རལ་གཅིག་མའི་རྩ་རྒྱུད་དགྲ་བགེགས་སྒྲོལ་བྱེད་སྔགས་ཀྱི་སྤུ་གྲི་འབར་བ།
དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྔགས་སྲུང་ཁྲོ་མོ་རལ་གཅིག་མའི་རྩ་བའི་རྒྱུད་དགྲ་བགེགས་སྒྲོལ་བྱེད་སྔགས་ཀྱི་སྤུ་གྲི་འབར་བ་བཞུགས་སོ༔
རྒྱ་གར་སྐད་དུ༔ མནྟྲ་གུ་ཧྱ་ཀྵ་ཀྲོ་ཏི་ཨེ་ཀ་ཛ་ཊཱི་མཱུ་ལ་ཏནྟྲ་ཨ་མུ་ཀ་མཱ་ར་ཡ་ཁར་ཥ་ཊ་ཛྭ་ལ་ན་མ༔ བོད་སྐད་དུ༔ གསང་སྔགས་སྲུང་མ་རལ་གཅིག་མའི་རྩ་བའི་རྒྱུད་དགྲ་བགེགས་སྒྲོལ་བའི་སྔགས་ཀྱི་སྤུ་གྲི་འབར་བ་ཞེས་བྱ་བ༔ འདི་སྐད་བཤད་པའི་དུས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཚིག་བླ་དྭགས་ལས་འདས་ཤིང་སུས་ཀྱང་བརྗོད་དུ་མེད་པ་རང་བྱུང་རིག་པའི་རང་ངོ་རང་གིས་ཤེས་པ་དཔལ་ཀུན་ཏུ་བཟང་པོ་རྣམ་པར་གྲོལ་བ་འཁོར་བ་དང་འདས་པ་རིས་སུ་མ་ཆད་པའི་དུས་ཀ་ནས་དག་པ་དེར༔ སྟོན་པ་ཆེན་པོ་དཔལ་གདོད་མའི་སངས་རྒྱས་དུས་གསུམ་གྱི་སྟོན་པ་བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀུན་ཏུ་སྤྲོ་ཞིང་ཀུན་ཏུ་སྡུད་པའི་སྤྱི་མེས་ཆེན་པོར་གྱུར་པ་དེས༔ གནས་ཀྱི་མཆོག་ཆོས་ཀྱི་དབྱིངས་རྡོ་རྗེ་བཙུན་མོའི་བྷ་ག་རྒྱ་ཆད་དང་ཕྱོགས་ལྷུང་སྤངས་ཤིང་རབ་ཏུ་ཡངས་ལ་ཟབ་པ་ལྟར་མི་མངོན་པ་ཆོས་ཐམས་ཅད་ལ་ཀུན་ཏུ་ཁྱབ་ཅིང་བློའི་སྤྱོད་ཡུལ་ལས་འདས་པའི་གཞལ་མེད་ཁང་ཆེན་པོ་འོད་ལྔའི་རང་འོད་འབར་བ་ཐུགས་རྗེའི་ཟེར་ཆེན་པོ་རབ་ཏུ་འཁྲིགས་ཤིང་༔ རྟག་པ་དང་༔ ཆད་པ་དང་༔ སྣང་བ་དང་མི་སྣང་བའི་མུན་པ་ཐམས་ཅད་དང་བྲལ་བའི་ཞིང་ཁམས་སུ་གཏི་མུག་དང་ཞེ་སྡང་དང་༔ ཀུན་ཏུ་ཆགས་པ་དང་༔ དོགས་པ་དང་སྙེམས་པའི་ཁྲི་རྒྱན༔ གླང་པོ་ཆེ་དང་སྦྲུལ་གདུག་པ་དང་༔ རྨ་བྱ་དང་༔ མཁའ་ལྡིང་དང་གདོང་བ་ལྔས་བཏེགས་པའི་ཁྲི་ལ་ཐུགས་ཞི་བ་ཆེན་པོའི་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་ཏུ་སྐུ་འབར་བ་ཆེན་པོ་སྒེག་པ་དང་དཔའ་བ་དང་མི་སྡུག་པའི་རྔམ་གཟུགས་དང་གསུང་དགོད་པ་དང་ལོག་པར་རྟོག་པ་ཅན་ལ་གཤེ་བ་དང་༔ ཤིན་ཏུ་ཁྲོས་པའི་དྲག་ཤུལ་གྱི་སྒྲ་ཆེན་པོ་རབ་ཏུ་སྒྲོགས་པ་དང་༔ ཐུགས་གདོད་ནས་དམིགས་པ་མེད་པའི་རང་རྩལ་སེམས་ཅན་གྱི་ཁམས་ལ་རྟག་ཏུ་ཁྱབ་པའི་སྙིང་རྗེ་དང་༔ རྟག་ཆད་ཀྱི་སྤྲོས་པ་མཐའ་དག་དབྱིངས་སུ་ནུབ་པའི་རྔམ་དང་༔ གང་དུའང་འཕྲོ་བ་དང་རྟོག་པ་རིས་སུ་མི་འཕྲོ་བའི་ཞི་བ་ཆེན་པོའི་བདག་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀས་རང་གི་རང་རྩལ་ལས་གཞན་དུ་མ་ཡིན་པའི་དེ་བཞིན་གཤེགས་པ་ཞེ་སྡང་འདུལ་མཛད་བཛྲ་ཧེ་རུ་ཀ་དང་༔ ང་རྒྱལ་འདུལ་མཛད་རཏྣ་ཧེ་རུ་ཀ་དང་༔ ཆགས་པ་ཆེན་པོའི་དབྱིངས་སུ་སྦྱོར་བའི་པདྨ་ཧེ་རུ་ཀ་དང་༔ ཕྲག་དོག་རྣམ་པར་མི་དམིགས་པར་ཟོས་པའི་ཀརྨ་ཧེ་རུ་ཀ་དང་༔ ཀུན་ཏུ་རྨོངས་པ་བསལ་བའི་དབྱིངས་ཆེན་པོར་གྲོལ་བའི་བྷུདྡྷ་ཧེ་རུ་ཀ་དང་༔ དེ་དག་གི་བཙུན་མོ་སྲ་བ་གཟུགས་ཀྱི་རྒྱལ་མོ་དང་༔ མཉེན་པ་ཚོར་བའི་དཔའ་མོ་དང་༔ བསྲེགས་པ་རྣམ་པར་འདུ་ཤེས་པའི་དགའ་མ་དང་༔ གཡོ་བ་འདུ་བྱེད་པའི་དབང་མོ་དང་༔ ཡོངས་ལ་ཁྱབ་པར་བརྡལ་བའི་རྣམ་ཤེས་དབྱིངས་ཀྱི་གཙོ་མོ་དང་༔ དེ་དག་གི་འཁོར་དུ་གྱུར་པ་དང་༔ རྟག་པའི་རྒྱལ་མོ་ལྔ་དང་༔ དཔའ་མོ་ཆེན་མོ་སྔགས་ལ་དབང་བའི་རལ་གཅིག་མ་དང་༔ ཡང་བྲན་དུ་གྱུར་པ་དུད་པའི་སོལ་བ་ཅན་མ་སོགས་ཤེས་རབ་ཀྱི་རྩལ་འགགས་པ་མེད་པའི་མ་མོ་དང་མཁའ་འགྲོ༔ ཐབས་ཀྱི་རང་རྩལ་ཀྱང་དགག་ཏུ་མེད་པའི་དཔའ་བོ་ཡབ་ཀྱི་ཚོགས་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་ལྷན་ཅིག་ཏུ་འདུས་པར་གྱུར་ཏོ༔ དེའི་ཚེ་སྟོན་པ་བླ་མེད་ཧེ་རུ་ཀ་ཆེ་བའི་མཆོག་དེ་ཉིད་ཀྱི་རང་གི་རྩལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་༔ སྨོན་པ་མེད་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཀྱི་ཁྲོ་མོ་དང་མཉམ་པར་སྦྱོར་ཏེ་དཀྱིལ་འཁོར་ཀྱི་འཁོར་ལོར་སྤྲོ་བ་དང་བསྡུ་བའི་འོད་ཟེར་འཕྲོ་ཞིང་གནས་པར་གྱུར་ཏོ༔ གླེང་བསླང་བའི་ལེའུ་སྟེ་དང་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོན་པ་ཆེ་བའི་མཆོག༔ བླ་མེད་བླ་མ་ཧེ་རུ་ཀར༔ ཡུམ་མཆོག་དཔལ་འབར་ཁྲོས་པ་མོས༔ རྡོ་རྗེའི་གླུ་ཡིས་འདི་བཞིན་བསྐུལ༔ ཨ་ཨ་གདོད་ནས་སྟོང་པ་ཉིད༔ འཁོར་དང་འདས་པ་རིས་མ་ཆད༔ སུས་ཀྱང་ཇི་ལྟར་གཞལ་དཀའ་བ༔འདི་ཡི་རང་བཞིན་ཇི་ལྟ་བུ༔ ཚུལ་འདི་མ་རྟོགས་ལོག་རྟོག་དང་༔ ཕྱོགས་རྟོགས་སེམས་ཅན་ལ་དགོངས་ནས༔ དམིགས་མེད་དམིགས་པའི་ཐུགས་རྗེ་ཅན༔ སྨྲ་མེད་ཚིག་གི་རི་མོ་ཡིས༔ གཞི་ཡི་རྒྱུད་ཆེན་བསྟན་དུ་གསོལ༔ དེ་སྐད་གསོལ་བས་སྟོན་པ་ཉིད༔དུས་གསུམ་མཉམ་པའི་ངང་ཉིད་ལས༔ རང་རྩལ་འཁོར་གྱི་ཚོགས་ཉིད་ལ༔ རྡོ་རྗེའི་གསུང་གིས་བཀའ་བསྩལ་པ༔ ཨེ་མ་ཧོ༔ འདི་ལྟར་འཁོར་འདས་ཆོས་ཀུན་ཉིད༔ དང་པོ་མ་སྐྱེས་གང་ནས་བྱུང་༔ བར་དུ་མི་གནས་ཇི་ལྟ་བུ༔ ཐ་མ་གར་འགྲོ་དབྱིངས་ཇི་ལྟ༔ རྟག་པ་མ་ཡིན་གྲུབ་པ་མེད༔ ཆད་པ་རིས་མེད་ཀུན་ཏུ་སྣང་༔ སྣང་བ་མ་ཡིན་རང་གི་གཤིས༔ མི་སྣང་མ་གྲུབ་གློ་བུར་དུ༔ རྐྱེན་ལས་མ་ཡིན་རང་གི་བབས༔ རྒྱུ་མེད་རྒྱུ་ཞེས་སུ་ཡིས་གདགས༔ དེ་ཕྱིར་མ་རྟོགས་ལོག་རྟོག་དང་༔ ཕྱོགས་རྟོགས་སེམས་ཅན་སངས་རྒྱས་མཉམ༔ མཉམ་པ་ཉིད་ལ་བཟང་ངན་མེད༔ འཁོར་བ་དང་ནི་མྱ་ངན་འདས༔ གཞི་རུ་མཉམ་སྟེ་སྟོང་པ་ཉིད༔ ལམ་དུ་མཉམ་ཉིད་སྒོམ་སྒྲུབ་མེད༔ འབྲས་བུ་ཐོབ་མེད་ཡེ་ནས་གྲོལ༔ འཁྲུལ་མེད་གྲོལ་མེད་ཀུན་ཏུ་བཟང༔ དེ་ཕྱིར་ཀུན་ཏུ་བཟང་པོ་སྟེ༔ ཆེ་བའི་མཆོག་སྟེ་ང་ཉིད་དོ༔ ཞེས་ཆོས་ཉིད་མཉམ་པ་ཆེན་པོར་མི་དམིགས་པར་བཞུགས་སོ༔ གཞི་ཡི་རྒྱུད་ཀྱི་རྩ་བ་སྟེ་གཉིས་པའོ༔ ས་མ་ཡཱ༔ དེ་ནས་དབྱིངས་ཡུམ་ཆེན་མོ་མ་མོ་ལྔས༔ མགྲིན་གཅིག་རང་གི་ཡབ་རྣམས་དང་༔ དཀྱིལ་འཁོར་གཙོ་ལ་ཡང་གསོལ་བ༔ ཨེ་མ་ཧོ༔ ཨེ་མ་ཨ་ལ་ལ༔ སྟོན་པ་འཁོར་འདས་ཀུན་གྱི་བདག༔ དགོངས་པ་ཆོས་དབྱིངས་ཆེན་པོའི་ཀློང་༔ སངས་རྒྱས་སེམས་ཅན་རིས་མ་གྲུབ༔ རྟོགས་དང་མ་རྟོགས་རང་ངོར་གྲོལ༔ ཀུན་གཞི་ཆོས་སྐུར་མཉམ་བརྡལ་བས༔ སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔ ཤེས་རབ་ཕ་རོལ་ཕྱིན་པ་ནི༔ བདེ་བར་གཤེགས་པའི་སྙིང་པོ་སྟེ༔ དག་པ་དྭངས་པ་འོད་གསལ་བ༔ མི་འཁྲུགས་འདུས་བྱས་ལས་འདས་པའི༔ གཞི་ཡི་རྒྱུད་ཆེན་ངོ་མཚར་ཡང་༔ དེ་ལྟར་མ་རྟོགས་སེམས་ཅན་རྣམས༔ གྲོལ་བའི་གཞི་ལས་གློ་བུར་འཁྲུལ༔ འཁྲུལ་བའི་རྩལ་ལས་ཀུན་ཏུ་བརྟགས༔ ལས་དང་ཉོན་མོངས་གཞན་དབང་ཤོར༔ རྟག་པར་བཟུང་བས་འགྲོ་དྲུག་སྣང་༔ ཁྱད་པར་བཟུང་བས་ཀུན་ཏུ་རྨོངས༔ སྐྱེ་བར་བཟུང་བས་འཆི་བ་གྲུབ༔ འགགས་པར་བརྟགས་པས་སླར་ཡང་སྐྱེ༔ མ་དག་ཀུན་གཞིའི་རྩལ་སྣང་ལས༔ འདོད་པར་ཞེན་པས་འདོད་ཁམས་དང༔ ཕུང་ལྔའི་ལུས་ལ་བདག་ཏུ་བཟུང་༔ དེ་ལ་ཕན་ཕྱིར་གཉེན་དང་གྲོགས༔ ཡོ་བྱད་ལོངས་སྤྱོད་ཞེན་པས་བཅིངས༔ གནོད་པ་བསལ་ཕྱིར་དགྲ་དང་བགེགས༔ རྟག་ཏུ་མནར་སེམས་ཞེ་སྡང་འཁྲུགས༔ དམིགས་པ་མེད་ལས་ཀུན་ཏུ་རྨོངས༔ ཆགས་སྡང་མཉམ་བརྡལ་གཏི་མུག་འཐིབས༔ གཞན་ལ་སྡང་དང་རང་ཉིད་སྙེམས༔ དུག་ལྔའི་རང་གཟུགས་མཚམས་སྦྱར་བའི༔ བསྟོད་སྨད་དག་དང་གཟུགས་ཁམས་གྲུབ༔ དེ་ཀུན་ཀུན་གཞིའི་ནམ་མཁའ་ལ༔ ཡིད་ཀྱི་ཤེས་པ་ཟ་ཟི་འགྱུ༔ དེ་ལས་ཉོན་མོངས་སྤྲིན་ཕུང་ཆགས༔ སྒོ་ལྔའི་བག་ཆགས་ཆར་ལྟར་བབས༔ བདེ་སྡུག་གློ་བུར་ལོ་འབྲས་སྨིན༔ དེ་ཀུན་གྲོལ་བའི་ཐབས་ཀྱི་མཆོག༔ ལམ་གྱི་རྒྱུད་ཆེན་བཤད་དུ་གསོལ༔ ལམ་ཐབས་ཀྱི་རྒྱུད་ཞུས་པའི་ལེའུ་སྟེ་གསུམ་པའོ༔ དེ་ནས་སྟོན་པ་ཀུན་བཟང་གིས༔ ཡེ་ཤེས་རིག་པའི་རང་རྩལ་འཁོར༔ བདེ་གཤེགས་ཡབ་ཡུམ་ལྕམ་དྲལ་དང་༔ བྲན་དང་ཕོ་ཉ་ཡང་གཡོག་ལ༔ ལམ་གྱི་རྒྱུད་ཆེན་བཀའ་བསྩལ་པ༔ ཀྱཻ་ཧོ་འདུས་པའི་འཁོར་ཚོགས་ཉོན༔ གཞི་དབྱིངས་འཁོར་འདས་མཉམ་པ་ཉིད༔ མ་རྟོགས་འཁྲུལ་བའི་སེམས་ཅན་རྣམས༔ སྨིན་ཅིང་གྲོལ་བའི་ཐབས་མང་པོ༔ རྒྱུ་དང་འབྲས་བུ་ཆོས་ཀྱི་ཁམས༔ རྟག་པའི་གྲངས་བཞི་བརྟན་པ་ལས༔ རྒྱུ་ལས་ཐབས་མང་འབྲས་བུ་ནི༔ ལམ་བྱེད་མྱུར་གྲོལ་འབད་རྩོལ་ཆུང་༔ འདོད་ཡོན་མ་སྤངས་ལམ་དུ་ཁྱེར༔ གསང་སྔགས་གསང་བའི་རྒྱུད་ཆེན་པོ༔ དབང་དང་བསྐྱེད་རྫོགས་རྫོགས་པ་ཆེ༔ རིམ་པ་བཞིན་དུ་ཤེས་པར་གྱིས༔ གཞི་ལས་འཁྲུལ་བའི་སེམས་ཅན་ལ༔ གཞི་སྣང་ཀུན་གཞི་རྟོག་པ་མེད༔ གཟུགས་མེད་ཡིད་ཀྱི་བག་ཆགས་བཅས༔ སྦྱང་ཕྱིར་གཞི་ཡི་གདངས་ཤེས་པའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྟན༔ ཡིད་དང་ཉོན་མོངས་ཀྱིས་དཀྲུགས་པའི༔ བག་ཆགས་གཟུགས་ཁམས་ཕྱེད་སྣང་དག༔ སྦྱང་ཕྱིར་མ་རྟོགས་སེམས་ཅན་ལ༔ སྙིང་རྗེ་ཆེན་པོ་རང་བབ་སྒོམ༔ ཀུན་སྣང་ལམ་གྱི་ཏིང་འཛིན་བསྟན༔ དེ་མཐུས་སྟོང་པའི་རྣམ་ཤེས་ལས༔ སྒོ་ལྔའི་འཁྲུལ་བའི་བག་ཆགས་སྣང་༔ འབྱུང་བ་ལྔ་དང་ཕུང་པོ་ལྔ༔ སྲིད་དང་སྲིད་པའི་ཡོ་བྱད་གྲུབ༔ འདོད་ཁམས་སྣང་བའི་གྲོང་སྦྱང་ཕྱིར༔ སྟོང་དང་སྙིང་རྗེ་དབྱེར་མེད་པས༔ རང་རིག་ཡི་གེའི་འཕྲོ་འདུ་ལས༔ རྟེན་དང་བརྟེན་པར་བཅས་པ་ཀུན༔ སྐྱེད་བྱེད་ཐབས་ཀྱི་བསྐྱེད་རིམ་བསྟན༔ ཐབས་བསྐྱེད་པའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡཱ༔ དེ་ནས་བཛྲ་ཧེ་རུ་ཀའི༔ རང་གདངས་གསང་བའི་བདག་པོ་ཞེས༔ ལག་ན་རྡོ་རྗེ་རྣལ་འབྱོར་གྱིས༔ རང་ཞལ་མཇལ་བའི་ཕྱག་དང་བཅས༔ སྟོན་པ་མཆོག་ལ་འདི་སྐད་གསོལ༔ ཀྱཻ་ཧོ་སྟོན་པ་ཆེ་བའི་མཆོག༔ ཐབས་ཀྱི་བསྐྱེད་པའི་རིམ་པ་ཡིས༔ སྲིད་གསུམ་བག་ཆགས་གྲོལ་ན་ཡང༔ སླར་ཡང་དེར་འཛིན་བག་ཆགས་ནི༔ འཁོར་བའི་རྩ་བར་སླར་སྐྱེ་བས༔ དེ་གྲོལ་རྫོགས་པའི་རིམ་པ་གང་༔ དེ་སྐད་གསོལ་བ་གསན་ནས་ཀྱང་༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཉོན་ཅིག་གསང་འཛིན་རྡོ་རྗེ་ཆོས༔ སྐྱེ་བ་མེད་ལས་གློ་བུར་འཁྲུལ༔ འབྱུང་བཞི་ལུས་ངག་ཡིད་དང་བཅས༔ སྦྱང་ཕྱིར་བསྐྱེད་པའི་ཐབས་བསྟན་ཡང་༔ དེར་འཛིན་བདག་ཏུ་རྟོག་པ་ཉིད༔ སྒོ་གསུམ་ཕྲ་བའི་བག་ཆགས་རྣམས༔ ཆོས་ཀྱི་དབྱིངས་སུ་གྲོལ་བྱེད་པའི༔ ཤེས་རབ་རྫོགས་པའི་རིམ་པ་བསྟན༔ དམིགས་པ་མེད་ལས་བསྐྱེད་པའི་ཆོས༔ འབྱུང་ལྔ་ལྷ་དང་གཞལ་ཡས་ཁང་༔ བསྙེན་སྔགས་འོད་ཟེར་སྤྲོ་དང་བསྡུ༔ ཀུན་ཀྱང་རང་བབས་རང་གི་ཀློང་༔ མཐའ་ནས་ཡལ་ཏེ་དབུས་སུ་ཐིམ༔ མཐའ་དབུས་མ་གྲུབ་དབྱིངས་སུ་ཡལ༔ དེ་ཡང་བརྗོད་དུ་མེད་པ་ནི༔ ཡོད་མེད་མཐར་འཛིན་སྤྲོས་པ་བྲལ༔ ང་དང་མཉམ་པར་རོ་གཅིག་གོ༔ ཤེས་རབ་རྫོགས་པའི་རིམ་པ་བཤད་པ་སྟེ་ལེའུ་ལྔ་པའོ༔ ས་མ་ཡཱ༔ དེ་ནས་དབྱིངས་ཀྱི་ཡུམ་ཆེན་ལྔས༔ ཐབས་དང་ཤེས་རབ་བསྐྱེད་དང་རྫོགས༔ སྤྲོས་བཅས་སྤྲོས་མེད་གྲོལ་བའི་ཐབས༔ ཤིན་ཏུ་བསྟན་པ་ངོ་མཚར་ཡང་༔ རང་གིས་རང་གྲོལ་ཐབས་ཤེས་མཉམ༔ ཐ་མལ་རང་གཤིས་རྣམ་ཐར་གསུམ༔ རང་རིག་རྫོགས་པ་ཆེན་པོ་ཡི༔ གྲོལ་བའི་ཐབས་ཆེན་བཀའ་སྩོལ་ཅིག༔ དེ་ནས་སྟོན་པས་རྡོ་རྗེའི་གསུང་འགགས་པ་མེད་པའི་རང་གདངས་ལས༔ ཀྱཻ་ཧོ་བདེ་གཤེགས་བདེ་བའི་ལམ༔ ཤེས་རབ་ཕ་རོལ་ཕྱིན་པའི་ཡུམ༔ རྒྱལ་བའི་ཐུགས་དབྱིངས་རྡོ་རྗེ་སེམས༔ རྫོགས་ཆེན་སྒོམ་པའི་རྣལ་འབྱོར་གྱིས༔ དབེན་པར་བསྐྱེད་རྫོགས་སྤྲོས་པ་བཅད༔ འདུག་སྟངས་གསུམ་དང་གཟིགས་སྟངས་གསུམ༔ རང་གནས་ཡེ་ཤེས་སྒྲོན་མ་དྲུག༔ ཕྱི་ཡི་སྒྲོན་མ་གསུམ་གྱི་འབེམ༔ རིག་པའི་མདའ་ཡིས་གནད་དུ་བསྣུན༔ ཁྲེགས་ཆོད་ཆོས་ཉིད་མངོན་སུམ་མཐོང་༔ ཐོད་རྒལ་ཉམས་སྣང་གོང་དུ་འཕེལ༔ གཉིས་ཀའི་རིག་པ་ཚད་ལ་ཕེབས༔ མཐར་ཕྱིན་ཆོས་ཉིད་ཟད་སར་སྐྱོལ༔ རང་དོན་ཆོས་སྐུ་མངོན་དུ་གྱུར༔ གཞན་དོན་འཁོར་བ་མ་སྟོངས་བར༔ གང་འདུལ་གཟུགས་སྣང་ཐེག་གསུམ་ཆོས༔ རྩོལ་མེད་རང་བྱུང་ཧེ་རུ་ཀ༔ ང་དང་སྐལ་བ་མཉམ་པར་གྱུར༔ ས་མ་ཡཱ༔ དེ་ནས་འཁོར་གྱི་གཙོ་མོ་ཆེན་མོ་ལྔ་བདེ་གཤེགས་ཡབ་ལྔ་སྤྲུལ་པ་འཁོར་དང་བཅས་པ་འོད་ལྔའི་རྣམ་པར་ཞུ་བ་སྟོན་པ་ཀུན་བཟང་ཧེ་རུ་ཀར་ཐིམ་པར་གྱུར་ཏོ༔ དེ་ནས་སླར་ཡང་ཧཱུྃཿམཐིང་གསལ་འོད་ལྔ་ལམ་ལམ་དུ་འཚེར་བ་ཞིག་ཏུ་གྱུར་ནས་བྲན་གྱི་ཚུལ་འཛིན་པ་རལ་གཅིག་མའི་ཐུགས་ཀར་ཐིམ་པར་གྱུར་མ་ཐག་སྟོན་པ་ཉིད་ལ་གུས་པས་ཕྱག་དང་བཅས་ཏེ་གསོལ་བ༔ ཀྱཻ་ཧོ་སྟོན་པ་ཧེ་རུ་ཀ༔ བསྟན་པའི་རྒྱུད་འདི་སུ་ལ་གཏད༔ རྒྱུད་འདི་བཏགས་སམ་གུས་མཆོད་པའི༔ ཕན་པའི་རིམ་པ་ཇི་ལྟ་བུ༔ མ་འོངས་འགྲོ་ལ་སྣང་འགྱུར་རམ༔ ཡན་ལག་རྒྱུད་དང་འབྲེལ་ལམ་ཅི༔ དྲིས་པའི་ལན་དུ་བཀའ་སྩོལ་ཅིག༔ སྟོན་པ་དགྱེས་པས་ལན་བསྩལ་པ༔ དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ༔ བཀའ་ཡི་བསྟན་པའི་གཉེར་འཛིན་པ༔ བྲན་མོའི་ཚུལ་སྟོན་རལ་གཅིག་མ༔ དེ་སྐད་ཞུས་པ་ཁྱོད་ལེགས་སོ༔ ངས་ཀྱང་མ་འོངས་འགྲོ་ཕན་ཕྱིར༔ གསུང་གིས་གསལ་བར་སྟོན་པས་ཉོན༔ བཀའ་ཡི་སྲུང་མ་རལ་གཅིག་མ༔ ཁྱོད་ཀྱི་བྲན་མོ་དུད་སོལ་མ༔ སྡེ་བརྒྱད་གཡོག་དང་བཅས་པས་སྲུངས༔ སྐལ་བ་ལྡན་ལ་མེལ་ཚེ་གྱིས༔ ཉམས་པ་ཅན་གྱི་དབང་པོ་སྣུབས༔ རྒྱུད་ཆེན་གཞི་ལམ་འབྲས་བུའི་རྒྱུད༔ རིན་ཆེན་ལྔ་འམ་སྣག་མཚལ་གྱིས༔ གླེགས་བམ་སོར་བརྒྱད་ཚད་དུ་བཅང་༔ ཡང་ན་རང་མོས་ཆེ་ཆུང་འཚམས༔ བྲིས་ཤིང་ཉེར་ལྔར་ཚོགས་མཆོད་དང་༔ འབྲེལ་བར་ཉམས་སུ་སུས་བླངས་པར༔ འཇིགས་བརྒྱད་དུས་མིན་འཆི་རྐྱེན་བྲལ༔ དབྱིངས་ཀྱི་ཡུམ་ལྔས་བུ་བཞིན་དགོངས༔ གནས་གསུམ་མཁའ་འགྲོ་མཛའ་བཞིན་འཁོར༔ ཕྱི་མ་དག་པའི་ཞིང་དུ་གྲོལ༔ མ་འོངས་རྒྱལ་ཀུན་གསང་མཛོད་འཆང་༔ ལག་ན་རྡོ་རྗེ་རི་ཡི་རྒྱལ༔ མེ་རི་འབར་བའི་རྩེ་མོ་རུ༔ མཚོ་སྐྱེས་སྤྲུལ་པའི་སྐུ་ལ་སྟོན༔ དེས་ཀྱང་པྲེ་ཏ་པུ་རིའི་ཞིང་༔ འདུལ་མཛད་རྗེ་དང་བཙུན་མོ་འབངས༔ སྐལ་ལྡན་འགའ་ལ་སྣང་བར་འགྱུར༔ དབྱངས་ཅན་སྤྲུལ་པའི་གཟུངས་མ་ལ༔ གཏད་རྒྱ་སྨོན་ལམ་བཀའ་བཙན་པས༔ རང་བྱུང་དབྱིངས་རིག་དགོངས་པའི་ཀློང་༔ མི་སྣང་ནམ་མཁའི་གཏེར་དུ་སྦོས༔ སྨོན་ལམ་དུས་བབ་འདོན་ཅིང་སྤེལ༔ གང་འབྲེལ་ཕན་པའི་དཔལ་ལ་འགོད༔ ཡན་ལག་རྒྱུད་ཀྱི་རྩ་བ་ནི༔ བཀའ་སྲུང་རལ་གཅིག་ཁྱོད་ཉིད་ཀྱི༔ སྲོག་དབང་སྒྲུབ་ཐབས་ལས་ཚོགས་བཅས༔ གསང་བའི་བདག་པོས་སྟོན་པར་འགྱུར༔ ཞེས་བཀའ་བསྩལ་པ་དང་རལ་གཅིག་མ་གཙོ་འཁོར་སྡེ་བརྒྱད་བྲན་དང་བཅས་པ་དང་༔ དབྱིངས་ན་བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་འཁོར་འདས་མཉམ་པ་ཆེན་པོའི་ཀློང་དུ་ཨ་ལ་ལ་ཧོ་ངོ་མཚར་ཏེ་རྗེས་སུ་ཡི་རངས་པས་མངོན་པར་བསྟོད་དོ༔ རལ་གཅིག་མའི་རྩ་བའི་རྒྱུད་སྤུ་གྲི་འབར་བ་རྫོགས་སོ༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པས་དབྱིངས་རིག་དབྱེར་མེད་དགོངས་པའི་ཀློང་ནས་བཏོན་ཏེ་སྐལ་ལྡན་ཆོས་ཀྱི་བདག་པོ་རྣམས་ལ་སྤེལ་བས་གང་འབྲེལ་ཐམས་ཅད་གནས་སྐབས་སྔགས་ཀྱི་སྲུང་མའི་སྲུང་སྐྱོབ་གཡེལ་མེད་དུ་མཛད་ནས་མཐར་ཐུག་རྒྱལ་ཡུམ་ཀུན་ཏུ་བཟང་མོ་དང་དབྱེར་མེད་དུ་གྲོལ་བའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔