Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
བདེ་འདུས་དང་སྦྱར་བའི་སྨན་སྒྲུབ་བདུན་གཅིག་མའི་ལུགས་ཀྱི་ལས་ཐོ་སྐྱུད་བྱང་དུ་བཀོད་པ། ལོ་ཆེན་དྷརྨ་ཤྲཱི།
   
   
   
   
   
   
   
   
   
   
   
   


 
previousབདེ་འདུས་དང་སྦྱར་བའི་སྨན་སྒྲུབ་བདུན་གཅིག་མའི་ལུགས་ཀྱི་ལས་ཐོ་སྐྱུད་བྱང་དུ་བཀོད་པ། ལོ་ཆེན་དྷརྨ་ཤྲཱི།next

བདེ་འདུས་དང་སྦྱར་བའི་སྨན་སྒྲུབ་བདུན་གཅིག་མའི་ལུགས་ཀྱི་ལས་ཐོ་སྐྱུད་བྱང་དུ་བཀོད་པ། ལོ་ཆེན་དྷརྨ་ཤྲཱི།


MLP021_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འདུས་དང་སྦྱར་བའི་སྨན་སྒྲུབ་བདུན་གཅིག་མའི་ལུགས་ཀྱི་ལས་ཐོ་སྐྱུད་བྱང་དུ་བཀོད་པའོ། །ལོ་ཆེན་དྷརྨ་ཤྲཱི། ༀ་སྭ་སྟི་སིདྡྷཾ། རྣམ་འགྱུར་ཞེས་པ་ལྕགས་སྟག་གི་ལོ་ནག་པ་ཟླ་བའི་ཚེས་བདུན་ནས་བཅོ་ལྔའི་བར་སྒྲུབ་ཆེན་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དང་འབྲེལ་བར་སྨན་སྒྲུབ་མཛད་པའི་ཆོ་གའི་ཕྱག་ལེན་གྱི་ཁྲིགས་རིམ་སྐྱུད་བྱང་དུ་བཀོད་པ་ལ༑ ཐོག་མར་ཚེས་བདུན་གྱི་སྔ་དྲོའི་ཆར་དཀྱིལ་འཁོར་གྱི་གཞིར་བ་བྱུང་དང་དྲི་བཟང་གིས་བྱུག་ཅིང་མེ་ཏོག་གི་ཚོམ་བུ་བཀོད། མཆོད་གཏོར་དང་གསེར་སྐྱེམས་བཤམས་སྟན་ལ་འཁོད་དེ། ཚིག་བདུན་གསོལ་འདེབས། རྒྱུན་བཤགས་དང་ཚད་མེད་བཞི། ཆེ་མཆོག་ཞལ་གསུམ་པ་གཙོ་རྐྱང་གི་བདག་བསྐྱེད་བཟླས་པ་བརྒྱ་རྩ་ཙམ་བྱས་ལ། མཆོད་གཏོར་རྣམས་ལ་ཨ་མྲྀ་ཏ་དང་། རྃ་ཡྃ་ཁྃ་གིས་བསངས་སྦྱངས། ཐམས་ཅད་སྟོང་ཉིད་དང་། གཏོར་གཞོང་༴ ༀ་ཨཱཿཧཱུྃ་རཏྣས་བརླབ། བྷཱུ་མི་པ་ཏི་ས་པཱ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་གཏོར་མ་ཕུལ། ཧཱུྃ། དགོངས་ཤིག་སོགས་ཀྱིས། དྲིལ་སྟབས་ཀྱིས་གདངས་སོ་སོའི་འཐད་དུ་དམིགས་བསལ་མེད་པ་རྣམས་ཐུགས་རྗེ་ཆེན་པོའི་དྲིལ་གདངས། མཐར་གཙྪས་གཤེགས། ཚོམ་བུ་བསལ་བའི་ཤུལ་དུ་ཕུར་བུ་བཀོད་ནས་དབང་དུ་བྱས། སྔགས་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་བ་དང་། ས་བཟུང་བས་ཁྲོ་བཅུའི་ཕུར་བུ་གདབ། དེ་ཉིན་གཞན་འགས་སྤྱི་བཤགས་སུ་བསྐང་བ། ཆབ་གཏོར། སྦྱིན་སྲེག སཙྪ་གདབ་པ༑ མི་བཞིས་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་རྣམས་ཀློག ལས་པ་རྣམས་ཀྱིས་ཤར་ནས་བརྩམས་ཏེ་ཐོ་སོ་སོར་མཆོད་གཏོར་སྔར་ལྟར་བརླབ། རྒྱལ་ཆེན་བཞི་རི་རབ་གླིང་བཞི་སོགས་ལ་རྒྱལ་ཐོའི་རྩ་གདངས་སོ་སོའི་ཐོ་ཆོག་རྣམས་བྱ། ཁྲོ་རོལ་ལྟར་གསེར་སྐྱེམས་སྔོན་འགྲོས་དམ་སྲི་མནན་༼གདངས་སྔར་ལྟར།༽ ཅིང་ལས་བཞིའི་བྲོས་གཟིར། ༼རྟ་བྲོའི་གདངས། ལུ་རྒྱུད་བཅིངས་ལ་ལས་མཐུན་གྱི་བྲོ་ར།༽ ༧ སྒོ་བྱང་ལ། ༼ཐོའི་རྩ་གདངས་༽མཆོད་གཏོར་སྔར་བཞིན་བརླབ་སྒོ་བྱང་སྡོམ། མ་ཊཾ་༼ མ་ཊཾ་བྱ་བར་ཕུར་ཐུན་ཚོགས་བསྐུལ་གྱི་ང་ནི་ཆེ་མཆོག་མའི་གདངས།༽ བསྒྲལ་ལ་ལས་བཞིའི་བྲོ་བརྡུང་ཞིང་ཁོག་པ་སྤྱངས་ཏེ་འཇུག དེ་ནས་བདག་ཉིད་ལས་ཀྱི་ཧེ་རུ་ཀ་ཞེས་པ་ནས། ས་མ་


MLP021_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཨ་ཏིའི་བར་གྱི་མཚམས་རིམ་ལས་བྱང་ལྟར་བྱས་རྗེས། ཆག་ཆག་བཏབ་ལ་དཀྱིལ་འཁོར་ཐིག་ཚོན་གྱིས་བྲིས་ནས་ཕུར་བུ་བསྐྱེད་ཅིང་ལྷ་ཚོགས་སྤྱན་དྲངས་པ་སྔོན་དུ་འགྲོ་བས། ཧཱུྃ། འཕྲུལ་བཞད་སོགས་ཀྱི་ལྡིང་ཁྲི་བར་མའི་དབུས་སུ་ཞི་དཀྱིལ་བཏིང་ཁར་སྨན་ཁྲོལ་བུ་ཐོད་སྐུ་དང་བཅས་པ་དང་། ཕྱོགས་མཚམས་སུ་མེ་གཅིག་སོགས་རྟེན་དགུ་རིན་ཆེན་འབྲུ་སྨན་གྱིས་བཀང་བའི་ཐོད་པའི་ནང་དུ་བཀོད། དབུས་ནས་རང་བྱུང་སོགས་ཀྱི་མཐར་སྔགས་དབྱངས་རོལ་མོ་དང་བཅས་པས། ལྡེང་ཁྲི་སྟེང་མར་བུམ་པ་དགུ་སྐུ་རྟེན་ཙཀླི་བཙུགས་པ་དང་། དཀྱིལ་འཁོར་དབུས་སུ་ལྷ་སོ་སོའི་ཕུར་བུ་གསུང་རྟེན་སྔགས་བྱང་དང་བཅས་པ་༼དང་འཁོར་ཡུག་ཏུ་དབང་མོའི་ཕུར་བུ་ནང་ལས་བཞིའི་རྩངས།༽ གཞན་ཡང་སོ་སོའི་ཚིག་གིས་དཀྱིལ་འཁོར་ལ་༼དབུས་དང་ཕུར་གདན་གྱི་མཆན་རྣམས་སུ།༽ མར་མེ་དགུ། ཁྲོ་བཅུའི་ཕུར་བུ། རལ་གྲི། མདའ། དར་སྐུད་ཀྱི་དྲ་བ། ཡོལ་བ་༼༧ཕོ་བྲང་གི་དབུས་སུ་གདུགས་ཕུབ་པའི་དབུས་སུ་ཚངས་པ་དང་བརྒྱ་བྱིན་རྔ་ཡབ་ཀུ་ཤ་དང་བཅས་པ་དང་ཕྱོགས་བཞིར་རྒྱུ་སྐར་ཉེར་བརྒྱད་རྣམས་བྲིས་པའི་དབུས་ནས་ཕོ་བྲང་དང་རྨུ་ཐག་གིས་སྦྲེལ།༽ བླ་བྲེ་བ་དན་རྒྱལ་མཚན་སོགས་ཀྱིས་བརྒྱན་པའི་མཐར། ཤར་དུ། ༼མཆོད་གཏོར་དཀར་ཟླུམ་དང་མཎྜལ།༽ ཆུ་གཉིས་ཉེར་སྤྱོད། ལྷོར་༼རྒྱས་པའི་མཆོད་གཏོར་དང་ཛ་གད་ཚེ་རིལ་དང་དེའི་མདུན་དུ་སྨུག་གི་ད་ཞོ་སྣོད།༽ འདོད་ཡོན་ལྔ། རིན་ཆེན་བདུན། ནུབ་ཏུ།༼ཡིད་ཀྱི་མཆོད་གཏོར།༽ སྨན་གཏོར་རཀྟ། བྱང་དུ། ༼ཆོས་སྐྱོང་གི་གཏོར་མ།༽ དྲག་པོའི་ཉེར་སྤྱོད་སོགས་རྒྱན་འགོད་རྣམས་སྒྲུབ་ཁོག་ལྟར་བྱས་པའི། བླ་མེད་མཆོག་ཡན་ཆད་སོང་རྗེས་འཇམ་རོལ་ཡུན་རིང་དུ་དཀྲོལ། དེ་ནས་ལས་ཚན་མངའ་གསོལ་དང་རྟགས་གདབ། བརྡ་ཕྱག བསྲེ་བསྣན་བྱ། གྲལ་བཤམ་ལ། རྡོར་གསོལ་དྲིལ་བུ་དཀུར་བརྟེན་རྗེས་རོལ་མོའི་བྱིན་དབབ་པ་རྣམས་སོ། །ཚེས་བརྒྱད་ནས་བཟུང་ཞོགས་པར་ཚིགས་བདུན་དང་བཀའ་བརྒྱད་བརྒྱུད་འདེབས་སྔོན་འགྲོས་བདེ་ཆེན་རྣམ་རོལ་ལྟར་བཀའ་བརྒྱད་ཀྱི་ལས་གཞུང་བཟླས་པའི་བར་བསྲངས་རྗེས། ཚེས་བརྒྱད་ཀྱི་སྔ་ཐུན། རྣམ་དག་ཆོས་དབྱིངས་ནས་གནྡྷེའི་བར་གྱིས་མཆོད་བརླབ་བྱས་ལ། མདུན་བསྐྱེད། ཧཱུྃ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། ཞེས་སོགས་ཀྱིས་སྨན་དམ་ཚིག་པར་བསྐྱེད། བསྐུར། བརླབ། དྲང་། བསྟིམ། མེ་ཏོག་འཐོར་བ། མཆོད་པ། བརྗོད་ཀྱིས་བསྟོད་ནས། སློབ་དཔོན་གྱིས་གཡབ་དར་དང་། མཆོད་གཡོག་གིས་ཀྱང་གཡབ་དར་དང་སྤོས་དཀར་འཐུལ་ཞིང་། སྨན་སྲུང་སྤྱན་འདྲེན། ༼ཐུགས་རྗེ་ཆེན་པོའི་ལྷ་དབང་གི་གདངས།༽ བདུད་རྩི་འཐོར་ཞིང་རྟོག་བསལ། ༼པད་གླིང་ཚེ་འགུགས་ཀྱི་གདངས་དབུས་ལུགས།༽ བཟླས་པ་བོདྷི་ཙིཏྟ་བརྒྱ་ཙམ་བཟླས་རྟིང་། རང་སྲོག་སྔགས་ཀྱིས་བསྐུལ་ནས་གཟུངས་ཐག་ལ་འཇུས་ཏེ་སྨན་འཛབ་ཀྱིས་གཞི་བཟུང་ནས་བཟླས་མཐར། ཐུན་པ་རྣམས་ཀྱིས་བཟླས་པ་སྔགས་རྒྱུན་པར་གཏད་རྗེས། སྟོང་


MLP021_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་དང་བཞུ་བརྟུལ་བྱས་ལ། དམིགས་བྱ་༼ ཉུལ་ལེ་བསྐྲད་༽བསྐྱེད་བསྟིམ་ཕུར་ཐུན་ཚོགས་བསྐུལ་ཕུར་བསྐོར་དང་བཅས་པས་ཕུར་བུ་གདབ། རྒྱུན་ལྟར། བྱིན་འབེབས། སྔགས་ཅུང་ཟད་བཟླས་ནས་མི་གནས་ཡེ་ཤེས་ཀྱི་སྨོན་ལམ་བྱ། དེ་ནས་གུང་ཐུན་དང་དགོང་ཐུན་ཡང་དེ་དང་འདྲ་བ་ལས། ཁྱད་པར་དགོང་ཐུན་གྱི་བཞུ་བཏུལ་མཐར་༼སྨོན་ལམ་བྱས་ཏེ་སངས་ཚམས་བྱས་ལ།༽སྔགས་རྒྱུན་པ་མ་གཏོགས་པ་རྣམས་ཀྱིས་དམ་ཅན་སྤྱི་གཏོར། སྡེ་དཔོན་གཏེར་གཞི་སྤྱི་གཏོར། ཚོགས་བརླབ་འབུལ་རོལ་མཐར་ལྷག་མ་བསྔོས་ལ་བྱང་ཤར་དུ་གསོག བསྐུལ་ཆད་ཐོ་དང་སྦྲེལ་ནས་དམ་ཅན་ཐུན་གཏོར་ཡང་འབུལ། བརྟན་མ་བསྐྱང་། ཧཱུྃ་ཧཱུྃ་སོགས་ཀྱིས་བདག་བསྐྱེད་བསྡུ་ཞིང་ལྡང་། འདི་དུས་ཉུལ་ལེ་བསྐྲོད་པ་རྒྱས་པར་བྱ། ༼སྔར་ལྟར་གྱི་མཐར་ཀུན་ཐུབ་རྒྱལ་མོ་བསྐུལ༽བྱིན་འབེབ་སྔགས་སྨོན་སྔར་བཞིན་ནོ། །དེ་ནས་སྲོད་ཐུན། གུང་ཐུན། ཐོར་ཐུན་རྣམས་གོང་ལྟར་ལས། ཐོར་ཐུན་མཐར་ཉུལ་ལེ་བསྐྲོད་པ་སོགས་མི་དགོས་པས། སྟོང་ཚིགས་ཀྱི་རྗེས་སུ་བཞུ་བཏུལ་བྱས་ནས་ལས་བྱང་གི་བསྔོ་ཤིས་བྱས་ཏེ་རིགས་བརྒྱའི་ཐུན་འགྲོལ། དེ་ནས་ཚེས་དགུའི་ཉིན། སྨན་སྡེ་ཚན་ལྔར་བསྡུ་ཚུལ་མཚོན་བྱེད་ཙམ་བྱས་ལ། བདག་བསྐྱེད་ནས་བཟུང་། མདུན་བསྐྱེད་རིགས་ལྔའི་ཆོ་གས་བརྗེ་བ་མ་གཏོགས་ཆིངས་གཞན་ཉིན་སྔ་མ་དང་འདྲ་བ་ལས། ཁྱད་པར་སྔགས་རྒྱུན་སྤྲད་རྗེས། གཏོད་པ་པོ་རྣམས་ཀྱིས་ཆང་། འོ་མ། རིན་པོ་ཆེའི་ཆུ་རྣམས་ཀྱི་སྔགས་སོ་སོ་དང་། སྤྱི་བརྒྱ་རྩ་ཙམ་རེར་བཟླ། ཚེས་བཅུའི་ཉིན། ཕྱོགས་བཞིའི་སྨན་རྣམས་དབུས་ཀྱི་ཐོད་པར་བསྡུ་ཚུལ་མཚོན་བྱེད་ཙམ་བྱས་ལ་ཆོ་ག་མདུན་བསྐྱེད་རིགས་གཅིག་གིས་བསྲང་པ་མ་གཏོགས་འདྲ་བ་ལས། ཁྱད་པར་ཐོར་ཐུན་གྱི་རྗེས་སུ་དཔོན་སློབ་སྡེབས་ཚོགས་ཀྱིས་རིགས་གཅིག་གི་ལས་བྱང་གཞུང་བསྲངས་ནས་ལྷ་འཛབ་༡༠༠དང་སྨན་འཛབ་༣༠༠ཅི་རིགས་བཟླས་ནས་ཐུན་པ་རྣམས་དང་བཞུ་བཏུལ་ལྷན་ཅིག་ཏུ་བྱས་མཐར། ཁྲོལ་བུའི་མཇུག་དོན་མཆོད་བསྟོད་དངོས་གྲུབ་བསྡུ་བ་རྣམས་བྱས་ལ་གྲོལ། བཅུ་གཅིག་གི་ནམ་ལངས་ནས་སྒྲོམ་ཁྲིའི་སྟེང་གི་ཞི་དཀྱིལ་བསྡུས། ཁྲོལ་བུའི་སྣོད་རྣམས་རེ་ཞིག་སྟེགས་བུ་གཞན་ཞིག་གི་ཁར་འཁོར་ལོ་ནག་པོ་རྩིབས་བརྒྱད་ལྟེ་བ་ཟླ་གམ་དམར་པོ་ནུབ་བསྟན་བྲིས་པའི་སྟེང་དུ་བཞག་ལ། དཔོན་སློབ་ཐམས་ཅད་ལ་རྟགས་བཏབ་སྟེ། རུ་ལུའི་འཛབ་དང་བཅས། ཧསྟ་གཡབ། གུལ་བསྲེགས་རྐང་གླིང་དང་སྤྱུགས་གླུ་རོལ་མོར་བཅས་པས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ནས། མི་མངོན་དབྱིངས་དང་། དགོངས་ཤིག་མཁའ་འགྲོས་ལྷ་དང་དམ་ཅན་རྣམས་བསྐུལ་ཞིང་ལས་ལ་བཙུད་རྗེས། དཀྱིལ་འཁོར་ཤར་ཕྱོགས་སུ་ཞིང་ལྤགས་ལ་གུ་གུལ་བདུག་ཅིང་ཁྲག་གི་ཐིག་ལེ་ཧཱུྃ་གིས་མཚན་པ་དགུ་བཀོད་པའི་ཁར་གཏན་གཏུན་བཞག་ནས་འཐག ལྷོར་འཚག ནུབ་ཏུ་བསྲེ་ཞིང་སྦྱར། བྱང་དུ་སྦོལ་ཞིང་གཞལ། དེ་ནས་སྨན་སྣོད་དུ་བླུག་ཅིང་རྒྱས་བཏབ་སྟེ་སློབ་དཔོན་གྱི་མདུན་དུ་བཀོད་ལ། དྲི་ལྔ་དང་གུ་གུལ་ཚིལ་ཆེན་གྱིས་བདུག་ཅིང་ཡུངས་ཐུན་གྱིས་


MLP021_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བྲབ་པ་དང་བཅས་བི་ཤྭ་དང་སུམྦྷས་བགེགས་བསྐྲད། སྤྱུགས་གླུ་འབོད་ཅིང་ཆེ་མཆོག་གི་འཛབ་དབྱངས་བགྲང་བས་དཀྱིལ་འཁོར་ལ་བསྐོར་རྗེས་ཤར་དུ་འཁོད་དེ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་༼དབྱངས་འབེབས་གཉིས་གཉིས་ཆོག་གྲའི་བྱིན་འབེབས།༽སོགས་ཀྱི་སྨན་ལྡིང་ཁྲིར་བཀོད་ལ། རང་བྱུང་གདོད་ནས་སོགས་ཀྱིས་ཆེ་བརྗོད་དང་བསྟུན་སློབ་དཔོན་གྱིས་དཀྱིལ་འཁོར་ལ་བསྐོར་རྗེས། ཧཱུྃ། རབ་ཡངས་བདུད་རྩི་སོགས་ཀྱི་མཐའི་སྔགས་བརྒྱ་ཙམ་བཟླས་པ་ཡན་ཆད་དེ་ཉིན་ཚར་བར་བྱེད་པའོ། །དེ་ནས་༼༧ འདི་ལོ་བཅུ་གཉིས་ཆད་པས་ཕྱི་ཆའི་ཐུན་བཞི་ཚང་བ་ལ་ཉིན་གཉིས་ལས་མ་བྱུང་བས་ཕྱིས་ནས་ཞག་གྲངས་གཉིས་གསུམ་ཚང་བ་བྱས་ན་ལེགས།༽ ཚེས་བཅུ་གཉིས་ཆད་པའི་བཅུ་གསུམ་གྱི་ཞོགས་ནས་བརྩམས་ཏེ། ཕྱེ་མའི་བཞུ་བཏུལ་གྱི་ལས་རིམ་ལ་འཇུག་སྟེ། བཀའ་བརྒྱད་ཀྱི་ལས་གཞུང་བཟླས་པའི་བར་སྔར་ལྟར་བསྲངས་ནས། བྷྲུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿཧཱུྃ་དགུའི་མཐར་ཕཊ་ཛཿས་མདུན་བསྐྱེད་ཕྱེ་ལ། ཧཱུྃ། མཚན་ཉིད་ཡོངས་རྫོགས་སོགས་ཀྱིས་བདག་རང་བཞིན་དང་། ཕོ་བྲང་ལྟེ་བར་ཡཾ་ལ་རླུང་གཞུའི་དབྱིབས་ཞེས་པ་ནས། འོད་ཟེར་བཞིན་དུ་གསལ་བརྟན་འབར་བར་གྱུར། ཞེས་པའི་བར་གྱིས་སྨན་དཀྱིལ་གསལ་གདབ། སྨན་སྲུང་སྤྱན་འདྲེན་དང་། རྟོག་པ་སྔར་ལྟར་བྱས་ལ། ཤེས་རབ་༼ཡང་དག་སྦྱིན་སྲེག་གི་གདངས།༽ སྒྲོག་གི་སོགས་ཀྱིས་གཟུངས་ཐག བདག་ཉིད་རང་བཞིན་སོགས་ཀྱིས་འཛབ་དགོངས་གསལ་བཏབ་ནས། སརྦ་པཉྩའི་འཛབ་ལ་ཆིག་སྒྲིལ་གྱིས་བཟླས་མཐར། སྔགས་རྒྱུན་པ་ལ་འཛབ་གཏད་ནས་སྟོང་ཚིགས་དང་། འཆི་མེད་རྡོ་རྗེའི་སོགས་ཀྱིས་བསྡུས་ལ། ཉུལ་ལེ། བྱིན་འབེབས། འཛབ་ཅུང་ཟད་བཟླ། སྨོན་ལམ་རྣམས་བྱ། དེ་ནས་གུང་ཐུན་དང་དགོང་ཐུན་ལ། མདུན་བསྐྱེད་དབྱེ་མི་དགོས་པས། ཧཱུྃ། མཚན་ཉིད་ཡོངས་རྫོགས་སོགས་ཀྱིས་དཀྱིལ་འཁོར་གསུམ་གསལ་འདེབས་ནས་བཟུང་སྟེ། བསྡུ་བའི་བར་སྔར་ལྟར་ལས། དགོང་ཐུན་མཐར་དམ་ཅན་སྤྱི་གཏོར་སོགས་ཁྲོལ་བུའི་དུས་བཞིན་དང་། དེ་བཞིན་དུ་མཚན་མོའི་སྲོད་གུང་ཐོར་གསུམ་གྱི་ཐུན་ཡང་ཉིན་ཐུན་ཕྱི་མ་གཉིས་དང་ཆ་འདྲ་ལས། ཁྱད་པར་ཐུན་འགོར། རྡོ་རྗེ་སློབ་དཔོན༴ རྣམ་དག་ཆོས་དབྱིངས་མའི་མཐར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་བརླབ། མཚན་ཉིད་ཡོངས་རྫོགས་སོགས་ཀྱིས་དཀྱིལ་འཁོར་གསལ་བཏབ་རྗེས་བརླབས་བསྐུར་དྲངས་བསྟིམས་ནས། འོག་མིན་ཆོས་དབྱིངས་མཐའ་བྲལ་གྱིས་མཆོད། བདག་མེད་ཕྱོགས་བྲལ་དང་། ཡང་དག་འཇམ་དཔལ་གྱིས་བསྟོད་པ་རྣམས་བསྣན་ཅིང་། ཐོར་ཐུན་པ་རྣམས་ཀྱིས་སྔགས་རྒྱུན་པར་གཏད་ནས་བསྡུ་བ་རྣམས་ཁྱད་པར་རོ། །ཚེས་བཅུ་བཞིའི་ཉིན་ཐུན་གསུམ་དང་། མཚན་ཐུན་གསུམ་ཡང་ཚེས་བཅུ་གསུམ་དང་འདྲ། ཚེས་བཅོ་ལྔའི་ཞོགས་དངོས་གྲུབ་ཀྱི་རྫས་དང་མཆོད་རྫས་


MLP021_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གསར་པའང་བཤམས་ལ། བཀའ་བརྒྱད་ལས་བྱང་བཟླས་པའི་བར་དང་། མདུན་བསྐྱེད་ཕྱེ་ནས། ཧཱུྃ། མཚན་ཉིད་ཡོངས་རྫོགས་ཀྱིས་སྨན་གྱི་ལས་གཞུང་བསྲངས་ནས་འཇུ་འདུལ་གྱི་སྨན་འཛབ་སྟོང་ཕྲག་གཅིག་བཟླས་ནས་སྔགས་རྒྱུན་པ་དང་ལྷན་ཅིག་སྟོང་ཚིགས་ཀྱིས་མཆོད་པ་ཡན་བྱས་ནས། ཧཱུྃ། བྷཉྩ་གཞལ་ཡས་ཁང་ནང་སོགས་ཀྱི་དགོངས་པས་བསྐྱིལ་བའི་བཟླས་པ་བརྒྱས་ཉུང་མཐའ་བྱས་པ་དང་། བདུད་རྩི་འཐོར་ཞིང་། བདག་ཅག་སྐལ་ལྡན་སོགས་ཀྱིས་བསྐུལ་ནས། དཀྱིལ་འཁོར་སློབ་དཔོན་གྱིས་དབབ་རྒྱས་སྨན་ལ་བསྡུས་ཤིང་། ལྷ་ཚོགས་མཁའ་ལས་སོགས་ཀྱི་དགོངས་པས་དབབ་པའི་བཟླས་པ་སྟོང་དུ་ལོངས་པ་བཟླས་ནས། འདས་པའི་དུས་ན་༼སྤྱུགས་གླུ་དང་རྐང་གླིང་།༽ སོགས་ཀྱིས་མ་མོ་བརྒྱད་བསྐུལ་ནས། རུ་ལུ་ཉེར་གཅིག་བཟླས་རྗེས། སྨན་གྱི་ཕོ་བྲང་ནང་དུ་སོགས་ཀྱི་དགོངས་པས་དབང་དུ་བྱ་བའི་བཟླས་པ་བརྒྱ་ཙམ་དང་། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། སོགས་ཀྱིས་གནད་ལ་དབབ་པ་རྣམས་བྱ། ཕྱི་དྲོ་བདག་ཉིད་དཀྱིལ་འཁོར་ལས་རྟ་མགྲིན་གྱི་རྣམ་པར་ལོགས་སུ་ཕྱེ་ནས་ཤར་ཕྱོགས་སུ་འཁོད་པ་དངོས་གྲུབ་ལེན་པ་པོར་བྱས་ལ་ཐམས་ཅད་ལ་རྟགས་གདབ། བགེགས་བསྐྲད་བཤགས་དམ་བྱིན་དབབ། དངོས་གྲུབ་ཀྱི་རྫས་བདུད་རྩིར་བརླབས་ནས། རྩ་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཞེས་སོགས་ནས་བཟེད་ཞལ་གྱི་སྨན་རག་གིས་སྨན་མཆོད་བྱས་ནས་ཐིག་ལེ་གནས་གསུམ་དུ་བཞག་པའི་བར་སྒྲུབ་ཁོག་ལྟར་དངོས་གྲུབ་བླངས་རྗེས། ཁྱད་པར་དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ཡོན་ཏན་སོགས་ཀྱིས་གསོལ་འདེབས་དང་བཟླས་པ་སྟོང་། དེ་ནས། ཧཱུྃ། ནམ་མཁའི་མཐའ་ཀླས་སོགས་ཀྱིས་གསོལ་གདབ་བྱས་ནས། སློབ་དཔོན་གྱིས་དཀྱིལ་འཁོར་ལ་བསྐོར་རྗེས་ཤར་དུ་འཁོད་པས་ཕུ་བྱ་ལག་གིས་བདུད་རྩི་མནན་ལ། ཨ་ཧོ་སུ་ཁ་སོགས་བརྒྱ་རྩ་བཟླ་ཞིང་། བདུད་རྩི་སྒྲུབ་པའི་ཞག་གྲངས་སོགས་ཀྱིས་དངོས་གྲུབ་བླངས། འཆི་མེད་བདུད་རྩི་སོགས་ཀྱིས་མེ་ཏོག་དོར། ཚོགས་པ་དམངས་ཀྱིས་སྨན་འཛབ་བྱ་ཞིང་སློབ་དཔོན་གྱིས་དབང་ནོད། སློབ་མ་རྣམས་ཀྱིས་རུ་ལུའི་འཛབ་བྲོས་སློབ་དཔོན་ལ་བསྐོར་ཞིང་། ༼ལེགས་ལྡན་བཤགས་གདངས།༽ མེ་ཏོག་འབུལ་བ་དང་གསོལ་བ་གདབ། སློབ་མ་རྣམས་ལ་སྨན་དབང་བསྐུར་བ་དང་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་རྫས་ཀྱི་དབང་རྣམས་ཀྱང་བསྐུར་ནས། དེའི་ཕན་ཡོན་བརྗོད། དེ་ནས་སྨན་སྟེགས་ལ་བཞུགས་སུ་གསོལ་ལ། མཉྫུའི་སྔགས་བཟླས་ནས་ལས་རྡོར་གྱིས་ཨེ་མ་ངོ་མཚར་སོགས་བརྗོད་པས་སྨན་སློབ་དཔོན་ལ་འབུལ། སློབ་དཔོན་གྱིས་ཨ་ཧོ་སུ་ཁ་སོགས་བརྗོད་པས་ལེན། པྲ་ཝེ་ཤས་སྲད་བུ་དགྲོལ། བདུད་རྩི་མཐོང་བས་དངོས་གྲུབ་ཐིམ་པར་བསམ་ཞིང་། ཨ་མྲྀ་ཏ་ཀཱ་ཡའི་སྔགས་བརྗོད། སྨན་གཞལ། ཐོད་ཆང་ལ་བདུད་རྩི་བཏབ་ནས་སྨན་བརླབ་མཆོད་


MLP021_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་ཞིང་གནས་རྣམས་སུ་ཐིག་ལེ་བྱ། དེ་དང་རྗེས་འབྲེལ་དུ་དངོས་གྲུབ་ཀྱི་རྫས་རྣམས་ཐབས་ཤེས་ཀྱི་རིམ་པས་གཡས་སྐོར་གཡོན་སྐོར་དུ་མྱང་། དེ་ནས་ཆོས་སྐྱོང་གི་གཏོར་བསྔོ་དང་ཚོགས་མཆོད་སྔར་ལྟར་ལས་ཐ་མའི་ཞལ་སྟོབ་དུས་ཉུལ་ལེའི་ལིངྒ་སྲེག ཚོགས་ལ་རོལ། ལྷག་མ་བསྡུས་ཏེ་མཆོད་པའི་རས་མ་དང་ཕྱགས་དར་བཅས་པ་སྔར་བསགས་པའི་ལྷག་མ་རྣམས་དང་ལྷན་ཅིག་བསྔོས་ནས་མཚམས་ཀྱི་ཕྱིར་ཟ་ལམ་དུ་བཏང་ངོ་། །དེ་ནས་ལས་བྱང་གི་བསྐུལ། ཆད་ཐོ་དང་ལྷན་ཅིག་ཆོས་སྐྱོང་གི་གཏོར་བཤལ་ཆུས་བརྟན་མ་བསྐྱང་། ཉུལ་ལེའི་ལིང་ག་སྲེག་ཐལ་ཁར་གཏོར་གཞོང་ཁ་སྦུབས་ལ་བྲོ་བརྡུང་། དཀྱིལ་འཁོར་བསྡུ་ཞིང་ལྷར་ལངས་ནས་གོ་ཆ་བགོ་བའི་བར་བྱས་ལ། རྒྱལ་ཐོ་དང་སྒོ་བྱང་དགྲོལ། ཕུར་བུ་དབྱུང་ཞིང་འཁྲུ། མར་མེའི་སྨོན་ལམ་དང་ལས་བྱང་གི་སྨོན་ལམ་དང་བཀྲ་ཤིས་མཐར་གཞན་ཡང་བསྔོ་ཤིས་རྒྱས་པར་བྱས་ལ། གནས་བསྲུང་བ་རྣམས་མཐའ་རྒྱས་སུ་བྱའོ། །དྷརྨ་ཤྲཱིས་སོ།། །།


previousབདེ་འདུས་དང་སྦྱར་བའི་སྨན་སྒྲུབ་བདུན་གཅིག་མའི་ལུགས་ཀྱི་ལས་ཐོ་སྐྱུད་བྱང་དུ་བཀོད་པ། ལོ་ཆེན་དྷརྨ་ཤྲཱི།next