Nitartha Digital Library
Tibetan
 
previous གཉིས་པ་བྱེ་བྲག་ཏུ་བརྒལ་བ།next

གཉིས་པ་བྱེ་བྲག་ཏུ་བརྒལ་བ།

གཉིས་པ་བྱེ་བྲག་ཏུ་བརྒལ་བ་ནི༔ ཁྱོད་ནི་སྔོན་བྱུང་གི་སྐྱེ་བོ་དམ་པའི་ལུང་གིས་མ་ཟིན་པ་དང་༔ ས་གཏེར་འདོན་རྒྱུ་མ་བྱུང་བའི་ཕྱིར་ཚད་མའི་གཏེར་སྟོན་ཞིག་མིན་པར་མཆི༔ གཏེར་ཡང་བཀའ་ལུང་ཐམས་ཅད་དང་འབྲེལ་བར་དཔང་བཞག་གི་བརྩམས་ཆོས་ཞིག་ལ་འདྲ་ན་མི་འཐད་དོ་སྙམ་པ་ན༔

དེ་ལ་ཡང་བཤད་པར་བྱ་བ་ལ་གསུམ་སྟེ༔ དང་པོ་ནི༔ ཨོ་རྒྱན་ཆེན་པོ་དང་གཏེར་སྟོན་སྔ་མའི་ལུང་བསྟན་གྱི་མ་ཟིན་པ་ཐམས་ཅད་མ་དག་པ་ཞིག་ཡིན་ན༔ གཏེར་ཕྲན་སྟོང་རྩ་དང་གཏེར་གྱི་རིགས་བྱེད་བྱེ་བ་བཅོ་བརྒྱད་འདོན་མི་ཐམས་ཅད་ལས་ཕལ་ཆེ་བ་གཏེར་སྟོན་མིན་པར་འགྱུར་ཏེ་ཐམས་ཅད་ལུང་གིས་བཟུང་ན་བཀའ་རྒྱས་པ་ཙམ་ཞིག་ཡོད་དོ༔ ཡང་པདྨ་བཀའ་ཐང་ལས༔ མི་ཐོག་རེ་སོང་གཏེར་སྟོན་རེ་རེ་འབྱུང་༔ ཞེས་དང་༔ པདྨ་གླིང་པས༔ དེ་དུས་ལུང་པ་རེ་ན་གཏེར་སྟོན་རེ༔ དཔེར་ན་སྤང་ལ་ཤྭ་མོང་རང་རྡོལ་འབྱུང་༔ ཞེས་དང་༔ ཨོ་རྒྱན་གྱི་ལུང་བསྟན་ལས༔ ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་པ༔ དེ་སྲིད་གཏེར་གྱི་བསྟན་པ་ག་ལ་རྫོགས༔ ཞེས་དང་༔ ཡུལ་གྲུ་རེ་ལ་གྲུབ་ཐོབ་གྲགས་འདོད་རེ༔ དེ་དུས་ལུང་པ་རེ་ན་གཏེར་སྟོན་རེ༔ མ་འོངས་བསྟན་པ་མཐའ་ནས་རྒྱས་པར་འགྱུར༔ ཞེས་བསྟན་མཇུག་གཏེར་གྱིས་སྐྱོངས་པའི་ལུང་བསྟན་ཡོད་པས་མདོ་སྡེ་ཐམས་ཅད་སངས་རྒྱས་ཀྱིས་ཀྱང་གཏེར་དུ་སྦས་པ་ཡིན་ནོ༔

གཉིས་པ་ནི༔ ས་གཏེར་མིན་པར་གཏེར་གྱི་གྲངས་སུ་མི་འགྲོ་པར་བསྙད་པ་ནི་ཤིན་ཏུའང་མི་རིགས་ཏེ༔ གཏེར་ཐམས་ཅད་ཀྱི་རྒྱལ་པོ་དགོངས་གཏེར་ཡིན་པས་སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་ཚུལ་དང་རྗེས་སུ་མཐུན་པར༔ རིག་འཛིན་བླ་མའི་ཐུགས་གཏེར་དུ་འབྱུང་བའི་ཕྱིར༔ ཡེ་ཤེས་གསལ་བའི་རྒྱུད་ལས༔ སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ༔ གཏེར་དང་ལྡན་ནོ་ཁྱད་པར་ཆེ༔ ཞེས་དང་༔ སངས་རྒྱས་མཉམ་སྦྱོར་རིག་པའི་རྒྱུད་ལས༔ དུས་གསུམ་རྒྱལ་བའི་དགོངས་གཏེར་ནི༔ རྫ་ཤིང་སྣོད་ལ་ཡོངས་མི་བརྟེནཿ ཞེས་དང་༔ རིག་པའི་རྒྱལ་པོའི་རྒྱུད་ལས༔ དུས་གསུམ་རྒྱལ་བའི་ཐུགས་གཏེར་ཡིན༔ རྫ་ཤིང་སྣོད་ལ་ཡོངས་མི་བརྟེན༔ ཞེས་དང་༔ ལུང་སྐོར་དགུ་པ་ལས༔ བདེ་གཤེགས་རྒྱལ་བའི་དགོངས་གཏེར་འབྱུང་༔ ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས༔ རིག་འཛིན་བླ་མའི་ཐུགས་གཏེར་འབྱུང་༔ མན་ངག་རྒྱ་མཚོའི་བསྟན་པ་རྒྱས༔ ཞེས་དང་༔ ཨོ་རྒྱན་ཆེན་པོས༔ བོད་ཡུལ་ཀུན་ཏུ་གཏེར་ཕྲན་བྱེ་བ་འབྱུང་༔ ཞེས་ཀྱང་གསུངས་སོ༔ དེ་ལྟར་ཐུགས་དགོངས་ཟབ་མོའི་གཏེར་ཐོབ་ཚུལ་ཀྱང༔ གནས་ཕུན་སུམ་ཚོགས་པ་རང་སྣང་འོག་མིན་ཆོས་དབྱིངས་འགྱུར་བའི་ཟུག་ངུ་དང་བྲལ་བས་བདེ་བ་ཆེན་པོའི་ཀ་དག་གི་རྒྱལ་ས་ན་ཁྱད་ཆོས་དྲུག་གིས་གྲོལ་བ་རྡོ་རྗེའི་གདན་ལ༔ ཨཱཿ སྐྱེ་བ་མེད་པའི་དབྱིངས་ནང་གསལ་གྱི་ཡེ་ཤེས་སྐུ་གསུམ་རང་བྱུང་བྱང་ཆུབ་རིག་སྟོང་གི་སྟོན་པ་སྐྱོན་གྱིས་མ་གོས་པས་པ༵དྨ༵༔ འཁོར་འདས་ཀུན་འབྱུང༵་གི་གན༵ས་ལུགས་ཡང་དག་པར་རྫོགས་པའི་ཆོས་སྐུའི་ཆོས་སྐུ་སངས་རྒྱས་ཀྱི་དབང་པོས༔ ཆོས་ཀྱི་སྐུའི་འཁོར་ཆོས་སྐུའི་ལོངས་སྐུ་དང་སྤྲུལ་སྐུའི་ཡེ་ཤེས་རྒྱ་མཚོའི་སྐུ་གསུམ་སུམ་སྤྲུགས་ལ༔ བསྟན་བྱ་དག་མཉམ་ཟུང་འཇུག་དོན་དམ་པའི་གནས་ལུགས་རྫོགས་ཆེན་གྱི་ཆོས་དེ་སྟོན་བྱེད་སྐྱེ་མེད་མཚོན་པ་དོན་གྱི་གསུང་གིས་བསྟན་ནས༔ སོ་སོ་ཐ་དད་དུ་མ་གཅིག་གི་གྲངས་སུ་མ་ཆད་པ་ངེས་པ་མེད་པའི་ཐ་སྙད་མཉམ་པ་ཉིད་གཞི་ཀ་དག་གི་དུས་སུ་གཞི་དུས་སུ་སེམས་སེམས་བྱུང་དབྱེར་མེད་དང་འབྲས་དུས་སུ་སྟོན་འཁོར་དབྱེར་མེད་བསམ་གྱིས་མི་ཁྱབ་པའི་དགོངས་པ་དབྱེར་མེད་དུ་གྱུར་པའོ༔ རིན་ཆེན་སྤུངས་པ་ཡོན་ཏན་གྱི་རྒྱུད་མཆོག་ཏུ་གསང་བ་ལས༔ མེད་པ་སྟོང་པའི་ཆོས་འབྱུང་ནས༔ ཡེ་ཐོག་དང་པོའི་སངས་རྒྱས་ཀྱིས༔ རིག་པ་ཡེ་ཤེས་ཁྱད་པར་ལས༔ ཆོས་ཉིད་སྟོང་པའི་རང་སྒྲར་ནི༔ ཡེ་ནས་ཆོས་ཀྱི་འཁོར་ལོ་བསྐོར༔ ཐོག་མ་བར་དང་ཐ་མེད་པར༔ ཞེས་སོ༔ དེས་ན་དགོངས་བརྒྱུད་ཁྱད་པར་ཅན་གྱི་ཆོས་སུ་དགོངས་བརྒྱུད་ཆོས་སྐུའི་ཕུན་སུམ་ཚོགས་པ་ལྔ་སྟེ་དགོངས་གཏེར་གྱི་དོན་ཀྱང་ཡིན་ནོ། །བྱུང་བ་དང་༔ ཡང་གནས་ཕུན་སུམ་ཚོགས་པ་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་གཞལ་ཡས་ཁང་གསེར་གྱི་རྩ་ཆེན་ནས༔ སྟོན་པ་ཕུན་སུམ་ཚོགས་པ་སྐུ་གསུམ་སྐུ་༡འོད་༢ཡེ་ཤེས་༣སུམ་བརྩེགས་རིགས་འདུས་ལམ་གྱི་ཡེ་ཤེས་རྟོགས་བྱ་ཐབས་ཀྱི་རྒྱུད་པདྨ་འབྱུང་གནས༔ ཆོས་ཕུན་སུམ་ཚོགས་པ་མི་རྟོག་པའི་ཡེ་ཤེས་རང་གནས་ཀྱི་མཚན་དཔེ་ཐབས་ཀྱི་གསང་སྒོར་བྱུང་བའི་བརྡ་ཐབས་ཉམས་མྱོང་གི་རྟོགས་པ་རྟོགས་བྱེད་ཐབས་ཀྱི་རྒྱུད༔ དུས་ཕུན་སུམ་ཚོགས་པ་རང་བྱུང་གཞི་འབྲས་མཚམས་སྦྱོར་ལམ་གྱི་ཀ་དག་གི་དུས་ལ་ཤར་བའོ༔ ཉི་ཟླ་ཁ་སྦྱོར་ལས༔ ཙིཏྟ་རིན་ཆེན་གཞལ་ཡས་ཁང་༔ ཤེས་རབ་རང་བྱུང་སྟོན་པ་ཆེ༔ སྐུ་དང་ཡེ་ཤེས་ཐིག་ལེ་རྣམས༔ མི་རྟོག་རྣམ་གྲངས་འཁོར་དུ་བྱུང་༔ གདམས་པ་ཉམས་ལེན་བསྟན་པའི་ཚུལ༔ དེ་ཉིད་གོམས་པའི་དུས་ཀྱང་ཡིན༔ ཞེས་སོ༔ འཁོར་ཕུན་སུམ་ཚོགས་པ་ནི་རིག་རྩལ་སོ་སོར་རྟོག་པས་མཚོན་པའི་ཤེས་རབ་སོགས་དང་དེའི་རང་གདངས་དབྱིངས་ཐིག་ལུ་གུ་རྒྱུད་ཀྱི་སྐུ་བཅོ་ལྔ་ལ་སོགས་པ་སྟེ༔ ཐལ་འགྱུར་ལས༔ བདེ་ཆེན་འདུས་པ་ཐབས་ཀྱི་འཁོར༔ ཞེས་སོ༔ བརྡ་བརྒྱུད་དམ་རིག་པ་དོན་རྒྱུད་ཁྱད་པར་བ་ཡིན་པས་ལོངས་སྐུའི་ཕུན་ཚོགས་ཏེ་ཐུགས་གཏེར་གྱི་ཚུལ་དུ་བྱུང་བ་དང་༔ ཡང་གནས་ཕུན་སུམ་ཚོགས་པ་སྙིང་གའི་ལྷོ་ནུབ་ཀྱི་རྩ་ཨ་ལམྦྷུ་ཥའམ་སྒྲ་ཆེན་པོ་ལས་གྱེས་པའི་མཁའ་སྤྱོད་ཐུགས་ཀྱི་གནས། རྩ་རྩེ་བ་མ་རྣ་བ་གཡས་སུ་ཟུག་པ་རྩ་གནས་འཁོར་ལོ་མི་མཇེད་ཀྱི་བཀོད་པ་ལྷུན་རྫོགས་ཀ་ལིང་གི་ཡུལ་དབུས་ཟངས་མདོག་དཔལ་གྱི་རི་བོ་ན༔ སྟོན་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀུན་རྫོབ་རྒྱུའི་ཐིག་ལེ་རང་བྱུང་གི་སྐུའི་ཕྱག་རྒྱ་པདྨ་འབྱུང་གནས༔ ཆོས་ཕུན་སུམ་ཚོགས་པ་སྒྲོན་མ་གསལ་གསུམ་གྱི་རྒྱན་གཅིག །༔ འཁོར་ཕུན་སུམ་ཚོགས་པ་རྟོག་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་གྲངས་མེད་པ་ལ༔ དུས་ཕུན་སུམ་ཚོགས་པ་ཉོན་སྒྲིབ་དག་ཅིང་ཤེས་སྒྲིབ་མ་དག་པ་མ་དག་དག་པའི་གནས་སྐབས་ལྟ་བུ་སྣང་མུན་མཉམ་འབྲེལ་གྱི་སྐད་ཅིག་ཏུ་ཚིག་དང་བརྗོད་པའི་སྒོ་ནས་གཏན་ལ་ཕབས་པའོ༔ འདི་ཡང་རྩ་ཁམས་དེར་རླུང་སེམས་འདུས་པའི་སྣང་ཆ་ལ་དག་སྣང་ཤར་ཏེ་པདྨ་ཀ་རས་རྗེས་སུ་བཟུང་བས་ད་ལྟར་གྱི་སྙན་བརྒྱུད་ཉེ་བ་སྤྲུལ་སྐུའི་གླེང་གཞི་ཞིག་གོ༔

གསུམ་པ་ནི༔ རྒྱལ་བའི་བཀའ་བླ་མའི་ལུང་ཚད་མའི་རིག་པས་ཟུར་བརྒྱན་དང་བཅས་སུ་མི་འགལ་ཞིང་མཐུན་པར་གྲུབ་པ་ལ་སྨད་རྒྱུ་ཡོད་ན༔ ཡང་ན་ཁོ་བོ་གཉོམ་ཆུང་གི་ཚད་ལ་བབས་པའམ༔ བཀའ་བསྟན་ལ་ཚད་མར་མི་འཛིན་པ་གཞན་ཞིག་གི་གྲལ་འགོ་ནས་དབུས་སུ་བཏོན་པ་ཡིན་ནམ་ནེམ་ནུར་དུ་གྱུར་ཏོ༔ དེ་ལས་རྣམ་པར་དག་པའི་སྒྲུབ་བྱེད་འདི་ནི་བསྟན་ཆོས་དང་གཏེར་མ་ཀུན་གྱི་དཔང་པོར་ཆེ་བ་ལགས་ཀྱི༔ འདི་ལས་སྙད་འདོགས་ཀྱི་གཞིར་བྱེད་པ་ན་སྨད་མི་ཤེས་པས་བསྟོད་སྒྲར་ཤོར་ཏེ༔ ཞེ་ཁྲེལ་ཕར་ཡོད་ཚུར་ཡོད་ཡིན༔ ཡང་ངའི་ལྟར་ཡིན་ན་གཏེར་མ་ཞིག་མིན་ཀྱང་མན་ངག་གི་བསྟན་བཅོས་སམ་ཟིན་བྲིས་ཞིག་ཏུ་མི་འགྱུར་མི་སྲིད་པས་དེ་ལ་སྨོད་ན་དེའི་ཕུགས་ཐམས་ཅད་ལ་ཡང་དམོད་པ་མིན་ནམ༔ ཨོ་རྒྱན་པདྨའང་བཀའ་ཆད་ལུང་རྡུག་གི་བླུན་པོ་དང་མི་འདྲ་བའི་བློ་གཟོ་ཞིག་འདྲ་བ་མ་གཏོགས་མེད་པར་སེམས་པའང་ཤིན་ཏུ་མི་འཐད་ལ༔ རྒྱུད་ཐམས་ཅད་ནའང་འཇམ་དཔལ་མཚན་བརྗོད་སོགས་ཀྱི་ལུང་རང་སོར་བཞག་པ་འདྲ་གསུང་ཡོད་པས་རྡོ་རྗེ་འཆང་ལ་ཀླན་ཀ་རེ་ཚོལ་རྒྱུ་ཡིན་ནམ༔ ཨོ་རྒྱན་པདྨས་རྒྱུད་ཆོག་འགྲིགས་བྱས་པ་གཏེར་ལ་སྦས་པའང་ཡོད༔ རྒྱུད་གླེགས་བམ་དུ་བྱས་པ་སྦས་པའང་ཡོད༔ ཁ་བྱང་སོགས་མཛད་པ་སྦས་པའང་ཡོད༔ མངོན་རྟོགས་དཀྱིལ་ཆོག་བསྡེབས་ནས་སྦས་པའང་ཡོད༔ མན་ངག་སྙན་བརྒྱུད་ཡི་གེར་བཀོད་ནས་སྦས་པའང་ཡོད༔ དམར་བྱང་བསྟན་སྲུང་ཐབས་ཀྱི་དབང་བསྒྱུར་ལས་བརྩམས་ཏེ་གསར་བར་རམ་གསར་དུ་མཛད་དེ་སྦས་པའང་ཡོད༔ འདི་ནི་རྒྱུད་དང་མན་ངག་ཀུན་གྱི་བཅུད་བསྡུས་པའི་སྙན་བརྒྱུད་ཡི་གེར་བཀོད་དེ་གསུངས་པའང་ཡིན་ལ༔ དགའ་རབ་པདྨ་ལ་སོགས་འཆི་བདུད་ལས་རྒྱལ་བའི་འཇའ་ལུས་ཆེན་པོའི་རིག་འཛིན་ཡིན་པས་ད་ལྟར་བཞུགས་པའི་གསུང་ཚད་མ་ཁོ་བོས་ཐོབ་པས་ཐུགས་གཏེར་དབང་ཚོད་དུ་ཡིན་པར༔ ཆོས་ཡང་དག་པར་སྡུད་པ་ལས༔ དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི༔ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས༔ སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས༔ དེའི་དྲུང་དུ་གཤེགས་ནས་བྱང་ཆུབ་ཀྱི་ལམ་ཡང་དག་པར་སྟོན་ནོ༔ ཞེས་དང་༔ དད་པ་ཕུན་སུམ་ཚོགས་པ་ལ་ལ་ནི༔ སངས་རྒྱས་མི་བཞུགས་ནའང་ནམ་མཁའི་དཀྱིལ་དང་༔ རྩིག་པ་དང་༔ ཤིང་རྣམས་ལས་ཆོས་འབྱུང་ངོ༔ ཞེས་དང་༔ རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་༔ ཞེས་དང་༔ གསང་བ་བསམ་མི་ཁྱབ་པའི་མདོ་ལས༔ སེམས་ཅན་གྱི་བསམ་པ་དང་མཐུན་པའི་སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་ཐམས་ཅད་སེམས་ཅན་གྱི་བསམ་པ་བཞིན་སྟོན་པའི་སྒྲ་འབྱུང་སྟེ༔ ནམ་མཁའ་ཇི་སྲིད་ཁྱབ་པར་གསུང་གི་སྒྲས་ཆོས་སྟོན་པ་ཡིན་ཏེ༔ ཞེས་སོགས་དང་༔ ཡེ་ཤེས་གསང་རྒྱུད་ལས༔ གསང་མཛོད་རིག་པ་ཐུགས་ཀྱི་གཏེར༔ བསྟན་པའི་སྤྱི་འབྲེལ་གསང་རྒྱུད་འདི༔ གུ་ལང་ལུང་གི་གསེར་ཟོ་རུ༔ སེང་གེའི་འོ་མ་བླུགས་པ་བཞིན༔ སྙིང་གི་དཀྱིལ་དུ་སྦ་བར་གྱིས༔ ཞེས་སོ༔ དེ་ཡང་རང་གང་ལ་དབང་པ་དེ་ལས་གཞན་ཐམས་ཅད་ཡོད་པའང་མིན་ཏེ་ཉན་ཐོས་ལ་གསང་སྔགས་བཞིན་དང་༔ ཏེ་ལོ་བར་རྡོར་འཆང་གིས་ཕྱག་ཆེན་གསུངས༔ འཇམ་དབྱངས་ཀྱིས་ཞི་ལྷ་ལ་བློ་སྦྱངས༔ ས་ཆེན་ལ་ཞེན་པ་བཞི་བྲལ་དང་༔ ཕག་མོས་ཚེམ་བུ་བ་ལ་ཐུགས་ཆེན་དམར་ཁྲིད་ཙམ་གསུངས་པ་དང་༔ ཆོས་གྲགས་ལ་རས་ཆུང་གིས་མཻ་ཏྲི་སྙན་བརྒྱུད་གསུངས༔ ང་ལྷ་བཙུན་ནམ་འཇིགས་གི་དུས་སུ་ཕག་མོའི་ཌཱ་རུའི་སྒྲ་ལས་རིག་འཛིན་སྲོག་སྒྲུབ་ཅེས་པའི་ཐུགས་གཏེར་དང་༔ གཏེར་སྟོན་བརྒྱ་རྩ་ལ་པདྨས་རྗེས་སུ་བཟུང་ནས་རང་སྐལ་རེ་ལས་མ་གསུངས་བའི་ཕྱིར་རོ༔ དེས་ན་ཁོ་བོའི་གཏེར་ཐུགས་ཀྱི་དགོངས་ཀློང་ན་སྦས་པ་དུས་ལ་བབས་ཤིང་བཏོན་པ་ཉིད་བཀའ་བསྟན་གྱི་དཔང་པོ་དང་འབྲེལ་བའི་ཕྱིར་འཁྱོགས་བཤད་དུ་མ་སོང་བའི་གཟི་བྱིན་ཀྱང་འདིས་མངོན་པའི་ཞལ་བཞེས་ཀྱི་དབུགས་དབྱུངས་གཟེངས་བསྟོད་ཅིག་ལ་སྐུ་དྲིན་ཆེ་བ་གཞན་ཅི་ཡོད༔ པདྨ་ལས་འབྲེལ་དང་ཀློང་ཆེན་ཆོས་ཀྱི་རྒྱལ་པོ་ལ་སོགས་པས་གསུངས་པའི་མཁའ་འགྲོ་ཡང་སྙིང་ལ་ཟུར་ཕོག་ཡོད་པ་ལ་ངས་ཀྱང་མཐོལ་འཆགས་སུ་གྲོགས་བྱེད་དོ༔ ས་མ་ཡཿ

གང་གིས་ཡུལ་དུས་གང་ཟག་དམན་པས་གཤིས༔

དོན་ལ་མ་བརྟག་ཕྲག་དོག་ཅལ་སྒྲོགས་ཀྱང་༔

ཚིག་ཟུར་འདི་ཡི་ལམ་ནས་རྨེགས་མེད་དུ༔

གྱུར་བའང་པདྨས་རྣམ་པར་གཏོད་བྱེད་མཐུ༔

ཞེས་བར་སྐབས་ཀྱི་ངེས་ཤེས་ལས་སོ༔


previous གཉིས་པ་བྱེ་བྲག་ཏུ་བརྒལ་བ།next