དབུ་མ་རྣམ་ངེས་ལེའུ་བཞི་པ།
ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས་བདེན་པ་གཉིས་ཀྱི་སྤྱིའི་རྣམ་པར་བཞག་པའི་ལེའུ་བཞི་པ་བཞུགས་སོ།།
ངེས་དོན་བདུད་རྩིའི་འབབ་སྟེགས་འཇམ་པོ་ལ། །རིམ་པར་བརྒྱུད་པའི་མཐའ་བྲལ་ལམ་གསུམ་པ། །མང་ཐོས་རལ་པ་འཐུག་པོར་སིམ་བྱས་ནས། །དེང་འདིར་སྩོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཆེར་རློམ་གླང་ཆེན་གཟུ་བོར་སྤྱོད་པ་ཡི། །ལྕགས་ཀྱུས་མ་དུལ་བཅོས་མའི་ཆང་གིས་ནི། །རབ་མྱོས་བསྟན་པའི་པད་ཚལ་ཆུད་གསོན་པ། །དེ་དག་ངེས་པའི་ལམ་དུ་གཞུག་ཕྱིར་སྨྲ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གཉིས་པ་གཏན་ལ་དབབ་བྱ་བདེན་པ་གཉིས་བཤད་པ་ལ་གསུམ་སྟེ། རང་གི་འདོད་པ་དང་བོད་ཕྱི་མའི་འདོད་པ་སོ་སོར་ཕྱེ་ནས་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་མདོར་བསྡུས་ཏེ་ངོས་བཟུང་བ། བོད་ཕྱི་རབས་པ་དག་གི་འདོད་པ་འཁྲུལ་པ་ཉིད་དུ་སྒྲུབ་པའི་ཕྱིར་རྒྱ་བོད་ཀྱི་སྲོལ་འབྱེད་ཆེན་པོ་རྣམས་ཀྱི་ལུགས་རྒྱས་པར་བཤད་པ། བདེན་པ་གཉིས་ལས་འཕྲོས་པའི་གྲུབ་མཐའི་ཁྱད་པར་འགའ་ཞིག་བཤད་པའོ། །དང་པོ་ལ་གཉིས་
ཏེ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ནི། གངས་ཅན་དུ་བྱོན་པའི་བོད་ཕྱི་མ་དག་ན་རེ། བདེན་པ་གཉིས་ཀྱི་དབྱེ་གཞི་ནི་ཤེས་བྱ་ཙམ་ཡིན་ལ། དེ་ལ་གཉིས་སུ་ཕྱེ་བ་ནི་ཕུང་གསུམ་སེལ་བའི་གྲངས་ངེས་ཡིན་ཏེ། བསླུ་མི་སླུ་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་དང་། མདོ་ལས། བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་གསུངས་པས་སོ། །མཚན་ཉིད་ནི། ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་གང་ཞིག ཐ་སྙད་པའི་ཚད་མ་དེ། ཁོ་ལ་ལྟོས་ནས་ཐ་སྙད་པའི་ཚད་མར་སོང་བ་ཞེས་དང་། མཐར་ཐུག་གཅོད་པའི་ཚད་མས་རྙེད་པའི་རྙེད་དོན་གང་ཞིག དེ་ཁོ་ལ་ལྟོས་ནས་དེར་སོང་བའོ། །དབྱེ་བ་ལ། ཀུན་རྫོབ་ལ་ཡང་ལོག་གཉིས་སུ་འབྱེད་པ་ནི་རང་རྒྱུད་པའི་ལུགས་ཡིན་ལ། དེའི་རྒྱུ་མཚན་གྱིས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་པ་ཡིན། ཐལ་འགྱུར་བས་ནི། འཇིག་རྟེན་གྱི་ཤེས་ངོ་ལ་ལྟོས་ནས། ཡང་ལོག་གཉིས་སུ་འབྱེད་པ་ཡིན་གྱི། རང་ལུགས་མ་ཡིན་ཏེ། རང་ལུགས་ལ་ཀུན་རྫོབ་ཀྱི་བདེན་པ་ལ་ཡང་ལོག་གི་དབྱེ་བ་མེད་པའི་ཕྱིར། ཞེས་ཟེར་རོ། །འདི་མི་འཐད་པ་ལ་བཞི་སྟེ། དབྱེ་གཞི་མི་འཐད། གྲངས་ངེས་མི་འཐད། མཚན་ཉིད་མི་འཐད། དབྱེ་བ་མི་འཐད་པའོ། །དང་པོ་ནི། ཤེས་བྱ་ཙམ་དེ་གཉིས་ཀྱི་དབྱེ་གཞི་ཡིན་ན། ཤེས་བྱ་དང་ཡོད་པ་གཉིས་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་དམ་
མེད། ཡོད་ན་ནི་བདེན་པ་གཉིས་ཀྱི་གྲངས་ངེས་ཉམས་ལ། གཉིས་པ་ལྟར་ཁས་ལེན་པ་ཁྱེད་རང་གི་གྲུབ་པའི་མཐའ་ལ་སྣང་བས། དེ་ཡང་ཟླ་བའི་ཞབས་ཀྱི་དགོངས་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་ན། སྤྱིར་ཡོད་མི་དགོས། བྱེ་བྲག་དབུ་མ་པའི་ལུགས་ལ་ཡོད་དགོས་པ་མ་ཡིན་པའི་ཕྱིར་དང་། དོན་དམ་པའི་བདེན་པ་མཐར་ཐུག་པ་དེ་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བར་ཟླ་བའི་ཞབས་ཀྱིས་བཞེད་པའི་ཕྱིར། དེ་ཡང་འདི་ལྟར། གང་འཇིག་རྟེན་གྱི་ལུགས་ལ་ཀུན་རྫོབ་ཡིན་ན། དེའི་ལུགས་ལ་ཡོད་པ་མ་ཡིན་དགོས་ཏེ། དེ་ཡིན་ན་མེད་བཞིན་དུ་སྣང་བའི་ཡུལ་དང་ཡུལ་ཅན་གྱི་སྣང་བ་གང་རུང་ཡིན་དགོས་པའི་ཕྱིར། དཔེར་ན་རྨི་ལམ་གྱི་ཡུལ་དབང་རྣམ་ཤེས་བཞིན། དེ་སྐད་དུ་ཡང་། ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག །ཅེས་དང་། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་དང་། སད་པར་གྱུར་ན་གསུམ་ཅར་ཡོད་མིན་ལྟར། །ཞེས་དང་། རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཅར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཞེས་དང་། ཆུ་འབབ་ཀླུང་ལ་ཡི་དྭགས་སྣག་བློ་ཡང་། །རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་ལ། །ཞེས་སོགས་རྒྱ་ཆེར་བཤད་པའི་ཕྱིར། དེ་བཞིན་དུ། དབུ་མ་པ་ལ་གྲགས་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། རང་ལུགས་ལ་ཡོད་དགོས་པ་མ་ཡིན་ཏེ། དཔེར་ན་འཇིག་རྟེན་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། ལུགས་དེ་ལ་ཡོད་མི་དགོས་པ་བཞིན། དེ་སྐད་དུ་ཡང་། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པས་སོ། །གཞན་ཡང་
ཟླ་བའི་ཞབས་ཀྱི་དགོངས་པ། ཁྱེད་ཅག་ལ་མ་གྲགས་པ་དག་གིས་ཀྱང་སུན་དབྱུང་བར་བྱ་སྟེ། འདི་ལྟར་གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྟོག་པ་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་དང་གང་ཡིན་པ་དེ་དང་དེ་ཆོས་ཅན། ཟླ་བའི་ཞབས་ཀྱི་རང་ལུགས་ལ་ཡོད་པར་ཐལ། རང་ལུགས་ལ་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། མཐོང་བ་བརྫུན་པས་རྙེད་པའི་དོན་ཡིན་པའི་ཕྱིར་དང་། འཇིག་རྟེན་ལ་གྲགས་པའི་དོན་དམ་བདེན་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། འཇིག་རྟེན་རང་ལུགས་ཀྱི་ཚད་མས་གྲུབ་པའི་དོན་ཡིན་པའི་ཕྱིར་དང་། འཇིག་རྟེན་ལ་གྲགས་པའི་བདེན་འཛིན་གྱི་ངོར་བདེན་པའི་ཕྱིར། དེར་མི་བདེན་ན་དབུ་མ་ལ་གྲགས་པའི་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཀུན་རྫོབ་ཏུ་བདེན་པ་མ་ཡིན་པར་འགྱུར་ལ། འདོད་མི་ནུས་ཏེ། བདེན་འཛིན་ལྷན་སྐྱེས་ཀྱི་ངོར་བདེན་པའི་ཕྱིར། དེ་སྐད་དུ་ཡང་། མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཅར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་གསུངས་སོ། །གཞན་ཡང་། ཀུན་རྫོབ་བདེན་འཛིན་གྱི་ངོར་བདེན་པས་ཀུན་རྫོབ་བདེན་པར་མི་འཇོག་ན། ཀུན་རྫོབ་བདེན་པར་འཇོག་བྱེད་གཞན་གང་ཞིག་ཡོད། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ངོར་ཡོད་པས་ཀུན་རྫོབ་བདེན་པར་འཆད་པ་ཁྱེད་ཀྱི་ལྟར་ན། ཟླ་བའི་ཞབས་ཀྱི་ཆ་ཤས་མ་ལུས་པ་ཁྱབ་འཇུག་གི་ལག་པས་ཉམས་པར་བྱས་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་རྣམས་མཐོང་བ་ཡང་དག་པའི་རྙེད་དོན་དུ་ཐལ་བའི་ཕྱིར་རོ། །གཞན་ཡང་། ཁྱེད་ལ་ནང་འགལ་བ་འདི་ལྟར། འཇིག་རྟེན་ལ་གྲགས་པའི་ལོག་པའི་ཀུན་རྫོབ་དང་། ཁྱེད་རང་འདོད་པའི་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཆོས་ཅན། དབུ་མ་པའི་རང་ལུགས་ལ་ཡོད་པར་འགྱུར་ཏེ། དེར་ཀུན་
རྫོབ་བདེན་པ་ཡིན་པའི་ཕྱིར། དང་པོ་ལ་འདོད་པ་མི་ནུས་ཏེ། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་པའི་ཀྱང་དེ་དག་གི་ནུས་པས་རང་ལུགས་ལ་ཡོད་པ་མ་ཡིན་པར་བཤད་པའི་ཕྱིར། གཉིས་པ་ལ་འདོད་ནུས་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དེ་མེད་པར་གཟིགས་པའི་ཕྱིར། མདོར་ན་དབུ་མའི་རང་ལུགས་ལ་ཀུན་རྫོབ་བདེན་པ་ཡོད་པ་ཁས་ལེན་པ་འདི་ནི་ཟླ་བའི་ཞབས་ཀྱི་ཕྱོགས་སྔ་མ་ཁོ་ན་ཡིན་ཏེ། སེམས་ཙམ་པས་གཞན་དབང་ཀུན་རྫོབ་ཏུ་བདེན་གྲུབ་ཡིན་པར་རང་ལུགས་སུ་བཤད་པ་དང་ཁྱད་པར་མི་སྣང་བའི་ཕྱིར་དང་། རང་ལུགས་ལ་བདེན་པ་གཅིག་ཁོ་ནར་དངོས་སུ་བཤད་པ་དང་འགལ་བའི་ཕྱིར། གཏན་ཚིགས་གཉིས་པ་ཇི་ལྟར་གྲུབ་ན། དོན་དམ་པའི་བདེན་པའི་མཚན་གཞིར་བཟུང་བ་ཇི་སྙེད་པ་དེ་དང་། དེ་ཡིན་ན། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པའི་ངོར་ཡོད་པས་ཁྱབ་ཀྱང་། རང་ལུགས་ལ་ཡོད་པ་མ་ཡིན་དགོས་ཏེ། དེ་ཡིན་ན་རང་ལུགས་ལ་སྤྲོས་པའི་མཐའ་བཞི་ཀ་དང་བྲལ་དགོས་པའི་ཕྱིར། ཇི་སྐད་དུ། བཅོམ་ལྡན་མྱ་ངན་འདས་ནས་ནི། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེས་དང་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །མདོར་ན། བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ་ན། ཇི་སྐད་དུ། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་པའི་སྐབས་ཅུང་ཟད་གཅིག་པོ་དེ་མ་གཏོགས། དབུ་མའི་རང་ལུགས་ལ་བདེན་པ་གཉིས་པོ་གང་རུང་ཡིན་ན། ཡོད་དགོས་པ་མ་ཡིན་ནོ། །ཞེས་གསུངས་པ་ཤ་སྟག་ཏུ་སྣང་བའི་ཕྱིར། དབྱེ་གཞི་དང་དབྱེ་བ་དེ་ལྟར་དུ་འཆད་པ་ནི། ཅུང་ཟད་རྟོག་གེ་ལ་བློ་ཁ་ཕྱོགས་པ་རྣམས་ཀྱི་ངོར་འཛིན་ཅིང་གཤིན་པ་ལྟར་སྣང་ན་ཡང་། རྣམ་དཔྱོད་དང་ལྡན་པ་དག་གིས་བརྟགས་ན། སྙིང་པོ་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར། ཡིད་བརྟན་
པར་མི་བྱའོ། །གཉིས་པ་གྲངས་ངེས་མི་འཐད་པ་ལ་གཉིས་ཏེ། བསྒྲུབ་བྱ་མི་འཐད་པ་དང་། སྒྲུབ་བྱེད་མི་འཐད་པའོ། །དང་པོ་ནི། ཤེས་བྱ་ཐམས་ཅད་བདེན་པ་གཉིས་སུ་གྲངས་ངེས་པ་ཞེས་བྱ་བ་འདི་དབུ་མའི་རང་ལུགས་མ་ཡིན་ཏེ། དབུ་མའི་རང་ལུགས་ལ་གནས་སྐབས་སུ་བདེན་པ་ནི་གཅིག་ཁོ་ན་ཡིན་པར་མདོ་དང་། རིགས་པ་དྲུག་ཅུ་པའི་ལུང་དྲངས་ནས་ཟླ་བའི་ཞབས་ཀྱིས་རྒྱས་པར་བཤད་པའི་ཕྱིར་དང་། མཐར་ནི་གཅིག་པོ་དེ་ཉིད་ཀྱང་བརྫུན་པར་གཏན་ལ་ཕབ་པའི་ཕྱིར་རོ། །གཞན་ཡང་དབུ་མའི་གཞུང་ལུགས་ནི་ཀུན་རྫོབ་ཀྱི་བདེན་པ་འཇོག་པའི་སྐབས་དང་། དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས་གཉིས་སུ་ངེས་ལ། གནས་སྐབས་དེ་གཉིས་གང་དུ་ཡང་བདེན་པ་གཉིས་སུ་གྲངས་ངེས་པ་མ་ཡིན་ཏེ། གྲངས་ངེས་པ་ཞེས་བྱ་བའི་དོན་ནི། དེ་ལས་མང་མི་དགོས་ཤིང་ཉུང་ན་མི་འདུ་བ་ཞེས་བྱ་བ་ཡིན་པ་ལས། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ན་དོན་དམ་པའི་བདེན་པ་ཁས་མ་བླངས་ཀྱང་། ཐ་སྙད་ཀྱི་བདེན་པ་ལས་ཉམས་པའི་སྐྱོན་མེད་ལ། ཁས་བླངས་ན་དེ་ལས་ཉམས་པ་སྲིད་པའི་ཕྱིར། དཔེར་ན། མྱུ་གུའི་གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ། མྱུ་གུའི་ཀུན་རྫོབ་ཀྱི་རང་གི་ངོ་བོ་འཇོག་མི་ཤེས་པ་བཞིན་ནོ། །དེ་སྐད་དུ་ཡང་། བརྒྱ་པ་ལས། བསོད་ནམས་འདོད་པས་སྟོང་པ་ཉིད། །ཀུན་ཚེའང་བརྗོད་པར་བྱ་མིན་ཏེ། །ཞེས་དང་། འཇུག་པ་ལས། དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། །ཅེས་གསུངས་སོ། །ཡང་དོན་དམ་པའི་བདེན་པ་གཏན་ལ་འབེབས་པ་དེའི་ཚེ་ནི། ཀུན་རྫོབ་ཀྱི་བདེན་པ་ཁས་མ་བླངས་པ་ལ་ཉེས་པ་མེད་པར་མ་ཟད་ཁས་བླངས་ན་སྐྱོན་དང་བཅས་པ་ཡིན་ཏེ། དེའི་ཚེ་དེ་རང་ལུགས་ཀྱི་ཚད་མ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར། དཔེར་ན་མྱུ་གུའི་
གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ། དེའི་ཀུན་རྫོབ་ཀྱི་ངོ་བོ་ཡོད་པར་ཁས་བླངས་ན་དེའི་གནས་ཚུལ་མཐོང་བ་ལ་གེགས་བྱེད་པ་བཞིན་ནོ། །འོ་ན་བདེན་གཉིས་ཟུང་དུ་འཇུག་པ་ཅི་ཞེ་ན། གང་ཀུན་རྫོབ་ཀྱི་བདེན་པ་འཇོག་པ་དེ་ལས་གཞན་དུ་དོན་དམ་པའི་བདེན་པ་ཚོལ་མ་དགོས་པ་དེ་ལ་ཟུང་དུ་འཇུག་པ་ཞེས་བྱ་བ་ཡིན་ནོ། །མདོར་ན། དབུ་མའི་རང་ལུགས་ལ་གནས་སྐབས་ཀྱི་བདེན་པ་དོན་དམ་པའི་བདེན་པ་གཅིག་པུ་ཡིན་ལ། མཐར་ནི་ཤེས་བྱ་ཐམས་ཅད་བདེན་པ་གཉིས་པོ་གང་དུ་ཡང་བརྗོད་པར་མ་ནུས་པས་བརྗོད་པ་དང་བྲལ་བའི་ཕྱིར་གཉིས་སུ་གྲངས་མ་ངེས་པ་ཡིན་ནོ། །ཞེས་བྱ་བ་འདི་ངེས་སོ། །གཉིས་པ་སྒྲུབ་བྱེད་མི་འཐད་པ་ནི། བདེན་པ་གཉིས་ཕན་ཚུན་སྤངས་པའི་དངོས་འགལ་དུ་འདོད་པ་ནི་ཚིག་དང་དོན་གང་ལ་ཡང་མ་ཞུགས་ཏེ། ཁས་བླངས་དང་། ལུང་དང་རིགས་པ་གསུམ་ཆར་དང་འགལ་བའི་ཕྱིར། དང་པོ་ནི། བདག་གཉིས་དང་རི་བོང་གི་རྭ་སོགས་གཞི་མ་གྲུབ་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཐལ་བར་འགྱུར་ཏེ། དོན་དམ་པའི་བདེན་པ་མ་ཡིན་པའི་ཕྱིར། འཁོར་གསུམ་ཅར་ཁས་བླངས་པས་ཚང་བ་ཡིན་ནོ། །རིགས་པ་དང་འགལ་བ་ནི། བདེན་པ་གཉིས་པོ་རྣམ་བཅད་དང་ཡོངས་གཅོད་དུ་ཐལ། ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། འདོད་ན། རྣམ་བཅད་ལ་ཀུན་རྫོབ་ཀྱི་བདེན་པ་ཁེགས་ན། ཡོངས་གཅོད་ལ་དོན་དམ་པའི་བདེན་པར་འགྲུབ་པར་ཐལ་བ་དང་། རྣམ་བཅད་ལ་དོན་དམ་པའི་བདེན་པ་ཁེགས་ན། ཡོངས་གཅོད་ལ་ཀུན་རྫོབ་ཀྱི་བདེན་པ་གྲུབ་པར་ཐལ་ལོ། །འདིའི་ཁྱབ་པ་ཡང་ཁྱེད་ཀྱིས་ཁས་བླངས་སོ། །གཞན་ཡང་། མྱུ་གུ་དང་དེའི་བདེན་སྟོང་ཕུན་ཚུན་སྤངས་པའི་དངོས་འགལ་དུ་ཐལ་བར་འགྱུར་ཏེ། བདེན་གཉིས་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་རོ། །ལུང་དང་འགལ་བ་ནི། རིགས་པ་དྲུག་ཅུ་པའི་
འགྲེལ་པ་ལས། མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པར་གསུངས་པ་དང་། འཕགས་སེང་གཉིས་ཀྱིས་བདེན་གཉིས་འགལ་པར་འཛིན་པའི་བློ་བསལ་བྱ་ལོག་སྒྲུབ་ཏུ་གསལ་བར་གསུངས་པའི་ལུང་རྣམས་དང་འགལ་ལོ། །མདོར་ན། ཇི་སྲིད་བདེན་པ་གཉིས་ཀྱི་རྣམ་གཞག་ཁས་ལེན་པ་དེ་སྲིད་དུ་གཉིས་པོ་འབྲེལ་པར་ཁས་ལེན་པ་ཡིན་གྱི། འགལ་བར་ཁས་ལེན་པ་མ་ཡིན་ཏེ། ཇི་སྐད་དུ། སེམས་འགྲེལ་ལས། མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་གསུངས་སོ། །འདི་ལ་འདི་སྙམ་དུ། བསླུ་མི་བསླུ་ཕན་ཚུན་སྤངས་པའི་དངོས་འགལ་དུ་ཁས་བླངས་ཀྱང་བདེན་གཉིས་དེར་ཁས་མ་བླངས་སོ་སྙམ་ན། འོ་ན་དེས་དེའི་གྲངས་ངེས་འགྲུབ་པ་ལ་ཅི་ཞིག་ཕན། གལ་ཏེ་བདེན་པ་གཉིས་པོ་བསླུ་མི་བསླུ་ཐ་དད་དུ་སོ་སོར་ངེས་པས་སོ་ཞེ་ན། འོ་ན་ཤེས་བྱ་ལ་བུམ་པ་དང་བུམ་པའི་ཆོས་ཉིད་གཉིས་སུ་གྲངས་ངེས་པར་འགྱུར་ཏེ། བསླུ་མི་བསླུ་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། དེའི་ཕྱིར་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་གསུངས་པ་དེ་ནི་ཇི་སྲིད་བདེན་པ་ཞེས་བྱ་བའི་ཆོས་ཁས་ལེན་པ་དེ་སྲིད་དུ། གཉིས་པོ་འདི་ལས་མ་གཏོགས་པའི་བདེན་པ་གཞན་མེད་དོ་ཞེས་གྲངས་མང་བ་སེལ་བར་མཛད་ཀྱང་། གཉིས་ལས་གྲངས་ཉུང་བ་སེལ་བར་མ་མཛད་པས་གྲངས་ངེས་བསྟན་པ་མ་ཡིན་ལ། གཞན་ཡང་། འཕགས་པ་ཡབ་སྲས་ཀྱི་གཞུང་ན། ཤེས་བྱ་ཐམས་ཅད་བདེན་པ་གཉིས་སུ་གྲངས་ངེས་པར་འཆད་བྱེད་ཀྱི་གཞུང་མེད་དོ། །བོད་སྔ་མ་རྣམས་ཀྱིས་བདེན་པ་གཉིས་ཀྱི་གྲངས་ངེས་ཀྱི་རྣམ་གཞག་འཆད་པ་དེ་ནི་ཡུལ་ཅན་
གྱི་བློ་ལ་འཁྲུལ་མ་འཁྲུལ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གྱིས་དེ་གཉིས་ལ་ཕུང་གསུམ་སེལ་བའི་རྣམ་གཞག་མཛད་པ་ཡིན་གྱི། ཕྱི་རབས་པ་རྣམས་འཆད་པ་ལྟར་ཡུལ་བདེན་པ་གཉིས་ཀྱི་གྲངས་ངེས་ཚད་མས་གྲུབ་པར་འཆད་པ་ནི་གཅིག་ཀྱང་མི་སྣང་ངོ་། །གསུམ་པ་མཚན་ཉིད་མི་འཐད་པར་བསྟན་པ་ལ་གཉིས་ཏེ། ཚིག་གི་སྒོ་ནས་སུན་དབྱུང་བ་དང་། དོན་གྱི་སྒོ་ནས་མི་འཐད་པའོ། །དང་པོ་ནི། འོ་ན་བདེན་པ་གཉིས་པོའི་མཚན་ཉིད་ཀྱི་ཟུར་སྔ་མ་གཉིས་པོ་ལ་རྣམ་བཅད་ཡོད་དམ་མེད། མེད་ན་དགོས་པ་ཅིའི་ཕྱིར་དུ་མཚན་ཉིད་ཀྱི་ཟུར་དུ་གཞག་པའི་དགོས་པ་དེ་ཁྱེད་ཀྱིས་འཆད་དགོས་པ་དང་། ཇི་སྐད་དུ། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །ཞེས་པའི་གཞུང་གི་ཕྱོགས་འགྲོ་ཙམ་དང་བསྟུན་པའི་མཚན་ཉིད་ཀྱང་ཁྱེད་ཀྱིས་འཆད་པར་མ་ནུས་པས་ནོངས་པ་ཡིན་ལ། དང་པོ་ལྟར་ན། ཐ་སྙད་པའི་ཚད་མ་དེ་ཁོ་ལ་ལྟོས་ནས་ཐ་སྙད་པའི་ཚད་མར་སོང་བ་ཡང་ཡིན། ཐ་སྙད་པའི་ཚད་མས་རྙེད་པའི་དོན་མ་ཡིན་པའི་གཞི་མཐུན་ཞིག་ཁྱེད་ཀྱིས་ཁས་བླངས་པས། དེ་འདྲའི་གཞི་མཐུན་གྱི་མཚན་གཞི་གང་དང་གང་ཡིན་པ་དེ་ཆོས་ཅན། ཐ་སྙད་པའི་ཚད་མས་རྙེད་དོན་ཡིན་པར་ཐལ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། གསུམ་ཅར་དངོས་སུ་ཁས་བླངས་སོ། །ཡང་ཕྱོགས་གཅིག་ལ་དེ་ལྟར་དུ་ཁས་བླངས་པས། དེ་འདྲའི་མཚན་གཞི་གང་དང་གང་ཡིན་པ་དེ་ཆོས་ཅན། མཐར་ཐུག་དཔྱོད་པའི་ཚད་མས་རྙེད་པའི་རྙེད་དོན་དུ་ཐལ། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། གསུམ་ཅར་དངོས་སུ་ཁས་བླངས་སོ། །ལུགས་དེའི་རྗེས་སུ་འབྲང་བ་དག་ན་རེ། ཁྱོད་གང་གིས་རྙེད་པའི་ཚད་མ་དེ་ཁྱོད་ལ་དོན་དམ་དཔྱོད་བྱེད་དུ་སོང་བ་དང་། ཁྱོད་གང་གིས་རྙེད་པའི་ཚད་མ་དེ་ཁྱོད་ལ་ཐ་སྙད་དཔྱོད་བྱེད་དུ་སོང་བ་དང་། ཞེས་ཟེར་བ་དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། ཚིག་ལ་སྐྱོན་ཆགས
་པ་དང་། དོན་གྱི་སྐྱོན་ནོ། །དང་པོ་ནི། ཁྱོད་གང་གིས་རྙེད་པའི་ཚད་མ་དེ་ཁྱོད་ལ་བུམ་པ་རྙེད་པའི་ཚད་མར་སོང་བ་དང་། ཁྱོད་ལ་ཀ་བ་རྙེད་པའི་ཚད་མར་སོང་བ་ཞེས་སོགས་ཤེས་བྱ་ཐམས་ཅད་ལ་མཚན་ཉིད་འཇོག་ལུགས་གཅིག་གིས་ཆོག་པ་འགྱུར་རོ། །གཉིས་པ་ནི། མྱུ་གུ་ཆོས་ཅན། མཚན་ཉིད་དེར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འདོད་པར་ནུས་པ་མ་ཡིན་ཏེ། ཐ་སྙད་དཔྱོད་པའི་ཚད་མ་ཞེས་པའི་བརྡ་ཆད་གཞུང་ལས་མི་འབྱུང་བ་དང་། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཉེས་པ་གནས་སོ། །ཡང་། མྱུ་གུ་བདེན་སྟོང་ཆོས་ཅན། མཚན་ཉིད་དེར་ཐལ། དོན་དམ་བདེན་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རིགས་པས་དཔྱད་བཟོད་དུ་ཐལ། ཁྱོད་གང་གི་རྙེད་པའི་ཚད་མ་དེ་ཁྱོད་ལ་དོན་དམ་དཔྱོད་བྱེད་དུ་སོང་བའི་ཕྱིར། ཁྱེད་ཅག་རང་གི་འདོད་པའི་གཞུང་ལས་གང་རྙེད་པ་དེ་མ་དཔྱད། དཔྱད་པ་དེ་མ་རྙེད་ཅེས་འདོན་པ་དང་འགལ། གཉིས་པ་དོན་གྱི་སྐྱོན་ནི། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དུ་ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་འཇོག་པ་ཟླ་བའི་ཞབས་ཀྱི་གཞུང་དང་མི་མཐུན་ཏེ། དེའི་གཞུང་ལས་ནི། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །ཞེས་བཤད་ལ། དེ་ལྟར་བཤད་པ་དེའི་ཚེ། མཐོང་བ་བརྫུན་པ་དང་ཚད་མའི་གཞི་མཐུན་ནི་སློབ་དཔོན་དེས་བཞེད་པ་མ་ཡིན་ཏེ། གཞུང་དེའི་འཕྲོས་ཉིད་དུ། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་ཀུན་རྫོབ་བདེན་པའི་ཡུལ་ཅན་གྱི་བློ་ཐམས་ཅད་ཚད་མིན་དུ་བཤད་པའི་ཕྱིར། དེ་ལས་གཞན་དུ་ན། གཞན་ལས་སྐྱེས་བ་ཐ་སྙད་དུ་ཡང་ཡོད་པར་འགྱུར་ཏེ། གཞན་ལས་སྐྱེ་བ་འཇིག་རྟེན་གྱི་མངོན་སུམ་གྱིས་མཐོང་བར་བཤད་ཅིང་། དེ་ཚད་མར་ཁས་ལེན་པའི་ཕྱིར། དེར་བཤད་པ་ཡིན་ཏེ། དངོས་པོ་སྟོང་པ་
གཟུགས་བརྙན་ལ་སོགས་པ། །ཞེས་པའི་འགྲེལ་པར་གཟུགས་བརྙན་དང་དེར་སྣང་གི་ཤེས་པ་གཞན་མ་ཡིན་ཡང་། གཞན་དུ་སྣང་བའི་དཔེས་ས་མྱུག་རྫས་གཞན་མ་ཡིན་ཡང་རྫས་གཞན་དུ་སྣང་བར་བཤད་པའི་ཕྱིར། དེར་མ་ཟད་ཀྱི། གཞན་ལས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་རྟོགས་འགྱུར་ཞིང་། །ཞེས་པའི་རྩོད་ལན་དུ། གཞན་སྐྱེ་འཇིག་རྟེན་གྱིས་མ་མཐོང་བའི་སྒོ་ནས་ལན་མི་འདེབས་པར་འཇིག་རྟེན་གྱིས་མཐོང་བ་ཚད་མ་མ་ཡིན་པའི་སྒོ་ནས་ལན་བཏབ་པ་དེའི་རྩོད་ལན་གྱི་འབྲེལ་གང་ཡིན་ཁྱེད་ཀྱིས་བསམ་དགོས་པ་དང་། གཞན་ཡང་། ཐ་སྙད་པའི་ཚད་མས་གྲུབ་པའི་དོན་ལ། དོན་དམ་པའི་ཚད་མས་གནོད་པར་འགྱུར་ཏེ། ཇི་སྐད་དུ། མིག་ནི་རབ་རིབ་ཅན་གྱིས་ཤེས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་པའི་ཤུགས་བསྟན་གྱི་དཔེ་དོན་སྦྱོར་ཚུལ་ལས། དོན་དམ་པའི་ཡུལ་ཅན་གྱི་ཚད་མས་ཀུན་རྫོབ་པའི་ཡུལ་ཅན་གྱི་བློ་ཐམས་ཅད་ལ་གནོད་པར་བཤད་ཅིང་། ཁྱེད་ཅག་གིས་ནི་ཀུན་རྫོབ་ཀྱི་བདེན་པ་ཐ་སྙད་པའི་ཚད་མའི་རྙེད་དོན་དུ་འཆད་པའི་ཕྱིར་དང་། མྱུ་གུ་ཐ་སྙད་དུ་ཡོད་པར་འཇལ་བྱེད་ཀྱི་ཚད་མ་ཡོད། དེས་གྲུབ་པའི་དོན་ལ། མྱུ་གུ་དོན་དམ་དུ་འཇལ་བའི་ཚད་མས་གནོད་པའི་ཕྱིར། གཞན་ཡང་ཀུན་རྫོབ་ཀྱི་བདེན་པ་རྣམས་ཚད་མས་གཞལ་བར་འདོད་པ་ནི། གཞུང་གི་འཕྲོས་དང་མི་མཐུན་ཏེ། ཇི་སྐད་དུ། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་སྐྲ་ཤད་མཐོང་བའི་བློ་དང་ཀུན་རྫོབ་བདེན་པ་མཐོང་བའི་བློ་གཉིས་དཔེ་དོན་དུ་སྦྱར་ཞིང་། རབ་རིབ་མེད་པས་སྐྲ་ཤད་མ་མཐོང་བ་དཔེར་
བྱས་ནས་མཉམ་གཞག་ཟག་མེད་ཀྱིས་ཀུན་རྫོབ་ཀྱི་དངོས་པོ་ཅི་ཡང་མ་མཐོང་བ་ལ་དོན་དམ་བདེན་པ་མཐོང་བར་བཤད་པའི་ཕྱིར་རོ། །གཞན་ཡང་། ཁྱེད་ཀྱིས་ཐ་སྙད་པའི་ཚད་མ་ཞེས་པ་དེ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་བསམ་པས་ཟླ་བའི་ཞབས་ཀྱི་གཞུང་དང་རྒྱབ་འགལ་དུ་སོང་བ་ཡིན་ཏེ། མཐོང་བ་བརྫུན་པ་དང་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་གཞི་མཐུན་མི་སྲིད་པའི་ཕྱིར། གཞན་ཡང་ཁྱེད་ཀྱིས་བདེན་གཉིས་ཀྱི་མཚན་ཉིད་གཞུང་ལས་ཇི་ལྟར་འབྱུང་བ་དེ་ལས་གོ་བཟློག་ནས་སྨྲས་པ་ཡིན་ཏེ། ཁྱེད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་རྣམས་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་རྙེད་དོན་དུ་ཁས་བླངས་པས་མཐོང་བ་ཡང་དག་པའི་རྙེད་དོན་དུ་ཁས་བླངས་པར་སོང་། དོན་དམ་པའི་བདེན་པ་རྣམས་མཐར་ཐུག་དཔྱོད་པའི་རིགས་ཤེས་རྗེས་དཔག་གི་རྙེད་དོན་དུ་ཁས་བླངས་པས་མཐོང་བ་བརྫུན་པའི་རྙེད་དོན་དུ་སོང་བའི་ཕྱིར་ཏེ། རྗེས་དཔག་ཡིན་ན་སྒྲ་དོན་འཛིན་པའི་རྟོག་པ་ཡིན་དགོས། དེ་ཡིན་ན་མཐོང་བ་བརྫུན་པ་ལས་མ་འདས་པའི་ཕྱིར་རོ། །གཞན་ཡང་ཟླ་བའི་ཞབས་ཀྱི་གཞུང་ལས་ཀུན་རྫོབ་ཙམ་པོ་དང་། ལོག་པའི་ཀུན་རྫོབ་དང་། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་གསུམ་བཤད་པ་ལས། ཕྱི་མ་གཉིས་པོ་དེ་ཆོས་ཅན། ཐ་སྙད་པའི་ཚད་མས་རྙེད་པའི་དོན་ཡིན་པར་ཐལ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། འདོད་ན། བདེན་འཛིན་ལ་སྣང་བའི་བདེན་གྲུབ་དེ་ཡང་ཚད་མས་གཞལ་བར་ཐལ། གསུམ་དུ་ཕྱེ་བའི་ཀུན་རྫོབ་ཀྱི་བདེན་པ་དེ་ཚད་མས་གཞལ་པའི་ཕྱིར། ཁྱབ་པ་ཡོད་དེ། ཇི་སྐད་དུ། དེ་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་དང་། དེའི་འགྲེལ་པར། གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་དེ་ནི་ཀུན་རྫོབ་བདེན་པ་མ་ཡིན་
ནོ། །ཞེས་གསུངས་སོ། །ལུང་དེས་རང་ཕྱོགས་ལ་མི་གནོད་པའི་ཚུལ་ནི། དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །མདོར་བསྡུ་ན་ཕྱི་རབས་པ་དག་གི་དོན་དམ་བདེན་པའི་མཚན་གཞི་འཛིན་ཚུལ་ནི་ཆེས་ཤིན་ཏུ་ནོངས་པ་ཡིན་པར་གོང་དུ་བཤད་ཅིང་འོག་ནས་ཀྱང་འཆད་པར་འགྱུར་ལ། འདིར་ནི་ཀུན་རྫོབ་བདེན་པའི་མཚན་ཉིད་འཇོག་ལུགས་ཤིན་ཏུ་ནོར་ཞིང་། དེའི་རྒྱུ་མཚན་གྱིས་ཟླ་བའི་ཞབས་ཀྱིས་བཞེད་པའི་ཀུན་རྫོབ་བདེན་པའི་མཚན་གཞིར་བཤད་པ་མཐའ་དག་ངོས་མ་ཟིན་པའི་ནོངས་པ་དེ་དག་མདོ་ཙམ་ཞིག་ཐོག་མར་བསྒྲགས་པ་ཡིན་ནོ། །བཞི་པ་ཀུན་རྫོབ་བདེན་པའི་དབྱེ་བ་འཆད་ཚུལ་ནོར་པའི་ཚུལ་ནི། ཐལ་རང་གཉིས་ཀས་ཡང་ལོག་གི་དབྱེ་བ་རང་ལུགས་ལ་ཁས་བླངས་མ་བླངས་ཀྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། སློབ་དཔོན་ཡེ་ཤེས་སྙིང་པོས་ཀྱང་ཡང་ལོག་གི་དབྱེ་བ་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་དུ་བཤད་ཀྱི་རང་ལུགས་ལ་ཀུན་རྫོབ་ཐམས་ཅད་ཡང་དག་མ་ཡིན་པར་བཤད་པའི་ཕྱིར། ཇི་ལྟར་བཤད་ཅེ་ན། ཇི་སྐད་དུ། ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་པའི་འགྲེལ་པར། དེ་འདྲའི་དབྱེ་བ་དེ་འཇིག་རྟེན་གྱིས་བྱས་པར་བཤད་པའི་ཕྱིར་ཏེ། དེ་ཉིད་ཀྱི་རང་འགྲེལ་ལས། ཆུ་ལ་སོགས་པ་དང་། སྨིག་རྒྱུ་ལ་སོགས་པ་དག་འཇིག་རྟེན་གྱིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ། །དངོས་སུ་ན་གཉིས་ནི་ངོ་བོ་ཉིད་མེད་པ་ཉིད་དུ་ངོ་བོ་ཉིད་མཚུངས་པ་ཁོ་ནའོ། །དོན་བྱེད་པ་ལ་བསླུ་བ་དང་མི་བསླུ་བ་ཡང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ། དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ཙམ་གྱིས་རང་ལུགས་ལ་དེ་མི་བཞེད་པར་མི་འགྲུབ་ན་ནི། ཇི་སྐད་དུ། འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་བཤད་པ་དེ་ཙམ་གྱིས་ཀྱང་དེ་མི་འགྲུབ་པར་མཚུངས་སོ། །ཡང་སློབ་དཔོན་ཡེ་ཤེས་སྙིང་པོས། རང་ལུགས་ལ་སྣང་བ་
ལྟར་དོན་བྱེད་ནུས་པ་བཞེད་དུ་ཆུག་ཀྱང་། དེ་ཙམ་གྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་རང་ལུགས་ལ་བཞེད་པར་མི་འགྲུབ་སྟེ། བདེན་གཉིས་ཀྱི་རང་འགྲེལ་དུ། མཁས་པ་ནས་བྱིས་པའི་བར་གྱི་སྣང་བ་ཐུན་མོང་བ་འདི་ལ་རང་བཞིན་གྱིས་གྲུབ་པའི་སྣང་བ་མི་འབྱུང་བའི་སྒྲུབ་བྱེད་དང་། འབྱུང་བ་ལ་གནོད་བྱེད་ཀྱི་རིགས་པ་གསུངས་ཏེ་རྒྱས་པར་འོག་ནས་འཆད་པར་འགྱུར་རོ། །གཉིས་པ་རང་གི་ལུགས་བཞག་པ་ལ། དབྱེ་གཞི། དབྱེ་ངོ་། སྒྲ་དོན། གཅིག་དང་ཐ་དད་བསམ་པའོ། །དང་པོ་ནི། དངོས་བཏགས་མ་ཕྱེ་བའི་བདེན་པ་ཙམ་མོ། །དེ་སྐད་དུ་ཡང་། བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་བདེན་པ་གཉིས་སུ་ཕྱེ་བ་ལས་ཤེས་སོ། །འོ་ན་དངོས་བཏགས་སུ་ཕྱེ་ན་ཇི་ལྟར་འགྱུར་ཞེ་ན། བདེན་པ་ཞེས་བྱ་བའི་སྒྲ་དོན་ནི་མི་བསླུ་བ་ཡིན་ལ། དེ་ལ་གཉིས་ཏེ། བདེན་འཛིན་གྱི་ངོར་མི་བསླུ་བ་དང་། བདེན་མེད་རྟོགས་པའི་རིགས་ཤེས་སམ་ཡེ་ཤེས་ཀྱིས་དྲངས་པའི་མཚན་འཛིན་གྱི་ངོར་མི་བསླུ་བའོ། །དང་པོ་ནི་བྱིས་པའི་ངོར་མི་བསླུ་བ་ལྟར་སྣང་ཡང་འཕགས་པ་ལ་ལྟོས་ནས་ནི། མཐར་ཐུག་ལྟ་ཞོག་གནས་སྐབས་སུ་ཡང་མི་བསླུ་བ་མ་ཡིན་ཏེ། འཕགས་པ་རྣམས་ཀྱི་གཟིགས་པ་དང་མི་མཐུན་པའི་ཕྱིར། གཉིས་པ་ནི། གནས་སྐབས་སུ་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་ཀྱང་མི་བསླུ་བ་ཡིན་ཏེ། འཕགས་པའི་གཟིགས་པ་དང་མཐུན་པའི་ཕྱིར། བདེན་པ་དེ་གཉིས་ཀ་ཡང་མཚན་འཛིན་ལ་ལྟོས་ནས་བཞག་པ་ཡིན་ཏེ། གཅིག་ནི་དབུ་མའི་ལྟ་བ་རྗེས་མཐུན་པ་ཙམ་ཡང་མ་སྐྱེས་པའི་བྱིས་པའི་མཚན་འཛིན་ལ་ལྟོས་ནས་གཞག་ལ། ཅིག་ཤོས་ནི་དབུ་མའི་ལྟ་བ་སྐྱེས་པའི་བྱིས་པ་དང་། འཕགས་པའི་རྗེས་ཤེས་ཀྱི་མཚན་འཛིན་ལ་ལྟོས་ནས་བདེན་པར་བཞག་པའི་ཕྱིར། འཕགས་པའི་མཉམ་གཞག་ལ་ལྟོས་ནས་ནི་བདེན་པ་གཅིག་ཀྱང་མ་
གཞག་སྟེ། དེས་ནི་བདེན་པ་ཕར་ཞོག་གང་དུ་ཡང་མ་གཟིགས་པའི་ཕྱིར་རོ། །མཐར་སྤྲོས་པ་ཐམས་ཅད་དང་བྲལ་བའི་རྗེས་ཀྱི་ཤེས་པ་ལ་ལྟོས་ནས་ནི་བདེན་པ་གཅིག་ཀྱང་མ་གཞག་སྟེ། དེའི་ཚེ་ནི་ཤེས་བྱའི་མཚན་མ་ཇི་སྙེད་པ་ཐམས་ཅད་བརྫུན་པར་བཞག་དགོས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཡུམ་ལས། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་གསུངས་སོ། །དེ་ལྟར་ན་མཐར་ཐུག་ལ་ལྟོས་ནས་བདེན་པ་མི་སྲིད་ལ། གནས་སྐབས་སུ་བདེན་པ་མཚན་ཉིད་པ་དོན་དམ་པའི་བདེན་པ་དང་། བཏགས་པ་ཀུན་རྫོབ་ཀྱི་བདེན་པའོ། །དེའི་ཤེས་བྱེད་ཀྱང་བདེན་འཛིན་གྱི་ངོར་བདེན་ན་བདེན་པར་འགལ་བ་ལ་ཐུག་པ་ཡིན་ནོ། །གཉིས་པ་དབྱེ་ངོ་ལ། ཇི་ལྟར་དབྱེ་བའི་ཚུལ་དང་། དབྱེ་བ་སོ་སོའི་དོན་གཏན་ལ་ཕབ་པའོ། །དང་པོ་ལ། མཚན་མར་འཛིན་པའི་བློ་ཙམ་ལ་ལྟོས་ནས་བདེན་པ་གཉིས་སུ་ཕྱེ་བ། བློ་སོ་སོ་ལ་ལྟོས་ནས་བདེན་པ་གཅིག་ཁོ་ནར་ངེས་པ། མཚན་མེད་ཀྱི་བློ་ལ་ལྟོས་ནས་གཅིག་པུའང་བདེན་པ་མ་ཡིན་པའོ། །དང་པོ་ནི། བདེན་པ་དེ་ལ་དབྱེ་ན་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །གཉིས་སུ་ཕྱེ་བ་འདི་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་བླང་དོར་གྱི་མཚན་མར་འཛིན་པའི་བློ་ལ་ལྟོས་ནས་ཕྱེ་བ་ཡིན་གྱི། འཕགས་པའི་ཡེ་ཤེས་ལ་ལྟོས་ནས་ནི་འབྱེད་པ་མ་ཡིན་ཏེ། ཇི་སྐད་དུ་རིགས་པ་དྲུག་ཅུ་པ་ལས། ཡང་དག་མ་མཐོང་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་སེམས་ཏེ། །ཡང་དག་མཐོང་བ་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་སེམས་མེད། །སྲིད་པ་དང་ནི་མྱ་ངན་འདས། །དེ་གཉིས་ཡོད་པ་མ་ཡིན་ནོ། །ཞེས་བདེན་པ་གཉིས་སུ་འབྱེད་པ་དེ་དེ་ཁོ་ན་ཉིད་མངོན་སུམ་དུ་མ་མཐོང་བའི་དབང་དུ་བྱས་པར་བཤད་པ་དང་། ཇོ་བོ་རྗེའི་དབུ་མའི་མན་ངག་ལས། ཐེག་པ་ཆེན་པོའི་དབུ་མའི་མན་ངག་ནི་འདི་ཡིན་
ཏེ། ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ལ་སྣང་བའི་ངོར་བྱས་ནས། དེའི་ངོར་བདེན་པ་གཉིས་སུ་འཇོག་གོ །ཞེས་གསུངས་སོ། །གཉིས་པ་ལ། འཇིག་རྟེན་ཐ་མལ་པའི་དབང་དུ་བྱས་ནས་ཀུན་རྫོབ་ཀྱི་བདེན་པ་གཅིག་པུར་བཞག་པ་དང་། རྣལ་འབྱོར་པའི་བློ་ལ་ལྟོས་ནས་དོན་དམ་པའི་བདེན་པ་གཅིག་པུར་བཞག་པའོ། །དང་པོ་ནི། དེ་ལ་ལྟོས་པའི་བདེན་པ་ནི་གཅིག་ཁོ་ན་སྟེ། གཟུགས་ལ་སོགས་པ་ཀུན་རྫོབ་པའི་དངོས་པོ་ཁོ་ན་བློ་དེའི་ངོར་བདེན་པ་ཡིན་གྱི། གཟུགས་སོགས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་བློ་དེའི་ངོར་བདེན་པའི་གོ་སྐབས་ཡོད་པ་མ་ཡིན་པའི་ཕྱིར། དེ་ལས་གཞན་དུ་དེའི་ངོར་བདེན་ན་ནི། དེའི་ཚེ་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པར་འགྱུར་རོ། །གཉིས་པ་ནི། སྟོང་པ་ཉིད་རིགས་པས་གཏན་ལ་འབེབས་པའི་སོ་སོ་སྐྱེ་བོ་དང་། འཕགས་པའི་རྗེས་ཀྱི་སྒྲ་རྟོག་གི་ངོར་ནི་བདེན་པ་གཅིག་ཁོ་ན་སྟེ། བློ་དེའི་ངོར་དངོས་པོ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཁོ་ན་བདེན་པར་སྣང་གི དངོས་པོ་རྣམས་ཀྱི་རང་བཞིན་བློ་ཀུན་རྫོབ་པ་ལ་ཇི་ལྟར་སྣང་བ་དེ་ལྟར་དུ་བདེན་པར་འཇོག་པའི་གོ་སྐབས་མེད་པའི་ཕྱིར། དེ་ལས་གཞན་དུ་ན། དོན་དམ་པའི་བདེན་པ་ལས་ཉམས་པར་འགྱུར་ཏེ། ཆོས་ཅན་གཅིག་གི་སྟེང་དུ་ཀུན་རྫོབ་ཀྱི་རང་བཞིན་དང་དོན་དམ་པའི་རང་བཞིན་གཉིས་ཀ་བདེན་པ་མི་སྲིད་པའི་ཕྱིར། འོ་ན་དབུ་མའི་གྲུབ་མཐའ་ལ་ཞུགས་པ་དང་མ་ཞུགས་པའི་བློའི་དབྱེ་བས་བདེན་པ་རེ་རེ་ཁོ་ནར་འཇོག་ན། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་བདེན་པ་གཉིས་སུ་གསུངས་པ་དང་འགལ་ལོ་སྙམ་ན་འགལ་བ་མ་ཡིན་གྱི། དེ་ནི་དེའི་ཤེས་བྱེད་ཡིན་ཏེ། ལུང་དེས་ནི་གདུལ་བྱ་ཐེག་པ་ཆེན་པོའི་ཆོས་ལ་བཀྲི་བའི་རིམ་པ་བསྟན་པ་ཡིན་ལ། དེའི་ཚེ་ཐོག་མར་རྣམ་ཤེས་ལ་སྣང་བ་དང་མཐུན་པར་ཀུན་རྫོབ་ཀྱི་བདེན་པ་བསྟན་ནས། དེའི་རྗེས་སུ་ཡེ་ཤེས་
ལ་འཆར་ཚུལ་དང་མཐུན་པའི་དོན་དམ་པའི་བདེན་པ་གཏན་ལ་འབེབས་པར་བཤད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཡུལ་གྱི་སྟེང་དུ་བདེན་གཉིས་ཟུང་འཇུག་ཏུ་གྲངས་ངེས་པར་གནས་པ་དང་། མཚན་འཛིན་གྱི་བློ་ལ་ལྟོས་ནས་བདེན་པ་གཉིས་སུ་ཕྱེ་བའི་ཁྱད་པར་མ་ནོར་བར་དབྱེ་དགོས་ཏེ། བདེན་པ་གཉིས་སུ་ཕྱེ་བ་ནི། བློའི་དབྱེ་བས་ཕྱེ་བ་ཡིན་གྱི། དོན་ལ་གཉིས་སུ་གནས་པས་གཉིས་སུ་ཕྱེ་བ་མ་ཡིན་པའི་ཕྱིར། དོན་ལ་དེར་གནས་པ་ཡང་མ་ཡིན་ཏེ། དེར་གནས་ན་གཉིས་ཀ་དོན་དམ་པའི་བདེན་པར་ཐལ་བའི་ཕྱིར་རོ། །ཡུལ་ཅན་གྱི་བློ་ལ་ལྟོས་ནས་གཉིས་སུ་འབྱེད་པ་དེའི་ཚེ་ནི། སྣང་ཚུལ་དང་གནས་ཚུལ་གཉིས་ལས་བདེན་པ་སོ་སོར་བཞག་པ་ཡིན་ལ། དེ་ལྟར་གཞག་པ་དེ་ལས་ནི་སྣང་ཚུལ་བདེན་པ་དེའི་ཚེ་གནས་ཚུལ་མི་བདེན། གནས་ཚུལ་བདེན་པ་དེའི་ཚེ་ན་སྣང་ཚུལ་མི་བདེན་པར་གྲུབ་བོ། །དེ་ལྟར་གྲུབ་པ་ན་ཡུལ་གྱི་སྟེང་ན་བདེན་པ་གཉིས་མེད་པར་གྲུབ་ལ། བློ་ལ་ལྟོས་པའི་བདེན་པ་གཉིས་པོ་དེ་ནི་བསྟན་པ་ལ་རིམ་གྱི་འཇུག་པའི་རིམ་པས་ཁས་བླངས་བར་བྱ་བ་ཡིན་པར་གྲུབ་བོ། །གྲུབ་དོན་གཉིས་པ་ནི། གཞི་དབུ་མ་བདེན་གཉིས་ཟུང་འཇུག་ཅེས་མིང་བཏགས་པ་དེ་ཡང་། སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་ལ་དེ་སྐད་ཅེས་བྱ་བ་ཡིན་གྱི། དེ་གཉིས་ཀ་ཡང་ཡུལ་གྱི་སྟེང་དུ་གཅིག་ཅར་དུ་བདེན་པ་གཉིས་སུ་གནས་པ་མ་ཡིན་ཏེ། དཔེར་ན་སྐྲ་ཤད་དུ་སྣང་བ་དང་དེས་སྟོང་པ་བཞིན་ནོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གསུམ་པ་ནི། ཐ་མར་མཚན་འཛིན་གྱི་ལྟ་བ་ཐམས་ཅད་བཟློག་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ། བདེན་པ་གཉིས་ལྟ་ཞོག བདེན་པ་གཅིག་ཀྱང་ཁས་བླངས་པར་བྱ་བ་མ་ཡིན་ཏེ། མྱ་ངན་ལས་འདས་པ་ཡང་དེའི་ཚེ་ཀུན་རྫོབ་ཏུ་གཞག་དགོས་པའི་ཕྱིར་དང་། རང་གི་ལུགས་འཆད་པ་ན་ཀུན་རྫོབ་ཏུ་བདེན་པ་དང་། བདེན་པ་མ་ཡིན་པ་གཉིས་དོན་གཅིག་ལ་འདུ་བའི་
ཕྱིར། འོ་ན་དེའི་ཚེ་ཤེས་བྱ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་གཅིག་པུར་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཚེ་དེ་ཐམས་ཅད་ཀུན་རྫོབ་ཀྱི་ངོར་བདེན་པ་དང་། ཀུན་རྫོབ་ཏུ་བདེན་པ་ཡིན་ལ། དེ་ཡིན་པའི་ཕྱིར་རང་ལུགས་ལ་ཐ་སྙད་ཙམ་དུ་ཡང་བདེན་པ་མ་ཡིན་དགོས་ཏེ། བདག་གཉིས་བཞིན་ནོ། །མདོར་ན་ཟླ་བའི་ཞབས་ཀྱི་ལུགས་འདི་ལ་ཀུན་རྫོབ་ཏུ་བདེན་པ་དང་། བདེན་འཛིན་གྱི་ངོར་བདེན་པ་གཉིས་ལ་ཁྱད་པར་མེད་ལ། ཀུན་རྫོབ་ཀྱི་བདེན་པ་དང་བདེན་འཛིན་གྱི་ངོ་བོའི་བདེན་པ་གཉིས་ལ་ཁྱད་པར་ཅི་ཡང་མེད། ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ཁས་མ་བླངས་པར་དོན་དམ་པའི་བདེན་པ་རྟོགས་པར་མི་ནུས་སོ་ཞེས་བྱ་བ་འདི་བཞེད་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་རྩོད་པར་འགྱུར་ཏེ། མཐར་ཐུག་དོན་དམ་པའི་བདེན་པ་ཡང་ཁས་མི་ལེན་ན། སངས་རྒྱས་ཀྱི་ཆོས་བསྟན་པ་ཡང་མཐར་ཐུག་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་བསྟན་པ་མ་ཡིན་པར་འགྱུར་ཞིང་། འཕགས་པའི་བདེན་པ་བཞི་དང་འཕགས་པ་དང་འཕགས་པ་མ་ཡིན་པའི་ཐ་སྙད་ཀྱི་རྣམ་པར་དབྱེ་བ་ཡང་མི་རུང་བར་འགྱུར་རོ་སྙམ་ན། དེ་ལྟ་བུའི་ཀླན་ཀ་ལན་དང་བཅས་པ་དེ་ནི་ཟླ་བའི་ཞབས་ཉིད་ཀྱིས་བཤད་ཟིན་པ་ཡིན་ཏེ། ཇི་སྐད་དུ། རིགས་པ་དྲུག་ཅུ་པའི་འགྲེལ་པར། གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་དེ་དག་མེད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་དོན་མེད་དུ་འགྱུར་བ་ཞིག་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཡོད་པས་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀྱང་གྲུབ་བོ་ཞེ་ན། བཤད་པ། འཁོར་བ་དང་མྱ་ངན་ལས་འདས་པ་དེ་གཉིས་སུ་ལ་བཤད། སྨྲས་པ་འཕགས་པ་རྣམས་ལའོ། །ཞེ་ན། འཕགས་པར་གྱུར་ཟིན་པ་རྣམས་ལ་ནི་དེ་བཤད་མི་དགོས་ལ། འཕགས་པར་གྱུར་མ་ཟིན་པ་རྣམས་ནི་བྱིས་པ་ཉིད་ཡིན་པས། ཞེས་བདེན་པ་གཉིས་ཀ་བྱིས་པའི་དབང་དུ་བྱས་ནས་བསྟན་པར་བཤད་པ་དང་། ཡང་དེ་ཉིད་ཀྱི་
འཕྲོས་ལས། དེ་བས་ན། བྱིས་པའི་སྐྱེ་བོའི་རྟོག་པའི་དབང་དུ་བྱས་ནས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཡོད་དོ་ཞེས་བསྟན་པས། དངོས་པོ་དང་དངོས་པོ་མེད་པ་གཉིས་ཡོད་དོ་ཞེས་གང་སྨྲས་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བདེན་པ་གཉིས་ཀ་མཚན་འཛིན་གྱི་རྟོག་པའི་དབང་དུ་བྱས་པའི་རྒྱུ་མཚན་གྱིས་རང་ལུགས་ལ་གཉིས་ཀ་ཡོད་པ་མ་ཡིན་པར་བཤད་པ་དང་། ཡང་དེའི་འཕྲོ་ཉིད་ལས། གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་འཕགས་པ་ལ་བསྟན་པ་མ་ཡིན་ན། འཕགས་པའི་བདེན་པ་བཞི་དང་འཕགས་པའི་ཐ་སྙད་བརྒྱད་ཇི་ལྟར་རུང་བར་འགྱུར། ཞེས་དོགས་པ་བསུ་ནས། དེའི་ལན་འཆད་པ་ན། ཇི་སྐད་དུ། དེ་དག་ནི་འཕགས་པ་ཉིད་ཀྱི་མ་ཡིན། དེའི་ཐ་སྙད་དེ་དག་ཟག་པ་དང་བཅས་པས་འཇིག་རྟེན་གྱི་ཡིན་ནོ། །དེ་བས་ན་འཇིག་རྟེན་གྱི་དངོས་པོ་ལ་ཇི་ལྟར་གནས་པ་བཞིན་དུ་མི་བསྒྱུར་བར་རྣམ་པར་གཞག་པ་དེ་ཡང་འཕགས་པ་ཞེས་བརྗོད་དུ་རུང་ངོ་། །ཡང་ན་འཕགས་པར་གྱུར་པའི་བདེན་པ་རྣམས་ནི། འཕགས་པའི་བདེན་པ་ཞེས་བྱའོ། །ཞེས་གསལ་བར་གསུངས་པས་རང་ལུགས་ལ་མྱ་ངན་ལས་འདས་པ་ཡང་དོན་དམ་པའི་བདེན་པ་ཉིད་དུ་ཞལ་གྱིས་མི་བཞེས་པར་གསུངས་སོ། །གཉིས་པ་ཕྱེ་བ་སོ་སོའི་དོན་ལ། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། མཐོང་བ་བརྫུན་པས་རྙེད་པ་དང་། མཐོང་བ་ཡང་དག་པས་རྙེད་པའོ། །དེ་སྐད་དུ་ཡང་། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་སོ། །འདིར་མཐོང་བ་བརྫུན་པ་ནི། སྤྱིར་མ་རིག་པ་དང་། བྱེ་བྲག་བདེན་འཛིན་དང་། ཁྱད་པར་སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཉོན་མོངས་པ་ཅན་གྱི་མ་རིག་པ་ལ་བཤད་དོ། །མཐོང་བ་ཡང་དག་པ་ནི་མ་རིག་པ་དེའི་འགལ་ཟླར་གྱུར་པའི་བདེན་མེད་མངོན་སུམ་དུ་
རྟོགས་པའི་ཡེ་ཤེས་ཡིན་ལ་དེ་ཡང་འཕགས་པ་ཐམས་ཅད་ཀྱི་ཐུན་མོང་བར་བཤད་དོ། །གཉིས་པ་དབྱེ་བ་ལ། འདི་ལྟར་བཤད་ན་གོ་བདེ་བ་ཡིན་ཏེ། འཇིག་རྟེན་གྱི་དོན་དམ་བདེན་པ་དང་། འཕགས་པའི་དོན་དམ་བདེན་པ་གཉིས་དང་། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་དང་། འཕགས་པའི་ཀུན་རྫོབ་བདེན་པ་གཉིས་སོ། །མཚན་ཉིད་ནི། འཇིག་རྟེན་གྱི་མཐོང་བ་ཡང་དག་པས་རྙེད་པ་དེ། འཇིག་རྟེན་གྱི་དོན་དམ་བདེན་པའི་མཚན་ཉིད་དང་། འཇིག་རྟེན་གྱི་མཐོང་བ་བརྫུན་པས་རྙེད་པ་དེ། འཇིག་རྟེན་གྱི་ཀུན་རྫོབ་བདེན་པའི་མཚན་ཉིད་དོ། །མཐོང་བ་དེ་གཉིས་ཀྱི་ཁྱད་པར་ནི། བདེན་འཛིན་ལྷན་སྐྱེས་ཀྱིས་བསླད་པ་ཞུགས་པ་གཞིར་བྱས་པ་ལ། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་མ་བྱས་པ་དང་། བྱས་པའོ། །དེ་སྐད་དུ་ཡང་། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག །ཅེས་འཇིག་རྟེན་གྱི་མཐོང་བ་གཞིར་བྱས་ལའང་། ཡུལ་ཅན་ཡང་ལོག་གཉིས་ཡོད་པའི་རྒྱུ་མཚན་གྱིས་ཡུལ་ལའང་བདེན་བརྫུན་གཉིས་ཡོད་པར་བཞག་གོ །ཡུལ་བདེན་པ་གཉིས་པ་དེའི་མཚན་གཞི་ནི། མུ་སྟེགས་བྱེད་ཀྱིས་བཏགས་པའི་གཙོ་བོ་དང་བདག་རྟག་པ་དང་མཐའ་བཞིའི་སྐྱེ་བ་ལ་སོགས་པ་དང་། སྒྱུ་མ་དང་རྨི་ལམ་གྱི་རྟ་གླང་ལྟ་བུ་དང་། མིག་སྒྱུའི་ཆུ་དང་། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དང་། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྣང་བའི་ཟླ་གཉིས་ལྟ་བུའོ། །འདི་དག་ལའང་དེ་དང་དེར་སྣང་ཙམ་གྱི་ཆ་དང་དེར་སྣང་ལ་ཕྱིན་ཅི་ལོག་ཏུ་བཏགས་པའི་ཆ་རེ་དང་གཉིས་གཉིས་ཡོད་པ་ལས། སྤྱིར་གཉིས་ཀ་ཡང་
འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་ཡིན་ཡང་། འདིར་གཙོ་བོར་བཟུང་བ་ནི་ཕྱིན་ཅི་ལོག་ཏུ་བཏགས་པའི་ཆ་དེ་ཉིད་ཡིན་ཏེ། ཇི་སྐད་དུ། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བཏགས་པ་དང་། །སྒྱུ་མ་སྨིག་རྒྱུ་སོགས་ལ་བཏགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས་སོ། །གཉིས་པ་འཇིག་རྟེན་ཉིད་ལ་གྲགས་པའི་དོན་དམ་བདེན་པའི་མཚན་གཞི་ནི། མཁས་པ་ནས་གནག་རྫིའི་བར་ལ་ཐུན་མོང་དུ་གྲགས་པའི་དངོས་པོ་རྣམས་ཡིན་ལ། འདི་ལའང་དེ་དང་དེར་སྣང་བའི་ཡུལ་གྱི་ཆ་དང་། དེ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་ཆ་གཉིས་ལས། སེར་པོ་ལྟ་བུ་སེར་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་ངོར་བདེན་པའི་ཆ་དང་། ཚ་བ་ལྟ་བུ་བདེན་འཛིན་གྱི་ངོར་མེའི་རང་བཞིན་དུ་བདེན་པའི་ཆ་དེ་ལ་འཇིག་རྟེན་དུ་གྲགས་པའི་དོན་དམ་བདེན་པ་ཞེས་བྱ་སྟེ། ཇི་སྐད་དུ། གཏི་མུག་རང་བཞིན་བསྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེ་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་ཞིང་དེའི་འགྲེལ་པར། གཟུགས་བརྙན་དང་བྲག་ཆ་ལ་སོགས་པ་འཇིག་རྟེན་ན་བརྫུན་པར་སྣང་བ་དེ་དག་ལ་ལྟོས་པའི་དོན་དམ་པའི་བདེན་པ་མ་ཡིན་པར་གསུངས་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ་རྣམས་ཀྱི་རྗེས་ཐོབ་ལ་སྣང་བའི་མྱུ་གུ་ལ་སོགས་པའི་དངོས་པོ་རྣམས་ལ་ནི་དེ་དང་དེའི་ཡུལ་དུ་སོང་བ་དེའི་ཚེ་བདེན་པར་ཞེན་པ་མེད་པའི་རྒྱུ་མཚན་གྱིས་འཇིག་རྟེན་གྱི་དོན་དམ་པའི་བདེན་པ་མ་ཡིན་པར་གསུངས་སོ། །དེ་ལྟར་བཤད་པ་ན་སོ་སོ་སྐྱེ་བོས་བདེན་པར་བཟུང་བའི་མྱུ་གུ་ལ་སོགས་པ་རྟོག་མེད་ཀྱི་ཤེས་པ་ལ་སྣང་བ་ཐམས་ཅད་དང་། མྱུ་གུ་ལ་སོགས་པའི་སྟེང་དུ་རྟོག་པས་བཟུང་བའི་བདེན་པར་
གྲུབ་པ་གཉིས་ཀ་འཇིག་རྟེན་གྱི་དོན་དམ་པའི་བདེན་པའོ། །དེས་ཉེ་བར་མཚོན་པས་ངར་འཛིན་ལྷན་སྐྱེས་ཀྱིས་རང་རྒྱུད་ཀྱི་ཕུང་པོའི་སྟེང་དུ་ཡོད་པར་བཟུང་བའི་ང་ཙམ་དེ་ཡང་འཇིག་རྟེན་གྱི་དོན་དམ་བདེན་པའོ། །དེ་དག་ཆོས་ཅན། དེ་ཡིན་ཏེ། འཇིག་རྟེན་ལ་ལྟོས་པའི་མཐོང་བ་ཡང་དག་པས་རྙེད་པའི་རྙེད་དོན་ཡིན་པའི་ཕྱིར། དེ་ཡིན་ཏེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་གྱི་ལྷན་ཅིག་སྐྱེས་པའི་བློའི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། མདོར་ན་འཇིག་རྟེན་ཉིད་ལ་ལྟོས་པའི་བདེན་པ་གཉིས་པོ་འདི་ལ་རྣམ་པར་ཤེས་པའི་ཚོགས་དྲུག་ཅར་གྱི་གཟུང་བྱ་ཡོད་པར་བཤད་ལ། དེའི་ཚེ་སྒོ་ལྔའི་དབང་ཤེས་ཀྱི་གཟུང་བྱ་ནི། དེ་དང་དེར་སྣང་བའི་སྣང་ཙམ་གྱི་ཆ་ཡིན་ལ། དེ་ལ་ཡང་ལོག་གི་ཆ་གཉིས་ཡོད་ཅིང་། ཡིད་ཤེས་རྟོག་པའི་གཟུང་བྱ་ནི་བདེན་པར་འཛིན་པའི་བློ་གཉིས་ཀྱིས་དེར་བཟུང་བའི་ཆའོ། །འདི་ལའང་། ཡང་ལོག་གི་དབྱེ་བ་གཉིས་གསུངས་སོ། །གཉིས་པ་འཕགས་པ་ལ་ལྟོས་པའི་དོན་དམ་བདེན་པའི་མཚན་ཉིད། འཕགས་པ་ཉིད་ལ་ལྟོས་པའི་མཐོང་བ་ཡང་དག་པས་རྙེད་པའོ། །མཚན་གཞི་ནི་གོང་དུ་བཤད་མ་ཐག་པའི་འཇིག་རྟེན་ལ་གྲགས་པའི་དོན་དམ་བདེན་པ་དེ་ཉིད་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གང་དུ་ཡང་མ་གཟིགས་པ། དེ་ཉིད་ལ་དོན་དམ་པའི་བདེན་པ་ཞེས་སྒྲོ་བཏགས་ནས་བརྗོད་པ་ཙམ་ཡིན་གྱི། དེའི་མཚན་གཞིར་ཇི་ལྟ་བ་བཞིན་དུ་གཟུང་ནུས་པ་མ་ཡིན་ཏེ། ཇི་སྐད་དུ་འཇུག་འགྲེལ་ལས། དོན་དམ་པའི་བདེན་པ་དེ་ནི་བརྗོད་དུ་མེད་པའི་ཕྱིར་དང་། ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་སུ་བསྟན་པར་མི་ནུས་པས་དཔེ་བཤད་པ། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་གསུངས་སོ། །གཉིས་
པ་འཕགས་པ་ལ་ལྟོས་པའི་ཀུན་རྫོབ་བདེན་པའི་མཚན་ཉིད། འཕགས་པ་ཉིད་ལ་བརྟེན་པའི་མཐོང་བ་བརྫུན་པས་རྙེད་པའོ། །འོ་ན་མཐོང་བ་བརྫུན་པ་དེ་གང་། དེས་རྙེད་པ་དེ་ཅི་ཞེ་ན། སྤྱིར་མཐོང་བ་བརྫུན་པ་ཙམ་དང་། འདིར་དངོས་སུ་བཤད་པའི་མཐོང་བ་བརྫུན་པའོ། །དང་པོ་ནི། མཚན་མར་འཛིན་པའི་རྟོག་པ་ཙམ་ལ་བྱ་བས། བདེན་སྟོང་ཡུལ་དུ་བྱེད་པའི་མཐོང་བ་བརྫུན་པ་ཡང་ཡོད་ལ། འདིར་བཤད་པ་ནི། ལྷན་ཅིག་སྐྱེས་པའི་བདེན་འཛིན་ནམ་དེས་བསླད་པའི་ཤེས་པ་གང་རུང་ལ་བྱ་བས་གོང་དུ་བཤད་མ་ཐག་པའི་འཇིག་རྟེན་ལ་གྲགས་པའི་མཐོང་བ་ཡང་དག་པ་དང་ལོག་པ་ཇི་སྙེད་པ་དེ་དག་གོ །དེས་རྙེད་པ་ནི། ཕྱི་རོལ་གྱི་དོན་ལྔ་དང་། ཀུན་བཏགས་པ་དང་ལྷན་ཅིག་སྐྱེས་པའི་མ་རིག་པས་སྒྲོ་བཏགས་པའི་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ཇི་སྙེད་པ་དེ་རྣམས་སོ། །དེ་ལ་དབྱེ་ན། ཡང་དག་པ་དང་། ལོག་པའི་དབྱེ་བས་གཉིས་ལས། ལོག་པའི་ཡུལ་ཡུལ་ཅན་གཉིས་ཀ་ནི་འཇིག་རྟེན་ལ་ལྟོས་ནས་ཀྱང་ཡོད་པ་མ་ཡིན་པར་བཤད་ན་འཕགས་པ་ལ་ལྟོས་ནས་ལྟ་ཅི་འཚལ་བ་དེའི་ཕྱིར་དེ་དག་འདིར་ཀུན་རྫོབ་ཀྱི་བདེན་པ་ཡིན་ཡང་ཡོད་པ་མ་ཡིན་པའི་སྒྲུབ་བྱེད་འཆད་མི་དགོས་སོ། །གཉིས་པ་ཡང་དག་པའི་ཀུན་རྫོབ་ཏུ་བཤད་པ་རྣམས་ནི། རང་ལུགས་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། རང་ལུགས་ལ་ཡོད་པ་མ་ཡིན་ཏེ། དེའི་ཡུལ་ཅན་གྱི་བློ་ཐམས་ཅད་དེ་དང་དེ་ཡུལ་དུ་བྱས་པའི་ཆ་ནས་ཚད་མིན་གྱི་བློར་འཇོག་དགོས་པའི་ཕྱིར། དེ་སྐད་དུ་ཡང་། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་པ་ནས། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་གསུངས་པ་ལས། འཇིག་རྟེན་ཕལ་པ་ལ་གྲགས་པའི་ཚད་མ་རྣམས་ཚད་མ་ཡིན་པར་གསུངས་པ་དང་། ཕྱི་རོལ་མེད་སེམས་དཔེ་ནི་གང་དུ་ཡོད།
།ཅེས་པ་ནས། དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །ཞེས་པའི་བར་གྱིས་ཕྱི་རོལ་གྱི་དོན་ལྔ་དང་། དོན་སྣང་གི་ཤེས་པ་གཉིས་ཀ་མེད་མཉམ་དུ་གསུངས་པ་ཡིན་པའི་ཕྱིར། དེ་བདེན་མེད་དུ་འཆད་པ་ཡིན་གྱི་མེད་པར་འཆད་པ་གཞུང་གི་དགོངས་པ་མ་ཡིན་ནོ་སྙམ་ན། དེ་ཡང་ཁྱེད་ཀྱིས་མ་ཤེས་པ་ཡིན་ཏེ། སེམས་ཙམ་པས་ཕྱི་རོལ་གྱི་དོན་མེད་ཅིང་། དོན་སྣང་གི་ཤེས་པ་ཡོད་པའི་དཔེར་རྨི་ལམ་གྱི་ཤེས་པ་བཀོད་པ་ན། ཇི་ལྟར་ཁྱོད་ཀྱི་ཕྱི་ཡུལ་རྨི་ལམ་དུ། །ཞེས་གསུངས་པ་དང་། དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཞེས་སོགས་ཀྱིས་རྨི་ལམ་གྱི་ཤེས་པ་དང་། སྐྲ་ཤད་འཛག་སྣང་གི་ཤེས་པ་གཉིས་ཀ་འཇིག་རྟེན་ན་ཡོད་པར་མ་གྲགས་པ་དཔེར་བྱས་ནས། བསྟན་བཅོས་ལས་ཀྱང་ཡོད་པར་མི་འདོད་པའི་རྒྱུ་མཚན་གྱིས་སེམས་ཙམ་པ་ལ་དཔེ་མ་གྲུབ་པའི་ཚུལ་རྒྱས་པར་བཤད་པའི་ཕྱིར་རོ། །འོ་ན་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་འཇིག་རྟེན་ཉིད་ལ་ལྟོས་ནས་བཞག་པ་ཞིག་ཁྱེད་ཀྱིས་བཤད་པ་འདི་ནི་རང་གཟོར་བྱས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། ཚིག་གསལ་ལས། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་གྱི་འཇིག་རྟེན་པའི་དོན་དམ་པ་ཁས་མ་བླངས་པར་དོན་དམ་པ་བསྟན་པར་མི་ནུས་ལ་ཞེས་དང་། སྟོང་ཉིད་བདུན་ཅུ་པའི་འགྲེལ་པར། འཕགས་པ་རྣམས་འབའ་ཞིག་ཁོ་ན་བདེན་པ་གཉིས་སུ་ཐ་སྙད་འདོགས་པར་མ་ཟད་འཇིག་རྟེན་པ་འཇིག་རྟེན་གྱི་ཐ་སྙད་ལ་མཁས་པ་རྣམས་ཀྱང་བདེན་པ་གཉིས་ཀྱི་ཐ་སྙད་འདོགས་སོ། །ཞེས་གསུངས་པས་སོ། །ཡང་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ། ཟླ་བའི་ཞབས་ཀྱི་གཞུང་གི་དངོས་བསྟན་དང་མཐུན་པར་བཤད་པ་ནི་འདི་ཡིན་ཏེ། མ་རིག་པའི་དབང་གིས་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དེ། ཀུན་རྫོབ་
བདེན་པའི་མཚན་ཉིད། མ་རིག་པས་བསླད་པའི་བློ་ལ་སྣང་བ་དེ་ཉིད་འཕགས་པའི་ཡེ་ཤེས་ཀྱིས་གང་དུ་ཡང་མ་གཟིགས་པ་དེ། དོན་དམ་བདེན་པའི་མཚན་ཉིད་དོ། །དང་པོ་ལ་དབྱེ་ན། ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་ཙམ་པོ་གཉིས་སོ། །དང་པོའི་མཚན་ཉིད་ནི། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་རྟེན་འབྲེལ་སྣ་ཚོགས་སུ་སྣང་བའོ། །གཉིས་པའི་མཚན་ཉིད་ནི། འཕགས་པའི་རྒྱུད་ཀྱི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་དབང་གིས་རྟེན་འབྲེལ་སྣ་ཚོགས་སུ་སྣང་བའོ། །དང་པོ་ལ་དབྱེ་ན། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་དང་། འཇིག་རྟེན་མ་ཡིན་པའི་ཀུན་རྫོབ་བདེན་པའོ། །དང་པོའི་མཚན་ཉིད་ནི་ཚུ་རོལ་མཐོང་བའི་རྒྱུད་ཀྱི་ཉོན་མོངས་པ་ཅན་གྱི་མ་རིག་པས་རྣམ་པར་བསླད་ཅིང་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཤེས་པ་ལ་སྣང་བའོ། །དབྱེ་ན། དེ་དང་དེར་སྣང་ཙམ་གྱི་ཆ་དང་། དེར་བདེན་པའི་ཆའོ། །དེ་གཉིས་ཀ་ལ་ཡང་བདེན་པ་ཞེས་བྱ་བའི་ཐ་སྙད་ནི་འཇིག་རྟེན་གྱིས་བཏགས་པ་ཡིན་ཏེ། གཉིས་ཀ་ཡང་བདེན་འཛིན་གྱི་ངོར་བདེན་པའི་ཕྱིར། དེ་དག་ལ་ཀུན་རྫོབ་ཅེས་བྱ་བའི་ཐ་སྙད་ནི་འཇིག་རྟེན་གྱིས་བཏགས་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ཁས་ལེན་ན་བདེན་པར་ཁས་ལེན་པ་འགལ་བའི་ཕྱིར། དེའི་ཕྱིར་དེ་དག་ལ་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་དང་། ཡང་དག་པའི་ཀུན་རྫོབ་ཅེས་བྱ་བའི་ཐ་སྙད་ནི་འཕགས་པས་བཏགས་པའོ། །གཉིས་པའི་མཚན་ཉིད་ནི། དེའི་རྒྱུད་ཀྱི་མ་རིག་པ་དེ་དང་། འཕྲལ་གྱི་འཁྲུལ་རྒྱུ་གཉིས་ཀས་འཁྲུལ་པར་བསྐྱེད་པའི་དབང་གིས་རྟེན་འབྲེལ་སྣ་ཚོགས་སུ་སྣང་བའོ། །དབྱེ་ན་སྣང་ལོག་དང་བཏགས་ལོག་ཅེས་བྱ་བའི་ཐ་སྙད་བོད་ཀྱི་སློབ་དཔོན་རྣམས་ཀྱིས་བཏགས་པ་ལྟར་ཡིན་ལ། མཚན་གཞི་ནི་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དང་། གྲུབ་མཐས་སྒྲོ་བཏགས་པའི་བདག་གཉིས་ལྟ་བུའོ། །འདི་ལ་སྤྱིར་ཀུན་རྫོབ་ཅེས་བྱ་བའི་ཐ་སྙད་ནི་
འཕགས་པ་དང་འཇིག་རྟེན་པ་གཉིས་ཀས་བཏགས་ལ། བྱེ་བྲག་ཏུ་ལོག་པའི་ཀུན་རྫོབ་ཅེས་ཚིག་གི་ཟུར་ཕྱིན་པ་ནི་བསྟན་བཅོས་ཀྱི་ཐ་སྙད་ཁོ་ནའོ། །འོ་ན་ཀུན་རྫོབ་ལ་འཇིག་རྟེན་དང་། དེ་མ་ཡིན་པ་གཉིས་སུ་དབྱེ་བ་དང་། ཀུན་རྫོབ་ཙམ་དེ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་སུ་དབྱེ་བ་འདི་ཡང་རང་བཟོ་ཁོ་ནས་ཐ་སྙད་བྱས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། འཇུག་འགྲེལ་ལས། དེ་ལྟར་ན། རེ་ཤིག་བཅོམ་ལྡན་འདས་དེས་ཀུན་རྫོབ་ཀྱི་བདེན་པ་དང་། ཀུན་རྫོབ་ཙམ་གསུངས་པ་ཡིན་ནོ། །ཞེས་དང་། ཚིག་གསལ་ལས་ཅི་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཞེས་ཁྱད་པར་དུ་བྱེད་ན་འཇིག་རྟེན་མ་ཡིན་པའི་ཀུན་རྫོབ་ཀྱང་ཡོད་དམ་ཞེ་ན། རབ་རིབ་དང་ལིང་ཐོགས་ལ་གནས་པ་དེ་དག་ནི་འཇིག་རྟེན་མ་ཡིན་ཏེ། ཞེས་གསུངས་པས་སོ། །འདིར་ལོག་པའི་ཀུན་རྫོབ་བདེན་པ་ཞེས་བྱ་བའི་སྒྲ་འཇིག་རྟེན་གྱིས་མི་སྦྱོར་ཡང་། བསྟན་བཅོས་ལས་སྦྱར་བ་ཡིན་ཏེ། ཇི་སྐད་དུ། མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་ཡང་ལོག་གཉིས་ཀ་དེར་བསྡུས་པ་དང་། ཇི་སྐད་དུ། དེ་བློ་ལ་ལྟོས་གཉིས་ཅར་བདེན་པ་སྟེ། །ཞེས་རབ་རིབ་ཀྱི་དབང་གིས་སྣང་བའི་སྐྲ་ཤད་ཀྱང་ཀུན་རྫོབ་བདེན་པར་གསུངས་པ་ཡིན་ནོ། །དེ་ལྟ་ན་ཡང་། བཤད་མ་ཐག་པའི་ཀུན་རྫོབ་ཙམ་པོ་འདི་ལ་བདེན་པ་ཞེས་བྱ་བའི་ཐ་སྙད་ནི། ཟླ་བའི་ཞབས་ཀྱི་གཞུང་ལས་མ་གསུངས་ཤིང་། ཇི་སྐད་དུ། གཏི་མུག་རང་བཞིན་བསྒྲིབས་ཕྱིར་ཀུན་རྫོབ་སྟེ། །ཞེས་པའི་སྐབས་ནས་བསྟན་པའི་སྒྲ་བཤད་གཉིས་ཀྱང་མ་ཚང་བས། དབུ་མ་ལ་འཇུག་པར། ཀུན་རྫོབ་ཙམ་པོ་དེ་བདེན་པ་གཉིས་པོ་གང་དུ་ཡང་མ་འདུས་པར་གསུངས་སོ། །དེ་ཡང་ཚུ་རོལ་མཐོང་བའི་བློ་ལ་ལྟོས་ནས་བདེན་གཉིས་སུ་སོ་སོར་དབྱེ་བ་དེའི་ཚེ་དེ་ལྟར་བཤད་པ་ཡིན་ལ། དེ་ལྟ་ན་ཡང་། ཚིག་གསལ་ལས་ཀུན་རྫོབ་ཀྱི་བདེན་པར་འཇོག་བྱེད་ཀྱི་ཀུན་རྫོབ་པ་རྣམ་གྲངས་མི་འདྲ་བ་གསུམ་གསུངས་པ་ལྟར་ན། ཀུན་རྫོབ་
ཀྱི་བདེན་པ་ལས་མ་འདས་ལ། མཐར་ཐུག་སྤྲོས་པ་ཐམས་ཅད་གཅོད་པའི་ཚེ་ནི། མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པར་བཤད་ན། དེ་དེར་འགྱུར་བ་ལྟ་ཅི་སྨོས་ཞེས་བྱའོ། །གསུམ་པ་སྒྲ་བཤད་པ་ལ་གཉིས་ཏེ། བདེན་པ་དང་པོའི་དང་། གཉིས་པའི་སྒྲ་བཤད་པའོ། །དང་པོ་ནི། ཚིག་གསལ་དུ། རྣམ་གྲངས་གསུམ་བཤད་པ་ལས་དང་པོ་ནི། ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ལ་འཇིག་རྟེན་ཞེས་བྱ་ལ། དེའི་རྒྱུད་ཀྱི་མ་རིག་པ་ལ་ཀུན་རྫོབ་ཅེས་བྱ་ཞིང་། དེ་ལའང་ཉོན་མོངས་པ་ཅན་ཡིན་མིན་གཉིས་ལས། དང་པོའི་ངོར་བདེན་པས་ན་བདེན་པ་ཞེས་བྱའོ། །གཉིས་པ་ནི། ཕན་ཚུན་བརྟེན་པས་ན་ཀུན་རྫོབ་ཅེས་བྱ་སྟེ་མི་བདེན་པ་ཞེས་བྱ་བའི་དོན་ཏོ། །གསུམ་པ་ནི། འཇིག་རྟེན་གྱི་ཐ་སྙད་ཀྱིས་བཞག་པས་ན་ཀུན་རྫོབ་ཅེས་བྱ་སྟེ། དོན་དམ་པར་མ་གྲུབ་པ་ཞེས་བྱ་བའི་དོན་ཏོ། །གསུམ་པོ་དེ་ཡང་། གོ་རིམ་བཞིན་དུ་སཾ་བྲི་ཏི་ཞེས་དང་། སཾ་ཀེ་ཏུ་ཞེས་དང་། སཾ་བྷ་ར་ཞེས་བྱ་བའི་སྒྲ་ལས་དྲངས་པའོ། །སྒྲ་བཤད་ཕྱི་མ་གཉིས་ནི་དོན་དམ་བདེན་པའི་མཚན་གཞིར་བཟུང་བ་ཐམས་ཅད་ལ་ཚང་ལ་སྒྲ་བཤད་དང་པོ་ནི། གཉིས་ཀྱི་ཟླས་ཕྱེ་བའི་དང་པོ་ཁོ་ནའི་དབང་དུ་བྱས་པ་ཡིན་པས། འདི་ལྟར་བཤད་པར་བྱ་སྟེ། སཾ་ཞེས་པ་ནི། སཾ་མྱག་ཞེས་པ་སྟེ། བོད་སྐད་དུ་ཡང་དག་པའོ། །དེ་ཡང་གང་ཞེ་ན་དོན་དམ་པའི་བདེན་པའོ། །བྲི་ཏི་ནི་བོད་སྐད་དུ། སྒྲིབ་པར་བྱེད་པའོ། །དེ་ཡང་གང་ཞེ་ན། མ་རིག་པའོ། །དེ་ཡང་སྒྲིབ་པར་བྱེད་དོ་ཞེས་པ་བཤད་པའི་གཞི། ལས་སུ་བྱ་བ་གང་ལ་སྒྲིབ་པར་བྱེད་ན། དོན་དམ་པའི་བདེན་པ་ལའོ། །བྱེད་པ་པོ་གང་གིས་ན་མ་རིག་པས་སོ། །དེ་ལའང་ཀུན་བཏགས་དང་ལྷན་སྐྱེས་ཀྱི་དབྱེ་བས་གཉིས་ཡོད་ལ། དེ་རེ་རེ་ལ་ཡང་། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་དབྱེ་བས་གཉིས་གཉིས་ཡོད་དོ། །ཚུལ་ཇི་ལྟར་བསྒྲིབས་ན། མ་རིག་པ་དེས་བདག་གཉིས་སུ་སྒྲོ་བཏགས་པའི་ཚུལ་གྱིས་སོ། །དེ་ལྟར་བཏགས་པའི་ཆ་དེ་
ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་དྲུག་པའི་སྒྲས་བསྟན་ནོ། །བདེན་པ་དེ་གང་ལ་གནས་ན། མ་རིག་པ་དང་ལྡན་པ་རྣམས་ལའོ། །ཞེས་རྣམས་དབྱེ་བདུན་དང་སྦྱར་ན་ཤེས་པར་འགྱུར་རོ། །ཡང་རྟོག་གེ་ལ་འབར་བ་ལས། གཟུགས་ལ་སོགས་པའི་དངོས་པོ་ཀུན་རྣམ་པར་འབྱེད་པའི་དོན་གྱིས་ན་ཀུན་རྫོབ་སྟེ། ཞེས་གསུངས་པ་ལྟར་ན། སཾ་ནི་ས་མྤན་ཞེས་པ་སྟེ་བོད་སྐད་དུ། ཀུན་ཞེས་པའོ། །བྲི་ཏི་ནི་རྣམ་པར་འབྱེད་པའོ། །ཡང་སློབ་དཔོན་སེང་གེ་བཟང་པོས་བརྒྱད་སྟོང་འགྲེལ་ཆེན་དུ། རྣམ་པར་དཔྱད་པའི་དཔུང་མི་བཟོད་པས་ན་ཀུན་རྫོབ་བོ་ཞེས་གསུངས་པ་ལྟར་ན། བྲི་ཏི་ནི། བརྫུ་བའི་དོན་ཏེ། སྐད་རྙིང་པ་ལས་རྫོབ་ཅེས་གསུངས་སོ། །སྟོང་ཉིད་བདུན་ཅུ་པའི་འགྲེལ་པར་བདེན་པའི་དོན་སྦེད་པས་ན་ཀུན་རྫོབ་ཅེས་གསུངས་པ་ལྟར་ན་ནི་བྲི་ཏི་ཞེས་བྱ་བ་བརྫུན་པ་ལ་བྱེད་པའོ། །དེ་ལྟར་བཤད་པ་ན་བོད་ཕྱི་མ་དག ཀུན་རྫོབ་བདེན་པའི་སྒྲ་དོན་ཐ་སྙད་པའི་ཚད་མས་རྙེད་པ་ལ་འཆད་པ་དེ་དག་གིས་ནི། ཇི་སྙེད་པ་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་དུ་ཁས་བླངས་པས་རྣམ་པར་འཁྱམས་པ་ཡིན་ནོ། །གཞན་དག་ན་རེ། ཆོས་དེའི་སྒྲ་བཤད་པའི་རྒྱུ་མཚན་ཚང་ན། ཆོས་དེའི་སྒྲ་བཤད་གཞི་ཡིན་པས་ཁྱབ་ཀྱང་། ཆོས་དེའི་སྒྲ་བཤད་གཞི་ཡིན་ན། ཆོས་དེའི་སྒྲ་འཇུག་པས་མ་ཁྱབ་བོ། །ཞེས་ཟེར་བ་འདི་ནི་ལོག་པར་སྨྲས་པ་ཡིན་ཏེ། དེ་ལྟར་སྨྲ་བ་དེ་བཟློག་ནས་འཆད་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་དོན་དམ་བདེན་པའི་སྒྲ་བཤད་པ་ལ། སློབ་དཔོན་ཡེ་ཤེས་སྙིང་པོ་ལྟར་ན། ཚུལ་གསུམ་ཚང་བའི་རྟགས་ལས་སྐྱེས་པའི་རིག་པ་ལ་དམ་པ་ཞེས་བྱ་སྟེ། མི་བསླུ་བ་ཡིན་པའི་ཕྱིར། དེ་ཉིད་དོན་ཡང་ཡིན་པས་ན་དོན་དམ་པ་ཞེས་བྱའོ། །དེས་གཏན་ལ་ཕབ་པའི་དོན་ལ་ཡང་དོན་དམ་པ་ཞེས་བྱ་སྟེ། མངོན་སུམ་གྱི་གཞལ་བྱ་ལ་མངོན་སུམ་དུ་བརྗོད་
པ་བཞིན་ནོ། །དེ་དག་ནི། སཾསྐྲྀ་ཏའི་སྐད་དོད་ལ། པཱ་ར་མ་ཨརྠ་ཞེས་བྱ་བའི་སྒྲ་ལས་དྲངས་པས་ཏེ། པཱ་ར་ནི། རབ་དང་མཆོག་དང་ཕ་རོལ་དང་དམ་པ་རྣམས་སོ། །ཨརྠ་ནི་དོན་དམ་པ་དང་གཞི་མཐུན་ནོ། །འདིར་གཞན་དག་ན་རེ། རང་རྒྱུད་ལ་ཕལ་ཆེ་བས། དམ་པ་ཞེས་པ། ཇི་ལྟ་མཁྱེན་པའི་ཡེ་ཤེས་དང་། དོན་ཞེས་པ་དེའི་ཡུལ་ལ་འཆད་དོ་ཞེས་ཟེར་བ་ནི་ཆ་མེད་པར་སྨྲས་ཏེ། དེ་ལྟར་སྟོན་པའི་རང་རྒྱུད་ཀྱི་གཞུང་མི་སྣང་བའི་ཕྱིར་རོ། །ཟླ་བའི་ཞབས་ཀྱིས་ཚིག་གསལ་ལས་ནི། དོན་ཡང་དེ་ཡིན་ལ་དམ་པ་ཡང་ཡིན་པས་ན་དོན་དམ་པའོ། །དེ་གཉིས་བདེན་པ་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་གསུངས་ལ། དེའི་དོན་ཡང་། དམ་པ་དང་བདེན་པ་ནི་རྣམ་གྲངས་པ་ཡིན་ལ། དེ་ཉིད་གནས་ལུགས་སམ་དོན་དུ་གཉེར་བྱ་ཡིན་པས་ན་དོན་ཞེས་བྱའོ། །དེ་ལྟར་ན་བདེན་པ་ཞེས་བྱ་བའི་སྒྲ་བཤད་ནི་དོན་དམ་པའི་བདེན་པ་ལ་ཚང་བ་ཡིན་ལ། ཅིག་ཤོས་ལ་ནི་མ་ཡིན་ཏེ། དཔེར་ན། མིག་དམར་ལ་བཀྲ་ཤིས་དང་། ཁྱི་ནག་པོ་ལ་དུང་ཞེས་སྒྲ་སྦྱར་བ་བཞིན་ནོ། །དེའི་ཕྱིར་དོན་དམ་དང་བདེན་པ་ནི་གཞི་མཐུན་བསྡུས་པའི་ཚིག་ཏུ། བསྟན་བཅོས་འཆད་པ་ཀུན་གྱིས་བཤད་ལ། ཀུན་རྫོབ་ཀྱི་བདེན་པ་ནི་འགལ་བ་འདུས་པའི་སྒྲ་བཤད་དུ་འཆད་དོ། །དེ་ལ་དགོངས་ནས། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་གསུངས་སོ། །འདི་ལ་བོད་ཕྱི་མ་གཞན་དག་ན་རེ། བདེན་པས་སྟོང་ཞེས་པའི་ཚིག་ཟུར་གྱི་བདེན་པ་དང་། དོན་དམ་བདེན་པ་ཞེས་པའི་ཚིག་ཟུར་གྱི་བདེན་པ་གཉིས་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ནོ། །ཟེར་བ་དེ་ཡང་། མི་ཤེས་བཞིན་དུ་སྨྲས་པ་ཡིན་ཏེ། དེ་གཉིས་ཀྱི་མཚན་གཞི་མི་མཐུན་པ་ཡིན་གྱི། སྒྲ་དོན་ནི་མི་བསླུ་བ་ཁོ་ནར་ངེས་པའི་ཕྱིར་རོ། །བཞི་པ་གཅིག་དང་ཐ་དད་བསམ་པ་ལ་གཉིས་ཏེ། གཞན་ལུགས་མི་འཐད་པ་དང་། རང་གི་ལུགས་བཞག་པའོ། །དང་པོ་ནི། བོད་ཕྱི་མ་
གཞན་དག་ན་རེ། བདེན་པ་གཉིས་པོ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བྱས་མི་རྟག་ལྟ་བུ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། དེ་ལྟར་གསུངས་པའི་ཕྱིར་དང་། ཇི་སྐད་དུ། དངོས་སྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་གཉིས་ཀ་ལ་ངོ་བོ་ཡོད་པར་གསུངས་ལ། ངོ་བོ་ཡོད་ན་ངོ་བོ་གཅིག་དང་ཐ་དད་གང་རུང་ཡིན་དགོས་ལ། ངོ་བོ་ཐ་དད་ཡིན་ན་འབྲེལ་མེད་དོན་གཞན་དུ་འགྱུར་དགོས་པའི་ཕྱིར་ཞེས་ཟེར་རོ། །འདི་ནི་འཐད་པ་མ་ཡིན་ཏེ། ངོ་བོ་གཅིག་མི་འཐད་པ་དང་། ལྡོག་པ་ཐ་དད་མི་འཐད་པའོ། །དང་པོ་ནི། ཀུན་རྫོབ་རྣམས་ནི་རང་སྟོང་ཡིན་པས་ངོ་བོ་མེད་ལ། དོན་དམ་པའི་བདེན་པ་ནི་དངོས་པོར་མེད་པའི་ཕྱིར། ངོ་བོ་མེད་དོ། །དེ་སྐད་དུ་ཡང་། རང་རང་ངོ་བོས་སྟོང་པའི་ཕྱིར། །ཞེས་དང་། རྣམ་འགྲེལ་ལས། དངོས་མེད་ངོ་བོ་མེད་པའི་ཕྱིར། །ཞེས་གསུངས་སོ། །དེ་ཡང་འདི་ལྟར་ཆོས་ཅན་མྱུ་གུ་ལྟ་བུ་ལ། ཀུན་རྫོབ་ཀྱི་ངོ་བོ་ཡོད་པ་ནི་འཁྲུལ་ངོར་ཡིན་ལ། དེར་ངོ་བོ་ཡོད་པས་ངོ་བོ་ཡོད་པའི་གོ་མི་ཆོད་དེ། རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན་ནོ། །རིགས་ངོར་མྱུ་གུ་ལ་ཀུན་རྫོབ་ཀྱི་ངོ་བོ་མེད་པ་དེ་ཉིད་ལ་མྱུ་གུའི་དོན་དམ་གྱི་ངོ་བོ་ཞེས་ཤེས་བརྗོད་ཀྱིས་ཐ་སྙད་བྱས་པ་ཡིན་ལ། དེའི་ཚེ་ན་ཐ་སྙད་དུ་མྱུ་གུ་དོན་དམ་པའི་ངོ་བོ་ཡིན་པས་དེའི་དོན་དམ་པའི་ངོ་བོ་ཡིན་མི་དགོས་ཏེ། ངོ་བོ་ཉིད་མེད་པ་དེ་ཉིད་ངོ་བོ་ཡིན་ནོ། །ཞེས་འདོགས་མཁན་གྱི་རྟོག་པ་དེ་ཉིད་ཀྱང་འཁྲུལ་པ་ཡིན་པའི་ཕྱིར། ཇི་སྐད་དུ། ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་པ་ཡང་ཀུན་རྫོབ་བདེན་པ་ལ་ངོ་བོ་མེད་པའི་ཤེས་བྱེད་ཡིན་ཏེ། དེའི་འགྲེལ་པར། བྱིས་པ་རྣམས་ཀྱིས་མཐོང་བའི་ཡུལ་དུ་འགྱུར་བ་དེ་ལྟར་རང་གི་ངོ་བོས་འགྱུར་བ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱ་བ་འདི་དབུ་མའི་ལུགས་ཡིན་པའི་ཕྱིར། དེ་ཡང་དབུ་མ་པ་རང་གི་ལུགས་འཆད་པ་ན། ཀུན་རྫོབ་ཀྱི་རང་གི་ངོ་བོ་
ནི་རྣམ་པ་ཐམས་ཅད་དུ་འགོག་པ་ཁོ་ནར་ངེས་ལ། དོན་དམ་པའི་ངོ་བོ་ནི་གནས་སྐབས་གཅིག་ཏུ་ཁས་བླངས་ཀྱང་། དེ་ངོ་བོ་མཚན་ཉིད་པ་མ་ཡིན་ལ། དེ་ཡང་མཐར་འགོག་པའི་ཕྱིར། བྱང་ཆུབ་སེམས་འགྲེལ་ལས། མེད་ན་མི་འབྱུང་ངེས་པའི་ཕྱིར། །ཞེས་འབྱུང་བ་དེ་ཡང་། ཀུན་རྫོབ་ཀྱི་ངོ་བོ་མེད་པའི་ཤེས་བྱེད་ཡིན་ཏེ། གཞུང་དེར་ཀུན་རྫོབ་ཀྱི་ངོ་བོ་མེད་པ་ཉིད་དོན་དམ་པར་བཤད་པའི་ཕྱིར། དེ་ཉིད་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །ཞེས་བཤད་པའི་ཕྱིར་རོ། །མདོར་ན། གཞུང་འགྲེལ་ལས། མྱུ་གུའི་ངོ་བོ་མེད་པ་གཅིག་ཉིད་མྱུ་གུའི་ངོ་བོར་བཤད་པའི་སྐབས་ཤིག་ཡོད་ལ། དེ་ནི་མྱུ་གུའི་ཀུན་རྫོབ་ཀྱི་ངོ་བོ་མ་ཡིན་པའི་ཕྱིར། དབུ་མའི་རང་ལུགས་འཆད་པ་ན་བདེན་པ་གཉིས་ཀའི་ངོ་བོ་ཇི་ལྟར་ཡོད་ཅེས་བསམ་དགོས་པ་ཡིན་ནོ། །གཉིས་པ་ལྡོག་པ་ཐ་དད་མི་འཐད་པ་ནི། ལྡོག་པ་ཞེས་པ་ནི་གཞན་སེལ་གྱི་མིང་གི་རྣམ་གྲངས་ཡིན་ལ། དེ་ཡང་རྟོག་ངོར་མྱུ་གུ་བདེན་སྟོང་མ་ཡིན་པ་རྣམ་པར་བསལ་བའི་ཚེ་ན་མྱུ་གུ་བདེན་སྟོང་གི་དོན་སྤྱི་འཆར་ལ། མྱུ་གུ་མ་ཡིན་པ་རྣམ་པར་བསལ་བའི་ཚེ་ན་མྱུ་གུའི་སྤྱི་འཆར་བས་དེ་ཙམ་ལ་མྱུ་གུ་བདེན་སྟོང་དང་། མྱུ་གུ་ལྡོག་པ་ཐ་དད་པ་ཞེས་བརྗོད་ལ། དེ་ཙམ་གྱིས་མྱུ་གུ་དང་དེའི་དོན་དམ་བདེན་པ་ཐ་དད་དུ་མི་འགྲུབ་སྟེ། དཔེར་ན་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་གཉིས་ཀྱི་ལྡོག་པ་ཐ་དད་པས་དེ་གཉིས་ཐ་དད་དུ་མི་འགྲུབ་པ་བཞིན་ནོ། །མདོར་ན། བདེན་གཉིས་ཀྱི་རང་ལྡོག་ནས་དོན་སྤྱི་ཐ་དད་དུ་ཤར་བ་ཙམ་གྱིས་ནི་དེ་གཉིས་ཐ་དད་པའི་གོ་མི་ཆོད་ལ། བུམ་པ་དང་དེའི་ཆོས་ཉིད་སྟོང་པ་ཉིད་གཉིས་ནི་གཅིག་གི་དོན་སྤྱི་མ་བཤིག་པར་ཅིག་ཤོས་ཀྱི་དོན་སྤྱི་མ་ཤར་བས་ལྡོག་པ་ཐ་དད་དུ་སྒྲུབ་པར་མ་ནུས་པ་དང་། དབུ་མའི་རང་ལུགས་ལ་ཀུན་རྫོབ་ཀྱི་ཆོས་ཚད་མས་མ་གྲུབ་པས་ཀྱང་དེ་གཉིས་ཕན་ཚུན་ཐ་དད་དུ་ངེས་བྱེད་ཀྱི་ཚད་མ་མེད་དོ། །གཉིས་
པ་ལ། དངོས་དང་། སྒྲུབ་བྱེད་ཀྱི་རིགས་པ་བསམ་པའོ། །དང་པོ་ནི། མྱུ་གུ་དང་དེའི་ཆོས་ཉིད་སྟོང་པ་ཉིད་གཉིས་ནི་ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡང་དེར་བརྗོད་པར་བྱ་བ་མ་ཡིན། དོན་དམ་དུ་ཡང་དེར་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དང་པོ་མ་ཡིན་ཏེ། མྱུ་གུ་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་པ་དེའི་ཚེ། དེའི་ཆོས་ཉིད་སྟོང་པ་ཉིད་ཡོད་པར་འཇོག་མ་ནུས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་མྱུ་གུ་དང་དེའི་ཆོས་ཉིད་གཉིས་ཀ་ཡོད་པར་ཁས་བླངས་ན་རྟག་ཆད་གང་རུང་གི་ལྟ་བ་ལས་མ་འདས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དབུ་མ་ལས། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་དེ་གཉིས་ཐ་དད་པ་ཡིན་ཏེ། དེ་གཉིས་ཀྱི་ལྡོག་པ་ཐ་དད་པའི་ཕྱིར་སྙམ་ན། བདེན་པ་གཉིས་ཀྱི་ལྡོག་པ་ཐ་དད་པས། བདེན་པ་གཉིས་ཐ་དད་པ་ཅི་ལ་ཡང་མི་ཕན་ཏེ། ལྡོག་པ་གཉིས་ཀ་ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་པའི་ཕྱིར། དེ་དག་ནི་རིགས་པའི་སྒྲུབ་བྱེད་དོ། །གཉིས་པ་ལུང་གི་སྒྲུབ་བྱེད་ནི། མདོ་སྡེ་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དོ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་སོ། །འདི་ཉིད་རྒྱས་པར་འཆད་པ་ལ་གཉིས་ལས། ཐ་དད་པ་ལ་སྐྱོན་བཞི། གཅིག་པ་ལ་སྐྱོན་བཞི། དང་པོ་ནི། དོན་དམ་བདེན་པ་ཀུན་རྫོབ་ཀྱི་ཆོས་ཉིད་མ་ཡིན་པར་ཐལ་བ་དང་། དོན་དམ་རྟོགས་པས་སྣང་བ་ལ་སྒྲོ་འདོགས་མི་ཆོད་པར་ཐལ་བ། ཀུན་རྫོབ་རིགས་པས་མ་རྙེད་པ་ཉིད་དོན་དམ་མ་ཡིན་པར་ཐལ་བ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དུས་གཅིག་ཏུ་ཐལ་བའོ། །གཅིག་པ་ལ་བརྗོད་པའི་སྐྱོན་བཞི་ནི། ཀུན་རྫོབ་མཐོང་བ་ན་
དོན་དམ་མཐོང་བར་འགྱུར་བ་དང་། ཀུན་རྫོབ་ལ་དམིགས་ནས་ཉོན་མོངས་འཕེལ་བ་བཞིན་དུ་དོན་དམ་ལ་དམིགས་ནས་ཀྱང་དེར་འགྱུར་བ་དང་། ཀུན་རྫོབ་ལས་ལོགས་སུ་དོན་དམ་བཙལ་དུ་མེད་པར་འགྱུར་བ་དང་། ཀུན་རྫོབ་སྤྲོས་བཅས་ཡིན་པ་བཞིན་དུ་དོན་དམ་ཡང་སྤྲོས་བཅས་སུ་ཐལ་བ་རྣམས་སོ། །དེ་སྐད་དུ་ཡང་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་ལ་བཀའ་སྩལ་པ། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་འགྱུར་ན་ནི། བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་བདེན་པ་མཐོང་བ་ཡིན་པར་ཡང་འགྱུར་རོ། །ཞེས་སོགས་རྒྱས་པར་གསུངས་སོ། །བོད་ཕྱི་མ་དག་ལ་ནི། བདེན་གཉིས་གཅིག་ཡིན་པ་ལ་བརྗོད་པའི་སྐྱོན་འདི་དག་ཇི་ལྟ་བ་བཞིན་དུ་འཇུག་སྟེ། འདི་ལྟར་སེར་པོ་མངོན་སུམ་དུ་མཐོང་བའི་སོ་སོ་སྐྱེ་བོའི་མིག་ཤེས་ཆོས་ཅན། དེའི་སྟོང་པ་ཉིད་མངོན་སུམ་དུ་མཐོང་བར་ཐལ། སེར་པོ་མངོན་སུམ་དུ་མཐོང་། དེ་དང་དེའི་སྟོང་པ་ཉིད་ངོ་བོ་གཅིག་ཡིན་པའི་ཕྱིར། ཇི་སྐད་དུ། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་གསུངས་སོ། །གཉིས་པ་བོད་ཕྱི་མའི་འདོད་པ་འཁྲུལ་བ་ཉིད་དུ་གོ་བའི་ཕྱིར། རྒྱ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་ལུགས་རྒྱས་པར་བཤད་པ་ལ་གཉིས་ཏེ། རྒྱ་གར་དུ་གྲགས་པའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱི་ལུགས་བཤད་པ་དང་། བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་ལུགས་བརྗོད་པའོ། །དང་པོ་ལ་གསུམ་སྟེ། སློབ་དཔོན་ཟླ་བའི་ཞབས་ཀྱི་ལུགས་བཤད། སློབ་དཔོན་ཡེ་ཤེས་སྙིང་པོའི་ལུགས་བཤད། རྒྱལ་སྲས་ཞི་བ་ལྷའི་ལུགས་བཤད་པའོ། །དང་པོ་ལ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་ངོས་བཟུང་། ཀུན་རྫོབ་ཏུ་ཐ་སྙད་བཏགས་པའི་བཏགས་དོན་རིགས་པས་མ་རྙེད་པ་ལ་དོན་དམ་བདེན་
པའི་མིང་འདོགས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་པ་ཀུན་རྫོབ་ཏུ་བདེན་པ་ཉིད་ལ་ཀུན་རྫོབ་ཀྱི་བདེན་པར་བཤད་པ་དང་། རྗེས་མཐུན་པ་ཀུན་རྫོབ་ཏུ་བརྫུན་པ་ལ་ཀུན་རྫོབ་ཙམ་པོར་བཤད་པའོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་ལ་ལྟོས་པའི་ཡང་དག་པའི་ཀུན་རྫོབ་ཀྱི་ངོར་བདེན་པའི་ཀུན་རྫོབ་བདེན་པ་དང་། དེའི་ལོག་པའི་ཀུན་རྫོབ་ཀྱི་ངོར་བདེན་པའི་ཀུན་རྫོབ་བདེན་པའོ། །དང་པོ་ནི། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་མ་རིག་པ་ལ་བྱ་བ་ཡིན་ཏེ། ཇི་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང་། །ང་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་པའི་དོན་འཆད་པ་ནི། ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་གསུངས་སོ། །ཀུན་རྫོབ་དེ་ལ་དབྱེ་ན་གཉིས་ཏེ། གང་ཟག་གི་བདག་ཏུ་འཛིན་པའི་མ་རིག་པ་དང་། ཆོས་ཀྱི་བདག་ཏུ་འཛིན་པའི་མ་རིག་པའོ། །གཉིས་པ་ལའང་གཉིས་ཏེ། ཡང་སྲིད་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་དང་། དེ་དང་མཚུངས་པར་ལྡན་པ་ཉོན་མོངས་པ་ཅན་གྱི་མ་རིག་པ་དང་། དེ་དང་མཚུངས་པར་མི་ལྡན་པ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའོ། །དང་པོ་ནི། སོ་སོ་སྐྱེ་བོའི་རྒྱུད་ཀྱི་བདེན་འཛིན་དང་། གཉིས་པ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཚན་འཛིན་ནོ། །དེ་ལྟར་ལྷན་ཅིག་སྐྱེས་པའི་མ་རིག་པ་ལ་གསུམ་ལས། དང་པོས་ནི། གང་ཟག་གི་བདག་ཏུ་འཛིན་པར་བྱེད། གཉིས་པས་ནི། ཆོས་ཀྱི་བདག་ཏུ་འཛིན་པར་བྱེད། གསུམ་པས་ནི། བདག་གཉིས་དང་མ་འབྲེལ་བའི་ཀུན་རྫོབ་ཙམ་དུ་འཛིན་པར་བྱེད་དོ། །འོ་ན་ཅི་བདག་གཉིས་ཀྱང་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་པར་བྱེད་དམ་ཞེ་ན། དེ་ལ་བདག་ཅེས་བྱ་བའི་ཐ་སྙད་འཇུག་པའི་
གཞི་ནི་གཉིས་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པའི་འཛིན་སྟངས་ཀྱི་གཟུང་བྱ་དང་། ཀུན་བཏགས་པའི་མ་རིག་པས་བཏགས་པའི་བདག་གོ །ཕྱི་མ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཡང་བརྫུན་པའི་ཕྱིར་འཇིག་རྟེན་གྱིས་ནི་བདེན་པར་མི་འདོད་ལ། འཕགས་པས་ཀུན་རྫོབ་ཀྱི་བདེན་པར་ཐ་སྙད་བྱས་སོ། །སྔ་མ་ནི་འཇིག་རྟེན་ཉིད་ལ་ལྟོས་པའི་དོན་དམ་པའི་བདེན་པ་དང་། འཕགས་པས་ཐ་སྙད་བཏགས་པ་ཡང་དག་པའི་ཀུན་རྫོབ་ཏུ་ཞལ་གྱིས་བཞེས་པ་ནི་ཟླ་བའི་བཞེད་པ་ཡིན་ནོ། །དེ་ལའང་གཉིས་ལས། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པའི་ང་ཙམ་དེ་ཆོས་ཅན། འཇིག་རྟེན་གྱི་དོན་དམ་བདེན་པ་ཡིན་ཏེ། དེ་ཉིད་ཀྱི་དབང་དུ་བྱས་པའི་མཐོང་བ་ཡང་དག་པས་རྙེད་པའི་ཕྱིར། ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་ཀྱང་བྱ་སྟེ། ཡང་དག་ཀུན་རྫོབ་ཀྱིས་བདེན་པར་བཏགས་པའི་ཆ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། འདི་ནི་ཕུང་པོ་རྣམ་བརྟེན་འགྲུབ་པར་འགྱུར། །ཞེས་པའི་འགྲེལ་པར། ཀུན་རྫོབ་བདེན་པའི་རྣམ་པར་བཞག་པ་མ་ཆད་པར་བྱ་བའི་ཕྱིར་ཕུང་པོ་རྣམས་ལ་བརྟེན་ནས་གདགས་སོ་ཞེས་བྱ་བ་འདི་ཙམ་ཞིག་འཇིག་རྟེན་གྱི་ཐ་སྙད་རྣམ་པར་གནས་པར་བྱ་བའི་ཕྱིར་ཁས་བླངས་པར་བྱ་སྟེ། བདག་ཏུ་ཐ་སྙད་བཏགས་པ་མཐོང་བའི་ཕྱིར་བདག་བཏགས་པ་ཙམ་དུ་གྲུབ་པར་བྱ་བའི་དོན་དུ་ཇི་སྐད་བཤད་པའི་དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་དཔེ་བཤད་པ་ཞེས་དང་། བདག་ཀྱང་ཉེ་བར་ལེན་པོ་ཉིད་དུ་འདོད། །ཅེས་པའི་འགྲེལ་པར། བདག་ཀྱང་ཀུན་རྫོབ་ཀྱི་བདེན་པར་འཇིག་རྟེན་གྱི་ཐ་སྙད་མི་འཆད་པར་བྱ་བའི་ཕྱིར་ཤིང་རྟ་ལྟར་ཉེ་བར་ལེན་པ་པོར་འདོད་པ་ཡིན་ནོ། །ཞེས་དང་། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་རླག་ཅིག །ཅེས་པའི་སྔ་འགྲེལ་དུ། ཉེར་བར་ལེན་པ་ཁོ་ན་ཡོད་ཀྱི། ཉེ་བར་ལེན་པ་པོ་ནི་མེད་དོ། །ཞེས་འཇིག་རྟེན་གྱི་ཀུན་རྫོབ་ཕྱིན་ཅི་ལོག་ཏུ་སྨྲས་པ་དེའི་ལྟར་ན། གཏན་ཚིགས་དེ་ཉིད་
ཀྱིས་ཡན་ལག་ལ་ཚོགས་པ་ཙམ་ཡང་མེད་པར་ཐལ་བར་འགྱུར་བས་འདི་ནི་བཟློག་པར་བྱ་བ་ཁོ་ནའོ། །ཞེས་དང་། ཕྱི་འགྲེལ་དུ་གང་གི་ཕྱིར་འཇིག་ཏན་གྱི་ཀུན་རྫོབ་འདི་དེ་ལྟར་རྣམ་པར་དཔྱད་པ་ན་ཡོད་པར་མི་འགྱུར་ཞིང་། མ་བཏགས་གྲགས་པར་ཡོད་པས་དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པས་རིམ་པ་འདི་ཉིད་ཀྱིས་རྣམ་པར་དཔྱད་པ་ན་མྱུར་བ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གཏིང་དཔོག་པར་འགྱུར་རོ། །ཞེས་གསུངས་སོ། །དེའི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཡིན་ན། དབུ་མའི་རང་ལུགས་ལ་ཡོད་མི་དགོས་སོ། །ཞེས་བྱ་བ་འདི་གྲུབ་པ་དང་། ཟླ་བའི་ཞབས་ཀྱིས་འཇིག་ཚོགས་ལ་ལྟ་བས་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་བདག ཐ་སྙད་ཀྱི་བདེན་པར་གསུངས་པ་དང་། རང་ལུགས་ལ་ཡོད་པ་མ་ཡིན་པར་གསུངས་པའི་ཤན་མ་ཕྱེད་པར་བོད་སྔ་མ་མང་པོས་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་དང་ཤིང་རྟ་གཉིས་ཡོད་མཉམ་དུ་ཟླ་བས་བཞེད་པ་ཡིན་ནོ། །ཞེས་ཟེར་བ་དང་། བོད་ཕྱི་མ་དག་ཡོད་པར་ཁས་ལེན་རྒྱུའི་བདག་དང་། མེད་པར་ཁས་ལེན་རྒྱུའི་བདག་གཉིས་ཀྱི་རྣམ་པར་དབྱེ་བ་སོ་སོར་འཆད་པ་དེ་གཉིས་ཀ་ཡང་ཟླ་བའི་ཞབས་ཀྱིས་བཞེད་པ་ལས་ཆེས་ཤིན་ཏུ་རིང་དུ་འཁྱམས་པ་ཡིན་ཏེ། དེའི་གཞུང་ལ་ཞིབ་ཏུ་རྣམ་པར་བརྟགས་པ་ན་དེ་འདྲའི་ཕྱེ་གསལ་ཐོབ་པའི་གོ་སྐབས་མི་སྣང་བའི་ཕྱིར་རོ། །གཉིས་པ་ཆོས་ཀྱི་བདག་ཏུ་འཛིན་པའི་མ་རིག་པ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་ཡང་འཇིག་རྟེན་གྱི་དོན་དམ་བདེན་པ་དང་ཡང་དག་པའི་ཀུན་རྫོབ་ཡིན་ཏེ། དེ་དང་དེའི་མཚན་ཉིད་ཚང་བའི་ཕྱིར། དེའི་མཚན་གཞི་ནི། ཤིང་རྟའི་ཡན་ལག་ཚོགས་ཙམ་ལ་བརྟེན་ནས་འདི་ནི་ཤིང་རྟའོ་སྙམ་དུ་འཛིན་པའི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་རྟོག་པ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་ཉིད་དོ། །དེའི་གཟུང་བྱ་ལ་ནི་ཤིང་རྟར་འཛིན་པ་དང་། དེ་རང་བཞིན་
གྱིས་གྲུབ་པར་འཛིན་པ་གཉིས་ཀ་འབྱུང་སྟེ། དེ་ལྟར་འཛིན་མཁན་དེས་དེ་བདེན་མེད་དུ་མངོན་སུམ་དུ་མ་རྟོགས་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན་ཤིང་རྟ་རང་བཞིན་གྱིས་གྲུབ་པ་དེ་འཇིག་རྟེན་གྱི་དོན་དམ་བདེན་པ་དང་། དེ་བཏགས་དོན་རྣམ་པ་བདུན་པོས་ལུང་དུ་གྲུབ་པ་དེ་འཇིག་རྟེན་གྱི་ཀུན་རྫོབ་བམ་ལོག་པའི་ཀུན་རྫོབ་ཏུ་འཇོག་པ་དང་། མྱུ་གུ་ལྟ་བུ་རང་བཞིན་གྱིས་སྐྱེ་བ་དེ་ཡང་དག་ཀུན་རྫོབ་དང་། མཐའ་བཞི་པོ་གང་རུང་ལས་སྐྱེ་བ་དེ་ལོག་པའི་ཀུན་རྫོབ་ཏུ་རྣམ་པར་འཇོག་པ་དང་། དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་དང་། འཇིག་ལྟ་ཉི་ཤུའི་འཛིན་སྟངས་ཀྱི་གཟུང་བྱ་ལ་ཡང་སྦྱར་རོ། །གསུམ་པ་འཇིག་རྟེན་གྱི་དོན་དམ་པ་རྗེས་མཐུན་པར་འཇོག་བྱེད་ནི། འཕགས་པ་སྣང་བཅས་ཀྱི་མཚན་མར་འཛིན་པའི་བློ་ལ་བྱ་ལ། དེ་ལ་སྣང་བའི་རྟེན་འབྲེལ་སྣ་ཚོགས་པ་དེ་ནི་འཇིག་རྟེན་གྱི་དོན་དམ་པའི་བདེན་པ་མ་ཡིན་ཏེ། དེའི་ཡུལ་ཅན་གྱི་བློས་བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་བདེན་སྟོང་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཡང་མ་ཡིན་ཏེ། ཡང་དག་པའི་ཀུན་རྫོབ་ཏུ་ཡང་བརྫུན་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི་སོ་སོ་སྐྱེ་བོའི་ཤེས་བརྗོད་ཀྱི་ཡུལ་དུ་རུང་བའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཏུ་བདེན་པ་ཡིན་ཏེ། ཀུན་རྫོབ་ཀྱི་ངོར་བདེན་པའི་ཕྱིར། དེ་དང་དེ་བདེན་འཛིན་གྱི་ངོར་བདེན་པའི་ཆ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པར་བཏགས་པའི་ཕྱིར་རོ། །དེ་ལྟར་བྱས་པ་ན། ཀུན་རྫོབ་ཀྱི་བདེན་པ་ལ་ཀུན་རྫོབ་ཏུ་བདེན་པས་ཁྱབ་ལ། ཀུན་རྫོབ་ཏུ་བདེན་པ་ལ་དེས་ཁྱབ་མ་ཁྱབ་ཀྱི་སྐབས་གཉིས་ཏེ། དང་པོ་ནི། སྤྲོས་པ་ཐམས་ཅད་གཅོད་པའི་སྐབས་སུ་ཡིན་ལ། གཉིས་པ་ནི་བདེན་འཛིན་གྱི་སྤྲོས་པ་རྐྱང་པ་བཅད་ནས་བདེན་པ་གཉིས་སུ་འཇོག་པ་དེའི་ཚེ་ནའོ། །ཞེས་བྱ་བ་འདི་གྲུབ་པ་དང་། གྲུབ་དོན་གཉིས་པ་ནི། ཀུན་རྫོབ་ཙམ་
པོར་བཤད་པ་འདི་དང་། མྱ་ངན་ལས་འདས་པ་སོགས་དོན་དམ་པར་བཤད་པ་རྣམས་ནི་བདེན་འཛིན་གྱི་སྤྲོས་པ་རྐྱང་པ་གཅོད་པ་དང་། བདེན་པ་གཉིས་སོ་སོར་འབྱེད་པ་དེའི་ཚེ་ནི། ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ཏེ། གཅིག་ནི་ཀུན་རྫོབ་ཏུ་ཡང་བརྫུན་པའི་ཕྱིར་དང་། ཅིག་ཤོས་ནི་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། མཐར་སྤྲོས་པ་ཐམས་ཅད་གཅོད་པའི་ཚེ་ནི། དེ་གཉིས་ཀ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། བསླུ་བའི་ཆོས་ཡིན་པའི་ཕྱིར་དང་། རིགས་པས་དཔྱད་མི་བཟོད་ཅིང་མ་དཔྱད་པའི་ངོར་སྣང་བའི་ཕྱིར། ཞེས་བྱ་བ་འདི་ཡང་གྲུབ་པ་ཡིན་ནོ། །གཉིས་པ་འཇིག་རྟེན་ཉིད་ལ་གྲགས་པའི་ཀུན་རྫོབ་བམ་ལོག་པའི་ཀུན་རྫོབ་འཇོག་བྱེད་ལ། ཡུལ་ཅན་ལ་གཉིས་སུ་དབྱེ་བ་དང་། དེའི་དབང་གིས་ཡུལ་གཉིས་སུ་དབྱེ་བའོ། །དང་པོ་ནི། འཕྲལ་ཕུགས་ཀྱི་འཁྲུལ་རྒྱུས་འཁྲུལ་པར་བྱས་པའི་ཤེས་པ་ནི་གཉིས་ཏེ། རྟོག་མེད་ཀྱི་ཤེས་པ་དང་། རྟོག་པའོ། །དང་པོ་ནི། ཟླ་བ་གཉིས་སྣང་གི་དབང་ཤེས་དང་། སྒྱུ་མ་ལ་རྟ་གླང་དུ་སྣང་བའི་ཤེས་པ་ལྟ་བུའོ། །གཉིས་པ་རྟོག་པ་ལ། འཇིག་རྟེན་གྱི་དོན་དམ་ལས་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་རྟོག་པ་དང་། འཕགས་པའི་བདེན་པ་ལས་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་རྟོག་པའོ། །དང་པོ་ནི། ཐར་པ་དང་ཐམས་ཅད་མཁྱེན་པ་དང་ལྷ་དང་འཇིག་རྟེན་གཞན་སོགས་མེད་དོ་ཞེས་སྐུར་པ་འདེབས་པའི་རྟོག་པ་དང་། དངོས་པོ་རྣམས་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བར་འཛིན་པའི་རྟོག་པ་ལྟ་བུའོ། །གཉིས་པ་ནི། གཙོ་བོ་དང་བདག་རྟག་པ་དང་མྱུ་གུ་ལྟ་བུ་གཞན་ལས་སྐྱེ་བར་འཛིན་པའི་རྟོག་པ་སོགས་སོ། །གཉིས་པ་ནི། དེ་ལྟར་ཡུལ་ཅན་གྱི་དབང་གིས། ཡུལ་གྱི་ཀུན་རྫོབ་ལ་ཡང་གཉིས་ཏེ། སྣང་ལོག་དང་། བཏགས་ལོག་གོ །དང་པོ་ནི། ཡུལ་ཅན་དེ་དང་དེ་ལ་སྣང་བའི་ཟླ་གཉིས་དང་རྟ་གླང་ལྟ་བུའོ། །གཉིས་པ་ལ། འཇིག་རྟེན་གྱི་བདེན་པ་ལ་ལོག་པར་སྒྲོ་བཏགས་
པ་དང་། འཕགས་པའི་བདེན་པ་ལ་ལོག་པར་སྒྲོ་བཏགས་པའོ། །དང་པོ་ནི། ཐམས་ཅད་མཁྱེན་པ་དང་ལྷ་དང་འཇིག་རྟེན་ཕ་རོལ་མེད་པ་སོགས་སོ། །གཉིས་པ་ནི། བདག་ཕུང་གཅིག་དང་ཐ་དད་གང་རུང་ཡིན་པ་དང་། མིག་སོགས་བདེན་པའི་གཅིག་དང་དུ་མ་གང་རུང་ཡིན་པ་དང་མྱུ་གུ་སོགས་དངོས་སྨྲ་བས་བཏགས་པའི་གཞན་ལས་སྐྱེ་བ་ལྟ་བུའོ། །དེ་ལ་འདིར་འཕགས་པའི་དོན་དམ་བདེན་པ་དངོས་ཀྱི་འགལ་ཟླ་ནི་འཇིག་རྟེན་གྱི་དོན་དམ་པའི་བདེན་པ་ཡིན་ལ། དེའི་འགལ་ཟླ་ནི་འཕགས་པའི་དོན་དམ་བདེན་པ་ཡིན་པས། གཉིས་པོ་དེ་འཇིག་རྟེན་གྱི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་ཏུ་མི་འཇོག་གོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ངོས་བཟུང་ནས། ཀུན་རྫོབ་ཀྱི་བཏགས་དོན་མི་རྙེད་པ་ལ་དོན་དམ་བདེན་པའི་མིང་འདོགས་པར་བཤད་པ་ལ་གཉིས་ཏེ། ལོག་པའི་ཀུན་རྫོབ་ཀྱི་བཏགས་དོན་མ་རྙེད་པ་ལ་དོན་དམ་གྱི་མིང་འདོགས་པར་བཤད་པ་དང་། ཡང་དག་ཀུན་རྫོབ་ཀྱི་བཏགས་དོན་མ་རྙེད་པ་ལ་དོན་དམ་གྱི་མིང་འདོགས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ་སྣང་ལོག་ཀུན་རྫོབ་ཀྱི་བཏགས་དོན་འཇིག་རྟེན་གྱི་ཤེས་བརྗོད་ཀྱིས་མ་རྙེད་པ་ལ་འཇིག་རྟེན་ཉིད་ཀྱི་དོན་དམ་གྱི་མིང་འདོགས་པར་བཤད་པ་དང་། བཏགས་ལོག་ཀུན་རྫོབ་ཀྱི་བཏགས་དོན་བསྟན་ཆོས་ལ་གྲགས་པའི་རིགས་པས་མ་རྙེད་པ་ལ་བསྟན་ཆོས་ལ་གྲགས་པའི་དོན་དམ་གྱི་མིང་གིས་འདོགས་པར་བཤད་པའོ། །དང་པོ་ནི། དཔེར་ན་ཟླ་བ་གཉིས་སྣང་གི་ཤེས་པ་ལ་སྣང་བའི་ཟླ་གཉིས་མེད་པར་འཇིག་རྟེན་ཐ་མལ་པ་ཉིད་ཀྱི་ཚད་མས་རྟོགས་པའི་ཕྱིར། དེའི་ལོག་ཕྱོགས་འཇིག་རྟེན་གྱི་དོན་དམ་བདེན་པར་གྲུབ་པའོ། །གཉིས་པ་ལ་གཉིས་ཏེ། བཏགས་ལོག་ཀུན་རྫོབ་ཀྱི་ལོག་ཕྱོགས་བསྟན་ཆོས་ལ་གྲགས་པའི་ཐ་སྙད་ཀྱི་བདེན་པ་གཏན་ལ་འབེབས་བྱེད་ཀྱི་ཚད་མས་གྲུབ་པ་དང་། དེའི་ལོག་ཕྱོགས་དེ་ལ་
གྲགས་པའི་དོན་དམ་གཏན་ལ་འབེབས་བྱེད་ཀྱི་ཚད་མས་གྲུབ་པའོ། །དང་པོ་ནི། ཇི་སྐད་དུ། འཇིག་རྟེན་ཕ་རོལ་འགོག་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །ཞེས་པས་ལོག་པའི་ཀུན་རྫོབ་དང་། ཡང་ཇི་སྐད་དུ། འཇིག་རྟེན་གཞན་རྟོགས་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །ཞེས་པས་ཡང་དག་ཀུན་རྫོབ་བསྟན་པ་དང་། ཐམས་ཅད་མཁྱེན་པ་ཡོད་མེད་ལ་ཡང་དེ་ཁོ་ན་ལྟར་སྦྱར་ནས་གསུངས་པ་ཡིན་ནོ། །དེས་མཚོན་ནས་སྒྲ་རྟག་པ་ལྟ་བུ་ལ་ཡང་། ཀུན་བཏགས་ཀྱིས་བརྟགས་པ་དང་ལྷན་སྐྱེས་ཀྱིས་བརྟགས་པ་གཉིས་སུ་འབྱེད་ལ། དེ་གཉིས་ཀྱང་ཡང་ལོག་གི་ཀུན་རྫོབ་ཏུ་འཇོག་ཚུལ་ཡང་སྔ་མ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །གཉིས་པ་ནི། ས་མྱུག་ལྟ་བུ་རྒྱུ་འབྲས་རྫས་གཞན་དུ་ཁས་ལེན་པའི་ཚུལ་ལ་གཉིས་ཏེ། ལྷན་སྐྱེས་ཀྱིས་བརྟགས་པ་དང་། གྲུབ་མཐས་བརྟགས་ནས་ཁས་ལེན་པའོ། །དང་པོ་ནི། ཇི་སྐད་དུ། གཞན་ལས་གཞན་འབྱུང་བ་ཡང་། ཞེས་དང་། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཞེས་པའི་གཞུང་གིས་བསྟན་པ་དེ་དག་གོ །གཉིས་པ་ནི། ཇི་སྐད་དུ། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །ཞེས་པའི་གཞུང་གིས་བསྟན་པ་དེ་ཉིད་དོ། །འོ་ན་ཇི་སྐད་དུ། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཀུན་བཏགས་ཀྱི་དབང་དུ་བྱས་པ་དང་འཇིག་རྟེན་གྱི་ཐ་སྙད་ལ་ཡང་རྒྱུ་འབྲས་རྫས་གཞན་དུ་ཁས་ལེན་པའི་ཁྱབ་པ་མེད་པར་སྟོན་པ་ཡིན་ནོ། །དེ་ལས་གཞན་དུ་ན། དངོས་པོར་སྨྲ་བས་གཞན་སྐྱེ་མེད་ན་མངོན་སུམ་དང་འགལ་བར་བརྩོད་པ་ལ། གཞན་ལ་སྐྱེ་བ་འཇིག་རྟེན་ལས་
ཀྱང་མེད། །ཅེས་པའི་ལན་གཅིག་པུ་དེས་མི་ཆོག་པར། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་སོགས་འཇིག་རྟེན་གྱིས་མཐོང་བ་ཚད་མ་མ་ཡིན་པར་བ་སྒྲུབ་པས་ཅི་ཞིག་བྱ་ཞིང་དགོས་པར་མེད་དོ། །དེས་ཉེ་བས་མཚོན་ནས། ཀུན་ཏུ་བཏགས་པའི་བདག་གཉིས་འཇིག་རྟེན་ལས་ཀྱང་ཡོད་པ་མ་ཡིན་མོད་ཀྱི། ལྷན་ཅིག་སྐྱེས་པའི་བློས་བཏགས་པའི་བདག་གཉིས་ནི། འཇིག་རྟེན་གྱི་དོན་དམ་པའི་བདེན་པ་ཁོ་ནར་ངེས་ཏེ། གཞན་དུ་ན། བདག་མེད་པ་གཉིས་པོ་འཕགས་པའི་དོན་དམ་བདེན་པར་འཇོག་པའི་ཤེས་བྱེད་ཅི་ཡང་མེད་པའི་ཕྱིར། དེའི་འབྲེལ་ཡང་། ཇི་སྐད་དུ། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ཞེས་འབྱུང་བ་ལྟར། འཇིག་རྟེན་པ་རྣམས་ཀྱིས་གཞི་གང་དུ་དོན་གང་ཞིག་མཐོང་བ་དེ་འཕགས་པ་རྣམས་ཀྱིས་ཅིར་ཡང་མ་གཟིགས་པ་དེ་ཉིད་ལ་འཕགས་པ་རྣམས་ཀྱི་དོན་དམ་པའོ་ཞེས་ཐ་སྙད་བཏགས་པའོ། །གཉིས་པ་ཡང་དག་ཀུན་རྫོབ་ཀྱི་བཏགས་དོན་མ་རྙེད་པ་ལ་དོན་དམ་བདེན་པའི་མིང་འདོགས་པར་བསྟན་པ་ནི། ཚ་བ་མེའི་རང་བཞིན་དུ་འཛིན་པའི་རྟོག་པ་ལྷན་སྐྱེས་ཀྱི་ངོར་ཚ་བ་དེ་མེའི་རང་བཞིན་ཡིན་ཏེ། དེ་མེ་ལ་ལྟོས་པའི་ཁྱད་པར་གསུམ་ལྡན་གྱི་ངོ་བོ་ཡིན་པའི་ཕྱིར། གསུམ་པོ་གང་ཞེ་ན། མེ་ལ་ལྟོས་ནས་གསར་དུ་བཅོས་པ་མ་ཡིན་པ་དང་། མེ་ལས་གཞན་ལ་རག་མ་ལས་པ་དང་། མེ་ལས་གཞན་དུ་འགྱུར་མི་སྲིད་པའོ། །དེ་སྐད་དུ་ཡང་། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་གསུངས་པ་དང་། དེ་ལྟར་བཤད་པའི་རང་བཞིན་ཁྱད་པར་གསུམ་ལྡན་དེ་ལ་ཀུན་རྫོབ་ཀྱི་རང་བཞིན་ཞེས་བྱ་ལ། དེ་ཉིད་ལ་འཇིག་རྟེན་གྱི་ཚད་མས་གནོད་པ་མེད་ཅིང་གྲུབ་པས་ན་འཇིག་རྟེན་གྱི་དོན་དམ་པའི་བདེན་པ་ཞེས་ཀྱང་བྱའོ། །དེ་ལྟ་བུའི་
འཇིག་རྟེན་གྱི་དོན་དམ་བདེན་པ་དེ་འཕགས་པ་རྣམས་ཀྱིས་གཅིག་དང་དུ་མ་ལ་སོགས་པའི་རིགས་པས་དཔྱད་ཅིང་གཟིགས་པ་ན་གང་དུ་ཡང་མ་རྙེད་པ་དེ་ལ། དོན་དམ་པའི་བདེན་པ་དང་། དོན་དམ་པའི་རང་བཞིན་ཞེས་བྱའོ། །དེ་ཡང་འདི་ལྟར། ཚ་བ་མེའི་རང་བཞིན་དུ་འཕགས་པས་མ་རྙེད་པ་དེ་ཆོས་ཅན། མེའི་རང་བཞིན་ཡིན་ཏེ། མེ་ལ་ལྟོས་པའི་ཁྱད་པར་གསུམ་ལྡན་གྱི་ངོ་བོ་ཡིན་པའི་ཕྱིར། གསུམ་ནི་སྔ་མ་བཞིན་ནོ། །ངག་དོན་བསྡུས་ན། ཚ་བ་མེའི་རང་བཞིན་དུ་གྲུབ་པ་དེ་མེའི་ཀུན་རྫོབ་ཀྱི་རང་བཞིན་དང་། དེ་མེའི་རང་བཞིན་དུ་མ་གྲུབ་པ་དེ་དེའི་དོན་དམ་གྱི་རང་བཞིན་ནོ། །དེའི་དོན་དམ་གྱི་རང་བཞིན་འཛིན་པའི་བློ་དེས། དེའི་ཀུན་རྫོབ་ཀྱི་རང་བཞིན་འཛིན་པའི་བློ་དེའི་ཞེན་ཡུལ་སུན་འབྱིན་ནུས་པ་ཡིན་ཏེ། གཉིས་པོ་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་འགལ་བའི་རྣམ་པ་ཅན་གང་ཞིག ཅིག་ཤོས་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར། རང་བཞིན་དང་པོ་དེ་ལ་ཀུན་རྫོབ་ཀྱི་བདེན་པ་དང་། ཀུན་རྫོབ་ཙམ་པོ་གཉི་ལས་འདིར་རང་བཞིན་གཉིས་པའི་དགག་བྱར་བཟུང་བ་ནི་དང་པོའི་དབང་དུ་བྱས་ལ། རང་བཞིན་གཉིས་པ་འདི་ཡང་རིགས་པ་གཞན་གྱིས་དཔྱད་པ་ན་དེ་དང་དེའི་རང་བཞིན་དུ་མ་རྙེད་པ་དེའི་ཚེ་ན་ནི། འདི་ཡང་ཀུན་རྫོབ་ཀྱི་བདེན་པར་འགྱུར་ཞིང་དེའི་ཡང་རང་བཞིན་ནི་བརྗོད་པར་མི་ནུས་སོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་སྐད་དུ་ཡང་། འཇུག་འགྲེལ་ལས། དེ་ཁོ་ན་ཉིད་མ་མཐོང་བ་དག་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་གི་ངོ་བོ་ཕུང་པོ་ལ་སོགས་པ་དེ་དག་ཉིད་མ་རིག་པའི་བག་ཆགས་དང་བྲལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་མཐོང་བའི་ཚུལ་དུ། རང་བཞིན་གང་དུ་ཡང་མ་གཟིགས་པ་དེ་ནི་དེ་དག་གི་དོན་དམ་པའི་བདེན་པའོ། །གལ་ཏེ་རྣམ་པ་དེ་ལྟ་བུའི་རང་
བཞིན་ནི་མཐོང་བ་མེད་པ་ཉིད་མ་ཡིན་ནམ། ཇི་ལྟར་གཟིགས་ཤེ་ན། བདེན་མོད་ཀྱི་འོན་ཀྱང་མ་གཟིགས་པའི་ཚུལ་གྱིས་དེ་དག་གིས་གཟིགས་སོ་ཞེས་བརྗོད་དེ། ཇི་སྐད་དུ། འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི། དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་བྱེ་བྲག་མེད་པ་མ་སྐྱེས་པ་མ་འགགས་པ་སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བ་ཞེས་བཤད་དོ། །འདིར་དོན་དམ་པའི་བདེན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་མ་ཡིན་པར་གསུངས་པ་ལ་ནི་མེད་པར་དགག་པ་དེ་ཉིད་མངོན་སུམ་གྱི་ཡུལ་མཚན་ཉིད་པ་མ་ཡིན་པར་འཆད་པ་ཡིན་ཏེ། དེ་དེའི་ཡུལ་མཚན་ཉིད་པ་ཡིན་ན་ཡུལ་ཅན་རྟོག་པར་ཐལ་བའི་ཕྱིར་རོ། །འོ་ན་དེས་དེ་རྟོགས་པ་ཅི་ཞེ་ན། དཔེར་ན་སྔོར་སྣང་དབང་ཤེས་ཀྱིས་སྔོན་པོ་དངོས་སུ་མ་རིག་ཀྱང་། དེ་དེའི་རྣམ་པའི་ངོར་སྐྱེས་པ་ལ་དེས་དེ་རིག་པའི་ཐ་སྙད་བྱེད་པ་དེ་བཞིན་དུ་འདིར་ཡང་། དེས་དེ་དངོས་ཀྱི་ཡུལ་དུ་མ་བྱས་ཀྱང་། དེ་སྤྲོས་བྲལ་གྱི་ངོ་བོར་སྐྱེས་པ་ལ་དེས་དེ་རྟོགས་པའི་ཐ་སྙད་བྱས་པ་ཡིན་ནོ། །དེ་སྐད་དུ་ཡང་། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ་དང་། །ཞེས་སོགས་ཀྱི་སྐབས་སུ་གསལ་བར་གསུངས་པ་ཡིན་ནོ། །ཡང་ཟླ་བའི་ཞབས་ཀྱི་བཞེད་པ་ལ། ཀུན་རྫོབ་ཀྱི་དངོས་པོ་ཡིན་ལ་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པའི་མུ། ཅིག་ཤོས་ཡིན་ལ་དེ་མ་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མ་ཡིན་པའི་དངོས་པོ་རྣམས་གསུངས་སོ། །དང་པོ་ནི། སྔར་བཤད་པའི་ཀུན་རྫོབ་ཙམ་པོ་དེའོ། །གཉིས་པ་ནི། ལོག་པའི་
ཀུན་རྫོབ་བདེན་པར་བཤད་པ་དེའོ། གསུམ་པ་ནི། རྟོགས་པར་སླ། བཞི་པ་ནི། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡེ་ཤེས་སོ། །འདི་གང་ལས་ཤེས་ན། འཇུག་འགྲེལ་ལས། སངས་རྒྱས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཞིང་། དེ་ཡང་བསླུ་བ་མེད་པ་ཉིད་ཀྱི་དོན་དམ་པའི་བདེན་པ་ཡིན་ལ་དེ་ནི་དེ་རྣམས་ཀྱི་སོ་སོར་རང་གིས་རིག་པར་བྱ་བ་ཡིན་ནོ། །ཞེས་གསུངས་ལ། དེའི་གོང་གི་འཕྲོས་ལས་རྒྱུན་མཐའ་མན་ཆད་ཀྱི་རྗེས་ཐོབ་ཏུ་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཡོད་པས་ཀུན་རྫོབ་ཀྱི་སྣང་བ་འཆར་བ་དང་། སངས་རྒྱས་ཀྱི་སར་དེ་མེད་པས་དེའི་སྣང་བ་མི་འཆར་བར་བཤད་ལ། དེ་ལྟར་བཤད་པ་དེའི་ཕྱིར། སངས་རྒྱས་ཀྱི་སས་བསྡུས་པའི་ཀུན་རྫོབ་ཀྱི་བདེན་པ་ཡང་ཡོད་པར་མི་བཞེད་དེ། གང་ཀུན་རྫོབ་ཀྱི་བདེན་པ་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་ན། མཐོང་བ་བརྫུན་པ་ཡིན་དགོས་པའི་ཕྱིར། ངག་དོན་མདོར་བསྡུ་ན། སངས་རྒྱས་ཀྱི་ས་ན་ཀུན་རྫོབ་བདེན་པ་མེད་དེ། དེར་ཀུན་རྫོབ་ཀྱི་བདེན་པ་སྐྱེད་བྱེད་ཀྱི་རྒྱུ་མ་རིག་པ་དང་། འཇོག་བྱེད་ཀྱི་རྒྱུ་མཐོང་བ་བརྫུན་པ་ཟད་པར་སྤངས་པའི་ཕྱིར་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་དེ་མཐོང་བ་བརྫུན་པས་རྙེད་པའི་རྙེད་དོན་མ་ཡིན་པར་འདོད་དགོས་པས་སོ། །དེ་དག་གིས་ནི་ཟླ་བའི་ཞབས་ཀྱིས་བཞེད་པའི་བདེན་པ་གཉིས་ཀྱི་རྣམ་བཞག་ལེགས་པར་གྲུབ་པ་ཡིན་ནོ། །ཇི་སྙེད་ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང་། །ཇི་བཞིན་གཟིགས་པའི་ཡེ་ཤེས་ཉི་མ་ཡིས། །སྙིང་པོའི་དོན་གང་མངོན་སུམ་གསལ་མཛད་པ། །བསྟན་ཆོས་མཛད་པ་དེ་ལ་ཕྱག་བགྱི་འོ། །ཞེས་མཆོད་པར་བརྗོད་ནས། གཉིས་པ་སློབ་དཔོན་ཡེ་ཤེས་སྙིང་པོའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་པར་བཞག་པ་ལ། ཇི་སྐད་དུ། བདེན་གཉིས་ལས། བདེན་པ་གཉིས་པོ་རྣམ་ཕྱེ་ཡང་། །ཤིང་རྟ་
ཆེ་དག་རྨོངས་ཉིད་ན། །གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ། །དེ་བས་བདག་གིས་རྣམ་པར་ཕྱེ། །ཞེས་ཤིང་རྟ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་དང་། ཟླ་བ་གྲགས་པའི་ཞབས་ལ་ཟུར་ཟ་བར་བྱེད་དོ། །དེ་ཡང་འདི་ལྟར་སྣང་ཚུལ་ལ་འཇུག་པའི་བློ་ལ་སྣ་ཚོགས་སུ་སྣང་བ་དང་། གནས་ཚུལ་ལ་འཇུག་པའི་བློ་ལ། སྤྲོས་པ་བཅད་ཙམ་ལས་གཞན་གང་དུ་མི་སྣང་བའི་དབྱིངས་དེ་བདེན་པ་གཉིས་ཀྱི་མཚན་ཉིད་དོ། །དེ་སྐད་དུ་ཡང་། ཇི་ལྟར་སྣང་བའི་དེ་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་སོ། །ཞེས་སོ། །མཚན་གཞི་ནི། སྣང་བའི་ཆ་ནས་ཀུན་རྫོབ་ཀྱི་བདེན་པར་འཇོག་པ་ཡིན་གྱི། བདེན་པའི་ཆ་ནས་ནི་དེར་འཇོག་པ་མ་ཡིན་ཏེ། བདེན་པའི་ཆ་ནས་རང་རང་གི་རྟོག་པས་བཟོས་པ་ཡིན་ཞིང་། བྱིས་པ་ནས་མཁས་པའི་བར་གྱི་ཤེས་པ་ལ་ཐུན་མོང་དུ་མི་སྣང་བའི་ཕྱིར། དེ་སྐད་དུ་ཡང་། བཏགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་རྟེན་ནས་གང་སྐྱེས་ཏེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཞེས་དང་། དེའི་འགྲེལ་པར། ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ། ཇི་ལྟ་བུར་ཡང་རུང་ངམ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟ་མ་ཡིན་ན་རྩོད་པ་མེད་པ་ཁོ་ནར་ཐལ་བར་འགྱུར་ཏེ། རྒོལ་བ་དང་ཕྱིར་རྒོལ་བའི་ཤེས་པ་ལ་སྣང་བའི་ཆ་ལ་ནི་རྩོད་པ་སུ་ཡང་མེད་དོ། །རྩོད་པ་བྱེད་པ་ན་མངོན་སུམ་ལ་སོགས་པས་གནོད་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ཇི་ལྟ་བུར་རུང་བ་ཞེས་གསུངས་པ་ནི་རྟོག་པ་ལྷན་སྐྱེས་ལ་འཆད་པ་ཡིན་ལ། རྩ་བར། སྣང་བ་འདི་ཁོ་ན། ཞེས་དང་། འགྲེལ་པར་རྟོག་མེད་ཀྱི་ཤེས་པ་ལ་བདེན་སྣང་མེད་པར་བཤད་པས་དེས་ནི། ཟླ་བས་ཇི་སྐད་དུ། དེ་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས། བཤད་པ་ལ་ཟུར་ཟ་བར་མངོན་ཞིང་། རྟོག་མེད་ཀྱི་ཤེས་པ་ལ་བདེན་སྣང་མེད་
པའི་རིགས་པ་ཡང་། གལ་ཏེ་ཡོད་ན། རང་གཞན་གྱི་སྡེ་པ་རྣམས་མྱུ་གུ་སོགས་རང་བཞིན་གྱི་སྐྱེ་བ་ཡོད་མེད་ལ་རྩོད་པ་མེད་པར་འགྱུར་ཏེ། མངོན་སུམ་གྱིས་གྲུབ་པའི་དོན་ལ་རྩོད་པ་སུ་ཡང་མེད་པའི་ཕྱིར། ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཤད་པ་དེས་ནི་རིགས་ཅན་གཞན་ཡང་མཚོན་པར་ནུས་ཏེ། གངས་ཅན་པ་ཕྱི་མ་དག ཡེ་ཤེས་སྙིང་པོས་སྣང་བ་ལྟར་དོན་བྱེད་ནུས་པ་ཁས་ལེན་པས་རང་ལུགས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་ཁེགས་པ་ཡིན་ཏེ། སློབ་དཔོན་འདིའི་ལུགས་ལ་རྟོག་མེད་ཀྱི་ཤེས་པ་ལ་གཟུགས་སོགས་དེ་ལྟར་མི་སྣང་བར་དྲངས་མ་ཐག་པའི་འགྲེལ་པ་དེ་ཉིད་ཀྱིས་བཤད་པའི་ཕྱིར་རོ། །ཡང་ཐ་སྙད་དུ་དེ་བཞེད་པས་རང་ལུགས་ལ་དེ་བཞེད་པའི་གོ་ཆོད་ན། ཟླ་བའི་ཞབས་ཀྱིས་རང་ལུགས་ལ་བདེན་གྲུབ་སོགས་ཁས་བླངས་པར་འགྱུར་ཏེ། དབང་ཤེས་ལ་བདེན་སྣང་ཡོད་པར་ཁས་བླངས་ཤིང་། སྣང་བ་ལྟར་དོན་བྱེད་ནུས་པ་ཞལ་གྱིས་བཞེས་པའི་ཕྱིར་རོ། །དེ་མི་བཞེད་ན་ཕྱི་རོལ་གྱི་དོན་བཞེད་པར་འགལ་ལོ། །གཉིས་པ་དབྱེ་བ་ལ། ཀུན་རྫོབ་ལ་དབྱེ་ན། འཇིག་རྟེན་ལ་གྲགས་པའི་ཡང་ལོག་དང་། བསྟན་ཆོས་ལ་གྲགས་པའི་ཡང་དག་པའི་ཀུན་རྫོབ་དང་། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་བོ། །དང་པོ་ནི། ཇི་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པའི་རང་འགྲེལ་ལས། ཡང་ཀུན་རྫོབ་ནི་རྣམ་པ་གཉིས་སུ་བསྟན་ཏེ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་པ་གསལ་བའི་རྣམ་པ་སྣང་བ་ཅན་དུ་འདྲ་ཡང་ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡིན་པས་ངེས་པར་བྱས་ནས་ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་དག་འཇིག་རྟེན་གྱི་ཡང་དག་པ་དང་ཡང་དག་
པ་མ་ཡིན་པ་ལྟར་རྟོགས་སོ། །དངོས་སུ་ན་གཉིས་ནི་ངོ་བོ་ཉིད་མེད་པ་ཉིད་དུ་ངོ་བོ་ཉིད་མཚུངས་པ་ཁོ་ནའོ། །ཇི་ལྟར་སྣང་བ་བཞིན་དུ་རྣམ་པར་གནས་སོ། །དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ། དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ལྟར་གསུངས་པ་དེ་ལས་ནི། བོད་ཕྱི་མ་དག་སློབ་དཔོན་འདིས་སྣང་བ་བཞིན་དོན་བྱེད་ནུས་པ་རང་ལུགས་ལ་ཁས་བླངས་པས་ངོ་བོ་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་སོ། །ཞེས་ཟེར་བ་དེ་ཡང་ཁེགས་པ་ཡིན་ཏེ། གཞུང་འགྲེལ་འདིར་ནི། འཇིག་རྟེན་པས་ཆུར་སྣང་བ་ལྟར་ཆུའི་དོན་བྱེད་ནུས་པ་ཡིན་པ་ཞིག་ཁས་ལེན་ལ། རང་ལུགས་ལ་ནི། དེ་ཡང་ཆུའི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཞེས་པ་ཞིག་གསལ་བར་བསྟན་འདུག་པའི་ཕྱིར་རོ། །དེ་ལྟར་ན། འདི་དང་འཇུག་པར་བཤད་པ་གཉིས་ལ་ཡང་ལོག་གི་ཀུན་རྫོབ་གཉིས་རང་ལུགས་ལ་ཁས་ལེན་མི་ལེན་གྱི་ཁྱད་པར་ཅུང་ཟད་ཀྱང་མི་སྣང་ལ། མཚན་གཞི་འཛིན་ལུགས་མི་འདྲ་བའི་ཁྱད་པར་ནི། འདིར་ནི། ཆུ་བོ་གངྒཱ་ལྟ་བུ་ཆུར་སྣང་བའི་ཆ་དེ་ཉིད་འཛིན་ལ། འཇུག་པར་ནི་དེ་ཉིད་འཇིག་རྟེན་གྱི་ཆུར་བདེན་པ་ཉིད་དུ་བཏགས་པའི་ཆ་དེ་འཛིན་པ་ཡིན་ཏེ། ཇི་སྐད་དུ། གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །ཞེས་གཟུང་བ་ཞེས་པས་སྣང་ཙམ་དང་། རྟོགས་པ་ཞེས་པས་བདེན་པར་བཏགས་པའི་ཆ་དེ་ངོས་བཟུང་བའི་ཕྱིར། གཉིས་པ་ནི། སློབ་དཔོན་འདིས། བདེན་འཛིན་ལྷན་སྐྱེས་ཀྱིས་སྒྲོ་བཏགས་པའི་མྱུ་གུ་བདེན་གྲུབ་དེ། བསྟན་བཅོས་ལ་གྲགས་པའི་ལོག་པའི་ཀུན་རྫོབ་དང་། མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་གིས་བཟུང་བའི་མྱུ་གུ་བདེན་མེད་ལྟ་བུ་དེ། བསྟན་འཆོས་ལ་གྲགས་པའི་ཡང་དག་པའི་ཀུན་རྫོབ་ཏུ་བཞེད་པ་ཡིན་ཏེ། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་བཏགས་ཡིན། །སྐྱེ་བ་ལ་སོགས་བཀག་པ་ཡང་། །ཡང་དག་ཀུན་རྫོབ་ཤེས
་པར་བྱ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་སྨིག་རྒྱུ་ལ་སོགས་པས་ཆུའི་དོན་བྱེད་མི་ནུས་པ་དང་། ཆུ་བོ་གངྒཱ་ལ་སོགས་པས་ཆུའི་དོན་བྱེད་ནུས་པ་དག་ནི་གོ་རིམ་བཞིན་དུ་འཇིག་རྟེན་ཉིད་ལ་གྲགས་པའི་ཚད་མས་གནོད་པ་དང་གྲུབ་པའི་ཕྱིར། འཇིག་རྟེན་ཉིད་ལ་ལྟོས་པའི་ཡང་ལོག་ཅེས་བྱ་ལ། མྱུ་གུ་ལ་སོགས་པ་རང་བཞིན་གྱིས་གྲུབ་པ་དང་མ་གྲུབ་པ་དག་ནི་གོ་རིམ་བཞིན་དུ་བསྟན་ཆོས་ཉིད་ལ་གྲགས་པའི་ཚད་མས་གནོད་པ་དང་གྲུབ་པའི་ཕྱིར། དེར་གྲགས་པའི་ཡང་ལོག་ཅེས་བྱའོ། །ལུགས་གཉིས་ལ་གྲགས་པའི་ལོག་པའི་ཀུན་རྫོབ་ཏུ་བཤད་པ་དེ་དང་དེ་ལུགས་དེ་དང་དེ་ལ་ཡོད་པ་མ་ཡིན་ཡང་། དེ་དང་དེར་གྲགས་པའི་ཡང་དག་པའི་ཀུན་རྫོབ་ཏུ་བཤད་པ་དེ་ལུགས་དེ་དང་དེ་ལ་ཡོད་པར་བཞག་སྟེ། དེ་དང་དེ་ལ་གྲགས་པའི་ཚད་མས་གྲུབ་པའི་ཕྱིར། དཔེར་ན། མྱུ་གུར་སྣང་ཙམ་དེ་འཇིག་རྟེན་ལ་གྲགས་པའི་ཚད་མ་དང་། མྱུ་གུ་རང་བཞིན་གྱིས་སྐྱེ་བ་མེད་པ་དེ་བསྟན་བཅོས་ལ་གྲགས་པའི་ཚད་མས་གྲུབ་པ་ཡིན་ནོ། །ཡང་དག་པའི་ཀུན་རྫོབ་ཀྱི་འཇོག་ཚུལ་གཉིས་ཀ་ཡང་རང་ལུགས་ཀྱི་ཐ་སྙད་པའི་ཚད་མས་གྲུབ་ཅིང་། ཚད་མ་དེས་གྲུབ་ན་རིགས་པས་མ་དཔྱད་པའི་ཚེ་ཐ་སྙད་དུ་ཡོད་པས་ཁྱབ་སྟེ། དཔེར་ན་མྱུ་གུར་སྣང་ཙམ་དང་རང་བཞིན་སྐྱེ་མེད་བཞིན། སེམས་ཙམ་པས་ཀུན་རྫོབ་བདེན་པར་འདོད་པའི་གཞན་དབང་བདེན་གྲུབ་དང་། ཟླ་བ་གྲགས་པས་ཡང་དག་ཀུན་རྫོབ་ཏུ་འདོད་པའི་མྱུ་གུ་རང་བཞིན་གྱིས་སྐྱེ་བ་སོགས་ནི་འདིར་ཡང་དག་ཀུན་རྫོབ་ཏུ་མི་འདོད་དེ། ཀུན་རྫོབ་འཇོག་བྱེད་ཀྱི་ཚད་མ་གཉིས་པོ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར། ཅིག་ཤོས་གཉིས་ལ་ནི་མི་མཚུངས་ཏེ། བཏགས་པས་དབེན་པའི་མྱུ་གུར་སྣང་ཙམ་ནི་ཐམས་ཅད་མཁྱེན་པས་ཀྱང་གཟིགས་ལ། མྱུ་གུ་དེའི་རང་བཞིན་སྐྱེ་མེད་ནི་རིགས་ཤེས་ཚད་མས་
གྲུབ་པའི་ཕྱིར། དེ་ལྟར་ཡང་དག་ཀུན་རྫོབ་ཏུ་བཤད་པ་གཉིས་པོ་དེ་རང་རང་འཇོག་བྱེད་ཀྱི་ཚད་མས་གྲུབ་པ་དང་རིགས་པའི་དཔྱད་པ་སྔོན་དུ་སོང་ཀྱང་། དེ་དང་དེ་དཔྱད་གཞིར་བཟུང་ནས་དཔྱོད་པའི་ཚད་མའི་ངོར་ནི་ཆ་ཙམ་ཡང་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །རྣམ་པར་དཔྱོད་པར་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འགྱུར། །ཞེས་དང་། གལ་ཏེ་རིགས་པའི་སྟོབས་ཀྱིས་ནི། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །དེ་བདེན་དེ་ཡི་ཕྱིར་ན་འདི། །ཇི་ལྟར་སྣང་བཞིན་ཡིན་པར་གསུངས། །ཞེས་གསུངས་སོ། །དེ་བས་ན། ཀུན་རྫོབ་ཀྱི་ཆ་ནི་དཔྱད་ན་མི་རྙེད་ཀྱང་། དབུ་མའི་རིགས་པས་འགོག་དགོས་པ་མ་ཡིན་ཏེ། མ་བཀག་ཀྱང་ཉེས་པ་མི་སྐྱེད་ཅིང་། དཔྱད་ན་མངོན་སུམ་སོགས་དང་འགལ་བའི་ཕྱིར། ཀུན་རྫོབ་ཏུ་བདེན་པའི་ཆ་ནི་དབུ་མའི་རིགས་པས་འགོག་དགོས་པ་ཡིན་ཏེ། དེ་བཀག་པ་ལ་མངོན་སུམ་སོགས་ཀྱིས་མི་གནོད་ཅིང་། མ་བཀག་ན་ཉེས་པ་སྐྱེད་པའི་ཕྱིར། བདེན་པ་ཙམ་དུ་མ་ཟད་ཀྱི་ཡོད་པ་ཉིད་རྫས་ཉིད་ཡིན་པ་སོགས་ཀྱང་དེ་དག་དགག་པར་བྱ་བ་ཁོ་ནའོ། །དེ་སྐད་དུ་ཡང་། བདེན་གཉིས་ལས། སྣང་བའི་ངོ་བོར་གང་ཡིན་པ། །དེ་ནི་འགོག་པ་མ་ཡིན་ཉིད། །ཉམས་སུ་མྱོང་བ་གང་ཡང་ནི། །དགག་པར་རིགས་པ་མ་ཡིན་ནོ། །སྐྱེ་ལ་སོགས་པའི་རྣམ་པ་གང་། །སྣང་བ་མིན་ལ་དེ་ཡང་ནི། །ཡང་དག་པར་ཤེས་བྱ་སོགས་པར། །གཞན་གྱིས་ཡོངས་སུ་བརྟགས་པས་འགོག །ཅེས་གསུངས་ཤིང་། དེའི་འགྲེལ་པར། ཁྱད་གཞི་སྣང་བ་ཙམ་གྱི་སྟེང་དུ་ཁྱད་ཆོས་ཡོད་པ་ཉིད་ལ་སོགས་པར་འཇིག་རྟེན་ནམ་བསྟན་ཆོས་ལ་གྲགས་པའི་རྟོག་པ་དོན་མཐུན་གྱིས་དེ་དང་དེར་སྒྲོ་བཏགས་པ་རྣམས་ཀྱང་འགོག་དགོས་པ་དང་། དེའི་ཤེས་བྱེད་དུ་མདོ་དྲངས་པ་ནི། བཏགས་པའི་དངོས་པོ་ཡོད་མ་ཡིན།
།གཞན་གྱི་དབང་ནི་ཡོད་པ་སྟེ། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐར་རྟོག་པ་ནི་ཕུང་བར་འགྱུར། །ཞེས་འདྲེན་པར་མཛད་དོ། །དེའི་ཕྱིར་སློབ་དཔོན་འདིའི་ལུགས་ལ་ཡིན་མིན་དང་ཡོད་མེད་དང་བདེན་མི་བདེན་དང་སྐྱེ་མི་སྐྱེ་ལ་སོགས་པའི་སྤྲོས་པས་སྒྲོ་མ་བཏགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ཙམ་འདི་ནི་བདེན་པ་གཉིས་ཀྱི་ཟླས་ཕྱེ་བའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། སྣང་ཙམ་དེའི་སྟེང་དུ་འཇིག་རྟེན་དང་བསྟན་ཆོས་ལ་གྲགས་པ་དང་མཐུན་པར་ཤེས་བརྗོད་ཀྱི་ཐ་སྙད་བྱས་པ་རྣམས་ལ་ནི་ཡང་དག་པའི་ཀུན་རྫོབ་ཅེས་བྱ་སྟེ། ཁྱད་གཞི་དེ་དང་ངོ་བོ་དབྱེར་མེད་པའི་དོན་འགའ་ཞིག་ཐ་སྙད་དུ་བྱས་པ་ཡིན་པའི་ཕྱིར། ཡང་ཁྱད་གཞི་དེའི་སྟེང་དུ་དེ་ཉིད་དང་མི་མཐུན་པར་སྒྲོ་བཏགས་པའི་སྒོ་ནས་ཐ་སྙད་དུ་བྱས་པ་རྣམས་ལ་ནི་ལོག་པའི་ཀུན་རྫོབ་ཅེས་བྱ་སྟེ། ཁྱད་གཞི་སྣང་བ་ཙམ་པོ་དེའི་སྟེང་དུ་ཡོད་པ་མ་ཡིན་པའི་དོན་འགའ་ཞིག་སྒྲོ་བཏགས་ནས་ཐ་སྙད་དུ་བྱས་པའི་ཕྱིར། དེ་ལྟར་ན་སྔར་བཤད་པའི་ཟླ་བའི་ཞབས་ཀྱིས་བཞེད་པ་དང་སློབ་དཔོན་འདིའི་བཞེད་པ་མི་མཐུན་པའི་ཁྱད་པར་ནི། ལུགས་འདིར་འཇིག་རྟེན་ལ་གྲགས་པའི་ཚད་མས་གྲུབ་ན་རང་ལུགས་ལ་ཡོད་དགོས་པ་དང་། ལོག་པའི་ཀུན་རྫོབ་ཡིན་ན་ཡོད་མི་དགོས་ཀྱང་། ཡང་དག་པའི་ཀུན་རྫོབ་ཡིན་ན་ཡོད་དགོས་པ་དང་། ཀུན་རྫོབ་བདེན་པ་འཇལ་བའི་འཇིག་རྟེན་གྱི་ཚད་མ་ལ་ཀུན་རྫོབ་ཙམ་སྣང་གི་བདེན་པ་མི་སྣང་བ་དང་། ཚད་མ་དེ་ལ་བདེན་མེད་མི་སྣང་ཡང་། དེ་ཉིད་ཡང་དག་ཀུན་རྫོབ་དེ་དང་ངོ་བོ་དབྱེར་མེད་པའི་རྒྱུ་མཚན་གྱིས་ཡང་དག་པའི་ཀུན་རྫོབ་ཏུ་འཇོག་དགོས་པ་དང་། མདོར་ན་བདག་ཉིད་ཀྱི་དོན་དང་ཐ་སྙད་ཐམས་ཅད་ལོག་པའི་ཀུན་རྫོབ་ཏུ་འཇོག་པ་དང་། བདག་མེད་རྣམ་པ་གཉིས་ཀྱི་ཐ་སྙད་ནི་ཡང་དག་པའི་ཀུན་རྫོབ་དང་། དོན་སྤྲོས་པ་ཕྱོགས་རེ་ཙམ་བཀག་པ་དང་མཐའ་དག་བཀག་པ་གཉིས་ལས། དང་པོ་ཡང་དག་
པའི་ཀུན་རྫོབ་དང་། ཕྱི་མ་དོན་དམ་པའི་བདེན་པར་འཇོག་དགོས་པ་དང་། དེའི་རྒྱུ་མཚན་གྱིས་བཏགས་ཙམ་གྱི་བདག་ནི་ཐ་སྙད་དུ་ཡང་ཁས་མི་ལེན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ཙམ་འདི་ཡང་སངས་རྒྱས་དང་སེམས་ཅན་གྱི་ཤེས་པ་གཉིས་ཀ་ལ་མཐུན་པར་སྣང་བའི་ཕྱིར། མ་རིག་པའི་དབང་གིས་སྣང་བ་མ་ཡིན་པ་དང་། སངས་རྒྱས་ཀྱི་མཉམ་བཞག་ཏུ་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བ་དང་། རྗེས་ཐོབ་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་བདེན་པ་གཉིས་ཅིག་ཅར་དུ་མཁྱེན་པ་རྣམས་བཞེད་པ་ཡིན་ནོ། །དེ་སྐད་དུ་ཡང་། བཏགས་པའི་ངོ་བོས་དབེན་པ་ཡི། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་དང་། གང་ཚེ་ཤེས་དང་ཤེས་བྱ་གང་། །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ནི་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་དང་། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་སོ། །འོ་ན་ཅིའི་ཕྱིར་སྣང་ཙམ་དེ་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་རྟོག་པའི་ངོར་བདེན་པས་ན། དེ་སྐད་ཅེས་བྱའོ། །དེ་སྐད་དུ་ཡང་། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་བཞེད། །ཅེས་གསུངས་སོ། །གཉིས་པ་དོན་དམ་པའི་བདེན་པ་ལ། མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བའོ། །དང་པོ་ནི། ཁྱད་གཞི་རྟེན་འབྲེལ་གྱི་སྟེང་དུ་བྱེད་པ་པོ་གནས་ཚུལ་སེམས་པའི་རིགས་པས་ལས་སུ་བྱ་བ་སྤྲོས་པའི་ཚོགས་མ་ལུས་པ་བཀག་པའི་ཆའོ། །གཉིས་པ་ནི། དོན་དམ་པ་རིགས་ཤེས་ཀྱི་ངོར་བདེན་པས་ན། དེ་སྐད་ཅེས་བྱ་སྟེ། ཇི་སྐད་དུ། བདེན་པ་གཉིས་རྣམ་པར་དབྱེ་བའི་རང་འགྲེལ་ལས། དོན་དམ་པར་བདེན་པ་ནི། དོན་དམ་པའི་བདེན་པ་སྟེ། རིགས་པའི་རྗེས་སུ་འགྲོ་བ་ཅན་གྱི་བདེན་པ་ཉིད་
ཅེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །གསུམ་པ་དབྱེ་བ་ལ། རྣམ་གྲངས་པའི་དོན་དམ་པ་དང་། རྣམ་གྲངས་པ་མ་ཡིན་པའི་དོན་དམ་པའོ། །དང་པོ་ལ་མཚན་ཉིད་ནི། དགག་གཞི་སྣང་བའི་སྟེང་དུ་དགག་བྱ་བདེན་གྲུབ་སོགས་སྤྲོས་པ་ཕྱོགས་རེ་བཀག་པའི་མེད་དགག་གི་ཆ་གང་ཞིག ཤེས་བརྗོད་ཀྱི་ཐ་སྙད་དུ་བྱས་པའོ། །གཉིས་པའི་མཚན་ཉིད་ནི། དེ་གང་ཞིག་ཤེས་བརྗོད་ཀྱི་ཡུལ་ལས་འདས་པའོ། །འདིར་ཤེས་པ་ནི་རྟོག་པ་ཁོ་ན་ལ་བྱ་བ་མ་ཡིན་གྱི། དངོས་པོའི་ཡུལ་ཅན་གྱི་རྟོག་མེད་ཀྱི་ཤེས་པ་རྣམས་ཀྱང་གཟུང་བར་བྱ་བ་ཡིན་ཏེ། གཞན་དུ་ན་བརྗོད་པ་དང་སྒྲ་བཟློས་པའི་ཕྱིར། ཞེས་བདེན་གཉིས་ཀྱི་འགྲེལ་པར་བཤད་དོ། །སློབ་དཔོན་འདིའི་བཞེད་པ་ལ། དོན་དམ་པའི་བདེན་པ་དངོས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡང་མི་སྣང་བ་ཡིན་ཏེ། སྣང་ན་ཀུན་རྫོབ་ཀྱི་བདེན་པར་ཐལ་བའི་ཕྱིར་རོ། །ཞེས་པའི་རིགས་པ་དང་ལུང་ནི་མདོ་སྡེ་ལས། འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་འདྲེན་པར་མཛད་པ་ཡིན་ནོ། །འདི་ཉིད་རིགས་པས་ཀྱང་འཐད་པ་ཡིན་ཏེ། གཞན་དུ་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། སྒྲ་དོན་འཛིན་པའི་རྟོག་པར་ཐལ། གཞན་སེལ་སྣང་ཡུལ་དུ་བྱེད་པའི་རིག་པ་ཡིན་པའི་ཕྱིར། ཞེས་བྱ་བའི་ཉེས་པ་འདི་བཟློག་པར་དཀའོ། །དོན་དེ་དག་ཀྱང་ཇི་སྐད་དུ། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་པས་ཀྱང་གང་ན་གཟིགས། །དེ་ཡི་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞི་བའི་ལྟ་བས་དཔྱོད། །ཅེས་གསུངས་སོ། །སྐབས་འདིའི་འཕྲོས་ལ་དོན་དམ་བདེན་པ་སྤྲོས་མེད་དུ་འདོད་པའི་ཕྱོགས་ལ་ཅིར་ཡང་མཐོང་བ་མེད་པ་ལ་དེ་ཁོ་ན་ཉིད་མཐོང་བའི་མིང་འདོགས་པ་དང་། སེམས་ཙམ་པ་དེ་གཉིས་མེད་ཀྱི་ཤེས་པར་འདོད་པའི་ཕྱིར། ཤེས་པ་རང་ལ་རང་སྣང་བར་ཐལ་བའི་ཉེས་པ་བརྗོད་པར་མཛད་ཅིང་། དོན་དམ་བདེན་པར་འདོད་པའི་གཉིས་
མེད་ཀྱི་ཤེས་པ་དེ་ཉིད་ཀྱིས་དེ་ཉིད་རིག་པ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་གསུངས་སོ། །སྐབས་འདིར་བདེན་གཉིས་ཀྱི་འགྲེལ་པར། ཤེས་པ་ནི་བདག་གིས་བདག་ཤེས་པ་མ་ཡིན་ཏེ། རང་སྣང་བས་སྟོང་པའི་ཕྱིར། ཤེས་པ་གཞན་བཞིན་ནོ། །ཞེས་གསུངས་པ་དེས་སྤྱིར་རང་རིག་བཀག་པ་ཡིན་ནོ་ཞེས་བོད་ཕྱི་མ་དག་ཟེར་བ་དེ་དག་གིས་ནི། གཞུང་གི་འཕྲོས་མ་གོ་བ་ཡིན་ཏེ། གཞུང་དེ་ནི་དབུ་སེམས་ཀྱི་དོན་དམ་བདེན་པའི་མཚན་གཞི་འཛིན་ཚུལ་མི་མཐུན་པར་རྩོད་པའི་སྐབས་ན་སྣང་བའི་ཕྱིར། དེ་ལས་ཅིར་འགྱུར་ཞེ་ན་དབུ་མ་པས་ནི། ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཤེས་བྱེད་དུ། འགའ་ཡང་མཐོང་བ་མེད་པ་ནི། དེ་ཁོ་ན་ཉིད་མཐོང་བའོ། །ཞེས་པའི་མདོ་འདྲེན་ལ། སེམས་ཙམ་པས་ནི། འགའ་ཡང་ཞེས་པ་ཀུན་བཏགས་མཐོང་བ་མེད་པའི་དོན་ཡིན་གྱི་ཡོངས་གྲུབ་མ་མཐོང་བ་ནི་མ་ཡིན་ནོ། །ཞེས་ཟེར་བ་ལ། འོ་ན་ཤེས་པ་རང་གིས་རང་མཐོང་བར་ཐལ། ཞེས་འཕེན་པ་ནི་དྲངས་མ་ཐག་པའི་གཞུང་དེ་ཉིད་ཡིན་ལ། དེ་ལ་འདོད་མི་ནུས་པ་ནི། ཇི་སྐད་དུ། འགྲེལ་པ་དེ་ཉིད་ལས། རང་རིག་པ་མ་ཡིན་པའི་ཕྱིར་ཞེས་པ་ནི་གཉིས་ཀྱིས་དབེན་པའི་ངོ་བོར་རིག་པར་འབྱུང་བ་ཡིན་པ་དང་། དེ་གཉིས་མེད་པར་ཤེས་པར་འགྱུར་གྱི་དེ་ལྟ་མ་ཡིན་ན་མི་རིགས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ཡང་སེམས་ཙམ་རྣམ་བརྫུན་པའི་འདོད་པ་ལ། ཤེས་པ་རང་གིས་རང་རིག་པ་ལ་རང་རིག་ཏུ་མི་འདོད་ཀྱི། འཛིན་རྣམ་མྱོང་བ་གསལ་རིག་གི་ངོ་བོ་དེ་ཉིད་ལ། རང་རིག་ཏུ་ཁས་ལེན་པ་ལ་ཁས་བླངས་ནང་འགལ་བ་བརྗོད་པ་ཡིན་ནོ། །དེའི་ཉེས་སྤོང་དུ་ཤེས་པ་རང་གིས་རང་ཉིད་ཡུལ་དུ་མ་བྱས་ཀྱང་། རང་རྒྱུ་ལས་རིག་པའི་ངོ་བོར་སྐྱེས་པ་ཙམ་ལ་རང་རིག་ཏུ་འཇོག་པ་ཡིན་ཏེ། དཔེར་ན་མར་མེ་རང་གསལ་དུ་འཇོག་པ་བཞིན་ནོ། །ཞེས་ཟེར་བ་ལ། འོ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དམ་པའི་བདེན་པ་མངོན་སུམ་དུ་རིག་པར་ཐལ་ལོ་ཞེས་ཧ་ཅང་ཐལ་བ་འཕེན་པ་ནི། ཇི་སྐད་དུ། གཞུང་དེའི་འཕྲོ་
ཉིད་ནས། རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་བོད་ཕྱི་མ་དག་སློབ་དཔོན་འདིས་མདོ་སྡེ་པ་དང་མཐུན་པར་ཐ་སྙད་དུ་ཕྱི་རོལ་གྱི་དོན་ཁས་བླངས་ཤིང་། དེ་ཡང་བློ་རྣམ་བཅས་ཀྱིས་ཕྱི་དོན་རིག་པ་དང་། རང་རིག་ཁས་མི་ལེན་པ་ནི་འདིའི་གྲུབ་པའི་མཐའོ་ཞེས་ཟེར་བ་དེ་དག་ལ་ནི་སྙིང་པོར་གྱུར་པ་ཅུང་ཟད་ཀྱང་མི་སྣང་སྟེ། ཕྱི་དོན་ཁས་ལེན་ཚུལ་མདོ་སྡེ་པ་དང་མི་མཐུན་པ་དང་། མདོ་སྡེ་པ་དང་མཐུན་པར་བློ་རྣམ་བཅས་སུ་ཁས་ལེན་ན། རང་རིག་ཁས་མི་ལེན་པ་དང་འགལ་བ་དང་། ཤེས་པ་ལ་དོན་གྱི་རྣམ་པ་སྣང་ཚུལ་མདོ་སྡེ་པ་དང་མི་མཐུན་པ་རྣམས་སོ། །དང་པོ་ནི། མདོ་སྡེ་པས་ནི་ཕྱི་རོལ་གྱི་དོན་གནས་ཚུལ་རྡུལ་ཕྲ་རབ་ཏུ་གནས་པར་འདོད་ལ། སློབ་དཔོན་འདིས་ནི་དེ་ལྟར་དུ་མི་བཞེད་དེ། ཇི་སྐད་དུ། བཏགས་པ་གཞི་དང་བཅས་པ་ནི། །འགའ་ཡང་གང་ནའང་མི་སྣང་ངོ་། །ཤིང་ལ་སོགས་པ་འདི་ཡང་ནི། །གཞི་ལ་ལྟོས་པ་མེད་པ་ཉིད། །ཅེས་དང་། དེའི་འགྲེལ་པར། ཤིང་ལ་སོགས་པར་གདགས་པའི་རྒྱུ་ནི་ཡལ་ག་ལ་སོགས་པ་ཡིན་ལ་དེའི་ཡང་གཞན་ཡིན་ཏེ། རིམ་གྱིས་རྡུལ་ཕྲ་རབ་ཀྱི་བར་དུ་ཡིན་ལ་དེ་ཡང་ཕྱོགས་ཐ་དད་པས་དཔྱད་པ་ན་མེད་པ་ཁོ་ན་ཡིན་ན་ཤིང་ལ་སོགས་པར་གདགས་པའི་རྒྱུ་དངོས་པོར་ཡོད་པ་དེ་ལྟ་ག་ལ་ཡོད། དེ་བས་ན་ཇི་ལྟར་སྣང་བ་འདི་ཁོ་ན་ཡིན་གྱི་ཞེས་སྣང་བ་ཙམ་ལས་མ་གཏོགས་པའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཞལ་གྱིས་མི་བཞེས་པའི་ཕྱིར་དང་། ཇི་སྐད་དུ། ཤེས་པའི་བདག་ཉིད་ལ་ནི། རྡུལ་ཕྲ་རབ་དང་གཉིས་མེད་པའི་དངོས་པོའི་ངོ་བོ་མི་སྣང་ངོ་། །མི་སྣང་བ་ལ་ནི་ཐ་སྙད་མེད་དོ། །སྣང་བ་གང་ཡིན་པ་དེ་ཡང་དངོས་པོའི་ངོ་བོ་མ་ཡིན་ཏེ། འདུས་པ་དང་གཉིས་ཀྱང་དངོས་པོའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་བཤད་པ་དེ་ལས་རྡུལ་ཕྲ་རབ་མངོན་སུམ་ལ་མི་སྣང་བ་དང་། མི་སྣང་བ་ལ་ཡོད་པའི་ཐ་སྙད་མི་ཐོབ་པར་གསུངས་སོ། །མདོར་ན་སློབ་དཔོན་འདིས་ནི་
ཤེས་པ་ལ་དོན་གྱི་རྣམ་པ་ཙམ་སྣང་གི་དོན་མི་སྣང་བ་དང་། རྣམ་པ་དེ་ཡང་བདེན་པར་མེད་པ་དང་། མངོན་སུམ་དང་རྗེས་དཔག་གཉིས་ཀས་མ་དམིགས་པའི་རྟགས་ཀྱིས་རྒྱུ་འབྲས་རྫས་གཞན་ཁེགས་པ་དང་། དོན་དུ་སྣང་བ་ཐམས་ཅད་སེམས་ཡིན་པ་ལ་དགག་པ་མཛད་པ་གཞུང་དེ་ན་སྣང་གི་མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་དང་མཐུན་པར་རང་ལུགས་སུ་བཞག་པ་ཅི་ཡང་མི་སྣང་ངོ་། །ཞེས་བྱ་བ་འདིས་ནི་སློབ་དཔོན་ཡེ་ཤེས་སྙིང་པོས་བཞེད་པའི་བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་ལེགས་པར་གྲུབ་པ་ཡིན་ནོ། །སྤྲོས་ཀུན་ཉེ་བར་ཞི་བའི་གྲུར་ཞུགས་ནས། །འགྲོ་མང་སྲིད་པའི་མཚོ་ལས་སྒྲོལ་མཁས་ཞིང་། །ལྷག་པའི་ལྷ་ཡིས་ཁྱོད་ལ་འདོམས་པ་བཞིན། །བསྟན་བཅོས་མཛད་པ་ཉིད་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། གསུམ་པ་སློབ་དཔོན་ཞི་བ་ལྷའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་འཆད་པ་ལ་གསུམ་སྟེ། བདེན་གཉིས་སོ་སོའི་མཚན་ཉིད་གཞུང་གི་དངོས་བསྟན་བཞིན་དུ་བཤད། གནས་སྐབས་བདེན་པ་གཉིས་ཀྱི་མཚན་གཞི་སོ་སོར་དབྱེ་བ། མཐར་ཐུག་དོན་དམ་པའི་ཐ་སྙད་ལས་ཀྱང་འདའ་དགོས་པར་བསྟན་པའོ། །དང་པོ་ནི། འཇིག་རྟེན་གྱི་བློ་ཡུལ་དུ་བྱ་རུང་དེ། དང་པོའི་མཚན་ཉིད། རང་གི་ཆོས་ཅན་དེ་འཇིག་རྟེན་གྱི་བློ་ཡུལ་དུ་རུང་ཞིང་། རང་ཉིད་བློ་དེའི་ཡུལ་ལས་འདས་པ་དེ་གཉིས་པའི་མཚན་ཉིད་དོ། །ཡང་རྔོག་ལོ་ཆེན་པོས། བློའི་ཡུལ་དུ་བྱ་རུང་མི་རུང་ལ། གཉིས་པོའི་མཚན་ཉིད་དུ་བཞེད་པ་ཡང་གཞུང་འདིའི་དགོངས་པར་མ་སོང་བ་མེད་ཅིང་། རིགས་པས་འཐད་དེ། སྤྲོས་པ་ཐམས་ཅད་དང་བྲལ་ཙམ་གྱི་མེད་པར་དགག་པ་ལས་ལོགས་སུ་དོན་དམ་བདེན་པའི་མཚན་གཞི་ནི་བཞེད་པ་དེའི་ཚེ། སྤྲོས་བྲལ་དེ་དང་རྣལ་འབྱོར་པའི་མངོན་སུམ་གཉིས་ཀྱང་ཡུལ་ཡུལ་ཅན་མཚན་ཉིད་པར་རུང་བ་མ་ཡིན་ཏེ། གཞན་དུ་ན་མངོན་སུམ་གཞན་སེལ་གྱི་ཡུལ་ཅན་དུ་ཐལ་བའི་ཕྱིར་རོ། །དེ་སྐད་དུ་ཡང་། གཞུང་འདི་ཉིད་ལས། དེ་ཚེ་དངོས་མེད་
རྟེན་བྲལ་བ། །བློ་ཡི་འདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་འདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་ལ་སྤྲོས་བྲལ་གྱི་རྣམ་པ་མི་འཆར་བས། དེ་ཡུལ་དུ་མི་བྱེད་པ་ལ་ཡུལ་གཞན་གྱི་ཡང་རྣམ་པ་མི་འཆར་བས་ཡུལ་མེད་ལ། ཆུ་ལ་ཆུ་བཞག་པ་བཞིན་དུ་ཡེ་ཤེས་དེ་ཉིད་སྤྲོས་བྲལ་གྱི་ངོ་བོར་སྐྱེས་པ་དེའི་ཚེ་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཐ་སྙད་འདོད་པར་གསུངས་སོ། །བོད་ཕྱི་མ་གང་དག་ལོ་ཙྭ་བ་ཆེན་པོས། དོན་དམ་བདེན་པ་ཤེས་བྱ་མ་ཡིན་པར་ཁས་བླངས་སོ། །ཞེས་ལུང་རིགས་ལྟར་སྣང་གི་དགག་སྒྲུབ་མང་དུ་བྱེད་པ་དེ་དག་ནི། གསལ་བྱེད་པའི་གཞད་གད་དུ་བྱས་པ་ཡིན་ཏེ། གང་ཤེས་བྱ་ཐམས་ཅད་ལ་རྟོག་ཡུལ་ན་ཡོད་པས་ཁྱབ་པར་རློམ་པའི་ངན་རྟོག་དེ་ཉིད་ཀྱིས་ཀུན་ནས་བསླངས་པའི་ཕྱིར་དང་། རྔོག་ལོ་ཆེན་པོ་རྗེས་འབྲང་དང་བཅས་པས། ཡུལ་རིག་པ་བློའི་མཚན་ཉིད་དང་། སོ་སོར་རང་གིས་རིག་པའི་ཡེ་ཤེས་རྣམས་ཡུལ་གྱི་མཚན་མ་དང་བྲལ་བར་བཞེད་པའི་ཕྱོགས་སྔ་མའི་ནམ་མ་ལངས་པའི་ཕྱིར་དང་། རིགས་པ་དྲུག་ཅུ་པར། ཇི་སྲིད་བློ་ནི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ། །ཞེས་བློ་ལ་འཛིན་པས་ཁྱབ་པར་བཤད་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ། ཀུན་རྫོབ་ཀྱི་དབྱེ་བ་དང་། དོན་དམ་གྱི་དབྱེ་བའོ། །དང་པོ་ལ། འཇིག་རྟེན་གྱི་བློ་ནི་གཉིས་ཏེ། འཇིག་རྟེན་ཕལ་པའི་བློ་དང་། རྣལ་འབྱོར་པའི་འཇིག་རྟེན་གྱི་བློའོ། །ཡུལ་ཅན་འཇིག་རྟེན་གྱི་བློ་ལ་གཉིས་སུ་ཕྱེ་བའི་རྒྱུ་མཚན་གྱིས་ཡུལ་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ལ་ཡང་གཉིས་ཏེ། འཇིག་རྟེན་ཕལ་པའི་ཀུན་རྫོབ་དང་། རྣལ་འབྱོར་པའི་ཀུན་རྫོབ་བོ། །མཚན་ཉིད་ནི། འཇིག་རྟེན་ཕལ་པའི་བློའི་ཡུལ་དུ་བྱ་རུང་བ་དང་། རྣལ་འབྱོར་པའི་བློ་འཇིག་རྟེན་པ་དེའི་ཡུལ་དུ་བྱ་རུང་བའོ། །མཚན་གཞི་ལ། བློའི་མཚན་གཞི་དང་། ཡུལ་གྱི་མཚན་གཞིའོ། །དང་པོ་ནི། འཇིག་རྟེན་གྱི་བློ་ཞེས་པའི་རིག་པས་རྣམ་པར་
བསླད་པའི་གཟུང་འཛིན་གཉིས་སུ་སྣང་བ་ཅན་གྱི་བློ་ལ་བྱ་ལ། དེ་ཡང་བྱིས་པའི་རྒྱུད་ལ་ནི་རྟགས་ལ་བརྟེན་པའི་རིགས་ཤེས་དང་། ཤེས་པ་རང་རིག་རང་གསལ་མ་གཏོགས་པའི་བློ་ཐམས་ཅད་དེ། འཕགས་པའི་རྒྱུད་ལ་ནི། མཉམ་བཞག་ཏུ་མཚན་མར་འཛིན་པ་མི་འབྱུང་ལ། རྗེས་ཐོབ་ཀྱི་ཤེས་པ་ལ་གཉིས་ཏེ། སྣང་ཆ་ལ་མཚན་མར་འཛིན་པའི་རྣམ་ཤེས་དང་། སྟོང་ཆ་ལ་ཅིར་ཡང་མི་འཛིན་པའི་ཡེ་ཤེས་གཉིས་ལས། ཕྱི་མས་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པའི་ཕྱིར་ན་བློ་འཇིག་རྟེན་པ་མ་ཡིན་པས་སྔ་མ་ཁོ་ནའོ། །དེ་དག་ལ་ནི་བློ་ཀུན་རྫོབ་པ་ཞེས་བྱ་སྟེ། གནས་ཚུལ་མཐོང་བ་ལ་སྒྲིབ་པར་བྱེད་པའི་བློ་ཡིན་པའི་ཕྱིར་རོ། །གཉིས་པ་ཡུལ་གྱི་ཀུན་རྫོབ་ལ་གཉིས་ཏེ། འཇིག་རྟེན་དང་གཉིས་ཀའི་ཐུན་མོང་གི་ཀུན་རྫོབ་དང་། ཐུན་མོང་མ་ཡིན་པ་སོ་སོའི་ཀུན་རྫོབ་བོ། །དང་པོ་ནི། བྱིས་པ་ནས་འཕགས་པ་སློབ་པའི་རྗེས་ཤེས་ཀྱི་བར་ལ་ཐུན་མོང་དུ་མཐུན་པར་སྣང་བའི་སྣང་ཙམ་གྱི་ཆའོ། །འདི་རིགས་པས་དཔྱད་པའི་ཚེ་མ་གྲུབ་ཀྱང་། རིགས་པས་ཆེད་དུ་གཉེར་ནས་མི་འགོག་སྟེ། མ་བཀག་ཀྱང་ཉེས་པ་མི་བསྐྱེད་པའི་ཕྱིར། དེའི་ཕྱིར་ཀུན་རྫོབ་འདི་ལ་ནི་རྣལ་འབྱོར་གོང་མ་གོང་མས་གནོད་པ་ཞེས་བྱ་བའི་ཐ་སྙད་མེད་དོ། །གཉིས་པ་ལ་གཉིས་ཏེ། འཇིག་རྟེན་ཕལ་པའི་ཐུན་མོང་མ་ཡིན་པ་དང་། རྣལ་འབྱོར་འཇིག་རྟེན་གྱི་ཐུན་མོང་མ་ཡིན་པའི་ཀུན་རྫོབ་བོ། །དང་པོ་ནི། བདག་ཏུ་འཛིན་པའི་བློ་ལྷན་སྐྱེས་གཉིས་ཀྱིས་བཏགས་པའི་བདག་གཉིས་དང་། རང་རྒྱུད་ཀྱི་ཕུང་པོ་ལ་གཙང་བདེ་རྟག་བདག་ཏུ་འཛིན་པའི་བློ་ལྷན་སྐྱེས་ཀྱིས་བཏགས་པ་རྣམས་སོ། །འདིར་ཀུན་རྫོབ་ལ་ཡང་ལོག་གི་དབྱེ་བ་མ་བཤད་ཀྱང་ཡང་དག་ཁོ་ནའི་དབང་དུ་བྱས་ནས་འཆད་དགོས་ཏེ། འཇིག་རྟེན་དང་རྣལ་འབྱོར་གྱི་རིམ་པས་སྔ་མ་སྔ་མའི་དོན་དམ་བདེན་པ་ལ་ཕྱི་མ་ཕྱི་མའི་རིགས་པས་གནོད་པར་སྟོན་པའི་སྐབས་ཡིན་པའི་ཕྱིར་དང་། ལོག་པའི་ཀུན་རྫོབ་རྣམས་ལ་ནི། རང་
རང་ལ་གྲགས་པའི་རིགས་པས་གནོད་པས་རྣལ་འབྱོར་གོང་མ་ལ་ལྟོས་མི་དགོས་པའི་ཕྱིར། གཉིས་པ་ལ་རྣལ་འབྱོར་ཞེས་པ་ནི། གང་ལ་རྣལ་འབྱོར་སྒོམ་པ་ཡོད་པ་སྟེ། ཕྱི་རོལ་པ་དང་། ནང་པའི་དབྱེ་བས་གཉིས་སོ། །དང་པོ་ནི། འཇིག་རྟེན་རྒྱང་ཕན་པ་མ་གཏོགས་དབང་ཕྱུག་པ་ལ་སོགས་པ་སྟེ། དེ་དག་གི་ཀུན་རྫོབ་ཀྱིས་སྔ་མའི་ཀུན་རྫོབ་སྐྱེ་བ་སྔ་ཕྱི་མེད་པ་ལ་གནོད་པ་ལྟ་བུ་ཕྱི་རོལ་པ་རང་ལ་གྲགས་པའི་རྣལ་འབྱོར་གོང་མས་འོག་མ་ལ་གནོད་པའི་ཚུལ་ཡང་རྒྱས་པར་བརྗོད་ནུས་སོ། །འདིར་སྐབས་སུ་བབ་པ་ནི། ཆོས་ཀྱི་སྡོམ་བཞི་ལ་མཚན་མར་འཛིན་པའི་རྟོག་པས་ཡུལ་དུ་བྱས་པའི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་རྣམས་ནི་རང་སྡེ་ཐམས་ཅད་ཀྱི་ཐུན་མོང་གི་རྣལ་འབྱོར་ཀུན་རྫོབ་བོ། །དེ་ཡང་དབུ་མའི་རིགས་པས་སྤྲོས་པ་གཅོད་པ་ལ་ལྟོས་ནས་ཀུན་རྫོབ་ཏུ་བཞག་པ་ཡིན་གྱི། གྲུབ་མཐའ་འོག་མ་ལ་ལྟོས་པའི་ནི་དོན་དམ་པའི་བདེན་པ་ཡིན་ཏེ། དཔེར་ན། ཉན་ཐོས་སྡེ་པའི་གྲུབ་མཐའ་ལ་མི་རྟག་སྡུག་བསྔལ་གཉིས་དོན་དམ་པའི་བདེན་པ་དང་། རྣལ་འབྱོར་སྤྱོད་པ་པ་དང་དབུ་མའི་ལུགས་ཀྱི་བར་དུ་བདག་བཟློག་པའི་རིགས་པ་ཕན་ཆད་དུ་སྟོང་བདག་མེད་གཉིས་དོན་དམ་པའི་བདེན་པར་བཞག་པ་ལྟ་བུའོ། །འོ་ན་གྲུབ་མཐའ་འོག་མ་འོག་མའི་དོན་དམ་པའི་བདེན་པ་རྣམས་གོང་མ་གོང་མ་ལ་ལྟོས་པའི་ཀུན་རྫོབ་ཏུ་འཇོག་ན། དབུ་མའི་ལུགས་ཀྱིས་དོན་དམ་ཡང་གྲུབ་མཐའ་གཞན་ལ་ལྟོས་པའི་ཀུན་རྫོབ་ཏུ་འགྱུར་རོ་སྙམ་ན། མ་ཡིན་ཏེ། དེའི་དེ་ནི་སྒྲ་རྟོག་གི་ཡུལ་ལས་འདས་ཤིང་། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འོ་ན་མཉམ་གཞག་གི་ངོར་ནི་རྣལ་འབྱོར་འོག་མའི་བདག་མེད་གཉིས་ཀྱང་སྤྲོས་པའི་མཚན་མ་དང་བྲལ་ལ། རྗེས་ཤེས་ཀྱི་ངོར་ནི་རྣལ་འབྱོར་གོང་མའི་སྤྲོས་བྲལ་ཡང་། དེའི་མཚན་མ་དང་འབྲེལ་བའི་ཕྱིར་སྙམ་ན་ནི། དོན་དམ་པའི་བདེན་པ་ནི་སྤྲོས་པ་དང་བྲལ་བ་ཡིན་ནོ། །ཞེས་ཐ་སྙད་དུ་བྱེད་པ་
དེ་ནི་རྣལ་འབྱོར་གོང་མའི་དོན་དམ་གྱི་འཇོག་ལུགས་མཐར་ཐུག་ཏུ་ཁས་ལེན་ན་བདེན་ཡང་། དེ་དེར་ཁས་མི་ལེན་ཏེ། སྤྲོས་མེད་ཀྱི་སྤྲོས་པ་ཡང་འགོག་པ་དེའི་ཚེ་ནི། ངག་ཏུ་ཁས་ལེན་པ་དང་། ཡིད་ཀྱི་དམ་བཅའ་བ་ཅི་ཡང་མི་བྱེད་པའི་ཕྱིར་རོ། །དེ་ལྟར་གྲུབ་མཐའ་སྨྲ་བ་བཞིའི་ཐུན་མོང་གི་རྣལ་འབྱོར་ཀུན་རྫོབ་སྤྱིར་བཤད་ནས། སོ་སོར་ཕྱེ་ན་གང་ཟག་གི་བདག་འགོག་པ་དང་། བདག་མེད་སྒྲུབ་པའི་རིམ་པ་ལ་ནི་གྲུབ་མཐའ་སྨྲ་བ་བཞི་པོ་རིགས་པ་རྩིང་ཞིབ་ཀྱི་ཁྱད་པར་ཅི་ཡང་མི་སྣང་ཞིང་། དེ་ཡོད་པར་ཤིང་རྟ་ཆེན་པོ་སུས་ཀྱང་མ་བཤད་པས། བོད་ཕྱི་མ་དག་གྲུབ་མཐའ་བཞིའི་དགག་བྱ་གང་ཟག་གི་བདག་ངོས་འཛིན་ཚུལ་ལ་ཕྲ་རགས་ཀྱི་ཁྱད་པར་འདོད་པ་ལ་ནི་སྙིང་པོར་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཚུལ་འོག་ནས་འཆད་པར་འགྱུར་ལ། ཆོས་ཀྱི་བདག་མེད་སྒྲུབ་པ་ལ་རིམ་པ་འདི་ལྟར་འབྱུང་སྟེ། ཐོག་མར་བྱེ་བྲག་ཏུ་སྨྲ་བས་ནི་རགས་པ་དང་རྒྱུན་གྱི་དངོས་པོ་རྫས་སུ་མེད་ཅིང་། འདུས་བྱས་ཐམས་ཅད་སྐད་ཅིག་མར་བསྒྲུབས་ནས་དོན་སྣང་གི་ཤེས་པས་རྡུལ་ཕྲན་རྣམ་མེད་ཐུགས་ཕྲད་དུ་འཛིན་པར་འདོད། མདོ་སྡེ་པས་ནི། རྣམ་མེད་བཀག་ནས་ཤེས་པ་ལ་དོན་གྱི་རྣམ་པ་སྣང་བར་བསྒྲུབས་ནས་ཕྱི་རོལ་གྱི་དོན་ལྐོག་ན་མོར་འདོད། རྣམ་བདེན་པས་ནི། སྣང་རུང་མ་དམིགས་པའི་བརྟགས་ཀྱིས་ཕྱི་དོན་ལྐོག་ན་མོ་ཡང་བཀག་ནས་དོན་གྱི་རྣམ་པ་ཁོ་ན་དོན་སྣང་གི་ཤེས་པའི་མྱོང་བྱར་འདོད། རྣམ་བརྫུན་པས་ནི། རྣམ་པ་དེ་ཉིད་ཀྱང་མི་བདེན་པར་བསྒྲུབས་ནས་གཉིས་མེད་ཀྱི་ཤེས་པ་ཁོ་ན་བདེན་པར་འདོད། དབུ་མ་པས་ནི། དངོས་འཛིན་གྱི་སྤྲོས་པ་གཅོད་པའི་ཚེ་དངོས་པོའི་ཆོས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པ་དེ་དོན་དམ་པའི་བདེན་པར་འདོད། དངོས་མེད་ཀྱི་སྤྲོས་པ་གཅོད་པའི་ཚེ་ནི་རྟེན་དངོས་པོ་བདེན་པར་མེད་པའི་རྟགས་ཀྱིས་དེ་ལ་བརྟེན་པའི་དངོས་མེད་ཀྱི་མཚན་མ་ཡང་བཀག་ནས།
སྤྲོས་པའི་མཚན་མ་མ་ལུས་པ་ཉེ་བར་ཞི་བར་བྱེད་དོ། །དེ་ཡང་གྲུབ་མཐའ་སྨྲ་བ་འོག་མའི་བདག་འགོག་པའི་རིགས་པས་གང་བཀག་པའི་ཆ་དེ་ཉིད་གོང་མས་འགོག་པ་མ་ཡིན་གྱི་གང་བསྒྲུབས་པ་དེ་ཉིད་གོང་མའི་རིགས་པས་འགོག་པ་ཡིན་ཏེ། དེ་ཉིད་གོང་མ་ལ་ལྟོས་པའི་ཀུན་རྫོབ་བདེན་པར་སོང་བའི་ཕྱིར། དེ་ལྟ་ན་ཡང་ཐམས་ཅད་ལ་ཐུན་མོང་དུ་གྲགས་པའི་སྣང་ཙམ་ནི་འདིར་མི་འགོག་སྟེ། སྣང་ལ་རང་བཞིན་མེད་པ་སྒྱུ་མའི་དཔེས་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་ཁས་བླངས་པས། བསོད་ནམས་ཀྱི་ཚོགས་རྫོགས་ཏེ་འབྲས་བུ་གཟུགས་ཀྱི་སྐུ་མཐར་ཕྱིན་པར་འགྱུར་བའི་ཕྱིར། གཉིས་པ་དོན་དམ་པའི་དབྱེ་བ་ལ་གཉིས་ཏེ། དངོས་པོའི་ལུགས་བཟློག་པའི་དོན་དམ་དང་། སྟོང་པའི་ཉིད་ཀྱི་བག་ཆགས་ཀྱང་བཟློག་པའི་དོན་དམ་མོ། །དང་པོ་ནི། ཁྱད་གཞི་ཀུན་རྫོབ་ཀྱི་དངོས་པོའི་སྟེང་དུ་ཁྱད་ཆོས་བདེན་གྲུབ་པ་བཀག་པའི་སྟོང་པ་ཉིད་དམ། ཡང་ན་ཕྱི་དང་ནང་དང་ཕྱི་ནང་གཉིས་ཀ་སྟོང་པ་ཉིད་ལྟ་བུའོ། །གཉིས་པའི་མཚན་གཞི་ནི། ཁྱད་གཞི་དོན་དམ་བདེན་པའི་སྟེང་དུ་ཁྱད་ཆོས་སྤྲོས་པའི་མཚན་མ་མཐའ་དག་བཀག་པའི་སྟོང་པ་ཉིད་དམ། ཡང་ན་སྟོང་པ་ཉིད་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་ལྟ་བུའོ། །གསུམ་པ་མཐར་ཐུག་བདེན་པ་གཉིས་ལས་ཀྱང་འདས་པར་བསྟན་པ་ནི། མཐར་ཐུག་སྤྲོས་པ་མཐའ་དག་འགོག་པ་དེའི་ཚེ་ནི། ཀུན་རྫོབ་ཀྱི་བདེན་པ་ལྟ་ཅི་སྨོས། དོན་དམ་པའི་བདེན་པའི་ཐ་སྙད་ཀྱང་ཁས་མི་ལེན་ཏེ། སྤྲོས་པའི་མཚན་མ་མ་ལུས་པ་འགོག་པའི་ཕྱིར་རོ། །དེའི་ཚེ་ཐོས་བསམ་གྱི་ཤེས་རབ་དང་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་གང་ཞིག་གང་དུ་བཟུང་བ་དེ་ནི་མཚན་མས་བཟུང་བ་ཡིན་པས། དེའི་འཛིན་སྟངས་དང་མཐུན་པའི་དོན་ནི་ཅུང་ཟད་ཀྱང་ཁས་མི་ལེན་ལ། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་
སྣང་ཙམ་གྱི་ངོ་བོ་འདི་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །དོན་དེ་དག་ཀྱང་། ཇི་སྐད་དུ། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །དེ་ལ་འཇིག་རྟེན་རྣམ་གཉིས་མཐོང་། །རྣལ་འབྱོར་པ་དང་ཕལ་པ་འོ། །དེ་ལ་འཇིག་རྟེན་ཕལ་པ་ནི། །རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང་། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །གཉིས་ཀ་ཡང་ནི་འདོད་པའི་དཔེས། །འབྲས་བུའི་དོན་དུ་མ་དཔྱད་ཕྱིར། །འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ཀྱི། །སྒྱུ་མ་ལྟ་བུ་མིན་པས་འདིར། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་དང་། སྟོང་ཉིད་བག་ཆགས་གོམས་པ་ན། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱིས་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དེ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མཐུན་དུ་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་དེ་དག་གི་དོན་མཐའ་ཆོད་པར་བཤད་པ་ཡིན་ནོ། །ཡང་སློབ་དཔོན་འདིའི་བཞེད་པས། ཀུན་རྫོབ་སྣང་ཙམ་གྱི་ཆ་རིགས་པའི་དགག་བྱར་ནི་མི་བཞེད་དེ། ཇི་སྐད་དུ། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོག་པ་བཟློག་བྱ་མིན། །ཞེས་གསུངས་པས་སོ། །དེ་མི་འགོག་མོད་ཀྱང་། རང་ལུགས་ཀྱི་ཚད་མས་གྲུབ་པར་ཡང་མི་བཞེད་དེ། ཇི་སྐད་དུ། གཟུགས་སོགས་མངོན་སུམ་ཉིད་ཀྱང་ནི། །གྲགས་པས་ཡིན་གྱི་ཚད་མས་མིན། །དེ་ནི་མི་གཙང་ལ་སོགས་ལ། །གཙང་སོགས་གྲགས་པ་བཞིན་དུ་བརྫུན། །ཞེས་གསུངས་སོ། །འོ་ན་རྣལ་འབྱོར་ཀུན་རྫོབ་ཀྱང་རང་ལུགས་ཀྱི་ཚད་མས་
མི་འགྲུབ་ན། བསྟན་བཅོས་ལས། གཟུགས་སོགས་མི་རྟག་པ་དང་སྡུག་བསྔལ་ལ་སོགས་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ཡང་འཇིག་རྟེན་གཞུག་པའི་དོན་ཡིན་གྱི། རང་ལུགས་ཀྱི་ཚད་མས་མ་གྲུབ་བོ་ཞེས་འཆད་པ་ནི། འཇིག་རྟེན་གཞུག་པའི་དོན་དུ་ནི། །མགོན་པོས་དངོས་བསྟན་དེ་ཉིད་དུ། །དེ་དག་སྐད་ཅིག་ཉིད་མ་ཡིན། །ཞེས་གསུངས་སོ། །འོ་ན་དེ་དག་ཀུན་རྫོབ་ཀྱི་བདེན་པ་ཡང་མ་ཡིན་པར་འགྱུར་ཏེ། འཇིག་རྟེན་གྱི་ཀུན་རྫོབ་ལ་མི་སྣང་ཞིང་རང་ལུགས་ཀྱི་ཚད་མས་ཀྱང་མི་འགྲུབ་པའི་ཕྱིར་སྙམ་ན། རྣལ་འབྱོར་གྱི་ཀུན་རྫོབ་ཡིན་ལ། དེ་ཉིད་འཇིག་རྟེན་ལ་ལྟོས་པའི་དོན་དམ་ཡང་ཡིན་ནོ། །ཞེས་འཆད་པ་ནི། ཀུན་རྫོབ་ཏུ་ཡང་འགལ་ཞེ་ན། །རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་། །གཞན་དུ་བུད་མེད་མི་གཙང་བར། །ངེས་རྟོགས་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་གསུངས་སོ། །ཡང་ལུགས་འདི་ལ་གང་མཚན་མར་འཛིན་པའི་བློ་ཡིན་ན། ཀུན་རྫོབ་ཀྱི་ཡུལ་ཅན་དང་མཐོང་བ་བརྫུན་པ་ཡིན་པས་ཁྱབ། དེ་ཡིན་ན་ཚད་མ་མ་ཡིན་པས་ཁྱབ། གང་དོན་གང་ལ་ཚད་མ་ཡིན་ན་དོན་དམ་པའི་བདེན་པ་རྟོགས་པས་ཁྱབ། དེ་རྟོགས་ན་དེ་མངོན་སུམ་དུ་རྟོགས་པས་མ་ཁྱབ་ཀྱང་། དེའི་དོན་སྤྱི་ཡང་མ་ཤར་བས་ཁྱབ་བོ། །ཞེས་བྱ་བ་འདི་བཞེད་པ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་ཚད་མ་ཉིད་མིན་ན། །གསལ་བར་མཐོང་བའང་བདེན་མ་ཡིན། །ཞེས་དང་། དེ་ལ་གཞན་དག་གིས་བརྩོད་པ་ནི། གལ་ཏེ་ཚད་མ་ཚད་མིན་ན། །དེ་གཞལ་བརྫུན་པར་མི་འགྱུར་རམ། །དེ་ཉིད་དུ་ན་སྟོང་པ་ཉིད། །སྒོམ་པ་དེ་ཕྱིར་མི་འཐད་འགྱུར། །ཞེས་པ་ལ་འདོད་ལན་འདེབས་པ་ནི། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །དེ་ཕྱིར་བརྫུན་པའི་དངོས་གང་ཡིན། །དེ་ཡིས་དངོས་མེད་གསལ་བར་བརྫུན། །དཔེར་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། །ཞེས་
གསུངས་སོ། །གཞན་ཡང་། བདག་ལྟ་ཅི་སྨོས། སེམས་ཅན་དང་གང་ཟག་ཙམ་ཡང་རང་ལུགས་ཀྱི་ཚད་མས་གྲུབ་པར་མི་བཞེད་དེ། ཇི་སྐད་དུ། སེམས་ཅན་ཡོད་པ་མ་ཡིན་ན། །སུ་ལ་སྙིང་རྗེ་བྱ་ཞེ་ན། །འབྲས་བུའི་དོན་དུ་ཁས་བླངས་པའི། །རྨོངས་པས་བཏགས་པ་གང་ཡིན་པའོ། །སེམས་ཅན་མེད་འབྲས་སུ་ཡི་ཡིན། །བདེན་ཏེ་འོན་ཀྱང་རྨོངས་ལས་འདོད། །སྡུག་བསྔལ་ཉེ་བར་ཞི་དོན་དུ། །འབྲས་བུའི་རྨོངས་པ་བཟློག་མི་བྱ། །སྡུག་བསྔལ་རྒྱུ་ཡི་ང་རྒྱལ་ནི། །བདག་ཏུ་རྨོངས་པས་འཕེལ་བར་འགྱུར། །དེ་ལས་ཀྱང་བཟློག་མེད་ཅེ་ན། །བདག་མེད་སྒོམ་པ་མཆོག་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ཞར་ལ། བོད་ཕྱི་མ་གང་དག་སློབ་དཔོན་འདི་ཐ་སྙད་དུ་ཡང་རང་རིག་མི་བཞེད་དོ། །ཞེས་ཟེར་བ་དེ་དཔྱད་པར་བྱ་བ་ལ་གཉིས་ཏེ། སྤྱིར་རང་རིག་གི་གོ་དོན་ངོས་བཟུང་། དེ་སློབ་དཔོན་འདིས་མི་བཞེད་པ་གཞུང་གི་དགོངས་པ་མ་ཡིན་པའོ། །དང་པོ་ལ། རང་རིག་ཅེས་བྱ་བའི་ཐ་སྙད་དང་། དེའི་དོན་གཉིས་ལས། དོན་ནི་མྱོང་བ་རིག་ཅིང་གསལ་ཙམ་དེ་ཉིད་ཡིན་ལ། དེ་ནི་ཤེས་པ་ཐམས་ཅད་ཀྱི་སྟེང་དུ་ཁས་མི་ལེན་པའི་རང་གཞན་གྱི་གྲུབ་མཐའ་སྨྲ་བ་སུ་ཡང་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། རིགས་པ་མཁྱེན་པས། དེ་བདག་ཉིད་ཀྱིས་མྱོང་བ་ལ། །བརྩོད་པ་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན་སློབ་དཔོན་འདིས། རང་རིག་གི་དོན་བཞེད་པར་གྲུབ། དེ་བཞེད་ན་ཐ་སྙད་ཀྱིས་ནི་ཉེས་པ་ཅི་ཞིག་བྱས་ནས་མི་བཞེད་པ་ཡིན་ཏེ། དོན་བཞེད་ཀྱང་ཐ་སྙད་མི་བཞེད་ན་གྲངས་ཅན་གྱི་ངོར་ཇི་སྐད་དུ། མྱོང་བྱ་ཉིད་ཕྱིར་སེམས་ཡིན་ནོ། །ཞེས་བསྒྲུབས་པ་དེ་དང་འདྲ་བར་འགྱུར་རོ། །གཞན་ཡང་རང་རིག་གི་དོན་ནི་ཇི་སྐད་དུ། དེ་ལྟར་དེ་ཡི་བདག་ཉིད་ཕྱིར། །གསལ་བྱེད་རབ་ཏུ་གསལ་བ་ན། །རང་གི་ངོ་བོ་གསལ་བྱེད་འདོད། །དེ་ལྟར་བློ་བདག་རིག་ཅན་ཡིན། །ཞེས་དང་། དབུ་མའི་རྒྱན་ལས། རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་ཉིད། །བེམས་མིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་རིག་པ་ཡིན། །ཞེས་
རིག་བྱེད་གཞན་ལ་མི་ལྟོས་པར། རང་རྒྱུད་ལས། རིག་པའི་ངོ་བོར་སྐྱེས་པ་དེ་ལ་རང་རིག་གི་གོ་དོན་དུ་བཤད་ལ། དེ་ཡང་སློབ་དཔོན་འདིས་མི་བཞེད་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །མདོར་ན་མདོ་སེམས་ཀྱི་གཞུང་ཆེན་པོ་དག་ལས་རང་རིག་གི་འཆད་ཚུལ་མི་འདྲ་བ་གསུམ་བྱུང་སྟེ། རིག་བྱེད་གཞན་ལ་མི་ལྟོས་པར་རིག་པའི་ངོར་སྐྱེས་ཙམ་ལ་དེར་བཤད་པ་དང་། དོན་གྱི་གཟུང་རྣམ་ཉམས་སུ་མྱོང་བ་ལ་དེར་བཤད་པ་དང་། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ལ་དེར་བཤད་པའོ། །གཉིས་པ་ནི། སློབ་དཔོན་འདི་དང་ཟླ་བའི་ཞབས་ཀྱིས་དོན་དམ་པའི་བདེན་པ་རྣམ་པར་གཏན་ལ་འབེབས་པའི་ཚེ་ནི། རང་རིག་ཏུ་མ་ཟད་ཀུན་རྫོབ་ཀྱི་ཆོས་གང་ཡང་རང་ལུགས་ཀྱི་ཚད་མས་གྲུབ་པར་མི་བཞེད་ལ། ཐ་སྙད་ཀྱི་བདེན་པ་རྣམ་པར་འཇོག་པ་དེའི་ཚེ་ནི། རང་རིག་གི་འཆད་ཚུལ་ཐོག་མཐའ་གཉིས་ཞལ་གྱིས་བཞེས་པ་ཡིན་ཏེ། གཞན་དུ་ན་ཐ་སྙད་དུ་རིག་པ་ཙམ་ཞལ་གྱིས་མི་བཞེས་པར་འགྱུར་བ་དང་། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཐ་སྙད་ཞལ་གྱིས་མི་བཞེས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་དེ་ཉིད་མི་རིག་པར་ཐལ་བའི་ཕྱིར་རོ། །རང་རིག་གི་འཆད་ཚུལ་བར་པ་དེ་ནི་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པ་དང་། སེམས་ཙམ་རྣམ་བདེན་པ་གཉིས་ཀྱི་ཐུན་མོང་གི་འདོད་པ་ཡིན་ལ། གཟུང་འཛིན་གཉིས་མེད་ཀྱི་རང་རིག་རང་གསལ་བདེན་པར་གྲུབ་བོ་ཞེས་བྱ་བ་འདི་ནི་སེམས་ཙམ་རྣམ་བརྫུན་པའི་ཐུན་མོང་མ་ཡིན་པའི་འདོད་པ་ཡིན་པས་དོན་དེ་དག་ཉིད་སློབ་དཔོན་འདི་དང་། ཟླ་བའི་ཞབས་ཀྱིས་གཞུང་དུ་འགོས་པར་མཛད་དོ། །ཞེས་མདོར་བསྟན་ནས་དེ་ཉིད་རྒྱས་པར་འཆད་པ་ལ། རྩོད་གཞི་དགོད་པ་དང་། དེ་འགོག་བྱེད་ཀྱི་གཞུང་དོན་སོ་སོར་ཕྱེ་བའོ། །དང་པོ་ནི། དེ་ཡང་སེམས་ཙམ་པས་རང་གི་གྲུབ་པའི་མཐའ་འཇོག་པ་ན་ཕྱི་རོལ་གྱི་དོན་ནི་མེད་ལ། དོན་སྣང་གི་ཤེས་
པ་ནི་ཡོད་དོ་ཞེས་ཁས་ལེན་ལ། དེའི་ཚེ་དོན་སྣང་གི་ཤེས་པ་དེ་ལ་ལྡོག་པའི་དབྱེ་བས་གཉིས་ཏེ། དོན་གྱི་རྣམ་པ་སྣང་བའི་ཆ་དང་། དེས་སྟོང་པའི་གསལ་རིག་གི་ཆ་གཉིས་ལས། དང་པོ་གཞན་དབང་དང་ཀུན་རྫོབ་ཀྱི་བདེན་པ་ཡིན་ཞིང་། དེ་ཡང་དོན་དམ་དུ་བདེན་པ་མ་གྲུབ་ཀྱང་། ཐ་སྙད་དུ་བདེན་པར་གྲུབ་བོ། །རྣམ་བདེན་པས་ནི་ཤེས་པ་རང་ལས་རྒྱང་ཆད་དུ་སྣང་བའི་རྣམ་པ་དེ་ཤེས་པ་ཉིད་ཡིན་ཞིང་། རང་རིག་གི་མྱོང་བྱར་འདོད་དོ། །གཉིས་པ་གསལ་རིག་གི་ཆ་ནི། ཡོངས་གྲུབ་དང་དོན་དམ་པའི་བདེན་པ་དང་དོན་དམ་དུ་བདེན་པར་འདོད་ཅིང་། བྱེ་བྲག་ཏུ་རྣམ་བདེན་པས་ནི། བཤད་མ་ཐག་པའི་གཟུང་རྣམ་དེའི་མྱོང་བྱེད་རང་རིག་ཏུ་འདོད་ཅིང་། དེ་ཡང་ཁྱད་པར་གསུམ་དང་ལྡན་པ་ཞིག་སྟེ། ཇི་སྐད་དུ། ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་འབྱུང་བ་ལྟར་རོ། །རྣམ་བརྫུན་པས་ནི། དོན་གྱི་རྣམ་པ་དེ་དངོས་པོར་མེད་པའི་ཕྱིར་ཤེས་པ་མ་ཡིན་པས་དེ་ཉིད་རང་རིག་གིས་མྱོང་བྱ་མ་ཡིན་ནོ། །འོ་ན་ཅི་ཞིག་ན། གཉིས་མེད་ཀྱི་ཤེས་པ་དེ་ཉིད་དེའི་མྱོང་བྱའོ། །ཞེས་འདོད་དོ། །དབུ་མ་པས་ནི། ཕྱི་རོལ་གྱི་དོན་དང་དོན་སྣང་གི་ཤེས་པ་གཉིས་ཀ་ཐ་སྙད་དུ་ཡོད་མཉམ་དང་། དེ་ཡང་ཚད་མས་གྲུབ་པ་མ་ཡིན་གྱི། འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་དུའོ། །གྲུབ་པའི་མཐའ་ལ་ཞུགས་ནས་ནི། དོན་ཤེས་གཉིས་ཀ་མེད་མཉམ་དུ་མཚུངས་པ་ཡིན་ཏེ། གཉིས་ཀ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ཞེས་འཆད་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། སྤྱོད་འཇུག་ལས་གསུངས་ཚུལ་དང་། འཇུག་པ་ལས་གསུངས་ཚུལ་ལོ། །དང་པོ་ལ། ཀུན་རྫོབ་ཀྱི་བདེན་པ་སྣང་བ་སེམས་ཉིད་དུ་རིགས་པས་གྲུབ་པ་དགག དོན་དམ་པའི་བདེན་པ་གཉིས་མེད་ཀྱི་ཤེས་པ་རིགས་པས་གྲུབ་པ་དགག་པའོ། །དང་པོ་ནི། ཇི་སྐད་དུ། སྒྱུ་འདྲའི་རྒྱལ་བ་བསོད་ནམས་ནི། །ཇི་ལྟར་དངོས་ཡོད་ལ་ཇི་བཞིན། །ཞེས་སོགས་སུ་ཕྱི་རོལ་གྱི་དོན་དང་དོན་སྣང་
གི་ཤེས་པ་གཉིས་ཀ་སྒྱུ་མ་བཞིན་དུ་དབུ་མའི་རང་ལུགས་ལ་ཡོད་པ་མ་ཡིན་པར་ཁས་བླངས་པ་ལ་སེམས་ཙམ་པས་རྩོད་པ་ནི། ཇི་སྐད་དུ། གང་ཚེ་འཁྲུལ་པའང་ཡོད་མིན་ན། །སྒྱུ་མ་གང་གིས་དམིགས་པར་འགྱུར། །ཞེས་པའི་ལན་དུ། གང་ཚེ་ཁྱོད་ལ་སྒྱུ་མ་ཉིད། །མེད་ན་དེ་ཚེ་ཅི་ཞིག་དམིགས། །ཞེས་གསུངས་སོ། །དེ་ལ་རྣམ་བདེན་པ་ན་རེ། སྒྱུ་མར་སྣང་བ་དེ་ཉིད་སེམས་ཡིན་ནོ། །ཞེ་ན། སྣང་བ་དེ་ཆོས་ཅན། རང་སྣང་མཁན་གྱི་སེམས་ལ་དེ་ཉིད་ལས་ཐ་དད་དུ་མི་སྣང་དེ་སྣང་མཁན་གྱི་སེམས་དེ་ཉིད་ཡིན་པའི་ཕྱིར། ཞེས་འཆད་པ་ནི། གལ་ཏེ་དེ་ཉིད་དུ་གཞན་ཡོད། །རྣམ་པ་དེ་ནི་སེམས་ཉིད་ཡིན། །གང་ཚེ་སེམས་ཉིད་སྒྱུ་མ་ན། །དེ་ཚེ་གང་གིས་གང་ཞིག་མཐོང་། །ཞེས་པས་རིགས་པ་དང་། ལུང་ནི་ཇི་སྐད་དུ། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། །སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས། །རལ་གྲིའི་སོ་ནི་རང་ལ་རང་། །ཇི་ལྟར་མི་གཅོད་དེ་བཞིན་ཡིད། །ཅེས་གསུངས་སོ། །དེའི་ཉེས་སྤོང་དུ། སེམས་ཙམ་པ་ན་རེ། རིག་བྱ་རིག་བྱེད་ཐ་དད་པ་གཉིས་མེད་ཀྱང་རང་རིག་ཏུ་མི་འགལ་ཏེ། མར་མེ་རང་གསལ་དུ་འཇོག་པ་དང་། བཻ་ཌུརྻའི་སྔོན་པོ་རང་སྔོན་དུ་འཇོག་པ་བཞིན་ནོ། །ཞེས་འཆད་པ་ནི། ཇི་ལྟར་མར་མེ་རང་གི་དངོས། །ཡང་དག་གསལ་བར་བྱེད་བཞིན་ན། །མར་མེ་གསལ་བར་བྱས་མིན་ཏེ། །གང་ཕྱིར་མུན་གྱིས་བསྒྲིབས་པ་མེད། །ཤེལ་བཞིན་སྔོན་པོ་སྔོ་ཉིད་ལ། །ཞེས་པ་ནས། བདག་གིས་བདག་ཉིད་བྱས་པ་མེད། །ཅེས་པའི་བར་གསུངས་ལ། དོན་ནི། མར་མེས་མར་མེ་གསལ་བར་བྱས་པ་མ་ཡིན་ཏེ། ཡིན་ན་དེ་སྔར་མི་གསལ་བར་ཕྱིས་དེ་ཉིད་ཀྱིས་གསལ་བར་བྱས་པ་ཡིན་དགོས་པ་ལས། དེ་ཡང་མ་ཡིན་པའི་ཕྱིར། དེ་བཞིན་དུ་རང་སྔོ་ལ་ཡང་སྦྱར་བས་དཔེ་མི་འཐད་པའོ། །དཔེ་དོན་མི་མཚུངས་པར་སྟོན་པ་ནི། མར་མེ་གསལ་བར་བྱེད་དོ་ཞེས། །ཤེས་པས་ཤེས་དེ་བརྗོད་བྱེད་ན། །བློ་ནི་གསལ་བ་ཉིད་ཡིན་ཞེས།
།གང་གིས་ཤེས་ནས་དེ་སྐད་བརྗོད། །ཅེས་གསུངས་སོ། །མདོར་ན་དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ལ་ཁྱད་ཆོས་གསལ་མི་གསལ་གྱི་རྣམ་གཞག་མི་འཐད་དེ། ཁྱོད་རང་ཉིད་ཚད་མས་མ་གྲུབ་པའི་ཕྱིར། ཞེས་འཆད་པ་ནི། ཇི་སྐད་དུ། གང་ཚེ་འབྲས་ཀྱང་མཐོང་མེད་ན། །གསལ་བ་འམ་ནི་མི་གསལ་བ། །མོ་གཤམ་བུ་ཡི་འགྱིང་བག་བཞིན། །དེ་ནི་བརྗོད་ཀྱང་དོན་མེད་དོ། །ཞེས་གསུངས་སོ། །འོ་ན་རང་རིག་མེད་ན་དྲན་པ་ཇི་ལྟར་སྐྱེ་ཞེས་པའི་ལན་དུ། གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་སོ། །གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་སེམས་གཞན་མཐོང་བའི་ཕྱིར་རང་ཡང་མཐོང་ངོ་། །ཞེས་པའི་ལན་དུ། གྲུབ་པའི་མིག་སྨན་སྦྱོར་བ་ལས། །བུམ་མཐོང་མིག་སྨན་ཉིད་འགྱུར་མིན། །ཞེས་གསུངས་སོ། །དེ་ལྟར་རང་རིག་བཀག་པ་དེ་ཡང་། སེམས་ཙམ་པས་རང་རིག་གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་ནས་འཇོག་པ་དེ་འགོག་པ་ཡིན་གྱི། འཇིག་རྟེན་ལ་གྲགས་པའི་ཤེས་པ་ལ་ཇི་ལྟར་སྣང་བ་དེ་ཉིད་འགོག་པ་མ་ཡིན་ནོ་ཞེས་འཆད་པ་ནི། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་གསུངས་སོ། །འོ་ན། དབུ་མ་པས་རང་ལུགས་ལ་དོན་དང་ཤེས་པ་གཅིག་གམ་ཐ་དད་དུ་གྲུབ་ཅེ་ན། དེ་ལྟར་དཔྱད་པའི་ཚེ་གང་དུ་ཡང་ཁས་མི་ལེན་ནོ་ཞེས་འཆད་པ་ནི། སེམས་ལས་སྒྱུ་མ་གཞན་མིན་ཞིང་། །ཞེས་པ་དང་། བལྟ་བྱ་དེ་བཞིན་བལྟ་བྱེད་ཡིན། །ཞེས་པའི་བར་གསུངས་སོ། །གཉིས་པ་དོན་དམ་པའི་བདེན་པ་རིགས་པས་དཔྱད་ནས་འཇོག་པ་འགོག་པ་ནི། གལ་ཏེ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་པར་གྲུབ་སྟེ། བརྟེན་པ་ཀུན་རྫོབ་ཀྱི་བདེན་པ་གང་ལ་བརྟེན་པའི་རྟེན་དོན་དམ་པའི་བདེན་པ་མེད་ན་ཀུན་རྫོབ་ཀྱི་བདེན་པ་རྣམས་ནམ་མཁའ་བཞིན་དུ་དངོས་པོར་མེད་པར་འགྱུར་རོ། །ཞེས་རྩོད་པ་
ནི། གལ་ཏེ་འཁོར་བ་དངོས་རྟེན་ཅན། །གཞན་དུ་ནམ་མཁའ་འདྲ་བར་འགྱུར། །ཞེས་པའི་ལན་དུ། ཀུན་རྫོབ་གཉིས་སྣང་གི་ཤེས་པ་ཆོས་ཅན། འཁོར་བའི་བྱ་བ་དང་མི་ལྡན་པར་ཐལ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ལ་བརྟེན་པའི་ཕྱིར་ཞེས་འཆད་པ་ནི། དངོས་མེད་དངོས་ལ་བརྟེན་པས་ན། །བྱེད་དང་ལྡན་པ་ཇི་ལྟར་འགྱུར། །ཞེས་པའོ། །མདོར་ན་ཐ་སྙད་དུ་ཡང་། གཟུང་འཛིན་ཀུན་བཏགས་གཉིས་ཀྱིས་སྟོང་པའི་རང་རིག་རང་གསལ་དོན་དམ་པའི་བདེན་པར་གྲུབ་ན། ཐ་སྙད་དུ་ཡང་འཁོར་བ་མེད་པས་ཐམས་ཅད་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་སྟོན་པ་ནི། ཁྱོད་ཀྱིས་སེམས་ནི་གྲོགས་མེད་པར། །གཅིག་པུ་ཉིད་དུ་འགྱུར་བ་ཡིན། །གང་ཚེ་སེམས་ནི་གཟུང་བྲལ་བ། །དེ་ཚེ་ཐམས་ཅད་དེ་བཞིན་གཤེགས། །དེ་ལྟ་ན་ཡང་སེམས་ཙམ་དུ། །བཏགས་ལ་ཡོན་ཏན་ཅི་ཞིག་ཡོད། །ཅེས་གསུངས་སོ། །ངག་དོན་བསྡུས་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ན། སེམས་ཙམ་རྣམ་བདེན་པས་དོན་དུ་སྣང་བ་སེམས་ཡིན་པར་ལུང་རིགས་ཀྱིས་བསྒྲུབས་ནས། དེ་ཀུན་རྫོབ་བདེན་པའི་འཇོག་ཚུལ་དུ་ཁས་ལེན་པ་དང་། རྣམ་བརྫུན་པས་ཐ་སྙད་དུ་ཡང་གཟུང་འཛིན་གཉིས་ཡོད་པ་བཀག་ནས། གཉིས་མེད་ཀྱི་རང་རིག་རང་གསལ་ལུང་རིགས་ཀྱིས་བསྒྲུབས་ནས། དེ་དོན་དམ་པའི་བདེན་པར་ཁས་ལེན་པ་དེ། ལུང་དང་རིགས་པའི་སྒོ་ནས་རྒྱས་པས་བཀག་པའི་ཚུལ་དེ་ལྟར་བཞུགས་པ་ཡིན་གྱི། ཐ་སྙད་དུ་རང་རིག་ཁས་བླངས་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པར་སོང་བའི་ཉེས་པ་གཟིགས་ནས། ཐ་སྙད་དུ་ཡང་རང་རིག་འགོག་པའི་ལུང་རིགས་ཀྱི་ཚུལ་ཅུང་ཟད་ཙམ་བཤད་པ་མེད་དོ། །དེ་ཡང་མདོ་སྡེ་པ་དང་སེམས་ཙམ་རྣམ་བདེན་པས་སྣང་བ་སེམས་སུ་བསྒྲུབས་ནས་ཁ་ཕྱིར་བལྟའི་ཤེས་པ་རང་རིག་ཏུ་ཁས་ལེན་པ་དང་། རྣམ་བརྫུན་པས་དེ་བཀག་ནས་གཉིས་མེད་ཀྱི་རང་
རིག་བདེན་གྲུབ་ཏུ་ཁས་ལེན་ལ། འདིར་ནི་བདེན་པ་འགོག་པར་མཛད་དོ། །དེའི་ཕྱིར་ཐ་སྙད་དུ་ཡང་རང་རིག་ཁས་མི་ལེན་པ་ནི། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་གྲུབ་པའི་མཐའ་ཁྱད་པར་དུ་འཕགས་པ་ཞིག་ཡིན་པས། སྤྱོད་འཇུག་མཁན་པོས་ཀྱང་། རང་རིག་འགོག་བྱེད་ཀྱི་ལུང་རིགས་རྒྱས་པར་བཤད་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ལ་ཡིད་བརྟན་དུ་མི་རུང་བ་ཉིད་དུ་སྒྲུབ་པའི་ཕྱིར་འདིར་འབད་པ་ཡིན་ནོ། །གཉིས་པ་འཇུག་པ་ནས་འབྱུང་བའི་ཚུལ་ལ། ཕྱོགས་སྔ་མ་ནི། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང་། །དངོས་པོ་བརྟགས་པར་ཡོད་པའི་རྒྱུར་འགྱུར་ཞིང་། །ཕྱི་རོལ་བཟུང་བ་མེད་པར་འབྱུང་འགྱུར་ལ། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་པའོ། །དེ་འགོག་པ་ལ། ཐ་སྙད་དུ་ཡང་དོན་མེད་པའི་དོན་སྣང་གི་ཤེས་པ་དེ་རྗེས་དཔག་གིས་མི་འགྲུབ་པ་དང་། མངོན་སུམ་གྱིས་མི་འགྲུབ་པའོ། །དང་པོ་ནི། ཕྱི་རོལ་མེད་སེམས་དཔེ་ནི་གང་དུ་ཡོད། །ཅེས་སོགས་སུ་རྒྱས་པར་བཤད་ནས། དེ་ཐམས་ཅད་ཀྱི་དོན་བསྡུ་བ་ནི། མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཞེས་གསུངས་སོ། །གཉིས་པ་ནི། གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང་། །གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ཡིས་ཡོད་པ་གང་གིས་ཤེས་པར་འགྱུར། །མ་བཟུང་པར་ཡང་ཡོད་ཅེས་བྱར་མི་རུང་། །ཞེས་གསུངས་པ་དེའི་དོན་ནི། ཁྱད་པར་གསུམ་ལྡན་གྱི་གཞན་དབང་དེ་ཆོས་ཅན་མངོན་སུམ་གྱིས་གྲུབ་པར་ཐལ། རང་བཞིན་གྱིས་ཡོད་པ་གང་ཞིག རྗེས་དཔག་གིས་མི་འགྲུབ་པར་གོང་དུ་བསྟན་ཟིན་པའི་ཕྱིར་ཞེས་པའོ། །འདོད་ན། རང་རིག་མངོན་སུམ་གྱིས་གྲུབ་དགོས་ལ། དེ་ཡང་དེ་ལྟར་ན་ཤེས་པ་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ལ་བསྒྲུབ་བྱ་རང་རིག་དང་སྒྲུབ་བྱེད་དྲན་པ་གཉིས་ཀ་མི་འཐད་ཅིང་། དེ་དེར་མ་གྲུབ་པའི་ཕྱོགས་ལ་མྱོང་དྲན་གཉིས་ཀ་འཐད་དོ་ཞེས་
སྟོན་པ་ལ་གཉིས་ལས། དངོས་སྨྲ་བ་ལ་མྱོང་དྲན་གཉིས་ཀ་མི་འཐད་པ་དང་། དབུ་མ་པ་ལ་འཐད་པའོ། །དང་པོ་ལ། བསྒྲུབ་བྱ་མི་འཐད་པ་དང་། སྒྲུབ་བྱེད་མི་འཐད་པའོ། །དང་པོ་ནི། དེ་ཉིད་ཀྱིས་དེ་མྱོང་བར་འགྲུབ་མ་ཡིན། །ཞེས་མདོར་བསྟན་པ་དེ་ཉིད་འཆད་པ་ནི། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །ཞེས་པ་སྟེ། རང་བཞིན་གྱིས་གྲུབ་པའི་མྱོང་བྱ་མྱོང་བྱེད་ཡིན་ན། ཐ་དད་ཡིན་དགོས་ཞེས་པའོ། །གཉིས་པ་ནི། ཁྱད་པར་གསུམ་ལྡན་གྱི་གཞན་དབང་ཆོས་ཅན། རང་དུས་སུ་མྱོང་བྱེད་ཡོད་དེ། རྗེས་སུ་ཡུལ་ཅན་དྲན་པའི་དྲན་བློ་དམིགས་པའི་ཕྱིར་ཞེ་ན། དེ་ཉིད་འགོག་པ་ནི། གལ་ཏེ་ཕྱིས་དུས་དྲན་པ་ལས་འགྲུབ་ན། །མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། །མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན། །ཞེས་གསུངས་པ་དེའི་དོན་ནི། རྫས་ཀྱི་དྲན་པ་རྟགས་སུ་འགོད་དམ། འཇིག་རྟེན་གྱི་ཐ་སྙད་ཀྱི་དྲན་པ་རྟགས་སུ་འགོད། དང་པོ་ལྟར་ན། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ། གཉིས་པ་ལྟར་ན། ཁྱབ་འབྲེལ་མ་གྲུབ་པས་དེའི་རྟགས་ཀྱིས་དེ་མི་འགྲུབ་ཅེས་པའོ། །དང་པོ་རྟགས་མི་འགྲུབ་པའི་རྒྱུ་མཚན་ནི། ཇི་སྐད་དུ། མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། །མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན། །ཞེས་གསུངས་ལ། གཉིས་པ་ཁྱབ་པ་འཁྲུལ་བའི་རྒྱུ་མཚན་ནི། མྱོང་དྲན་གཉིས་པོ་རང་བཞིན་གྱི་གཞན་ཡིན་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། ཞེས་པ་སྟེ། ཇི་སྐད་དུ། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། །དེ་ལྟའང་དྲན་པའི་དྲན་པ་རིགས་མིན་ཏེ། །གཞན་ཕྱིར་མ་ཤེས་རྒྱུད་ལས་སྐྱེས་པ་བཞིན། །ཞེས་གསུངས་སོ། །གཉིས་པ་དབུ་མ་པ་ལ་འཐད་པར་བསྟན་པ་ནི། འོ་ན་དྲན་པ་སྐྱེ་བར་མངོན་སུམ་གྱིས་གྲུབ་པ་འདི་ཇི་ལྟ་བུ་ཞེ་ན། རང་བཞིན་གྱིས་གྲུབ་མ་གྲུབ་ལ་སོགས་པའི་དཔྱད་པ་མེད་པར་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་གྱི་མྱོང་བ་ལས། དེར་གྲགས་པའི་དྲན་པ་སྐྱེ་བར་ཁས་ལེན་པ་ཡིན་ནོ། །ཞེས་འཆད་པ་ནི། གང་ཕྱིར་གང་གི་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པས། །དེ་ཕྱིར་
ང་ཡིས་མཐོང་སྙམ་དྲན་གྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་གསུངས་སོ། །ངག་དོན་བསྡུས་ན། སྐབས་འདིར། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་བདེན་པར་གྲུབ་པའི་སྒྲུབ་བྱེད་སེམས་ཙམ་པ་ལ་དྲིས་ནས་འགོག་པ་སྐབས་སུ་བབ་པ་ཡིན་གྱི། སྤྱིར་ཤེས་པ་ཙམ་ཐ་སྙད་དུ་ཡོད་པའི་སྒྲུབ་བྱེད་འགོག་པའི་སྐབས་མ་ཡིན་པའི་ཕྱིར། དབུ་མ་ལ་འཇུག་པའི་གཞུང་གི་ཚོགས་དེ་དག་གིས་ཐ་སྙད་དུ་ཡང་རང་རིག་འགོག་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ལ་ནི་ཡིད་བརྟན་དུ་རུང་བའི་ཤེས་བྱེད་ཅི་ཡང་མི་སྣང་བས་དོར་བར་བྱ་བ་ཁོ་ན་ཡིན་ནོ། །མདོ་སྡེ་པ་དང་། རྣམ་བདེན་པའི་འདོད་པ་ནི། དོན་སྣང་གི་ཤེས་པ་རང་རིག་ཏུ་ཁས་ལེན་པ་དང་། རྣམ་བརྫུན་པའི་འདོད་པ་ནི་རང་རིག་བདེན་པ་དེ་ཐ་སྙད་དུ་མི་འདོད་ཀྱི་མྱོང་བ་དང་དེ་ལས་དྲན་པ་ཇི་ལྟར་སྐྱེ་ཚུལ་འཇིག་རྟེན་ན་གྲགས་པ་དེ་ཉིད་འཇིག་རྟེན་གྱི་བདེན་པ་འཇོག་པའི་ཚེ་འདི་པས་ཞལ་གྱིས་བཞེས་སོ། །དེ་དག་གི་སྤྲོས་པ་ལྷག་མ་ནི་འདིར་དཀྱུས་མ་འཆད་པའི་གེགས་སུ་འགྱུར་བའི་ཕྱིར་འོག་ནས་བཤད་པར་བྱའོ། །གཉིས་པ་བོད་སྔ་མ་དག་གི་བདེན་པ་གཉིས་འཇོག་ཚུལ་མདོ་ཙམ་བཤད་པ་ལ། རྔོག་ལོ་ཆེན་པོ་དང་ཁྱུང་རིན་ཆེན་གྲགས་ནི། དོན་དམ་བདེན་པའི་མཚན་ཉིད། བློའི་ཡུལ་དུ་བྱ་རུང་བ་མ་ཡིན་པ་དང་། ཅིག་ཤོས་ཀྱི་མཚན་ཉིད་དེར་རུང་བའོ་ཞེས་འཆད། ཨར་བྱང་ཆུབ་ཡེ་ཤེས་ནི། ཤེས་བརྗོད་ཀྱི་གཞལ་བྱ་ལས་འདས་པ་དང་། མ་འདས་པའོ། །ཞེས་འཆད། རྒྱ་དམར་བ་བྱང་ཆུབ་གྲགས་ནི། གནས་ཚུལ་ལ་སེམས་པའི་རིགས་པས་བརྟག་བཟོད་པ་མ་ཡིན་པ་དང་། དེས་བཟོད་པའོ་ཞེས་འཆད། སློབ་དཔོན་ཕྱ་པ་ནི། མཐར་ཐུག་འཇལ་བའི་ཚད་མའི་ཡུལ་དུ་མི་བདེན་པ་དང་བདེན་པའོ། །པ་ཙབ་ལོ་ཙྭ་བ་ནི། མཐོང་བ་བརྫུན་པས་རྙེད་པ་དང་། ཡང་དག་པས་རྙེད་པའོ། །ཞེས་འཆད། རྨ་བྱ་བྱང་བརྩོན་ནི། ཐ་སྙད་པའི་བློ་འཁྲུལ་པའི་ཡུལ་དུ་བདེན་པ་དང་། བློ་མ་འཁྲུལ་པའི་ཡུལ་དུ་བདེན་
པའོ་ཞེས་འཆད། ཞང་ཐང་སག་པ། སྣང་ཚུལ་ལ་འཇུག་པའི་བློས་རྙེད་པ་དང་། གནས་ཚུལ་ལ་འཇུག་པའི་བློས་མ་རྙེད་པའོ། །ཞེས་འཆད། གཙང་ནག་པ། ཐ་སྙད་པའི་བློ་ངོར་རྙེད་པ་དང་། རང་བཞིན་ཁྱད་པར་གསུམ་ལྡན་ཞེས་འཆད། བོད་ཀྱི་སློབ་དཔོན་ཕྱི་མ་ཕལ་ཆེ་བ། རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དང་། སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད། ཅེས་གསུང་། རྗེ་བཙུན་ས་སྐྱ་པའི་གསུང་གིས་ནི། རང་སྡེ་ཐམས་ཅད་བདེན་པ་གཉིས་ཀྱི་མཚན་ཉིད་འཇོག་ལུགས་མཐུན་ལ། མཚན་གཞི་གང་ལ་མཚན་ཉིད་དེ་གནས་པའི་ཚུལ་ལ་མི་མཐུན་པ་ཡིན་ནོ། །མཚན་གཞི་ནི། ཆོས་ཅན་འཁོར་བ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བློ་སྒྲིབ་པ་དང་བཅས་པའི་ཡུལ་ཡིན་པའི་ཕྱིར། ཆོས་ཉིད་མྱ་ངན་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། བློ་ཕྱིན་ཅི་མ་ལོག་པའི་ཡུལ་ཡིན་པའི་ཕྱིར། འདིར་ཡུལ་བདེན་པ་གཉིས་ཤེས་པ་ལ་ཡུལ་ཅན་བློ་གཉིས་ཤེས་དགོས་པས། བློ་གཉིས་པོ་གང་ཟག་གང་ལ་ལྡན་ཞེ་ན། རྣལ་འབྱོར་སྤྱོད་པ་པ་དག་སོ་སོ་སྐྱེ་བོ་ནི་བློ་གཉིས་ཀ་དང་ལྡན། འཕགས་པ་སྒྲིབ་པ་དང་བཅས་པ་རྣམས་ནི་བདེན་པ་ཡུལ་དུ་མི་བྱེད་པའི་བློ་ཀུན་རྫོབ་པ་དང་། དོན་དམ་པ་གཉིས་ཀ་དང་ལྡན། སངས་རྒྱས་ནི་ཀུན་བཏགས་དང་བྲལ་བའི་ཕྱིར་དོན་དམ་པ་འབའ་ཞིག་དང་ལྡན་པར་འདོད་དོ། །སློབ་དཔོན་ཟླ་བ་གྲགས་པ་ནི། སོ་སོ་སྐྱེ་བོའི་བློ་ཐམས་ཅད་ཀུན་རྫོབ་པ། འཕགས་པ་གསུམ་གྱི་མཉམ་བཞག་དོན་དམ་པ། རྗེས་ཀྱི་ཤེས་པ་རྣམས་ནི་ཀུན་རྫོབ་པའི་བློའོ། །སངས་རྒྱས་ནི་དུས་རྟག་ཏུ་མཉམ་པར་བཞག་པ་ཡིན་པས་དོན་དམ་པ་འབའ་ཞིག་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། སངས་རྒྱས་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པ་ཡིན་པར་ཐལ་པའི་སྐྱོན་ཡོད་དོ། །དབུ་མ་རང་རྒྱུད་པ་དག་ནི། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཆོས་ཅན་ཤེས་པའི་བློ་ཐམས་ཅད་ཀུན་
རྫོབ་པ། ཆོས་ཉིད་ཤེས་པ་དེ་ཡང་ཀུན་རྫོབ་ཡིན་མོད་ཀྱང་། སངས་རྒྱས་ཀྱི་ཡེ་ཤེས་དང་ཆ་འདྲ་བས་མཐུན་པའི་དོན་དམ་ཞེས་བྱའོ། །འཕགས་པ་གསུམ་གྱི་མཉམ་གཞག་ནི་དོན་དམ། རྗེས་ཀྱི་ཤེས་པ་ཀུན་རྫོབ་བོ། །སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ནི་དོན་དམ། དག་པ་འཇིག་རྟེན་པའི་ཡེ་ཤེས་ནི་རྣམ་གྲངས་པའི་ཀུན་རྫོབ་ཡིན་ནོ། །ཞེས་འདི་ཉིད་རང་ལུགས་སུ་མཛད་ཅིང་། དབུ་མ་ཐལ་འགྱུར་བ་ལ། རྒྱུན་ཆད་རབ་ཏུ་མི་གནས་པ་དང་། རང་རྒྱུད་པ་ལ་ཟུང་འཇུག་རབ་ཏུ་མི་གནས་པའི་མིང་འདོགས་པར་མཛད་པ་དང་། བདེན་པ་གཉིས་ཀྱི་མཚན་ཉིད་ཀྱང་། བློ་ཀུན་རྫོབ་པའི་ངོར་བདེན་པར་བརྟགས་པ་དང་། བློ་དོན་དམ་པའི་ངོར་བདེན་པ་དེ། དོན་དམ་བདེན་པའི་མཚན་ཉིད་དོ། །ཞེས་བཞེད་ལ། ས་སྐྱ་པཎྜི་ཏའི་བཞེད་པ་ནི། བློ་ཙམ་ཞིག་བདེན་པ་གཉིས་ཀྱི་དཔེ་གཞི་དང་། དེ་ཡང་སློབ་དཔོན་ཟླ་བ་གྲགས་པ་ལྟར་ན། འཇིག་རྟེན་པའི་བློ་ལ་ལྟོས་ནས་བདེན་པ་གཉིས་སུ་འཇོག་པ་ཡིན་ནོ། །མཚན་ཉིད་ནི་མ་དཔྱད་པའི་བློ་ངོར་གྲུབ་ཅིང་དེའི་བློ་ངོར་གནོད་པ་མེད་པ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། དཔྱད་པའི་བློ་ངོར་གྲུབ་ཅིང་། བློ་དེའི་ངོར་བདེན་པ་དེ་དོན་དམ་བདེན་པའི་མཚན་ཉིད་དོ། །མདོར་ན་གང་ཟག་གང་ལ་ལྟོས་ཀྱང་རུང་སྟེ། སྣང་བའི་ཆ་ཀུན་རྫོབ། སྟོང་པའི་ཆ་དོན་དམ། དབྱེར་མི་ཕྱེད་པའི་ཆ་ཟུང་དུ་འཇུག་པའོ། །ཞེས་བཞེད་དོ། །དེ་ལྟར་མང་དུ་བཤད་པ་དེ་དག་གིས་ཅི་ཞིག་བྱ་ཞེ་ན། གངས་ཅན་པ་ཕྱི་མ་དག ཀུན་རྫོབ་ཀྱི་བདེན་པ་སྤྱིར་ཚད་མ་དང་། བྱེ་བྲག་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་རྙེད་དོན་དུ་འདོད་པ་དང་། ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་ཐམས་ཅད་དབུ་མ་པ་རང་ལུགས་ཀྱི་བདེན་པ་ཡིན་ནོ་ཞེས་ཁས་ལེན་པ་དང་། དབུ་མ་པ་རང་ལུགས་ཀྱི་བདེན་པ་ལ་བདེན་པ་གཉིས་སུ་གྲངས་ངེས་པར་འདོད་པ་དང་། བདེན་པ་ཡིན་ན་བདེན་གྲུབ་ཏུ་འགལ་ལོ་སྙམ་པ་དང་། སྤྲོས་བྲལ་དུ་ཞེས་པའི་བློ་དེ་ཉིད་ཀྱིས་
སྤྲོས་བྲལ་རྟོགས་པར་འདོད་པ་དང་། བདེན་སྟོང་ཡོད་པ་དང་། བདེན་གྲུབ་མེད་པ་སོགས་དབུ་མའི་རང་ལུགས་མཐར་ཐུག་ཏུ་ཁས་ལེན་པ་དང་། དབུ་མའི་རང་ལུགས། ཞེས་པ་ལྟ་བའི་ཆ་ནས་མ་འཇོག་པར་ཀུན་རྫོབ་ཀྱི་བདེན་པར་བཤད་པ་རྣམས་ཚད་མས་གྲུབ་པ་དབུ་མའི་རང་ལུགས་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ལུང་དང་རིགས་པ་མན་ངག་གི་ལམ་པོ་ཆེའི་སྲང་དུ་མ་ཞུགས་པར། རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པའི་ཡིད་ཀྱི་རི་མོ་མཚར་དུ་དངར་བ་དག་ལ་བལྟ་བ་དང་རྟོག་པ་དང་། སེམས་པ་དང་། འཇལ་བར་བྱེད་པའི་བློ་གྲོས་ཀྱིས་བསྟན་པའི་སྙིང་པོ་ལྷག་མ་མ་ལུས་པ་ཆུད་གསོན་པར་བྱེད་པ་འདི་མ་བཟོད་ནས་ཕྱི་མ་ཕྱི་མའི་དུས་སུ་འབྱུང་བར་འགྱུར་བའི་སྐལ་བ་བཟང་པོ་དང་ལྡན་པ་དག་བག་ཡོད་པར་གྱུར་ཅིག་སྙམ་དུ་བསམས་ནས་རྒྱས་པ་བསྙད་པ་ཡིན་ནོ། །ཞེས་བྱ་བ་འདིས་ནི་བདེན་པ་གཉིས་སྤྱིའི་རྣམ་གཞག་ལེགས་པར་གྲུབ་པ་ཡིན་ནོ། །གསུང་རབ་ལུགས་བརྒྱ་ལྡན་པ་དབུ་མའི་མཛོད། །བདེན་གཉིས་སྒོ་བརྒྱ་ལྡན་པ་འབྱེད་པའི་ཐབས། །ངེས་དོན་ལུང་བརྒྱ་ལྡན་པའི་རིགས་པ་ཡི། །རྣམ་འགྱུར་སྲོལ་བརྒྱ་ལྡན་པ་འདི་ལོང་ཞིག །ཅེས་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད། ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས། བདེན་པ་གཉིས་ཀྱི་སྤྱིའི་རྣམ་པར་གཞག་པ་རྒྱ་ཆེར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།