Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།


  expand section
  expand section
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousདེའི་ལུགས་ལས་བརྩམས་ནས་དྲང་ངེས་ཀྱི་ཚུལ་བརྗོད་པ།next

དེའི་ལུགས་ལས་བརྩམས་ནས་དྲང་ངེས་ཀྱི་ཚུལ་བརྗོད་པ།

དེའི་ལུགས་ལས་བརྩམས་ནས་དྲང་ངེས་ཀྱི་ཚུལ་བརྗོད་པ་ལ།

ཐེག་ཆེན་གྱི་སྡེ་སྣོད་བཀར་སྒྲུབ་ཚུལ་དང༌། ཐེག་ཆེན་བཀའ་ཁས་ལེན་པ་རྣམས་ཀྱིས་དྲང་ངེས་ཇི་ལྟར་ཕྱེ་ཚུལ་བཤད་པ་དང་གཉིས། དང་པོ་ལ། ཤེར་མདོ་སོགས་ཐེག་ཆེན་གྱི་སྡེ་སྣོད་བཀར་ཁས་མི་ལེན་པའི་ཕྱོགས་སྔ་འགོད་པ་དང༌། ཐེག་ཆེན་བཀའ་སྒྲུབ་དངོས་དང་གཉིས། དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་དུ། ཇི་སྐད་དུ། རིགས་ལྡན་འཇམ་དཔལ་གྲགས་པས། བྱེ་བྲག་སྨྲ་དང་མདོ་སྡེ་བ། །རྣལ་འབྱོར་སྤྱོད་དང་དབུ་མ་རུ། །འགྱུར་རོ། །ཞེས་དང༌། རྡོ་རྗེའི་སྙིང་འགྲེལ་ལས། དེ་ནས་བྱེ་བྲག་སྨྲ་བའི་གཞུང༌། །དེ་ནས་མདོ་སྡེ་པ་ཞེས་འགྱུར། །རང་ཆོས་རྣམ་ཤེས་སྨྲ་བ་དང༌། །དེ་ནས་དབུ་མའི་གཞུང་ཞེས་བྱ། །ཞེས་གསུངས་པ་ལྟར་གྲུབ་མཐའ་སྨྲ་བ་བཞི་ལས་བྱེ་མདོ་གཉིས་ཀྱིས་སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་ཀྱི་མདོ་གཉིས་མི་བཞེད་པར་ངེས་དོན་གྱི་མདོས་ཁྱབ་པར་བཞེད་པས་ཤེར་ཕྱིན་གྱི་མདོ་སོགས་ཐེག་ཆེན་མདོ་སྡེ་ཕལ་ཆེར་བཀར་ཁས་མི་ལེན། འོན་ཀྱང་བྱེ་མདོ་རང་རང་གི་ཁས་ལེན་པའི་ལམ་ཐེག་པ་གསུམ་ཡོད་པར་བཞེད་པར་མངོན་ཏེ། བདག་ཅག་གི་སྟོན་པ་ཐེག་ཆེན་པ་དང༌། ཁོ་རང་གིས་འདོད་པའི་ཐེག་པ་གསུམ་གྱི་ལམ་གྱི་རྣམ་བཞག་འདོད་དེ། གཞན་སྟོང་སྙིང་པོ་ལས། གྲུབ་མཐའ་སྨྲ་བའི་སྡེ་འདི་གཉིས་ཀས་ཀྱང་སངས་རྒྱས་ཀྱི་བཀའ་ནི། ཉན་ཐོས་ཀྱི་ཆེད་དུ་གསུངས་པའི་སྡེ་སྣོད་འདི་རྣམས་ཁོ་ན་ཡིན་ཞིང༌། ཤེར་ཕྱིན་དཀོན་བརྩེགས་ཕལ་ཆེན་སོགས་ཐེག་ཆེན་གྱི་མདོར་གྲགས་པ་འདི་ཀུན་ནི་རྒྱལ་བའི་བཀའ་མ་ཡིན་ནོ། །ཐེག་པ་ཆེ་ཆུང་ནི་གང་ཟག་གི་བྱ་བའི་ཁྱད་པར་ཡིན་གྱི་གསུང་རབ་ཐ་དད་མེད་དོ་ཞེས་ཟེར་རོ། །དེ་རྣམས་ཀྱི་གང་བདེན་གྲུབ་ཏུ་འདོད་པ་དེ་ཀུན་དང་ཐེག་ཆེན་འགོག་པ་ནི་གྲུབ་མཐའ་ནོར་འཁྲུལ་གྱི་སྐྱོན་ཡིན་ལ། གང་ཟག་གི་བདག་མེད་དང་སྐད་ཅིག་གིས་འཇིག་པ་སོགས་གཞན་རྣམས་ནི་རང་ས་དེར་མ་ནོར་བ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་གི་ལུགས་ལ་ཤེར་མདོ་སོགས་བཀའ་མ་ཡིན་པའི་སྒྲུབ་བྱེད་ནི། ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། བློ་དང་བསོད་ནམས་དམན་པ་ཁ་ཅིག་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན། ཞེས་པ་ནས། འདི་དག་ནི་བསྟན་པ་ལ་གནོད་པའི་ཆེད་དུ་བདུད་དང་མུ་སྟེགས་ལ་སོགས་པ་རྟོག་གེ་པ་རྣམས་ཀྱིས་བྱས་པ་ཡིན་ཞིང༌། ཕྱི་བཞིན་དུ་འབྲང་བའི་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་མ་ཐོས་ལ་འཁོར་བའི་སྐྱོན་སྤོང་པའི་ཐབས་སམ་གཉེན་པོར་ཡང་མི་འགྱུར་ཞིང༌། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཡང་བསྟན་པའི་ཕྱིར་རོ་ཞེ་ན། ཞེས་གསུངས་པ་ལྟར་ཡིན་ནོ། །


no previousདེའི་ལུགས་ལས་བརྩམས་ནས་དྲང་ངེས་ཀྱི་ཚུལ་བརྗོད་པ།next