ངག་འདོན་ཤིན་ཏུ་བསྡུས་པ་བྱིན་རླབས་གློག་ཞགས།
ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་དགོངས།།
དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་འཆི།།
སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད།།
ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་ཐམས་ཅད་བཤགས།།
དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ།།
མི་འདའ་བཞུགས་གསོལ་དགེ་ཀུན་བྱང་ཆུབ་བསྔོ།།
མདུན་མཁར་འདབ་སྟོང་པདྨའི་དབུས་བཞུགས་པའི།།
སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་།།
ངོ་བོ་སངས་རྒྱས་ཀུན་དང་དབྱེར་མེད་པ།།
རྣམ་པ་མཚོ་སྐྱེས་རྡོ་རྗེའི་གནས་གསུམ་ལས།།
དཀར་དམར་མཐིང་ཁའི་འོད་འཕྲོས་སྒོ་གསུམ་ཐིམ།།
སླར་ཡང་ཐུགས་ཀའི་འོད་མཐིང་སྙིང་ལ་ཕོག།
སྒྲིབ་དག་དབང་ཐོབ་སྐུ་བཞིའི་ས་བོན་ཐེབས།།
མཐར་ནི་གུ་རུའི་ཐུགས་ཀའི་འོད་དམར་གྱིས།།
དྲངས་ནས་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ།།
འོད་དམར་གྱུར་ཏེ་བླ་མའི་ཐུགས་ཀར་ཐིམ།།
ཐུགས་ཡིད་དབྱེར་མེད་ཆོས་སྐུའི་དགོངས་པར་འདྲེས།།
སྟོང་གསལ་མཐའ་དབུས་བྲལ་བའི་ཆོས་ཀྱི་དབྱིངས།།
འཛིན་མེད་འོད་གསལ་རིག་སྟོང་རྗེན་པའི་གཤིས།།
ཡེ་ཤེས་གཅིག་གི་ངོ་བོར་རོ་གཅིག་པའི།།
མ་བཅོས་མཉམ་པ་ཆེན་པོའི་ཀློང་དུ་ཨཿ།།
ཞེས་བརྗོད་གཡོ་མེད་མཉམ་པར་བཞག
ཐུན་མཐར་དཔལ་ལྡན་རྩ་བའི་བླ་མ་སོགས་དང་།
ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་ནི།།
འགག་མེད་སྙིང་རྗེར་ལོངས་སྤྱོད་སྤྱན་རས་གཟིགས།།
ཨོ་རྒྱན་པཎ་ཆེན་རྫུས་སྐྱེས་སྤྲུལ་བའི་སྐུ།།
གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ།།
འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་།།
ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག།
བདེ་བ་ཅན་དང་རི་བོ་པོ་ཏ་ལ།།
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག།
ཅེས་ཀུན་མཁྱེན་འཇིགས་གླིང་གི་གསུང་བྱིན་ཅན་ལས་དྲངས་པ་འདི་ཉིད་བཏོན་ལ་མ་ཎི་སིདྡྷི་སོགས་རྒྱུན་གྱི་དགེ་སྦྱོར་དང་ངག་འདོན་རིགས་ལ་འབད་དེ་རྗེས་བསྔོ་སྨོན་ཅི་ཤེས་བརྗོད་ཅེས་ཁྱིམ་ན་གནས་པའི་དགེ་བསྙེན་ཕོ་མོ་ལས་ཁུར་གྱིས་བྲེལ་བ་འགའི་དགོས་མཁོར་ཞོགས་པའི་ཐུན་བར་ཤིག་ལ་བྲིས་ཞེས། པདྨ་སྐལ་བཟང་དེས།