Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
གཞི་བདག་དཀར་གཏོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousགཞི་བདག་དཀར་གཏོར།next

གཞི་བདག་དཀར་གཏོར།


CMR012_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཀར་གཏོར་དང་གསེར་སྐྱེམས་ཆུ་གཙང་གིས་བྲན་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས་ནས། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། གཡས་པའི་མཐེ་བོང་མཐེའུ་མནན། ལྷག་མ་གསུམ་པོ་བསྒྲེངས་ལ། ཨོཾ་སྭ་བྷ་ཝ་བི་ཤུདྡྷེ་དྷརྨཱ་ཏི་བཛྲ་སིདྡྷི་ཧཱུྃ། ཞེས་སྦྱངས། ཐལ་མོ་བཀན་ལ་བསྙིལ་བའི་ཚུལ་བྱས་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བར་བཞག་ལ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷ་སརྦ་ཐ་ཁམ་ཨུཏྤ་ཏེ་སྤ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་མང་པོ་སྤེལ། ལག་པའི་སོར་མོ་བསྣོལ་ལ་གུང་མོ་རྩེ་སྤྲད་ལ་བཅག་སྟེ་དཔྲལ་བར་བཅིངས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པས་བདུད་རྩིར་བསྒྱུར། གཡོན་གྱི་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག །གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་སོགས༔ ཞེས་པས་འདོད་དོན་བསྒྲུབ་པར་བསམས་ལ། གཡས་པས་ཁྲོ་བོའི་ཁུ་ཚུར་བཅང་སྟེ་བསྒྲིགས་ལ་རྫས་ལ་གཏད་དེ། སེ་གོལ་བརྡབ་ཅིང་དཀྲོལ་ལ། ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་སོགས། ཞེས་རྒྱལ་ཆེན་ཤུགས་ལྡན་འོད་ཀྱི་ཕྱག་


CMR012_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སོ་སོར་ཐོབ་པར་བསམས་བྱས་ལ། གཡས་པས་མི་འཇིགས་པའི་ཕྱག་རྒྱ་བྱས་ལ། ཨོཾ་རུ་རུ་ཕུ་རུ་ཛྭ་ལ་སིདྡྷི་སརྦ་ཨརྦ་ས་དྷ་ནི་ཧཱུཾ་ཕཊ་སྭ་ཧཱ། ཞེས་པས་མཉམ་པོར་ཐོབ་པར་བསམ། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སོགས། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཕྱོགས་སྐྱོང་བཅུ་ལ་སོགས་པ་དཔལ་མགོན་བདུན་ཅུ་རྩ་ལྔ་དང་། སྲིད་པ་གསུམ་གྱི་འབྱུང་པོ་མཐུ་བོ་ཆེ། འཇིག་རྟེན་སྐྱོང་བ་འཁོར་དང་བཅོས་པ་རྣམས་ལ་འབུལ་ལོ། །ཁྱད་པར་དུ་ཡང་བརྟན་མ་བཅུ་གཉིས་ལ་སོགས་པའི་བོད་ཀྱི་གནས་བདག་གཞི་བདག་བྱེ་བྲག་ཏུ་ཡང་ས་ཕྱོགས་ཡུལ་རིས་ཉེ་སྐོར་འདི་ཉིད་ལ་གནས་པའི་གཞི་བདག་གནས་བདག་ཐམས་ཅད་ལ་འབུལ་ལོ། །རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཁ་འཛིན་རྒྱབ་རྟེན་དགེ་བའི་སྡོང་གྲོགས་བྱེད་པའི་ལྷ་ཀླུ་དགེ་བསྙེན་རྣམས་ལ་འབུལ་ལོ། །དམ་རྫས་བདུད་རྩིའི་གཏོར་མ་གསེར་སྐྱེམས་རྒྱ་ཆེན་པོ་འདི་འབུལ་གྱིས་བཞེས་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་འགྲོ་ན་མ་བཅག །སྡོད་ན་མ་སྡང་། བསམ་པ་མ་ངན། སྦྱོར་བ་མ་རྩུབ།


CMR012_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་སྦྱོར། ཡོན་བདག་གྱིས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་ཕྲིན་ལས་མཛོད་ཅིག །དེ་ནས་དཀར་གཏོར་དང་གསེར་སྐྱེམས་བཏེགས་ཏེ། ཧཱུྃ། བྱིན་རླབས་གཏེར་འཆང་བླ་མ་ཐོད་ཕྲེང་རྩལ། །མཐུ་སྟོབས་དབང་ཕྱུག་འཇམ་དཔལ་ཁྲོ་བོ་རྒྱལ། །དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་གི །བདེན་པའི་བཀའ་ལ་ཐམས་ཅད་ཀུན་ཉོན་ཅིག །ང་ནི་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །འཇིག་རྟེན་འདས་དང་མ་འདས་ཀུན་གྱི་གཙོ། །རྒྱལ་བའི་ཕྲིན་ལས་མངའ་བདག་ཁྲོ་རྒྱལ་གྱི། །བཀའ་ལས་མ་འདའ་དགོས་པའི་ཕྲིན་ལས་སྒྲུབས། །མཁའ་མཉམ་འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །གདུལ་དཀའི་གདུག་པ་ཅན་རྣམས་འདུལ་བའི་ཕྱིར། །འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་བསྒྲུབ་ལགས་པས། །དཀར་ཕྱོགས་སྐྱོང་བའི་གཞི་བདག་ཁྱེད་རྣམས་ཀྱིས། །གཙང་སྦྱར་ཡིད་དུ་འོང་བའི་གསེར་སྐྱེམས་དང་། །ལྷ་རྫ་ས་ལས་གྲུབ་གཏོར་མ་རྒྱ་ཆེན་པོ། །ཟག་མེད་དགྱེས་པ་ཆེན་པོའི་བདུད་རྩི་འདི། །འབུལ་གྱིས་བཞེས་ལ་


CMR012_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་གྲོགས་མཛོད་ཅིག །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ལ། །རུ་ང་ཕྲག་དོག་བསམ་སྦྱོར་མ་སྟོན་ཅིག །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་མཐའ་དག་སྒྲུབ་པའི་ལས་མཛོད་ཅིག །ཅེས་གཙང་སར་བསྐྱལ་ཞིང་འབུལ་ལོ། །རཱ་ག་ཨ་སྱས་སྦྱར་བའོ།། །།ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཞི་བདག་དཀར་གཏོར།next