Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

2 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
  
ཁྲོས་ནག་གི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེདྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ།
  
  
  
  
  
 
  
  
  
  
  
 
  
  
  
  
  


2 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousཁྲོས་ནག་གི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེདྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ།next

ཁྲོས་ནག་གི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེདྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ།


MLP025_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ནག་གི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེདྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་གཏུམ་མོ་ཞག་བདུན་མ་སྟན་ཐོག་གཅིག་ཏུ་ཉམས་སུལེན་པའི་ཁྲིད་ཡིག་བདེ་དྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བ། བླ་མ་དང་རྗེ་བཙུནཁྲོས་མ་ནག་མོ་ལ་ཕྱག་འཚལ་ལོ། །མི་འགྱུར་བདེ་ཆེན་ཟག་མེད་ཡེ་ཤེས་དངོས། །སྟོང་ཉིད་རྡོ་རྗེ་བཙུན་མོར་མཉམ་སྦྱོརབ། །བླ་མ་མཆོག་དང་དབྱེར་མེད་རྣལ་འབྱོར་མར། །ཕྱག་བྱས་ཟབ་དོན་ངེས་གསང་འདིརགསལ་བྱ། །འདིར་ཟབ་ལམ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་རྩ་རླུང་ལུས་ལ་རང་བྱུང་དུབསྐོན་པར་བྱེད་པའི་མན་ངག་སྙིང་པོར་དྲིལ་ནས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལལ། ཐོག་མར་སྔོན་འགྲོ་ནི། རྙེད་དཀའི་དལ་འབྱོར་ལ་མི་རྟག་པའི་དྲན་ཤེས་དང་འཁོརབའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས་མདུན་གྱི་ནམ་མཁར་རྩ་བའིབླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། རངགཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅིམཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། བརྒྱུད་པའི་རྩ་བ་བླ་མ་རྗེ། ཞེས་སོགས་སྐྱབསའགྲོ་མང་དུ་བཟླས་མཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་མཉམ་པར་བཞག དེ་ནས་འགྲོདྲུག་གི་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྒོ་ནས་ཚུགས་ཐབས་མེད་པའི་སྙིང་རྗེསདྲངས་ཏེ། དེ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕངལ་དགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས། བདག་གཞན་


MLP025_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་དོན་བསྒྲུབ་ཕྱིར། ཞེས་སོགས་མང་དུ་བཟླས་མཐར་སྐྱབས་ཡུལ་མི་དམིགསངང་ལ་བཞག དེ་ནས་བླ་མའི་རྣལ་འབྱོར་བསྒོམ་སྟེ། རང་གི་སྤྱི་བོར་པད་ཉི་ཟླ་བ་རོའ་གདནལ་རྩ་བའི་བླ་མ་ཧེ་རུ་ཀའི་རྣམ་པ་ཅན་རྗེ་བཙུན་མས་འཁྱུད་པ་ལ་བླ་མ་ཡི་དམ་མཁའ་འགྲོའིསྤྲིན་ཕུང་འཁྲིགས་པས་སྣང་སྲིད་དཔལ་ལྡན་བླ་མའི་འཁོར་ལོར་སད་པར་བསམས་ལ། ཕཻཾཞེས་བརྗོད་ཅིང་། ༀ་གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་པཱུ་ཛ་རཏྣ་མཎྜ་ལ་ཧཱུྃ། ཞེས་ལུས་སྤྱོད་དགེཚོགས་རྒྱ་མཚོ་དང་བཅས་པ་མཆོད་པའི་སྤྲིན་དུ་སྤྲོས་ཏེ་ཕུལ་བར་མོས་ལ། བ་སྤུ་ལྡང་ཞིངམཆི་མ་འཁྲུགས་པའི་མོས་གུས་ཀྱིས། ༀ། ཆོས་དབྱིངས་འོག་མིན་ཕོ་བྲང་ནས། ཞེས་སོགསཀྱི་མཐར། བདག་གི་ལུས་ལ་བདེ་དྲོད་དང་སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅནསྐྱེ་བའི་གསོལ་བ་ཅི་མང་དུ་བཏབ་པའི་རྗེས་སུ། བླ་མའི་སྦྱོར་མཚམས་ནས་བྱང་སེམསབདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ཀྱི་གནས་བཞི་གང་བསདབང་ཐོབ་པར་བསམས་ལ། ཧེ་རུ་ཀའི་ཡིག་བརྒྱའང་ཅི་ནུས་བཟླས་མཐར། བླ་མ་འོད་དུཞུ་ནས་རང་ལ་ཐིམ་པས། བླ་མ་དང་རང་སེམས་དབྱེར་མེད་ཀ་དག་སྤྲོས་བྲལ་གྱི་ངང་ལདར་ཅིག་མཉམ་པར་བཞག དེ་ནས་དངོས་གཞི་ནི། ལུས་གནད་མེ་ཐབ་དྲུག་འ ཆིང་བཅས། རླུང་རོ་ལན་གསུམ་ཕྱིར་སངས་ཀྱིས་བུས་ལ་འཇམ་རླུང་ཐུན་གསུམ་བཟུང་། དེ་ནས་རྐངའོག་ཏུ་རླུང་དཀྱིལ་གཞུ་བརྡུངས་པའི་རྣམ་པ་ཅན་མཆོག་མ་གཉིས་ལ་བ་དན་གྱིས་མཚནཔའི་རྒྱུད་གཡས་གཡོན་གྱི་སྟེང་དུ་རྐང་པ་བཞག རྐང་བར་དུ་ཆང་ཟུང་ལ་ཡཾ་ལྗང་གུ་དང་། བཤང་ལམ་གྱི་མདོར་རཾ་ཡིག་དམར་པོ་ཞིག་བསམ། དེ་ལྟར་དམིགས་པ་གསལ་ཐེབས་པདང་རླུང་བུམ་ཅན་དྲག་ཏུ་བཟུང་། ཡིད་ཀྱིས་ཡཾ་ཞེས་བརྗོད་པས་མཆོག་མའི་བ་དན་བསྐུལ། དེས་ཡཾ་ལས་རླུང་གཡོས་བཤང་ལམ་གྱི་རཾ་ལ་ཕོག་པས་རཾ་ལས་མེ་སྟག་ཕྲོམ་ཕྲོམ་པ་ལ་སེམསགཏད་དེ་བཞག མེ་སྟག་ལས་ཡེ་ཤེས་ཀྱི་མེ་ཁ་དོག་དམར་ལ་རེག་བྱ་ཚ་བ་འུར་འུར་འབརཞིང་། རླུང་ཡང་དྲག་ཏུ་གཡོས་པས་མེ་ཡང་ཇེ་ཆེར་འབར་ནས་ལུས་ནང་ཐམས་ཅད་མེསགང་། སྤྱི་གཙུག་ཏུ་མེ་ཉུག་ཉུག་པ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་མེ་ལྕེ་ནས་ཀྱི་


MLP025_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་མ་གཟིངས་པ་ལྟར་འབར་བའི་རྩེ་མོ་ཐམས་ཅད་དུ་མཁའ་འགྲོ་དམར་མོ་ལག་ཏུ་མེ་སྒྲོནའཛིན་ཅིང་གར་སྟབས་ལིང་ལིང་སྒྱུར་བ་དཔག་ཏུ་མེད་པས་གཏམས་ནས་དྲོད་འབར་བརབསམ། ལུས་གནད་གཙུབ་ཤིང་གཙུབ་སྟན་གྱི་འཁྲུལ་འཁོར་ལ་འབད། རླུང་གནད་བུམཅན་སྦྱོར་བ་བཞི་ལྡན་དྲག་ཏུ་བཟུང་། དམིགས་པའི་གནད་མེ་དྲག་ཏུ་འབར་བས་ཕྱི་ནངཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བ་ལ་ཡིད་རྩེ་གཅིག་ཏུ་གཏད། དེ་ལྟར་འབད་པས་ཞགགཅིག་རང་ལ་ལུས་ལ་བདེ་དྲོད་སྐྱེ་བས། གོས་སྲབ་ཏུ་གཏང་། དེ་དུས་དྲོད་སྣང་འཆར་ཡངདྲག་པོ་མི་བྱ། བར་དུ་སུན་ཉམས་འོང་ཡང་འཕྲོ་མི་བཅད། མཐར་གོམས་པ་ངང་གཉུགབསྲིང་། དྲོད་ཚད་གཏན་ལ་ཕེབས་ནས་ཀྱང་བཙན་ཐབས་སུ་འཕྲོ་མི་གཅོད་པར་སྦྲུལ་མཇུགལྟར་རྒྱུན་ནར་གྱིས་འཕྲོ་གཅད། སྐབས་སྐབས་སུ་ལུས་ལ་ཁྱད་པར་གྱི་རྫས་དང་སྦྱར་བའིསྣུམ་མམ། མ་འབྱོར་ན་སྣུམ་རྐྱང་པའི་བྱུག་པ་བྱས་ལ་འཕུར། དྲོད་སྐྱེས་མཚམས་ནས། རེསབདེ་དྲོད་ཀྱི་རང་ངོ་ལ་སེམས་ཆེ་རེ་གཏད་དེ་གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་གལ་ཆེ། རྗེས་ཀྱི་རིམ་པ་ལ། ཐུན་མཚམས་སོགས་གནས་སྐབས་ཀུན་ཏུ་གནས་ཁང་གི་ཕྱི་ནང་གོསསྟན་ཐམས་ཅད་མེའི་རང་བཞིན་མེ་དཔུང་དུ་འབར་བར་བསམ། མཚན་མོ་པུས་བྲང་སྦྱརཏེ་གཞོགས་གཡས་ཕབ་ལ་བར་རླུང་ཅུང་ཟད་བཟུང་ནས་མེ་དམིགས་ལ་སེམས་གཏད་དེཉལ། དམ་ཚིག་ཏུ་གོས་སྦུ་གུ་ཅན་དང་དྲོད་ཅན་མི་གྱོན། ཟས་བཅུད་ཅན་བསྟེན། མེ་དངཉི་མར་བསྲོ་བ། ཟས་ཧ་ཅང་ལན་ཚྭ་ཆེ་བ། ལུས་ལ་རྔུལ་ཐོན་པ། བྱང་སེམས་ཉམས་པརྣམས་སྤང་། གྲིབ་ཀྱི་རིགས་ལ་འཛེམ། དྲོད་སྐྱེས་ནས་ཞེན་པ་དང་རང་མཐོང་མི་བྱ་ཞིང་། ཐོ་ཅོའ་སྤྱོད་པ་མི་བྱེད། བླ་མ་ལ་མོས་གུས་དང་ཉམས་ལེན་ལ་འབད་པས་བོག་ཐོན་པར་འགྱུར་རོ། །ངག་བརྗོད་ལས་འདས་བདེ་ཆེན་མི་འགྱུར་བར། །དབང་བསྒྱུར་རླུང་སེམསསྒྱུ་འཕྲུལ་རོལ་གར་ལས། །ཆོས་དབྱིངས་རིས་མེད་ལྷ་སྔགས་འོད་གསལ་དུ། །འཆར་བའིཟུང་འཇུག་ཡེ་ཤེས་དཔལ་ཐོབ་ཤོག །ཅེས་པ་འདི་ཡང་དགེ་སློང་དབང་པོ་དང་དགེ་སློང་བསམ་འཕེལ་མཆེད་ཀྱིས་མེ་ཏོག་


MLP025_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ་བསྐུལ་བ་ལས་གཉོས་བཙུན་རྨོངས་པ་དྷརྨ་ཤྲཱིས་རྒྱལ་བའི་ལོ་གྲོ་བཞིན་ཟླབའི་ཉེར་བརྒྱད་ཀྱི་ཕྱི་དྲོ་སྟན་ཐོག་གཅིག་ཏུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།


previousཁྲོས་ནག་གི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེདྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ།next