་ཡན་ལག་བཞིའི་དང་པོ་ལ་


MLP020_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསེས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས་ཕྱེས་ནས་དེ་ལྟར་སྨོས་ཀྱི། ཡན་ལག་བཞིའི་དང་པོ་དངོས་ནི་རྗོད་བྱེད་དོ། །རྗོད་བྱེད་དེ་ལ་བརྟེན་ནས་བརྗོད་བྱའི་དོན་གཞི་ལམ་འབྲས་བུའི་རྣམ་གཞག་དེ་ཚང་ལ་མ་ནོར་བར་ཤེས་པ་ནི་དགོས་པ། དེ་ལྟར་ཤེས་ནས་ཉམས་སུ་བླངས་པས་གནས་སྐབས་ལས་བཞི་དང་འབྱུང་ལྔའི་དངོས་གྲུབ་སོགས་ཐུན་མོང་གི་དངོས་གྲུབ་བསམ་པ་བཞིན་དུ་འབྱུང་བ་ནི་ཉིང་དགོས་སམ་དགོས་པའི་དགོས་པ་ཕྲ་མོ་དང་། རྫོགས་རིམ་གྱིས་མཐར་ཐུག་སློབ་པ་དང་མི་སློབ་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི་ཉིང་དགོས་གཙོ་བོ༑ འབྲེལ་བ་ལ་བརྗོད་བྱ་རྗོད་བྱེད་གཉིས་ཤེས་བྱ་ཤེས་བྱེད་ཀྱི་འབྲེལ་བ་བཏགས་པ་བ་དང་། བླ་མས་རྗོད་བྱེད་སློབ་མས་ཤེས་དང་དགོས་པ་ཐབས་ལས་ཐབས་བྱུང་གི་འབྲེལ་བ་བཏགས་པ་བ་དང་དགོས་པ་དང་ཉིང་དགོས་དེ་ལས་དེ་བྱུང་འབྲེལ་བ་དངོས་དང་། ཉིང་དགོས་དང་བརྗོད་བྱ་ངོ་བོ་བདག་གཅིག་གིས་འབྲེལ་ཞེས་གསུངས་ཏེ། འདི་དག་ལ་འབྲེལ་བ་དངོས་བཏགས་ཅི་རིགས་ཡོད་ཅིང་། སྐབས་དོན་གྱི་འབྲེལ་བརྩི་ཚུལ་དངོས་ནི་ཉིང་དགོས་དགོས་པ་ལས་འབྱུང་། དགོས་པ་རྗོད་བྱེད་ལས་འབྱུང་བའི་དེ་བྱུང་འབྲེལ་ཉིད་ཡིན་ཏེ། ཉིང་དགོས་དོན་དུ་གཉེར་བའི་འཁོར་རྣམས་དེ་ལྟ་བུའི་འབྲེལ་བ་ཡོད་པ་དེ་མཐོང་ནས་རྗོད་བྱེད་ཀྱི་རྒྱུད་གཞུང་འདི་འཆད་ཉན་གྱིས་ལེན་ཅིང་འཛིན་པ་ལ་འཇུག་པ་ཡིན་པའི་ཕྱིར་རོ། །འོན་ཏེ་གྲོལ་ལམ་གྱིས་དངོས་གྲུབ་སྒྲུབ་ཚུལ་ལྟ་བུ་དང་བསྟུན་ན་སྔར་སྨོས་ལྟར་རྟོགས་གྲོལ་དུས་མཉམ་པ་ཞིག་མངའ་རིས་པཎ་ཆེན་སོགས་ཀྱིས་བཞེད་པས། དེ་ལྟར་ན་ཤེས་འཇུག་མངོན་གྱུར་གསུམ་དུས་མཉམ་པ་ཞིག་འོང་བས་དེ་ལ་དཔག་ན་ཉིང་དགོས་དང་བརྗོད་བྱ་ལ་བདག་གཅིག་འབྲེལ་བརྩིས་པ་འདིར་ཡང་གོ་རྒྱུ་དམིགས་བསལ་ཞིག་ཡོད་དམ་སྙམ་མོ། །སྤྱིར་ནི་དགོས་སོགས་ཆོས་བཞི་བསྟན་པ་གདུལ་བྱ་གཞུང་དེ་ལ་དང་པོར་འཇུག་པའི་ཆེད་ཡིན་པས་གཞུང་གི་སྔོན་དུ་བཤད་པར་བྱ་བ་ཡིན་ཡང་འདིར་རྒྱུད་ཀྱི་དངོས་པོ་རྫོགས་པའི་མཐར་སྨོས་པ་ནི། ཇི་སྲིད་རྒྱུད་འདི་མ་ནུབ་པར་འཇིག་རྟེན་ན་གནས་ཤིང་ཐོས་བསམ་སྒོམ་པས་སྤྱོད་པ་དེ་སྲིད་དུ་ཉིང་དགོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་འབྱོར་བ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་འབྱུང་བས་དངོས་སམ་བརྒྱུད་ནས་སེམས་ཅན་


MLP020_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་དོན་ཆེན་པོའི་སྒོར་འགྱུར་བར་གཟིགས་ཏེ། སྟོན་པས་འཁོར་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་འཛིན་པར་ནན་གྱིས་གདམས་ཤིང་བཀས་གཏད་པ་ཡིན་ཞེས་གདམས་གཏད་བྱེད་པ་གང་ལས་འཕྲོས་པའི་དགོས་པ་གང་གིས་གཏད་ཅེས་པའི་འོག་གི་གདམས་གཏད་ཀྱི་འཕྲོས་གཞི་ལྟ་བུའི་ཚུལ་ཀྱི་འཕྲོས་བཙལ་བ་ལ་དགོས་འབྲེལ་བཞི་པོ་བཤད་ན་ལེགས་པར་མངོན་ནོ། །ལྔ་བ་འཁོར་ལ་གདམས་ཤིང་གཏད་པ་ནི། གདམས་པ་བཞི་དང་གཏད་པ་གསུམ་སྟེ། དང་པོ་ནི། རྩ་རྒྱུད་ལེའུ་ཉེར་གཉིས་པ་ལས་སྣང་བ་བཞི་གདམས་པ་དང་པོ་འདིར་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཇི་ལྟར་བསྟན་པ་བཞིན་དུ་རྟོགས་པར་གྱིས་ཤིག་ཅེས་གཞི་རང་བཞིན་གྱི་སྣང་བ་དག་པས་དག་པ་ལྟར་དུ་ུརྟོགས་བྱར་གདམས་པ་དང་། སྣང་བ་གཉིས་པ་འདིར་གཟུང་འཛིན་འཁྲུལ་པའི་རྒྱུ་འབྲས་བཤད་པ་རྣམས་ནི་དག་བྱའམ་སྦྱང་བྱ་ངོས་བཟུང་བའི་ཆེད་ཡིན་པས་འཁྲུལ་པའི་ཀུན་རྟོག་སྦྱང་བ་ལ་བརྩོན་པར་གྱིས་ཤིག་ཅེས་ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ་དང་། སྣང་བ་གསུམ་པ་འདི་ནས་བཤད་པའི་ཐབས་གྲོལ་གྱི་ལམ་འདི་ནི་ལྷ་མི་ནས་ཕྱི་རྒྱུད་བར་གྱི་ཐེག་པ་ཐམས་ཅད་ཀྱི་སྐྱེལ་སོ་དང་ས་ལམ་གང་ནས་ཞུགས་ཀྱང་གྲུབ་དོན་གཅིག་ཏུ་འབབ་པ་ཆུ་ཀླུང་མཐའ་དག་འདུ་བའི་རྒྱ་མཚོ་ལྟ་བུ་ཡིན་པས་འདི་ཁོ་ན་ལ་སྐྱེས་བུས་རྩལ་ཅི་ཡོད་ཕྱུང་ནས་སློབ་པར་གྱིས་ཤིག་ཅེས་གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ་དང་། སྣང་བ་བཞི་པ་དེ་ལྟར་ལམ་འདི་མཐར་ཕྱིན་པ་ན་བདག་དོན་བླ་ན་མེད་པའི་ཡེ་ཤེས་ལ་དབང་འབྱོར་ཞིང་ཅི་མཛད་གཞན་ཕན་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་འཇུག་པས་དོན་གཉིས་ཀྱི་བསམ་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་སྟེ་སྣང་བ་བཞི་གདམས་པའོ། །གཉིས་པ་ནི། ཁོག་གཞུང་ལས། སྡུད་པ་པོ་དང་༡༽བུད་མེད་༢༽དང་། །རྣལ་འབྱོར་མིག་ལྡན་༣༽སོགས་ལའོ། །ཞེས་པ་བཞིན་ཏེ། ༼༡ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་མཛོད་འཛིན་པ་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁྱོད་ཡིན་ན་གསང་དོན་འདི་ལས་མཐར་ཐུག་པ་སངས་རྒྱས་རང་གི་དགོངས་པའི་མཐིལ་གཞན་མེད་པས་འདི་ཉིད་བརྟན་པོར་ཟུངས་ཤིག་ཅེས་


MLP020_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཀའི་སྡུད་པ་པོ་འཕགས་པ་ཕྱག་ན་རྡོ་རྗེ་ལ་གཏད་པ་དང་། ༼༣ རྣལ་འབྱོར་པ་ལེགས་ཉེས་རྟོགས་པའི་མིག་ལྡན་གང་ཞིག་རྒྱུད་འདི་ཕྱིན་ཅི་མ་ལོག་པར་སྣོད་ལྡན་གང་ཟག་གཞན་ལ་འདོམས་པ་དེ་ནི་ཀུན་ཏུ་བཟང་པོ་དང་འདྲ་བ་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་དང་། དེར་མ་ཟད་སྟོན་པ་ཀུན་ཏུ་བཟང་པོ་དངོས་དང་འདྲ་བར་བལྟ་བར་བྱ་བའི་གནས་ཡིན་ནོ་ཞེས་ཕྱི་རབས་ཀྱི་གང་ཟག་སྐལ་བ་མཆོག་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་སྣོད་ལྡན་ལ་རྒྱུད་འདི་ཉིད་འཆད་པར་སྤྲོ་བ་བསྐྱེད་པའི་སྒོ་ནས་རྒྱུད་གཏད་པ་དང་། ༼༢ བུད་མེད་ལ་གཏད་པ་ནི། རིག་པ་འཛིན་པའི་ཞིང་ཁྱད་པར་ཅན་སོགས་ན་བཞུགས་པའི་མཁའ་འགྲོ་སོ་གཉིས་དང་གིང་ཆེན་སོགས་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ལ་རྒྱུད་འདིའི་གཉེར་ཁ་གྱིས་ཞེས་གཏད་པ་སྟེ། རྒྱུད་འདིའི་ཚིག་ཟིན་ལ་མེད་ཀྱང་སྒྱུ་འཕྲུལ་རྒྱས་པ་ལས་གསུངས་ཏེ། ཇི་སྐད་དུ། ང་ཡི་ཐུགས་ཀྱི་གསང་བའི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་སྤེལ་བ་དང་། །སྔགས་ཀྱི་ཆོས་དེ་ཡི་དོན་མི་བརྗེད་པར་འཛིན་པར་མཛད་པའི་གཟུངས་མ་མཁའ་འགྲོའི་ཚོགས་ལ་གཉེར་ཁ་གཏད་པ་ནི། །ཞེས་སོགས་སོ། །དོན་བསྡུས་ནས་གདམས་གཏད་དེ་དག་རྗེས་འཇུག་ལ་སྦྱར་ན། རྒྱུད་ནས་བཤད་པའི་མཆོག་ཐུན་མོང་གི་དངོས་གྲུབ་གང་ཡང་སྒྲུབ་པ་ནན་ཏན་དང་བྲལ་ན་འགྲུབ་པའི་གོ་སྐབས་མེད་པས་རྒྱུད་སྡེ་མཉན་ནས་གོ་ཡུལ་ཙམ་དུ་མ་བཞག་པར་ཐོས་དོན་སྒྲུབ་ལ་གཞོལ་ཏེ་རྒྱུད་ཉིད་ནས་ཇི་སྐད་བཤད་པ་བཞིན་སྒྲུབ་པ་སྙིང་པོར་བྱོས་ལ་ཐོག་མར་རང་གི་རྒྱུད་གྲོལ་བར་གྱིས་ཤིག་ཅེས་པ་ནི་གདམས་པའི་དོན་དང་། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་ཉན་ཐོས་དང་རིགས་གསུམ་སེམས་དཔའི་རྒྱུད་ལ་དངོས་སུ་བསྐོར་བས་སེམས་ཅན་དཔག་ཏུ་མེད་པའི་རྒྱུད་ལ་གཅིག་ནས་གཅིག་ཏུ་བར་མ་ཆད་པར་བརྒྱུད་པའི་ཚུལ་གྱིས་འཁོར་ཞིང་འཇུག་པ་ནི་ཉན་བཤད་ལ་རག་ལས་པས་སྣོད་ལྡན་ལ་མ་སྦས་པར་རྒྱུད་སྨིན་པའི་རིམ་པ་བཞིན་དུ་ལེགས་པར་ཤོད་ཅིག་ཅེས་པ་ནི་གཏད་པའི་དོན་གཙོ་བོ་ཡིན་ལ། སྔགས་བསྟན་བདག་གིར་བྱེད་པའི་མཁའ་འགྲོའི་ཚོགས་ལ་བསྟན་པ་ལ་སྡང་བ་ཚར་གཅོད་པ་དང་། བསྟན་འཛིན་རྣམས་ཀྱི་དཔུང་དང་གྲོགས་བྱེད་པ་སོགས་ཕྲིན་ལས་རྣམ་པ་བཞི་ཇི་ལྟར་རིགས་པའི་ཐབས་ཀྱིས་གཏད་དེ་བསྟན་པའི་དོན་བྱ་བ་མགོན་པོའམ་ལེགས་ལྡན་དེའི་འཁོར་དུ་ཡོད་དོ། །


MLP020_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་ནི། ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག དེ་ལས་ཚིགས་སུ་བཅད་པ་དང་། ལྷུག་པ་དང་། སྤེལ་མ་དང་། ལེའུ་ལ་སོགས་པའི་རིམ་པས་བརྗོད་བྱ་དོན་གྱི་རྒྱུད་མཚོན་པར་ནུས་པའི་རྗོད་བྱེད་སྒྲའི་རྒྱུད་ཀྱི་གཞུང་དུ་གྲུབ་པ་ཡིན་ཏེ། འདི་ཉིད་ལས། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་གསུངས། དེ་ལའང་སྒྲར་སྣང་བ་དོན་སྤྱི་དང་། སྒྲར་གྲགས་པ་སྒྲ་སྤྱི་དང་། བརྡར་གྱུར་པའི་རྒྱུད་གཞུང་རྒྱུད་ཀྱི་གླེགས་བམ་དང་གསུམ་ཡོད་ཅིང་། རྩ་རྒྱུད་ཀྱི་ཆ་དང་གང་གིས་དོན་གང་སྟོན་ཆེ་ལོང་ཙམ་ནི། ལེའུ་དང་པོ་དང་། གསུམ་པའི་སྟོད་དང་། བཅོ་ལྔ་པ་རྣམས་ཀྱིས་གླེང་གཞི་དང་། ལེའུ་གཉིས་པས་གླེང་བསླང་དང་། བཅིང་མེད་རྣམ་པར་གྲོལ་མེད་པའི།། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས་གཞི་རྒྱུད་ཀྱང་བསྟན། །ལམ་རྒྱུད་ལས་མཚན་ཉིད་གསུམ་མདོ་ཙམ་བཅུ་གཉིས་པ་དང་། རྒྱས་པ་ལེའུ་ལྔ་པ་ལས་བསྟན། ལྟ་བ་ལེའུ་གསུམ་པའི་སྨད་དང་བཅུ་གཅིག་པས་བསྟན། སྤྱོད་པ་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པས་བསྟན། དཀྱིལ་འཁོར་སྟོན་པ་ལ་ཞི་དཀྱིལ་དང་པོ་དང་དྲུག་པས་བསྟན། ཁྲོ་དཀྱིལ་བཅོ་ལྔ་པ་དང་བཅུ་བདུན་པས། ཞི་ཁྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དགུ་པས། ཚོགས་དཀྱིལ་བཅུ་གཅིག་པ་དང་བཅུ་གཉིས་པས་སྟོན། དབང་གི་དཀྱིལ་འཁོར་དང་དེར་འཇུག་པ་དང་སྣོད་དང་འཚམ་པར་བསྐུར་ཚུལ་སོགས་དགུ་པས། དབང་བསྐུར་ཐབས་དངོས་བཅུ་པས། དམ་ཚིག་བཅུ་དགུ་པས། ཕྲིན་ལས་ལ་མེའི་ཕྲིན་ལས་ཟུར་ཙམ་དགུ་པར་དང་གཙོ་བོར་ཉི་ཤུ་པས་སྟོན། སྒྲུབ་པ་བཞི་པ་དང་ལྔ་པས། ཏིང་ངེ་འཛིན་ལ་ཏིང་ངེ་འཛིན་གྱི་ཕན་ཡོན་དང་སྒོམ་ཐབས་སོགས་ལྔ་པས། བསྐྱེད་རྫོགས་གཉིས་དང་རྫོགས་རིམ་ཐབས་གྲོལ་གྱི་ཏིང་ངེ་འཛིན་རྒྱས་པར་བཅུ་གསུམ་པས། བསྐྱེད་རིམ་གྱི་དམིགས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དྲུག་པ་སོགས་ཀྱིས་སྟོན། མཆོད་པ་ལ། ཞི་བ་ཕྱག་རྒྱའི་མཆོད་པ་བརྒྱད་པས། ལྷག་ཏིང་གི་མཆོད་པ་དགུ་པས། གླུ་ཡེ་ཤེས་བཅུ་བཞི་པས། སྦྱོར་སྒྲོལ་དང་དམ་རྫས་ཀྱི་མཆོད་པ་བཅོ་བརྒྱད་པས། ཁྲོ་བསྟོད་ཉེར་གཅིག་པས་སྟོན། སྔགས་རྒྱ་གཉིས་ལས་སྔགས་ཀྱི་རྩ་བ་ཡི་


MLP020_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་འཁོར་ལོ་བཞི་པས། ཞི་བའི་སྔགས་བདུན་པས། ཁྲོ་བོའི་སྔགས་བཅུ་དྲུག་པས། ཕྱག་རྒྱ་བརྒྱད་པས། གདམས་གཏད་ཉེར་གཉིས་པས་བསྟན་ཏེ། འདི་དང་ཞལ་ལུང་གི་ཚིག་ཟིན་ལ་མི་འདྲ་བ་ཅུང་ཟད་ཡོད་ཀྱང་དོན་གྱི་གནད་གཅིག་པ་ཁོ་ན་ཡིན་ནོ། །དེ་དག་ལ་སོགས་པ་རྒྱུད་ཀྱི་དགོངས་དོན་མཐའ་དག་ཞིབ་པར་ནི། ལེའུ་བཅུ་གསུམ་པ་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་བཀའ་བསྩལ་པ་ལྟར་སྟོན་པ་ཀུན་ཏུ་བཟང་པོ་ནས་མན་ངག་གི་བརྒྱུད་པ་བར་མ་ཆད་པ་མངའ་བའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་རྒྱུད་གཞུང་འཁྲུགས་པ་བསྡེབས། གཅུས་པ་བསྲང་། གབ་པ་མངོན་དུ་ཕྱུང་བའི་ཚུལ་གྱིས་ལེགས་པར་ཕྱེ་བའི་ཉི་ཟེར་ལ་བརྟེན་ནས་སྐལ་བཟང་རྣམས་ཀྱི་བློའི་པདྨོ་སད་པར་བྱས་ཏེ་ཁྱབ་བདག་དྲུག་པའི་ཕྲིན་ལས་ཕྱོགས་དུས་ཐམས་ཅད་དུ་རྒྱས་པར་བྱའོ། །བཤད་རྒྱུད་ཆུ་བོ་བཞི་ཡིས་རྒྱས་པར་བྱས་ཤིང་། །མཆོག་ཐུན་གྱི་དངོས་གྲུབ་ནོར་བུའི་ཁ་དོག་སྟོང་གིས་བཀྲ། །ཐུན་མོང་འདོད་གཟུགས་དང་ཐུན་མིན་རིག་འཛིན་བཞི་རིག་འཛིན་ཀླུ་དབང་རྣམས་ཀྱི་རྩེ་དགའི་ཐུགས་དམ་གྱི་མཐིལ་དུ་འཛིན་པའི་གནས་ཡིན་པས། །དེ་ལྟ་བུའི་དཔལ་ལྡན་གསང་བའི་སྙིང་པོའི་རྒྱུད་ཀྱི་རྒྱལ་པོ་མ་ཧཱའི་ཨ་ཏིར་གྱུར་པའི་ཟབ་མོའི་རྒྱ་མཚོ་ལྟ་བུ་འདིར། །ཞུགས་ནས་འཕྲལ་ཕུགས་ཀྱི་དོན་དངོས་གྲུབ་གཉིས་ཐོབ་པ་གནའ་དུས་ཟུར་ཆེན་སྒྲོ་ཕུག་པ་སོགས་མང་བྱུང་ཡང་། །ད་ལྟའི་གནས་སྐབས་དུས་ཀྱི་དབང་གིས་ཆེས་ཉུང་ངུར་གྱུར་མཐོང་སྟེ། །དེད་དཔོན་མཁས་པ་དཔལ་ལྡན་ཟུར་པའི་ལུགས་གཞིར་བྱས་ནས་ཐུན་མིན་གྱི་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་ལྟ་བུའི་མན་ངག་ལ་བརྟེན་ནས། །ལེགས་བཤད་གྲུ་ཡི་འཕྲུལ་འཁོར་གསར་བ་བྱས། །འོན་ཀྱང་མཆོག་ཏུ་བརླིང་བའམ་ཟབ་ཅིང་བརྗིད་པའི་རྡོ་རྗེའི་གནས། །ཉམ་ཆུང་བྱིས་པ་ཞེས་ཁེངས་པ་བསྐྱུངས་ཏེ་བློ་བརྟུལ་བྱིས་པ་བདག་འདྲའི་རྩལ་གྱིས་ལེགས་པར་དབྱེ་དཀའ་བས། །ཚིག་དོན་ལ་ནོངས་པར་གང་གྱུར་དཀྱིལ་འཁོར་གཙོ་བོ་རྡོ་རྗེ་ཅན་ལ་འཆགས། །བཟོད་པར་དགོངས་ནས་ཚངས་པ་སངས་རྒྱས་པའི་མཆོག་སྦྱིན་མཛོད། །ཐེག་པ་རིམ་པ་དགུའི་ཆོས་ལས་ནང་རྒྱུད་སྡེ་གསུམ་དང་དེའི་ནང་ནས་ཨ་ནུ་མན་ཆད་ཀྱི་མཆོག་མ་ཧཱའི་ཨ་ཏི་འདིའི་ཞིང་ལ་སྤྱི་དོན་བྲིས་ནས་ངལ་བའི་ས་བོན་འགའ་ཞིག །བསྐྱེད་ལས་རྒྱུ་མཐུན་གྱི་སྡོང་པོ་ཆེར་རྒྱས་ཏེ། །གདུལ་བྱ་སློབ་མའི་རྒྱུད་


MLP020_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟབ་མོ་ལམ་དུ་མའི་རོ་བདའི་འབྲས་བུ་མཆོག་སྟེར་བ་ལ་ཉན་བཤད་ཀྱི། །ཡལ་འདབ་ཕྱོགས་དང་དུས་ཀུན་ཏུ་ཁྱབ་པར་ནམ་མཁའི་བླ་བྲེ་ལྟར་རྒྱས་པར་གྱུར་ཅིག །རྣལ་འབྱོར་ཆེན་པོ་ལ་གང་སྣང་དཔེ་ཆར་ཤར་བས་ཕྱོགས་བཅུའི་ཞིང་ཕྱི་སྣོད་གསང་ཆེན་རྒྱུད་སྡེའི་འཆད་ཉན་གྱི་མཛོད་དུ་གྱུར་པ་ལ། །ནང་བཅུད་འགྲོ་ཀུན་རིག་འཛིན་ཚོམ་བུར་སད་ཅིང་ཐོན་ནས། །བརྟན་གཡོ་མཐའ་དག་སྒྱུ་འཕྲུལ་དྲྭ་བ་ཡི། །དཀྱིལ་འཁོར་འཁོར་ལོ་རྟེན་དང་བརྟེན་པ་གཅིག་ཏུ་བྱང་ཆུབ་ཤོག །དཔལ་གསང་བ་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་ཅེས་བྱ་བ་འདི་ནི། སྔོན་ཆད་རྙིང་བསྟན་རིན་པོ་ཆེར་གཅིག་ཏུ་སྨན་པའི་ལྷག་བསམ་ཅན་བླ་མ་དམ་པ་ཡེ་ཤེས་འོད་ཟེར་རྒྱ་མཚོས་བསྐུལ་ངོར་སྤྱི་དོན་ལེགས་བཤད་དགའ་སྟོན་ཞེས་བྱ་བ་ཞིག་བྲིས་པ་དེ་དུས་རང་ཉིད་ན་ཚོད་མ་རྫོགས་ཤིང་རྒྱུད་གཞུང་ལ་འདྲིས་ཆ་ཆུང་བའི་སྐབས་ཡིན་པས་འདུས་གསལ་ཞིག་མ་བྱུང་བའི་ཚུལ་རིན་པོ་ཆེ་རང་ཉིད་ཀྱིས་སྨྲས་པ་སོགས་ལ་བརྟེན་ནས། དད་བརྩོན་རྣམ་དཔྱོད་ཡངས་ཤིང་ཐོས་བསམ་གྱི་ནོར་དང་ལྡན་པའི་སྡོམ་བརྩོན་ཀུན་དགའ་བློ་གྲོས་སམ་མཁན་གང་རྣམ་ཀྱིས་གསང་སྙིང་སྤྱི་གཉེར་ཁུར་ནས་རྒྱུད་བཤད་ལ་ངལ་བ་དང་ལེན་གྱི་ཞབས་ཏོག་བཟང་པོ་སྒྲུབ་སྐབས། རིན་ཆེན་དཀར་པོ་དང་། གོས་དབང་མདོག མྱུར་བདེའི་བཞོན་པ་འཆར་ཀའི་སྣང་བ་ལྟ་བུའི་ཁ་དོག་ཅན་སོགས་མཎྜལ་དུ་ཕུལ་ཏེ་ནན་ཏན་ཆེན་པོས་བསྐུལ་བ་དང་། རྩོད་བྲལ་དུས་བབས་ཀྱི་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་ལས་རབ་གླིང་པས་སྤྱི་དོན་ཞིག་རྩོམ་པའི་ཕྲིན་ལས་ལ་ཞུགས་ན་ཡི་གེ་པ་བདག་གིས་བགྱིའོ་ཞེས་པའི་བཀའ་བསྩལ་རིན་པོ་ཆེའི་ཕྲེང་བས་བསྐུལ་ཞིང་། ཡི་གེའི་གྲོགས་དན་མཛད་པས་མཚམས་སྦྱར་ཏེ། བསྟན་པ་རྒྱ་མཚོའི་མངའ་བདག་སྙིགས་དུས་ཀྱི་སངས་རྒྱས་མཚན་བརྗོད་པར་དཀའ་བ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཤིང་། དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་མཁས་ཤིང་དངོས་གྲུབ་ཀྱིས་བརྒྱན་པ་པདྨ་བཛྲ་མཁན་པདྨ་རྡོ་རྗེ་ཞེས་གཞན་ཕན་མཐའ་ཡས་ཀྱི་དངོས་སློབ་དང་། དཔལ་སྤྲུལ་རིན་པོ་ཆེའི་སློབ་དང་མཆེད་གྲོགས་གཞི་མཐུན་དུ་གྱུར་པ་མི་ཕམ་རྣམ་རྒྱལ་ཞབས་སོགས་རྡོ་རྗེ་འཛིན་དབང་དུ་མའི་སྤྱན་སྔར་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་དབང་། རྒྱུད་


MLP020_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། མན་ངག་དང་བཅས་པའི་བཀའ་དྲིན་ཐོབ་པ་མདོ་ཁམས་རྡོ་ཡུལ་གྱི་ཆོས་སྨྲ་བའི་གཟུགས་བརྙན་འཇིགས་མེད་བསྟན་པའི་ཉི་མས་རབ་ཚེས་མེ་འབྲུག་གི་ལོ་རྒྱུ་དང་མི་རྒྱུའི་འཇིག་རྟེན་དབྱར་གྱི་དགའ་སྟོན་ལ་རོལ་བ་རྫོགས་ལྡན་གཉིས་པའི་དུས་སུ་སྦྱར་བ་འདིས་ཀྱང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་གསང་ཆེན་སྙིང་པོའི་རིང་ལུགས་དྲི་མ་མེད་པ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དང་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ། །ༀ་སྭ་སྟི། འཕགས་པའི་ཞིང་ཁམས་བོད་ཡུལ་གངས་ཅན་འདིར། །པཎ་གྲུབ་ཆོས་རྒྱལ་སྨོན་ལམ་ནང་འཛོམ་པས། །དང་པོར་གསང་སྔགས་བསྟན་པའི་ཀློང་རྡོལ་བ། །སྔ་འགྱུར་རྙིང་མ་ཞེས་བྱར་གྲགས་འདི་ཡིན། །རྨ་གཉགས་བཻ་རོ་གནུབས་ཆེན་ཁུ་དབོན་དང་། །ཟུར་པ་མེས་དབོན་ཉང་རོག་རོང་ཟོམ་སོགས། །གྲུབ་བརྙེས་རིག་འཛིན་རྒྱལ་བ་དངོས་འདྲ་བ༑ ༑གྲངས་མེད་བརྒྱུད་པ་རིན་ཆེན་འདི་ནང་བྱུང་། །དེ་རྣམས་ཀུན་གྱི་ཕ་ནོར་གཅེས་པའི་དབྱིག །ཡོ་ག་གསུམ་གྱི་དོན་བསྡུས་རྩ་བའི་རྒྱུད། །ད་ལྟའི་བར་དུ་བཤད་རྒྱུན་མ་ནུབ་པར། །ལེགས་གནས་དཔལ་ལྡན་གསང་བའི་སྙིང་པོར་ངེས། །དོན་དེ་དགོངས་ནས་ལྔ་བདོའི་དུས་མཐར་ཡང་། །རྒྱལ་བའི་ཕྲིན་ལས་སྤེལ་ལ་ཟླ་བྲལ་བ། །གཞན་ཕན་མཐའ་ཡས་འོད་ཟེར་ཡབ་སྲས་ཀྱིས། །རྒྱུད་འདིའི་བཤད་སྲོལ་འབད་པ་བརྒྱ་ཡིས་བཟུང་། །བདག་འདྲའང་བཀའ་བརྒྱུད་དེ་ཡི་རྗེས་སྐྱེས་ཤིང་། །ཀུན་མཁྱེན་དགྱེས་པའི་བཀའ་ལུང་ཐོབ་གྱུར་པས། །གསར་བུའི་བློ་ཅན་རང་འདྲ་འགའ་ཡི་ཆེད། །སྤྱི་དོན་རྣམ་བཤད་ཉུང་ལ་གསལ་བ་བརྩམས། །གང་དེ་དད་འདུན་ལྷག་བསམ་ལྡན་པ་འགས། །འབད་པས་སྤར་དུ་བཞེངས་པའི་ལེགས་ཚོགས་རྒྱུན། །སྙིང་པོའི་བསྟན་པའི་ཟུངས་སུ་སྨིན་གྱུར་ཏེ། །དཔལ་ལྡན་བླ་མའི་ཕྲིན་ལས་རྒྱས་བྱེད་ཤོག །འབྲེལ་ཐོགས་ཀུན་ཀྱང་དམ་ཆོས་སྤྱོད་པ་ལ། །མི་མཐུན་རྒུད་པའི་མིང་ཡང་མི་འབྱུང་ཞིང་། །མཐུན་རྐྱེན་ལེགས་དགུའི་བརྟེན་འབྲེལ་ཕུན་ཚོགས་ཏེ། །དོན་གཉིས་འབྱོར་བ་རྒྱ་མཚོ་རྒྱས་གྱུར་ཅིག །ཅེས་པའང་ཆོས་སྐོར་བླ་མ་ཀུན་དགའ་བློ་གྲོས་དང་། གཡུང་ཤུལ་བླ་མ་གསུང་མཆོག་རྡོ་རྗེ་སོགས་


MLP020_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱུ་ཡོན་བསྟབས་ཤིང་། མཁྱེན་དབང་ཨ་མདོ་ཞབས་དྲུང་མཁས་བཙུན་བསྟན་འཛིན་རྒྱ་མཚོ་དང་། དགེ་ཚུལ་བདེ་ལོ་སོགས་གཞན་འགའ་རེས་ཀྱང་མཐུན་རྐྱེན་ཟུར་གསོས་སྦྱར་བ་ལ་བརྟེན་ནས། ཉེ་གནས་བློ་གྲོས་མོས་ལྡན་གྱིས་དོ་དམ་པ་བྱས་ཏེ། སྤྱི་དོན་མཛོད་ལྡེ་སྤར་དུ་བརྐོས་པའི་སྤར་བྱང་དུ་བསྟན་པའི་ཉི་མས་སྦྱར་བ་དགེ་ལེགས་འཕེལ།། །།


previousདཔལ་གསང་བའི་སྙིང་པོའི་རྒྱུད་ཀྱི་སྤྱི་དོན་ཉུང་ངུའི་ངག་གིས་རྣམ་པར་འབྱེད་པ་རིན་ཆེན་མཛོད་ཀྱི་ལྡེ་མིག་གི་མཆན་འགྲེལ་འཛམ་གླིང་ཉི་མ། མཁན་ཆེན་མཁྱེན་བརྩེ་ནོར་བུ། next