Nitartha Digital Library
Tibetan
 
previousཤོག་གྲངས་ ༡༠༡ ནས་ ༢༠༠ བར།next

ཤོག་གྲངས་ ༡༠༡ ནས་ ༢༠༠ བར།


CMR024_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བུ། རྒྱ་བལ་གྱི་དཀྱིལ་ཐང་ལ་སྣང་ཞེས་འབྲོག་མའི་གསུངས་ལ། རིན་པོ་ཆེའི་དྲ་མིག་ཏུ་རིན་པོ་ཆེ་མིག་གསུམ་པར་ཡོད་པར་འདོད། རྡོ་རྗེའི་ཕྲེང་བར་ཁ་ཅིག་ཏུ་ནི་རིན་པོ་ཆེའི་ཤར་བུ་ཆ་ཆུང་བདུན་པ་ལ་རིན་པོ་ཆེ་རྣམས་བྲི་བར་བྱའོ། །ཞེས་གསུངས་སོ། །དེའི་སྟེང་དུ་ལྷའི་རྡོ་ཀྲ་མ་ལ་ཤིརིའི་མདའ་ཡབ་ནི། ཨ་བྷས་པདྨ་ཕྱེད་པའི་དབྱིབས་དང་ལོ་ཆེན་རིན་ཆེན་བཟང་པོ་དང་རྒྱ་སྟོན་སོགས་ཀྱིས་མཆོད་རྟེན་གྱི་རྣམ་པ་ལྟ་བུར་བཞེད། གང་ལྟར་འོག་གི་ཤར་བུ་དེའི་ཐད་དུའོ། །རྡོ་རྗེའི་ཕྲེང་བ་ལས། ལོགས་ཀྱི་སྟེང་གི་བར་ཀུན་ཏུ། །མདའ་ཡབ་རྣམས་ཀྱི་ལོགས་ཅན་དང་། །ཞེས་གསུངས་པའི་དོན་རྒྱ་སྟོན་སོགས་ཀྱིས་སྒོ་ཡི་སྟེང་རྟ་བབས་འོག་དང་ཐམས་ཅད་མདའ་ཡབ་ཡོད་གསུངས། ངོར་པ་སོགས་ས་ལུགས་ཕལ་ཆེར་གྱིས་སྒོའི་སྟེང་ན་མེད་པར་བཞེད་དོ། །སྒོ་ནི་སློབ་དཔོན་དར་པཎ་གྱིས། །འགལ་བ་མེད་པར་ལྷ་ཡི་ཕྱིར། །རིང་བའི་སྒོ་ནི་བཤད་པ་ཡིན། །ཤིན་ཏུ་ཆུང་ནའང་མི་འགལ་བས། །མཆོད་བྱེད་རྣམས་ཀྱང་བསྟན་པ་སྟེ། །ཞེས་གསུངས་པས་ཆེ་བ་ལ་སྒོའི་དཔངས་སྒོ་ཚད་གསུམ་སྟེ་ས་གཞི་ནས་ལྕམ་ལ་ཐུགས་པ་ཡ་ཐེམ་མ་ཐེམ་རྩིག་པ་སྒོ་ལ་ཐེ་བ་སྟེ།


CMR024_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་གྲོང་ཁྱེར་ལྟ་ན་སྡུག་གི་སྒོ་ཡང་འདི་ལྟར་ཡོད་པར་མདོ་སྡེ་སྟག་པ་ལས་གསུངས་སོ། །བལ་པོའི་གྲོང་ཁྱེར་གྱི་སྒོ་ཡང་དེ་ལྟར་ཡོད་པར་སྐད། སློབ་དཔོན་དར་པན་གྱིས་སྒོའི་དཔངས་ཆེ་ཆུང་གཉིས་སུ་གསུངས་པ་ལྟར། སྔ་རབས་རྣམས་སྒོའི་དཔངས་ཆ་ཆེན་གཅིག་པར་བཞེད་ལ། སྒོ་གྲུ་ལྔར་བཞེད་པ་ཡང་ཡོད་དེ། རྟ་བབས་སྒོ་ཚད་གསུམ་བྱེད་ན་སྒོ་ཆེ་བ་དང་། །རྟ་བབས་སྒོ་ཚད་གཅིག་བྱེད་ན་སྒོ་ཆུང་བ་བྱེད་དགོས་སོ། །སྒོའི་ཁ་དོག་ཕྱོགས་མདོག་ལ་རིན་པོ་ཆེའི་ཕྲ་སྤར་ཁབ་ཨ་ལོང་གཡེར་ཁས་བརྒྱན་ཅིང་ཕྱེད་འདན་དུས་སྒྲ་སྣ་ཚོགས་གྲག་པའོ། །ཁ་ཅིག་སྒོ་སྟོད་ཆེ་བར་འདོད་པ་ནི་བརྩེག་ཏུ་མི་རུང་བས་མི་འཐད་དོ། །རང་བྱུང་བའི་ལྷ་དགུར་སྒོ་བཞི་གློ་འབུར་གྱི་ཚུལ་དུ་གནས་པ་ཞེས་པའི་དོན་རྩ་བའི་སྒོའི་ཕྱི་སྒོར་ཚད་ཅིག་ཡོད་པ་ནི། སྒོ་འཁྱུད་དེ་འདི་མཐོར་སྒོ་གླེགས་བཙུགས་སོ། །བུ་སྟོན་གྱི་དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་པོ་དང་། ཀོ་ས་ལའི་རྒྱན་དང་། གཙུག་དགུ་རྣམས་སུ་སྒོའི་དབུས་སུ་སྒོ་སྲུང་འགོད་པར་གསུང་པ་ཤེས་བྱེད་དུ་བྱས་ནས་ནང་དུ་རྩ་བའི་སྒོ་ཞིག་བཙུགས། སྒོ་ཁང་ལ་གཅིག་དང་གཉིས་ཀྱི་བར་དུ་སྒོ་སྲུང་འགོད་པར་བཞེད་ཅིང་། ངོར་པས་ཡང་


CMR024_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་དེ་བཞེད་ལ། དེ་ལྟར་སྒོ་སྲུང་གིས་སྒོ་འབྱེད་མི་རུང་བར་མཐོང་ནས་སྒོ་གླེགས་ཕྱི་མ་ཁོ་ན་བཞེད་པས། འདིར་ཡང་དེ་བྱེད་པས་སྒོ་བཞི་གློ་འབུར་དུ་འགྱུར་རོ། །དེ་ནས་ནང་མ་ལ་བརྩེགས་པ་མ་གཏོགས་དེ་བཞིན་མི་དགོས་ཏེ་བྲིས་པ་ལྟར་རོ། །དེ་ཉིད་སྣང་ཆེན་དུ་སྒོ་འཁྱུད་དང་ནི་སྒོའི་ཚད་དོ། །ཁ་ཁྱེར་ནི་སྒོའི་ཕྱེད་ཚད་སྒོ་འགྲེམ་ནི་ཁ་ཁྱེར་གྱིས་ཚད་དོ། །སློབ་དཔོན་ཀུན་སྙིང་གིས། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །སྒོ་འཁྱུད་ཀྱང་ནི་དེ་ཡི་ཚད། །ཅེས་གསུངས་པས། སྒོ་དང་སྒོ་འགྲམ་སྒོ་ལོགས་བཞི་ཀ་མཉམ་པ་དང་། སྒོ་དང་མི་མཉམ་གཞན་གསུམ་མཉམ་པ། སྒོ་དང་སྒོ་ཁྱུད་མཉམ་པ་དང་། སྒོ་འགྲམ་དང་སྒོ་ལོགས་མཉམ་པའི་ལུགས་གསུམ་ལས་འདི་ཕྱི་མ་ལྟར་ལེགས་སོ། །སྒོ་དང་སྒོ་ཁྱུད་ཀྱི་ནང་མཉམ་པ་དང་ཆ་ཕྲན་བཞི་བཞི། སྒོ་འགྲམ་དང་སྒོ་ལོགས་ཀྱི་ནང་མཉམ་པ་ཆ་ཕྲན་གཉིས་གཉིས། སྒོ་ལོགས་ཕྱི་མ་ཆ་ཕྲན་བཞིའོ། །རྟ་བབས་ནི་སྒོ་ཚད་གཅིག་མ་ལྔ་མཉམ་གསུམ་གསུམ་མཉམ་པ་དང་། སྒོ་ཚད་གསུམ་མ་གཉིས་མཉམ་དགུ་མཉམ་དང་། ལྔ་མཉམ་གསུམ་མཉམ་སྟེ་རིམ་གསུམ་ལས། འདི་ཨ་བྷའི་ལུགས་སྒོ་ཚད་གསུམ་མའོ། །


CMR024_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོ་ལས་ཀྱང་སྒོ་ལས་སུམ་གྱུར་རྟ་བབས་ཏེ། ཞེས་པ་ལས་གཞན་དག་ཕྲད་དུ། རྒྱུར་འདོད་ཀྱང་འདི་ནི་དཔངས་སུ་བཞེད་དོ། །དེ་ལ་སྒོ་འགྲམ་གྱི་ཕྱི་མཐའ་དང་སྒོ་ལོགས་ཀྱི་ཕྱི་མཐའ་གཉིས་སུ་རྟ་བབས་ཀྱི་ཀ་བ་རྒྱན་དང་བཅས་པ་བཞི་བཙུགས་ནས་རིན་ཆེན་འབར་བར། ཡ་ཕུབ་ཐ་མ་རྡོ་རྗེའི་གདུང་། །བདུན་པ་རྟ་བབས་དག་ཏུ་འགྱུར། །བརྒྱད་པ་པདྨ་འཁོར་ལོ་གདུགས། །དེའི་སྟེང་དུ་རྟ་བབས་རྣམས་བརྩེགས་སོ། སྒོ་ཁང་གི་སྟེང་ནི་རྟ་བབས་མཐོ་བར་སྟེགས་པ་ཡིན་ནོ། །རྩིག་པའི་ངོས་བཞི་དང་རྟ་བབས་ཀྱི་བར་དུ་ནམ་མཁའ་སྟོང་པ་དང་བཅས་སྒོ་ཁང་བྲིས་པ་ལྟར་བརྩེགས་ལ། བྲི་དུས་ཡ་ཕུབ་ནི་སྒོ་ཡི་ངོས་བཞི་ཐད་བརྩེགས་རྒྱུན་མ་ཆད་པར་མཚོན་ཕྱིར་བྲིས་ཀྱིས། དོན་ལ་ཡ་ཕུབ་ཀྱི་ཐད་ཀྱི་བརྩེགས་པ་མེད་པར་འདོད། དེ་ཡང་སྒོ་ཡི་ཐད་ཀྱིས། རྩིག་རྒྱུན་མ་ཆད་པའོ། །རྟ་བབས་ཀྱི་ཀ་བ་རྒྱབ་མ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གྲུ་བཞི་ཟད་མཚམས་སུ་བཙུགས་པའོ། །མུན་སྣམ་ནི་བར་སྟོང་པ་ཡིན་ནོ། །ཀླུའི་བློས། བུམ་པ་ཀ་བའི་སྟེང་གནས་པའི། །སྒོ་ལས་སུམ་འགྱུར་རྟ་བབས་ནི། །ཕྱོགས་ཆེན་མདའ་ཡབ་རྣམས་དང་ལྡན། །དྲིལ་བུའི་སྒྲ་ནི་ཡང་


CMR024_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྒྲོག །ཅེས་སོ། །ཕྲེང་བར་སྟེང་དུ་ཆུ་སྲིན་གྱི། ཁ་ནས་ཐོན་པའི་མུ་ཏིག་གི་ཆུན་འཕྱང་ལ་སོགས་པ་ཇི་ལྟར་མཛེས་པར་བྱ། ཞེས་དང་། རྟ་བབས་རྣམ་པར་བཀྲ་བའི་བླ་བྲེ་དང་། དོ་ཤལ་དང་དོ་ཤལ་ཕྱེད་པའོ། །སེང་གེ་དང་སེང་གེ་རྐང་པ་བརྒྱད་པ་དང་ངང་པ་དང་། རྨ་བྱ་དང་། མིའམ་ཅི་དང་མི་འམ་ཅིའི་བུ་མོ་རྣམས་ཀྱང་ངོ་། །ཞེས་གསུངས་པ་ལྟར་རྟ་བབས་ཀྱི་རྒྱུན་སོ་སོ་དང་ལྡན་པ་སྟེ། རྟ་བབས་བང་རིམ་རྗེ་ལྔ་པས་བཞི་པ་དང་། དྲུག་པས་བཅུ་གཉིས་གསུངས་པས་གང་ཡང་རུང་། སྤྱིར་རྒྱལ་པོ་རྣམས་རྟ་བབས་ཞོན་བྱེད་སའི་རྟ་བབས་སྒོ་རྩ་ན་ཡོད། རྒྱན་གྱི་རྟ་བབས་ནི་གླང་ཆེན་དང་ཤ་ར་བྷ་དང་། ཆུ་སྲིན་བྱ་ཁྱུང་སོགས་ཀྱིས་འདེག་ཅིང་མཛེས་པའོ། །ཀ་གདན་པདྨ་ལ་གནས་པའི་རུས་སྦལ་དང་། ངང་པ་ཁ་ནས་རཏྟ་སྐྱུག་པའོ། །རྩིག་པའི་རྟ་བབས་ཕྱི་མཆོད་རྟེན་གྱི་བང་རིམ་ལྟ་བུ་ནང་ཚ་ཚའི་བརྐོས་ཕོར་ལྟ་བུ་ཡིན་ལ། ཡང་ཕྱོགས་བཞི་ཅུང་དམའ་བ་དབུས་ཀྱི་རྟ་བབས་མཐོ་བར་བྱས་པ་ཡང་ཡོད་དོ། །བསམ་ཡས་བྱང་ཆུབ་གླིང་དང་ཞྭའི་ལྷ་ཁང་ཁྱམས་དབུས་ན་ཡོད་དོ། །འདིར་ནི་ཕྱོགས་བཞིའི་རྟ་བབས་སྟེང་དུ་ཆོས་འཁོར་དང།


CMR024_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་དབུ་རྩེར་ཆོས་འཁོར་རིམ་པ་བཅུ་གསུམ་གྱི་རྩེར། རྗེ་དེ་བཞིན་གཤེགས་པའི་ལྷ་དགུའི་བདག་བསྐྱེད་དུ་སྟེང་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་པ་ལ། པདྨའི་གདུང་ཟླུམ་པོར་བསྐོར་ཞིང་། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ་རིམ་པ་བཙུ་གསུམ་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། ཞེས་དང་། མདུན་བསྐྱེད་དུ་རྡོ་རྗེའི་གདུང་བཞིས་ཕུབ་པའི་དབུས་ཕྱུར་བུའི་སྟེང་ཆོས་འཁོར་རིམ་པ་བཅུ་གསུམ་ལ་སྟེང་དུ་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། ཞེས་གསུངས་སོ། །དེས་ན་ཕྱོགས་བཞིའི་ཆོས་འཁོར་རྩེར་ནོར་བུ་དང་དབུས་རྡོ་རྗེ་ཕྱེད་པའི་ཏོག་གོ །རྟ་བབས་གྲུ་བཞིའི་ཕྱོགས་བཞིར་རི་དྭགས་མཚམས་བཞིར་བ་དན། བང་རིམ་ལ་རྒྱན་སྣ་ཚོགས་སོགས་འདོད་སྣམ་གྱི་ཟུར་ཆེན་བཞི་དང་སྒོ་མཚམས་ཀྱི་ཟུར་བརྒྱད་ལ་བ་དན་རེ་རེ་སྟེ་བཅུ་གཉིས་སོ། །དེ་རྒྱབ་པདྨའི་རྭ་བ་ནི་སྣ་ཚོགས་རྡོ་རྗེའི་གདན་གྱི་པདྨ་དེའི་འདབ་མ་ཡིན་ལ། དུར་ཁྲོད་ནི་ཨོ་རྒྱན་རིན་པོ་ཆེ་དང་། རྡོ་རྗེའི་སྙིང་པོ་དང་། རང་བྱུང་བ་སོགས་ཀྱིས་ལྷ་ལྔ་ལ་མེད་པས། འདི་ནི་ལྷ་ལྔ་ལ་ཡང་མ་གསུངས་ལ། དེ་དང་མཚུངས་པར་མི་ཐུབ་ཟླ་བ་དང་། ཌོམ་བྷི་པ་དང་། བྱང་ཆུབ་སྙིང་པོ་དང་། །


CMR024_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་སོགས་ཀྱིས་བླ་མེད་དཀྱིལ་ཆོག་རྣམས་སུ་དུར་ཁྲོད་མ་བཤད་ལ། རྗེ་རང་བྱུང་བས། དེའི་ཕྱི་རོལ་དུ་ཆུས་བཅད་པའི་དུར་ཁྲོད་ཆེན་པོ་བརྒྱད། ཅེས་གསུངས་ཏེ། སློབ་དཔོན་ཤནྟི་པ་དང་། ཉིན་འབྱུང་ཟླ་བ། གཉིས་མེད་རྡོ་རྗེ། མར་མེ་མཛད། ཛ་ལེན་དྷ་རི་པ། ནག་པོ་པ་རྣམས་ཀྱིས་བླ་མེད་སྒྲུབ་དཀྱིལ་རྣམས་སུ་དུར་ཁྲོད་མཛད་དེ། བརྟག་གཉིས་ལས། དུར་ཁྲོད་དུ་ནི་མགོན་པོ་རོལ། །ཞེས་གསུངས་པས། དེའི་དོན་མན་ངག་སྙེ་མར། ཇི་ལྟར་དུར་ཁྲོད་ན་རོ་རྣམས་བདག་མེད་པར་དེ་ལྟར་ཐམས་ཅད་ལའོ། །ཞེས་པས་སེམས་ཅན་ཐམས་ཅད་སེམས་ཀྱི་རང་བཞིན་བདག་མེད་པར་སེམས་ཅན་ཐམས་ཅད་གནས་པས་དུར་ཁྲོད་ཀྱི་དོན་ཡིན་ལ། སེམས་ཅན་གྱི་ཁྲོད་དེ་སྙིང་རྗེའི་བདག་ཉིད་མགོན་པོ་སྤྱན་རས་གཟིགས་རོལ་པའོ། །དེ་ཡང་སྡོམ་འབྱུང་རྒྱ་གཞུང་ཕལ་ཆེར་ལ་རྡོ་རྭ་མེ་རིའི་རྒྱབ་ཏུ་དུར་ཁྲོད་བྷོ་ཡང་དུར་ཁྲོད་ཀྱི་གཞུང་ཆེ་བར། གཡོན་གྱི་ཤར་ཕྱོགས་ཕྱོགས་རྣམས་སུ། །གཡས་ཀྱི་དབང་ལྡན་ཕྱོགས་རྣམས་ལ། །རྡོ་རྗེ་གུར་གྱི་ནང་དུ་ནི། །བཞི་བཞི་སྦྱོར་བར་བྱ་བ་ཉིད། །གཏུམ་མཆོག་གཱ་ཧ་ར་ཉིད་དང་


CMR024_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་འཁྱིལ་པ་ཐོད་པ་ཅན། །རྣམ་འཇིག་ཤར་ལ་སོགས་པའོ། །ཞེས་དང་། མན་སྙེ་ལས་ཀྱང་། རྡོ་རྗེའི་གུར་གྱི་ནང་དུ་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བའི་ཆོས་འབྱུང་དང་། ཆུ་སྐྱེས་དང་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཁང་པ་བརྩེགས་པ་ཞེས་དང་། མུ་ཏིག་ཕྲེང་བར། རྭ་བ་བཞིའི་ནང་དུ་དུར་ཁྲོད་བརྒྱད་ལ་སོགས་པ་ཕྱོགས་དང་ཕྱོགས་མཚམས་སུ་བསམས་ནས་ཞེས་གསུངས་པ་ལྟར། འདིར་ནི་སྣ་ཚོགས་རྡོ་རྗེ་པདྨ་ལས་དམའ་བར་འོག་རྒྱ་མཚོའི་རང་བཞིན་ལ་ཕྱོགས་མཚམས་སུ་རི་རབ་གླིང་བརྒྱད་ཀྱིས་བསྐོར་བའི་ཚུལ་དུ་སའི་དུམ་བུ་བརྒྱད་ལ་དུར་ཁྲོད་ཆེན་པོ་བརྒྱད་དེ་འཁོར་འདས་དབྱེར་མེད་མཚོན་ཕྱིར་རྡོ་རྗེ་རྭའི་ནང་དུ་བསྒོམ་པའོ། །དེ་ཡང་ཤར་དུ་གཏུམ་དྲག་གི་དུར་ཁྲོད་ན་ཤིང་ཤི་རའི་ཤའི་རྩ་བར་བརྒྱ་བྱིན་སེར་པོ་གླང་ཆེན་ཞོན་ནས་རྡོ་རྗེ་ཐོགས་པ་ཤིང་གི་ཡལ་ག་ལས་ལུས་ཕྱེད་ཐོན་པ། ཞིང་སྐྱོང་ལྷའི་དགེ་འདུན་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་གྲི་གུག་ཐོད་ཁྲག་ཅན་མཆོད་རྟེན་ལ་སྐུ་རྒྱབ་རྟེན་པའི་ཨིནྡྲ་བྷུ་ཏི་བཙུན་མོ་སྲས་བཅས་རྒྱ་མཚོའི་ནང་ནས་ཀླུ་ནོར་རྒྱས་དཀར་པོ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་ཞིང་སྐུ་སྨད་སྦྲུལ་དུ་འཁྱིལ་བ་སྟོད་ལྷའི་ལུས་ཐལ་མོ་སྦྱར་


CMR024_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བ། ནམ་མཁའ་ལ་སྤྲིན་སྒྲོག་བྱེད་སེར་པོ་སོ་སོའི་སའི་ཐད་ཐམས་ཅད་ཁྱབ་པ། དེ་ལྟར་མཐར་ཆུས་འཁོར་བའི་རྩེ་རིའི་རྣམ་པ་ཅན་ཏེ། དེ་བཞིན་ཏུ་ལྷོར་འཇིགས་བྱེད་ཐོད་པ་དུ་ཤིང་ཙུཏ་ལར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་ནས་བེ་ཅོན་ཐོགས་པ། གཤིན་རྗེ་སྔོན་པོ་མ་ཧེའི་གདོང་ཅན། མཆོད་རྟེན་ལ་ཀླུ་སྒྲུབ་དགེ་སློང་། ཀླུ་པདྨ་དཀར་པོ། སྤྲིན་ལྡོག་བྱེད་སྔོན་པོ། ནུབ་ཏུ་འབར་བའི་ཕྲེང་བས་བརྒྱན་པ་ན་ཤིང་ཀང་ཉལ་ལ་ཆུ་ལྷ་དཀར་པོ་ཆུ་སྲིན་ཞོན་པ་ཞགས་པ་ཐོགས་པ། སྤྲིན་གྱི་རྒྱལ་པོ་དམར་པོ་ཆུ་སྲིན་གྱི་གདོང་ཅན། པདྨ་བཛྲ་ཡུམ་དང་བཅས་པ། སྤྲིན་འཇིགས་བྱེད་དཀར་པོ། ཀླུ་ཀར་ཀོ་ཊ་ནག་པོའོ། །བྱང་དུ་ཚང་ཚིང་འཁྲིགས་པར་ཤིང་ཨ་ཤུད་ཏ། གནོད་སྦྱིན་སེར་པོ་རྟ་ཞོན་དབྱུག་པ་འཛིན་པ། གནོད་སྦྱིན་སྡེ་དཔོན་སེར་པོ་རྟའི་གདོང་ཅན། ཀུ་ཀུ་རི་པ་ཁྱི་དང་ལྷན་ཅིག །ཀླུ་འཇོག་པོ་དམར་པོ། སྤྲིན་འཁོར་བྱེད་སེར་པོ། ཤར་ལྷོར་དབང་ཕྱུག་ནགས་ཚལ་དུ། ཤིང་ཀ་རན་ཛ། མེ་ལྷ་དམར་པོ་ར་ཞོན་ཕྱག་བཞིའི་གཡས་ན་དབྱུག་གུ་ཐོད་པ་གཡོན་སྤྱི་བླུགས་ཕྲེང་བ། དྲང་སྲོང་འདུས་པ་དམར་པོ་རའི་གདོང་ཅན། ཌོམ་བྷི་པ་སྟག་ཞོན་ཡུམ་བཅས་


CMR024_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ཞགས་འཛིན་པ། སྤྲིན་འགེངས་བྱེད་དམར་པོ། ཀླུ་ཧུ་ལེན་ཏ་སྔོན་པོའོ། །ལྷོ་ནུབ་འཇིགས་བྱེད་མུན་པ་ཅན། འཁྲི་ཤིང་ཅན་གྱི་རྩ་བར་སྲིན་པོ་ནག་པོ་རོ་ལངས་ཞོན་པ་རལ་གྲི་ཐོགས་པ། སྲིན་པོའི་ཚོགས་ཅན་ནག་པོ་རོ་ལངས་གདོང་པ་ཅན། དྲིལ་བུ་པ་རྣལོ་འབྱོར་ཡུམ་དང་བཅས། ཀླུ་རིགས་ལྡན་ལྗང་ཁུ། སྤྲིན་ཆར་འབེབས་སྔོན་པོ། ནུབ་བྱང་དུ་ཨརྫུ་ནའི་རྩ་བར་རླུང་ལྷ་སྔོན་པོ་ཤ་བ་ལ་ཞོན་པ་བ་དན་ཐོགས་པ། རླུང་ལྷའི་རྒྱལ་པོ་ལྗང་ཁུ་ཤ་བའི་གདོང་ཅན། ལུ་ཧི་པ་དགེ་སློང་ཉ་རུ་གསོལ་བ། དུང་སྐྱོང་སེར་པོ་སྤྲིན་འཁོར་བྱེད་སེར་པོ། བྱང་ཤར་དུ་དྲག་ཏུ་རྒོད་པ་ན་ཤིང་ཆེན་པོའི་རྩ་བར་དབང་ལྡན་དཀར་པོ་གླང་ཞོན་མདུང་འཛིན་ཏེ། ཕྱོགས་སྐྱོང་བརྒྱད་པོ་གཡས་གཙོ་བོ་ལ་ཕྱག་འཚལ་བའི་ཚུལ་དང་རང་རང་གི་ཕྱག་མཚན་གཡོན་ཐོད་པའོ། །ཡི་དྭགས་འདུས་པ་དུད་ཁ་བ་གླང་གི་གདོང་ཅན་ཞིང་སྐྱོང་བརྒྱད་ཁ་གྲི་ཐོད་ཅན་ཤིང་ལོའི་གསེབ་ནས་ལུས་ཕྱེད་ཐོན་པའོ། །ས་ར་ཧ་མདའ་འཛིན་ཡུམ་བཅས་ཏེ་རྣལ་འབྱོར་བརྒྱུད་མཆོད་རྟེན་བརྒྱད་ལ་རྒྱབ་རྟེན་མཆོད་རྟེན་རིའི་མགུལ་དུའོ། །སྤྲིན་འཐུག་པོ་དཀར་པོ་སྟེ་སྤྲིན་རྣམས་རང་རང་གི་དུར་ཁྲོད་ཀྱི་ས་གཞི་ཁེབས་པའོ། །ཀླུ་


CMR024_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཆེན་པོ་དཀར་པོ་སྟེ་བརྒྱད་ཁ་གཙོ་བོ་ལ་ཐལ་མོ་སྦྱར་བའོ། །ཆུ་ནི་རྒྱ་མཚོ་གཅིག་ཡིན་ཀྱང་ས་གཞི་འཁོར་ཕྱིར་སོ་སོར་བསྒྲེང་། མེ་ནི་མང་དུ་ཡོད་ཀྱང་དུར་ཁྲོད་ཀྱི་ཕྱེ་བས་བརྒྱད་རེ་རང་འབར་ཡིན་ལ། ལྷ་ཆེན་སོགས་རོ་བརྒྱད་དང་རུ་ཊའམ་དབང་ཕྱུག་གི་མགོ་ཡན་ལག་བརྒྱད་རྡོ་ལ་རང་གྲུབ་དང་། མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་དང་། །ཤ་ཟ་སྲིན་པོ་གནོད་སྦྱིན་དང་། སྐེམ་བྱེད་བརྗེད་བྱེད་ཡི་དྭགས་བྱ་གཅན་རོ་ལངས་ཕེ་སྒྲ་སྒྲོགས་པས་གང་བ་སྟེ། ཐམས་ཅད་ཀྱང་སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས་མངོན་པར་བཏགས་པ་ཡིན་ལ། དུར་ཁྲོད་དེར་ཕལ་པས་དེ་དག་མི་མཐོང་བར་མངོན་ནོ། །སྡོམ་འབྱུང་ལས། ཀེང་རུས་དང་ནི་མདུང་གིས་ཕུག །འཕྱང་དང་ཕྱེད་ཚིག་པ་དང་མགོ །ཐོད་པ་བྱིན་པ་མགོ་སྡུམ་དང་། །བརྩེགས་པའི་མགོ་དང་རུས་པ་དང་། །ཞེས་གསུངས་པས། རོ་དང་རོའི་དུམ་བུས་གང་བའི་ས་ནི་དུར་ཁྲོད་ལ་ཞིང་སྐྱོང་སོགས་ནི་དུར་ཁྲོད་ཀྱི་བདག་པོ་ཡིན་ནོ། །ཤཱ་ས་ཏི་ནི་དུར་ཁྲོད་ཏེ་རོའི་གནས་སོ། །དེ་ལ་དུར་ཁྲོད་ཆེན་པོ་བརྒྱད་དེ་ཡང་། རྒྱ་གར་རྡོ་རྗེ་གདན་གྱི་ཕྱོགས་མཚམས་ལ་ཡོད་པ་དང་། ཨོ་རྒྱན་ཡུལ་གྱི་ཕྱོགས་མཚམས་ལ་ཡོད་པ་


CMR024_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཤད་པ་དང་། བསིལ་བའི་ཚལ་ཡང་ཕྱོགས་མཚམས་དབུས་དང་དགུ་བཤད་པ་དེ་དག་གི་བདག་པོ་གཅིག་པས་གནས་ལག་ལྟ་བུ་ཡིན་ནམ་སེམས་ལ། ཕན་ཡོན་དུར་ཁྲོད་དེ་དག་ཏུ་འདུས་ཤིང་ཚོགས་པ་དང་རོ་དེར་ཕྱིན་པས་ཐམས་ཅད་ལོག་པའི་གནས་སུ་མི་ལྟུང་བ་ཆོས་ཉིད་ཡིན་གསུངས་སོ། །དེ་ནི་རྟག་པར་གྱི་དུར་ཁྲོད་ཅེས་བྱ་བ་ནི། རེས་འགའ་དུར་ཁྲོད་ནི་རོའི་ཚོགས་བཞི་བཞག་ན་དུར་ཁྲོད་དུ་ཐེ་སྟེ། སྒྲུབ་གནས་ཀྱི་དུར་ཁྲོད་དུ་རུང་ཙམ་དུ་ཕག་མོའི་རྣམ་བཤད་ལས་གསུངས་སོ། །དེ་ལ་འོག་མིན་རྣམ་པར་སྣང་མཛད་ཀྱི་དུར་ཁྲོད་ཆེན་པོ་རྒྱུད་ཁྲག་མཚོ་ཁོལ་མ་ནས་རྒྱ་ཆེར་གསུངས་པ་དང་། རྒྱ་གར་དང་ཨོ་རྒྱན་གྱི་དུར་ཁྲོད་བརྒྱད་དང་། དཀྱིལ་འཁོར་གྱི་མཐར་བྷེ་པའི་དུར་ཁྲོད་བརྒྱད་པོ་དབྱེར་མེད་དུ་ཤེས་པར་བྱ་བ་གནད་དོ། །ནང་ལྟར་ཕུང་པོ་དུར་ཁྲོད། གསང་བ་སྣོད་བཅུད་རོ་ལྟར་བདག་མེད་པས་དུར་ཁྲོད་དུ་གོ་བར་བྱའོ། འདིའི་གཞུང་དང་རང་བྱུང་རྡོ་རྗེའི་ལྷ་དགུ་གཉིས་ཀ་ནས། དེའི་ཕྱི་རོལ་རྡོ་རྗེ་རྭ་བ་གུར་ཁང་མེ་རི་དང་བཅས་པར་ལྟ་བར་བྱའོ། །ཞེས་གསུངས་ཏེ། འདིའི་གཞལ་ཡས་ཁང་གི་མངོན་རྟོགས་ནི་རྗེ་རང་བྱུང་བའི་ལྷ་དགུའི་གཞུང་སོར་བཞག་རྗེ་དྲུག་པས་


CMR024_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པར་སྣང་བས་བྱིན་རླབས་ཆེའོ། །ཁུངས་ཀྱང་བཙུན་ཏེ་རང་བྱུང་བའི་ཐུགས་ཀ་ལ་བཀའ་འགྱུར་རོ་ཅོག་བཞུགས་ཤིང་། ཨོ་རྒྱན་རིན་པོ་ཆེས། རང་བྱུང་རྡོ་རྗེ་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཞེས་ལུང་བསྟེན་པའི་ཕྱིར་དང་། འཇམ་དཔལ་རྩ་རྒྱུད་ལས། རང་བྱུང་བདག་ཉིད་ཆེན་པོ་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ཞེས་རྒྱལ་བས་ལུང་བསྟན་པའི་གང་ཟག་ཡིན་པའི་ཕྱིར་རོ། །དེ་ལ་རྡོ་ར་ནི་བྷེ་ལུགས་གསར་མའི་ལུགས་འདི་ལ་བཞིར་ཡོད་དེ། སྒོ་ང་ལྟ་བུ། ཟངས་སྒྲུབ་པ་ལྟ་བུ། མཆོད་རྟེན་ལྟ་བུ། ལྕགས་རི་ལྟ་བུའོ། །དང་པོ་ནི། མངོན་རྟོགས་བསྡུས་པ་རྣམས་ལས་སྲུང་འཁོར་དང་དཀྱིལ་འཁོར་གྱི་རྡོ་ར་དང་མེ་རི་གཉིས་གཅིག་ཏུ་བྱས་ཏེ། ཕྱི་མེའི་ཕུང་པོ་དུམ་བུ་གཅིག་ཏུ་འབར་བའི་ནང་དུ་རྡོ་རྗེའི་གུར་ས་གཞི་སྒོ་ང་ལྟ་བུ་སྲུབ་མེད་པའི་ནང་དུ་ནམ་མཁའ་རླུང་མེ་ཆུ་ས་རི་རབ་གཞལ་ཡས་ཁང་དང་བཅས་པ་བྷེ་པའི་ལུགས་གཅིག་དང་། ཡང་འབྱུང་བ་རིམ་བརྩེགས་དབང་ཆེན་གསེར་གྱི་ས་གཞི་དེ་ཉིད་སྣ་ཚོགས་རྡོ་རྗེའི་རང་བཞིན་ལག་མཐིལ་ལྟ་བུའི་སྟེང་དུ་རྡོ་རྗེའི་ར་བའི་སྟེང་དུ་གུར་ཕུབ་པ་ལོགས་དང་སྟེང་དང་མེའི་ཕུང་པོ་ཅན་ཟངས་ཁ་སྦུབ་པ་ལྟ་བུ་


CMR024_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འོག་གཞི་དེ་ཉིད་ལས་ལོགས་རྡོ་རྗེའི་ར་བ། དེའི་སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུ་དེའི་ནང་དུ་རྡོ་རྗེའི་བླ་བྲེ་ཕྱི་རྡོ་རྗེའི་མདའི་དྲྭ་བ་ཐམས་ཅད་མེ་འབར་བ་དང་། ཡང་འོག་ས་གཞི་གོང་ལྟར་ལས། ལོགས་རྡོ་རྗེའི་ར་བ་ཟླུམ་པོ་ལྕགས་རི་ལྟ་བུ་སྟེང་ཧད་པོར་ཡོད་པ། ལྕགས་རིའི་ཕྱི་མེའི་ཕྲེང་བ་ལྕགས་རིའི་ཚུལ་དུ་འབར་བ་སྟེ། ལུགས་བཞི་ཡོད་ཀྱང་མངོན་རྟོགས་རྒྱས་པ་ལ་གང་དུ་བསྒོམ་པ་སྲུང་འཁོར་བསྡུས་ནས་མེད་པས་འདི་དང་མི་གཅིག་ལ། འགའ་ཞིག་ཁྲོ་བཅུའི་སྲུང་འཁོར་སོགས་བྷི་པ་ལ་ནི་མ་བསྡུས་ཀྱང་མི་གཅིག་པ་དང་། ཡང་སྲུང་འཁོར་དང་གཅིག་པ་ནི་ཆོ་ག་བསྡུས་པ་རྣམས་སོ། །དེ་ལ་འདིར་ནི་གཞུང་ནས་ར་བ་གུར་ཁང་གཉིས་གསུངས་པས་སྟེང་དུ་གུར་ངེས་པར་ཡོད་ལ། ནང་དཀྱིལ་འཁོར་གྱི་དབྱིབས་ཀྱང་ཀླུ་སྒྲུབ་ལུགས་མཆོད་རྟེན་རྩེ་ལྔ་ལྟར་དབུས་སུ་ཆོས་ཀྱི་འཁོར་ལོ་མཛད་པའི་ཕྱིར། རྡོ་རྗེའི་གུར་ཡང་ཀླུ་སྒྲུབ་ཀྱི་ལུགས་ཡིན་པས་མཆོད་རྟེན་དབྱིབས་སུ་བྷེ་པར་བྱའོ། །དེ་ལ་དཀྱིལ་འཁོར་ཕྱི་སྣོད་དང་སྦྱར་ཚུལ་ནང་ལུས་དང་སྦྱར་ཚུལ་ནི་ལུས་དཀྱིལ་སྐབས་སུ་གལ་ཆེ་བ་ཡིན་ལ་འདིར་ཡི་གེར་འཇིགས་ལ། བློས་བསླང་གི་བཟོ་ཐིག་ནི། ཉེ་བར་མི་འཁོ་ཞིང་


CMR024_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་ཐིག་ལོགས་སུ་གསལ་བས་དེ་རྣམས་དུས་གཅིག་ཏུ་བཤད་ན་གོ་དཀའ་བར་དོགས་པས། །པ་རྣམས་གཞུང་མི་གསལ་བས་གསལ་ཁ་བཏབ་པའོ། །དཀྱིལ་འཁོར་གྱི་རྒྱན་གྱི་ཞིབ་ཆ་ནི་བསྐྱེད་རིམ་ལ་ཐམས་ཅད་གསལ་ཐེབ་དཀའ་བས་ཞིབ་པར་མ་སྤྲོས་སོ།། ༈ དེ་ནས་གདན་བསྐྱེད་པ་ནི་རྒྱ་གཞུང་ལས་ཡང་ཧྲིལས་པོ་ཞིག་འཕྲོས་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་པཾ་པདྨ་མ་དྷ་ལ་ཞེས་བརྗོད་པས་ཟེའུ་འབྲུ་དང་བཅས་པར་བསམ། མ་སཱུརྱ་མ་དྷ་ལ་ཞེས་བརྗོད་པས། དེའི་སྟེང་དུ་ཉི་མའི་གདན་དང་ཨ་ཙནྡ་མ་དྷ་ལ་ཞེས་པས་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བར་བསམ་མོ། །ཞེས་དང་། རང་བྱུང་རྡོ་རྗེས། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་དང་བཅས་པའོ། །ཞེས་གསུངས་པས། ལྷ་གནས་སུ་འཕར་མ་ཡོད་མེད་གཉིས་ཡོད་དེ། རིན་ཆེན་འབར་བར། གསུམ་པའི་ཕྱེད་རྒྱབ་དེ་ཕྱེད་ནས། །རྡོར་ཕྲེང་བཞི་པ་ལྷ་སྣམ་ཡིན། །ཞེས་གཙོ་བོའི་རྡོར་ཕྲེང་ཡན་ཆད་ཆ་ཆེན་གསུམ་དང་། ཆ་ཆེན་བཞི་པ་ལྷ་སྣམ་དུ་འདོད་པ་དང་། ནག་པོ་པས། ལྷའི་གནས་ཀྱི་སྐུད་པ་ནི། །མཚམས་སུ་སྒོ་དང་


CMR024_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་གདབ། །ཅེས་ལྷ་སྣམ་ཆ་ཆེན་གཅིག་གསུངས་ཏེ་དབུས་ཀྱི་པདྨ་རྡོར་ཕྲེང་གིས་བསྐོར་བ་གཙོ་བོའི་གནས་དང་། ལྷ་སྣམ་ཕྱོགས་མཚམས་བརྒྱད་དུ་ཡང་པདྨ་ཆུང་ངུ་རེ་ལ་འཁོར་བརྒྱུད་འགོད་པར་བཞེད་ལ། ལྷ་སྣམ་མེད་པ་ལ་ཡང་རྡོར་ཕྲེང་མེད་པར་པདྨ་རྐྱང་པའི་ལུགས་ནི། དཔལ་མཆོག་ཌོམ་བྷི་པས། །དེ་ཡི་དབུས་སུ་འདབ་བརྒྱད་པས། །པདྨ་དམར་པོ་རྣམ་པར་བསམ། །ཞེས་གསུངས་ཤིང་གཉིས་མེད་རྡོ་རྗེ་ཛ་ལནྡྷ་ར་པ་རྣམས་ཀྱང་དེ་ལྟར་བཞེད་ལ། མར་མེ་མཛད་ཀྱིས། གཞལ་ཡས་ཁང་དབུས་མཐིང་ཀ་འབར། །རྡོ་རྗེ་ར་བ་པདྨར་གདན། །ཞེས་གསུངས་པ་དང་། ཀཾ་པ་ལས། གཞལ་ཡས་ནང་དུ་པད་འདབ་བརྒྱད། །རྡོ་རྗེ་ཕྲེང་བ་ནག་པོས་བསྐོར། །ཞེས་གསུངས་པས་རྡོར་ཕྲེང་ཆ་ཕྲན་གཅིག་པས་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ལ་ལྷ་དགུ་འགོད་པར་གསུངས་ལ། སློབ་དཔོན་ཉིན་འབྱུང་དང་ཤནྟི་པ་གཉིས་ནི་མཐར་ཟླུམ་བསྐོར་རྡོ་རྗེའི་ཕྲེང་བ་ཅན་བྱས་ལ་ལིང་རྩེ་དགུ་ཀ་བ་བརྒྱད་ཀྱི་ཚུལ་དུ་བྱས་ཏེ། ལིང་རྩེ་རེ་རེར་པདྨ་རེ་རེའི་སྟེང་དུ་ལྷ་འགོད་པར་བཞེད། དེ་ལ་འདི་ནི་ཨ་བྷ་ཡའི་ལུགས་ཏེ། ཕྱི་ནས་ཆ་ཕྲན་གཅིག་རྡོ་རྗེའི་ར་བ་དང་དཔངས་སུ་ཆ་ཕྲན་


CMR024_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མཐོ་བ། དེ་ནང་ཆ་ཕྲན་དགུ་ལྷ་སྣམ་སྟེ། ལྷ་སོ་སོའི་འོད་ཀྱིས་གསལ་བ། དེ་ནང་ཆ་ཕྲན་རྡོར་ཕྲེང་སྟེ། ཆ་ཕྲན་གཅིག་གིས་མཐོ་བའི་ཆ་ཕྲན་བཞི་སྟེ། །ཡོངས་སུ་ཆ་ཕྲན་ལྟེ་བ་ལ་བརྒྱད་ཡོད་པའི་སྟེང་དུ་པད་སྡོང་འདབ་བརྒྱད་ཟེའུ་འབྲུའི་ལྟེ་བ་དང་གེ་སར་ཕྲེང་བས་རྡོ་རྭ་ནང་མ་ཁྱབ་ལ་འདབ་མ་བརྒྱད་ཀྱིས་ལྷ་སྣམ་ཕྱི་མ་ཁྱབ་པའི་རང་བཞིན་དུ་བྷི་ཏེ། ཨ་བྷ་ཡས་དགུའི་བདག་ཉིད་ཅན་དགྱེས་པ་རྡོ་རྗེའི་བཞིའི་ཚང་ཐིག་ལས། ཕྱི་ངོས་སུ་ལྟེ་བའི་དོན་དུ་ཆ་ཆུང་ལྔ་དོར་ནས་གེ་སར་གྱི་ཐིག་ཟླུམ་པོ་གཅིག་གོ །དེའི་ཕྱི་རོལ་དུ་འདབ་མའི་དབུས་སུ་འདབ་མའི་དོན་དུ་ཆ་ཆུང་བཅུ་སྤངས་པར་གཅིག་གོ་ཞེས་ཁྱད་པར་རོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཅིག་ལ་བུམ་པ་རྣམས་སོ། །དེ་ལ་རྡོ་རྗེའི་ཕྲེང་བའམ། ཞེས་ནི་ཁ་ཅིག་གོ །ཞེས་གསུངས་སོ། །རྒྱ་གཞུང་ལས་པདྨ་དམར་པོར་གསུངས་པ་དང་། གཞུང་ཉིད་དང་རང་བྱུང་བས་སྣ་ཚོགས་པདྨ་གསུངས་པ་མི་འགལ་ཏེ། ནག་པོ་པ་ཛ་ལེན་དྷ་ར་པ་རྣམས་པདྨ་ཁ་དོག་སྣ་ཚོགས་སུ་བཤད། ཌོམ་བྷི་པ་དང་། གཉིས་མེད་རྡོ་རྗེས་པདྨ་དམར་པོར་གསུངས་ཏེ། པདྨ་དམར་པོ་ལ་ལྟེ་བ་དམར་སྨུག །ཤར་དང་ཤར་མཚམས་དམར་


CMR024_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ། ལྷོ་དང་ལྷོ་མཚམས་དམར་སེར། ནུབ་དང་ནུབ་མཚམས་དམར་གསལ། བྱང་དང་བྱང་མཚམས་དམར་ལྗང་དུ་བྷེ་པར་བྱའོ། །པདྨའི་སྟེང་དུ་ལྷ་དགུའི་རྒྱ་གཞུང་ལས། ཉི་ཟླ་གཉིས་ཀ་གསུངས་ལ། དེ་བཞིན་གཤེགས་པའི་ལྷ་གནས་རྣམས་སུ་ཟླ་བའི་གདན། ཞེས་དང་། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་འདབ་མ་བརྒྱད་ལྟེ་བ་དང་དགུ་ལ་ཟླ་བའི་དཀྱིལ་འཁོར་དགུ་ཞེས་གསུངས་ཤིང་། རང་བྱུང་བའི་ལྷ་དགུའི་རྗེས་སུ་འབྲངས་ནས་གཞུང་འདིར་ཉི་མའི་དཀྱིལ་འཁོར་བཤད་དེ། ཟླ་གདན་ནི་ལྷ་ཞི་བ་ལ་ཟླ་གདན་འོས་པར་དགོངས་ལ། ཉི་ཟླ་གཉིས་ཀ་ནི་ཐབས་ཤེས་མཚོན་བྱེད་དང་། ཉི་མ་ནི་ལྷ་ཁྲོ་བོའི་གདན་ཡིན་པས་དབང་དྲག་གཉིས་ཕྱོགས་གཅིག་པས་འདི་དབང་གི་ལྷ་ཡིན་པས་ཉི་གདན་ནོ། །གདན་འདི་རྣམས་ཀྱང་གཞལ་ཡས་ཁང་དང་དུས་གཅིག་གྲུབ་པར་བསྒོམ་དགོས་པ་གཉིས་མེད་རྡོ་རྗེས་བཤད་དོ། །དེ་ལྟར་གཞལ་ཡས་ཁང་རྫོགས་པར་བསྐྱེད་མ་ཐག་ངོ་བོ་རྣམ་པར་སྣང་མཛད་ལ་གཟུགས་གཞལ་ཡས་ཁང་གི་རྣམ་པར་ཤར་བའོ་སྙམ་དུ་ང་རྒྱལ་ཅུང་ཟད་སེམས་བཟུང་ངོ་།། ༈ དེ་ནས་བརྟེན་པ་ལྷ་བསྐྱེད་པ་ནི། དེའི་སྟེང་དུ་ཧཱིཝདེ་བྱོན་པ་ལས་


CMR024_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ་ལ་དབུས་སུ་ཡི་གེ་དེ་ཉིད་ཀྱི་མཚན་པར་བསམ། དེ་ལས་འོད་ཟེར་རབ་ཏུ་འཕྲོས་ཏེ་འོད་ཟེར་དེས་པདྨ་རིགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་བསྐུལ་ཏེ་འོད་ཟེར་ཚུར་འདུས་པ་ལས་དབུས་སུ་ཧཱིདེ་ཡོངས་སུ་གྱུར་པ་ལས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་བསྐྱེད་འབབ་བཀང་བར་ཏི་ཀ་ནས་གནང་རོགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་མགོན་པོ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཞེས་སོགས་གསུངས་པས་དང་པོ་སྟོང་ཉིད་ལ་མངོན་པར་བྱང་ཆུབ་པ། གདན་པད་ཟླ་ལ་བྱང་ཆུབ་པ། གསུང་ཡིག་འབྲུ་ལ་བྱང་ཆུབ་པ། ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། སྐུ་ཡོངས་རྫོགས་ལ་བྱང་ཆུབ་པ་དང་། བྱང་ཆུབ་ལྔས་བསྐྱེད་དེ། བྱང་ཆུབ་ལྔ་འདི་ལ་རྒྱ་གར་གྱི་སློབ་དཔོན་རྣམས་བཤད་སྲོལ་མི་འདྲ་བ་དྲུག་ཡོད་དེ། མི་མཉམ་སྦྱོར་ཞེས་པ། ཨཱ་ལི་ཀཱ་ལི་ལས་ཉི་ཟླའི་བར་དུ་ས་བོན་དང་། མཉམ་སྦྱོར་ཟླ་བ་གཉིས་ཀྱི་བར་དུ་ས་བོན་བསྐྱེད་ལུགས་སོགས་མང་པོ་གོང་ལྟར་མི་ཏྲ་གསང་སྒྲུབ་རྒྱ་གཞུང་ལས་ཀྱང་མངོན་བྱང་ལྔས་བསྐྱེད་པར་གསུངས་ལ། འདི་ཉིད་ཀྱི་ལྷ་ལྔ་ཡང་མངོན་བྱང་ལྔས་བསྐྱེད་པ་ཡིན་ནོ། །ཨོ་རྒྱན་རིན་པོ་


CMR024_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མཛད་པའི་ལྷ་ལྔ་དང་། དེ་བཞིན་གཤེགས་པའི་ལྷ་དགུ་ཡང་དེ་དང་མཚུངས་ལ། འདིར་སློབ་དཔོན་པདྨའི་ལྷ་ལྔ་དང་རང་བྱུང་བའི་ལྷ་ལྔ་ལྷ་དགུ་གཉིས་དང་དྲུག་པའི་ལྷ་དགུ་འདི་ནི་འོད་ཟེར་སྤྲོ་བསྡུས་བསྐྱེད་དེ། འོད་ཟེར་འཕྲོས་པས་འཕགས་པ་མཆོད་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་པ་འདི་ལ་འོད་དེ་དག་ཐམས་ཅད་ཚུར་འདུས་པ་དང་། འོད་དེས་མཆོད་པའི་སངས་རྒྱས་ཐམས་ཅད་ཐུགས་རྗེ་ཆེན་པོ་ཤ་སྟག་ཏུ་གྱུར། སླར་འོད་དེས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒྲིབ་པ་སྦྱངས་ནས་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོ་ཤ་སྟག་ཏུ་གྱུར་པ་དེ་ཐམས་ཅད་འོད་ཀྱི་རང་བཞིན་དུ་ཞུ་ནས་ཚུར་འདུས། རང་ལ་ཐིམ་པའི་ལུགས་གཉིས་ལས་ཕྱི་མ་འདི་ཡིན་པར་ཨོ་རྒྱན་རིན་པོ་ཆེས་གསུངས་སོ། །འདིའི་དོན་རྒྱུད་བརྟག་གཉིས་ལས། ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་སོ། །དེ་ཡང་གཞུང་ལས་ཧཱིབབ་པ་ལས་ཞེས་གསུངས་པས་བར་སྲིད་མཚོན་བྱེད། རང་གི་རྣམ་ཤེས་ཧྲཱིཿཡིག་བར་


CMR024_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ་བཞུགས་པ་དེ། དཀྱིལ་འཁོར་དབུས་ཀྱི་ཕ་མའི་ཐབས་ཤེས་མཚོན་པ་པད་ཉིའི་སྟེང་དུ་བབ་པ་ལས་འོད་ཟེར་སྤྲོ་བསྡུའི་ལུས་གྲུབ་ཚུལ་དུ་སྦྱར་བར་བཤད་པ་མངོན་བྱང་ལྔས་ལུས་གྲུབ་ཚུལ་སྦྱར་བ་དང་། དབང་བཞི་དང་སྦྱར་བ་དང་། ཡེ་ཤེས་ལྔ་དང་སྦྱར་བ་སོགས་ཡོད་ཀྱང་འདིར་གཞུང་དོན་མཐར་ཆགས་སུ་བཤད་ཀྱི་ཡན་ལག་རྒྱས་པར་མ་སྤྲོས་སོ། །ལྷ་བསྐྱེད་དངོས་ནི་གཞུང་ཉིད་དུ་གསལ། ཁྱད་པར་ནི། དཔལ་ཛ་ལེན་དྷ་རའི་རྒྱ་གཞུང་ལས། དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལྟར་སྒོམ་པ་ནི། སངས་རྒྱས་པདྨ་རྣམ་རྒྱལ་གྱིས་གཙོ་བོ་བྱས་པ་དང་། སྤྱན་རས་གཟིགས་ཀྱིས་གཙོ་བོ་བྱས་པ་གཉིས་ལས། འདི་ནི་སྤྱན་རས་གཟིགས་ཀྱིས་གཙོ་བོ་བྱས་པའོ། །སངས་རྒྱས་པདྨ་རྣམ་རྒྱལ་གྱི་ད་ལ་ནི་དབུས་སུ་སྤྱན་རས་གཟིགས་ཀྱི་གནས་སུ་སངས་རྒྱས་པདྨ་རྣམ་རྒྱལ་བསྒོམ་སྟེ་དེ་ཡང་བསྐྱེད་པའི་ཚུལ་དང་འཁོར་ལོ་ལ་སོགས་པ་རྣམས་ནི་སྔར་གོང་དུ་བསྟན་པ་བཞིན་བསྒོམ་པར་བྱའོ། །ཞེས་གསུངས་ཏེ། དེ་གཉིས་ཁྱད་པར་ནི། པདྨ་ཟབ་པའི་རྒྱུད་ཀྱི་རྒྱལ་པོ་ལས། པདྨའི་སྣང་བ་རབ་ཏུ་རྒྱས་པ་ཆེན་པོའི་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་


CMR024_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་པ་ན་རྡོ་རྗེ་རྩེ་ལྔ་པ་གཡོན་པ་ན་པདྨ་དམར་པོ་ཞེས་དང་གསུངས་པའི་ཕྱིར་ཕྱག་མཚན་རྡོ་རྗེ་ཡོད་པ་འདི་སངས་རྒྱས་པདྨ་རབ་རྒྱས་ཡིན་ལ། །སངས་རྒྱས་པདྨའི་སྣང་བ་རབ་ཏུ་རྒྱས་པ་ཞེས་རྒྱུད་ནས་གསུངས་པ་དངོས་པོ་འདི་ཉིད་དང་། འོད་དཔག་མེད་དང་སྣང་བ་མཐའ་ཡས་དང་ཚེ་དཔག་མེད་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། པདྨ་རྒྱལ་པོའི་རྒྱུད་ལས་ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་རྡུལ་དྲི་མ་མེད་པ་ཞེས་བྱ་བ་ན། སངས་རྒྱས་པདྨ་རབ་ཏུ་རྒྱས་པ་ཞེས་བྱ་བ་གསུངས་པ་དང་། རྒྱལ་བ་རྒྱ་ཟླུམཚོའི་བྱང་བུ་ལམ་བསྟན་སྐབས། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྡུལ་དྲི་མ་མེད་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་པདྨ་རབ་རྒྱས་གསུངས་པ་གཉིས་དོན་གཅིག་ལ་འདི་གཉིས་གོང་གི་པདྨ་ཟབ་པའི་རྒྱུད་གསུང་པ་པོ་གཉིས་མཚན་གཅིག་ཀྱང་སོ་སོ་ཡིན་ལ། རྒྱུད་གསུངས་མཁན་དེ་རིགས་ལྔའི་ཡ་གྱལ་སངས་རྒྱས་འོད་དཔག་མེད་དེ་ཡིན་པའི་རྒྱུ་མཚན་ནི། རྒྱུད་ཉིད་ལས་། ང་ནི་པདྨ་རྒྱལ་པོའི་སངས་རྒྱས་ཡིན། །སངས་རྒྱས་རིགས་ལྔའི་ནང་ནས་ང་མཆོག་ཡིན། །ཞེས་དང་། རང་ཉིད་སྤྱན་རས་གཟིགས་སུ་བསྒོམ། །དབུ་རྒྱན་ཉིད་ལ་ང་


CMR024_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམས་ཤིག །ཅེས་གསུངས་སོ། །སྤྱན་རས་གཟིགས་ཁོ་ན་ཡིན་ན་ཕྱག་མཚན་ཕྲེང་བ་ཁོ་ན་ལས་མེད་དེ། རྒྱུད་ལས་སྤྱན་རས་གཟིགས་ཐམས་ཅད་ཕྱག་དང་པོས་ཐལ་མོ་སྦྱར་བའོ། །གཡས་ཕྲེང་བ་གཡོན་པདྨའོ། །ཞེས་དང་། ཛ་ལན་དྷ་རའི་རྒྱ་གཞུང་ལས། ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་ནས་ཐལ་མོ་སྦྱར་བའོ། །གཡས་ཀྱིས་མུ་ཏིག་དམར་པོའི་ཕྲེང་བ་གཡོན་མེ་ཏོག་པདྨ་དམར་པོ་བསྣམས་པའོ། །ཞེས་དང་། དེ་ལ་འདིར་རྗེ་རང་བྱུང་བའི་ལྷ་དགུ་དང་། རྗེ་དེ་བཞིན་གཤེགས་པའི་ལྷ་དགུའི་ཆོ་ག་དང་། རྗེ་དོན་ལྡན་ཞབས་ཀྱིས་མཛད་པ་རྣམས་ལ་ཕྱག་གཡས་འོག་མས་རྡོ་རྗེ་དང་བགྲང་ཕྲེང་གཉིས་ཀ་འཛིན་པ་ནི་སྔར་བཤད་པ་ལྟར་གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴིའི་ཤར་ཕྱོགས་སྤྱང་རི་ལ་ལོ་བཅུ་གཉིས་སྐུ་མཚམས་མཛད་དུས་ལོ་གཉིས་ཙམ་ལོན་དུས། པདྨའི་སྡོང་པོ་བྱང་ཆུབ་ཀྱི་སྙིང་པོ་རྒྱན་ཕུན་སུམ་ཚོགས་པའི་དབུས་ན་སངས་རྒྱས་སྣང་བ་མཐའ་ཡས་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་པར་བཞུགས་པ་ལ་སངས་རྒྱས་བྱང་སེམས་དཔག་མེད་ཀྱིས་བསྐོར་བ་དངོས་སུ་ཞལ་གཟིགས་དུས་གཙོ་བོའི་ཞལ་ནས་སྒྲུབ་ཐབས་འདི་དག་གི་ལུང་


CMR024_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་ཡིན་པས། ཞལ་གཟིགས་དེ་དང་བསྟུན་ནས་འདི་སྣང་བ་མཐའ་ཡས་སྤྱན་རས་གཟིགས་དབྱེར་མེད་པའི་དཀྱིལ་འཁོར་ཡིན་ནོ། །འོ་ན་དེ་ལྟར་བློ་བཟོ་བྱས་པ་ཡིན་ནམ་སྙམ་ན་མི་འགྱུར་ཏེ། པདྨ་ཟབ་པའི་རྒྱུད་རྒྱལ་ཉིད་ལས། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་ནས་བཅོམ་ལྡན་འདས་དེ་ཁོ་ན་བཞིན་ནོ་ཞེས་ཞུས་ནས། འཕགས་པ་སྤྱན་རས་གཟིགས་སངས་རྒྱས་པདྨའི་སྣང་བ་རབ་ཏུ་རྒྱས་པའི་ཐུགས་ཀར་མི་སྣང་བར་གྱུར་ཏོ། །ཞེས་གསུངས་པ་དང་། རྒྱུད་གསུངས་ཚར་ནས། ཁྱོད་འདྲ་བྱང་ཆུབ་སེམས་དཔའ་གཞན་ན་མེད། །ཅེས་སོགས་བསྟོད་པ་མཛད་ནས་སྟོན་པ་པདྨ་རབ་རྒྱས་སྤྱན་རས་གཟིགས་ཀྱི་དབུ་གཙུག་ཏུ་མི་སྣང་བར་གྱུར་ཏོ། །ཞེས་གསུངས་སོ། །དེས་ན་ལྷ་དགུ་འདི་ནི་ཚེ་དཔག་མེད་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་པའི་དཀྱིལ་འཁོར་ཡིན་པར་ཤེས་པར་བྱའོ། །དེ་ལ་སྐུ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་ལྟ་བས་ཆོག་མི་ཤེས་པར་མཛེས་པ་སྟེ། གཙོ་བོར་གཏི་མུག་སྦྱང་བར་གསུངས་སོ། །ཕྱག་ནི་ཁ་ཆེ་རིན་ཆེན་རྡོ་རྗེས་ཞལ་གཅིག་པ་ལ་དཔུང་པ་བཞི། ཕྱག་བཞི་པ་ལ་ཞབས་བཞི་པ། རྡོ་


CMR024_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་རྒྱལ་པོ་ཆེན་པོ་སྟེ། ཞེས་གསུངས་པ་དང་མཚུངས་པར་དཔུང་པ་ནས་ཕྱག་གྱེས་པ་མིན་པར་སོགས་གྱེས་ཡིན་ནོ། ཡབ་ཡུམ་འཁྲིལ་བ་ནི་འདོད་ཆགས་སྦྱང་བ་སྟེ། ཡུམ་ཁྲོ་མོར་གནས་པས་ཞེ་སྡང་སྦྱང་བ་སྟེ། ཞི་དྲག་འདྲེས་པའི་སྐུ་འདིས་དུག་གསུམ་ཀ་སྦྱངས་བས་ཤིན་ཏུ་ཟབ་གསུངས་སོ། །སྤྱན་དཀྱུས་རིང་བ་དང་མཛེས་པ་ཞལ་འཛུམ་མདངས་དང་ལྡན་པ། མེ་ཏོག་དམར་པོས་དབུ་བརྒྱན་པ་དང་། དར་སྣ་ཚོགས་ཀྱིས་ཤམ་ཐབས་ཅུང་ཞིག་གྲོལ་བ་རྣམས་རྒྱ་གཞུང་ནས་འབྱུང་བ་ལྟར་བསྒོམ་མོ། །ཡུམ་ནི་རྒྱུད་ལས། །སྐུ་མདོག་དམར་ལ་སྤྱན་གསུམ་པ། །རུས་པའི་རྒྱན་ཆ་སྣ་ཚོགས་ལྡན། །གཡས་ན་རྡོ་རྗེ་གྲི་གུག་འཛིན། །གཡོན་ན་ཐོད་པ་བདེ་བས་གང་། །གཙོ་བོ་ལ་ནི་སྟེར་བའི་ཚུལ། །ཞེས་གསུངས་ལ། དེ་ཡང་གར་དགུ་དང་ལྡན་པ་སྟེ། རྒྱུད་བརྟག་གཉིས་ལས། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་རོ་དང་ལྡན་པ་ཉིད། །ཅེས་གསུངས་སོ། །དེ་ཡང་སྐུ་བལྟ་བས་ཆོག་མི་ཤིས་ཤིང་རྒྱན་དང་ལྡན་པས་སྒེག་པས་འདོད་ཆགས་ཅན་དུ་འདུལ། བདུད་བཞི་འདུལ་ཞིང་སྐུ་ཆེ་


CMR024_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བ། བརྗིད་པས་དཔའ་བ་སྟེ་ཞེ་སྡང་ཅན་འདུལ། སྨིན་མ་བསྡུས་ཤིང་ཁྲོ་ཚུལ་དུ་མས་མི་སྡུག་པས་གཏི་མུག་ཅན་འདུལ་ཏེ་སྐུའི་ཉམས་གསུམ་དང་། དགའ་ཞིང་ཆགས་པའི་བཞད་སྒྲས་འདོད་ཆགས་ཅན་འདུལ། ཧཱུྃ་ཕཊ་ལ་སོགས་དྲག་ཤུལ་གྱི་སྒྲས་ཞེ་སྡང་ཅན་འདུལ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་སྒྲས་རྟག་ཆད་སོགས་འཇིགས་པར་བྱེད་པ་སྟེ། གསུང་གི་ཉམས་གསུམ་དང་། སྙིང་རྗེའི་སེམས་ཅན་རྗེས་སུ་འཛིན་པས་འདོད་ཆགས་ཅན་འདུལ་བ། རྔམ་པ་ནི་བྱམས་པ་ཆེན་པོའི་སྒྲོལ་བར་མཛད་པས་ཞེ་སྡང་འདུལ། ཟུང་འཇུག་ནི་ཞི་བ་ཆེན་པོས་ལོག་ལྟ་གཏི་མུག་ཅན་འདུལ་ཏེ། ཐུགས་ཀྱི་ཉམས་གསུམ་མོ། །རུས་པའི་རྒྱན་ཆ་ནི་སློབ་དཔོན་མར་མེ་མཛད་ཀྱིས། ཁམ་སེར་སྐྲ་མཛེས་འཁོར་ལོའི་རུས། །སྣ་ཚོགས་རྡོ་རྗེས་དབུ་སྐྲ་བརྒྱན། །ཞེས་དང་། སྙན་རྒྱན་མགུལ་རྒྱན་དཔུང་པའི་རྒྱན། །ཕྱག་ཞབས་གདུབ་བུ་འོག་པག་བརྒྱན། །ཞེས་གསུངས་པ་དང་། འོག་པག་ནི་སྐེ་རིགས་ཡིན་པར་བདེ་མཆོག་ནས་བཤད་ཕྱིར་སྐེད་རྒྱན་ཡིན་ནོ། །གྲི་གུག་གི་མཚུ་གུག་པ་བོད་དུ་བྱས་ལ། ཟླ་ཚེས་སམ་བཟོ་གྲི་ཁྱེ་བོ་ལྟ་བུ་ཡིན་པར་རྒྱ་འགྲེལ་དུ་མ་ལས་གསུངས་ཤིང་རྟེན་ལི་མ་ལ་ཡང་


CMR024_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཞེས་མཚུར་ཕུ་འཇམ་དབྱངས་པས་གསུངས་སོ། །འཛིན་ལུགས་སོ་སྟེང་དུའམ་འོག་ཏུ་བསྟན་པ་གང་རུང་བསྒོམ་མོ། །ཐོད་ཁྲག་ནི་བདུད་བཞིའི་ཁྲག་ཏུ་དྷ་རི་ཀ་པ་དང་ཀོང་ཀས་སྦྱིན་སོགས་ཀྱིས་བཤད་དོ། །རྡོ་རྗེ་ནག་པོའི་ཕྲེང་བ་ལ་རྒྱུས་པའི་ཐོད་སྐམ་ལ་རྩེ་བྲན་མེད་ཅིང་སྐྱ་གྲོལ་བ་ཤམ་ཐབས་མེད་པ་གཅེར་བུ་ཡིན་ལ། ཐོད་རློན་ནི་རྒྱུ་མ་ལ་བཏགས་པར་དྷ་ན་ཤྲཱི་ལ་སོགས་རྒྱ་གཞུང་མང་པོ་ནས་བཤད་དོ། །སྐྱིལ་ཀྲུང་ནི་སེམས་སྐྱིལ་གཡོན་ཅུང་ཟད་བརྐྱང་བའི་གཡོན་རོལ་ལོ། །འཁོར་བསྐྱེད་ལུགས་གཞུང་ནས་སྐད་ཅིག་ལ་བསྐྱེད་པར་གསུངས། དེ་བཞིན་གཤེགས་པས་མཛད་པའི་ཆོ་ག་ནས། དང་པོ་ནས་གཙོ་འཁོར་དགུའི་གདན་ལ་སོ་སོའི་ས་བོན་བྷོ་ནས་བསྐྱེད་པར་བཞེད་ལ། རང་བྱུང་བ་དང་རྗེ་དྲུག་པའི་གཞུང་དངོས་བསྟན་ལ་རིགས་བཞི་ས་བོན་ཧཱུྃདང་། ཊཱཀི་བཞི་སྐད་ཅིག་ལ་བསྐྱེད་པར་གསུངས་མོད་ཀྱང་། འདིར་རྒྱུད་སྡེ་ཆེན་པོ་ལྟ་བུ་ཤུགས་བསྟན་གྱི་ཚུལ་དུ་མངལ་འབྱིན་དུ་བསྒོམ་སྟེ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་བྱང་སེམས་དཔའ་བོ་དྷ་ཀི་ཐམས་ཅད་རང་དབང་མེད་པར་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་


CMR024_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་མཁའ་ནས་ཐིག་ལེའི་རྣམ་པར་ཕྱོགས་བཞིར་ཧཱི༔ཡིག་འབྲེལ་མ་རེ་དང་མཚམས་བཞིར་ཧ་རི་ནི་ས་འཕྲོས་ཏེ་སོ་སོའི་གདན་ལ་འཁོད། དེ་ལས་འོད་འཕྲོས་རིགས་སོ་སོའི་སངས་རྒྱས་མཆོད་༔ སེམས་ཅན་རྣམས་ཀྱི་ཕུང་པོ་བཞི་དང་ཁམས་བཞི་སྦྱངས། མཚམས་ཀྱི་འོད་ཟེར་གྱིས་སྐྱེ་གནས་བཞི་དང་རྟག་ཆད་མུ་བཞི་སྦྱངས། ཕྱོགས་བཞིའི་འོད་ཀྱིས་རིགས་བཞིའི་ཐུགས་རྗེ་ཆེན་པོ་དང་ཡུམ་བཞིའི་གོ་འཕང་དང་། མཚམས་ཀྱི་འོད་ཀྱིས་ཚད་མེད་པ་བཞི་ལ་བཀོད་པ་ནི་སེམས་ཅན་གྱི་དོན་བྱས་པའོ། །ཚུར་འདུས་པ་ནི་འོད་དེས་སོ་སོའི་རིགས་ཀྱི་སངས་རྒྱས་བྱང་སེམས་དང་། སོ་སོའི་རིགས་ཀྱི་ལྷ་མོ་དང་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་བསྡུས་ནས་སོ་སོའི་ས་བོན་ལ་ཐིམ་མོ། །ཡོངས་སུ་གྱུར་པ་ནི་འོད་དུ་ཆེར་འབར་བ་ས་བོན་མི་སྣང་བར་འོད་ཕུང་སོ་སོའི་ཁ་དོག་ཏུ་ཞུ་བར་གྱུར་པའོ། །དེ་ལ་ལྷ་སོ་སོའི་སྟེ་རྒྱ་གཞུང་ལས་ཤར་ཕྱོགས་སུ་རྣམ་པར་ཤེས་པའི་ཕུང་པོ་དག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེའི་སྤྱན་རས་གཟིགས་ཞེས་དང་། ལྷོར་ཚོར་བའི་ཕུང་པོ་དག་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས་ཞེས་དང་། ནུབ་ཏུ་འདུ་


CMR024_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཕུང་པོ་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ་དེ་བཞིན་གཤེགས་པའི་རིགས་ཀྱི་སྤྱན་རས་གཟིགས་ཞེས་གསུངས་པ་ནི་པདྨ་རིགས་ཀྱི་གཙོ་བོ་བྱེད་པའོ། །བྱང་དུ་འདུ་བྱེད་ཀྱི་ཕུང་པོ་དག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས་ཞེས་གསུངས་ཏེ། ཕུང་པོ་ལྔ་དང་དུག་ལྔ་དག་པ་ཡེ་ཤེས་ལྔའི་རང་བཞིན་ནོ། །གོང་དུ་ནུབ་ཏུ་དེ་བཞིན་རིགས་གསུངས་པའི་རིགས་པས་གཙོ་བོ་འཕོ་སྟེ། ལྷ་དགུ་ལ་དཀྱིལ་འཁོར་དགུའམ་ལྔར་འགྱུར་བའམ། ཡུམ་གཙོ་བོར་བྱས་པས་བཅུ་བཞིར་འགྱུར་བ་ཡང་ཤེས་པར་བྱའོ། །རྒྱ་གཞུང་ལས་མཱ་མ་ཀཱི་རྡོ་རྗེ་རིགས་ཀྱི་ཡུམ་དུ་གསུངས་ཤིང་། དཀྱིལ་འཁོར་འགའ་ཞིག་ལ་དེ་ལྟར་ཡོད་ཀྱང་། ཨོ་རྒྱན་རིན་པོ་ཆེས། དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལ་སྤྱན་མ་རྡོ་རྗེ་རིགས་ཀྱི་ཡུམ་དུ་གསུངས་ཤིང་། དེ་དང་མཚུངས་པར་བྱུང་བའི་ལྷ་དགུ་ལས། རང་རང་གི་ཡུམ་སྤྱན་མ་དང་མཱ་མ་ཀཱི་དང་། ན་བཟའ་དཀར་མོ་དང་། དམ་ཚིག་སྒྲོལ་མ་སྟེ། རིམ་པ་བཞིན་སྔོན་མོ། སེར་མོ། དམར་མོ། ལྗང་ཁུ་སྟེ་ཞེས་དང་། མཱ་མ་ཀཱིས་ནི་གཡས་ཀྱི་འོག་མས་ནོར་བུ། སངས་རྒྱས་སྤྱན་མས་འཁོར་ལོ། ན་


CMR024_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་དཀར་མོས་པདྨ་དཀར་པོ། དམ་ཚིག་སྒྲོལ་མས་ཨུཏྤལ་ཞེས་གསུངས་ཏེ། དེ་བཞིན་དུ་རྗེ་ལྔ་པ་ཆོས་དཔལ་བཟང་པོས་མཛད་པའི་ཆོ་གར་ཡང་། རྡོ་རྗེ་རིགས་ཀྱི་པང་དུ་སྤྱན་མ་སྔོན་མོ་དང་། རིན་ཆེན་རིགས་ཀྱི་པང་དུ་མཱ་མ་ཀཱི་སེར་མོ་ཞེས་དང་། དབུས་སུ་རང་ཉིད་རྣམ་པར་སྣང་མཛད་སྤྱན་རས་གཟིགས་ཞེས་གསལ་བར་གསུངས་པས། རྗེ་དྲུག་པས་ཀྱང་དེ་དང་མཐུན་པར་མཛད་དོ། །དེ་ལ་རིགས་བཞི་ཡབ་ཡུམ་ཐམས་ཅད་ཞི་བའི་ཉམས་ཅན་མཚན་དཔེས་སྤྲས་པའོ། །རྒྱ་གཞུང་ལས། མཁའ་འགྲོ་མ་བཞི་སྒོ་བཞིར་ཕྱག་བཞི་མ་ཞབས་བཞེངས་ཐབས་བརྐྱང་བསྐུམ་དུ་བཞུགས་པར་བཞེད་ལ། རྗེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་ལྷ་དགུའི་བདག་བསྐྱེད་དུ། མཁའ་འགྲོ་བཞི་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་གཡས་པ་རྣམས་ཀྱིས་ཕྱག་མཚན་ཐུགས་ཀར་འཛིན་པ། གཡོན་པ་རྣམས་ཀྱིས་པདྨའི་ཡུ་བ་དཀུར་བརྟེན་པ། རུས་པའི་རྒྱན་གྱིས་བརྒྱན་ཅིང་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཞེས་དང་། དེ་ཉིད་ཀྱི་མདུན་བསྐྱེད་དུའང་མཁའ་འགྲོ་མ་བཞི་རྒྱན་གྱིས་བརྒྱན་ཅིང་ཕྱེད་སྐྱིལ་གྱིས་བཞུགས་པ། ཞེས་གསུངས་པ་དང་། ཨོ་རྒྱན་རིན་།


CMR024_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེས་མཛད་པའི་ལྷ་དགུ་རཏྣའི་གཏེར་མ་ལ་ནི། རིགས་བཞི་ཡབ་ཡུམ་དང་འཁོར་ཐམས་ཅད་ཕྱག་གཉིས་པ་ཁོ་ནར་བཤད་ཅིང་། རྒྱུད་ལས། རིགས་བཞི་ཡབ་ཡུམ་ཕྱག་བཞི་མ། །གཞན་གསལ་ཁ་མེད་ཅིང་དཔྱད་ན་ཕྱག་གཉིས་མར་ངེས་ཕྱིར། རང་བྱུང་བ་དང་རྗེ་དྲུག་པ་གཉིས་བཞེད་པ་མཐུན་པར་གཞུང་དེ་ཉིད་ཡིན་ནོ། །དེ་ནས་འདོད་ཡོན་ལྷ་མོ་ལྔ་ནི་རྒྱ་གཞུང་ལ་ཕྱག་བཞི་མར་གསུངས་ཤིང་། གཞན་རྣམས་མཐུན་པར་ཕྱག་གཉིས་མ་སྟེ་དཀྱིལ་འཁོར་གཞན་རྣམས་ལས་ཀྱང་ཕྱག་བཞི་མ་དང་གཉིས་གང་རུང་བཤད་པས་མི་འགལ་ལོ། །སྤྱིར་འདོད་སྣམ་ལ་མཆོད་ལྷ་བཅུ་དྲུག་ཡོད་ཅིང་མཆོད་པ་བྱེད། སྔོན་གྱི་དཀྱིལ་འཁོར་གྱི་རྣམ་བཞག་ཡིག་རྙིང་རྣམས་ལས། རྩིག་པའི་རྨང་དུ་འདོད་ཡོན་སྣམ་བུའི་ཚད་། །འཕང་དང་ཞེང་དུ་ཁྲུ་དོ་བསྐོར་ལམ་ཚུལ། །དེ་སྟེང་གླིང་བུ་ལ་སོགས་མཆོད་པ་ཡི། །ལྷ་མོ་རྣམས་ཀྱིས་རྟག་ཏུ་དཀྱིལ་འཁོར་གྱི། །འདྲེན་པ་འཁོར་དང་བཅས་ལ་མཆོད་པར་བགྱི། །ཞེས་གསུངས་ལ། དཀྱིལ་འཁོར་སྤྱི་ཡི་ལུགས་རྒྱ་སྟོན་ཆོས་བཟང་གིས་བཞེད་པས། སྒོའི་གཡས་གཡོན་དུ་ལྷ་མོ་གཉིས་གཉིས་ཏེ། ཕྱོགས་རེ་རེར་བཞིན་རང་གི་མིང་དང་


CMR024_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་མཆོད་རྫས་འཛིན་པའི། པི་ཝཾ་མ་སྔོན་མོ། གླིང་བུ་མ་སེར་མོ། རྔ་ཟླུམ་མ་དམར་མོ། རྫ་རྔ་མ་ལྗང་གུ་བཞི་ཤར། བཞད་པ་མ་དམར་མོ། སྒེག་པ་མ་སྔོན་མོ། གླུ་མ་དམར་མོ། གར་མ་ལྗང་མོ་བཞི་ལྷོ། མེ་ཏོག་མ་དཀར་མོ། བདུག་སྤོས་མ་སྔོན་མོ། མར་མེ་མ་དམར་མོ། དྲི་ཆབ་མ་ལྗང་མོ་བཞི་ནུབ། གཟུགས་རྡོ་རྗེ་དཀར། རོ་མ་དམར། རེག་མ་ལྗང་། ཆོས་མ་དཀར་མོ་བཞི་བྱང་དུ་བཀོད་པར་བཤད་དོ། །དེ་ལྟར་ལྷ་མོ་བཅུ་དྲུག་ཡོད་ཀྱང་ལྔ་གཙོ་བོར་སྨོས་པ་ནི། མིག་གི་སྐྱེ་མཆེད་དང་གཟུགས་རྣམ་པར་དག་པ་གཟུགས་རྡོ་རྗེ་སོགས་སྐྱེ་མཆེད་ལྔ་དང་། དབང་པོ་ལྔ། ཡུལ་ལྔ་རྣམ་པར་དག་པའི་ལྷ་མོ་ལྔ་ཡིན་པ་སྟེ། པདྨ་ཟབ་པའི་རྒྱུད་ལས། ལུས་དཀྱིལ་སྐབས་སུ་ཡང་མཆོད་ལྷ་གཞན་མ་གསུངས་པར་ལྔ་པོ་འདི་བྷེ་པར་གསུངས་ཏེ། གཟུགས་མིག་སྒྲ་སྙན་དྲི་སྣའོ། །རོ་ལྕེ་རེག་བྱ་ལུས་ལ་སྒོམ། །ཞེས་གསུངས་པས། འདི་དཀྱིལ་འཁོར་གྱི་ལྷ་དང་མཆོད་ལྷ་ཐུན་མོང་བ་ཡིན་ཏེ། སྐུ་མདོག་ནི་རྒྱ་གཞུང་ལས། ལྷ་སྣམ་སུ་རོ་རྡོ་རྗེ་མ་དམར་མོ་ཕྱག་གཉིས་འཁར་གཞོང་དང་པདྨ་བསྣམས་པའོ། །སྒྲ་རྡོ་རྗེ་མ་སྔོན་མོ་གླིང་བུ་དང་པདྨའོ། །དྲི་རྡོ་


CMR024_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མ་སེར་མོ་བདུག་པ་དང་པདྨའོ། །རེག་རྡོ་རྗེ་མ་ལྗང་གུ་ན་བཟའ་དང་པདྨའོ། །གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་དང་པདྨའོ། །ཞེས་གསུངས་སོ། །འདི་ལ་ཕྱོགས་གང་དུ་བྷེ་ན་གཞུང་རྣམས་ནས་གསལ་ཁ་མ་བྱུང་ཡང་། གཟུགས་རྡོ་རྗེ་ཁ་དོག་དཀར་བ་དང་། སངས་རྒྱས་རིགས་ཡིན་ལ། སྒྲ་རྡོ་རྗེ་མ་ཁ་དོག་སྔོ་ཞིང་རྡོ་རྗེའི་རིགས་སུ་ངེས་པ་དེ་གཉིས་ཤར། དྲི་རྡོ་རྗེ་སེར་ཞིང་རིན་ཆེན་རིགས་ཡིན་ལྷོ། རོ་རྡོ་རྗེ་དམར་ཞིང་པདྨའི་རིགས་ཡིན་པས་ནུབ། རེག་རྡོ་རྗེ་ལྗང་ཞིང་ལས་ཀྱི་རིགས་ཡིན་པས་བྱང་དུ་དགོད་པར་བྱ་ཞིང་གཞན་བཅུ་གཅིག་པོ་ཅི་བདེར་བསྒོམ་པར་བྱའོ། །བཞི་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། འདི་རྒྱ་གཞུང་དང་གཞན་ཕལ་ཆེར་ལ་གནས་གསུམ་དུ་ཟླ་བ་པདྨ་ཉི་མ་གསུངས་ཀྱང་རང་བྱུང་བའི་ལྷ་དགུ་དང་འདིའི་རྒྱ་གཞུང་གཉིས་མཐུན་པར་ཟླ་བ་ཉི་མ་པདྨ་གསུངས་ཏེ། ཟླ་བ་ཐབས་སྙིང་རྗེ་ཆེན་པོ་སྟེ། དེ་ཉིད་གཟུགས་སྐུའི་ས་བོན་ཡིན་པས་སྐུའི་གནས་སུ་དང་། ཉི་མ་ནི་ཤེས་རབ་སྟོང་པ་ཉིད་ཡིན་ལ། དེ་ནི་བརྗོད་མེད་བརྗོད་པ་ཀུན་གྱི་གཞི་ཡིན་ཏེ། སྟོང་ཉིད་ལ་ཨ་སྐྱེ་མེད་དེ་ལ་བརྟེན་ནས་ཡི་གེ་ཐམས་ཅད་འབྱུང་བར་གསུང་གི་གནས་སུ་


CMR024_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ། པདྨ་ནི་འདབ་མ་དང་གེ་སར་གཉིས་འབྱར་བས་ཐབས་ཤེས་རབ་དབྱེར་མེད་མཚོན་པ་དང་ཐུགས་ཕྱག་མཚན་གྱི་ངོ་བོ་ཡང་ཡིན་ལ། ཐབས་ཤེས་དབྱེར་མེད་པ་བདེ་སྟོང་གི་ཡེ་ཤེས་དེ་ཐུགས་ཡིན་པས། པདྨ་ཐུགས་ཀྱི་གནས་སུ་མཛད་པར་སྣང་ངོ་། །དེ་ཡང་སྐུ་བྱིན་རླབས་ནི། པདྨ་རྒྱལ་པོའི་རྒྱུད་ལས། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཞེས་གསུངས་ཏེ། རྒྱས་པར་ན་དཔྲལ་བར་ཟླ་སྟེང་ཨོ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའ་ཐམས་ཅད་རྣམ་སྣང་ཡབ་ཡུམ་གྱིས་གང་བ་སྙོམས་འཇུག་མཛད་པས་བྱང་སེམས་བདུད་རྩི་དཀར་པོའི་ངོ་བོ་རུ་ཞུ་ནས་དཔྲལ་བ་ནས་ཞུགས་ཏེ། ཨོཾ་ལ་ཐིམ་པས་སྐུའི་དབང་བསྐུར་ཐོབ་པ་བསྒོམ་པ་ཡིན་ལ། འདི་ལྟ་བུའི་བྱིན་རླབས་ནི་རྒྱུད་སྡེ་ཆེན་པོ་རྣམས་ནས་གསུངས་ཤིང་མཁས་པའི་མན་ངག་ལས་བྱུང་ལོ། བདག་གི་ཡང་རྨི་ལམ་དག་པའི་སྣང་བར་གནས་གསུམ་བྱིན་རླབས་འདི་ལྟར་བསྒོམ་པ་དངོས་སུ་གྱུར་སོང་བའི་སྣང་བ་


CMR024_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་བྱུང་ངོ་། །དེ་ཡང་བསྡུ་ན་ཨོ་དཀར་པོ་སངས་རྒྱས་ཀྱི་སྐུའི་རང་བཞིན་དུ་བསྒོམ་པ་ཙམ་གྱིས་ཆོག་ལ་རང་བྱུང་བ་དང་དོན་ལྡན་ཞབས་དང་ཛ་ལན་དྷ་རས་སྤྱི་བོར་ཨོ་གསུངས་ལ། རྗེ་དེ་བཞིན་གཤེགས་པས་དཔྲལ་བར་ཨོ་གསུངས་པ་ནི་མི་འགལ་ཏེ། མཛོད་སྤུའི་ཐད་ཀྱི་དབུའི་ནང་གི་སྟེང་ངོས་ཚངས་བུག་གི་འོག་ཏུ་བསྒོམ་མོ། །རྒྱུད་པདྨ་རྒྱལ་པོ་ལས། དཔལ་ལྡན་སངས་རྒྱས་གསུང་འཚང་བ་སོགས་ནས་གོང་ལྟར་ཨཱཞེས་པའི་བར་གསུངས་ཤིང་། འོད་དཔག་མེད་ཡབ་ཡུམ་ནམ་མཁའ་གང་བར་བསྒོམ་པ་གོང་གི་འགྲེས་ལ་བསྡུ་ན་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རང་བཞིན་ཨཱདམར་པོ་བྷེ་སྟེ། འདིའི་གཞུང་དང་རང་བྱུང་བ་དང་ཐུབ་ཆེན་ཆོས་ཀྱི་རྒྱལ་པོས་མགྲིན་པར་ཨཱགསུངས་ལ། ཛ་ལན་དྷ་རས། ལྕེ་རྩར་ཨཱཿདམར་པོ་གསུངས་ཏེ། ངག་གི་གནས་མགྲིན་པ་ཡིན་ལ། དེ་ལ་སྟོད་སྨད་མང་ན་ཡང་ལྕེའི་རྩ་བར་བྷེ་པ་ཡིན་ནོ། ཅིའི་ཕྱིར་ན་ངག་བརྗོད་པ་ཐམས་ཅད་ལྕེ་ལ་རག་ལས། དེ་ཡང་ལྕེའི་རྩ་བར་བྱས་པས་མགྲིན་པ་དང་ཐུན་མོང་དུ་གྱུར་པའོ། །པདྨ་འདབ་མ་བརྒྱད་པ་མདུན་གྱི་འདབ་མ་ལྕེར་གྱུར་པ་མེད་པ་པདྨའི་སྦུབས་སུ་གྱུར་པ་སྟེ། དཔེར་ན་


CMR024_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཨུག་ཆོས་ལྟ་བུ་ལ་མདུན་གྱི་འདབ་མ་རིང་བར་ལྕེར་གྱུར་པ་བསྒོམ་མོ། །དེའི་ལྕེ་རྩ་པདྨའི་ལྟེར་ཨཱའོ། པདྨ་རྒྱལ་པོ་ལས། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །སོགས་ཚིག་རྐང་དྲུག་དང་ཧཱུཾ་ཞེས་གསུངས་པས་མི་བསྐྱོད་པ་ནམ་མཁའ་གང་བར་བསྒོམ་པ་སོགས་གོང་ལྟར་རིགས་འགྲེས་ལ། འདི་དག་རྒྱས་པར་བསྒོམ་ན་རྒྱུད་ཚིག་དེས་གསོལ་བ་བཏབ་པ་ལ་བསྟེན་ནས་སྙོམས་པར་ཞུགས་ནས་བདུད་རྩིར་ཞུ་སྟེ་གནས་གསུམ་དུ་ཐིམ་པར་བྱའོ། །བསྡུ་ན་ཐུགས་ཀར་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་བསྒོམས་པས་འཐུས་ལ། ཛ་ལན་དྷ་རས་སྙིང་ཁར་ཧཱུྃ་དང་། དེ་བཞིན་གཤེགས་པའི་ཐུགས་ཀར་ཧཱུཾ་གསུང་སྟེ་དེ་གཉིས་ཧཱུྃ་རྐྱང་པ་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་ལྷ་ལྔ་དང་མི་ཏྲའི་གསང་སྒྲུབ་རྒྱ་གཞུང་དང་། རང་བྱུང་བའི་ལྷ་ལྔ་དང་འདིའི་གཞུང་ནས་ཧཱུྃ་སྔོན་པོ་དང་ཧིདམར་པོ་བསྒོམ་གསུངས་ལ། དེ་བསྒོམ་ལུགས་བསྐྱེད་ཆོག་སྤྱི་ལ་ནི། ཐུགས་དབུས་སུ་ས་བོན་དང་། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་བསྒོམ་པར་བཤད་ཀྱང་། རྗེ་རང་བྱུང་བའི་ལྷ་དགུའི་གཞུང་ལས་ཐུགས་ཀར་པདྨ་ལ་ཧཱུཾ་སྔོན་པོ་དང་ཧྲིདམར་པོ་དབྱེར་མེད་དུ་བསྒོམ། ཞེས་གསུངས་


CMR024_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཧྲཱི༔ཡིག་གི་ནང་དུ་ཧཱུྃ་བསྒོམ་པ་འཐད་དེ། སེམས་དཔའ་སུམ་བརྩེགས་སུ་ཡང་འགྱུར་རོ། །རྒྱུད་བརྟག་གཉིས་ལས། རང་གི་སྙིང་ཁར་ས་བོན་བསམ་མོ། །ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཕྱུང་ནས། དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཞེས་གསུངས་ལ་ལྷའི་ཁ་དོག་གིས་ཁྱད་ཀྱིས་འདིར་འོད་ཟེར་དམར་པོ་སྤྲོའོ། །ཛ་ལན་ར་པས་ཐུགས་ཀ་ནས་འོད་འཕྲོས་ཏེ། བདེ་བ་ཅན་གྱི་ཞིང་ཁམས་ནས་སངས་རྒྱས་པདྨ་རྣམ་རྒྱལ་གྱི་དཀྱིལ་འཁོར་འདིར་བསྐྱེད་པ་ལྟ་བུ་སྤྱན་དྲངས་ཞེས་དང་། དེ་བཞིན་གཤེགས་པས་ཧཱུྃ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛ༔ ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ཧྲིདེ་ལས་འོད་ཟེར་དམར་པོ་འཕྲོས་པས་རང་གིས་བསྐྱེད་པ་ལྟ་བུའི་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་སྤྱན་དྲངས་ནས་ཞེས་དང་། གཞུང་ནས་ཀྱང་འདིར་མ་སྨོས་ཀྱང་ཚོགས་ཞིང་སྐབས་སུ་བདེ་བ་ཅན་ནས་སྤྱན་དྲངས་པར་གསུངས་ཏེ། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་གཞན་ཐམས་ཅད་


CMR024_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པོ་ཊ་ལ་ནས་སྤྱན་དྲངས་པར་གསུངས་ཀྱང་། སྲོང་བཙན་སྒམ་པོས་མཛད་པའི་བཀའ་ཆེམས་དང་ལོ་རྒྱུས་ཆེན་པོ་སོགས་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པས་འཇིག་རྟེན་ཐམས་ཅད་ཁྱབ་ཀྱང་སྐུའི་ངོ་བོ་དེ་བདེ་བ་ཅན་ན་སྣང་བ་མཐའ་ཡས་ཀྱི་ཉེ་གནས་ཀྱི་ཚུལ་དུ་བཞུགས་པར་གསུངས་པ་དང་། ཁྱད་པར་ཐུགས་རྗེ་ཆེན་པོ་དང་སྣང་བ་མཐའ་ཡས་དབྱེར་མེད་དུ་སྒྲུབ་པའི་དཀྱིལ་འཁོར་ཡིན་པས་བདེ་བ་ཅན་ནས་སྤྱན་འདྲེན་པའོ། །དོན་དམ་པར་གཤེགས་བཞུགས་ཀྱི་མཚན་མ་མི་མངའ་ཡང་། དཔེར་ན་ཆུ་དྭངས་བ་ལ་ཟླ་བའི་གཟུགས་བརྙན་འཆར་ཡང་ནམ་མཁའི་ཟླ་བ་ལ་རྣམ་པར་མི་རྟོག་པ་དང་འདྲ་བར་བཞེད་ལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་ནམ་མཁས་གར་ཁྱབ་ཐམས་ཅད་ཁྱབ་སྟེ། །སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་ནམ་མཁའ་དང་ཆོས་ཀྱི་དབྱིངས་རྣམས་དབྱེར་མེད་པར་གསུངས་པས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་དང་། སེམས་ཅན་ཐམས་ཅད་ཀྱི་གྲངས་དང་མཉམ་པར་སེམས་ཅན་རེ་རེའི་དྲུང་དུ་ཡང་སྤྱན་རེས་གཟིགས་རེ་རེ་སྤྲུལ་ནས་གང་ལ་གང་འདུལ་གྱི་དོན་མཛད་པར་


CMR024_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། དེ་ཉིད་བསྡུས་པར། གང་དག་ལྷ་སྐུར་བྷེ་ཙམ་གྱིས། །རྡོ་རྗེ་སེམས་དཔའ་ལ་སོགས་ཚོགས། །དམ་ཚིག་ལས་འདས་དགོངས་པ་ཡི། །བྱིན་གྱིས་རླབས་པ་ཉིད་དུ་འགྱུར། །ཅེས་གསུངས། ཡེ་ཤེས་པ་སྤྱན་འདྲེན་མེད་ཀྱང་འགལ་བ་མེད་མོད་ཀྱིས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མཆོག་དམན་གྱི་འཛིན་པ་ཡོད་པ་དང་། སངས་རྒྱས་ཀྱི་མདོ་སྡེ་རྣམས་ནས་བདེ་བ་ཅན་དུ་ཐུགས་རྗེ་ཆེན་པོ་བཞུགས་པ་བཤད་པའི་ཕྱིར། ཀུན་རྫོབ་སྒྱུ་མ་ཙམ་དུ་སྤྱན་དྲངས་པར་བྱའོ། །རྡོ་རྗེ་བསྡུ་བའི་སྔགས་རྒྱུ་ནི། གཙུག་དགུའི་རྒྱུད་ལས། ལག་ངར་དག་ནི་རྡོ་རྗེ་བཅིངས། །ལག་པ་གཡས་དང་གཡོན་པ་ཡིས། །སེ་གོལ་མཉམ་པར་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཨོཾ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ བཀའ་བསྒོ་འདི་ནི་བསྒྲག་ཙམ་གྱིས། །འཁོར་དང་བཅས་པའི་འཁོར་ལོའི་ཚོགས། །སངས་རྒྱས་ཐམས་ཅད་འབྱོན་འགྱུར་ཏེ། །གཞན་རྣམས་རབ་འཇུག་ལྟ་ཅི་སྨོས། །ཞེས་དང་། དེ་ཉིད་སྣང་བ་དང་ཀོ་ས་ལའི་རྒྱན་དུ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ལག་ངར་གཉིས་བསྣོལ་ཏེ། ལག་པ་གཉིས་ཀའི་མཛུབ་མོ་ལྕགས་


CMR024_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་བྱས་ལ། གོང་མོ་དང་མཐེ་བོང་གིས་སེ་གོལ་བརྡབས་པ་ནི། རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱ་སྟེ། ཞེས་གསུངས་སོ། །བདག་བསྐྱེད་ལ་སྤྱན་འདྲེན་གྱི་ཚིགས་བཅད་སྦྱར་བ་རྗེ་དྲུག་པས་གསུངས་ཕྱིར་སྤྲོ་ན་རུང་གིས་རྒྱ་གཞུང་དང་། རང་བྱུང་བ་དང་དེ་བཞིན་གཤེགས་པས་ཀྱང་མ་གསུངས་པས་མི་དགོས་ལ། བླ་མེད་ལ་བགེགས་བསྐྲད་མི་དགོས་ཀྱང་། སྤྲོ་ན་རང་གི་ཞལ་ནས་ཧཱུྃ་གི་སྒྲ་ཆེན་པོས་བགེགས་བསྐྲད་པར་བསམ་མོ། །རང་བྱུང་བས་བསྐྱེད་པ་ལྟ་བུ་སྤྱན་དྲངས་ལ་ལེགས་པར་མཆོད་དེ། ཞེས་དང་། དེ་བཞིན་གཤེགས་པས་བདག་བསྐྱེད་ཡེ་ཤེས་པ་ལ། མཆོད་པ་ལྔས་མཆོད་དེ། །ཞེས་གསུངས་པ་ལྟར། ཨོཾ་མཆོད་ཡོན་སོགས་ཀྱིས་མཆོད་དེ། རྒྱ་གཞུང་ནས་མཆོད་པ་མེད་པར་བསྟིམ་པ་དང་། རང་བྱུང་བའི་ལྷ་ལྔ་དང་། ཨོ་རྒྱན་གྱིས་མཛད་པའི་ལྷ་ལྔ་ནས་ནི། འདིར་ཡན་ལག་བདུན་པ་རྒྱས་པར་ཡང་བྱ་གསུངས་མོད་ཀྱང་གཞུང་འདི་ཙམ་ལེགས་ཏེ། ཡན་ལག་བདུན་པ་སྔར་སོང་བས་སོ། །ལྷ་ལྔ་དེ་གཉིས་ནི་སྔར་ཡན་ལག་བདུན་པ་མ་བྱས་པས་འདིར་བྱེད་པར་གསུངས་པའོ། །ཡེ་ཤེས་པ་བསྟིམ་པ་ནི། ཛཧཱུྃ་བཾ་ཧོལས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཕྱག་རྒྱ་


CMR024_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། རང་གི་ཐུགས་ཀའི་འོད་ཟེར་ཛལས་རྡོ་རྗེ་མཁའ་འགྲོ་ལྕགས་ཀྱུ་ཐོགས་པས་སྲུང་འཁོར་གྱི་ནང་དུ་སྤྱན་དྲངས་སོ། །ཧཱུྃ་ལས་རིན་ཆེན་མཁའ་འགྲོ་ཞགས་པ་ཐོགས་པས་མགྲིན་པ་ལ་རེག་པའི་ཚུལ་གྱིས་ཡེ་ཤེས་སེམས་དཔའ་རྣམས་སྨིན་མཚམས་ནས་ཐིམ། པཾ་ལས་པདྨ་མཁའ་འགྲོ་ལྕགས་སྒྲོག་ཐོགས་པས་ཞབས་ལ་རེག་པའི་ཚུལ་གྱིས་ཆུ་ལ་ཆུ་འདྲེས་པ་ལྟར་གྱུར། ཧོཞེས་ལས་ཀྱི་མཁའ་འགྲོ་དྲིལ་བུ་ཐོགས་པས་དྲིལ་བུའི་སྒྲ་བྱུང་བས་དམ་ཚིག་པ་རྣམས་ཡེ་ཤེས་པའི་ངོ་བོར་གྱུར་པར་བསམས་ལ། གཉིས་སུ་མེད་པར་གྱུར་སོགས་བརྗོད་དེ། ཡི་གེ་བཞི་ཕྱག་རྒྱ་དང་བཅས་དབྱངས་སུ་བརྗོད་པར་བྱའོ། །དེ་ལྟར་མ་བྱས་ན་གང་ཟག་ལས་དང་པོ་པ་རྣམས་དམ་ཚིག་པ་ནི་དོན་ལ་མེད་ཀྱང་རང་གིས་བློས་བཀོད་པ་ཡིན་སྙམ་པས་དེ་ཙམ་བསྒོམས་ཀྱང་དངོས་གྲུབ་མྱུར་དུ་མི་ཐོབ་ལ། ཡེ་ཤེས་པ་ནི་སངས་རྒྱས་དངོས་ཡིན་པས་དེ་སྤྱན་དྲངས་ནས་བསྟིམ་པ་འདི་ནི། སངས་རྒྱས་དངོས་སོ་སྙམ་པའི་དད་གུས་དང་ང་རྒྱལ་དང་ཡིད་ཚིམ་པར་འགྱུར་བས། དེ་ལྟ་བུས་སྒྲུབ་ན་དངོས་གྲུབ་མྱུར་དུ་ཐོབ་བོ། །དོན་དམ་པར་གཤེགས་བཞུད་ཡོད་པ་མིན་ནོ། །དེ་དག་ནི་ལྔ་པ་ཡེ་ཤེས་ཀྱི་


CMR024_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བཞུགས་པའོ། །དེ་ནས་དྲུག་པ་དབང་བསྐུར་བ་ནི། རང་བྱུང་བས་ལྷ་དགུའི་གཞུང་དུ་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་འཁོར་ལོར་བལྟས་ལ། ཞེས་དང་། ལྷ་ལྔར་ཡང་ཡེ་ཤེས་ཀྱི་འཁོར་ལོ་གསལ་བར་དམིགས་ལ་ཞེས་སོགས་དྲུག་པའི་ཆོ་ག་ཉིད་དང་མཐུན་པར་གསུངས་ཤིང་། རྗེ་དེ་བཞིན་གཤེགས་པ་དང་། སློབ་དཔོན་པདྨས་ནི་དབང་ལྷ་སླར་ཡང་སྤྱན་འདྲེན་པར་གསུངས་པ་གཉིས་མི་འགལ་རྒྱས་བསྡུས་ཀྱི་ཁྱད་པར་ཡིན་ལ། ཡོ་གའི་དཀྱིལ་ཆོག་ཕལ་ཆེར་ལ་ཡེ་ཤེས་པ་བསྟིམས་པའི་ལྷག་མ་རྣམས་སླར་ཡང་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་མདུན་གྱི་ནམ་མཁར་དམིགས་ནས་དབང་བསྐུར་བར་བཤད་པ་ལྟར་འདི་ཡང་དེ་ལྟར་ཡིན་ནོ། །རྒྱུད་བརྟག་གཉིས་ལས། སངས་རྒྱས་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས་བདུད་རྩིའི་ལྔས་གང་བའི་བུམ་པས་དབང་བསྐུར་བར་བྱའོ། །དབང་བསྐུར་ནས་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གུར་གུམ་གྱིས་ཆར་འབབ་པར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་


CMR024_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བར་བྱའོ། །ཞེས་གསུངས་ཏེ། ཧེ་རུ་ཀའི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པ་ལྔ་ཡང་ཧེ་རུ་ཀ་ཡི་གཟུགས་ཀྱི་དང་། དྲི་ཆུ་ལ་སོགས་བདུད་རྩི་ལྔས་དབང་བསྐུར་བར་བཤད་ཀྱང་། འདིར་ནི་དབང་ལྷ་ཞི་བའི་ཚུལ་རིགས་ལྔའི་དཀྱིལ་འཁོར་རམ། སངས་རྒྱས་པདྨ་རབ་རྒྱས་ཀྱི་དཀྱིལ་འཁོར་གྱི་རྣམ་པས་སངས་རྒྱས་ལྔའི་རང་བཞིན་བདུད་རྩིའི་ཁ་དོག་ལྔས་དབང་བསྐུར་ཏེ། འདི་རྒྱ་གཞུང་ལས་ལྷ་མོ་བཞིས་དབང་བསྐུར་བར་གསུངས་ལ། རྗེ་དེ་བཞིན་གཤེགས་པས་ནི་རིགས་ལྔས་དབང་བསྐུར་བར་གསུངས་ལ། རང་བྱུང་བའི་ལྷ་ལྔ་ནས་མཁའ་འགྲོ་མའི་ཚོགས་ཀྱིས་དབང་བསྐུར་བར་གསུངས་ཏེ། རང་བྱུང་བའི་ལྷ་དགུ་དང་དྲུག་པའི་གཞུང་འདི་གཉིས་ཚིག་མཐུན་ཏེ། དཀྱིལ་འཁོར་ཡོངས་རྫོགས་ནམ་མཁའ་ལ་བཞུགས་ནས་དབང་བསྐུར་བའི་དགོངས་པ་མཛད། ཐུགས་ཀ་ནས་སྤྲུལ་པའི་རིགས་ཀྱི་ལྷ་མོ་ལྔ་མཁའ་འགྲོ་བཞི་རྣམས་ཚངས་མ་ཚང་མ་ཚན་པ་ལྷ་གྲངས་བྱོན་ནས། ཚིགས་བཅད་རྡོ་རྗེའི་གླུ་བརྗོད་ཅིང་སྤྱི་བོར་ནས་དབང་བསྐུར། དེའི་ཚེ་རྟ་མགྲིན་གྱི་ཚོགས་ཀྱིས་བགེགས་བསྐྲད། སེམས་དཔའ་སེམས་མ་རྣམས་ཀྱིས་བཀྲ་ཤིས་བརྗོད་པ་དང་། མཁའ་འགྲོ་


CMR024_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་གསུངས་པ་རྣམས་ཀྱིས་རོལ་མོ་དང་མེ་ཏོག་གིས་ཆར་འབེབས་པ། སྤོས་ཀྱི་བདུག་པ་འབུལ་བཞིན་དབང་བསྐུར་བས། བདུད་རྩི་བྱང་སེམས་ཀྱི་རྒྱུན་གྱི་སྨིན་མཚམས་ཡན་གང་བུམ་དབང་དང་སློབ་དཔོན་གྱིས་དབང་ཐོབ། ལུས་སྒྲིབ་དག །བསྐྱེད་རིམ་བསྒོམ་པར་དབང་། དེའི་མཐར་ཐུག་སྐུའི་རྒྱན་དབུ་བརྒྱན་མི་བསྐྱོད་པ། རྣ་ཆ་འོད་དཔག་མེད། མགུལ་རྒྱན་རིན་ཆེན་འབྱུང་ལྡན། གདུབ་བུ་རྣམ་པར་སྣང་མཛད། སྐུ་རེགས་དོན་ཡོད་གྲུབ་པ། ཡན་ལག་གིས་མཆོད་ཕྱིར་ཐོགས། རྡོ་རྗེ་འཆང་ཆེན་པོ་ཡིན་ནོ་སྙམ་དུ་དྲན་པར་བྱའོ། །ཡང་བདུད་རྩིའི་རྒྱུན་མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །བདག་བྱིན་གྱིས་རླབས་པའི་རིམ་པ་བསྒོམ་པར་དབང་། དེའི་མཐར་ཐུག་འཁོར་ལོ་བཞིས་རྒྱས་བཏབ་སྟེ། ལྟེ་བ་སྤྲུལ་པའི་རྩ་འཁོར་དབུས་སུ་ཨོཾ་ལས་ཀྱི་ཕྱག་རྒྱ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་སུ་ཧཱུཾ་ཆོས་ཀྱི་ཕྱག་རྒྱ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས་སུ་ཨོཾ་དམར་པོ་ཕྱག་རྒྱ་ཆེན་པོ་སྟེ། སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་སུ་ཧཱུྃ་དམ་ཚིག་གི་ཕྱག་རྒྱུར་མོས་པར་བྱ། ཡང་བདུད་རྩིའི་ཆུ་རྒྱུན་གྱིས་སྙིང་ཁ་ཡན་ཆད་གང་བས་ཤེས་རབ་


CMR024_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག །ལམ་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་བསྒོམ་པར་དབང་། སྐུ་གསུང་ཐུགས་ཡི་གེ་གསུམ་གྱིས་མཚན་པ་དང་། སྐྱེ་མཆེད་རྣམས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་བོ་དྲན་པར་བྱ་སྟེ། པདྨ་ཟབ་པའི་རྒྱུད་ཆེན་པོ་ལས། གཟུགས་མིག་སྒྲ་སྙན་དྲི་སྣའོ། །རོ་ལྕེ་རེག་བྱ་ལུས་ལ་བསྒོམ། །ཞེས་གསུང་དེ་ནས་བདུད་རྩིའི་རྒྱུན་གྱི་གསང་གནས་རྐང་མཐིལ་ཡན་གང་། བདེ་བ་ཆེན་པོ་བཞི་པའི་དབང་ཐོབ། སྒོ་གསུམ་གྱི་དྲི་མ་དག །དབང་རྫོགས་པས་ལམ་རྫོགས་ཏེ་སྐབས་འདིར་དབང་བཞི་ཆུ་རྒྱུན་གཅིག་ལས་ལེན་པའི་ལུགས་ནི། གྲུབ་ཆེན་མཚོ་སྐྱེས་རྡོ་རྗེས། རིམ་པ་ཅི་ལྟ་བར་རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་། རྣམ་པར་རྙེད་པ་དང་། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་བཞི་པོ་རྣམས། ཐོབ་པ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་རྣམ་པ་བཞི་པོ་རྣམས་མངོན་པར་མཚོན་པ་དང་། རྒོད་པ་དང་ལྟ་བ་དང་ལག་བཅང་དང་འཁྱུད་པ་དང་གཉིས་གཉིས་བཞི་པོ་རྣམ་པར་དག་པ་ནི། སློབ་དཔོན་དང་གསང་བ་དང་། ཤེས་རབ་


CMR024_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པ། དབང་བཞི་པོ་བླང་བར་བྱའོ། །དབང་བསྐུར་ནས་རང་གི་རིགས་ཀྱི་བདག་པོས་སྤྱི་བོར་མཚོན་ནོ། །ཞེས་གསུངས་ཤིང་། སློབ་དཔོན་བདེ་བའི་རྡོ་རྗེས་ཀྱང་འདི་འདྲ་བར་གསུངས་སོ། །དེ་ནས་རིགས་བདག་ནི་ཛ་ལན་དྷ་རའི་རྒྱ་གཞུང་ལས། ཆུའི་ལྷག་མ་ཡར་ལུད་པ་ལས་ལྷ་ཐམས་ཅད་ཀྱི་དབུ་ལ་སངས་རྒྱས་པདྨ་རྣམ་རྒྱལ་གྱིས་དབུ་བརྒྱན་པར་བསམ་མོ། །ཞེས་གསུངས་པ་དང་མཐུན་པར་ལྷ་ལྔ་ལ་ལྷ་ཚོགས་ཐམས་ཅད་ཀྱི་དབུ་སྣང་བ་མཐའ་ཡས་ཀྱིས་བརྒྱན་པར་གསུངས་ལ། ཨོ་རྒྱན་རིན་པོ་ཆེ་དང་རང་བྱུང་བའི་ལྷ་ལྔ་གཉིས་ཀར་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གསུངས་ལ། དེ་བཞིན་དུ་རྗེ་ལྔ་པའི་ལྷ་དགུ་ལ་ཡང་སྣང་བ་མཐའ་ཡས་ཁོ་ནས་བརྒྱན་པར་གསུངས་ལ་། རང་བྱུང་བའི་ལྷ་དགུ་ནི་གཞུང་འདི་དང་འདྲ་བར་ནུབ་ཀྱི་ཡབ་ཡུམ་ལ་རྣམ་སྣང་གིས་དབུ་བརྒྱན་པར་གསུངས་པའི་གཙོ་བོ་པདྨའི་རིགས་ཡིན་པའི་དབང་དུ་མཛད་ལ་གཞུང་འདི་ནི་པདྨའི་རིགས་ཉིད་ལ་ཡང་རིགས་ལྔར་ཕྱེ་བའི་དབང་དུ་ཡིན་ནོ། །དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་གསལ་བ་ལས། རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱའི་


CMR024_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། །གཞན་དུ་བསྐལ་པ་བྱེ་བར་ནི། །གྲངས་མེད་པར་ཡང་འགྲུབ་མི་འགྱུར། །ཞེས་གསུངས་པས། རྒྱུ་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་ལས་འབྲས་བུ་རིགས་ལྔས་རྒྱས་གདབ་པ་དང་། འབྲས་བུ་གཟུགས་སྐུ་ཐུགས་རྗེ་ཆེན་པོ་ལ་དེའི་རྒྱུ་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་རྒྱས་གདབ་སྟེ། པདྨ་ཟབ་པའི་རྒྱུད་ལས། རང་ཉིད་སྤྱན་རས་གཟིགས་སུ་བསྒོམ། །དབུ་རྒྱན་ཉིད་ལ་ང་སྒོམས་ཤིག །ཅེས་གསུངས་སོ། །སློབ་དཔོན་ཉིན་འབྱུང་གི་དབང་བསྐུར་བའི་ཆུ་ལས་འཁྲུངས་པའི་མི་བསྐྱོད་པ། ཞེས་གསུངས་པ་ལྟར་ཆུ་ལྷག་ལ་གཞུང་ནས་གསུངས་པ་ལྟར་རིགས་བདག་བསྒོམ་སྟེ། ཨ་བྱུས་རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ནི་རང་འོད་ཀྱི་ཡུམ་དང་བཅས་པའོ། །ཞེས་བླ་མེད་སྤྱི་ལ་གསུངས་པ་ལྟར་ཡང་རུང་མོད་ཀྱིས། པདྨ་ཟབ་པའི་རྒྱུད་ལས། དེའི་རྒྱུད་དོན་རྒྱལ་བ་རྒྱ་མཚོ་འདི་ནི་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྣམ་གྲངས་སུ་རྟོག་པ་ཡིན་ཞེས་རྗེ་མི་བསྐྱོད་ཞབས་ཀྱིས་རྒྱ་ཆེར་གསུངས་ཞེས་བླ་མ་དམ་པ་ལུང་རིགས་ཉི་མའི་གསུངས་ལས་བདག་གིས་ཐོས་ཤིང་དེ་དང་མཚུངས་པར་ཨོ་རྒྱན་རིན་པོ་ཆེས་མཛད་པའི་རྒྱལ་བ་རྒྱ་མཚོ་ལྷ་ལྔ་སྒྲུབ་ཐབས་སངས་རྒྱས་


CMR024_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་པའི་གཏེར་མ་ལས། ཐབས་ཤེས་གཉིས་སུ་མེད་པ་པདྨ་ཟབ་པ་དང་། པདྨ་རྒྱལ་པོའི་རྒྱུད་ལ་བརྟེན་ནས་མཛད་ཅེས་གསུངས་པ་འདི་ནི་གཉིས་མེད་རྒྱུད་དུ་ངེས་པས། རྒྱས་འདེབས་པ་ནི་དེ་བཞིན་གཤེགས་པ་ལྔ་པོ་སྤྲུལ་སྐུའི་རྣམ་པ་ཅན་གྱི་དབུ་བརྒྱན་པར་དུས་འཁོར་ནས་བཤད་པས། འདིར་ཡང་སྤྲུལ་སྐུ་བསྒོམ་མོ། །སྙིང་རྗེ་ཆེན་པོས་མི་བཤོལ་བའི་གཟུངས་ལས་་་་་་འདིར་སྲུང་འཁོར་སྔོན་དང་ཡན་ལག་བདུན་པ་རྗེས་སུ་གསུངས་པ་ཡང་དཔལ་དུས་ཀྱི་འཁོར་ལོའི་དགོངས་པ་ཡིན། མཆན། དེ་ནས་ཡང་བདག་གི་སློབ་དཔོན་འདི་ལྟ་སྟེ། དེ་བཞིན་གཤེགས་པ་འོད་ཚེདཔག་མེད་རྟག་ཏུ་དྲན་པར་བྱའོ། །ཞེས་གསུངས་པས་གཙོ་བོ་འོད་དཔག་མེད་ཀྱིས་དབུ་བརྒྱན་ནོ། །མཚམས་མ་བཞི་ལ་དབུ་རྒྱན་མ་གསུངས་པ་ནི། རྡོ་རྗེ་མཁའ་འགྲོ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། རིན་ཆེན་མཁའ་འགྲོ་ལ་རིན་ཆེན་འོད་འབར་བ། པདྨ་མཁའ་འགྲོ་ལ་པདྨ་འདབ་བརྒྱད། ལས་ཀྱི་མཁའ་འགྲོ་ལ་སྣ་ཚོགས་རྡོ་རྗེས་དབུ་བརྒྱན་ནོ། །སོ་སོའི་རིགས་བདག་མ་འཆོལ་བ་གལ་ཆེའོ་འཆོལ་ན་འབྲས་བུ་མི་འགྲུབ་པར་བཤད་དོ། །དེ་ལྟར་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གོ་འཕང་ལ་འགོད་པ་ཡིན་ནོ། །རང་བྱུང་བའི་ལྷ་


CMR024_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དགུའི་དབང་གི་རྗེས་སུ་དབུ་བརྒྱན་པའོ། །དེས་སེམས་ཅད་ཐམས་ཅད་མཆོག་གི་ཡོན་ཏན་ཐོབ་པར་བསམ་མོ། །ཞེས་གསུངས་སོ། །དབང་བསྐུར་བའི་སྔགས་དེའི་དོན་ནི། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་དབང་བསྐུར་བའི་དམ་ཚིག་པ་ལ། ཞེས་སོ། །ཡང་རིགས་བདག་རྣམས་ལོངས་སྐུ་བསྒོམས་པ་དེ་དག་གི་སྤྱི་བོར་ཕྱག་མཚན་གྱི་རྒྱས་འདེབས་པར་བཤད་དོ། །ཡང་རིགས་ལྔའི་སྤྱན་རས་གཟིགས་རྒྱལ་བ་རིགས་ལྔའི་ཅོད་པན་ཅན་དུ་བསྒོམས་པ་ཡང་པདྨ་ཅོད་པན་གྱི་རྒྱུད་ལས། བཅོམ་ལྡན་འདས་འཛུམ་པ་མཛད་དེ་ཅོད་པན་གཉིས་ནས་འོད་ཟེར་རབ་ཏུ་འཕྲོ་བ་དང་། བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པ་ལས་བྱུང་བའི་པདྨའི་སྟེང་དུ་རིགས་ལྔ་བྱུང་བ་ནི་འདི་ལྟ་སྟེ། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། །མི་བསྐྱོད་པའོ། །ཞེས་དང་། དེ་དག་ནི་ཅོད་པན་ལས་བྱུང་བའོ། །ཞེས་གསུངས་པའོ། །དེ་ནས་ལྷའི་སྐུ་དེ་ཡང་རྣམ་པ་གསལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བྷེ་སྟེ། དེ་ཡང་དབུ་སྐྲ་བུང་བ་ལྟར་གནག་པ་དང་། མཛོད་སྤུ་དཀར་


CMR024_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདོམ་གང་གཡས་སུ་དུང་ལྟར་འཁྱིལ་བ་ལ་སོགས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་རིམ་པར་སེམས་བཟུང་ན། དེ་རེ་རེ་ལ་ཡང་ཕན་ཡོན་ཡོད་ཚུལ་རྒྱ་ཆེར་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་གསུངས་ཏེ་སོ་སོར་བཏགས་འགོག་ཅེས་བྱའོ། །པདྨ་དང་ཉི་མ་ལ་སེམས་བཟུང་བས། །འཕྲོ་རྒོད་ཞི་ཞིང་སྡོད་ཚུགས་པ་དང་ཚེ་རིང་། མཛོད་སྤུ་ལ་སེམས་བཟུང་བས་བྱིང་བ་སོགས་གེགས་སེལ་བར་འགྱུར། རྒྱན་རྫོགས་པས་ལོངས་སྤྱོད་འདུ་བ་སོགས་རྟེན་འབྲེལ་གྱི་ཆེ་བ་དུ་མ་ཡོད་པར་གསུངས་ཤིང་། པདྨ་ཟབ་པའི་རྒྱུད་ལས། དམིགས་པ་གསལ་པོའི་ལྷ་དང་མི་འབྲལ་བར་མྱུར་དུ་འགྲོགས་པར་ཡིན། ཞེས་གསུངས་པའི་དོན་འཕགས་པ་སྙིང་རྗེ་ཆེན་པོ་རང་བཞིན་གྱི་གཟུངས་ལས། སུས་སེམས་ཅན་ཐམས་ཅད་ཀྱི་བསྟི་སྟང་བྱ་བ་དང། དྲོངས་བར་འདོད་པ་དེས་ཐལ་མོ་སྦྱར་བའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །ཞེས་གསུངས་ཤིང་ཐལ་མོའི་བར་དུ་ནོར་བུ་ལ་སེམས་བཟུང་བར་བྱ་སྟེ་གཟུངས་དེ་ཉིད་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སུ་ནོར་


CMR024_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲུ་དང་རིན་པོ་ཆེ་དང་ཡོ་བྱད་འདོད་པ་དེས་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །ཞེས་གསུངས་ལ་ཕྱག་གཡས་འོག་མས་ལྷ་དགུ་དུས་རྡོ་རྗེ་དང་། ལྷ་ལྔ་དུས་ཕྲེང་བ་ཡིན་ཏེ། གཟུངས་དེ་ཉིད་ལས། སུ་འདོད་པའི་དབང་ཕྱུག་བདུད་འདུལ་བར་འདོད་པ་དེས་རྡོ་རྗེ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཕྱོགས་བཅུའི་སངས་རྒྱས་མངོན་སུམ་དུ་མཐོང་བར་འདོད་པ་དེས་པདྨ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ལྷའི་གནས་སུ་སྐྱེ་བར་འདོད་པ་དེས་མེ་མདོག་ལྟ་བུའི་པདྨ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །ཞེས་གསུངས་པས་ཕྱག་མཚན་དེ་དག་ལ་སོ་སོར་སེམས་བཟུང་བར་ཞི་གནས་བཟང་པོ་སྐྱེ་བ་སོགས་ཕན་ཡོན་སོ་སོར་འབྱུང་ངོ་། །དེ་ནས་རྣམ་དག་དྲན་པ་ནི། པདྨ་ཟབ་པའི་རྒྱུད་ལས། ས་བཅུའི་ལྷ་ཡི་སྐུར་བསྒོམས་པས། །རབ་ཏུ་དགའ་བ་དང་པོ་ཡིན། །སྐུ་ལ་དྲི་མ་གཏན་མེད་པས། །གཉིས་པ་དྲི་མ་མེད་པ་ཡིན། །ལྷ་ཡི་སྐུ་ལས་འོད་འཕྲོས་པས། །གསུམ་པ་འོད་བྱེད་པ་འདི་ཡིན། །འོད་ཀྱིས་སེམས་ཅན་གོ་འབྱེད་པས། །བཞི་པ་ས་ནི་འོད་འཕྲོ་བའོ། །


CMR024_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་རྩེ་གཅིག་སྦྱང་དཀའ་བས། །ཤེས་རབ་ཕྱེད་པས་མངོན་དུ་འགྱུར། །སེམས་ཅན་དོན་དུ་ལྷ་བསྒོམས་པས། །བདུན་པ་རིང་དུ་སོང་བ་ཡིན། །ཐེ་ཚོམ་ཡིད་གཉིས་མི་སྐྱེད་པས། །བརྒྱད་པ་མི་གཡོ་བ་ཡི་ས། །སེམས་ཅན་ཐམས་ཅད་སྨིན་པ་དང་། །རང་ལ་དྲི་མའི་རྟོག་པ་མེད། །དགུ་པ་ལེགས་པའི་བློ་གྲོས་སོ། །ཐུགས་རྗེའི་སྤྲིན་གྱིས་འགྲོ་བ་ཁྱབ་། །བཅུ་པ་ཆོས་ཀྱི་སྤྲིན་འདི་ཡིན། །ཞེས་དང་། པདྨ་རྒྱལ་པོའི་རྒྱུད་ལས། རྣམ་དག་རྒྱ་ཆེན་ཀུན་ལ་ཤེས། །ཞེས་གསུངས་པས་ལྷའི་སྐུ་སྒོམ་པ་དེ་ས་བཅུའི་ངོ་བོ་ཡིན་པར་དྲན་པ་ནི་རྣམ་དག་དྲན་པའོ། །ང་རྒྱལ་བརྟན་པ་ནི། པདྨ་རྒྱལ་པོའི་རྒྱུད་ལས། རང་ལུས་ལྷ་རུ་གསལ་བ་དང་། །ང་རྒྱལ་ཕྲ་བ་ཙམ་ཞིག་བསྒོམ། །།ཞེས་དང་། ཟིལ་གྱིས་གནོན་པ་ནི། ང་རྒྱལ་ཆེན་པོ་བཞི་ལ་གནས་པར་བྱའོ། །ཞེས་གསུངས་ཏེ། རང་ཉིད་ལྷའི་སྐུར་ངེས་ཤེས་དང་ང་རྒྱལ་བསྐྱེད་པར་བྱའོ། །རྣམ་པ་གསལ་བ་དང་། རྣམ་དག་དྲན་པ་དང་། ང་རྒྱལ་བརྟན་པ་གསུམ་དགོས་མོད་ཀྱི། གལ་ནི་ང་རྒྱལ་བརྟན་པ་ཆེའོ། །སྔོན་གྱི་མཁས་གྲུབ་རྣམས་ཀྱང་ང་རྒྱལ་བརྟེན་པ་གལ་ཆེ་བར་བཞེད་ཀྱང་བསྐྱེད་རིམ་གྱི་དོན་རྩ་ཐ་


CMR024_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མལ་གྱི་སྣང་བ་འདི་བཟློག་ནས་ལྷའི་སྣང་བ་བསྐྱེད་པའི་ཆེད་ཡིན་པས་ང་རྒྱལ་མ་བརྟན་ནི་ཐ་མལ་གྱི་སྣང་བ་ཟློག་མི་ནུས་ལ། ནུས་མཐུ་ཡང་ང་རྒྱལ་བརྟན་པ་ཁོ་ན་ལས་འབྱུང་བ་མང་དུ་མཐོང་བས་སོ། །དེ་ལྟར་ལྷའི་སྐུ་བསྒོམ་དགོས་པའི་དགོས་ཆེད་ཕན་ཡོན་ནི་གཉིས་ཏེ་སྤྱི་དང་བྱེ་བྲག་གོ །དང་པོ་ལ་སྤྱིར་ཡི་དམ་གྱི་ལྷ་སྒོམ་པའི་ཕན་ཡོན་ནི། རྡོ་རྗེ་གུར་གྱི་རྒྱུད་ཆེན་པོ་ལས། སངས་རྒྱས་ཐམས་ཅད་བསྒོམས་བྱས་གང་། །ངེས་པར་བྱང་ཆུབ་མ་ཐོབ་ཀྱང་། །དེ་ཡི་འཁོར་ལོས་སྒྱུར་བའི་གནས། །དེར་ནི་སྐྱེ་ཞིང་སྐྱེ་བར་འགྱུར། །ཡང་ན་ས་ཡི་བདག་པོར་འགྱུར། །དག་པའི་གནས་སུ་མངོན་པར་འགྲོ། །བློ་ལྡན་དགའ་ལྡན་གནས་སུ་སྐྱེ། །ནམ་མཁའ་གྲོང་ཁྱེར་བདེ་བ་དག །ཚེ་འདི་ཉིད་ལ་འགྲུབ་པ་གང་། །དེ་ལ་སངས་རྒྱས་སྨོས་ཅི་དགོས། །ཁམས་གསུམ་ནང་ནས་ཆེ་བ་སྟེ། །ཤི་དང་དགའ་བའི་ཁྱད་པར་མེད། །བརྒྱ་བྱིན་ཚངས་པ་དེ་བཞིན་གྲགས། །ཁྱབ་འཇུག་དང་ནི་མེ་དང་རླུང་། །འདོད་པའི་ལྷ་དང་ཐོད་པ་འཛིན། །འདི་དག་དེ་ཡི་བྲན་དུ་འགྱུར། །ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མིན་མི། །མིའམ་ཅི་དང་མཁའ་ལ་


CMR024_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད། །དེ་ཀུན་འཁོར་དུ་ཐེ་ཚོམ་མེད། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་རབ་སྐོར་བྱེད། །འཁྲུངས་པ་དང་ནི་བྱང་ཆུབ་དང་། །དེ་བཞིན་ལྷ་ཡུལ་གཤེགས་པར་མཛད། །ཁབ་ནས་བྱུང་བའང་མཛད་པ་དང་། །དཀའ་ཐུབ་རྣམ་པར་འཛིན་པ་གང་། །སྐྱེ་བ་ཡོངས་སུ་བཟུང་བ་དང་། །མྱ་ངན་འདས་པའང་སྟོན་པར་མཛད། །འཇིག་རྟེན་འདུལ་བ་རབ་རྙེད་ནས། །དེ་ནི་དུ་མའི་གཟུགས་སུ་བྱེད། །སེམས་ཅན་དྲངས་ཕྱིར་སངས་རྒྱས་ནི། །སངས་རྒྱས་གར་གྱིས་གར་མཛད་དེ། །རི་བོང་ལྟ་བུའི་སེང་གེ་དང་། །གླང་པོ་ཆེ་རྣམས་རིགས་ལའང་། །སྙིང་རྗེས་ཕན་པའི་སེམས་ཀྱིས་སུ། །ཕྱག་རྒྱའི་དངོས་གྲུབ་སྐྱེ་བ་ལེན། །བུད་མེད་སྒྱུ་མ་སྤྲོས་པ་ཡིས། །འདོད་ཆགས་ཅན་ལ་ཆོས་རབ་འཆད། །བུད་མེད་སྒྱུ་མ་སངས་རྒྱས་ཉིད། །ཅེས་སོགས་གསུངས་ཏེ། སྤྱིར་བསྐྱེད་རིམ་གྱི་ཐུན་མོང་གི་དངོས་གྲུབ་ཞི་སོགས་ལས་བཞི་དང་། གྲུབ་ཆེན་བརྒྱད་འགྲུབ་ཅིང་། མཆོག་བསྒྲུབ་པ་ལ་རྫོགས་རིམ་དགོས་པར་བཤད་པ་དང་། དེ་དང་མཚུངས་པར་དུས་འཁོར་ལས། སྦྱིན་སོགས་ཕྱིན་དྲུག་བསོད་ནམས་དང་། །རྫོགས་རིམ་ཡེ་ཤེས་ཚོགས་ཡིན་


CMR024_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བསྐྱེད་རིམ་ནི་ཞི་སོགས་ཕྲིན་ལས་སྒྲུབ་པ་ཁོ་ན་ཙམ་ཡིན་པར་བཞེད་པ་དང་། བསྐྱེད་རིམ་ཁོ་ནས་ཀྱང་ས་བརྒྱད་པ་ཐོབ་ནུས་པར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཞེད་པ་དང་། གཙོ་ཆེར་བསྐྱེད་རིམ་ལ་བརྟེན་ནས་གྲུབ་པ་བརྙེས་པ་སློབ་དཔོན་པདྨ་ཡིན་ཟེར་བ་སོགས་བཞེད་ལུགས་མང་ན་ཡང་། གུར་གྱི་ལུགས་དེས་ལྷ་བསྒོམས་པས་རབ་ཚེ་གཅིག་ལ་སངས་རྒྱས། འབྲིང་ཚེ་འདིར་མཁའ་སྤྱོད་འགྲུབ། ཐ་མལ་ཚེ་འདིར་ཞི་སོགས་ལས་བཞི་འགྲུབ་ཅིང་འཁོར་ལོས་སྒྱུར་རྒྱལ་སོགས་སུ་སྐྱེ་བ་བརྒྱུད་ནས་སངས་རྒྱས་པར་བསྟན་ཏོ། ཁྱད་པར་དུ་ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་བསྒོམ་པའི་ཕན་ཡོན་ནི། པདྨ་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །དྲན་པ་ཙམ་གྱིས་འཁོར་བ་ཡིས། །རྟོག་པ་ཐམས་ཅད་འགག་པར་འགྱུར། །མྱ་ངན་འདས་པ་ཐམས་ཅད་ཀྱི། །སྙིང་པོ་མ་ལུས་ལེགས་པར་འགྱུར། །པདྨས་ཉོན་མོངས་བདུད་བཅོམ་མོ། །ཟླ་བས་


CMR024_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་བུ་ཡི་བདུད། །ཉི་མས་འཆི་བདག་བདུད་བཅོམ་མོ། །སྐུ་ཡིས་ཕུང་པོའི་བདུད་བཅོམ་མོ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་གཉིས། །སྐུ་མདོག་དཀར་པོས་འགགས་པ་ཡིན། །བསོད་ནམས་དང་ནི་ཡེ་ཤེས་ཉིད། །རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན། །ཕ་རོལ་ཕྱིན་བཅུའི་ཕན་ཡོན་ནི། །ཞལ་ནི་འཛུམ་པ་གཅིག་པུར་འདུས། །ཆོས་ཀྱི་རྣམ་གྲངས་སོ་བདུན་པོ། །སྐུ་ཡི་རྣམ་པ་གསལ་བས་ཚང་། །པདྨས་རང་གི་རིགས་མཚོན་ནོ། །རྒྱལ་པོས་ནང་ན་རྒྱུད་གཞན་མེད། །སངས་རྒྱས་ཀུན་གྱི་སྙིང་པོ་ནི། །མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ། །མཚན་ཙམ་ཐོས་པས་སྡུག་བསྔལ་འགག །དྲན་དང་མོས་པས་བདེ་བ་དྲན། །ཞེས་གསུངས་ཏེ། བསྐྱེད་རིམ་ལྷའི་སྐུ་སྣང་སྟོང་ཐུགས་རྗེ་ཆེན་པོར་གསལ་བས་བཞི་འདུལ་བ་དང་། ཚོགས་གཉིས་བསགས་པ་དང་། ཕར་ཕྱིན་བཅུ་སྤྱོད་པ་དང་། བྱང་ཆོས་སོ་བདུན་དེ་ལ་ཚང་བར་གསུངས་པ་ཡིན་ལ། པདྨས་རང་གི་རིགས་མཚོན་ཞེས་པའི་ཚིག་ཟུར་གྱིས། པདྨའི་རིགས་ཡིན་པས་པདྨའི་རིགས་ཁ་དོག་པདྨ་རཱ་ག་ཡིན་ཕྱིར་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཡིན་པར་བསྟན་ཞེས། ལྷོ་པ་ཀུན་མཁྱེན་ལུང་རིགས་ཉི་མའི་ཞལ་


CMR024_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས་པའང་ཐོས་སོ། །གཞན་ཡང་སྐུ་བྷོ་དགོས་པའི་ཕན་ཡོན་ནི། པདྨ་རྒྱལ་པོའི་རྒྱུད་དེ་ཉིད་ལས། བྷོ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྒྲིབ་པ་དག་པར་འགྱུར། །ཞེས་གསུངས་པས། སྒྲིབ་སྦྱང་གི་མཆོག་ཡིན་ལ། དེ་ལྟར་དམིགས་པ་གསལ་པོར་བསྒོམ་ན་མྱུར་དུ་ཐུགས་རྗེ་ཆེན་པོ་དང་མི་འབྲལ་བར་འགྲུབ་པས་སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་པའི་རྒྱུར་འགྱུར་ཏེ། པདྨ་ཟབ་པའི་རྒྱུད་ཆེན་པོ་ལས། དམིགས་པ་གསལ་པོས་ལྷ་དང་ནི། །མི་འབྲལ་མྱུར་དུ་འགྲོགས་པར་འགྱུར། །ཞེས་དང་། རང་ལུས་ལྷའི་རྣམ་པར་གསལ། ཞེས་གསུངས་སོ། །གཞན་ཡང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི་ཡིད་ལ་བསྒོམས་པ་ནི། ཕྱོགས་བཅུའི་སངས་རྒྱས་ཀྱི་སྲས་དམ་པར་དགོངས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཉེན་བཤེས་སུ་དགོངས་པ་དང་། ལྷ་མོ་ཐམས་ཅད་ཀྱི་ཡབ་ཏུ་དགོངས་ཏེ། སོ་སོའི་བྱིན་གྱིས་རླབས་པར་འགྱུར་ལ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་རྗེ་དཔོན་དུ་མཐོང་ནས་ཕྲིན་ལས་བསྒྲུབ་པ་དང་། བསོད་ནམས་ཟད་པ་མེད་པ་འཕེལ་བ་དང་། ཚུལ་ཁྲིམས་མི་ཉམས་པ་དང་། ལྷ་རྣམས་ཀྱིས་དེའི་ལུས་ལ་


CMR024_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་སྐྱེད་པར་བྱེད་ལ། ཚེ་འདིར་ནད་གདོན་བྱད་ཁ་ཐམས་ཅད་ཀྱིས་མི་ཚུགས་ཤིང་། ཚེ་ཚད་དཔག་མེད་ཐུབ་ཅིང་དུས་ལ་བབ་ཚེ་ཡང་། དྲན་པ་མི་ཉམས་བཞིན་དུ་གནས་ནས་གནས་སུ་བགྲོད་པ་ལྟར་བསམ་བཞིན་དུ་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ་ཆོས་ཉན། བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་ས་ལམ་བགྲོད་ནས་འཚང་རྒྱ་སྟེ། དེ་མ་ཐག་སྤྲུལ་པས་སེམས་ཅན་གྱི་དོན་འབད་མེད་དུ་འབྱུང་ཚུལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲྭ་བ་ཅན་ཞེས་བྱ་བ་ལས་འདི་སྐད་གསུངས་སོ། །འཇིག་རྟེན་མགོན་པོ་སྤྱན་རས་གཟིགས། །དཀྱིལ་འཁོར་ཆེན་པོའི་ཚོགས་འདི་རྣམས། །གང་གི་ཡིད་ལ་བྱེད་པའམ། །ཡང་ན་ཇི་ཙམ་དྲན་ཡང་རུང་། །སྐལ་ལྡན་རིགས་ཀྱི་བུ་འདི་ནི། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྲས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཤེས། །རིག་པའི་ལྷ་མོ་རྣམས་ཀྱི་ཡབ། །བྱིསྦ་རྣམས་ཀྱི་གཉེན་ཡིན་ནོ། །བདག་ཅག་རྣམས་ནི་དེ་ཡི་འབངས། །སྐྱེས་བུ་ཁྱུ་མཆོག་ཆེན་པོ་སྟེ། །བསོད་ནམས་ཀྱི་ནི་གཏེར་ལྡན་ཞིང་། །དེ་ཡི་ཚུལ་ཁྲིམས་རལ་བ་མེད། །མི་དེ་སྐྱེ་བ་དོན་ཡོད་དེ། །ལྷ་རྣམས་དགའ་ནས་སྤུ་


CMR024_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གསེབ་ཏུ། །ཡེ་ཤེས་འོད་ཟེར་བདུད་རྩི་འཛུད། །འཇིག་རྟེན་འདི་ཡི་ནད་རིགས་དང་། །གདོན་རིགས་ཇི་སྙེད་ཡོད་པ་རྣམས། །རིག་སྔགས་བྱད་སྟེམས་མ་ལུས་པ། །དེ་ལ་ཚུགས་པར་མི་འགྱུར་རོ། །ཆོ་ག་བཞིན་དུ་བསྐྱེད་པ་ཡིས། །ཚངས་པའི་ཚེ་ཚད་གནས་ནས་ཀྱང་། །ཤི་བ་སེམས་བརྒྱལ་མེད་པར་ནི། །གནས་འཕོའི་ཚུལ་གྱིས་མཐོ་རིས་འཇུག །རྒྱལ་བའི་ཞིང་དུ་གཤེགས་ནས་ཀྱང་། །རྒྱལ་བ་རྣམས་ལ་ཆོས་ཉན་ཞིང་། །རྒྱལ་སྲས་རྣམས་དང་སྟབས་ཅིག་ཏུ། །སྟོབས་དང་མི་འཇིགས་པ་བརྙེས་ཏེ། །མཚན་དང་དཔེ་བྱད་ལྡན་གྱུར་ནས། །སྐད་ཅིག་གློག་འགྱུ་ཇི་བཞིན་ཏུ། །འགྲོ་བ་མ་ལུས་དག་བྱེད་ཅིང་། །ཞིང་རྣམས་མ་ལུས་དག་པར་བྱེད། །ཅེས་གསུངས་སོ། །བདུན་པ་བཟླས་པ་ནི། གྲུབ་ཆེན་ཛ་ལནྡྷ་ར་པའི་རྒྱ་གཞུང་ཆེན་པོ་ལས། དེ་ལྟར་ལྷར་གསལ་བར་གྱུར་པ་དང་། བསྙེན་པ་བྱ་བ་ནི། གཙོ་བོའི་ཐུགས་ཀར་ཟླ་བའི་དལ་ལ་ཡི་གེ་ཧཱིདམར་པོ་ཐིག་ལེ་གཉིས་དང་བཅས་པར་བསམ། དེའི་ཐ་མར་ཡབ་ཡུམ་གྱི་སྔགས་འདིས་བསྐོར་བར་བསམས་ལ། ཞེས་དང་། དེ་བཞིན་གཤེགས་པའི་ལྷ་དགུའི་བདག་བསྐྱེད་ལས་གཙོ་བོའི་ཐུགས་


CMR024_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲུསྔགས་ཕྲེང་དང་བཅས་པ་གཞན་རྣམས་ཀྱི་ཐུགས་ཀར་ཧཱུྃཏཾཨཱཿ ཧཿརིཿནིཿསཿ ལྷ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་ནས་འོད་འཕྲོས༔ ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་སེམས་ཅན་ཐམས་ཅད་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་གྱུར། ཞེས་ཏིང་ངེ་འཛིན་ལ་སེམས་ཞུགས་ཏེ། ཡི་གེ་བཅུ་པ་ཡབ་ཀྱི་སྙིང་པོ་དང་། བྷ་ར་ཧི་ཡུམ་གྱི་སྙིང་པོ་དང་། དྷ་མ་གྷ་ཡེ་ཧ་རི་ནི་སོགས་འཁོར་དང་བཅས་པའི་སྙིང་པོ་ཅི་ནུས་བཟླ་གསུངས་སོ། །རང་བྱུང་རྡོ་རྗེའི་ལྷ་དགུའི་བཟླས་པའི་སྐབས་སུ། །བཟླས་པ་ལ་གཉིས་ཏེ། དང་པོ་སྤྲོ་བསྡུའི་ཚུལ་དུ་བཟླས་པ་ལ་བཞི་ལས། བྱིན་རླབས་བསྡུ་བའི་ཚུལ་དུ་བཟླ་བ་དང་། བདག་གཞན་གྱི་སྡིག་སྒྲིབ་སྦྱོང་བ་ལ་སོགས་ཕྲིན་ལས་བཞི་ཡི་ཚུལ་དུ་བཟླ་བ་དང་། བདེ་བ་ཆེན་པོ་དང་། འགོག་པ་དང་། དེ་དག་ཐམས་ཅད་ལས་འོད་ཟེར་སྤྲོ་བསྡུ་བྱ་ཞིང་། ཞེས་དང་། རང་བྱུང་བའི་ལྷ་ལྔ་ལས། བཟླས་པ་བྱ་བ་ནི། ཐུགས་ཀར་ཧྲིལ་སྙིང་པོ་གཡས་བསྐོར་དུ་བསྒོམས་པ་ལས་འོད་ཟེར་འཕྲོས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྒྱལ་བ་སྲས་དང་བཅས་པ་


CMR024_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུ་བའི་ཚུལ་དུ་བཟླ་བ་ནི། ཞེས་པ་ཡི་གེ་བཅུ་པ་ཤམ་བུ་དང་བཅས་པ་བཟླ་བར་བྱའོ། །གསུངས་སོ། །འདི་ལས་གཞན་ལྷ་ལྔའི་མན་ངག་ཐུན་མོང་མ་ཡིན་པའི་བཟླ་ལུགས་རྣམས་འདིར་མི་བརྗོད་ལ། ལྷ་དགུའི་ཡང་བཟླ་ལུགས་ཐུན་མོང་མ་ཡིན་པ་རྣམས་འདིར་ཡི་གེར་འཇིགས་པས་མ་བཤད་ཀྱིས། རྗེ་དྲུག་པ་དོན་ལྡན་ཞབས་ཀྱིས་གཞུང་དངོས་བསྟན་ལ་ཇི་ལྟར་བྱུང་བ་གསལ་བར་ཕྱེ་སྟེ་བརྗོད་དོ། །དེ་ལ་རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་བའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ས་བོན་གྱིས་མཚན་པའི་ཕྱག་མཚན་བྷེ་པ་རྒྱས་པ་སྟེ། རིན་ཆེན་འབར་བར། ཡབ་ཡུམ་འཁོར་བཅས་ཐུགས་ཀར་ནི། །པད་ཉིར་ས་བོན་ཕྱག་མཚན་ལས། །ཡེ་ཤེས་སེམས་དཔའ་བསྐྱེད་པར་བྱ། །ཞེས་གསུངས་སོ། །འབྲིང་པོར་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཕྱག་མཚན་གྱི་རྣམ་པ་ལ་ཏིང་འཛིན་སེམས་དཔའ་ས་བོན་ཡིག་འབྲུར་བྷེ་པས་སེམས་དཔའ་སུམ་བརྩེགས་སུ་འགྱུར་བ་གཉལ་ལོ་ཙཱ་བས་བཞེད་དོ། །བསྡུས་པ་ནི་ས་བོན་ཡི་གེ་ཡེ་ཤེས་སེམས་དཔའ་དེའི་ཐིག་ལེའམ་གི་གུ་ནི་ཏིང་འཛིན་སེམས་དཔའ་ཡིན་ཏེ། སྒྲུབ་ཐབས་


CMR024_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས་ལས། རང་གི་སྙིང་གར་གནས་པའི་ས་བོན་ལས་འོད་ཟེར་བྱུང་སྟེ་འོད་ཟེར་དེ་རྣམས་ཀྱིས་ཀྱང་ཁམས་གསུམ་ཐམས་ཅད་མངོན་པར་ཁྱབ་པར་བྱས་ནས་ཡི་གེ་དེ་ཉིད་ལ་ཞུགས་སོ། ཞེས་གསུངས་སོ། །དེ་ནས་ཡབ་རྣམས་ཀྱི་ཐུགས་ཀར་པདྨ་རྐྱང་པའམ། པད་ཟླའམ་པད་ཉིའམ་པདྨ་ཉི་ཟླ་སུམ་བརྩེགས་སྟེང་དུ། ཧྲཱི༔ཡིག་བྱི་རུའི་མདོག་འགྲེང་ཐབས་སུ་གནས་པའི་མཐར་ཡི་གེ་བཅུ་པ་མདུན་ནས་བརྩམས་ཡི་གེ་ངོ་ཕྱིར་བསྟན་ནས་གཡོན་དུ་བཀོད་དེ། མདུན་ནས་གཡས་སུ་ཧཱུཾ་ཡོད་པར་ཐམས་ཅད་བཞེངས་ཏེ་གནས་པའོ། །ཡུམ་རྣམས་ཀྱི་ཐུགས་ཀར་ཆོས་འབྱུང་རྐྱང་པར་རྩེ་ཐུར་བསྟན་ཁ་གྱེན་བསྟན། ཕྱིའི་ཁ་དོག་ཅུང་ཟད་དཀར་ལ་ནང་ཅུང་ཟད་དམར་བ་སྤྱི་མདོག་སྐུ་མདོག་དང་མཚུངས་པ་ལ་ནང་སྟོང་པའི་རང་བཞིན་གྱི་ནང་གི་དབུས་སུ་ཕྱེད་མན་ཆད་འོད་ཀྱིས་གར་ལུགས་སུ་གྱུར་པའི་སྟེང་དུ་ཧཱུྃཡིག་རང་གི་མདོག་ལ། ཨོཾ་བཛྲ་ཝཱ་རཱ་ཧཱི་སྔགས་འགྲེང་ཐབས་སུ་གཡས་སུ་བསྐོར་ཏེ་ཡིག་ངོ་ནང་ལ་བསྟན་པའོ། །མཚམས་མ་བཞིའི་ཐུགས་ཀར་པད་ཉིའི་སྟེང་དུ། རྡོ་རྗེ་མཁའ་འགྲོ་ཏཿ རིན་ཆེན་མཁའ་འགྲོ་རཿ པདྨ་མཁའ་འགྲོ་ནི༔ ལས་ཀྱི་མཁའ་འགྲོ་སཿ ཡི་གེ་རྣམས་འགྲེང་


CMR024_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་གནས་པ་ཙམ་མམ། རྒྱས་པར་སྤྲོ་ན་ཨོཾ་བཛྲ་ཌཱཀྐི་ནི་ཧཱུཾ་ཕཊ་སྭཱ་ཧཱ། དེ་བཞིན་དུ་རཏྣ་པདྨ་ཀརྨ་སོགས་ཀྱང་འགྲེང་ཐབས་གཡས་བསྐོར་དུ་བསམ་མོ། །ཁྱད་པར་རང་གི་ཐུགས་ཀར་ཧཱི༔ཡིག་གི་ནང་དུ་ཧཱུྃ་ཡིག་མཐིང་ག་ཆུང་ལ་འོད་འཕྲོས་པ་ཞིག་བསྒོམ། ཧཱུྃ་དེའི་ཐིག་ལེར་བླ་མ། ཟླ་ཚེས་ནང་དུ་ཡི་དམ། ཁོག་པའི་ནང་གི་གཡས་སུ་ཕོ་རིགས་གཡོན་དུ་མོ་རིགས་མདུན་དུ་ནོར་རྫས་རྒྱབ་ཏུ་ཞིང་ཁང་ཐམས་ཅད་ཀྱང་དངོས་པོ་མིང་གི་ཚུལ་ལམ་ས་བོན་ནི་སོགས་ཀྱི་རྣམ་པར་བསྲུང་བྱ་རྣམས་བསྒོམ་པར་བྱ་སྟེ། པདྨ་རྒྱལ་པོའི་རྒྱུད་ལས། འབྲེལ་དང་རང་དང་གཞན་དག་ཀྱང་། །ཁོང་གི་དཀྱིལ་འཁོར་གཅིག་པུར་གཅེས། །ཞེས་གསུངས་པའོ། །དེ་ནས་གཞུང་གི་དོན་བྱིན་རླབས་བསྡུ་བའི་བཟླས་པའི་དམིགས་རིམ་བསྡུ་ན། གཞུང་ལྟར་དུས་གཅིག་ལ་བསྒོམ་པ་དེ་ཡིན་ལ། རྒྱས་པར་ན་རང་གི་ཐུགས་ཀར་ཧཱུྃལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། སྐུ་བདེ་གཤེགས་རིགས་ཀྱི་སངས་རྒྱས་བྱང་སེམས་མཐའ་དག་ལ། ཕྱི་མཆོད་ཡོན། བདུག་སྤོས། མེ་ཏོག །སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོའི་མཆོད་པ་དང་། ནང་ཌཱཀི་ལྔས་ཤ་ལྔ་བདུད་


CMR024_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ལྔས་གང་བའི་ཐོད་པ་ཐོགས་ནས་མཆོད་པ་དང་། གསང་བ་འདོད་ཡོན་གྱི་ལྷ་མོ་དང་དབྱེར་མེད་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་མ་ལྔས་འདོད་ཡོན་ལྔའི་མཆོད་པ་དང་། ཤ་ཆེན་བདུག་པ། ཞུན་ཆེན་མར་མེ་སོགས་དུར་ཁྲོད་རྫས་ཀྱི་མཆོད་པ་དང་དཔའ་བོ་དྷ་ཀིའི་མཆོད་རྫས་དང་དགའ་བ་བཞི་དང་བདེ་བ་བརྒྱད། རང་བྱུང་ཡེ་ཤེས་ལ་སོགས་ཟག་མེད་ཏིང་ངེ་འཛིན་གྱི་མཆོད་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལྟ་བུར་མཆོད་པས། དེ་ཐམས་ཅད་སྐུ་བདེ་གཤེགས་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་ཤ་སྟག་ཏུ་གྱུར་ཏེ། ཆར་བབ་པ་དང་། བུ་ཡུག་འཚུབ་པ་དང་། ས་རླངས་ཐོན་པ་ལྟར་སྟེང་འོག་བར་གསུམ་ནས་ཆི་ལི་ལི་བྱོན་ནས། མཚོ་ལ་ཁ་བ་བབ་པ་ལྟར་བདག་ཉིད་ལ་ཐིམ་པས། རང་གི་ཚེ་ཐོག་མེད་ནས་གཏི་མུག་གིས་ཀུན་ནས་བསླངས་ཏེ་བསགས་པའི་ལས་སྒྲིབ་ཐམས་ཅད་དག །མ་འོངས་པ་ན་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་ཅི་ཡོད་པ་ཐམས་ཅད་བཅོམ། རང་གི་གཟུགས་ཕུང་གི་དྲི་མ་དག་ནས་ཆོས་དབྱིངས་ཡེ་ཤེས་ངོ་བོ་རྣམ་སྣང་སྤྱན་རས་གཟིགས་ཀྱི་ངོ་བོར་གནས་འགྱུར་ནས། རང་ཉིད་སྐུ་དེ་བཞིན་གཤེགས་པའི་རིགས་ཀྱི་སངས་རྒྱས་དང་བྱང་


CMR024_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཐམས་ཅད་དང་སྐུ་གསུང་ཐུགས་དབྱེར་མེད་པར་གྱུར་སྙམ་དུ་བསྒོམས་ཤིང་། སྐུ་སྣང་སྟོང་གི་ངང་ལ་བཟླས་པར་བྱའོ། །དེ་ལྟར་བརྒྱ་སྟོང་སོགས་ཅི་འགྲུབ་སྐབས་དང་སྦྱར་རོ། །དེས་རིགས་འགྲེས་ཤེས་པར་བྱས་ལ་འོད་ཟེར་མཐིང་གས་རྡོ་རྗེའི་རིགས་མཆོད། ཞེ་སྡང་གི་སྒྲིབ་པ་དང་དམྱལ་བའི་ས་བོན་སྦྱངས། རྣམ་ཤེས་ཕུང་པོ་གནས་འགྱུར་མེ་ལོང་ཡེ་ཤེས་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས་ཀྱི་ངོ་བོར་བྷོ་པ་དང་། འོད་ཟེར་སེར་པོ་དེས་ང་རྒྱལ་ལྷ་དང་མིའི་ས་བོན་སྦྱངས་ནས་ཚོར་བའི་ཕུང་པོ་གནས་སུ་འགྱུར། མཉམ་ཉིད་ཡེ་ཤེས་རིན་ཆེན་སྤྱན་རས་གཟིགས་དང་། འོད་དམར་པོས་འདོད་ཆགས་དང་ཡི་དྭགས་ས་བོན་བཅོམ། འདུ་ཤེས་གནས་སུ་འགྱུར་སོར་རྟོགས་ཡེ་ཤེས་པདྨ་སྤྱན་རས་གཟིགས་དང་། འོད་ལྗང་ཁུའི་ཕྲག་དོག་དང་ལྷ་མིན་ས་བོན་བཅོམ། འདུ་བྱེད་གནས་སུ་འགྱུར་བྱ་གྲུབ་ཡེ་ཤེས་ངོ་བོ་དོན་གྲུབ་སྤྱན་རས་གཟིགས་ཀྱི་ངོ་བོར་གྱུར་པ་བསྒོམ་པར་བྱའོ། །དེ་ཙམ་ནི་གཞུང་དངོས་བསྟན་ཡིན་ལ་ཤུགས་བསྟན་ནི་འདི་རྒྱུད་སྡེ་སྤྱི་སྒྲུབ་ཡིན་པར་གསུངས་པ། རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་གང་དང་གང་མོས་ཐམས་ཅད་འོག་མིན་དུ་


CMR024_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་སོ་སོའི་གནས་སམ། མདུན་གྱི་ནམ་མཁར་གསལ་བཏབ་པར་བྱས་ལ་རང་གི་ཐུགས་ཀའི་ཧཱུྃལས་འོད་ཟེར་སྣ་ཚོགས་འཕྲོས་པའི་རྩེ་ལ་རྒྱུད་སྡེ་སོ་སོ་དང་མཐུན་པའི་མཆོད་རྫས་དཔག་མེད་སྤྲུལ་ཏེ་མཆོད་ནས་འོད་ཟེར་དེས་ཐུགས་དམ་གྱི་རྒྱུད་བསྐུལ་བ་དང་དཀྱིལ་འཁོར་ཐམས་ཅད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་སྐད་ཅིག་ལ་གནས་འགྱུར་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་མཚོ་ལ་ཁ་བ་བབ་པ་བཞིན་རང་ཉིད་ལ་སིབ་སིབ་ཐིམ་པར་བསྒོམ་པར་བྱའོ། །ཏིང་ངེ་འཛིན་འདི་ནི་ཁྱབ་ཆེ་བ་ནོར་བུ་ལྟ་བུ་གཅིག་བསྒྲུབ་པས་ཀྱང་ཐམས་ཅད་འགྲུབ་པའི་གནད་ཟབ་བོ། །ལྷ་གཅིག་གིས་སྒོམ་བཟླས་ཀྱི་རྒྱུད་སྡེ་ཐམས་ཅད་ལ་འབྲེལ་པ་འཇོག་ཆོག་པའི་ངོ་མཚར་ཅན་ཡིན་ནོ། །དེ་ཡང་སྒྲིབ་སྦྱོང་གཙོ་བོར་བྱེད་ན་རྡོར་དབྱིངས་སྦྱོང་རྒྱུད་མི་འཁྲུགས་ཞི་ཁྲོ་སོགས་ཀྱི་དཀྱིལ་འཁོར་གཙོ་བོར་བསྒོམ་མོ། །ཚེ་འཕེལ་བ་ལ་ཚེ་དཔག་ལྷ་དགུ། ཞི་བ་ལྷ་མང་ཁྲོ་བོ། ལྷ་མང་གསང་འདུས་འོད་ཕྲེང་། ཉི་ཟླ་ཁ་སྦྱོར་མཚོ་སྐྱེས་རྡོ་རྗེ་སོགས་གསར་རྙིང་གི་ཚེའི་དཀྱིལ་འཁོར་རྣམས་གཙོ་བོར་བསྒོམ་མོ། །དེ་བཞིན་དུ་བར་ཆད་ཞི་བར་འདོད་པས་སྒྲོལ་མ་ཉེར་གཅིག་གི་དཀྱིལ་འཁོར་ཡིད་བཞིན་


CMR024_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རི་ཁྲོད་ལོ་མ་ཅན་སོགས། ནད་ལ་སྨན་ལྷ་མཆེད་བདུན་གྱི་དཀྱིལ་འཁོར། རྒྱས་པ་ལ་ཛམ་ལྷ་དང་ནོར་རྒྱུན་མའི་དཀྱིལ་འཁོར་ལྷ་མང་ངམ་རེ་རེ་བ། །དབང་ལ་རིག་བྱེད་མ། ཁྲོ་བོ་འདོད་རྒྱལ་བདེ་མཆོག་དམར་པོ་སོགས་ཀྱི་དཀྱིལ་འཁོར། དྲག་པོ་ལ་གཤེད་དམར་ནག་གདོང་དྲུག་འཇིགས་བྱེད་ཕུར་པ་བཀའ་བརྒྱད་སོགས། བྱིན་རླབས་འཇུག་པ་ལ་གྲུབ་ཐོབ་བརྒྱད། ཟུང་འཇུག་བརྒྱུད་པ། བསྟན་པ་རྒྱས་བྱེད་ཐུབ་པའི་གནས་བརྟན་བཅུ་དྲུག་གི་དཀྱིལ་འཁོར་སོགས། མདོར་ན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གང་ལ་འབྲེལ་པ་འཇོག་འདོད་པ་དེ་དང་། དེའི་དཀྱིལ་འཁོར་སྤྲོ་བསྡུ་བྱ་ཞིང་བསྟིམས་པས་འགྲུབ་པར་འགྱུར་ཏེ། པདྨ་ཟབ་པའི་རྒྱུད་ཆེན་པོ་ཉིད་ལས། བཅོམ་ལྡན་འདས་ཕྱོགས་བཅུའི་སངས་རྒྱས་དེ་ཐམས་ཅད་སྔགས་གཅིག་གིས་ཇི་ལྟར་བསྐུལ་བར་བྱ། ཞེས་ཞུས་པ་དང་། སངས་རྒྱས་པདྨའི་སྣང་བ་རབ་ཏུ་རྒྱས་པ་དེས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གསུངས་པས་འཇིག་རྟེན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ལོ་སྤྱན་རས་གཟིགས་ཀྱི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་


CMR024_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་མ་ལུས་པ་སེམས་ཅན་གྱི་དོན་དུ་བསྐུལ་ལོ། །ཡུམ་རྡོ་རྗེ་རྣལ་འབྱོར་མས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པས་མཁའ་འགྲོའི་ཚོགས་རི་རབ་ཆེན་པོའི་རྡུལ་དང་མཉམ་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ལོ། །ཞེས་དང་། ཀུན་གྱི་སྔགས་ནི་གཅིག་ཏུ་བསྡུས། །ཡང་ཡང་བསྒོམ་ཞིང་ཡང་ཡང་བཟླ། །ཞེས་དང་། གསང་བ་འདུས་པའི་རྒྱུད་ལས་ཀྱང་། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས། ཐུགས་རྗེ་ཆེན་པོར་མ་གྱུར་མེད། །ཅེས་གསུངས་སོ། །འདིའི་དོན་གྲུབ་ཐོབ་ཚེམ་བུ་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལས་ཀྱང་། ཚེ་འདི་ལ་གྲུབ་པ་ཐོབ་པ་ལ་བློ་སྟོབས་འདི་ལྟ་བུ་ཞིག་དགོས་ཏེ། བླ་མ་གཅིག་ལ་བླ་མ་ཐམས་ཅད་འདུས་པར་བསྒོམས་ཏེ་མོས་གུས་བྱས་པས་བྱིན་རླབས་མྱུར་དུ་འབྱུང་བ་ཡིན་གྱི། འགའ་ཞིག་གིས་བླ་མ་ལ་ཡང་བསྒོམ་ཡང་བཤིག་མང་པོར་བྱེད་པར་འདུག་སྟེ། །བླ་མ་འདོར་ལེན་བྱས་པས་བྱིན་རླབས་མི་འབྱུང་། ཞེས་གསུངས་པ་ལྟར་སྤྱི་བོར་རིགས་བདག་འོད་དཔག་མེད་དེ་བླ་མ་ཀུན་འདུས་སུ་བསྒོམས་ཤིང་། བཀའ་བརྒྱུད་བླ་མ་ཐམས་ཅད་ནམ་མཁའ་ལ་སྤྱན་དྲངས་ནས་


CMR024_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་འོད་ཟེར་སྤྲོ་བསྡུ་བྱས་ནས་རིགས་བདག་གམ་རང་ལ་བསྟིམས་པས་བླ་སྒྲུབ་ཀྱི་མཆོག་དམ་པ་ཡིན་ནོ། །བླ་མ་གཉེན་གྱི་ཞལ་ནས་ཚེ་འདི་ལ་གྲུབ་པ་ཐོབ་པར་བྱེད་པ་ལ། འདི་ལྟ་བུའི་བློ་སྟོབས་དགོས་པ་ཡིན་ཏེ། ཡི་དམ་གྱི་ལྷ་གཅིག་ལ་ཡི་དམ་ཐམས་ཅད་འདུས་པར་བསྒོམས་པས། ཡི་དམ་གྱི་ལྷ་ཐམས་ཅད་ཀྱི་ཞལ་མྱུར་དུ་མཐོང་ཞིང་དངོས་གྲུབ་ཐོབ་པ་ཡིན། འགའ་ཞིག་ལྷ་ཡང་བསྒོམ་ཡང་བཤིག་མང་པོ་བྱེད་པར་འདུག་སྟེ། དེ་ལ་ཞལ་མཐོང་དུས་མི་འབྱུང་ལ། དངོས་གྲུབ་ཀྱང་མི་འབྱུང་སྟེ། ཡི་དམ་གྱི་ལྷ་ལ་འདོར་ལེན་དུ་སོང་བ་ཡིན་གསུངས། ཁོ་རང་གིས་སྐུ་གཤེགས་ཁར་ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས་པ་ཡིན་སྐད་དོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ནས་གསུངས་པ་དང་འདིའི་བྱིན་རླབས་བསྡུ་བའི་བཟླས་པའི་དམིགས་རིམ་གཉིས་དོན་གྱིས་འབབས་ས་གཅིག་སྟེ། བླ་མ་ཡི་དམ་ཐམས་ཅད་འོད་ཟེར་གྱིས་སྤྱན་དྲངས་ནས་རང་ཉིད་ལ་བསྟིམ་སྟེ། ཐོམས་ལྕིཅད་ཀུན་འདུས་སུ་སྒྲུབ་པའི་གནད་ཟབ་མོ་རྒྱུད་གཞུང་དང་མཐུན་པའི་མན་ངག་ཡིན་པས་ཡིད་ཆེས་སོ། །དེ་ནས་ཕྲིན་ལས་བཞིའི་བཟླས་པ་ཚོགས་འཁོར་རམ་ཆོ་ག་ཉིན་ཆོག་ལྟ་བུའི་ཚེ། །


CMR024_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ནས་བྱུང་བའི་ཕྲིན་ལས་བཞིའི་དམིགས་པ་དུས་གཅིག་ལ་བྱས་ལ། སྔགས་ཕྲེང་སྐོར་ཙམ་བྱེད་པའི་དབང་དུ་མཛད་པ་ནི། གཞུང་ཅི་བཞིན་དུ་འདོན་བསྒོམ་སྦྲགས་སོ། །དེ་ནི་བསྡུས་པའོ། །ཡང་ན་རང་བྱུང་བའི་མཛད་པའི་བཟླས་པའི་མན་ངག་ཐུགས་རྗེ་ཆེན་པོ་པདྨ་ཟབ་པའི་མན་ངག་ཅེས་བྱ་བ། གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྵིའི་ཞལ་གྱི་གདམས་པ་གཉིན་རས་སཾ་གྷ་ལཀྟ་ནས་རང་བྱུང་རྡོ་རྗེ་ལ་སྙན་ནས་སྙན་དུ་བརྒྱུད་པ་ལ། རང་བྱུང་བས་ཕྱི་རབས་ཀྱི་དོན་དུ་ཡི་གེར་བཀོད་པ་ལས་བྱུང་བ་ལྟར་བསྒོམ་སྟེ། དེ་ཡང་ཐོ་རངས་ནས་ཉི་ཤར་བར་ཞི་བའི་དམིགས་པ་བྱ་ཞིང་བཟླ། ཉི་དྲོས་ནས་ཕྱེད་བར་རྒྱས་པ་དང་། ཕྱེད་ནས་དགོང་མོ་དམར་ཐག་མ་ཆོད་པར་དབང་། མུན་རུབ་ནས་ནམ་ཕྱེད་བར་དྲག་པོའི་བཟླས་པ་བྱ་སྟེ། །དམིགས་པ་ནི་གཞུང་གི་ཡི་གེར་གསལ་ལོ། །དེ་ནི་ཕྲིན་ལས་བཞིའི་བཟླས་པ་འབྲིང་པོའོ། །ཡང་རྒྱས་པར་བྱེད་ན་ཚེས་གཅིག་ནས་བརྒྱད་བར་བདག་བསྐྱེད་ཐུན་གསུམ་བྱས་ཏེ། ལྷ་ཐམས་ཅད་ཅུང་ཟད་དཀར་བའི་མདོག་ཅན་བསྒོམ། བདག་གི་ཐུགས་ཀའི་ཧྲིལས་འོད་ཟེར་དཀར་པོ་བྱུང་ལུས་ཐམས་ཅད་གང་བས་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །


CMR024_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནས་འོད་ཟེར་ཐོན་ཏེ་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ལས་འོད་ཟེར་དཀར་པོའི་ཚོགསདཔག་ཏུ་མེད་པ་འཕྲོས་པས། སངས་རྒྱས་དང་བྱང་སེམས་དང་། ཁྱད་པར་ཞི་བའི་ལྷ་ཐམས་ཅད་ལ་ཞི་བའི་མཆོད་རྫས་དཔག་ཏུ་མེད་པར་གྱུར་པས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་འོད་ཟེར་དེས་ཞི་བར་བྱས་ནས་བདེ་བ་ཆེན་པོ་ལ་བཀོད། ཞི་བའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོ་དེས་བསྡུས་ནས་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ། དེའི་ཐུགས་ཀ་ནས་ཞི་བའི་དངོས་གྲུབ་ཐམས་ཅད་འོད་ཟེར་མུ་ཏིག་གི་ཕྲེང་བ་ལྟར་ཞལ་ནས་ཐོན་ཏེ་བྱུང་ནས། བདག་ཉིད་ཀྱི་ཐུགས་ཀའི་ཧིལ་ཐིམ་པས་བདག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསྒོམ། དེ་བཞིན་དུ་སྤྲོ་བསྡུས་རྡོ་རྗེ་རིགས་ཀྱི་ཡུམ་སྤྱན་མ་ལ་སྤྲོ་བསྡུ་བྱས་ཏེ། ཡིད་བཞིན་འཁོར་ལོ་རྣམ་རྒྱལ་མ་ཙུན་སོགས་ཞི་བའི་རིག་སྔགས་ཀྱིས་ལྷ་མོ་ཐམས་ཅད་ཀྱི་བྱིན་རླབས་བསྡུ་བ་དང་། སེམས་ཅན་མོ་རིགས་སྡིག་སྒྲིབ་སྦྱང་བ་དང་། དེ་བཞིན་རྡོ་རྗེ་མཁའ་འགྲོ་མ་ལ་སྤྲོ་བསྡུ་བྱས་པས་ཞི་བའི་


CMR024_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཅན་གྱི་སངས་རྒྱས་མཁའ་འགྲོ་དང་། རྡོ་རྗེ་མཁའ་འགྲོའི་རིགས་བྱེ་བ་འབུམ་དང་། མ་མོ་དཀར་མོ་འབུམ་ལ་སོགས་ཀྱིས་ཕྲིན་ལས་བྱིན་རླབས་ཞི་བྱེད་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་པའི་དམིགས་པ་གོང་གི་འགྲེས་ཤེས་པར་བྱས་ལ། ཐུན་དང་པོ་ལ་ཡི་གེ་དྲུག་པ་བཟླ་བ་བསྙེན་པ་དང་། ཐུན་གཉིས་པ་ལ་ཡི་གེ་བཅུ་པ་བཟླ་བ་སྒྲུབ་པ་དང་། ཐུན་གསུམ་པ་ལ་ཝཱ་རཱ་ཧི་ཧ་རི་ནི་ས་བཟླ་བ་སྒྲུབ་པ་ཆེན་པོ་དང་། ཐུན་སྟེང་དུ་ནད་གདོན་སྡིག་སྒྲིབ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར་བ་ལས་སྦྱོར་གྱི་ཚུལ་དུ་བྱ་སྟེ། ཐུན་མཚམས་སུ་དཀར་གསུམ་གྱི་གཏོར་མ་སྤྱི་གཏོར་ལྟར་བྱིན་གྱིས་བརླབས་ཏེ་འབུལ་ལོ། །འདོད་དོན་གསོལ་བ་བཏབ་བོ། །དེ་ནས་ཚེས་བརྒྱད་སྔ་དྲོ་ཞི་བའི་སྦྱིན་སྲེག་འགྲུབ་ན་བཟང་། །དེ་ལྟར་བྱས་པས་ཞི་བའི་ལྟས་དངོས་ཉམས་རྨི་ལམ་དུ་འབྱུང་སྟེ། སྡིག་སྒྲིབ་ཉམས་ཆག་ནད་གདོན་བར་ཆད་དགྲ་བགེགས་ལ་སོགས་གང་ལ་དམིགས་པས་ཞི་བར་འགྱུར་རོ། །དེ་ནས་ཚེས་བརྒྱད་ཉིན་ཕྱེད་ནས་བཟུང་སྟེ་ལྷ་རྣམས་དམར་ལ་ཅུང་ཟད་སེར་བའི་མདོག་ཅན་བསྒོམ། བདག་གི་ཐུགས་ཀའི་ཧཱུྃལས་འོད་ཟེར་སེར་པོ་གསེར་བཙོ་མ་ལྟ་བུ་བྱུང་སྟེ་ལུས་གང་བས་རང་གི་ཚེ་དང་བསོད་ནམས་


CMR024_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཐམས་ཅད་རྒྱས། འོད་ཟེར་ཞལ་ནས་ཐོན་བདེ་བ་ཆེན་པོ་མཆོད་པའི་ངོ་བོར་རིན་ཆེན་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ། ཐུགས་དམ་གྱི་རྒྱུད་བསྐུལ་ནས་འོད་ཟེར་འཛམ་བུའི་ཆུ་གསེར་ལྟ་བུ་ནམ་མཁའ་ཁྱབ་པར་འཕྲོས། རིན་ཆེན་རིགས་ཀྱི་སངས་རྒྱས་དང་བྱང་སེམས་དང་རྒྱས་པའི་ལྷ་ཚོགས་སྲིད་དོ་འཚལ་རྒྱལ་སྲིད་རིན་པོ་ཆེ་བདུན་དང་། འདོད་ཡོན་ལྔ་དང་། རིན་པོ་ཆེ་སྣ་ཚོགས་ཏེ་རྒྱས་པའི་མཆོད་པ་ནམ་མཁའི་མཐའ་བཀླས་པས་མཆོད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་གཟི་བརྗིད་ཡོན་ཏན་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས་ནས་རིན་ཆེན་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། རྒྱས་པའི་དངོས་གྲུབ་ཚེ་བསོད་ནམས་དཔལ་འབྱོར་གཟི་བརྗིད་ཐམས་ཅད་ཚུར་འདུས་རིན་ཆེན་རིགས་ཀྱི་ཐུགས་རྗེ་ཆེན་པོ་ལ་ཐིམ་པས་གཟི་བརྗིད་ཚད་མེད་པའི་ཐུགས་ཀ་ནས་རྒྱས་པའི་དངོས་གྲུབ་ཚེ་བསོད་ནམས་དཔལ་འབྱོར་གཟི་བརྗིད་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་ཞལ་ནས་བྱུང་སྟེ། འོད་ཟེར་སེར་པོ་ལ་ཁ་དོག་ལྔའི་འོད་ཟེར་འཕྲོས་པ་རྨ་བྱའི་སྒྲོ་ཆུན་ལྟར་བྱོན་ནས་བདག་གི་ཐུགས་ཀར་ཐིམ་པས་ཚེ་བསོད་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་


CMR024_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་། དེ་བཞིན་དུ་མཱ་མ་ཀཱི་ལ་དམིགས་ནས་རྒྱས་པའི་ལྷ་མོ་ནོར་རྒྱུན་མ་རྡོ་རྗེ་སྒྲོན་མ་སོགས་ལ་སྤྲོ་བསྡུ་དང་། རིན་ཆེན་མཁའ་འགྲོ་ལ་དམིགས་ནས་རིན་ཆེན་རིགས་ཀྱི་མ་མོ་མཁའ་འགྲོ་ལ་སྤྲོ་བསྡུ་བྱ་བ་སྟེ། ཐུན་དང་སྔགས་རིང་ཐུང་བཟླ་ལུགས་གོང་ལྟར་ལས། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་སརྦ་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དང་། དེ་ལྟར་བྱས་པས་བཅོ་ལྔའི་ཉིན་ཕྱེད་རྒྱས་པའི་སྦྱིན་སྲེག་བྱའོ། །དེ་ཡི་ཐུན་མཚམས་སུ་ཟས་སྣ་འབྱོར་ཚད་ཀྱིས་གཏོར་མ་ཆེན་པོ་ནང་གཏོར་ལྟར་བྱིན་གྱིས་བརླབས་ལ་ཕུལ། སྐབས་སུའམ་ཚར་ཉིན་ཚོགས་འཁོར་རྒྱ་ཆེན་པོ་བྱའོ། །དེས་དངོས་ཉམས་རྨི་ལམ་དུ་རྒྱས་པ་འགྲུབ་པའི་ལྟས་འབྱུང་ཞིང་ཚེ་དང་བསོད་ནམས་དཔལ་འབྱོར་ཡེ་ཤེས་སོགས་གང་དམིགས་རྒྱས་པར་འགྱུར་རོ། །དེ་ནས་བཅོ་ལྔའི་དགོང་མོ་ནས་ཁ་ནུབ་ཏུ་རྒྱུ་ནས་བདག་གི་ཐུགས་ཀའི་ཧཱུྃལས་འོད་ཟེར་དམར་པོ་པདྨ་རཱ་གའམ་བྱུ་རུ་ལྟ་བུ་འཕྲོས། ལུས་གང་བས་རང་སེམས་དང་རྩ་རླུང་ཐིག་ལེ་ཐམས་ཅད་དབང་དུ་འདུས། ཞལ་ནས་ཐོན་པདྨ་རིགས་ཀྱི་སྤྱན་རས་གཟིགས་ཀྱི་ཐུགས་ཀར་བདེ་སྟོང་བྱང་ཆུབ་སེམས་ཀྱི་མཆོད་པའི་ངོ་བོར་ཐིམ་པས་ཐུགས་རྒྱུད་བསྐུལ་ཏེ། འོད་ཟེར་དམར་པོ་


CMR024_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གློག་ལྟ་བུ་ལྕགས་ཀྱུའི་དབྱིབས་འཇིག་རྟེན་ཐམས་ཅད་ཁྱབ་པར་འཕྲོས། པདྨ་རིགས་ཀྱི་སངས་རྒྱས་དང་བྱང་སེམས་དབང་གི་ལྷ་ཚོགས་ཐམས་ཅད་ལ་དབང་གི་མཆོད་པ་རིག་མ་བཅུ་དྲུག་དང་། བྱང་སེམས་དཀར་དམར་སོགས་དང་ཆང་སྣ་བཞི་ལ་སོགས་པས་མཆོད་དེ་དགྱེས་པར་བསྐྱེད། སེམས་ཅན་ཐམས་ཅད་ཀྱི་རླུང་སེམས་དང་འདོད་ཡོན་ཐམས་ཅད་དབང་དུ་འདུས་པར་བྱས་ནས་པདྨ་རིགས་ཀྱི་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། དབང་དངོས་གྲུབ་ཐམས་ཅད་ཚུར་བསྡུས་པདྨ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ། ཡབ་ཡུམ་བདེ་བ་ཆེར་འབར་ཏེ་ཤིན་ཏུ་ཆགས་པའི་རྣམ་པར་གྱུར་པའི་ཐུགས་ཀ་ནས་དབང་དུ་བྱེད་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོ་ལྕགས་སྒྲོག་གིས་དབྱིབས་སུ་ཞལ་ནས་བྱུང་སྟེ་བདག་གི་ཐུགས་ཀར་ཐིམ་པས་འཁོར་འདས་སྣང་སྲིད་ཐམས་ཅད་དབང་དུ་བྱེད་པའི་ནུས་པ་ཐོན་པར་བསྒོམ། དེ་བཞིན་དུ་གོས་དཀར་མོ་ལ་དམིགས་ནས་དབང་གི་ལྷ་མོ་ཐམས་ཅད་ཀྱི་ནུས་པ་བསྡུ་བ་དང་། པདྨ་ཊཱཀི་ལ་དམིགས་ནས་དམར་མོ་འབུམ་ལ་སོགས་པདྨའི་རིགས་ཀྱི་མ་མོ་ཌཱཀྐི་ཐམས་ཅད་ལ་སྤྲོ་བསྡུ་བྱ་ཞིང་། ཐུན་མཚམས་སུ་ཆང་གིས་བྲན་ཞིང་འབྲི་མོག་


CMR024_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤ་དང་མེ་ཏོག་དམར་པོས་བརྒྱན་པའི་གཏོར་མ་འབུལ། སྐབས་སུ་ཆང་ལ་བདུད་རྩི་ལག་མཆོད་བྱ། ཐུན་སོགས་གོང་ལྟར་ལས་ལྷ་འདྲེ་མི་གསུམ་སྣང་སྲིད་ཐམས་ཅད་པ་ཤཾ་ཀུ་རུ་ཞེས་སྦྱར་རོ། །དེ་ལྟར་བསྒྲུབས་པས་དབང་གི་ལྟས་མཐོང་བར་འགྱུར་ཞིང་། ཉི་ཤུ་གསུམ་གྱི་དགོང་མོ་དབང་གི་སྦྱིན་སྲེག་བྱའོ། །དེས་དབང་གི་ལས་གྲུབ་བོ། །དེ་ནས་ཉེར་གསུམ་སྲོད་ནས་བཟུང་སྟེ། རང་གི་ཐུགས་ཀའི་ཧཱུྃལས་འོད་ཟེར་ལྗང་མཐིང་འཕྲོས་ལུས་གང་། ཉོན་མོངས་པ་ཐམས་ཅད་ཚར་བཅད་འོད་ཟེར་ཞལ་ནས་ཐོན། ལས་ཀྱི་སྤྱན་རས་གཟིགས་ཀྱི་ཐུགས་ཀར་དྲག་པོའི་མཆོད་པའི་ངོ་བོར་ཐིམ། ཐུགས་དམ་རྒྱུད་བསྐུལ་ཐུགས་ཀ་ནས་འོད་ཟེར་མཐིང་ནག་ལྗང་གུའི་འོད་དང་བཅས་པ་འཇིག་རྟེན་ཐམས་ཅད་ཁྱབ་སྟེ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་ལྷའི་བུའི་བདུད། འདོད་ཡོན་དང་ལོངས་སྤྱོད་ཀྱིས་གཡེང་བས་སྒྲུབ་པ་ལ་བར་ཆད་བྱེད་པ། ཉོན་མོངས་པའི་བདུད་ཞེ་སྡང་གི་སྒོ་ནས་དགྲ་ལངས་ཏེ་ཆོས་ལ་བར་ཆད་བྱེད་པ། འདོད་ཆགས་ཀྱི་སྒོ་ནས་བུད་མེད་སོགས་ཀྱིས་བསླུ་བྲིད་ཀྱིས་ཚུལ་ཁྲིམས་ལ་བར་ཆད་བྱེད་པ། གཏི་མུག་


CMR024_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒོ་ནས་རྒྱུ་འབྲས་མི་བརྩི་བར་འཇོལ་ཉོག་ཏུ་སྤྱོད་པ་སྟེ་ཉོན་མོངས་ཀྱི་བདུད་དང་། ཕུང་པོ་ལ་ནད་འདུ་བ་རྣམ་བཞིས་མནར་བས་ཆོས་དང་ལུས་སྲོག་ལ་གནོད་པ་ཕུང་པོའི་བདུད་དང་། འཆི་བདག་གི་བདུད་དུས་མ་ཡིན་པར་འཆི་བ་བཅོ་བརྒྱད་སོགས་སྲོག་ལ་བར་དུ་གཅོད་པ་བྱང་ཆུབ་སྒྲུབ་ལོང་མེད་པར་བྱེད་པ་སྔགས་ལུགས་ཀྱི་བདུད་བཞི་ཐམས་ཅད་དང་། ཆོས་མ་ཡིན་པ་ཆོས་སུ་མཐོང་ལམ་མ་ཡིན་པ་ལམ་དུ་མཐོང་བར་བྱེད་པ་ལ་སོགས་པའི་བཤེས་གཉེན་དང་ཆོས་ལོག་བདུད་དང་མུ་སྟེགས་ཀྱི་གྲུབ་མཐའ་སོགས་ཐབས་ལ་བསླུ་བའི་བདུད་དང་། སངས་རྒྱས་མ་ཡིན་པ་སངས་རྒྱས་སུ་ཁས་འཆེ་བ་སོགས་བདུད་ཀྱི་སྤྲུལ་པས་སངས་རྒྱས་བྱང་སེམས་སུ་བརྫུ་ནས་བསླུ་བ་ལ་སྐྱབས་དང་བསླུ་བའི་བདུད་དང་། ཉོན་མོངས་པ་མ་སྤངས་པར་སྤངས་སོ་སྙམ་པའི་ང་རྒྱལ་དང་། འབྲས་བུ་མ་ཐོབ་པ་ཐོབ་པར་རློམ་པ་དང་། སྒྲིབ་པ་མ་དག་པར་དག་གོ་སྙམ་པའི་རློམ་སེམས་དང་། ཡི་དམ་གྱི་ལྷ་མ་འགྲུབ་པར་བདུད་ཀྱིས་བསླུས་པས་འགྲུབ་པའི་རྟགས་སྟོན་པ་དང་། དག་སྣང་མ་ཡིན་པར་བདུད་ཀྱི་དག་སྣང་འདྲ་བའི་རྟགས་སྟོན་ཏེ་ཁྱོད་ནི་ས་ཐོབ་པའོ་སོགས་བརྗོད་ནས་ང་རྒྱལ་བསྐྱེད་འཇུག་པ་


CMR024_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགའ་བྲོད་རློམ་སེམས་བསྐྱེད་འཇུག་པ་དག་ལ་བསླུ་བའི་བདུད་དང་གཤིན་རྗེ་ནམ་ཡི་དམ་དུ་བརྫུ་ནས་ཁྱོད་ཀྱི་ཆོས་ནོར་སངས་རྒྱས་མི་ཐོབ་བོ། །བྱང་ཆུབ་ནི་དཀའ་ཚེགས་ཆེ་བས་བསྒྲུབ་མི་ནུས་སོ་སོགས་བརྗོད་དེ། ཐེག་ཆེན་གྱི་བསམ་པ་སྤངས་ནས་ཐེག་དམན་རང་དོན་ལྷུར་ལེན་པར་བྱེད་པ་ཐེག་པ་ཆེན་པོའི་ངེས་འབྱུང་ལ་བསླུ་བའི་བདུད་དང་། མདོ་ལུགས་བདུད་བཞི་དང་། གཞན་ཡང་དགྲ་བགེགས་བྱད་མ་མི་ཁ་གྱོད་བྱུར་སོགས་འདི་ཕྱི་ལ་གནོད་པ་ཐམས་ཅད་འོད་ཟེར་དེས་ཚར་བཅད་དེ། དཔེར་ན་བ་མོ་ལ་ཉི་ཟེར་གྱིས་ཚར་བཅད་པ་ལྟར་སྐད་ཅིག་ལ་མེད་པར་བྱས། སླར་འོད་ཟེར་དེས་ལས་ཀྱི་རིགས་ཀྱི་རྒྱལ་བ་སྲས་བཅས་ཁྲོ་བོ་ཁྲོ་མོ་མ་མགོན་ཆོས་སྐྱོང་ཐམས་ཅད་ལ་ཤ་ལྔ་བདུད་རྩི་ལྔ་སོགས་དུར་ཁྲོད་ཀྱི་མཆོད་རྫས་དཔག་ཏུ་མེད་པས་མཆོད། དེ་རྣམས་ཀྱི་མཐུ་སྟོབས་ནུས་པ་དྲག་པོའི་དངོས་གྲུབ་ཐམས་ཅད་འོད་ཟེར་ལྗང་མཐིང་གི་རྣམ་པས་ལས་ཀྱི་སྤྱན་རིས་གཟིགས་ལ་འདུས། ཞལ་ནས་དྲག་པོའི་དངོས་གྲུབ་མཐུ་སྟོབས་ཀྱི་ངོ་བོ་བྱོན་རང་གི་ཐུགས་ཀར་ཐིམ། ཁྲོ་བོ་དང་ཆོས་སྐྱོང་ཐམས་ཅད་ཀྱི་སྟོབས་དང་ལྡན་པར་བསྒོམ་མོ། །དེ་བཞིན་དུ་དམ་ཚིག་སྒྲོལ་མ་ལ་དམིགས་ནས་ཁྲོ་མོ་


CMR024_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཔལ་ལྡན་ལྷ་མོ་སོགས་ཆོས་སྐྱོང་མོ་རྒྱུད་ཀྱི་སྟོབས་བསྡུ་བ་དང་། ལས་ཀྱི་ཊཱཀི་ལ་དམིགས་ནས་ལས་ཀྱི་མ་མོ་མཁའ་འགྲོ་ལྗང་མོ་འབུམ་སྡེ་དང་། དུར་ཁྲོད་བརྒྱད་དང་གནས་ཡུལ་གྱི་ལས་མཁན་མ་དང་ཤ་ཟ་ཌཀི་གདུག་པ་ཅན་ཐམས་ཅད་ཀྱི་མཐུ་ནུས་བསྡུ་བ་སོགས་བྱའོ། །ཐུན་སོགས་གོང་ལྟར་ལ། བདུད་བཞིའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྦྱར་བ་བཟླས་ལ་ཐུན་མཚམས་སུ་ནང་གཏོར་བསྔོས་ཏེ་ཤ་ཁྲག་གིས་བརྒྱན་པ་འབུལ། དེ་ལྟར་བྱས་པས་བདུད་ལས་རྒྱལ་བའི་ལྟས་མཐོང་བར་འགྱུར་ཞིང་། །ཉེར་དགུའི་སྲོད་ལ་དྲག་པོའི་སྦྱིན་སྲེག་བྱའོ། །དེ་ལྟར་ལས་བཞི་རེ་རེ་ལ་ཟླ་བ་རེ་རེ་ཙམ་རྟགས་ཐོན་པར་བྱེད་ན། ཚེས་གྲངས་ངོས་བཟུང་མེད་ཅིང་དང་པོ་དབུ་འཛུགས་དུས་ཞི་བ་ཤར། རྒྱས་པ་ལྷོའམ་བྱང་། དབང་ནུབ། དྲག་པོ་བྱང་ངམ་ལྷོར་གྱུ་ཞིང་ལས་སོ་སོ་འགྲུབ་པའི་གཟའ་སྐར་ལ་གཏུགས་པ་དང་། དྲག་པོའི་དབུ་འཛུགས་ཉིན་དང་། མཇུག་སྦྱིན་སྲེག་དུས་ཐེབས་ལྡོག་བརྩིའོ། །དྲག་པོ་དུས་ཆོས་སྐྱོང་སྤྱི་བསྐུལ་གྱི་དམར་གཏོར་རེ་དགོང་མོ་བཏང་ངོ་། །དེ་ཡང་གོང་དུ་བྱིན་རླབས་བསྡུ་བའི་དམིགས་རིམ་དེ་བསྙེན་པ་ཡིན་པས་ཤིན་


CMR024_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྒྱུན་བསྲིངས་ནས་ཕྲིན་ལས་བཞི་བསྒྲུབ་ནི། སྒྲུབ་པ་སྦྱིན་སྲེག་དང་། སྔགས་ཤམ་བུར་བཏགས་པས་ལས་ལ་སྦྱར་རོ། །ལས་བཞི་འགྲུབ་པ་འདི་ཐུན་མོང་གི་དངོས་གྲུབ་ཁོ་ན་མིན་ཏེ། སྡིག་སྒྲིབ་ཞི་བ། བསོད་ནམས་ཡེ་ཤེས་རྒྱས་པ། རླུང་སེམས་དབང་དུ་འདུ་བ། བདུད་བཞི་ཚར་གཅོད་པ་ལས་ལྷག་པའི་མཆོག་གི་དངོས་གྲུབ་མེད་པའི་ཕྱིར་རོ། །ཞོར་བྱུང་དུ་ཐུན་མོང་ཡང་འབྱུང་རུང་བ་སྟེ། འཇིག་རྟེན་ཕ་རོལ་དོན་གཉེར་ན། །ཚེ་འདིར་བདེ་བ་རབ་ཏུ་རྒྱས། །གསུངས་པས་འབྲས་ལོ་ལེགས་ན་སོག་ཕུབ་ཞོར་ལ་འབྱུང་བ་ལྟར། གཙོ་བོ་མཆོག་ལ་དམིགས་པ་གལ་ཆེ་བ་ཡིན། ཚེ་འདིའི་བདེ་བ་དོན་དུ་གཉེར་ན། འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །གསུངས་པ་འདི་ཁོ་ན་ལ་དམིགས་ན། ཙནྡན་ལ་སོལ་བ་བྱས་པ་ལྟ་བུའོ། །དེ་ལྟར་ལས་བཞིའི། མན་ངག་དེ་དག་གྲུབ་ཆེན་ཀརྨ་པཀྵིའི་ཞལ་གདམས་གཉེན་རས་ནས་རང་བྱུང་བ་ལ་བརྒྱུད་པའི་གསུང་རྒྱུན་ཁོ་ནར་མ་ཟད་དེ། ཛ་ལན་དྷ་རའི་རྒྱ་གཞུང་ཉིད་ལས། དེ་ནས་རང་དང་གཞན་གྱི་དོན་བྱ་བའི་ཕྱིར། ཕྲིན་ལས་བཞི་སྒྲུབ་པའི་ཕྱིར། ཕྲིན་ལས་གང་བསྒྲུབ་ཀྱི་དམིགས་པ་སྤོ་སྟེ། སྔགས་ཀྱི་ཤམ་བུར་བསྒྱུར་ལ་བཟླ་


CMR024_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ཞེས་གསུངས་པའི་དོན་ཡིན་ལ། ཨོ་རྒྱན་རིན་པོ་ཆེས་རྒྱལ་བ་རྒྱ་མཚོར། དེ་ནས་ལྷ་ཚོགས་གཙོ་འཁོར་ཐམས་ཅད་ལས་འོད་ཟེར་དཀར་པོ་འཇའ་ཚོན་ལྟ་བུར་བསམ། ཞི་བའི་བདག་ཉིད་གཙོ་བོའི་ཐུགས་ཀ་ནས། འོད་ཟེར་ཕྱོགས་བཅུར་འཕྲོས་པས་རིགས་དྲུག་གི་སྡུག་བསྔལ་ནད་གདོན་ཐམས་ཅད་ཞི་བར་བསམ། ཡང་ནི་གོང་བཞིན་ལྷ་ཚོགས་འོད་ཟེར་སེར་པོར་གྱུར། ཐུགས་སྔགས་སེར་པོའི་རྒྱུས་པའི་ཕྲིན་ལས་རྣམས། །གོང་བཞིན་རིགས་པས་མ་འཁྲུལ་ཤེས་པར་བྱ། །འཛིན་བཅས་དམིགས་པས་ཕྱོགས་གཅིག་དོན་མི་འགྲུབ། །དེ་ཕྱིར་བློ་ལྡན་དམིགས་པས་འཁྲུལ་ཤེས་བྱ། །དབང་ལ་དམར་དང་དྲག་པོར་ལྗང་ལ་སོགས། །ཞེས་གསུངས་སོ། །དེ་དང་མཚུངས་པར་ཨོ་རྒྱན་རིན་པོ་ཆེས་ཐུགས་རྗེ་ཆེན་པོ་གསང་འདུས་གསང་སྒྲུབ་ལས། །འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། །འཇིགས་བརྒྱད་ལ་སོགས་བར་ཆད་ཞི། །སླར་འདུས་དངོས་གྲུབ་ཐམས་ཅད་འདུས་།དེ་བཞིན་སེར་པོས་འབྱོར་དྲུག་རྒྱས། །དམར་པོས་ཁམས་གསུམ་དབང་དུ་སྡུད། །ལྗང་ཁུས་བར་ཆད་དགྲ་བགེགས་བསྒྲལ། །དེ་བཞིན་ཕར་འཕྲོས་ཕྲིན་ལས་འགྲུབ། །


CMR024_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་འདུས་དངོས་གྲུབ་བདག་ལ་བསྡུས། །དམིགས་པ་འཕྲོ་འདུ་གསལ་བ་ཡི། །ངར་ལྡན་དམིགས་པས་འཁྲུལ་ཤེས་བྱ། །ཡིག་བདུན་ཤམ་བུར་ཕྲིན་ལས་སྔགས། །བཟླས་པས་ཡིད་ལ་བསམ་པ་འགྲུབ། །ཅེས་གསུངས་པ་དང་། མི་ཏྲའི་གསང་སྒྲུབ་རྒྱ་གཞུང་ལས། མི་ཏྲ་ཛཱ་ཀིས་ཁྲོ་ཕུ་ལོ་ཙཱ་ལ་གནང་བ་ལས་ཀྱང་། ཞི་བའི་ལས་བྱེད་པ་དང་། །སརྦ་པཱ་པཾ་ཤཱནི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གདགས་སོ། །རྒྱས་པའི་ལས་བྱེད་ན། ཨཱ་ཡུ་ཛྙཱ་ན་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གདགས་སོ། །དབང་གི་ལས་བྱེད་ན། བ་སུ་ན་ན་སརྦ་སིདྡྷི་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་གདགས་སོ། །དྲག་པོས་ལས་བྱེད་ན། སརྦ་ཤ་ཏུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གདགས་སོ། །ཞེས་གསུངས་པ་རྣམས་དོན་གཅིག་ཏུ་འབབ་པས་གོ་བར་བྱའོ། །ཡིད་ཆེས་པར་བྱའོ། །ཉམས་སུ་ལེན་པར་བྱའོ། །རྟགས་ཐོན་པར་བྱའོ། །དེ་ནས་བཟླ་བྱའི་སྔགས་ཀྱི་སྒྲ་བསྒྲུབ་ཚུལ་དང་། མཚམས་སྦྱོར་ཚུལ་ནི་བྲི་བ་ལ་གལ་ཆེ། བཟླས་པ་ལ་གལ་ཆུང་ཕྱིར་འདིར་མ་སྨོས་ལ། དེ་ཡང་རྒྱུད་ནས་གསུངས་པའི་ཡི་གེ་དྲུག །རྒྱ་གཞུང་ནས་གསུངས་པའི་སྔགས་རིང་གཉིས་ལས། ཕྱི་ནང་གི་བཟླས་པ་ཡང་ཡིན་ཏེ། ཐུགས་རྗེ་


CMR024_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གསང་འདུས་རྒྱུད་ལས། ཕྱི་ལྟར་བཟླས་པའི་ཡི་གེ་དྲུག །འཇམ་སྙན་རྨ་བྱའི་མགྲིན་ལྟར་བཟླས། །ཨོཾ་མ་ཎི་པདྨེ་ཧཱུྃ། མདོ་ཡི་ལུགས་སུ་ཤེས་པར་བྱ། །ནང་ལྟར་ཟབ་མོ་ཡི་གེ་བཅུ། །འབྲུག་དབྱངས་ལྡིར་བ་ལྟ་བུར་བཟླས། །ཨོཾ་ཨཱཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། གསང་སྔགས་ནང་ལྟར་ཤེས་པར་བྱ། །ཞེས་གསུངས་པ་ལ། པདྨ་ཟབ་པའི་རྒྱུད་ཀྱི་རྒྱལ་པོ་ཉིད་ལས་ཀྱང་། ཡི་གེ་དྲུག་པ་ཁོ་ན་ལས་མ་གསུངས་པའི་ཕྱིར་དང་། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ལས། ངག་སྙིང་པོ་སྔགས་ཀྱི་དཀྱིལ་འཁོར་ནི། ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡང་སྙིང་ཉེ་བའི་སྙིང་པོ་འདི་བཟླའོ། །ཨོ་ཐུགས་རྗེ་ཆེན་པོའི་སྐུའི་སྙིང་པོ། ཨཱགསུང་གི་སྙིང་པོ། ཧཱུཾ་ཐུགས་ཀྱི་སྙིང་པོ། ཧཱུྃཡང་སྙིང་། ཡི་གེ་དྲུག་པ་ཉེ་བའི་སྙིང་པོ་ཞེས་དང་། གྲུབ་ཆེན་ཀརྨ་པཀྴིའི་མཛད་པའི་ལྷ་ལྔ་ལས། བསྙེན་པའི་དུས་སུ། ཨོ་ཨཱཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུཾ། རྐྱང་པ་འདོན་པར་བྱའོ། །ཞེས་དང་། རྗེ་ཀརྨ་པཀྵིའི་ཞལ་ནས། །སྐུ་བཞིའི་ངོ་སྤྲོད་ཀྱི་གནད་དང་དོན་རྟོགས་ནས། རང་བྱུང་བ་ཡི་གེ་ལྔ། ཨོཾ་མ་


CMR024_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཎི་པདྨེ་ཧཱུཾ། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་གནད་དང་མ་བྲལ་བ་ཅི་ནས་སུ་བཟླ། ཞེས་གསུངས་པའི་ཕྱིར་རྒྱལ་བ་རྒྱ་མཚོ་ལ་ཡང་ཕྱི་ལྟར་ཡི་གེ་དྲུག་པ་ཁོ་ན་བཟླས་པས་ཆོག་སྟེ། །པཀྴི་དང་སྲོང་བཙན་གྱི་གསུང་སྒྲོས་ལས། པདྨ་ཟབ་པ་དང་། པདྨ་རྒྱལ་པོ་དང་། རྟ་མཆོག་རོལ་པའི་རྒྱུད་གསུམ་གྱི་དགོངས་པ་དངོས་སུ་གསལ་བ་ཡིན་ནོ། །གཞན་ཡང་ཡི་གེ་དྲུག་པ་འདི་ནི། ཟ་མ་ཏོག་བཀོད་པའི་མདོ་ཆེ་ཆུང་གཉིས་དང་། མཚན་བརྒྱ་རྩ་བརྒྱད་པའི་མདོ་དང་། ཡི་གེ་དྲུག་པའི་མདོ་དང་། ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་མདོར་བསྡུས་པ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་དང་། བཅུ་གཅིག་ཞལ་གྱི་གཟུངས་རིན་ཆེན་འབྲུག་སྒྲ་སངས་རྒྱས་གླིང་པའི་གཏེར་མ་དང་། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་དང་། གསང་བ་འདུས་པའི་རྒྱུད་དང་། ལྟ་བ་ཡང་ཐོག་གི་རྒྱུད་དང་། ལྟ་བ་ཡང་རྩེའི་རྒྱུད་དང་། རྩ་རྒྱུད་པདྨ་དྲྭ་བ་དང་། པདྨ་ཅོད་པན་གྱི་རྒྱུད་དང་། མདོ་རྒྱུད་དེ་རྣམས་ནས་ཡི་གེ་དྲུག་པ་འདི་དངོས་སུ་གསལ་བར་གསུངས་སོ། །ཡི་གེ་བཅུ་པ་འདི་གསང་བ་འདུས་པའི་རྒྱུད་ནས་ཀྱང་གསུངས་ལ། དགོངས་འདུས་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། མཆོག་


CMR024_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུན་མོང་གྲུབ་ཆེན་བརྒྱད། །འབྱུང་བ་ལྔ་ཡི་ཕྲིན་ལས་བཞི། །ཡི་གེ་བཅུ་པ་བཟུང་བས་འགྲུབ། །ཅེས་ཡི་གེ་བཅུ་པ་གསལ་བར་གསུངས་ཤིང་ཐུགས་རྗེ་ཆེན་པོའི་ཁྱད་པར་དུ་འཕགས་པའི་གདམས་པ་དྲུག་གསུམ་བཅོ་བརྒྱད་ཀྱི་སྒྲུབ་པ་མངའ་བདག་ཉང་གི་གཏེར་མ་ལས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། ཨོཾ་ཨཱ༔ཧཱུྃ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱད་པར་གྱི་ཡི་གེ་བཞི་དང་། ཐུན་མོང་གི་ཡི་གེ་དྲུག་ལ་ཐུག་གོ །ཨོཾ་གྱིས་བདེ་བར་གཤེགས་པའི་སྐུ་སྒྲུབ་པར་བྱེད། ཐུགས་རྗེ་ཆེན་པོའི་སྐུ་སྒྲུབ་པར་བྱེད། ཨཱཝཡིས་བདེ་བར་གཤེགས་པའི་གསུང་སྒྲུབ་པར་བྱེད། ཐུགས་རྗེ་ཆེན་པོའི་གསུང་སྒྲུབ་པར་བྱེད། ཧཱུཾ་གིས་བདེ་བར་གཤེགས་པའི་ཐུགས་སྒྲུབ་པར་བྱེད། ཐུགས་རྗེ་ཆེན་པོའི་ཐུགས་སྒྲུབ་པར་བྱེད། ཧཱིཐུགས་རྗེ་ཆེན་པོའི་ཡང་སྙིང་ཡིན་པས་དངོས་གྲུབ་འབྱུང་ཞིང་བྱིན་རླབས་ལུས་ངག་ཡིད་གསུམ་ལ་འབྱུང་ངོ་། །ཞེས་དང་། ཡང་ཡི་གེ་བཅུ་པ་དེ་ཉིད་གསུངས་ནས། ནད་དང་གདོན་དང་བར་ཆད་རྣམས། །བཟླས་པ་ཙམ་གྱིས་ཞི་བར་འགྱུར་རོ། །ལོག་པར་ལྟ་བ་བདུད་དང་དགྲ། །བཟླས་པ་ཙམ་གྱིས་དབང་དུ་འགྱུར། །མི་མཐུན་བར་ཆད་དགྲ་སྡང་རྣམས། །བཟླས་པ་


CMR024_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་ཐུབ་པར་འགྱུར། །ཨོཾ་ཨཱཿཧཱུྃ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ། བཟླས་པས་བྱིན་རླབས་མྱུར་དུ་འབྱུང་། །དད་གུས་མོས་པས་འགྲུབ་པར་འགྱུར། །ཐུགས་རྗེ་ཆེན་པོ་འགྲུབ་པར་འགྱུར་། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །སངས་རྒྱས་ས་ལ་འགྲོ་བར་འགྱུར། །སྙིང་པོ་ཡི་གེ་བཅུ་པ་ཟློས། །ཞེས་གསུངས་པ་དང་། སྐྱེས་མཆོག་ཀརྨ་པཀྵིའི་གསུངས་ལས། ཞི་ཁྲོ་རབ་འབྱམས་ཀྱི་སྐུ་ཐམས་ཅད་ཀྱི་རྩ་བ་ཨོ་ཡིན་ལ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་རྩ་བ་ཨཱལ་འདུས། རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་རྫོརྩ་བ་ཧཱུྃ་ཡིན་པ་སྟེ། དྭིརྒྱལ་བ་རྒྱ་མཚོའི་སྐུ་བཞི་འདུ་འབྲལ་མེད་པའི་སྙིང་པོ་ཡིན་ལ། ཞེས་དང་། ཨོ་ལས་སྤྲུལ་པའི་སྐུ་ཐམས་ཅད་འཕྲོ་ཞིང་འདུ་བའི་སྙིང་པོའོ། །ཨཱཿལོངས་སྤྱོད་རྫོགས་པའི་སྐུ་མཐའ་ཡས། ཧཱུཾ་ཆོས་སྐུ་དྲི་མ་མེད་པ་བསམ་གྱིས་མི་ཁྱབ་པའི་སྙིང་པོ་གདོད་མ་ནས་ཡིན་ཞིང་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པ། ཞེས་དང་། རང་བྱུང་ཡི་གེ་ལྔ་ལ་འབུམ་ཚོ་བརྒྱ་ལ་སོགས་པ་འབུམ་ཚོ་གཅིག་བཟླས་པས་ཀྱང་འགྲུབ་རྟགས་རབ་འབྲིང་ཐ་མ་སྣ་ཚོགས་མི་འབྱུང་མི་སྲིད་དོ། །ཞེས་གསུངས་པ་དང་། ཡང་རྡོ་རྗེའི་སྙིང་པོ་འབྲུ་གསུམ་གྱི་


CMR024_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་དགའ་རབ་རྡོ་རྗེས་གདམས་པ་ཨོ་རྒྱན་རིན་པོ་ཆེས་ཇོ་མོ་མཁར་ཆེན་བཟའ་ལ་གདམས་པ་ལས། ཨོཾ་ཆོས་སྐུ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། ཨཱཿའགག་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ། ཧཱུྃ་སྣ་ཚོགས་ཅིར་ཡང་སྟོན་པ་སྤྲུལ་པའི་སྐུ། དེ་ལྟར་འཁོར་འདས་གྱིས་ཆོས་ཐམས་ཅད་རྡོ་རྗེའི་སྙིང་པོ་འབྲུ་གསུམ་ལ་འདུས་པ་ཡིན་ལ། འདི་ཉིད་ཡི་དམ་་དུ་འཛིན་ན་ཚེ་འདི་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་སུ་དགོངས་ནས་སྲུང་ཞིང་བསྐྱབས་ནས་བྱིན་གྱིས་རླབས་ཏེ། ཕྱི་མ་ཡང་བདེ་བར་གཤེགས་པའི་སྲས་སུ་གདོན་མི་ཟ་བར་འགྱུར་རོ། །གཞན་ཡང་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། མ་བྱིན་པ་བླངས་བ་དང་། མི་གཙང་བར་སྤྱོད་པ་དང་། ངག་གི་སྒོ་ནས་ཚིག་རྩུབ་མོ་དང་། ངག་འཆལ་སྨྲས་པ་དང་། ཡིད་ཀྱི་སྒོ་ནས་བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་བལྟ་བ་ལ་སོགས་པ་ཐམས་ཅད་དུང་ཕྱིས་པ་ལྟར་འགྱུར་རོ། །གཞན་ཡང་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་སྨད་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་གྱིས་མ་བརླན་པ་དང་། དགྲ་བཅོམ་པ་བསད་པ་དང་། དཀོན་མཆོག་གི་དཀོར་ལ་ཐུག་ཐུབ་ཏུ་སྤྱད་པ་དང་། བཀའ་རིན་པོ་ཆེ་ཉོ་ཚོང་


CMR024_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དང་། སེམས་ཅན་དམྱལ་བའི་རྒྱུ་བསགས་པ་ཐམས་ཅད་བྱང་བར་འགྱུར་རོ། །གཞན་ཡང་ཚོགས་ཀྱི་མཆོད་པ་བསྔོས་པའི་ཚོགས་ཀྱི་ཡོ་བྱད་ཟོས་པ་དང་། དཀོན་མཆོག་གསུམ་གྱི་མཆོད་པ་ལ་བསྔོས་པའི་ཡོ་བྱད་དང་། མཆོད་པ་ཆེན་པོ་ལ་བསྔོས་པའི་ཡོ་བྱད་དང་། སྒོམ་སྒྲུབ་ཟབ་མོ་ལ་བསྔོས་པའི་ཡོ་བྱད་དང་། ཕུད་ལ་ཉམས་པ་དང་། ལྷག་མ་ལ་ཕྲི་བ་དང་། ཁྲལ་གྱི་གསོག་འཇོག་གྲོགས་ཀྱི་ཟླ་ལ་སྤྱོད་པ་དང་། རྔམ་ཆེན་གྱི་ལས་སོགས་ཏེ་སྲེ་ཏ་ཀ་ཡི་དྭགས་ཀྱི་རྒྱུ་བསགས་པ་ཐམས་ཅད་དག་པར་འགྱུར་རོ། །གཞན་ཡང་ཆོས་ཉིད་དོན་གྱི་ལྟ་བ་ནི་མ་རྟོགས་ཁ་འབྱམས་ཚིག་གི་ལྟ་བ་ལ་གདེང་བཅས་ནས་དམ་ལ་འདྲེས་པ་དང་། དམ་མེད་པ་དང་། དམ་ཉམས་པ་དང་། སྡིག་སྒྲིབ་ཅན་དང་། སྣོད་མིན་རྣམས་ལ་གསང་སྔགས་ཟབ་མོ་སྤེལ་བ་ལ་སོགས་ཏེ། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་འགྱུར་བ་ཐམས་ཅད་བྱང་བར་འགྱུར་རོ། །གཞན་ཡང་ཡང་དག་པའི་དོན་ལ་སྐུར་པ་བཏབ་པ་དང་། ཡང་དག་པའི་དོན་ངོ་མ་ཤེས་པ་དང་། ཡང་དག་པའི་དོན་ཡིན་ནམ་མིན་ནམ་ཐེ་ཚོམ་ཞུགས་པ་དང་། ཡང་དག་པའི་དོན་ཡིན་པར་ཤེས་བཞིན་དུ་མ་སྤྱད་པ་ལ་སོགས་ཏེ། གཏི་


CMR024_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མུག་བྱོལ་སོང་གིས་རྒྱུ་བསགས་པ་ཐམས་ཅད་བྱང་བར་འགྱུར་རོ། །གཞན་ཡང་རྡོ་རྗེ་སྙིང་པོ་འབྲུ་གསུམ་པོ་འདི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དངོས་ཡིན་པས་རྟག་ཏུ་ཡི་དམ་བྱས་ན། ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཕྱི་སོ་སོ་ཐར་པའི་སྡོམ་པ་ཉམས་པ་ཐམས་ཅད་སོས་པར་འགྱུར་རོ། །བར་བྱང་ཆུབ་སེམས་དཔའི་བསླབ་པ་ཉམས་པ་ཐམས་ཅད་སོར་ཆུད་པར་འགྱུར་རོ། །ནང་གསང་སྔགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་བསྐང་བར་འགྱུར་རོ། །མ་འགྲུབ་པ་གྲུབ་པར་འགྱུར་རོ། །གྲུབ་པ་རྣམས་ཆུད་མི་ཟ་བར་འགྱུར་རོ། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་རོ། །དུག་ལྔ་དུག་གསུམ་ཐམས་ཅད་ཀྱི་རྩ་བ་ཆད་པར་འགྱུར་རོ། །རིགས་དྲུག་གི་གནས་སྟོང་པར་འགྱུར་རོ། །ངན་སོང་གི་སྒོ་འགག་པར་འགྱུར་རོ། །འཇིགས་པ་ཆེན་པོ་བརྒྱད་ལས་ཐར་བར་འགྱུར་རོ། །དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །འཆི་ཁར་གནད་གཅོད་མེད་ཅིང་དཔའ་བོ་མཁའ་འགྲོའི་སུན་མ་འབྱུང་བར་འགྱུར་རོ། །ཕྱི་མ་ཡང་སངས་རྒྱས་ཀྱི་ཞིང་


CMR024_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། ཡི་གེ་འབྲུ་གསུམ་འདི་ནངས་རེ་བརྒྱ་རྩ་བརྒྱད་རེ་བཟླས་ན་མཚམས་མེད་པ་ལྔ་བྱས་པའི་སྒྲིབ་པ་ཡང་བྱང་བར་འགྱུར་རོ། །ཞེས་ལྟདང་། ཨོཾ་གྱིས་ལུས་ཀྱི་གནོད་པ་ཐམས་ཅད་ཐུབ་བོ། །ཨཱཿཡིས་ངག་གི་གནོད་པར་ཐམས་ཅད་ཐུབ་བོ། །ཧཱུྃ་གིས་ཡིད་ཀྱི་གནོད་པ་ཐམས་ཅད་ཐུབ་བོ། །འབྲུ་གསུམ་པོ་འདིས་ཀླུའི་དུག་ཐམས་ཅད་ཐུབ་བོ། །ཨོཾ་མཐོང་བའི་དུག་དང་རེག་པའི་དུག་ཐམས་ཅད་ཐུབ་བོ། །ཨཱཿཡིས་ཁ་རླངས་གི་དུག་དང་འཚེ་བའི་དུག་ཐམས་ཅད་ཐུབ་བོ། །ཧཱུྃ་གིས་བསམ་པའི་དུག་ཐམས་ཅད་ཐུབ་བོ། །ཨོྃ་གྱིས་ཐུན་དང་འཕྲུལ་འཁོར་གྱི་བྱད་ཁ་ཟློག །ཨཱཿཡིས་སྔགས་དང་གྱེར་གྱི་བྱད་ཀ་ཟློག །ཧཱུྃ་གིས་ཏིང་ངེ་འཛིན་གྱི་བྱེད་ཀ་ཟློག །ཨོཾ་གྱིས་ལུས་བཅིངས་པ་ཐམས་ཅད་ཁྲོལ། ཨཱཿཡིས་ངག་བཅིངས་པ་ཐམས་ཅད་ཁྲོལ། ཧཱུྃ་གིས་ཡིད་མྱོས་སུ་བཅུག་པ་ཐམས་ཅད་བཀྲོལ་བར་འགྱུར་རོ། །ཞེས་སོགས་འབྲུ་གསུམ་ལ་ཕན་ཡོན་མང་དུ་གསུངས་སོ། །དོན་ཡོད་ཞགས་པ་ས་བཅུའི་གཟུངས་ལས། ཨོཾ་ཞེས་བྱ་བ་དོན་ཡོད་ཞགས་པ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་ཐམས་ཅད་སྔགས་ཡི་གེ་གཅིག་གོ །འཇིག་རྟེན་མགོན་པོའི་


CMR024_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔར་ཡི་གེ་འབུམ་དྲན་པར་བྱས་ན་ས་དང་པོ་ལ་གནས་པར་འགྱུར་རོ། །སྔོན་སྡིག་པ་བསགས་པའི་སེམས་ཅན་དམྱལ་བ་མི་བཟད་པ་གང་ཡང་རུང་བ་དེ་ཐམས་ཅད་ཇི་ལྟར་རླུང་གིས་ཕྱགས་བདར་མཐོང་བ་བཞིན་དུ་འཇིག་པར་འགྱུར་དངོས་གྲུབ་ཐོབ་པར་འགྱུར་རོ། །དོན་ཐམས་ཅད་རྗེས་སུ་འཇུག་པར་འགྱུར་རོ། །ཞེས་དང་། གསང་སྔགས་ཨོ་ཞེས་བྱ་བ་དྲན་ན་ཚེ་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་སོགས་ཨོཾ་ཁོ་ནའི་ཕན་ཡོན་དང་། ཨཱཿཡིག་ཁོ་ན་བཟླས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་བཤད་ཅིང་། རིང་ཆ་མེད་པའི་ཨ་རྐྱང་པ་མདོ་བརྒྱད་སྟོང་པ་ཉེར་ལྔ་སྟོང་ཕྲག་བརྒྱ་པ་ཐམས་ཅད་ཀྱི་དོན་ཚང་ཞིང་སྙིང་པོ་ཡིན་པར་བཤད་པས་གཅོད་ཡུལ་རྣམས་ནས། ཨཱཿབཟླ་ཚུལ་གསུངས་པ་དང་། སྦྱོང་རྒྱུད་དང་འཇམ་དཔལ་རྩ་རྒྱུད་རྣམས་ནས་ཧཱུྃ་ཁོ་ན་བཟླས་པས་ཀུན་རིག་དང་གཤིན་རྗེ་སོགས་འགྲུབ་པར་གསུངས་ཤིང་། རྙིང་མ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཐུགས་སྒྲུབ་ཧཱུྃ་སྒྲུབ་དྲག་མཐིང་ཐམས་ཅད་ཀྱི་སྙིང་པོ་ཧཱུྃ་ཁོ་ནས་ཆོག་པར་གསུངས་ཤིང་། ཧྲིཁོ་ན་བཟླས་པས་ཚེ་དཔག་མེད་དང་དབྱངས་ཅན་མ་དང་ཐུགས་རྗེ་ཆེན་པོ་འགྲུབ་


CMR024_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་གསུངས་ལ། ཁྱད་པར་པདྨ་ཅོད་པན་རྒྱུད་ལས། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི། །ཐབས་དང་ཤེས་རབ་ལྡན་པ་ཡིས། །ཧཱི༔ཡིག་དཀར་པོ་ཡང་དག་བཟླས། །ཞེས་ཧྲཱིཿཁོ་ན་བཟླས་པས་བཅུ་གཅིག་ཞལ་ཡང་འགྲུབ་པར་གསུངས་ཏེ། མདོར་ན་ཡི་གེ་བཞི་པོ་འདི་སྔགས་ཐམས་ཅད་ཀྱི་རྩ་བ་དང་མཆོག་དམ་པ་ཡིན་ནོ། །དེ་ནས་ཡི་གེ་དྲུག་པ་སྦྱར་བཤད་རྒྱ་ཆེན་པོས་སྤྲུལ་པའི་རྒྱལ་པོས་དྲུག་དྲུག་སུམ་ཅུ་སོ་དྲུག་གསུངས་པ་སོགས་རྒྱ་ཆེར་མ་ཎི་བཀའ་འབུམ་སོགས་ལ་བལྟ་བར་བྱ་ཞིང་མདོར་བསྡུས་བརྗོད་ན་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་རྩེ་མོ་ལས། །ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་ལྡན། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་གསུངས་པ་ལ་གསར་མའི་སྔགས་ཐམས་ཅད་ལེགས་པར་སྦྱར་བ། སཾ་སྐྲྀ་ཏའི་སྐད་ཡིན་ལ། སཾ་སྐྲྀ་ཏའི་སྐད་ལ། འགྲེང་བུ་ན་རོ་ཅན་ཨེ་ཨོ་ཞུགས་པ་ཐམས་ཅད་རིང་པོ་ཡིན་པས་འ་འདོགས་མི་ཐུབ་པས། ས་པཎྜི་ཏས། རྒྱ་དཔེའི་ཨོ་ལ་རིང་ཆ་མེད། །འ་འདོགས་འཁྲུལ་ཞེས་བླ་མས་གསུངས། །ཞེས་འབྲུ་གསུམ་ཨོ་ལ་འ་འདོགས་མེད་པར་


CMR024_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་། མ་ཧཱ་པཎྜི་ཏ་སངྒ་ཤྲཱིས། འགྲེང་བུ་ན་རོ་ཡོད་གྱུར་ན། །རིང་པོ་ཉིད་ཕྱིར་འ་འདོགས་སྤངས། །ཞེས་གསུངས་པའི་ཕྱིར། ལྷ་དགུ་འདི་གསར་མ་ཡིན་པས་ཡི་དྲུག་ཨོ་ལ་འ་འདོགས་མི་རུང་ངོ་། །གསང་སྔགས་སྔ་འགྱུར་རྙིང་མ་ནི། སཾ་སྐྲྀ་ཏའི་སྐད་ཁོ་ནའི་ངེས་པ་མེད་དེ་ཟུར་ཆག་དང་པྲ་སྒྲི་ཏའི་སྐད་དང་། པི་ཤ་ཙིའི་སྐད་དང་། ཨོ་རྒྱན་གྱི་ཡུལ་སྐད་དང་། མཁའ་འགྲོའི་བརྡ་སྐད་སོགས་དང་། སྐད་སྣ་ཚོགས་འདྲེས་མའི་ཚུལ་དུ་སྔགས་བོད་སྐད་དང་བསྲེས་པ་སོགས་འབྱུང་བས། སྒྲའི་བསྟན་བཅོས་དང་བསྟུན་དུ་མི་བཏུབ་སྟེ། གསང་འདུས་ཐུགས་རྗེ་ཆེན་པོའི་ཞུས་ལེན་ལས། ཨོཾ་རྒྱན་རིན་པོ་ཆེའི་ཞལ་ནས། སྔགས་ཀྱི་སྒྲ་ལ་དང་པོ་ཐམས་ཅད་ཀྱི་མགོར་སྐུའི་ཡི་གེ་ཡིན་ཏེ། མ་འོངས་པ་ན་བོད་ཀྱི་སློབ་དཔོན་ཤེས་ཆུང་བ་ཁ་ཅིག་གིས། འ་ནི་འདོགས་མི་དགོས་པར་སྨྲ་སྟེ། ཐིག་ལེ་གསང་བའི་རྒྱུད་ལས། ཨོཾ་ནི་སྐུ་གསུམ་ཡེ་ཤེས་ལྔ། ཨོ་ཕ་རོལ་ཏུ་ཕྱིན་པ་དྲུག །ཨོ་བྱང་ཆུབ་ཀྱི་ཡན་ལག་བདུན། ཞེས་པས། ཨ་རྐྱང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། ན་རོ་ཀླད་སྐོར་ཐིག་ལེར་བཅས་པ་ཡོན་ཏན་འབྱུང་བས་ལོངས་སྤྱོད་རྫོགས་སྐུ། འ་འགྲོ་བ་འདྲེན་པ་


CMR024_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་སྟེ། སྐུ་གསུམ་པོ་ཡང་། དཔུང་པ་གཡས་གླང་པོའི་སྣ་ལྟ་བུའི་ཀུན་ལ་སྙོམས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། དཔུང་པ་གཡོན་པ་མདའ་ཆོས་འབྱུང་ལྟ་བུའི་གསལ་འགྲིབ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས། ན་རོ་འདབ་བཟང་ལྟ་བུའི་ཀུན་ཏུ་གསལ་བས་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཐིག་ལེ་ཟླ་ཚེས་ཐབས་ཤེས་དབྱེར་མེད་ཚུལ་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །འ་འགྲོ་བ་འདྲེན་པའི་ཚུལ་ཐམས་ཅད་འགྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡང་དཔུང་པ་གཡས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དཔུང་པ་གཡོན་ཚུལ་ཁྲིམས། ན་རོ་བཟོད་པ། འ་བརྩོན་འགྲུས། ཟླ་ཚེས་བསམ་གཏན། ཐིག་ལེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དཔུང་པ་གཡས་དལ་འབྱོར་རྙེད་དཀའ་བ། དཔུང་པ་གཡོན་མི་རྟག་པ་བསྒོམ་པ། ན་རོ་འཁོར་བའི་ཉེས་དམིགས། ཟླ་ཚེས་སྐྱབས་སུ་འགྲོ་བ། ཐིག་ལེ་སྨོན་འཇུག་སེམས་བསྐྱེད། འ་ཚོགས་གཉིས་བསགས་པ། ཡོངས་སུ་རྫོགས་པ་བསྔོ་བ་སྨོན་ལམ་སྟེ། ཨོ་ལ་འ་མེད་ན་དུམ་ཆད་མི་འགྲུབ་པས་སོ། །དཔེར་ན་སྒྲུབ་བྱེད་མེད་པས། ཡེ་དྷརྨཱ་ལ་སོགས་པའི་མགོར་ཨོ་ལ་འ་མེད་ཀྱང་འགལ་བ་ཆུང་བ་ལྟ་བུ་གསུངས་སོ། །ཡང་


CMR024_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ལ་ཞུས་པ། འོ་ན་རྒྱ་ཡིག་ལ་ཨོ་ལ་འ་མེད་པ་ལྟ་བུ། ཡང་འདུག་པ་གང་ལགས་ཞུས་པས། གུ་རུའི་གསུངས་ནས་དེ་ནི་གང་ཡང་ཡོད། ཨོ་རྒྱན་གྱི་ཡི་གེ་དྲ་། འགྲོ་ལྡིང་གི་ཡི་གེ་དྷི་རི་དྷུ་དང་། ཟ་ཧོར་གྱི་ཡི་གེ་སཾ་དྲ་ཧ་དང་། ཀ་མ་རུ་པའི་ཡི་གེ་ན་ར་ཀ་རྣམས་ལ་ནི་འ་བཏགས་ཡོད་ཅིང་། དེ་ཡང་སུམ་ཅུ་རྩ་གསུམ་ནས་བྱུང་བ་དང་། ལཉྫ་དང་། བྷ་ཀྲུ་དང་། དྷ་རི་གསུམ་ནི་མ་ག་ཏའི་ཡི་གེ་ཡིན་ཏེ་འདི་རྣམས་ལ་ནི་འ་ཞོར་གྱིས་ཡོད་ཅིང་། འོན་ཀྱང་རྒྱ་ཡིག་འདི་རྣམས་ཁོང་ནས་བཀླག་པ་ཡིན་ཏེ། དངོས་སུ་མེད་ཀྱང་སྒྲ་ཞོར་གྱིས་འབྱུང་བ་དང་། ལཉྫའི་རྐང་པ་ལ་འཕྲས་ཟག་རིང་པོ་བཏགས་པ་དེ་ཡང་རྒྱན་ཡིན་ཏེ། ཁོང་དུ་བཀླག་པའི་སྒྲ་ཞོར་ལས་འབྱུང་བ་ཡིན། དེ་ལ་ཨོ་ལྟ་བུ་ལ་འ་འགྲོ་བ་ཡིན། ལར་ཁོང་དུ་བཀླག་པ་གང་ཞེ་ན། ཡི་གེ་འབྲུ་མི་གཅིག་པ་ལ་སྒྲ་གཅིག་པ་དང་། འབྲུ་མི་གཅིག་པ་ལ་སྲོག་གཅིག་པ་འབྱུང་སྟེ། དཔེར་ན་དབྱངས་ཡིག་ལ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཞེས་བོད་ཡིག་ལ་ཨ་རྐྱང་དུ་འབྱུང་བ་ལས། ༈ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཞེས་འབྲུ་མི་གཅིག་པ་ཡང་སྒྲ་དོན་གཅིག་པ་ལྟ་བུ་སྟེ། དེས་ན་


CMR024_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལཉྫ་ལ་དངོས་སུ་འ་བཏགས་མེད་ཀྱང་ཁོང་བཀླག་ཞོར་དུ་འབྱུང་བ་ཤེས་པར་བྱའོ། །གསུངས་སོ། །འོན་ཀྱང་མ་འོངས་པ་ན་བོད་ཀྱི་སློབ་དཔོན་རྣམས་ཀྱང་ཆད་འདོད་ཀྱི་དབང་གིས་ཤུགཞན་དང་མི་འདྲ་བར་གཅིག་ལ་གཙོ་བོར་འདོད་པས་སྔགས་སྒྲ་ལ་ཡང་མི་མཐུན་པ་མང་ཡོང་བས། ངའི་རྗེས་འཇུག་རྣམས་ངའི་ཟབ་གཏེར་སླད་མེད་རྣམས་ཇི་ལྟར་བྱུང་བ་བཞིན་བཟླ་བར་བྱའོ། །ཞེས་གསུངས་པ་དང་། ར་ས་དང་ཁྲ་འབྲུག་གི་གཙུག་ལག་ཁང་ན་སྤྲུལ་པའི་རྒྱལ་པོས་ཕྱག་གིས་ཤིང་ལ་འབུར་དུ་བརྐོས་པའི་ཡི་གེ་དྲུག་པའི་ཨོ་ལ་ཡང་འ་འདོགས་འདུག་པ་ཚེམཐོང་བའི་ཕྱིར། རྙིང་མའི་ལུགས་ཨོ་ལ་འ་ཡོད་པར་ངེས་པས། ལྷ་ལྔ་འདི་རྙིང་མ་གཙོ་ཆེ་བས་འ་འདོགས་སྦྱར་བར་བྱའོ། །མ་ཎི་ནི་ནོར་བུ་སྟེ། སྔགས་ཀྱི་ནོར་བུ་རིན་པོ་ཆེ་ཡིན་ནོ། །དཔེར་ན་ནོར་བུ་བཻཌཱུརྱས་རིན་པོ་ཆེ་མཐོན་མཐིང་དེ་དེད་དཔོན་གྱིས་རྒྱ་མཚོའི་གླིང་ནས་ཀླུའི་རྒྱལ་པོའི་བུ་མོ་མཆོག་ལ་བསླངས་ནས་འོང་སྟེ། ལན་ཚ་དང་སྤོས་ཆུས་སྦང་སྟེ་གོས་རྩུབ་མོ་དང་འཇམ་པོ་དང་ཀ་ཤི་ཀའི་རས་གསུམ་གྱིས་ཕྱིས་ནས་རྒྱལ་མཚན་གྱི་རྩེར་ཕྱུར་ན། ཟས་འདོད་པ་ལ་ཟས་དང་། གོས་འདོད་པ་ལ་གོས་ལ་སོགས་པ་ཅི་བསམ་པ་ཐམས་ཅད་འགྲུབ་


CMR024_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །དེ་བཞིན་དུ་ཀླུའི་རྒྱལ་པོ་ལྟ་བུའི་རྒྱལ་བའི་རིག་འཛིན་པ་བླ་མ་དམ་པ་ཀླུའི་བུ་མོ་ལྟར་སྡོམ་པ་གསུམ་གྱིས་རྒྱུན་གྱི་མཛེས་པའི་ལག་ནས་སྔགས་ཀྱི་ནོར་བུ་འདིའི་དབང་ལུང་བླངས་ཏེ། བསྙེན་སྒྲུབ་ལས་གསུམ་གྱི་ལས་ཀྱི་རིམ་པ་ཕྱེས་པས་འདི་དང་ཕྱི་མའི་དོན་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའོ། །ཡང་བྱ་ཁྱུང་གི་རྒྱལ་པོ་ཆེའི་དུས་བྱས་ནས་རང་གི་ལུས་ལ་མེ་འབར་ཏེ་རང་ལུས་ས་ཕྱོགས་ཡུལ་ཁམས་དང་བཅས་པ་བསྲེགས་ནས་སྙིང་གཅིག་པུ་ལུས་སོ། །སྙིང་དེ་རྒྱ་མཚོའི་སྟེང་དུ་ལན་གསུམ་རྒྱུགས་ཤིང་སླར་ཡང་རིའི་རྩེ་དེར་མེ་འབར་ཞིང་འདུག་གོ །དེ་ཀླུའི་རྒྱལ་པོས་ཤེས་ཏེ་ཆར་ཆེན་པོས་མེ་གཞིལ་ནས་ནོར་བུ་བླངས་ཏེ་སྤྱི་གཙུག་གི་རྒྱན་དུ་བྱས་པས་ཁྱུང་གི་འཇིགས་པ་ནམ་ཡང་མི་འབྱུང་བ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པའི་ཀླུའི་གདུག་པ་ཐམས་ཅད་འཇོམས་པ་ལ་ཁྱུང་དང་མཚུངས་པ་འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་སྙིང་པོ་འདི་སུས་འཆང་བ་ལ་ངན་སོང་དང་འཁོར་བའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །དེ་ལྟར་དགོས་འདོད་འབྱུང་བ་དང་འཇིགས་པ་སྐྱོབ་པ་དང་གཉིས་ཀའི་ཆ་ནས་ནོར་བུ་དང་འདྲ་བས་ན་ནོར་བུའོ། །པདྨ་ཞེས་པའི་སྒྲ་ནི། ཆུ་


CMR024_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའོ། །སྲིན་བུ་པདྨ་འམ་པདྨ་པ་ལ་པདྨ་སྙན་ངག་མཁན་གྱིས་སྨྲ་མོད། པདྨའི་སྒྲ་ལ་དྲངས་ནས་རྐང་པ་ལ་འཇུག་ཅིང་འགྲོ་བའི་བྱ་བ་མི་བྱེད་པས་རྐང་འགྲོས་བཅིངས་ཞེས་བྱའོ། །པདྨའི་སྒྲ་ཆུའི་སྟེང་དུ་འཕྱོ་བ་ལ་ཡང་འཇུག་ཅིང་མཚོ་ལ་སྐྱེས་ཕྱིར་མཚོ་སྐྱེས་ཀྱང་ཟེར་རོ། །སྤྱིར་ནི་པདྨ་མེ་ཏོག་གི་བྱེ་བྲག་སྟེ་ཉི་མས་ཁ་བྱེ་བ་པདྨ་དང་། ཟླ་བས་བྱེ་བ་ཀུ་མུད་ཏའི་རིགས་སོ། །དེ་ལ་སྲིན་བུ་པདྨ་ལ་པདྨའི་སྒྲ་འཇུག་པ་ལྟར། སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་ཐུགས་རྗེས་ཁྱབ་པར་འཇུག་གོ །པདྨ་རྐང་པ་ལ་འཇུག་ཀྱང་འགྲོ་བའི་བྱ་བ་མི་བྱེད་པ་ལྟར་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ་འཇིག་རྟེན་ན་བཞུགས་ཀྱང་འགྲོ་བ་རིགས་དྲུག་གི་གྲངས་སུ་མི་འགྲོ་ཞིང་མི་འཁྲུལ་ལོ། །པདྨའི་སྒྲ་ཆུའི་སྟེང་དུ་འཕྱོ་བ་ལ་འཇུག་པ་ལྟར་ཐུགས་རྗེ་ཆེན་པོ་འཁོར་བར་གནས་ཀྱང་། འཁོར་བའི་སྐྱོན་གྱིས་མི་གོས་ཤིང་། ཐུགས་རྗེ་ཆེན་པོ་སུས་འཆང་བ་འཁོར་བའི་ཆུ་བོར་མི་བྱིངས་སོ། པདྨ་མཚོ་ལས་སྐྱེས་པ་ལྟར་ཐུགས་རྗེ་ཆེན་པོའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རྒྱ་མཚོ་ལས་འཁྲུངས་པ་དང་། དང་པོ་ནི་བདེ་བ་ཅན་དུ་ཡང་འོ་མ་ཅན་གྱི་མཚོ་ལས་འཁྲུངས་སོ། །དེ་དག་སྒྲའི་བཤད་


CMR024_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། དོན་གྱི་བཤད་པ་ནི། རྩ་བའི་རྒྱུད་པདྨ་དྲྭ་བ་ལས། པདྨ་སེམས་དཔའ་པད་འབྱུང་ཆེ། །ཞེས་དང་། །པདྨ་འཆང་དང་པདྨ་དཔའ། །པདྨའི་མགོན་ཁྱེད་ཕྱག་འཚལ་ལོ། །པདྨ་ལས་བྱུང་དམ་པ་ཡིས། །པདྨ་གསལ་མཛད་དགའ་མཛད་པོ། །པདྨའི་རྡོ་རྗེ་པདྨའི་སྐུ། །པདྨའི་སྤྱན་ལ་ཕྱག་འཚལ་ལོ། །ཞེས་དང་། པདྨའི་ཞལ་ཁྱོད་ཕྱག་འཚལ་ལོ། །ཆོས་མངའ་དོན་མངའ་པདྨ་རྒྱལ། །ཞེས་དང་། པདྨའི་ཕྱག་རྒྱ་པདྨའི་ལག །ཅེས་དང་། གཙོ་མཆོག་རྒྱལ་པོ་པདྨའི་དཔལ། །ཞེས་སོགས་སྤྱན་རས་གཟིགས་ཀྱི་མཚན་གྱི་རྣམ་གྲངས་བརྒྱ་རྩ་བརྒྱད་གསུངས་ལ། དེ་ཡང་བསྡུ་ན། མཚན་གྱི་གཙོ་བོ་བརྒྱད་དེ། སྤྱན་རས་གཟིགས་ཀྱི་མཚན་བརྒྱད་པ་ལས། པདྨ་བསྣམས་པ་པདྨ་ལས་འཁྲུངས་པ། ཕྱག་ན་པདྨ། །པདྨའི་དཔལ། པདྨའི་གཙོ་བོ། པདྨའི་སྤྱན། འཇིག་རྟེན་དབང་ཕྱུག །པདྨའི་དབང་ཕྱུག་སྟེ་མཚན་བརྒྱད་དུ་གསུངས་ལ། སྔགས་རྣམས་ཐམས་ཅད་མིང་ཡིན་ཏེ་ཞེས་པ་པདྨ། ཞེས་པ་སྤྱན་རས་གཟིགས་ཀྱི་མཚན་གྱི་རྩ་བ་དངོས་གཞི་ཡིན་ནོ། །པདྨ་དེ་ལ་ཡི་གེ་ཨེ་ཞུགས་ནས། །པདྨེ་ཞེས་པས་འབྲེལ་པའི་སྒྲ་ཀྱིའམ་


CMR024_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འི་ཞེས་པའི་སྒྲ་འབྱུང་སྟེ། མ་ཎི་པདྨེ་སྒྲ་ཐད་སོར་བསྒྱུར་ན། ནོར་བུ་པདྨའི་ཟེར་བ་བྱུང་ཡང་སྒྲ་ཕལ་ཆེར་ཐང་ལོགས་སུ་བསྒྱུར་ཏེ། དཔེར་ན་མ་ཧཱ་ཀཱ་ལ་ཐད་སོར་བསྒྱུར་ན་ཆེན་པོ་ནག་པོ་ཟེར་བ་བྱུང་ཡང་། དེར་མི་བསྒྱུར་བར་སྒྲ་ཐང་ལོགས་སུ་བསྒྱུར་ནས་ནག་པོ་ཆེན་པོ་ཟེར་བ་ལྟར། མ་ཎི་པདྨེ་ཡང་ཐང་ལོགས་སུ་བསྒྱུར་ནས། མ་ཎི། ནོར་བུ་པདྨོའི་འགྲེང་བུའི་ཞེས་འབྲེལ་པའི་སྒྲ་བསྒྱུར་ནས། པདྨའི་ནོར་བུ་ཞེས་བྱ་སྟེ། རིགས་ལྔའི་ནང་ནས་ནུབ་པདྨའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་འགྲོ་བའི་རེ་བ་ཡིད་བཞིན་དུ་བཀང་བའི་ནོར་བུ་རིན་པོ་ཆེ་ཟླུདབང་གི་རྒྱལ་པོ་ཡིན་ནོ། །རྒྱུད་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་སྔངས་ཤིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་གསུངས་སོ། །དེས་ན་དོན་བསྡུས་ན། སྐུ་ལྔ་ཡེ་ཤེས་ལྔའི་པདྨའི་རིགས་ཀྱི་ནོར་བུ་རིན་པོ་ཆེས་སྲིད་པའི་སྡུག་བསྔལ་ཐམས་ཅད་གཅོད། ཅེས་པའོ། །དེ་ནས་སྔགས་རིང་ལ། ཨོ་དྷུ་མ་གྷ་ཡེ་ན་མསྭཱ་ཧཱ། འདི་དགོངས་འདུས་འགྲོ་བ་ཀུན་སྒྲོལ་རྒྱུད་ལས་སྟོན་པ་པདྨ་གངས་ཆེན་མཚོས་


previousཤོག་གྲངས་ ༡༠༡ ནས་ ༢༠༠ བར།next