Nitartha Digital Library
Tibetan
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།


   
   
   
གཅོད་ཀྱི་གདམས་ངག་ཐར་འདོད་ཀྱི་སྐྱེས་བུའི་ཐེག་པ་མཆོག་གི་ལམ་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་ཀྱི་གདམས་ངག་ཐར་འདོད་ཀྱི་སྐྱེས་བུའི་ཐེག་པ་མཆོག་གི་ལམ་བཟང་།next

གཅོད་ཀྱི་གདམས་ངག་ཐར་འདོད་ཀྱི་སྐྱེས་བུའི་ཐེག་པ་མཆོག་གི་ལམ་བཟང་།

གཅོད་ཀྱི་གདམས་ངག་ཐར་འདོད་ཀྱི་སྐྱེས་བུའི་ཐེག་པ་མཆོག་གི་ལམ་བཟང་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །གང་དེའི་རྣམ་འཕྲུལ་གྲུབ་པའི་དབང་། །མ་གཅིག་ལབས་ཀྱི་སྒྲོན་མ་ལ། །བཏུད་ནས་གཅོད་ཀྱི་གདམས་ངག་བྲི། །འདི་ལ་སྤྱིིར་བླ་མ་སྔོན་མ་དག་གིས་མཛད་པ་མང་ཞིང། ཁྱད་པར་དུ་པཎ་ཆེན་གོང་མས་མཛད་པའི་རྒྱས་བསྡུས་གཉིས་དང་། རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་གཅོད་ཀྱི་གདམས་པའི་སྙིང་པོ་རྩ་ཚིག་ལྟ་བུ་ཞིག་སྣང་བ་ལས། འདིར་དེ་གཉིས་ཀྱི་སྙིང་པོ་བསྡུས་པའི་འབྲིང་པོ་ཞིག་བཤད་པར་བྱའོ། །བརྒྱུད་པ་ལ་རིང་བརྒྱུད་ཀྱི་དབང་དུ་བྱས་ན། རྗེ་བཙུན་རྣལ་འབྱོར་མ། ཐུབ་དབང་བྱམས་འཇམ་དབྱངས་སོགས་མང་དུ་འབྱུང་ལ། ཉེ་བརྒྱུད་ནི་འཆད་པར་འགྱུར་རོ། །ཉམས་ལེན་དངོས་གཞི་ལ་གཟུགས་སྐུའི་རྒྱུ་ཚོགས་བསགས་པ་དང་། ཆོས་སྐུའི་རྒྱུ་སྟོང་ཉིད་སྒོམ་ཚུལ་ལོ། །དང་པོ་ལ་གསུམ། མཆོད་ཡུལ་བསྐྱེད་ཅིང་ཡན་ལག་བདུན་པ་བྱས་ཏེ་ནང་གི་མཎྜལ་འབུལ་བ་དང་། སེམས་ཅན་ཐམས་ཅད་ཕ་མར་བསྒོམས་ནས་ཤ་ཁྲག་སྦྱིན་པ་དང་། ཡི་དམ་དང་བླ་མ་བསྒོམས་ནས་བདུད་རྩིས་མཆོད་དེ་དངོས་གྲུབ་བླང་བའོ། །དང་པོ་ལ་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་རྣམས་སྤྱི་ལྟར་རམ། །བསྡུ་ན། ༈ །བླ་མ་མཆོག་གསུམ་ཡི་དམ་དང་། །གནས་གསུམ་མཁའ་འགྲོ་བསྟན་སྲུང་ལ། །ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕཊཿ རང་གི་སྤྱིི་བོར་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རྩ་བའི་བླ་མ་དང་ངོ་བོ་དབྱེར་མེད་པའི་མ་གཅིག་ལབས་ཀྱི་སྒྲོན་མ་དེ་ཉིད་རྣམ་པ་རྡོ་རྗེེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་མཆན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ། མཆེ་བ་ཅུང་ཟད་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཅེར་མོ་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འོད་འཕྲོ་བའི་དབུས་ན། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་གར་སྟབས་ཀྱིས་བཞུགས་པ། དེའི་སྤྱིི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་དཀར་ཧཱུཾ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་བར་ཧཱ་ལྗང་ཁུ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་མཁའ་སྤྱོད་ཀྱི་གནས་ནས་རྗེ་བཙུན་རྡོ་རྗེ་ཕག་མོ་ལ་བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་སྤྱན་དྲངས། ཕཊཿ ཆོས་དབྱིངས་དག་པའི་ཕོ་བྲང་ནས། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །འཁོར་བཅས་བརྩེར་དགོངས་གཤེགས་སུ་གསོལ། །ༀ་ཨཻ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་ཏེ། གནོད་བྱེད་ཀྱིས་གཙོས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་འགུག་བཅིང་བསྡམས་ཤིང་དབང་དུ་བྱས་ནས་རང་གི་མཐར་འཁོད་པར་གྱུར། ཛཿཧཱུཾ་བཾ་ཧོཿ ས་སྟེང་གང་བར་སྨུག་ཤིག་གེར་གནས་པར་གྱུར། དེ་ནས་རང་ཉིད་ཀྱི་གཙོ་བྱས་ཏེ་ཐམས་ཅད་མགྲིན་གཅིག་ཏུ་སྐྱབས་གནས་ལ་ཡན་ལག་བདུན་པ་འབུལ་བར་བསམས་ལ། ངག་ཏུ། ཕཊཿ ལྷུན་གྲུབ་སྤྲོས་དང་བྲལ་བའི་ཆོས་དབྱིངས་དང་། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་རོལ་བ་ལས། །སྣ་ཚོགས་དུ་མར་སྤྲུལ་པའི་ཌཱ་ཀི་མ། །བཅོམ་ལྡན་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། །བདེ་སྟོང་ལྷན་ཅིག་སྐྱེས་པའི་ཀློང་ཡངས་ནས། །ཟག་མེད་བདེ་ཆེན་བསྐྱེད་པའི་མཆོད་པའི་སྤྲིན། །ཕུན་ཚོགས་རྣམ་འགྱུར་སྟོང་གི་རོལ་པ་ཅན། །མ་ལུས་ཁྱེད་རྣམས་དགྱེས་པ་བསྐྱེད་ཕྱིར་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཉེས་ཚོགས་ཀུན། །རང་བཞིན་སྟོང་པའི་ངང་དུ་སོ་སོར་བཤགས། །རང་གཞན་ཀུན་གྱིས་བསྐུན་པའི་རྣམ་དཀར་ལ། །བསམ་པ་ཐག་པས་རྗེས་སུ་ཡི་རང་ངོ་། །འགྲོ་ཀུན་དོན་དུ་བསྐལ་པ་ཇི་སྲིད་བར། །དམ་པའི་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་ཞིང་། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །དུས་གསུམ་རྣམ་དཀར་ལེགས་ཚོགས་ཅི་བགྱིས་པ། །ཀུན་ཀྱང་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ། །བསླུ་མེད་སྐྱབས་གནས་ཁྱེད་རྣམས་ཐམས་ཅད་ཀྱིས། །བདག་ལ་དབང་བསྐུར་བྱིན་གྱིས་རློབ་ཏུ་གསོལ། །དེ་ལྟར་གསོལ་བས་བཅོམ་ལྡན་འདས་མ་ཡི། །སྐུ་ཡི་ཆ་ནས་བདུད་རྩིའི་རྒྱུན་བབས་པས། །རང་གཞན་ཀུན་གྱི་ལུས་ཀྱི་ཆར་ཞུགས་ཏེ། །སྡིག་སྒྲིབ་ནད་གདོན་མི་ཤེས་ཀུན་སྦྱངས་ནས། །ལུས་ནི་ཤེལ་གོང་བཞིན་དུ་དག་པར་གྱུར། །དེ་ནས་བེམ་རིག་ཕྲལ་བ་ནི། རང་གི་ལུས་ཀྱི་ནང་དབུས་རྩ་དབུ་མ། །ཁ་དོག་དམར་པོ་ཡར་སྣ་སྤྱི་བོར་ཟུག །སྤྱི་གཙུག་རྒྱ་མཐོང་ཁ་ལྟར་ཐལ་ལེར་གསལ། །མར་སྣ་སྟེ་འོག་ཟུག་པའི་ལྟེ་བ་ཡི། རྩ་འཁོར་དབུས་སུ་རང་གི་རྣམ་ཤེས་ནི། །ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ། །འཕར་ཞིང་འཕུར་ལ་ཁད་པ་ཞིག་ཏུ་གྱུར། ཕཊཿ རྣམ་ཤེས་ཐེག་ལེ་གྱེན་སོང་སྙིང་མགྲིན་དང་། །སྤྱིི་བོར་སླེབ་པ་ཧྲིག་ཧྲིག་གནས་པར་འགྱུར། །ཕཊཿ སླར་ཡང་རྣམ་ཤེས་ཐིག་ལེ་གྱེན་སོང་ནས། །བཅོམ་ལྡན་འདས་མའི་ཐུགས་ཀར་ཐིམ་གྱུར་པས། བེམ་པོའི་ལུས་དེ་ས་ལ་ལིང་གིས་འགྱེལ། །བེམ་རིག་སོ་སོར་ཕྲལ་ཏེ་གནས་པར་གྱུར། །དེ་ནས་ནང་གི་མཎྜལ་ནི། ཕཊཿ བླ་མ་རྡོ་རྗེ་ཕག་མོའི་ཐུགས་ཀ་ནས། །རང་གི་རྣམ་ཤེས་དེ་ཉིད་མཁའ་འགྲོ་མ། །གྲི་ཐོད་འཛིན་པའི་རྣམ་པར་རྒྱངས་ཀྱིས་བྱུང་། །ཕཊཿ བེམ་པོའི་ལུས་ཀྱི་སྤྱི་བོ་ནས་བཟུང་སྟེ། །བརླ་རྩའི་བར་དུ་གྲི་གུག་འབར་བས་གཤགས། །ཕཊཿ སྙིང་ག་ནས་བཟུང་གཡས་གཡོན་ལག་རྩེ་དང་། །སུམ་ཕྲག་ནས་བཟུང་གཡས་གཡོན་རྐང་རྩེའི་བར། །གཤགས་ཤིང་ལྤགས་པ་སྦུད་བཤུས་དམར་ཆལ་བཀྲམ། །དེ་ནས་ནང་གི་མཎྜལ་འབུལ་བ་ནི། ཕཊཿ ལྤགས་པ་ས་གཞིར་ཁྲག་གིས་ཆག་ཆག་བཏབ། །ཤ་ཁྲག་རུས་གསུམ་མེ་ཏོག་ཚོན་བུ་དང་། །ཡན་ལག་གླིང་བཞི་ཉིང་ལག་གླིང་ཕྲན་དབུས། །ཁོག་པ་སྒལ་ཚིགས་ས་འཛིན་བརྩེགས་པའི་རྩེར། །མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་དང་། །མིག་གཉིས་ཉི་ཟླ་སྙིང་ནི་ཡིད་བཞིན་ནོར། །ནང་ཁྲོལ་རྣམས་ལས་ལྷ་མིའི་ཕུན་ཚོགས་གྱུར། །ཕཊཿ འདོད་རྒུའི་རྒྱ་མཚོ་ནང་གི་མཎྜལ་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །སངས་རྒྱས་བྱང་སེམས་དབའ་བོ་མཁའ་འགྲོ་མ། །བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་ལ། །འབུལ་བགྱི་བཞེས་ནས་བྱིན་རླབས་དངོས་གྲུབ་སྩོལ། །ཞེས་བརྗོད་ཅིང་འབུལ། ཉེས་པ་ལ་སྔོན་དུ་སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་མཚོན་ཙམ་ནི། ཀྱེ་མ་གདོན་བགེགས་ལན་ཆགས་སོགས། །སྔོན་ནས་ཕ་མར་གྱུར་པ་ཡི། །རིགས་དྲུག་འགྲོ་བའི་དོན་དུ་ནི། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །དེ་ཕྱིར་དྲིན་དུ་ཆེ་ངེས་པའི། །མར་གྱུར་རིགས་དྲུག་འགྲོ་རྣམས་ཀུན། །ངན་སོང་འཁོར་བའི་སྡུག་བསྔལ་ལས། །ཐར་བར་གྱུར་ཅིག་ཐར་བར་བྱ། །མར་གྱུར་འགྲོ་བའི་སྡུག་བསྔལ་ཀུན། །བདག་གི་སྟེང་ཤོག་བདག་ཉིད་ཀྱི། །བདེ་དགེ་ཐམས་ཅད་གཞན་ལ་སྦྱིན། །གཞན་རྣམས་བདེ་དང་ལྡན་གྱུར་ཅིག །འདྲེ་གདོན་ལ་སོགས་རིགས་དྲུག་འགྲོ །ཐམས་ཅད་རིས་མེད་གཏན་གྱི་བདེ། །བླ་མེད་བྱང་ཆུབ་གོ་འཕང་ལ། །བདག་གིས་མྱུར་དུ་དགོད་པར་བྱ། །དེ་སླད་བླ་མ་ཡི་དམ་ལྷས། །བདག་ལ་བྱིན་གྱིས་རློབ་ཏུ་གསོལ། །དེ་ནས་ཉེ་བརྒྱུད་ཀྱི་གསོལ་འདེབས་དང་བྱིན་རླབས་རྒྱུ་མཚན་ནི། ༈ ཕཊཿ རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ། །རྗེ་བཙུན་མཁྱེན་པའི་གཏེར་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་བ་གཉིས་པ་བློ་བཟང་གྲགས། །དེ་སྲས་འཇམ་དཔལ་རྒྱ་མཚོ་དང་། །མཁས་མཆོག་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ༴ གྲུབ་མཆོག་ཆོས་ཀྱི་རྡོ་རྗེ་དང་། །བློ་བཟང་དོན་གྲུབ་པཎ་ཆེན་རྗེ། །ཆོས་འདིའི་དངོས་བརྒྱུད་བླ་མ་ལ། །གསོལ་བ༴ མདོར་ན་བླ་མ་ཡི་དམ་ལྷ། །མཁའ་འགྲོའི་གཙོ་མོ་ལབས་སྒྲོན་སོགས། །གནས་གསུམ་མཁའ་འགྲོ་ཐམས་ཅད་ལ༴ གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་ཉིད་གཅེས་འཛིན་འདོར་བ་དང་། །གཞན་དག་གཅེས་པར་འཛིན་པ་ཡི། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ལེགས་པར་འབྱོངས་པར་བྱིན་གྱིས་རློབས། །སྲིད་པའི་རྩ་བ་གཅོད་ནུས་པའི། །བདག་མེད་གནས་ལུགས་རྟོགས་པ་དང་། །ཆོས་གཟུགས་སྐུ་གཉིས་བདེ་བླག་ཏུ། །མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དེ་ནས་ཤ་ཁྲག་སྦྱིན་པ་ནི། འདིར་ཅུང་ཟད་རྒྱས་པར་ན། དེ་ལྟར་གསོལ་བས་བཅོམ་ལྡན་འདས་མ་ཡི། །ཞེས་པ་ནས། ལྤགས་པ་སྤུད་བཤུས་དམར་ཆལ་བཀྲམ། །ཞེས་པའི་བར་བྱ་ཞིང་། བསྡུ་ན་སྔོན་མའི་རྒྱུན་ཡོད་པར་མོས་ཏེ་མ་བྱས་ཀྱང་མི་འགལ་བར་སེམས། གང་ལྟར་ཡང་ངག་ཏུ། ཕཊཿ ཀླད་པ་ཁུ་བ་དྭངས་མ་རྣམས། །འདོད་ཡོན་མཆོད་སྤྲིན་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས་ནས་འབུལ་བ་ནི། ཕཊཿ ཟག་མེད་བདུད་རྩིའི་རྒྱ་མཚོ་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཆོག་གསུམ་དཔའ་བོ་རྣལ་འབྱོར་མ། །བསྟན་སྲུང་ཚོགས་དང་བཅས་ལ་འབུལ། །བརྩེ་བས་བཞེས་ལ་མཆོག་ཐུན་གྱི། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཚིགས་མ་ཤ་ཁྲག་རུས་ཚོགས་ཀྱིས། །ས་སྟེང་ཁྱབ་ཅིང་གང་བར་གྱུར། །དེ་ནས་སླར་ཡང་། རང་གི་རྣམ་ཤེས་མཁའ་འགྲོ་མས། །གྲི་གུག་གཡོབ་ཅིང་འདི་སྐད་དུ། །ཕཊཿ སྲིད་རྩེ་ནས་བཟུང་མནར་མེད་པར། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །གདོན་བགེགས་ཇི་སྙེད་ཡོད་པ་རྣམས། །འདི་རུ་ཚོགས་ཤིང་འདིར་འདུས་ཤིག །ང་ཡི་སྒྱུ་མའི་ཕུང་པོ་འདི། །ཕ་མ་འདྲེ་གདོན་ལ་སོགས་པའི། །རིགས་དྲུག་འགྲོ་བའི་གླུད་དུ་འབུལ། །བླ་མ་དམ་པའི་གླུད་དུ་འབུལ། །དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད། །མགོན་པོ་ཡོན་ཏན་མགྲོན་ལ་འབུལ། །རིགས་དྲུག་སྙིང་རྗེའི་འགྲོ་ལ་གཏོང་། །ལན་ཆགས་མགྲོན་ལ་བུ་ལོན་འཇལ། །ཕཊཿ ཁྱེད་རྣམས་ལས་ནི་མགྲོན་གང་ཞིག །ཤ་ཁྲག་རུས་པ་ནང་ཁྲོལ་དང་། །ཚེ་སྲོག་བཀྲག་མདངས་ལ་སོགས་པ། །གང་ལ་དགའ་བ་དེ་ཁྱེར་ཤིག །ཟོ་ཞིག་འཐུང་ཞིག་ཅི་དགར་གྱིས། །ཕཊཿ ལྤགས་པ་དུམ་བུར་བཏུབས་པ་རྣམས། །འདོད་རྒུ་འབྱུང་བའི་དངོས་པོར་གྱུར། །ཕཊཿ རང་རང་ཅི་ལྟར་འདོད་པ་བཞིན། །ཕུན་ཚོགས་དངོས་པོ་རྣམས་ཁྱེར་ལ། །ནམ་མཁའ་བར་སྣང་ས་གཞི་སོགས། །གང་དུ་དགའ་བའི་གནས་སུ་སོང་། །ཕཊཿ དམིགས་མེད་སྒོམ་པ་ནི། གང་གིས་སྦྱིན་དང་གང་ལ་སྦྱིན། །སྦྱིན་བྱའི་དངོས་པོ་ལ་སོགས་པ། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱང་། །སྟོང་པ་ཉིད་ཀྱི་ངང་དུ་གྱུར། །སྟོང་དང་རྟེན་འབྲེལ་ཟུང་འཇུག་པའི། །སྒྱུ་མ་ལྟ་བུའི་ངང་ཉིད་ལས། །ཐ་སྙད་བྱ་བྱེད་འཐད་པ་ཡི། །དགེ་བས་སངས་རྒྱས་ཉིད་གྱུར་ཅིག །འདི་དག་ནི་དམར་འགྱེད་དུ་གྲགས་པ་དེ་ཡིན་ལ། གསུམ་པ་ནི་དཀར་འགྱེད་དུ་གྲགས་པ་སྟེ་སྔོན་མ་དང་འདི་གཉིས་ལ་གོ་རིམ་ངེས་པ་ཅན་མི་སྣང་ངོ་། །འདི་གཉིས་སོ་སོར་ཉམས་སུ་བླངས་ཀྱང་མི་འགལ་ཞིང་། དཀྱུས་གཅིག་ལ་ཉམས་སུ་ལེན་པ་མང་ལ། སོ་སོར་བྱེད་ན་ནི་སྐྱབས་སེམས་སོགས་སྔོན་དུ་བཏང་སྟེ། ཡུལ་བསྐྱེད་པ་ནི། རང་གི་སྤྱི་བོར་སྣ་ཚོགས་པད་ཟླའི་སྟེང་། །རྩ་བའི་བླ་མ་ཉིད་དང་དབྱེར་མེད་པའི། །མཁའ་འགྲོའི་དབང་ཕྱུག་མ་གཅིག་ལབས་ཀྱི་སྒྲོན། །དེ་ཉིད་རྣམ་པ་སངས་རྒྱས་མཁའ་འགྲོ་མ། །སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་སེང་ལྡེང་ཌཱ་མ་རུ་འཁྲོལ་ཞིང་། །གཡོན་པ་དངུལ་དཀར་དྲིལ་བུ་དྲག་ཏུ་གསིལ། །དར་དཀར་དབུ་སྐྲ་ཕྱེད་བཅིངས་ལྷག་མ་འཕྱང་། །འཛུམ་སྒེག་ཉམས་ལྡན་ལྷ་རྫས་ན་བཟའ་གསོལ། །ཉི་མ་སྟོང་གི་གཟི་འོད་འབར་བའི་དབུས། །ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་གར་སྟབས་བཞུགས། །དེའི་སྤྱི་བོར་ༀ་དཀར་པོ། ཞེས་པ་ནས། བདག་ལ་དབང་བསྐུར་བྱིན་གྱིས་རློབ་ཏུ་གསོལ། །དེ་ནས་ཡི་དམ་དང་བླ་མར་བསྒོམས་ནས་མཆོད་ཅིང་དངོས་གྲུབ་ཞུ་བ་ལ་གཉིས་ཀྱི་དང་པོ་ནི། དེ་ལྟར་གསོལ་བས་བཅོམ་ལྡན་འདས་མ་ཡི། །སྐུ་ཡི་ཆ་ནས་བདུད་རྩིའི་རྒྱུན་བབས་པས། །ཞེས་པ་ནས། བོ་མོ་རག་སོ་ཕྲལ་ཏེ་གནས་པ་ཡི། །ཐུགས་ཀའི་གནས་ནས་བདག་གི་རྣམ་པར་ཤེས། །རྣམ་པ་ཡེ་ཤེས་མཁའ་འགྲོ་གྲི་ཐོད་འཛིན། །རྒྱངས་ཀྱིས་ཐོན་ནས་ནམ་མཁར་འཁོད་པར་གྱུར། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་ཉིད་དང་། །བཅུད་ཀྱི་སེམས་ཅན་འདྲེ་གདོན་ལ་སོགས་པའི། །རིགས་དྲུག་ཐམས་ཅད་ལྷ་དང་ལྷ་མོར་གྱུར། །རང་གི་སྤྱི་བོའི་བླ་མ་མཁའ་འགྲོ་དང་། །རིགས་དྲུག་ལྷར་གྱུར་ཀུན་གྱི་ཐུགས་ཀ་ནས། །འོད་འཕྲོས་རང་བཞིན་གནས་ནས་བླ་མ་དང་། །མཁའ་འགྲོ་དབྱེར་མེད་རྒྱལ་བ་ཞི་ཁྲོའི་ཚོགས། །ལྷན་ཅིག་སྤྱན་དྲངས་རང་དང་རིགས་དྲུག་ཀུན། །ལྷར་གསལ་རྣམས་ལ་ཐིམ་པས་དབྱེར་མེད་གྱུར། །དེ་ནས་བདུད་རྩིས་མཆོད་པ་ནི་འདི་ལྟར། ༈ །རང་གི་ཕུང་པོ་དཀར་ཞིང་ཆེ་ལ་སྣུམ། །ཚོ་བའི་མདུན་དུ་ཡཾ་ལས་རླུང་དཀྱིལ་སྟེང་། །རཾ་ལས་མེ་དཀྱིལ་དེ་སྟེང་ཨཱཿལས་ནི། །མི་མགོའི་སྒྱེད་བུ་ཆེན་པོ་གསུམ་དུ་གྱུར། །རང་གི་རྣམ་ཤེས་མཁའ་འགྲོ་གྲི་ཐོད་ཅན། །གྲི་གུག་ཕུང་པོ་རྙིང་བའི་སྨན་ཕྲག་ཏུ། །བཙུགས་ཏེ་ཐོད་པ་ལིང་གིས་བཀོག་བྱས་ནས། །མི་མགོའི་སྐྱེད་བུ་གསུམ་གྱི་སྟེང་བཞག་པས། །རྒྱ་ནི་སྟོང་གསུམ་ཁྱོན་དང་མཉམ་གྱུར་ནང་། །ཕུང་པོ་དེ་བཅུག་གྲི་གུག་རབ་འབར་བས། །དུམ་བུར་གཏུབས་པའི་འོག་གི་རླུང་གཡོས་ཏེ། །མེ་སྦར་རྫས་རྣམས་ཞུ་བའི་རླངས་པ་ཡིས། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཐུགས་ཀ་ནས། །ཡེ་ཤེས་བདུད་རྩི་རྣམས་བཀུག་ཐོད་པའི་ནང་། །བབས་པས་ཉེས་པའི་དྲི་མ་ཀུན་སྦྱངས་ཏེ། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ། མགྲོན་རྣམས་ཀུན་གྱི་ལྗགས་ཉིད་རྡོ་རྗེ་ཡི། །འོད་ཟེར་སྦུ་གུས་དྲངས་ཏེ་གསོལ་བར་གྱུར། །ༀ་གུ་རུ་སརྦ་བུདྡྷ་ཌཱ་ཀི་ནི་ས་པཱ་རི་ཝ་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་རིགས་དྲུག་མགྲོན། །ལྷར་གསལ་མ་ལུས་ཀུན་ནས་ཚིམ་གྱུར་ནས། །ཐུགས་རྒྱུད་ཟག་མེད་བདེ་བས་དགྱེས་གྱུར་ཅིག །བདེ་སྟོང་དབྱེར་མེད་ཡེ་ཤེས་སྐྱེ་གྱུར་ཅིག །དངོས་གྲུབ་ཞུ་བ་ནི། དེ་ལྟར་གསོལ་བས་ཀུན་གྱི་གནས་ལྔ་ལས། །བདུད་རྩིའི་རྒྱུན་བྱུང་རང་གི་གནས་ལྔ་རུ། །ཐིམ་པས་ལུས་ཀྱི་གནས་ལྔ་བྱིན་བརླབས་པས། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། །ཅེས་བྱའོ། །གཉིས་པ་བླ་མ་བསྒོམས་ནས་དངོས་གྲུབ་ཞུ་ཚུལ་པཎ་ཆེན་གྱི་དེར་ཤིན་ཏུ་བསྡུས་ཤིང་། འདིར་ཅུང་ཟད་བསྡུ་ན། མཆོད་ཡུལ་བསྐྱེད་པ་ནི། རང་ཉིད་མཁའ་འགྲོར་གསལ་བའི་སྤྱི་གཙུག་ཏུ། །འདྲེ་གདོན་གནོད་བྱེད་རྩ་བའི་བླ་མ་དང་། །དབྱེར་མེད་བཞུགས་པའི་མཐའ་སྐོར་སེམས་ཅན་ཀུན། །དངོས་བརྒྱུད་བླ་མ་གཞན་གྱི་རྣམ་པར་གྱུར། །དེ་དག་སྒོ་གསུམ་རྡོ་རྗེ་གསུམ་མཚན་པའི། །ཧཱུཾ་ལས་འོད་འཕྲོས་རང་བཞིན་གནས་མཆོག་ནས། །བླ་མ་རྒྱལ་བ་སྲས་བཅས་ཞི་ཁྲོའི་ཚོགས། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །ཡན་ལག་བདུན་པ་སོགས་ནི། །སྐྱབས་གནས་རྣམས་ལ་གུས་པས་ཕྱག་འཚལ་ལོ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་སོ་སོར་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །རྟག་པར་བཞུགས་གསོལ་དགེ་བ་ཅི་མཆིས་པ། །བླ་མེད་བྱང་ཆུབ་གོ་འཕང་ཐོབ་ཕྱིར་བསྔོ། །གླིང་བཞི་གླིང་ཕྲན་རི་རབ་ཉི་ཟླ་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །ཕྱི་ནང་བདུད་རྩི་རྒྱ་མཚོའི་མཆོད་པའི་ཚོགས། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ་ཕྱིར་འབུལ། །དངོས་གྲུབ་བླང་བ་ནི། །བླ་མ་མཁའ་འགྲོ་རྒྱལ་བ་ཞི་ཁྲོ་ལ། །གུས་པས་གསོལ་བ་འདེབས་སོ་བརྩེར་དགོངས་ནས། །བདག་ལ་དབང་བཞི་བསྐུར་བར་མཛད་དུ་གསོལ། །སྐུ་བཞི་མངོན་དུ་འགྱུར་བར་མཛད་དུ་གསོལ། །དེ་ལྟར་གསོལ་བས་བླ་མ་མཁའ་འགྲོ་ཡི། །གནས་གསུམ་ཡི་གེ་གསུམ་ལས་བདུད་རྩི་དང་། །འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང་། །ཅིག་ཅར་བྱུང་ནས་རང་གི་གནས་གསུམ་དུ། །རིམ་དང་ཅིག་ཅར་ཐིམ་པས་སྒྲིབ་བཞི་དང་། །དབང་བཞི་ཐོབ་ཅིང་སྐུ་བཞིའི་ནུས་པ་བཞག །འཁོར་རྣམས་གཙོ་བོར་ཐིམ་ཞིང་གཙོ་མོ་ཉིད། །རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། །ཆོས་རྣམས་གདོད་ནས་རང་བཞིན་གྱིས་དབེན་ཡང་། །སྒྱུ་མ་ལྟ་བུའི་རྣམ་དཀར་དགེ་ཚོགས་རྣམས། །བདག་གཞན་འགྲོ་བ་ཀུན་གྱི་དོན་ཆེད་དུ། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །གཉིས་པ་ཆོས་སྐུའི་རྒྱུ་སྟོང་ཉིད་སྒོམ་པ་ནི། འཁོར་འདས་ཆོས་རྣམས་ཐམས་ཅད་རང་རང་གི །ཆ་ཤས་དག་ལ་བརྟེན་ནས་བཏགས་ཤིང་བཞག །བརྟེན་ནས་འབྱུང་བའི་ཆོས་རྣམས་གང་ཡིན་པ། །དེ་དག་རང་གི་ངོ་བོ་ཉིད་ཀྱིས་སྟོང་། །སྟོང་པ་རང་བཞིན་མེད་པའི་ངོ་བོ་དང་། །སྣང་བ་རྟེན་འབྲེལ་སྒྱུ་མ་ལྟ་བུ་གཉིས། །གཞི་གཅིག་ལ་ནི་འགལ་མེད་འདུ་བ་ཡི། །སྣང་སྟོང་ཚོགས་པའི་ཟུང་འཇུག་ཨེ་མ་མཚར། །སྣོད་བཅུད་སྣང་བ་ཐམས་ཅད་ལྷན་ཅིག་ཏུ། །འོད་ཀྱི་རྣམ་པར་གྱུར་ནས་རང་ལ་ཐིམ། །དམིགས་མེད་མཉམ་གཞག་ནམ་མཁའ་ལྟ་བུ་དང་། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ཉམས་ལེན་ལས། །མི་འདའི་ཚུལ་གྱིས་རྣམ་པར་རོལ་བར་གྱུར། །ཚེ་རབས་ཀུན་ཏུ་རིས་མེད་འགྲོ་རྣམས་ལ། །གཅིག་ཏུ་བརྩེ་བའི་སྙིང་རྗེ་ཆེན་པོ་དང་། །བྱམས་དང་ལྷག་བསམ་སེམས་བསྐྱེད་སྐྱེ་འཕེལ་ཐབས། ལམ་མཆོག་འདི་དང་མི་འབྲལ་ཉམས་ལེན་ཤོག །དེ་ཡི་མཐུ་ལས་ཐེག་མཆོག་ལམ་བཟང་གིས། །རང་རྒྱུད་སྨིན་ཅིང་གྲོལ་བའི་སྐལ་ལྡན་ཅིང་། །ཆོས་གཟུགས་འགྲུབ་པའི་རྒྱུ་ཚོགས་མྱུར་རྫོགས་ནས། །ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །ཅེས་སོགས་བསྔོ་སྨོན་བྱའོ། །འདི་ཐམས་ཅད་དཀྱུས་གཅིག་ལ་ཉམས་སུ་ལེན་པའམ། མ་གྲུབ་ན་རང་གང་འདོད་པ་དེ་ཙམ་དུ་ཉམས་སུ་བླང་ཡང་རུང་ངོ་། །བསྡུས་པ་ནི་པཎ་ཆེན་རིན་པོ་ཆེའི་གསུངས་ལྟར་བཀོད་ན། སྐྱབས་སེམས་སོགས་བྱས་ཏེ། རང་གི་སྤྱི་བོར་རྩ་བའི་བླ་མ་དང་། །དབྱེར་མེད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །ཕྱག་གཡས་གྲི་གུག་གཡོན་པ་ཐོད་ཁྲག་འཛིན། །མཆན་ཁུང་ཁ་ཊཾ་ག་ཡིས་མཛེས་པར་བརྒྱན། ཁྲོ་ཆགས་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས། །སྐྲ་གྲོལ་གཅེར་མོ་རུས་པའི་རྒྱན་དྲུག་གསོལ། །བརྐྱངས་བསྐུམས་གར་གྱིས་པད་ཉི་རོ་གདན་བཞུགས། །རང་ལུས་དབུས་སུ་དབུ་མ་མདའ་སྨྱུག་ཙམ། །སྤྱི་བོ་ནས་བཟུང་སྤྱི་གཙུག་ཐལ་ལེར་ཟུག །སྙིང་དབུས་དྷཱུ་ཏཱིར་རང་སེམས་ཐིག་ལེའི་གཟུགས། །དཀར་འཚེར་འོད་ཀྱི་ཕུང་པོ་རྒྱ་སྲན་ཙམ། ཕཊཿ སྙིང་ག་ནས་ཐོན་སྐར་མདའ་འཕངས་པ་བཞིན། །རྗེ་བཙུན་རྣལ་འབྱོར་མ་ཡི་ཐུགས་ཀར་ཐིམ། །རང་ལུས་བེམ་པོ་ཤིང་སྡོང་བཅད་པ་བཞིན། །ལིང་གིས་འགྱེལ་བས་སྟོང་གསུམ་ཁྱོན་གང་ཞིང་། །དཀར་ཞིང་ཆེ་ལ་སྣུམ་ཞིང་མཛེས་པར་གྱུར། །སླར་ཡང་རང་སེམས་བླ་མའི་ཐུགས་ཀ་ནས། །མཁའ་འགྲོ་གྲི་གུག་འཛིན་པའི་རྣམ་པར་ཐོན། །ༀ་ཨཱཿཧཱུཾ་ལས་མི་མགོའི་སྒྱེད་བུ་ནི། །རི་རྒྱལ་ལྷུན་པོ་ལྟ་བུ་གསུམ་གྱི་སྟེང་། །གྲི་གུག་འབར་བས་ཐོད་པ་བཀོག་ནས་བཀལ། །ཕུང་པོ་རྙིང་པ་དེ་ཡི་ནང་བཅུག་སྟེ། །གྲི་གུག་གིས་བཏུབས་གཡས་སྐོར་གསུམ་དཀྲུགས་ཤིང་། །ༀ་ཨཱཿཧཱུཾ་གིས་ཟག་མེད་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པ་ཉིད། །སྲིད་ཞིའི་མགྲོན་རྣམས་མཆོད་ཅིང་ཚིམ་སྟེ་མཉེས། །དམིགས་མེད་སྟོང་པའི་ངང་ནས་དགེ་བ་རྣམས། །རྫོགས་པའི་བྱང་ཆུབ་དམ་པ་ཐོབ་ཕྱིར་བསྔོ། །དཀར་འགྱེད་དོ།། ༈ །།ཡང་དམར་འགྱེད་ནི། སྔར་བཞིན་བེམ་རིག་བྲལ་བ་ཡན་ཆད་བྱས་ནས། འདི་ལྟར། རང་སེམས་གྲི་གུག་ཐོགས་པའི་མཁའ་འགྲོ་མས། །ཕུང་པོ་རྙིང་པའི་སྨོན་མཚམས་སུམ་ཁྲག་དང་། །རྐང་ལག་བཞི་རྩེར་རྒྱ་གྲམ་བཤགས་བྱས་ཏེ། །ལྤགས་པ་བཤུས་ནས་ས་སྟེང་དམར་ཆལ་བཀྲམ། །ཤ་ཁྲག་གཏོར་མས་སྲིད་གསུམ་གང་གྱུར་པ། །དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད་པ་འབུལ། །མགོན་པོ་ཡོན་ཏན་མགྲོན་ལ་གཏང་རག་གཏོང་། །རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་དང་། །གདོན་བགེགས་ལན་ཆགས་མགྲོན་ལ་བུ་ལོན་འཇལ། །རང་རང་ཇི་ལྟར་འདོད་པའི་དམ་རྫས་ཀྱིས། །སྐྱེ་འཕགས་མ་ལུས་མཉེས་ཤིང་ཚིམ་པར་གྱུར། །མཆོད་སྦྱིན་འཁོར་གསུམ་རྣམ་པར་དག་པ་དང་། །ཆུ་ཟླ་བཞིན་དུ་སྣང་ཡང་བདེན་པས་སྟོང་། །ཕཊཿ བདེན་མེད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་། །དབྱིངས་རིག་དབྱེར་མེད་རྩེ་གཅིག་མཉམ་གཞག་སྟེ། །རྗེས་ཐོབ་དགེ་ཀུན་བྱང་ཆུབ་ཆེན་པོར་བསྔོ། །ཞེས་འབྱུང་བ་ལྟར་བྱའོ། །ཡང་རྗེ་དགེ་འདུན་རྒྱ་མཚོའི་གསུང་ལས་འདི་ལྟར་འབྱུང་སྟེ། མདུན་གྱི་ནམ་མཁར་པད་སྡོང་སྟེང་། །བླ་མ་ལབས་ཀྱི་སྒྲོན་མ་ལ། །མཁའ་འགྲོ་སྡེ་ལྔ་བརྒྱུད་པ་ཡི། །བླ་མ་རྣམས་དང་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་བསམ། །དེ་ནས་བེམ་རིག་ཕྲལ་བྱས་ཤིང་། །དབྱིངས་དང་རིག་པ་དབྱེར་མེད་དང་། །རང་ཉིད་ཁྲོས་མ་ནག་མོར་བསྒོམ། །ཕྱག་གཡས་འབར་བའི་གྲི་གུག་གིས། །རི་རབ་དང་མཉམ་ཕུང་པོ་ཡི། །ཐོད་པ་ཕྲལ་ནས་མི་མགོ་ཡི། །རློན་པའི་སྒྱེད་བུ་གསུམ་ལ་བཀལ། །དེ་ནས་ཤ་ཁྲག་ཐམས་ཅད་བླུགས། །ༀ་ཨཱ་ཧཱུཾ་གིས་བདུད་རྩིར་བྱས། །ཐོད་པ་ཐོགས་པའི་ལྷ་མོའི་ཚོགས། །ནམ་མཁའ་གང་བས་རབ་ཏུ་མཆོད། །དེ་ནས་གནོད་བྱེད་གདོན་བགེགས་དང་། །རིགས་དྲུག་ཀུན་ལ་རབ་ཏུ་སྦྱིན། །འཁོར་གསུམ་དམིགས་པ་མེད་པར་བྱ། །རྩེ་གཅིག་ཆོས་ཀྱི་སྐུ་རུ་བསྔོ། །སླར་ཡང་སྔར་བཞིན་བེམ་རིག་ཕྲལ། །དབྱིངས་རིག་བསྲེས་ནས་རྣལ་འབྱོར་མས། །ཕྱག་གཡས་འབར་བའི་གྲི་གུག་གིས། །རང་གི་ཕུང་བོ་ཁ་ཕྱེ་ནས། །ཤ་དང་རུས་པ་རི་རབ་ཙམ། །ཁྲག་ནི་རྒྱ་མཚོ་ཆེན་པོར་མཚུངས། །སྲིད་པའི་རྩེ་མོ་ནས་བཟུང་སྟེ། །མནར་མེད་དམྱལ་བ་ཡན་ཆད་ཀྱི། །སྣང་སྲིད་ལྷ་སྲིན་ཐམས་ཅད་བསྡུས། །ཤ་ཟོས་ཁྲག་འཐུང་རུས་པ་མུར། །ཐམས་ཅད་བདུད་རྩིས་ཚིམ་པར་བསམ། །གཞན་ཡང་འདྲེ་གདོན་མ་ལུས་པ། །ཕ་མར་བསམས་ལ་བྱམས་བརྩེ་བསྒོམ། །བླ་མར་བསམས་ལ་མཆོད་པ་འབུལ། །ཡི་དམ་དུ་བསམས་དངོས་གྲུབ་ཞུ། །ཆོས་སྐྱོང་དུ་བསམས་འཕྲིན་ལས་བཅོལ། །ཕྱི་ནང་གསང་བའི་སློངས་ཚད་དང་། །ཚར་ཚད་ཚེ་གཏད་ངོས་ཟིན་བྱ། །བདག་འཛིན་འཁྲི་བ་ཆོད་པ་དང་། །རང་ཉིད་གཅེས་འཛིན་བཅད་བྱས་ནས། །ཆོས་ཀུན་ཁྱད་པར་འདྲེ་གདོན་སོགས། །ཡུལ་གྱི་སྟེང་ནས་རྡུལ་ཙམ་ཡང་། །གྲུབ་པ་མེད་སྙམ་བློ་ཐག་བཅད། །དམིགས་མེད་ངང་ནས་དགེ་བ་དེ། །ཀུན་ཀྱང་ཐུན་མོང་བྱང་ཆུབ་བསྔོ། །ཞེས་འབྱུང་བ་ལྟར་རོ། །སྨྲས་པ། །རྒྱལ་ཡུམ་མ་གཅིག་ལབས་སྒྲོན་མའི། །ཆོས་ཚུལ་གཅོད་ཀྱི་གདམས་པ་མཆོག །དམ་པའི་བཞེད་སྲོལ་ཇི་བཞིན་དུ། །ཚིགས་སུ་བཅད་པའི་ངག་གིས་བསྡེབས། །འདི་ཡི་དབང་ལུང་མན་ངག་རྒྱུན། །རྒྱལ་སྲས་རྗེ་བཙུན་པཎྜི་ཏའི། །དྲུང་ནས་ཐོབ་ཀྱང་ལག་ལེན་དུ། །བསྟར་བའི་འདུན་པ་སྔར་མ་སྐྱེས། །འོན་ཀྱང་བླ་ཆེན་མཁས་པ་འགས། །ཁྱོད་ཉིད་མ་གཅིག་ལབས་སྒྲོན་གྱི། །མ་འོངས་ལུང་བསྟན་དེ་ལས་ནི། །འདི་ལྟར་ཟིན་ཞེས་གསུང་ཐོས་ཚེ། །ཡིད་ལ་དགའ་བའི་དད་གུས་ཞིག །སྐྱེས་ནས་དྲིན་དུ་གཟོ་བ་དང་། །མཆོད་ཕྱིར་འདི་ཉིད་སྤེལ་འདུན་ཤར། །ཚུལ་འདིར་འབད་པའི་རྣམ་དཀར་དགེས། །སྐྱེ་ཀུན་རྒྱལ་ཡུམ་དེ་ཉིད་ཀྱིས། །དགྱེས་བཞིན་རྗེས་སུ་འཛིན་པ་དང་། །རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག །ཅེས་པ་དེ་ལྟ་བུའི་གདམས་པ་འདི་ཉིད་སྤྱིར་བྱམས་སྙིང་རྗེ་ལྷག་བསམ་སེམས་བསྐྱེད་ཀྱི་ཁྱད་པར་ཅི་རིགས་དང་ལྡན་ཅིང་། ཐེག་ཆེན་ལ་མོས་པ་ཆེ་བ་ཞིག་གིས་ཉམས་སུ་བླངས་ན་ཁྱད་ཆེ་ཞིང་། ཁྱད་པར་དུ་ཚེ་འདི་བློས་བཏང་བའི་རི་ཁྲོད་པ་འདྲེ་གདོན་སོགས་རིགས་དྲུག་གི་འགྲོ་བ་དམན་པ་རྣམས་ལ་ལྷག་པར་བྱམས་སྙིང་རྗེ་དང་ལྡན་པ་དག་གིས་ཉམས་ལེན་གྱི་སྙིང་པོར་བྱ་རིགས་སོ། །ཅེས་པ་འདི་ཡང་ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་དད་པ་ཁོ་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒ་ལཾ། །ཞུས་དག །


previousགཅོད་ཀྱི་གདམས་ངག་ཐར་འདོད་ཀྱི་སྐྱེས་བུའི་ཐེག་པ་མཆོག་གི་ལམ་བཟང་།next