Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
འཇིག་རྟེན་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་འཕྲེང་བ།
   
   
   
   
   


 
previousའཇིག་རྟེན་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་འཕྲེང་བ།next

འཇིག་རྟེན་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་འཕྲེང་བ།


GLG008_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །


GLG008_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ནས་མི་ཕྱེད་མཛའ་གཅུགས་ཀྱིས་བཅིངས་ལྷག་བསམ་དཔྱིད་ཀྱི་ཕོ་ཉ་ཡིས། །མགྲོན་དུ་བསུས་པའི་རླབས་ཆེན་སྤྱོད་པའི་དབྱར་གྱི་དཔལ་མོ་བཞད་པའི་བཞིན། །


GLG008_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་ཀུན་གྱི་ཕན་བདེའི་མྱུ་གུ་གཡུར་དུ་ཟ་བའི་པད་དཀར་འཆང་། །གྲངས་མེད་ཡོན་ཏན་ཁུར་གྱིས་དུད་པའི་ཐུབ་བསྟན་རྒྱ་མཚོའི་མགོན་དེར་འདུད། །


GLG008_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་པདྨས་འདུལ་ཞིང་བོད་ཡུལ་འདིར། །རིགས་གསུམ་མགོན་པོའི་སྒྱུ་འཕྲུལ་དྲ་བའི་གར། །ཆོས་རྒྱལ་མེས་དབོན་རྒྱལ་བའི་འབྱུང་གནས་སོགས། །སྤྲུལ་པའི་འཕྲེང་བ་མི་འཛད་ཤིན་ཏུ་རིང་། །མ་རྨད་ཐུགས་རྗེ་ཆེན་པོའི་འོད་དཀར་གྱིས། །མིག་སྨན་ལྟ་བུར་གནག་པའི་འཁོར་བའི་མུན། །མཐར་བྱེད་སྐྱེས་རབས་ཟླ་བའི་དཀྱིལ་འཁོར་དང་། །སྲིད་པའི་དཀར་ཆ་རྫོགས་མིན་དེ་སྲིད་འཕེལ། །སོས་དུས་མཁའ་དབྱིངས་བཻ་ཌཱུར་ལྟར་དྭངས་པར། །སྤྲིན་དཀར་དལ་བུར་གཡོ་ལས་ཆར་གྱི་རྒྱུན། །བབས་ཚེ་རྨ་བྱ་དགའ་བའི་གར་བསྒྱུར་ན། །དམ་པའི་རྟོགས་པ་བརྗོད་ལ་སུ་མི་དད། །དེ་ཕྱིར་ཡོན་ཏན་གདེངས་ཀ་རབ་གཡོ་ཞིང་། །ཐུབ་བསྟན་རྒྱ་མཚོའི་འཇིངས་ན་ལེགས་གནས་པ། །སྔོན་མེད་ཀླུ་དབང་ཕྱག་ན་པད་དཀར་ཅན། །བདེ་ཆེན་ཆོས་ཀྱི་རྒྱལ་པོར་གྲགས་མིན་ནམ། །ཁྱོད་ཀྱི་གསང་བ་གསུམ་གྱི་ཕ་རོལ་མཐའ། །ཚད་མར་འཇལ་ལ་ཀུན་མཁྱེན་རྒྱལ་བའི་ཐུགས། །ཐེ་ཚོམ་ཁྱོགས་ལ་འཕྱང་ན་བདག་འདྲ་ཡིས། །སྨྲ་བའི་བརྟུལ་ཞུགས་འཛིན་པ་ངལ་བའི་རྒྱུ། །འོན་ཀྱང་རྒྱ་མཚོ་ཆེ་ལས་ཀུ་ཤའི་རྩེས། །བླངས་པའི་ཆུ་ཐིགས་ཇི་བཞིན་ཐུན་མོང་གི །གདུལ་བྱའི་སྣང་ངོར་འཚམ་པའི་རྣམ་ཐར་གཟུགས། །རབ་དཀར་ཤོག་བུའི་མེ་ལོང་ངོས་སུ་ཤར། །དེ་ཡང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ནི་ལུས་ཅན་མཐའ་དག་ལ་ལྷག་པར་རྗེས་སུ་བརྩེ་བས་དངོས་དང་བརྒྱུད་པའི་སྒོ་ནས་སྤྲུལ་པ་མཐའ་ཡས་པས་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་ཅིང་། ཁྱད་པར་བསྐལ་བ་བཟང་པོ་འདི་ལ་གྲགས་ཆེན་གྱི་སངས་རྒྱས་སྟོང་འབྱོན་པའི་ནང་ཚན། རྒྱལ་བ་ཟས་གཙང་གི་སྲས་པོ་འཕགས་པའི་ཡུལ་དུ་ཆོས་ཀྱི་


GLG008_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས། སྐུ་དངོས་ཀྱིས་གདུལ་བར་བྱ་བའི་གནས་མ་ཡིན་ལ། རྒྱ་ནག་གི་གནས་ནི་འཕགས་པ་འཇམ་དཔལ་གྱིས་འདུལ་བའི་ཞིང་དང་། གངས་ཅན་གྱི་ལྗོངས་འདི་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་འདུལ་བའི་ཞིང་དང་། ཨྱོན་གྱི་ཡུལ་ནི་དཔལ་ཕྱག་ན་རྡོ་རྗེས་འདུལ་བའི་ཞིང་དུ་བྱིན་གྱིས་བརླབས་པར་བརྟེན། བོད་གངས་ཀྱི་ར་བས་བསྐོར་པའི་རྒྱལ་ཁམས་འདིར། ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་ལས་མིའི་འགྲོ་བ་འཕེལ་ཞིང་། བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་གཉའ་ཁྲི་བཙན་པོ་སོགས། ཆོས་སྐྱོང་པའི་རྒྱལ་པོ་རྣམས་ཀྱང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཤ་སྟག་ཡིན་ལ། དེ་དག་གི་རྗེས་སུ་འབྲོམ་ཆོས་ཀྱི་རྒྱལ་པོ་སོགས་གོས་དཀར་ལྕང་ལོའི་འཕྲེང་བ་འཛིན་པ་དང་། འབྲོམ་ཀུ་མཱ་ར་མ་ཏི་སོགས་ཁྲིམས་ལྡན་ངུར་སྨྲིག་འཛིན་པའི་རྣམ་པར་རོལ་བ་སྟེ། མདོར་ན་སྤྲུལ་པ་སྣ་ཚོགས་པའི་སྒོ་ནས་འགྲོ་བ་སྤྱི་དང་། བྱེ་བྲག་གངས་ཅན་པ་རྣམས་ཀྱི་དོན་རྒྱུན་མི་འཆད་པར་མཛད་པ་ནི། གླེགས་བམ་རིན་པོ་ཆེ་ལས། སྤྱིར་སེམས་ཅན་རྣམས་ཀྱི་མགོན་པོ་ཡིན། །སྒོས་གངས་རིའི་ཁྲོད་དུ་རྒྱལ་སྲིད་སྐྱོང་། །ཞེས་པ་དང་། མཁར་ནག་ལོ་ཙཱ་བས། སྟོན་པ་ཞིང་འདིར་བྱོན་པའི་ཚེ། །མགོན་ཁྱོད་ཁྱེའུར་སྣང་བ་ལ། །རྒྱལ་དབང་དོན་ཀུན་གྲུབ་པ་དེའི། །ལེགས་བཤད་འདོམས་ལ་ལྷག་པར་དད། །དེ་ནས་དཀོན་ཅོག་གསོལ་བ་སོགས། །འཕགས་པའི་ཡུལ་གྱི་འཛིན་མའི་གཞིར། །འཁྲུལ་མེད་སྐྱེས་རབས་ཚར་དངར་བས། །ཐུབ་པའི་བསྟན་པ་ཡང་དག་སྤེལ། །ཁྱད་པར་ཁ་བ་ཅན་ལྗོངས་འདིར། །ཆོས་རྒྱལ་སྲོང་བཙན་སྒམ་པོ་


GLG008_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །སྙན་པར་གྲགས་དེས་ཇོ་ཤཱཀ་གཉིས། །སྤྱན་དྲངས་བཀའ་དྲིན་མཚུངས་མེད་སྩལ། །འགྲོ་བའི་མགོན་ཁྱོད་བར་སྐབས་སུ། །ཆོས་རྒྱལ་འཕགས་པར་གྱུར་བའི་ཚེ། །སེ་ཆེན་གན་གྱིས་སྤྱན་དྲངས་ནས། །རྡོ་རྗེ་འཆང་གི་ལས་མཚན་ཕུལ། །འདི་ནས་མི་རབས་བདུན་པ་ན། །གསེར་དང་རྒྱ་མཚོའི་མཚན་ལྡན་གྱིས། །སླར་ཡང་མཆོད་ཡོན་བྱེད་དོ་ཞེས། །ལུང་བསྟན་ཐོག་ཏུ་བབས་པར་མཛད། །རྒྱལ་བས་ཤེར་ཕྱིན་བྱང་ཕྱོགས་ནས། །བྱང་དུ་རྒྱས་པར་འགྱུར་གསུངས་པ། །ཨལ་ཐན་གན་དང་སརྦ་ཛྙས། །འགྲོ་དོན་དཔག་མེད་མཛད་ལ་དགོངས། །ཞེས་པ་ལྟར་རོ། དེ་ཡང་བོད་ཡུལ་དུ་འགྲོ་བའི་དོན་མཐའ་ཡས་པར་མཛད་པའི་ནང་ཚན་ལ། རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་ཤུག་པ་རྣམས་ལ་ཤུན་པ་རིམ་པ་བདུན་འབྱུང་བ་ནི། བཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་ཐར་དད་པའི་སྒོ་འབྱེད་ལས། མཆོག་གི་སྤྲུལ་སྐུ་ཇི་ལྟར་ཕེབས་པ་ནི། །རྭ་སྒྲེང་ཤུག་པའི་མཚོན་དོན་འཆད་པ་ན། །ཤུན་པ་བདུན་ནི་གངས་རིའི་ཁྲོད་འདི་ཉིད། །རྒྱལ་བ་བདུན་གྱིས་བར་མཚམས་མེད་པར་སྐྱོང་། །ཞེས་པ་ལྟར། ཐམས་ཅད་མཁྱེན་པའི་མཚན་དང་ལྡན་པའི་སྤྲུལ་པ་བདུན་རྒྱུན་མི་འཆད་པར་འབྱུང་བའི་མཚོན་དོན་དུ་བཤད་ཅིང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་མགུར་དུ། སྐྱེ་བ་བདུན་དུ་འགྲོ་དོན་ལེགས་བྱས་ནས། །ཟག་མེད་ཆོས་ཀྱི་དབྱིངས་སུ་སྡུད་པར་བྱེད། །ཅེས་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་ལྟར་སྤྲུལ་པ་བདུན་དུ་འབྱུང་བའི། །མཆོག་གི་སྤྲུལ་སྐུ་བཞི་པ་འདི་ཉིད་ནི། མཁར་ནག་ལོ་ཙཱ་བས། དཀོན་ཅོག་འབངས་ཀྱི་རྣམ་


GLG008_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ལས། །ཨ་ཏི་ཤའི་སྲས་འབྲོམ་རྗེ་དང་། །ཐམས་ཅད་མཁྱེན་པའི་མཚན་ཅན་རེ། །བོད་དུ་རིམ་པར་འབྱོན་པར་གསུངས། །དེ་ཡང་པཎ་ཆེན་དགེ་འདུན་གྲུབ། །སླར་ཡང་སཾ་གྷ་ས་མུ་དྲ། །རྗེ་བཙུན་བསོད་ནམས་རྒྱ་མཚོའི་ཞབས། །ད་ལྟ་བདེ་ཆེན་ཆོས་རྒྱལ་ལགས། །ཞེས་པ་སྟེ། ཐོག་མར་ངོས་འཛིན་གྱི་ཚེ། སྣང་ཚུལ་མི་འདྲ་བ་གཉིས་སུ་གྱུར་པས། ལ་ལ་དག་འབྲི་ཁུང་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་ཀྱི་ཐུགས་སྲས་གསུམ་པ། ཞབས་དྲུང་དཀོན་ཅོག་རིན་ཅེན་ཡིན་ནམ་ཞེས་དཔྱད་གཞི་ཤར། དེ་ལ་བརྟེན་ཕྱག་མཛོད་གུ་ཤྲཱི་དཔལ་ལྡན་རྒྱ་མཚོས་འབྲི་ཁུང་དུ་གཟིགས་པར་བྱོན་པར། སེང་གེ་སླེབས་བྱུང་གསུངས་པས། རྗེ་གོང་མས་ནི་ངེད་ལ་སེང་གེ་གསུང་གི་མེད་སྙམ་སྟེ་སྐུ་སྐྱེ་མིན་པ་འདྲ་བསམ་པ་ཅིག་ཤར། འོན་ཀྱང་དེ་སྐབས་ཡིན་མིན་གཉིས་ཀའི་ཁ་ཚོན་མ་ཆོད་པར། རེ་ཞིག་སྤམ་མེ་བཞག་སྟེ་ཕྱིར་བྱོན། གནས་ཆུང་ལྕོག་ནས་སྤྲུལ་པའི་ཆོས་སྐྱོང་ཆེན་པོས་མཆོག་གི་སྤྲུལ་སྐུ་སོག་ཡུལ་རང་དུ་འཁྲུངས་པར་ལུང་བསྟན། ཚངས་པ་དུང་གི་ཐོར་ཚུགས་ཅན་ཚེར་གསེབ་ཆོས་རྒྱལ་གྱིས་ཀྱང་དེ་དང་མཐུན་པ་ཞིག་གསུངས་པ་ལ་ཡིད་ཆེས་ཀྱི་གནས་སུ་མཛད་དགོས་རྒྱུར་འདུག་ཀྱང་། ཟོས་བདེའི་སྐབས་ཆོས་སྐྱོང་གི་རིགས་ཀྱི་ལུང་བསྟན་ལ་ཡང་རས་སུ་བོར་རེ་བ་བྱེད་ཅིང་། འགག་ལ་ཐུག་པའི་དུས། རྒྱུ་མཚན་ཅི་ཡང་མེད་པ་ཞིག་གི་ཚིག་ལའང་སངས་རྒྱས་ཀྱི་གསུང་ལྟར་གཅེས་སྤྲས་སུ་བྱེད་པ་འདི་ཀུན་གྱི་སྲོལ་ལ་སྣང་ངོ་། །སོག་ཡུལ་གྱི་སྒར་པ་རྣམས་ཀྱི་མགོ་མིར་གསོལ་དཔོན་ཚུལ་ཁྲིམས་རྒྱ་མཚོ་ཡོད་འདུག་པས། ཁོང་པ་དང་


GLG008_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སོ་མཛོ་མོ་མཁར་པ་གཉིས་ཀྱིས་དབུས་སུ་མི་ཆེད་གཉེར་མངགས་པའི་ཡི་གེ་འདི་ལྟ་སྟེ། ཕྱག་མཛོད་རིན་པོ་ཆེས་དབུ་མཛད། ཆོས་རྗེ་ཞལ་ངོ་རྣམས་དང་། དྲུང་འཁོར་བགྲེས་གཞོན་རྣམས་ཀྱི་ཞབས་དྲུང་དུ། ཐག་རིང་གི་སའི་ཆ་ནས་གུས་པ་ཆེན་པོས་ཞུ་བ། དེང་སང་གི་དུས་དཔོན་སློབ་ཐམས་ཅད་སྐུ་སྙོམས་ཤིང་། ལུགས་གཉིས་ཀྱི་འགྲོ་དོན་རྒྱ་ཆེན་པོའི་ངང་དུ་བཞུགས་པ་གནང་ལགས་སམ། སྤྲང་ཆུང་སྙིང་རུལ་བདག་ཀྱང་། ཞབས་དྲུང་ཐམས་ཅད་མཁྱེན་པའི་ཐུགས་རྗེ་ལ་བརྟེན་ནས། ལུས་ལ་ནད་འཚེ་མེད་ཅིང་སྒར་ཆེན་གཞིས་ཀྱི་དབུ་སྡུད་དང་། འགྲོ་ཕན་འཕེལ་བའི་ཁུལ་དུ་གནས་ལགས། འཚམས་ཞུས། འདིར་སེ་ཆེན་ཆོས་ཁུར་གྱི་བཱི་ཇི་ཆུང་བ་ལ། ལོ་སྔོན་མའི་ཟླ་བ་བཅུ་གཉིས་པའི་གནམ་གང་གི་ཉིན་བུ་ཞིག་སྐྱེས་འདུག །དེ་ལ་རྟགས་རྟེན་འབྲེལ་ལེགས་པ་འགའ་འབྱུང་འདུག་ཀྱང་། དཔོན་མོས་གསངས་ནས་བསྡད་ལེ་རེད། དེ་རྗེས་བཱི་ཇི་ཟླ་བ་གསུམ་ཙམ་དབང་པོ་ཤོར་ནས་སེམས་མི་ཟིན་པ་ལྟ་བུ་བྱུང་འདུག །དང་པོ་ཁོག་ལ་ཞུགས་དུས། བཱི་ཇིའི་རྨི་ལམ་དུ། ཞབས་དྲུང་རིན་པོ་ཆེ་ན་བཟའ་དཀར་པོ་བཞེས་ནས་བཞུགས་པ་ལ། ཕྱག་བཙལ་བ་དང་། ལྷ་དཀར་པོ་ཞིག་དང་མཇལ་བ་བྱུང་འདུག །ཁོག་པར་ཡོད་དུས་ཁོག་སྟོད་ལ་བསྡད་པ་དང་སྔར་དང་མི་འདྲ་བའི་ལུས་སེམས་བདེ་བ་སོགས་རྟགས་མང་པོ་བྱུང་འདུག་སྟེ་སྔ་སོར་མ་བཤད་ལེ་རེད། དེ་རྗེས་ཟླ་བ་བརྒྱད་པའི་ནང་དུ། བཱ་ཇི་ཁ་ལྷ་དཀར་པོ་ཞིག་གིས། འདི་ཏ་ལའི་བླ་མའི་སྐུ་སྐྱེ་ཡིན། ཁྲི་ཐོག་ལ་ཕུད་ལ་སྡེ་ཚོ་ལ་མཇལ་ཁ་ཐོང་ཟེར་བའི་ལུང་བསྟན་བྱུང་གསུངས་


GLG008_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས། ནང་སོ་མཛོ་མོ་མཁར་པ་དང་ཁོང་རྣམས་ཀྱིས་སྤྲུལ་སྐུ་ཡིན་ན་རྟེན་འབྲེལ་ཀྱང་འཕྱུགས་དྭོགས་ཁྲི་ཐོགས་ཏུ་གདན་དྲངས་འདུག་ལགས། དེ་སྐབས་ཀྱང་མེ་ཏོག་གི་ཆར་བབས་པ་སོགས་རྟགས་ཁྱད་པར་ཅན་བྱུང་ཟེར། དེ་རྗེས་སྡེ་ཆེན་ཀུན་ལ་གྲགས་བྱུང་བས། བདག་གིས་ཆ་དཀར་ཕྱོགས་ལ་འགྲོ་ཞོར་ལ་མཇལ་བས། འཁྲུངས་ནས་ཟླ་བ་བཅུ་ལས་མི་འགྲོ་བ་འདུག་སྟེ། རང་ག་བའི་ཕྲུག་གུ་དང་མི་འདྲ་བར། བཞུགས་ཚུལ་དང་གཟིགས་སྟངས་ཟ་མ་བཞེས་ཚུལ་རྣམས་ནི་ཁྱད་དུ་འཕགས་པ་ཞིག་འདུག་ལགས། ཞབས་དྲུང་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་ཡིན་མིན་ཅི་ཡིན་རུང་ཐ་མལ་གྱི་ཉམས་ནི་མི་འདུག །ངེད་འདིར་ཡོད་རྣམས་ཀྱིས་གསུང་མ་བྱོན་བར་ལ་ཡིན་མིན་གཉིས་ཀའི་ཐག་མ་ཆོད། རྟགས་རྟེན་འབྲེལ་དེ་བཞིན་རེད་པས། གཡས་ཕྱོགས་སུ་ངེས་ཤེས་འགྲོངས་པ་བཞིན་ཨེ་བྱུང་། མ་བྱུང་ན་ཁྱེདདཔོན་སློབ་རྣམས་ཀྱིས། ཆོས་སྐྱོང་ལ་ལུང་བསྟན་ཞུ་བ་དང་། ཐུགས་དམ་བརྟག་པ། གཟན་སྒྲིལ་སོགས་མཛད་ནས་ཐུགས་ཡིད་ཆེས་པ་ཨེ་འོང་གཟིགས་པ་ཞུ་པས། སྡེ་ཆེན་ཀུན་ལ་སྐད་འདི་གྲགས་སོང་བས། མཐོང་ཚོད། ཚོར་ཚོད་ཀྱི་གནས་ཚུལ་ཞུས་པ་ཡིན་ལགས། ཡང་གསུང་བྱོན་ནས་ཡིད་ཆེས་བྱུང་ན་མྱུར་དུ་འཕྲོས་འབུལ་ལགས། གཞན་མ་བཱི་ཇིས་ལུང་བསྟན་འདྲ་མང་པོ་གསུངས་འདུག་སྟེ། འདིར་མ་ཞུས། ས་གླང་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔ་ལ་ཆོས་ཁུར་དབོན་པོའི་སྡེ་ཐོག་ནས་ཕུལ་བའི་ཞུ་ཡིག །ཅེས་སོ། །གནས་ཚུལ་དེ་ལ་བརྟེན་ནས། འབྲི་ཁུང་ཕྱོགས་ཀྱི་རེ་བ་བསྐྱུངས་ཏེ། ཕྱག་མཛོད་གུ་ཤྲི་ཆེན་པོ་ཉིད་ཀྱིས་གཙོས་པའི་སྒར་


GLG008_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དམངས་རྣམས་སོག་ཡུལ་དུ་གདན་འདྲེན་པ་ལ་འདེགས་པའི་བདུན་པ་དང་ལྡན་པར་གྱུར། དིང་སང་གི་དུས་ནི་བླ་ཆེན་རྣམས་ཀྱི་སྟོབས་འབྱོར་ལ་ཧམས་པས་སྐུ་སྐྱེ་ལ་ཧབ་ཐོབ་བྱེད་པར་སྣང་། དེ་སྐབས་བསྐལ་དུས་བཟང་བས་སྲོལ་ངན་དེ་འདྲ་མ་དར་བ་དང་། ལྷག་ཏུ་འབྲི་ཁུང་དུ་སྐུ་སྐྱེ་ཡིན་ནམ་དགོངས་པའི་ཐུགས་རྟོག་བྱུང་བ་ལས་སྤྲོས་པའི་སྤྱན་ཉེའི་རྣམ་པ་ནི། ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་དེ་སྐྱེས་བུ་དམ་པར་སོང་བས་ག་ལ་མཛད། ཕྱག་མཛོད་ནི་བོད་སོག་གང་དུ་སྐུ་སྐྱེ་བྱུང་ཡང་བརྟག་པ་ལུང་བསྟན་སོགས་ངེས་ཤེས་འགྲོངས་པ་ཞིག་དོན་དུ་གཉེར་བ་ལས། སོག་པོའི་རྒྱལ་རིགས་ལྟ་བུ་ཞིག་ལ་བྱུང་ན་ཁ་དྲག་དང་རྒྱུ་ཆེན་པོ་ཡོད། བོད་ཀྱི་བླ་ཆེན་མི་ཆེན་གྱི་རིགས་སུ་བྱུང་ན་དེ་དག་གི་ས་ཆའི་སྟེང་ནས་ལོངས་སྤྱོད་རྒྱུ་འོང་སྙམ་པའི་དིང་དུས་ཀྱི་སྐུ་སྐྱེ་ངོས་འཛིན་རྟོག་པ་འོག་འགྱུའི་འཁོར་ལོ་བསྐོར་པ་རྣམས་དང་འདྲ་བ་མིན་ནོ། །རྗེ་དྲུང་རིན་པོ་ཆེ་བསྟན་པ་རྒྱ་མཚོས། རྗེ་གོང་མའི་ཞལ་ཐང་རྒྱབ་ལ་ཕྱག་བྲིས་འབྱར་བ་ཞིག །འབྲི་ཁུང་དུ་བསྣམས་བྱོན་དུས་ངོ་མཁྱེན་པ་སོགས་ཡིད་ཆེས་ཚུལ་གསུངས་པ། སྤྱིར་སྤྲུལ་པ་ལ། སྐྱེ་བ་སྔ་ཕྱི་སྟར་ཆགས་སུ་འབྲེལ་བའི་སྤྲུལ་པ་དང་། དུས་གཅིག་ཏུ་སྤྲུལ་པའི་སྤྲུལ་པ་དང་། བྱིན་གྱིས་བརླབས་པའི་སྤྲུལ་པ་སོགས་འབྱུང་ཞིང་། དེ་དག་ཀྱང་མཐའ་གཅིག་ཏུ་མ་ངེས་པ་ཟླ་བའི་དཀྱིལ་འཁོར་གཅིག་ལ་གཟུགས་འབུམ་ཕྲག་འཆར་བ་ལྟར་ཕ་མཐའ་ཚད་བཟུང་བྲལ་བས་ན། བདག་ལྟ་བུའི་བློ་གྲོས་ཀྱི་རྩལ་དམན་པས་ཁ་ཚོན་གཅོད་པར་ག་ལ་ནུས། འཇམ་པའི་དབྱངས་དཀོན་ཅོག་ཆོས་འཕེལ་གྱི་གསུང་ལས། ག་ཇག་ཆོས་མཛད་སྡོམ་བརྩོན་བློ་གྲོས་


GLG008_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དེ། ཆོས་མཐུན་ཐུགས་དམ་པ་ཞིག་ཡོད་འདུག་པས། རྗེ་གོང་མའི་དགོངས་པར་བདེ་ཞིང་ཞམ་འབྲིང་དུ་བཅར་བ་ནས། ཁོང་གི་སྐུའི་སྐྱེ་བ་ཞབས་དྲུང་དཀོན་ཅོག་རིན་ཅེན་ཡིན་འདུག་པས། རྣམ་པར་དཀར་བའི་ལས་ཀྱི་འབྲེལ་པས་རྗེས་སུ་བཟུང་བ་ཞིག་གོ་ཞེས་བཀའ་གནང་བ་ཐོས་སོ། །དེ་ཡང་འཁྲུལ་མེད་ཀྱི་ངེས་པནི། སོག་པོའི་ཡུལ་དུ་འཁྲུངས་པའི་རྒྱུ་མཚན། བཀའ་ཆེམས་ལས། སྔོན་དགེ་ལེགས་ཀྱི་འབྲེལ་པ་མི་དམན་པས། །དུས་དིང་སང་རྟེན་འབྲེལ་ཕུན་སུམ་ཚོགས། །སླར་སྨོན་ལམ་མཐུ་ལས་ཕྱི་མར་ཡང་། །ཚུལ་འདི་ལྟར་ཐེག་ཆེན་ལམ་བཟང་ནས། ཁྱོད་སྐལ་ལྡན་འདྲེན་པའི་དཔལ་དུ་འགྱུར། ཞེས་པ། ཞབས་དྲུང་རིན་པོ་ཆེ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དང་ཐུགས་རྒྱུད་གཅིག་ལ། ཨ་ལན་ཐ་རྒྱལ་པོ་དེ་གོང་མ་སེ་ཆེན་གན་གྱི་སྐྱེ་བ་ཡིན་པར་སྣང་བས། དུས་དེར་མཆོད་ཡོན་གཉིས་སྨོན་ལམ་ལེགས་པར་བཏབ་པའི་མཐུས། དིང་སང་སོག་ཡུལ་དུ་དམ་པའི་ཆོས་དར་བ་སོགས་རྟེན་འབྲེལ་འགྲིག་པ་འདི་བཞིན་བྱུང་ལ་སླར་ཡང་སྨོན་ལམ་གྱི་མཐུས་སྐྱེ་བ་ཕྱི་མར་ཇི་གིར་གྱི་རིགས་སུ་འཁྲུངས་ཏེ། ཆོས་སྲིད་གཉིས་ལྡན་ཟུང་དུ་འབྲེལ་བའི་ཚུལ་གྱིས་སྐལ་ལྡན་རྣམས་ཐེག་པ་ཆེན་པོའི་ལམ་དུ་འདྲེན་པའི་དཔལ་དུ་འགྱུར་ཞེས་ཞལ་གྱིས་འཆེས་པའི་རྡོ་རྗེའི་གསུང་འགྱུར་བ་མེད་པའོ། །གླེགས་བམ་རིན་པོ་ཆེར། བོད་ནི་རྒྱལ་པོ་དག་ལ་ཚད་མར་བྱེད། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོང་། །ཞེས་པ་ལྟར། བོད་ཁ་བ་ཅན་ལྟ་བུའང་། ཐོག་མར་ཆོས་ཁོ་ནས་འདུལ་བར་མ་ནུས་པར་སྲིད་ཀྱི་སྒོ་ནས་འདུལ་


GLG008_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་བྱུང་བ་དང་མཚུངས་པར་འདིར་ཡང་ཧོར་གྱི་རྒྱལ་རིགས་སུ་སྐུ་བལྟམས་པས། རྗེ་གོང་མའི་དུས་སུ་ཧོར་སོག་རྣམས་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། དམ་པའི་ཆོས་ཀྱི་འབྲེལ་ལམ་བཟང་པོ་བྱུང་པའི་སྟེང་དུ། སྐུ་སྐྱེ་རྟིང་མའི་དུས་ངེད་ཀྱི་རིགས་སུ་འཁྲུངས་ཞེས། འཇིག་རྟེན་དང་སྒོ་བསྟུན་པའི་སྲིད་ཀྱི་ཆ་ནས་ཀྱང་མངོན་པར་ཞེན་པས་བསྟན་པ་ལ་འགྱུར་མེད་ཀྱི་གུས་པ་མི་ལྷོད་པ་ལ་གཟིགས་པ་ནི་གོངས་གཞི་ཤིན་ཏུ་ཆེ་ཞིང་། འབྲུག་པ་རྒྱལ་དབང་ཆོས་རྗེས་འབྲུག་བསྟན་ལ་དགོངས་ནས་བསམ་བཞིན་བྱ་ཁྲི་དཔོན་གྱི་རིགས་སུ་སྐྱེ་བ་བཞེས་པའི་བསྔགས་བརྗོད་ཐམས་ཅད་མཁྱེན་པ་པདྨ་དཀར་པོའི་རྣམ་ཐར་དུ་གསལ་བ་དོན་འདི་དང་མཚུངས་མོད་ཀྱང་། གཞན་ཕན་གྱི་གདུལ་བྱ་སྐྱོང་བ་ལ། །ཐུགས་བསྐྱེད་རྒྱ་ཆེ་ཆུང་གིས་ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་གྱི་ཆེན་པོ་ཧོར་གྱི་རྒྱལ་ཁམས་མཐའ་དག་ཞྭ་སེར་པོ་གཅིག་གི་འོག་ཏུ་ཆོས་སྲིད་གཉིས་ལྡན་གྱིས་ཁྱབ་པར་གྱུར་ཚེ། གཉལ་བྱར་ལོ་གསུམ་འབྲུག་བསྟན་གྱིས་ཁྱབ་པ་ཙམ་ལ་ཞལ་ཕོ་མཛད་པའང་ནམ་མཁའ་དང་ལག་མཐིལ་གྱི་དཔེར་མངོན་ནོ། །གཞན་ཡང་བཀའ་ཆེམས་ལས། མི་གནམ་སྐོས་ཀྱི་དགའ་བ་སྐྱེད་བྱེད་རྒྱལ། །མཚན་ཀུན་ཏུ་རྒྱལ་བའི་ཡོན་ཏན་དེ། དཔལ་ཡར་གྱི་ངོ་བཞིན་གོང་དུ་འཕེལ། །ཞེས་པའི་དོན་གནམ་བསྐོས་ནི་ཇིང་གིར་གྱི་རྒྱལ་བརྒྱུད་དེའི་རིགས་སུ་འཁྲུངས་པས་ཡབ་ཡུམ་སོགས་ཕྱོགས་དེའི་སྐྱེ་བོ་རྣམས་ཀྱི་དགའ་བ་སྐྱེད་པར་བྱེད་པ་དང་། ཡོན་ཏན་ཞེས་པའི་མཚན་ཟུར་དངོས་སུ་ཐོན་པ་དང་། གོང་དུ་འཕེལ་ཞེས་པས་རྒྱ་མཚོ་ལ་ཆུ་བོ་མཐའ་དག་འདུ་ཞིང་འཕེལ་བས་དོན་གྱིས་ཐོན་


GLG008_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཨེ་མ་སྲིད་པའི་མེ་ལོང་དུ། །ལས་ཉོན་གྱིས་འཕངས་བདེ་སྡུག་གི །བཟང་ངན་སྣ་ཚོགས་འཆར་བ་ལ། །བྱིས་པའི་སྐྱེ་བོ་ངོ་མཚར་བྱེད། །གཏན་བདེའི་ཟླ་བའི་དཀྱིལ་འཁོར་ལ། །འགྱུར་མེད་སྤྲུལ་པའི་རི་དྭགས་གཟུགས། །ནམ་ཡང་འགོག་མེད་གསལ་བ་འདིས། །འཁོར་བའི་མུན་པ་ཕ་མཐར་བསྐྲད། །རྒྱལ་བ་རྒྱ་མཚོའི་སྨོན་ལམ་མཐུས། །གྲངས་མེད་འགྲོ་འདྲེན་དམ་བཅའི་ཁུར། །ཆད་མེད་རི་གཟར་ལས་བབས་ཆུ། །ཞི་བདེའི་རགས་ཀྱིས་བཟློག་ནུས་ཅི། །དམ་པ་འདི་ནི་རྒྱ་དང་མི་ཉག་གི་དྲེགས་པ་ཅན་ཐམས་ཅད་བསོད་ནམས་ཆེན་པོའ་ིདཔུང་གིས་དབང་དུ་བསྡུས་ཏེ། ཚེ་རིང་གནམ་གྱི་ཤེ་མོང་ལ་བརྟེན་ནས་ཡངས་པའི་རྒྱལ་ཁམས་ཀུན་ལ་མངའ་སྒྱུར་བའི་ཇིང་གིར་རྒྱལ་པོ་ནས་བཟུང་ཐོ་གན་ཐེ་མུར་གྱི་བར་དུ། འཇམ་དབྱངས་གོང་མའི་ཁྲི་ལ་ཞབས་ཟུང་བཀོད་དེ་རྩོད་དུས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཤ་སྟག་ཏུ་བྱུང་བ་ཡིན་ལ། ཐོ་གན་ཐེ་མུར་གྱི་དུས། གྲུ་ཐལ་གྲུས་རྒྱ་ནག་གི་རྒྱལ་ས་ཕྲོགས་ཏེ། རྒྱལ་རབས་མང་བའི་བར་ཀླ་ཀློ་སྡིག་སྤྱོད་ཀྱི་རྒྱལ་པོ་མི་དགེ་བའི་གླིང་དུ་འཁྱམས་པ་ལས། དུས་རིང་མོ་ཞིག་ནས་གྲངས་མེད་པའི་རྒྱལ་བའི་ཐུགས་རྗེ་ཆེན་པོའི་བྱེད་པོས། མཐའ་འཁོབ་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་སྲོལ་བཏོད་པའི་ཤིང་རྟ་ཆེན་པོར། ཨལ་ཐན་རྒྱལ་པོ་ཞེས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཉི་ཟླ་ལྟར་གྲགས་པའི་རིགས་ཡིན་ནོ། །དེ་ཡང་ཞབས་དྲུང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ། ས་བྱི་ནག་པ་ཟླ་བའི་ཉེར་དྲུག་གི་ཐོ་རངས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཏེ།


GLG008_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་དེས། ཐོག་མར་དག་པ་མཁའ་སྤྱོད་ཀྱི་གནས་སུ་ཕེབས། དེའི་རྒྱུ་མཚན་ཡང་ཐུགས་དམ་གྱི་སྙིང་པོ་ཐུན་མོང་མ་ཡིན་པ་རྣམས་གསང་བའི་ཚུལ་མཛད་པ་ཞིག་ཡོད་འདུག་པས། མཁས་གྲུབ་ཁྱུང་པོ་དང་མཉམ་མེད་རི་བོ་དགའ་ལྡན་པའི་ཟབ་ཆོས་མགོན་པོ་སྙིང་ཞུགས་ཀྱི་འཕོ་བ། དཀྱིལ་འཁོར་རྒྱ་མཚོ་ཁྱབ་བདག་སྔགས་རམ་པ་དགེ་འདུན་བཀྲ་ཤིས་ཀྱི་ཞལ་གྱི་བདུད་རྩི་ལ་ཐུགས་དམ་ནར་མར་མཛད་པས། བཀའ་ཆེམས་ལས། དཔལ་མཁའ་འགྲོ་བཅུ་གསུམ་བླ་མ་དང་། །དབྱེར་མེད་ཀྱི་མགོན་ལ་འཕྲིན་ལས་ཞུ། །ཞེས་གསུངས་པ་དང་། དེ་དང་ཆབས་གཅིག་པར། ནཱ་རོ་པའི་གསང་ཆེན་སློབ་བཤད། རྡོ་རྗེ་འཆང་འཚར་པ་ཆོས་རྗེ་ཡབ་སྲས་ཀྱི་མན་ངག་ཐུན་མོང་མ་ཡིན་པའི་གདམས་པ་ཐུགས་སུ་བསྟན་པས། རྩ་དབུ་མ་ལ་བརྟེན་པའི་ཟབ་མོ་རྡོ་རྗེ་རྣལ་འབྱོར་གྱི་ཉེ་བའི་ལམ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པའི་བརྡར། བཀའ་ཆེམས་ལས། ཉམས་བདེ་སྟོང་རོལ་པའི་རྒྱ་མཚོ་ཆེ། །དབྱར་ཆུ་བོའི་ངང་ཚུལ་དག་ལ་འགྲན། །དེ་ལམ་བཟང་རྡོ་རྗེ་ཐེག་པའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །བདག་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ། །ལམ་བཟང་པོ་འདི་དང་མི་འབྲལ་ཤོག །ཅེས་གསུངས་ལ། ཡབ་བཀའི་ཡི་དམ་གྱི་གཙོ་བོ་ཡང་བདེ་མཆོག་དྲིལ་བུ་པ་དང་། རྡོ་རྗེ་གདན་བཞི་གཉིས་ཡིན་པར་སྣང་བས། དྲིན་ཆེན་བར་ངེས་སོ་བླ་མ་རྗེ། །ཞེས་པའི་བླ་མ་ནི་རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས་དང་། རྗེ་བཙུན་བོད་མཁར་པ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་གཉིས་ཡིན་པར་ངེས་སོ། །མཁའ་སྤྱོད་ཀྱི་གནས་ནས་


GLG008_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མདའ་འཕངས་པ་བཞིན་དུ་སེ་ཆེན་ཆོས་ཁུར་མཚན་གཞན་སུ་མི་ཐའི་ཇིའི་བཱི་ཇི་བཱ་ཁེན་སྦྱུ་ལའི་ལྷུམས་སུ། ས་བྱི་ནག་པ་ཟླ་བའི་གནམ་གང་གི་ཉིན། ཁྱེའུ་དཀར་པོ་ཤེལ་འཕྲེང་ཐོགས་པའི་རྣམ་པ་ཅན་གྱི་ཚུལ་དུ་བཞུགས་སོ། །དེའི་ཚེ་ཡུམ་གྱི་གུར་ལ་འཇའ་ཁ་དོག་ལྔ་པ་ལན་མང་པོའི་བར་དུ་ཟུག་པ་དང་། མེ་ཏོག་གི་ཆར་བབས་པ་ཀུན་གྱིས་མངོན་སུམ་དུ་མཐོང་། ཡུམ་གྱི་མནལ་ལམ་དུ་གུར་གྱི་ཐོག་ནའི་སྟེང་དུ་མི་དཀར་པོ་རྟ་དཀར་ཞོན་པ་ཞིག་དང་། ཡང་རྗེ་གོང་མ་ཕྱིང་དཀར་བཞེས་ནས་ངེད་འདིར་གནས་ཤིག་གཡར་བ་ལ་འོངས་པ་ཡིན་གསུང་བ་དང་། པོ་ཏ་ལ་ཡིན་ཟེར་བའི་རི་མཐོན་པོ་ཞིག་གི་རྩེར་ཁང་བཟང་ཉམས་དགའ་བ་ཞིག་ནས་འོད་ཟེར་དཀར་པོ་འཕྲོས་པའི་སྣ་ལ། ཁྱེའུ་དཀར་པོ་ཤེལ་དཀར་གྱི་འཕྲེང་བ་ཐོགས་པ་ཞིག་འོངས་ཏེ། རང་གི་ལུས་ལ་ཐིམ། མནལ་སད་པ་ན། ལུས་ལ་བདེ་བའི་ཉམས་ཁྱད་པར་ཅན་སྐྱེས། དེ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཟས་ཀྱི་འཚོ་བས་ཉིན་ཞག་བདུན་ཙམ་གྱི་བར་ཟས་རགས་པ་གསོལ་མ་དགོས་པ་དང་། སྔོན་མེད་པའི་ཡིད་ལ་དགའ་བའི་ཉམས་ལྷང་ལྷང་བ་ཤར་བ་བྱུང་འདུག །ཡང་ནུབ་གཅིག་མནལ་ལམ་དུ། ནེའུ་གསིང་ཡིད་དུ་འོང་བ་ཞིག་གི་ཁར་བཞུགས་པ་ལ། ནམ་མཁའ་གཡའ་དག་པ་ནས་ཉི་ཟླ་གཉིས་ཟུང་འབྲེལ་དུ་ཤར་བ། ཅིག་ཅར་རང་གི་ཁོང་པར་ཞུགས་པ་དང་། རི་བོ་མཐོན་པོ་ཞིག་གི་རྩེར་འབད་མེད་དུ་འཛེགས་པས། ཆུ་ཆེན་པོ་གཏིང་དང་ཁ་ཞེང་ཐམས་ཅད་གཞལ་བར་དཀའ་བ་ཞིག་གི་འགྲམ་ནས་ཕ་རོལ་ཏུ་འགྲོ་མི་ཐུབ་བམ་སྙམ་ཙ་ན། གོས་དཀར་པོ་གྱོན་པའི་ཁྱེའུ་ཞིག་གིས་གྲོགས་བྱས་


GLG008_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འབད་མེད་དུ་བགྲོད། ཕ་རོལ་ཏུ་སླེབས་པ་ཙམ་གྱི་ནམ་མཁའ་ལ་བྱ་ལྟར་འཕུར་བས། ཡུལ་དང་གྲོང་ཁྱེར་མང་པོ་མཐོང་། དེ་ནས་སྔར་མཐོང་མ་མྱོང་བའི་ཡུལ་ཉམས་དགའ་བ་ཞིག་ཏུ་བབས་པ་ན། ལྷ་དང་ཀླུ་ལ་སོགས་པའི་འགྲོ་བ་རིགས་མི་གཅིག་པ་ཡིན་ཟེར་བའི་རྒྱན་ཆ་ལུགས་གཟུགས་བརྙན་སྣ་ཚོགས་པ་མང་པོས་འདུད་པ་དང་མཆོད་པ་བྱས་པ་དང་། ཡང་ཅུང་ཟད་ཕྱིན་པ་ན། ལུང་པ་ཕུ་ན་གངས་རི་མཐོན་པོ་ཡོད་པ། བར་ན་རྩི་ཤིང་ནགས་ཚལ་མེ་ཏོག་སོགས་ཡིད་དུ་འོང་བའི་ཚལ་ཆེན་པོ། གཙུག་ལག་ཁང་དགེ་འདུན་གྱི་ཀུན་དཀའ་ར་བ་དང་ཟུང་དུ་འབྲེལ་བ་ཞིག་གི་ནང་དུ་སླེབས་མ་ཐག་སྔོན་མེད་པའི་རང་གི་ལུས་ལ། ཨུ་དུམ་ཝ་ར་དང་པདྨ་དཀར་པོའི་ཐོད་དང་ག་ཤ་སོགས་རྒྱན་དུ་མས་རང་ཤུགས་ཀྱིས་བརྒྱན་པ་བྱུང་བ་ལ། དེའི་ཚེ་གསང་རིའི་རྩེ་ནས་དུང་དཀར་ཞིག་བུས་བྱུང་བས། གཙུག་ལག་ཁང་གི་ཕྱི་རོལ་ཏུ་འོངས་པ་ན། མི་ཉམ་ཐག་པའི་རྣམ་པ་ཅན་མང་པོ་ཚོགས་པ་ཆུ་ཆེན་པོ་ཕ་རོལ་ཏུ་བགྲོད་དཀའ་བ་ཞིག་ལ་རང་གིས་སྣ་དྲངས་ཏེ་བདེ་བར་ཁྲིད་དེ། ཁྲི་མཐོན་པོ་སེང་གེའི་གཟུགས་ཀྱིས་བཏེག་པ་ཞིག་འདུག་པའི་འཁྲིས་སུ་སླེབས་ཙ་ན། སེང་གེ་དེ་སེང་གེ་དངོས་ཡིན་ནམ་སྙམ་པའི་སྣང་བ་ཞིག་ཤར་བའི་མོད་ལ། སེང་གེ་དེ་གཉིས་ཀྱིས་ང་རོ་ཆེན་པོ་ཕྱོགས་ཀུན་ཏུ་ཁྱབ་པ་ཞིག་བསྒྲགས། དེ་དང་ཐག་ཉེ་སར་ཡུལ་ལུགས་མི་གཅིག་པའི་བུད་མེད་མང་པོ་རྒྱན་གོས་བཟང་པོས་སྤྲས་ཏེ་གླུ་ལེན་ཞིང་བྲོ་འཁྲབ་པ་གཟིགས་པ་སོགས་ངོ་མཚར་བ་མང་དུ་བྱུང་བར་སྣང་། གཞན་ཡང་སྔོན་མེད་པའི་དྲི་བཟང་པོ་འཐུལ་བ་དང་། སྒྲ་སྙན་པོ་སྒྲོག་པ་སོགས་ཉེ་འཁོར་བ་ཕལ་ཆེར་


GLG008_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྤྱོད་ཡུལ་དུ་གྱུར་པས། འདི་འདྲ་བའི་ལྟས་ཇི་ལྟ་བུ་ཞིག་ཡིན་ནམ་ཞེས་ཀུན་སོམ་ཉིར་གྱུར་ཀྱང་། མཐའ་འཁོབ་ཀྱི་ཡུལ་གྲུར་སོང་བས་ལེགས་ཉེས་དང་དེ་དག་གི་རྒྱུ་མཚན་ཞིབ་མོར་དཔྱོད་པ་ནི་མ་བྱུང་ངོ་། །ཟླ་བ་ཁ་ཡར་སོང་བ་ན། ཡུམ་གྱི་མངལ་དུ་སྲས་ཆགས་པར་མངོན་པའི་ཚེ། ཡུམ་གྱི་ཁོག་སྟོད་དུ་ཡོད་ཉམས་བྱེད་ཅིང་། ཁོང་པའི་ནང་ནས་ཡི་གེ་དྲུག་པ་དང་ཧྲཱིཿནང་དྷཱི་ལ་སོགས་པའི་སྒྲ་དིར་དིར་སྒྲོག་པ་འཁྲིས་ན་ཡོད་པ་རྣམས་ཀྱིས་ཀྱང་ཐོས་ཟེར། འཁྲུངས་པ་ལ་ཉེ་བ་ཙམ་གྱི་དུས་ནུབ་གཅིག་མནལ་ལམ་དུ། རང་གི་སྙིང་གར་བོད་ཡིག་གི་ཧྲཱི༔ དཀར་པོ་ཞིག་ལམ་མེ་སྣང་བ་ལས། འོད་ཟེར་འཕྲོས་ནས་སེམས་ཅན་མང་པོའི་དོན་བྱས་ཏེ། སླར་རང་ལ་ཐིམ་པ་དང་། མར་མེ་ཆེན་པོ་ཞིག་སྤར་བས་འཇིག་རྟེན་ཐམས་ཅད་གསལ་བར་བྱས་པ་བྱུང་ངོ་། །སྒོ་མང་སློབ་དཔོན་བཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཀྱིས། སྤྲུལ་པའི་སྐུ་མཆོག་བཞི་པ་འདི་ཉིད་ནི། །བསམ་བཞིན་ཨལ་ཐན་ཉིད་ཀྱི་རྒྱལ་རིགས་ཀྱི། །སུ་མིར་ཐའི་ཇི་བཱ་ཁེན་སྦྱུ་ལ་ཡི། །སྲས་སུ་བསམ་བཞིན་འཁྲུངས་ཚུལ་འདི་ལྟ་སྟེ། །རྟ་དཀར་ཞེན་པའི་ཁྱེའུ་མཛེས་པ་ཞིག །སྐྲ་ཡི་སྟེང་དུ་བྱོན་པ་ཡུམ་གྱིས་མཐོང་། །ལྷུམས་སུ་ཞུགས་ནས་ཁོག་སྟོད་ཉིད་བཞུགས་ཤིང་། །ཡིག་དྲུག་སྒྲ་ཞིག་གསལ་པོར་ཐོས་པ་བྱུང་། །དེ་དང་མཚུངས་པར་སྐྲ་ལ་འཇའ་ཟུག་ཅིང་། །མེ་ཏོག་ཆར་སོགས་དགེ་མཚན་དུ་མ་བྱུང་། །ཞེས་དང་། མཁར་ནག་ལོ་ཙཱ་བས། མཐོང་བ་དོན་ལྡན་ཐུགས་རྗེའི་འོད། །ནམ་ཡང་འགྲིབ་པར་མི་འགྱུར་མོད། །རེ་ཞིག་གཟུགས་སྐུའི་དཀྱིལ་འཁོར་ནི། །ཆོས་དབྱིངས་ཆུ་ལྷའི་ཕྱོགས་སུ་ཡོལ། །


GLG008_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་མཁྱེན་བརྩེའི་རླུང་ཤུགས་ཀྱིས། །ཞིང་འདིར་འབྱོན་པའི་སྔ་ལྟས་སུ། །གུར་ལ་འཇའ་ཟུག་དེ་སྟེང་དུ། །ལྷ་མཆོད་རྟ་དཀར་ཆིབས་པ་ཞིག །ཡུམ་ཆེན་མནལ་བའི་ལམ་ནས་གཟིགས། །རང་ལ་ཐིམ་པས་ལུས་སེམས་བདེ། །སད་ཚེ་ཡིད་དགའ་འཇའ་ཚོན་འཁྲིགས། །མེ་ཏོག་ཆར་གྱིས་ཆུ་མཐོངས་ཁེངས། །སྔོན་མེད་སྤོས་ཀྱི་དྲི་ཞིམ་འཐུལ། །ཡ་མཚན་ལྟས་བཟང་དབང་པོ་ཚིམ། །ཞེས་སོ། །འབྱམས་ཀླས་དག་པའི་ཞིང་གི་མགོན་རྣམས་དང་། །གསང་གསུམ་བཀོད་པ་རྒྱ་མཚོས་དུས་འདའ་ཡང་། །མ་དག་འགྲོ་བ་འདྲེན་པའི་ཟློས་གར་ནི། །དམིགས་མེད་སྙིང་རྗེ་ཆེན་པོའི་འཁྲུལ་གྱིས་བསྒྱུར། །གཟོད་མ་ཉིད་ནས་སྤངས་རྟོགས་ཡོན་ཏན་ཀུན། །རྫོགས་པའི་རྒྱལ་སྲས་ཚུལ་འཛིན་སྙིང་རྗེའི་ལྷ། །སྤྲུལ་པའི་རྣམ་པར་རོལ་ལ་ཡ་མཚན་ལྟས། །བྱུང་བར་མཚར་དུ་འཛིན་རྣམས་བྱིས་པའི་བློ། །མགོན་ཁྱོད་རེ་ཞིག་ཆོས་དབྱིངས་བདེ་བ་ཆེར། །བཞུགས་ལ་འགྲོ་རྣམས་འདུད་པའི་ངལ་གསོའི་སླད། །མེ་ཏོག་ཆར་དང་འཇའ་ཚོན་གུར་ཁྱིམ་སོགས། །བློ་ཁྲིད་འཇིག་རྟེན་མེས་པོས་ཅི་ཡང་བསྐྲུན། ། དེ་ནས་ཟླ་བ་དགུ་ངོ་བཅུ་ལ་ལྟ་བའི་འཕགས་པའི་ཡུལ་དུ་ཙི་ཏྲ་དྷི་ཞེས་པ་གངས་ཅན་གྱི་ལྗོངས་འདིར་འགལ་བར་འབོད་ཅིང་། རྒྱ་ནག་གི་སྐད་དུ་གྱི་ཚེའུ་ཕྱོགས་འདིར་དབང་ཐང་དང་བསྟུན་པ་ས་མོ་གླང་གི་ལོ། ས་ཧོར་མཆོད་ཡོན་ལུགས་ཀྱི་ཟླ་བ་དང་པོ། རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་ཆེན། ཆུ་ཤེལ་གྱི་དབང་པོ་རྟ་ཆེན་གྱིས་ཉ་བའི་ཕྱོགས་སྔོན་མའི་དགའ་བ་དང་པོའི་ཉི་ཤར་གྱི་དུས་སུ། པདྨ་དཀར་པོ་འདམ་གྱི་སྐྱོན་གྱིས་མ་གོས་པ་ལྟར། མངལ་གྱི་ཉེས་པའི་རྒྱ་ལས་རྣམ་པར་གྲོལ་ཏེ། དགུང་ལོ་གསུམ་ཙམ་ལོན་པའི་བོང་ཚོད་ཙམ། །


GLG008_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་མཆོད་སྡོང་ཉི་མའི་འོད་ཀྱིས་ཁྱབ་པ་ལྟ་བུའི་གཟི་མདངས་དང་ལྡན་པའི་ཚུལ་གྱིས་བལྟམས་སོ། །སྒོ་མང་སློབ་དཔོན་བཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཀྱིས། །ས་གླང་ཧོར་ཟླ་དང་པོའི་ཚེས་གཅིག་གི་ཉི་མ་ཤར་དང་བལྟམས་པ་ལྷན་ཅིག་བྱུང་། །ཞེས་དང་། མཁར་ནག་ལོ་ཙཱ་བས། འཆི་མེད་སྲས་པོ་སྤོར་ཐའི་ཇི་ཡིའི། །རིགས་བརྒྱུད་སུ་མེར་ཐའི་ཇི་ཡབ། །རྒྱལ་ཁབ་ཀུན་གསལ་མཛེས་ཕྱིར་དུ། །ཡུམ་མཆོག་བཱ་ཁྱེན་སྦྱུ་ལ་ཡི། །མངལ་སྤྲན་ནས་འཐོན་རབ་མཛེས་སྐུ། །རྒྱལ་སྲས་ཉི་མའི་དཀྱིལ་འཁོར་ཤར། །ས་གླང་མཆུ་ཟླའི་ཚེས་གཅིག་ལ། །སོག་ཡུལ་དབང་པོའི་ས་འཛིན་རྩེར། །དཀར་ཕྱོགས་པདྨའི་གཉེན་དེ་བྱོན། །ནག་པོའི་རྩ་ལག་མུན་པ་སངས། ཞེས་སོ། །དེའི་ཚེ་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་ཆེན་པོ་འབབ་ཅིང་། དུས་མ་ཡིན་པའི་འབྲུག་གི་སྒྲ་དལ་བུར་སྒྲོག་པ་དང་། སྔོན་ཆད་སྣའི་ཡུལ་དུ་མ་མྱོང་བའི་དྲི་ཞིམ་པོ་བྲོ་བ་དང་། སྒྲ་འཛིན་གྱི་ཡུལ་དུ་ཐོས་མ་མྱོང་བའི་རོལ་མོ་སྣ་ཚོགས་རང་འཁྲོལ་བ། ས་ཆེན་པོ་གཡོ་བ་སོགས་ཡ་མཚན་པའི་ལྟས་མང་དུ་བྱུང་ངོ། །ཟླ་བ་དེ་ཀའི་ནང་དུ་ཡབ་ཀྱི་མཚན་ནས་འབོད་པ་དང་གཞན་ཡང་གསུང་གླེང་དུ་མ་གནང་བས། ཤེས་ལྡན་རྣམས་འདི་ནི་གང་ཟག་ཕལ་པ་དང་མ་འདྲ་བའི་ཡ་མཚན་པ་ཞིག་གོ །ཞེས་བསྔགས་རྗོད་བྱེད་པར་གྱུར་ཏོ། །སྐུ་གཟི་བྱིན་ཆེ་བས། ན་ཚོད་ཕྲ་ཡང་ཀུན་གྱི་མིག་ཅེར་རྒྱག་ཏུ་བལྟ་བར་མི་བཟོད་ཅིང་། མཐོང་ན་མི་མཐུན་པ་མེད་པའི་ངང་ཚུལ་ཅན་ནོ། །ཉིན་གཅིག་ཡུམ་ལ་ལྷ་ཁང་ནས་བཀའ་འགྱུར་གྱི་མ་དུམ་སྤྱན་དྲོངས་ཤིག་གསུངས་པ་ལྟར་བླངས་པས། གླེགས་བམ་ལ་གཟིགས་ཏེ་འདི་ནི་ངའི་རྣམ་པར་ཐར་པའོ་ཞེས་གསུངས།


GLG008_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་ཁ་ཕྱེ་བས། དམ་ཆོས་པད་དཀར་གྱི་ནང་གི་དོན་ཡོད་ཞགས་པའི་རྣམ་ཐར་བྱུང་བས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་གོར་མ་ཆག་ཅེས་ཀུན་མགྲིན་གཅིག་ཏུ་གླེང་། མཆོད་གནས་ཀྱི་དགེ་འདུན་རྣམས་གསུང་རབ་སྒྲོག་ཏུ་འཇུག་པ་དང་། རང་དང་ན་མཉམ་གྱི་ཁྱིའུ་མང་པོ་དང་ལྷན་ཅིག་ཏུ། སྤོས་དང་མེ་ཏོག་སོགས་ཀྱིས་སྐུ་གསུང་ཐུགས་རྟེན་ལ་མཆོད་པའི་རིམ་པ་མཛད་པར། གཞན་རྣམས་བྱིས་པའི་རོལ་རྩེད་ལ། དམ་པ་འདི་ཉིད་ནི་ཡུན་རིང་པོའི་བར་དུ་སྐུ་ལུས་གནད་དྲང་པོར་བསྲངས་ཏེ་ཡན་ལག་བདུན་པའི་རྣམ་པར་མཛད། འདི་དག་གི་དུས་སྔ་ཕྱི་རྣམས་སུ་ཆོས་ཀྱི་ཁྲི་རྩིག་པ་དང་། ཆོས་འཆད་པའི་རྣམ་པ་དང་རྡོ་ཆུང་ངུ་མང་པོ་བསགས་ཏེ་གྲལ་དུ་བསྒྲིགས་ནས། འདི་རྣམས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི་སྐུ་འདི་དང་འདི་འདྲ་ཡིན་ནོ་ཞེས་གསུང་བ་དང་། སྐབས་འགར་གསུང་ཆོག་བསྐང་གསོ་གཏོར་ཟོར་འཕེན་པ་དང་གར་དབྱངས་ཀྱི་རྣམ་པར་མང་པོ་མཛད། ཉིན་གཅིག་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། ལས་གཤིན། རྣམ་སྲས། ཕྱག་བཞི་པ། གུར་ཞལ་སོགས་ཆོས་སྐྱོང་མང་པོ་ཞལ་གཟིགས་ནས་རྣམ་འགྱུར་འདི་ལྟ་བུ་དང་བཅས་ཏེ་བྱོན་བྱུང་གསུང་དེ་དག་གི་ལད་མོ་མང་པོ་མཛད། ཟླ་བ་གསུམ་ཙམ་གྱི་རིང་ཡུམ་རིག་པ་རྣལ་དུ་མི་གནས་པའི་སྨྱོ་བ་ལྟ་བུ་བྱུང་བ་སྐུ་སྐྱེ་ཕེབས་པའི་སྔུར་ཡིན་ཞེས་གླེང་། ནག་པ་ཟླ་བ་ཤར་བའི་ཉིན་གཅིག་དེ་རིང་གཟའ་སྐར་དང་དུས་ཚོད་བཟང་པོ་ཡིན་པས། ལྷ་ཁང་གི་ནང་དུ་སྟན་བཟང་པོ་ཤོམས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་ཕུལ། ཕྱོགས་བཞིར་སཱཙྪ་བཞི་དང་། རིན་པོ་ཆེས་གང་བའི་བུམ་པ་བཞི་ཞོག །ངེད་བཙས་


GLG008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སར་མཆོད་རྟེན་རྩིགས། གདན་ཁྲིའི་ཕྱོགས་མཚམས་སུ་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་རྣམས་སྒྲིགས། དགེ་འདུན་རྣམས་བསྡུས་ལ་ཆོས་ཀྱི་འབེལ་གཏམ་མཛད་དུ་ཆུག །སོག་པོ་ཚོ་ཆེན་དྲུག་སོགས་རྒྱ་བོད་ཧོར་གསུམ་གྱི་མི་སྣ་ཚོགས་པ་རྣམས་ལ་སྟོན་མོ་གྱ་ནོམ་པ་ཐོང་། མཐོང་བ་དོན་ལྡན་ཕྱོགས་འདིར་བསམ་བཞིན་དུ་ཕེབས་པ་ལ་གསོལ་བ་འདེབས་སུ་ཆུག་ཅིག་ཅེས་གསུངས། དེ་བཞིན་དུ་ཡབ་ཡུམ་རྣམས་ཀྱིས་མཛད་པའི་ཚེ། བཀའ་ལས། རིན་པོ་ཆེས་གང་བའི་བུམ་པ་བཞི། །ནོར་བུས་གང་བའི་རྫ་མ་བདུན། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་ཟངས་མཁར་ལྔ་བཅུ་རྣམས་ལྷ་དང་ཀླུའི་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་སྦས་པ་ཞིག་ཀྱང་ཡོད་ཅེས་གསུངས། དེ་ནས་ཁྲུམས་ཀྱི་ཟླ་བའི་ནང་དུ། ཉིན་ཞག་གསུམ་གྱི་བར་དུ་མནལ་ཐུན་གཅིག་ལ་སོང་བའི་མཐར། མནལ་སད་དེ་རྗེས་ཐོབ་ལས་བཞེངས་པའི་དུས། ཡུམ་གྱི་དྲི་བ་ཞུས་པར། ཞག་དང་པོ་ལ་མཆོད་ཤོམས་ཀྱི་དཀར་མེ་གཉིས་ངའི་ལག་ན་འདུག་པ་དེ་ཆེས་ཆེར་འབར་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་གསལ་བར་བྱས་པ་ཞིག་རྨིས། ཞག་གཉིས་པ་ལ་ནམ་མཁའ་འཇའ་སྤྲིན་འཁྲིགས་པའི་དབུས་ན་སངས་རྒྱས་བྱང་སེམས་གྲངས་མེད་པ་བཞུགས་འདུག་པ་མཐོང་། ཞག་གསུམ་པ་ལ། རིན་པོ་ཆེའི་ཁྲི་ལས་ལངས་ཏེ་བོད་ཀྱི་ཕྱོགས་སུ་འགྲོ་བ་རྨིས་སོ། །ཞེས་གསུངས་པས། སྒོ་མང་སློབ་དཔོན་བཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཀྱིས། དེ་མ་ཐག་ཏུ་སྣ་ལྔའི་འཇའ་གུར་ཕུབ། །མེ་ཏོག་ཆར་བབས་སྤོས་ཀྱི་དྲི་བཟང་ལྡང་། །རོལ་མོའི་སྒྲ་ཚོགས་ཀུན་གྱིས་ཐོས་པ་བྱུང་། །ཟླ་གཅིག་འདས་ཚེ་ཡབ་ཀྱི་མིང་ནས་བོས། །བྱང་


GLG008_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་སྙིང་པོ་ཐོན་ཞེས་གསུངས། །ཟླ་བ་གསུམ་ནས་བཀའ་ལུང་དུ་མ་དང་། ལྷག་པར་ཁྲི་རྒྱོབ་མཆོད་པ་ཆེན་པོ་ཤོམས། །རཏྣས་གང་བའི་བུམ་པ་བཞི་བཞི་དང་། །དུང་དཀར་བཞི་རྣམས་ཕྱོགས་བཞིར་བུས་ཤིག་དང་། །བླ་མ་མཆོག་དེ་ཉི་ཟླ་བཞིན་དུ་ཕེབས། །ཞེས་སོགས་ངོ་མཚར་གསུང་དང་གྲུབ་རྟགས་སོགས། །བརྗོད་ཀྱིས་མི་ལང་དེར་འདུས་རྣམས་ལ་བསྟན། །ཕྱག་འཕྲེང་ཆིབས་པ་ངོས་འཛིན་སོགས་མཛད་པས། །ཀུན་ཀྱང་ངོ་མཚར་གནས་སུ་བཀོད་པ་ལགས། །ཞེས་དང་། མཁར་ནག་ལོ་ཙཱ་བས། བལྟམས་ནས་འཇལ་བྱེད་དང་པོ་ལ། །ཡབ་ཀྱི་མཚན་ནས་འབོད་པ་སོགས། །ཚུལ་འདི་ཟས་གཙང་སྲས་བཞིན་དུ། །ངོ་མཚར་བསྔགས་པའི་གནས་སུ་འགྱུར། །བསིལ་ཟེར་མིང་མཚུངས་གསུམ་པའི་སྐབས། །དོན་བཟང་ཚིག་འབྲུ་བཟང་པོ་ཡིས། །ཆོས་ཀྱི་ཁྲི་ཤོམ་མེ་ཏོག་ཁྲོམ། །རིན་ཅེན་གྱིས་གང་ཀ་ལ་ཤ །ཕྱོགས་བཞིར་བཞག་ནས་དུང་དཀར་བུས། །མཐོང་བ་དོན་ལྡན་སླར་གྱོན་པ། །ཡོན་ཏན་རྒྱ་མཚོའི་སྙིང་པོ་མཆོག་ནམ་མཁའི་ནོར་བུར་གསོལ་ཐོབ་ཅེས། །ཟབ་མོ་རྟེན་ཅིང་འབྲེལ་འབྱུང་གི །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །གཞལ་བྱ་ཀླུ་ལ་ཞག་གསུམ་དུ། །མནལ་བའི་ཚུལ་གྱིས་མཉམ་པར་བཞག །རྗེས་ཐོབ་ཏུ་ནི་བཞེངས་པའི་ཚེ། །ཡུམ་གྱིས་དེ་དོན་ཞུས་པ་ན། །དང་པོ་ཕྱག་ན་སྒྲོན་མེ་ཡིས། །ཕྱོགས་ཀུན་གསལ་བར་སྣང་བས་ཁྱབ། །གཉིས་པར་འཇའ་སྤྲིན་འཁྲིགས་པའི་ཁྲོད། །སངས་རྒྱས་བྱང་སེམས་གྲངས་མེད་གཟིགས། གསུམ་པར་རིན་ཅེན་ཁྲི་སྟེང་ནས། །བོད་ལ་ཕྱོགས་པ་རྨིས་སོ་གསུངས། །འགའ་ཞིག་


GLG008_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་རེ་རེ་གཉིས། །ཞལ་གཟིགས་བྱུང་ལ་ཡ་མཚན་བྱེད། །མགོན་འདིས་བགྲང་ཡས་ལྷག་པའི་ལྷ། །མངོན་སུམ་མཇལ་པས་ཁེངས་པ་མེད། །ཅེས་སོ། །དེ་ནས་ལོ་འཁོར་བའི་ཚེ། ཡབ་ཀྱི་མཆོད་ཁང་ལ་རབ་གནས་ཤིག་བྱེད་པའི་དུས། རྗེ་འདི་ཉིད་ཀྱང་དེར་ཕེབས་ཏེ་རྟེན་གྲལ་གྱི་སྐུ་རྣམས་ལ་ཞིབ་ཏུ་གཟིགས་ཤིང་། ཞབས་དྲུང་རིན་པོ་ཆེ་བསོད་ནམས་རྒྱ་མཚོའི་སྐུ་ལ་ཕྱག་མཛུབ་གཏད་ནས་འདི་ང་ཡིན་ཞེས་གསུངས། རྗེ་གོང་མས་ཡབ་ལ་གནང་བའི་ཕྱག་འཕྲེང་དེའི་མཚམས་འཛིན་འཕྱུགས་པ་རྣམས་འཆོས་པ་གནང་བས་ཀུན་ཡ་མཚན་དུ་བྱེད། ཕལ་ཆེར་གྱིས་འདི་ནི་ཞབས་དྲུང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐུའི་སྐྱེ་བ་འཁྲུལ་མེད་ཡིན་པ་འདྲ་ཞེས་གླེང་བ་ལ་བརྟེན་ནས། དེར་འཁོད་པ་མང་པོས་ཕྱག་དབང་ཞུས་པས། ཕྱག་གཉིས་ཀ་དང་ཡ་གཅིག་དང་ཆོས་ཀྱིས་དྲིལ་བ་སོགས་ཀྱི་སྒོ་ནས་དྲག་ཞན་གྱི་ཕྱག་དབང་གནང་ལུགས་ཀྱི་དབྱེ་བ་རྗེ་གོང་མ་ཇི་ལྟ་བ་བཞིན་དུ་གནང་། གུ་ཤྲིས་མཇལ་བར་འོངས་ཏེ། རྗེ་གོང་མའི་ཕྱག་འཕྲེང་དང་ཕྱག་རྗེས་ལ་འདྲ་མིན་བཅུ་གཅིག་ཙམ་དང་བསྲེས་ཏེ་གཟིགས་སུ་ཕུལ་བ། མ་འདྲེས་པ་སོ་སོར་ངོས་འཛིན་མཛད་པས་ཡིད་ཆེས་ཀྱི་གནས་སུ་གྱུར་ཏེ་དད་པ་ལྷག་པར་སྐྱེས། དེ་ནས་གསོལ་དཔོན་ཚུལ་ཁྲིམས་རྒྱ་མཚོ་དང་། ནང་སོ་དཀའ་བཅུ་པས་གོང་གི་སྐད་ཆའི་གནས་ཚུལ་ཐོས་ཏེ་བརྟག་དཔྱད་བྱེད་པ་དང་བཅས་མཇལ་བར་འོངས་པས། གསོལ་དཔོན་པ་སོགས་ཕྱག་ཕྱི་རྙིང་པ་རྣམས་ཀྱི་སྤྱི་བོར་ཕྱག་འཇོག་པ་དང་ལྷན་ཅིག་ཏུ། སོ་སོའི་མིང་ནས་བོས་ཏེ་ངོས་འཛིན་མཛད་པས་ཀུན་སྨྲ་མི་ཤེས་པའི་དད་པ་ཐོབ་བོ། །


GLG008_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་རྣམས་ཀྱིས་ཕུལ་བའི་མཇལ་དར་མཆོད་ཤོམས་ཀྱི་རྟེན་རྣམས་ཀྱི་ན་བཟར་སྒྲོན་པ་གནང་། དེ་ནི་གསོལ་དཔོན་པ་དྲུང་འཁོར་རྙིང་པ་ཡིན་པ་དང་། ཞམ་འབྲིང་བའི་མཇལ་མིའི་ཐོག་མར་སོང་བས་དཔོན་སློབ་གསར་རྙིང་ཐམས་ཅད་ཞལ་འཛོམ་པ་དང་། དབུས་ཕྱོགས་ནོར་འཛིན་གྱི་ཐིག་ལེར་མྱུར་དུ་འབྱོན་པའི་རྟེན་འབྲེལ་གྱི་དགོས་པ་ཁྱད་པར་ཅན་ལ་དགོངས་པ་འདྲ། ལྕགས་ཡོས་ཀྱི་ལོ་ཐུ་མེད་ཀྱི་རྒྱལ་པོས་མཇལ་བར་བྱོན་པས། ན་ཚོད་ཕྲ་ཡང་ཞུམ་པ་དང་བག་ཚ་བ་མེད་པར། ཞལ་འཛུམ་པ་དང་བཅས་རྒྱལ་པོ་འཁོར་བཅས་བདེ་བར་གནས་སམ་ཞེས་གསུངས་པས། རྗེ་གོང་མ་དྲན་པའི་གདུང་ཤུགས་ཀྱིས་མཆི་མ་འཁྲུག་ཅིང་བ་སྤུ་ལྡང་བར་གྱུར། རྒྱལ་པོའི་ཕྱག་ཕྱིར་ལི་ཐང་གི་ལྷ་ཆེན་བཞེང་བའི་བལ་པོ་ཡོད་པར། མིང་ནས་བོས་ཏེ་ངོས་འཛིན་གནང་། ཚ་རྡོར་ནང་སོས་རྗེ་གོང་མའི་ཐུགས་དམ་རྟེན་མགོན་པོ་ཞལ་གྱི་ཐང་ཁ། ཕྱག་དཔེ། ཆིབས་པ་ཨ་བལ་སེར་པོ། ཟུར་གེ་སྔོན་པོ་རྣམས་ཁྱེར་ཡོངས་པ་དང་དུས་མཚུངས་པར། ས་གཡོ་ཞིང་འབྲུག་གི་སྒྲ་ཆེན་པོ་བསྒྲགས། ཕྱག་དཔེ་ཞལ་ཐང་རྣམས་ལ་ངོས་འཛིན་མཛད། ཨ་བལ་སེར་པོ་ལ་ཆིབས་ནས། གཟིམས་གུར་ལ་བསྐོར་བ་ལན་གསུམ་མཛད་དེ་དབུས་ལ་འདི་ལྟར་འགྲོ་ཞེས་བཀའ་སྩལ། ཆིབས་ལས་བཤོལ་ཏེ་གཟིམས་གུར་དུ་སྟན་ལ་བཞུགས་ཏེ། ཉམས་དགའ་ཞིང་བག་ཕེབས་པའི་གསུང་གླེང་མང་དུ་མཛད། གསོལ་ཇ་ཞལ་དཀར་གང་དེར་འདུས་པའི་སྐྱེ་བོ་མང་པོ་ཞིག་ལ་གནང་བས། ཐམས་ཅད་ཀྱི་སྐོམ་པ་སེལ་ནུས་པའི་ཡ་མཚན་པ་བྱུང་། དེ་སྐབས་རྟེན་ཞིག་ལ་རབ་གནས་ཞུ་མཁན་བྱུང་བར། རབ་གནས་


GLG008_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོ་ག་སོགས་སྔོན་ཆད་གཟིགས་རྟོག་མཛད་མ་མྱོང་ཡང་། ཐོག་མར་གསུང་གི་གདངས་དྲག་པོ་དང་བཅས་ཏེ། ཨོཾ་ཧཱུྃ་ཕཊ། ཅེས་བགེགས་སྤྲོད་པའི་ཚུལ་དང་། ཕྱག་རྒྱ་དང་གར་དབྱངས་མང་པོའི་རྣམ་པ་དང་། ལྷ་སྤྱན་འདྲེན་པ་དང་བསྟིམ་པའི་ཚུལ་མཛད་དོ། །རྗེ་གོང་མའི་སྐུ་ཞང་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་ཀུན་བཟང་རྩེ་བ་བྱོན། གོང་མའི་ཐང་ཞུ་དང་ཕྱག་དྲིལ་གཟིགས་འབུལ་མཛད་པས། ཇི་ལྟ་བ་བཞིན་དུ་མཁྱེན་པར་གྱུར། གང་ཟག་ཐ་མལ་བའི་སྤྱོད་ཡུལ་ལས་འདས་པའི་འཕགས་ཆེན་དམ་པའི་མཛད་པ་རླབས་པོ་ཆེའི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པ་ལ་བརྟེན། རྒྱ་བོད་ཧོར་གསུམ་གྱི་སྐྱེ་བོ་མཐའ་ཀླས་པ་མཁོ་རྒུའི་འབྱོར་པ་ཇི་སྙེད་པ་དང་བཅས་ཏེ་དབྱར་གྱི་ཆར་སྤྲིན་ལྟ་བུར་འདུས། ཆོས་རྗེས་མདུང་རྩེ་བར་ཁྱེད་ཀྱི་ལག་གི་དངུལ་ཕོར་དེ་ཏའི་ཆིང་ནོ་ཡོན་གྱིས་ཕུལ་བ་ཡིན། ད་སྣེ་གདོང་རྩེར་འབུལ་དགོས་འདུག་བཀའ་ཕེབས། ཉིན་གཅིག་མཁའ་ལ་འཇའ་ཚོན་གྱི་དྲ་བ་རྨ་བྱའི་གདུགས་ལྟར་ཕུབ་པའི་སྣ་ལ་དར་དཀར་གྱི་ཐག་པ་བརྐྱངས་པ་འདྲ་བ་གསུམ་བྱུང་བའི་གཅིག་གཟིམས་གུར་གྱི་སྟེང་། གཅིག་སྒར་གྱི་དཀྱིལ། གཅིག་ཡབ་ཡུམ་གྱི་གུར་ལ་ཟུག །དེའི་ཉིན་མཇལ་བར་འོངས་པ་རྣམས་ལ། ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་དང་། ཡི་གེ་ཧཱུྃ་ཡིག་དཀར་པོ་དང་། འོད་དཀར་པོའི་ཐིག་ལེ་དང་། རལ་པའི་ལྕང་ལོ་ཅན་ཕྱམ་རྩ་དཀར་པོ་བཞེས་པ་བླ་མ་ཉིད་ཀྱི་རྣམ་པ་ཅན་སོགས་མཐོང་ཚུལ་མི་འདྲ་བ་མང་དུ་བྱུང་བས། སྐྱེ་རྒུ་མཐའ་དག་རྗེ་གོང་མའི་མཆོག་གི་སྤྲུལ་སྐུ་ཐེ་ཚོམ་དང་བྲལ་བའི་ངེས་ཤེས་རྙེད་དེ། ཕྱག་དང་། སྐོར་བ་དང་བཤགས་


GLG008_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རྗེས་སུ་ཡི་རང་ལ་སོགས་དགེ་བ་བཅུའི་ལས་ལམ་དབྱར་གྱི་ཆུ་མཚོ་ལྟ་བུར་འཕེལ་བར་གྱུར་ཏོ། །ཕུན་ཚོགས་གྲུ་འཛིན་རི་བོའི་ཕོ་བྲང་ནས། །རབ་འབྱམས་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཟུགས། །མཐའ་འཁོབ་གདུལ་དཀའི་འགྲོ་བ་འདྲེན་སླད་དུ། །སྣ་ཚོགས་སྒྱུ་དྲའི་རོལ་གར་དེ་རྨད་བྱུང་། །འཁོར་འདས་མཉམ་ཉིད་མི་གཡོ་ཆོས་ཀྱི་སྐུ། །མངོན་དུ་གྱུར་ཀྱང་བླུན་རྨོངས་འགྲོ་བའི་ངོར། །ཚེ་རིང་གནམ་གྱི་རིགས་སུ་སྲིད་འཛིན་པའི། །ངོ་མཚར་བཀོད་པའི་དགེ་མཚན་ཅི་ཡང་སྟོན། །འགྲོ་ལ་རྗེས་སུ་ཆགས་པའི་ཆུ་གཏེར་ལས། །ལེགས་འོངས་རྒྱལ་སྲས་ཟླ་ཚེས་གཞོན་ནུ་དག །སྤངས་རྟོགས་ཡོན་ཏན་ཆ་ཤས་གོང་འཕེལ་བའི། །སྙན་གྲགས་རྒྱ་མཚོའི་རླབས་བཞིན་ཡོལ་བ་མེད། །དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོ་གསར་པའི་ཆོ་འཕྲུལ་གྱི་དུས་ཁྱད་པར་ཅན་གྱི་ཚེ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་ཀྱི་རྒྱལ་པོ། །དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མ་རྣམས་ཞལ་གཟིགས། མཁར་སྔོན་པོར་མྱུར་དུ་འབྱོན་པ་ལེགས་པའི་གསུང་གི་སྣང་བ་སྩལ་བ་ལྟར། དེ་བཞིན་དུ་མཁར་སྔོན་པོར་ཕེབས་པ་འགབ་ཚུལ་ཉེ་འཁོར་དུ་ཡོད་པ་རྣམས་ལ་གསུངས་ཤིང་། རྒྱལ་པོ་རྒྱལ་མོ་སོགས་ལ་ཡང་རྒྱུ་མཚན་གནང་། ཉིན་གཅིག་ཕྱི་རོལ་ཏུ་ཕེབས་ནས་ཐག་ཧ་ཅང་མི་རིང་བ་ཞིག་ན། ས་ལ་ཕྱག་མཛུབ་གཏད་ནས་འདིའི་འོག་ན་ཁྲོ་ཡོད་གསུངས་པས། དེར་འདུས་པ་རྣམས་ཀྱིས་ས་ཁྲུ་དོ་ཙམ་གྱི་བར་དུ་བརྐོས་ཀྱང་མ་རྙེད། སུ་མི་ཐའི་ཇི་དེ་རང་གི་སྲས་སུ་སྐྱེས་བུ་དམ་པ་བྱོན་པའི་སྔུར་ལྟ་བུའི་རྣམ་པས། ཐུགས་རིག་ལ་སྟེང་ཤོང་ཡོང་འདུག་པས་ལ་ལ་ཞིག་གིས་


GLG008_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་གར་ཡོད། སྨྱོན་པ་དེའི་བུས་ཟེར་བ་ལ་ཐ་སྙད་མི་ཡོང་ཞེས་གླེང་། ཕལ་ཆེ་བ་དག་གིས། རྗེ་ཐམས་ཅད་མཁྱེན་པའི་རྣམ་སྤྲུལ་དུ་ནི་གོར་མ་ཆག་པས་ཁྲོ་ངེས་པར་ཡོད་དོ་ཞེས། སླར་ཡང་ས་ཁྲུ་གང་ཙམ་ཞིག་བྲུས་པའི་འོག་ནས་ཁྲོ་ཤིན་ཏུ་ཆེ་བ་ཁ་ལ་མིས་སྐོར་བ་བྱེད་ཐུབ་པ་ཞིག་འཐོན་པ། སའི་སྟེང་དུ་འདྲེན་པ་ལ་ཤེས་རབ་ཀྱི་རྩལ་མགྲིན་བཟང་གི་གྲོགས་པོར་གྱུར་པ་དག་མང་བས། རེ་ཞིག་རྔོ་མ་ཐོགས་པར་ལུས་དེ་ནས་རྒྱ་ནང་དུ་ཁྲོ་ཆེན་པོ་འདི་སའི་སྟེང་དུ་འདྲེན་པའི་མི་ཞིག་ཐོང་ཞེས་ཡི་གེ་རྒྱབ་པས། རྒྱ་མི་གཉིས་ཀྱི་འོངས་ཏེ་དཀའ་ཚེགས་མེད་པར་དྲངས་ནས་སྒྱེད་བུའི་སྟེང་དུ་བཅུགས་པས། སྐྱེ་བོ་མང་པོས་བཟའ་བཏུང་གི་རིམ་པ་མངོན་པར་འདུ་བྱེད་པའི་གནས་སུ་བྱས་སོ། །ཧོར་ཟླ་བརྒྱད་པའི་ཚེས་བཅུའི་ཉིན། སྐུ་ཞང་རིན་པོ་ཆེ་ཀུན་བཟང་རྩེ་བ་དང་། མཉྫུ་ཆོས་རྗེས་གཙོས་པའི་བོད་སོག་གི་བནྡེ་མང་པོ་དང་། རྒྱལ་པོ་རྒྱལ་མོ་ཧོར་ཐའི་ཇི་སོགས་སྐྱེ་བོའི་ཚོགས་གྲངས་མེད་པ་གདན་འདྲེན་ལ་འབྱོར། ཚེས་བཅོ་ལྔའི་ཉིན་ཆིབས་པ་ཟུར་དགེ་སྔོན་པོ་ལ་ཆིབས་ཏེ། གདན་འདྲེན་པ་རྣམས་དང་ཆིབས་སྐྱེལ་པ་ཡབ་ཀྱིས་གཙོས་པའི་རྟ་པ་སྟོང་ཕྲག་ཙམ་གྱིས་བསྐོར་ཏེ་ཕེབས། ཕྱག་མཛུབ་གཏད་ནས་ལམ་འདི་ན་མཆོད་རྟེན་དཀར་པོ་ཞིག་ཡོད་གསུངས་པར། སྐུ་འཁོར་བ་འགའ་ཞིག་གིས་ཕྱོགས་དེར་ཕེབས་མྱོང་ལགས་སམ་ཞུས་པས། ངས་སྔོན་ཕྱོགས་དེར་འགྲོ་མྱོང་བ་ཡིན་ཞེས་སོགས་སྔོན་གནས་རྗེས་དྲན་གྱི་གསུང་ཁ་ཡར་བཀའ་སྩལ། དེའི་ཚེ་ཆ་དཀར་རྒྱལ་པོས་དཔོན་པོ་ཕུན་ཚོགས་ཀྱིས་གཙོས་པའི་རྟ་པ་ལྔ་བརྒྱ་ཙམ་ཟང་ཟིང་གི་དངོས་


GLG008_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མང་པོ་དང་བཅས་ཏེ་མངགས་པ་འབྱོར། ཕྱག་དབང་ཞུས་པས་ཕུན་ཚོགས་ཡོངས་པ་ཨེ་ཡིན་ཞེས་ངོས་འཛིན་མཛད། རྒྱ་མི་ཞིག་གིས་བླ་མ་ཁྱེད་སུ་ཡིན་ངས་ངོ་མ་ཤེས་ཞེས་ཚོད་བགམ་པར། ཁྱོད་རང་ང་ལ་ཐེ་ཚོམ་བྱེད་མི་དགོས། སྤྱན་རས་གཟིགས་སུ་མོས་ལ་གསོལ་བ་ཐོབ་ཅིག་ཅེས་གསུངས་པས་སྤོབས་པ་མེད་པར་གྱུར། མཆོད་རྟེན་དཀར་པོར་ཕེབས་པའི་ཚེ། དཀོན་ཅོག་ཐའི་ཇིས་གཙོས་པའི་རྟ་པ་ལྔ་བརྒྱ་ཙམ་བསུ་བ་ལ་འབྱོར་བས། བཀའ་ལས་རྟེན་འབྲེལ་ལེགས་འདི་ན་ངའི་ཁྲི་ཡོད་པས་རེ་ཞིག་སྡོད་གསུངས་ནས་ཁྲི་ཁར་བཞུགས་ཏེ། ཞུ་བ་པོ་མེད་པར་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་ཞིག་སྩལ། དེ་ནི་འགྲོ་བ་ཐམས་ཅད་ཀྱི་མི་བསླུ་བའི་སྐྱབས་གནས་ནི་དཀོན་ཅོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་ལ། ངའི་མཚན་དང་ལྡན་པའི་རྒྱལ་རིགས་ཀྱི་བསུ་བ་ལ་འོངས་པ་དང་། ལུས་ཅན་ཀུན་གྱི་མཆོད་པའི་ཞིང་དམ་པ་ནི་རྒྱལ་བའི་བསྟན་པ་ཡིན་ལ། དེ་ཉིད་དཀར་འཇམ་དུ་འགྲོ་བའི་བརྡར་མཆོད་རྟེན་དཀར་པོའི་འཁྲིས་སུ་ཕེབས་པ་དང་ཕེབས་བསུ་བ་རྣམས་རྩེ་འཛོམས་བྱུང་བ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བརྡར་དེར་རྗེ་གོང་མའི་བཞུགས་ཁྲི་ཡོད་པ་སོགས། ཐམས་ཅད་མཁྱེན་པ་བདེ་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་བསྟན་པ་གསལ་བར་མཛད་པའི་རྟེན་འབྲེལ་ལོ། །དེ་ནས་རྗེ་གོང་མ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་དེར། གཉུག་མར་གནས་པའི་དགེ་འདུན་རྣམས་ཀྱིས་མཆོད་པའི་བྱེ་བྲག་དུ་མ་ཐོགས་པས་མདུན་བདར་ཏེ་ཕེབས། གོང་མའི་བཞུགས་ཁྲིའི་ཁར་ཞབས་ཀྱི་པདྨོ་རྣམ་པར་བཀོད་དེ། དེར་འཁོད་པའི་སྐྱ་སེར་གྱི་


GLG008_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་ཆེན་པོའི་དབུས་སུ་རྗེ་གོང་མའི་མཛད་པའི་རིམ་པ་མདོར་བསྡུས་ཙམ་དང་། མ་འོངས་པ་འབྱུང་འགྱུར་གྱི་ལུང་བསྟན་རགས་རིམ་ཞིག་འཇིགས་པ་མེད་པའི་གསུང་གིས་བཀའ་སྩལ། གཟིམས་ཆུང་དང་མགོན་ཁང་རྣམས་སུ་ཕེབས་ཏེ། མཆོད་ཤོམས། གཏོར་མ། ཞལ་འབག་སོགས་སོ་སོར་ངོས་འཛིན་གནང་། དེ་ནས་རེ་ཞིག་གི་བར་ཕྱག་བྲིས་འདྲི་ཀློག །ཕྱག་དཔེ་འཛིན་པ་སོགས་ཐུགས་གཉེར་གྱི་རིམ་པ་རྣམས། རིན་པོ་ཆེ་ཀུན་བཟང་རྩེ་ནས་ཀྱིས་ཕུལ་བས་འབད་རྩོལ་ལ་མ་ལྟོས་པར་དཀའ་ཚེགས་ཆུང་ངུས་མཁྱེན་པས། རིན་པོ་ཆེ་བ་དེ་ཆོས་རྗེ་དཀོན་གཉེར་དཔོན་པའི་ཞལ་ངོར་སོང་བ་དང་། དཀོན་གཉེར་དཔོན་པ་ལ་སྡེ་སྲིད་ཕག་མོ་གྲུ་པས་བཀུར་བཟོས་ཆེ་ཞིང་། སྣེའུ་གདོང་རྩེ་དང་གཞིས་ཀ་གོང་དཀར་གྱི་ཕོ་བྲང་ཡས་མས་གཉིས་ནི་ལུགས་གཉིས་ཀྱི་ཡོན་ཏན་ཅན་མཐའ་དག་འདུ་ས་ཁྱད་པར་ཅན་ཡིན་པས། རྣམ་དཔྱོད་ཀྱི་རྩལ་ཅུང་ཟད་ཙམ་ཡང་མི་ལྡན་པའི་བླ་ཆེན་གྱི་མིང་གོག་སྐམ་པོ་ཐམས་ཅད་ལ་ཁོང་པ་ཐུགས་མགུ་མཁན་ཞིག་མིན་པ་འདུག་ཀྱང་། རྗེ་འདི་ཉིད་ལ་ཞབས་དྲུང་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་དེ་ཉིད་དང་ཁྱད་པར་མི་འདུག་ཅེས་གུས་པ་ཡིན་སྐད། མཁར་ནག་ལོ་ཙཱ་བས། དེ་ནས་བགྲང་བྱ་གསུམ་པའི་དུས། ཁུ་ཁོ་ཁོ་ཏོར་འགྲོ་ཞེས་གསུངས། །དེ་ན་དཔག་ཡས་སྐྱེ་བོའི་ཚོགས། །སྨིན་དང་གྲོལ་བའི་ལམ་ལ་བཀོད། སྙན་གྲགས་མ་ལ་ཡ་ཡི་དྲི། །བསྟན་སྐྱོང་བསེར་བུས་བསྐྱོད་པ་ལས། །འཇིག་རྟེན་གསུམ་དུ་ཁྱབ་པ་ན། །ཞེས་སོ། །དེ་སྐབས་ཕྱག་མཛོད་ཀྱི་ཁུར་ལེན་བྱེད་མི་གསོལ་དཔོན་ཚུལ་ཁྲིམས་རྒྱ་མཚོ་ཕྱག་གཡོག་ཏུ་འགྱུར་པར་མ་ཟད། དྲུང་འཁོར་དྲག་


GLG008_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཞན་ཚང་མ་དང་འགྲོགས་ལུགས་མཁས་ཤིང་ལེགས་པས། རིན་པོ་ཆེ་ཀུན་བཟང་རྩེ་པ་དེ་སྐུ་ཞབས་སུ་ཅར་མར་བཞུགས་པ་གནང་། ཕྱག་མཛོད་གུ་ཤྲི་བླ་མ་ལ་གུས་ཞེན་ཆེ་བ་ནི་ཡོངས་སུ་གྲགས། འཇིག་རྟེན་ཕྱོགས་ཀྱི་མཛད་སྒོ་ཧ་ཅང་གི་ཞིབ་ཆ་མི་ཆེ་བ་ཞིག་ལ། ཕྱི་བླ་གང་ཆེ་ཞིང་ནང་ཕྱག་རྫས་ལ་རུ་ང་བ། མཐོན་པོའི་གཉའ་གཅོག་དམའ་བའི་སྐྱོང་བསྟར་སོགས་སྒར་གྱི་འཛིན་ཚུལ་དང་། སྦྱིན་བདག་གི་སྣེ་ལེན་ཞི་དྲག་གིས་འདུལ་ཐབས་ལ་མངའ་བརྙེས་པར་འགྲན་ཟླ་དང་བྲལ་ཞེས་ཀུན་མཐུན་པར་གླེང་ཡང་། ཆོས་ཕྱོགས་ནས་བླ་མ་ལ་སྐུ་ཡོན་དགོས་མི་དགོས་དང་། སྐུ་ཡོན་འབུལ་མཁན་ལ་ཡོན་ཏན་ཡོད་མེད་ཀྱི་རྣམ་དབྱེ་ཕྱེད་པོ་ཞིག་མེད་འདུག་པ་དང་། ལྷག་པར་རྗེ་གོང་མའི་དྲུང་འཁོར་ཀུན་བཟང་རྩེ་པས་གཙོས་པའི་དྲག་རིམ་ཞིག་དང་མཐོ་གནོན་གྱི་རྣམ་པས་ཐུགས་ཀ་མི་མཐུན་པའི་སྟབས་ཀྱིས། ཕྱག་མཛོད་བྱོན་ནས་བཟུང་རིན་པོ་ཆེ་པས་ཀྱང་སྐུ་ཞབས་སུ་བཅར་མ་བསྡད་པ་ཡིན་སྐད། ངེས་པའི་དོན་དུ་རྗེ་གོང་མ་དང་ཐུགས་རྒྱུད་གཅིག་པས། གསན་བསམ་མཛད་པ་ལ་མ་ལྟོས་ཀྱང་། རྒྱལ་བ་ཟས་གཙང་གི་སྲས་པོས་འོག་མིན་དུ་སངས་རྒྱས་ཟིན་ནས་འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་སོགས། སྔོན་གྱི་མཁས་གྲུབ་དམ་པ་རྣམས་ཀྱང་ཐོས་བསམ་གྱི་ཕྱིར་དཀའ་སྤྱད་མང་དུ་མཛད་པས། སྐུ་གཞོགས་ཀྱི་ཚོ་འཛིན་དང་སྐུ་ཡོན་འབུལ་མཁན་ལ་རིན་པོ་ཆེ་ཀུན་བཟང་རྩེ་ནས་དེ་ཡུན་མི་ཐུང་ཙམ་ཞིག་བཞུགས་ཐུབ་ན། མཚན་ཉིད་པའི་སྟོན་པ་རིག་པའི་མདས་རང་གཞན་ཐམས་ཅད་ཐལ་མར་འབིགས་ནུས་པ་ཞིག་


GLG008_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང་ནའང་། རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་པ་དང་ཕྲ་ཞིབ་ཕྱག་ལེན་ལ་བརྟེན་ནས། དོན་གཉིས་རླབས་པོ་ཆེ་ལྷུན་གྱིས་གྲུབ་པ་ཞིག་འོང་རྒྱུར་འདུག་ཀྱང་། དྲུང་དུ་ཉེ་བར་འཁོད་པ་མཐའ་དག་མཇུག་མ་མེད་པའི་རྡོ་རྗེའི་རྣ་ལྡན་ཤ་སྟག་ཏུ་སོང་བས། གསན་བསམ་གྱི་འཕྲོར་ལུས་སོ། །ཕྱག་མཛོད་ཆེན་པོ་མཚན་དངོས་དཔལ་ལྡན་རྒྱ་མཚོ། རྒྱ་ནག་གོང་མའི་ལུང་གི་གུ་ཤྲི། འཇིག་རྟེན་ཡོངས་ལ་ཕྱག་མཛོད་སེང་གེར་གྲགས་པའི་སྒྲ་སྐད་ཅན་དེས། དབུས་ཕྱོགས་སུ་རྗེ་གོང་མའི་དགོངས་པ་རྫོགས་ཐབས་རྣམས་ལེགས་པར་གྲུབ་ནས། མཆོག་གི་སྤྲུལ་པའི་སྐུ་སོག་ཡུལ་དུ་བྱོན་པའི་གཏམ་སྙན་རྣ་བའི་བཅུད་ལེན་དུ་གྱུར་པ་ལ་བརྟེན། རང་ཉིད་ན་ཚོད་ཡོལ་བ་ལ་མ་ལྟོས་པར། དགེ་བའི་བཤེས་གཉེན་བསྟེན་པ་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་པར་ཐར་པ་ལ་འགྲན་པར་ནུས་པའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་གྱོན་ནས། སྒར་དམངས་དང་བཅས་ཏེ་དབུས་ནས་བཏེག །དེ་དང་ཕྱོགས་མཐུན་པར། ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་ནས་གོང་མ་མིའི་དབང་ཕྱུག་མི་ཕམ་དབང་གྱུར་རྒྱལ་པོ་ཞེས་བོད་ཤིང་སྒོ་ཅན་ཐམས་ཅད་ཀྱི་བླ་དཔོན་ཟུང་དུ་འཇུག་པའི་གཙུག་གི་ནོར་བུ་དེ་ཉིད་དང་། དེ་མཚུངས་ཕོ་བྲང་ཆེན་པོ་གོང་རི་དཀར་པོ་ནས། གངས་ཅན་པུ་རྣམས་ཀྱི་མགོན་གཅིག་བུ་རླངས་སྟོན་ཆོས་ཀྱི་རྒྱལ་པོ་ལྷ་གཟིགས་ངག་དབང་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་། ཤུན་ནས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་གསུམ་གྱི་མི་སྣས་གཙོས། འོད་གསལ་ལྷ་ཡི་གདུང་འཛིན་ས་སྐྱོང་རྒྱ་རི་བ། བྱང་ཕྱོགས་མིའི་རྗེ་བོ་ས་སྐྱོང་དགའ་ལྡན་པ་སོགས་སྡེ་


GLG008_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེ་ཕྲ་མང་པོ་དང་། སེར་འབྲས་དགེ་གསུམ་གྱིས་ཐོག་དྲངས་པའི་ཆོས་སྡེ་ཁག་རྣམས་ཀྱི་གདན་འདྲེན་པ་དང་བཅས་མཁར་སྔོན་པོར་འབྱོར།ཐོག་མར་མཇལ་བའི་ཚེ། སྔོན་གནས་རྗེས་དྲན་གྱིས་ངོས་འཛིན་གྱི་གསུང་དུ་མ་སྩལ་བས། ཕྱག་མཛོད་ཀྱིས་གཙོས་པའི་དྲུང་འཁོར་རྙིང་པ་རྣམས། རྗེ་གོང་མ་དྲན་པས་དགའ་བ་དང་སྐྱོ་བ་སྤེལ་མའི་རྣམ་འགྱུར་སྣ་ཚོགས་བསྟན། མཁར་ནག་ལོ་ཙཱ་བས། ཕྱག་མཛོད་དཔལ་ལྡན་རྒྱ་མཚོ་འདིས། །བྱང་འཕགས་བཞིན་དུ་ལུས་སྲོག་ལ། །ལྟོས་མེད་ཕྱོགས་དེར་འབྱོར་པ་ན། །ཡིད་ཆེས་གསུང་གི་ངོས་འཛིན་གྱིས། །འཁྲུལ་མེད་གོང་མ་རྗེས་སུ་དྲན། །ཚེས་པ་སྔ་ཕྱིའི་ཉི་མ་དང་། །དཀྱིལ་འཁོར་གཅིག་པ་ཇི་བཞིན་དུ། །མགོན་ཁྱོད་མཐོང་བ་དོན་ལྡན་དུ། །གཟུགས་སྐུ་སོ་སོ་ཐུགས་རྒྱུད་གཅིག །ཅེས་སོ། ཁྲི་རིན་པོ་ཆེ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོས་རྭ་སྒྲེང་དུ་གནས་གཟིགས་ལ་ཕེབས་དུས། ཀ་གཉིས་མའི་ནང་དུ་ཕྱགས་མ་ཕུད་པར་བྱོན་པས། ཇོ་བོ་འཇམ་དཔལ་རྡོ་རྗེས། བརྩོན་འགྲུས་གཡུང་དྲུང་ཁྱོད་ངའི་དཀྱིལ་འཁོར་གྱི་ནང་དུ་མཆིལ་ལྷམ་མ་ཕུད་པར་ཡོང་བ་ཅི་ཡིན་ཞེས་གསུང་བྱོན་པས། ཁུ་སྟོན་ཡིན་པར་དོན་གྱིས་ལུང་བསྟན་ཅིང་། ཐམས་ཅད་མཁྱེན་པ་བསོད་རྣམས་རྒྱ་མཚོ་གཞིས་ཀ་བྲག་དཀར་དུ་ཕེབས་སྐབས་ཤིག །ཡང་དགོན་ཞབས་དྲུང་སོགས་དྲུང་འཁོར་འགའ་ཞིག་ལ། དེ་རིང་ངེད་རང་ཚོ་ཁུ་སྟོན་དང་མཇལ་བ་འདུག་གསུངས་པས། རྐྱང་ཐང་སྒང་གི་དཀྱིལ་ཙམ་དུ་ཞལ་སྔ་ནས་རྒྱལ་ཁང་རྩེ་པ་དང་མཇལ། དེ་ནུབ་ཡང་དགོན་ཞབས་དྲུང་གིས། དེ་རིང་ཁུ་སྟོན་དང་མཇལ་བ་མ་བྱུང་ལགས་ཞུས་པས། ངེད་རང་


GLG008_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྐྱང་ཐང་སྒང་དུ་ཕྲད་བྱུང་ཞེས། བོད་ཀྱི་མཁས་པ་ཆེན་པོར་ངོས་བཟུང་བ་དེ་ཉིད་དགའ་ལྡན་གི་ཁྲི་ཟུར་བཞུགས་མཛད་ནས། རྒྱལ་ཁང་རྩེར་བཞུགས་སྐབས་ཡིན་འདུག་པས། ཕྱག་མཛོད་གུ་ཤྲི་སོག་ཡུལ་དུ་སྤྱན་འདྲེན་ལ་འབྱོན་གདོང་། འཕྲལ་ཡུན་གྱི་གསུང་གླེང་མང་དུ་གནང་ཞིང་། ཁྱད་པར་ངེད་ན་ཚོད་མཐོས་པས་སོག་ཡུལ་དུ་སྐུ་ཞབས་སུ་སླེབ་པ་ཞིག་མི་ཡོང་འདུག་ཀྱང་། དིང་སང་དབུས་གཙང་དུ་རང་ཕྱོགས་ཀྱི་བླ་མའི་རྒན་མགོ་ངེད་རང་ཡིན་པ་ནས་ཞབས་དྲུང་རིན་པོ་ཆེར་མཚན་འབུལ་བའི་བབས་འབྲེལ་འདུག་པས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་འབུལ་རྒྱུ་ཕུལ་བས། འདི་ནས་བཟུང་མཆོག་དམན་ཀུན་ལ་མཚན་འདི་ཉི་ཟླ་ལྟར་གྲགས་སོ། །དགུང་ལོ་བཅུ་བཞི་མ་བཞེས་ཀྱི་བར་དུ་གནོད་སྦྱིན་ཕྱོགས་ཀྱི་ཕང་པར་གནས་པའི་འགྲོ་བ་རྣམས་ཀྱི་དོན་དུ་བཞུགས་ཏེ། ཉིན་རེ་བཞིན་དུ་སོག་པོ་ཚོ་ཆེན་དྲུག་གི་འབུལ་བ་སོགས་ནི་རྒྱལ་པོ་ཆེན་པོས་དཔྱ་ཁྲལ་བསྡུ་བ་བཞིན་དང་། དཔལ་འབྱོར་ལོངས་སྤྱོད་རྣམ་ཐོས་ཀྱི་བུའི་ཁེངས་པ་འཕྲོག་ནུས་པ་སྟེ། དུས་ཚོད་དེའི་སྟོབས་མངའ་ཐང་ལ། ཀར་འབྲུག་སྤྲུལ་སྐུ་སོགས་ཀྱིས་གཙོས་པའི་བླ་ཆེན་སྒར་པའི་རིགས་འཇིག་རྟེན་གྱི་ཆོས་བརྒྱད་པོའི་ཉམས་ལེན་ལ་ཐུགས་དམ་གྱི་མཐིལ་དུ་མཛད་དེ། མར་ཆུར་ནས་སྲན་སོགས་ཀྱི་འབུལ་བ་ཕྲན་བུ་ལའང་། བརྒྱ་འབུལ་དུ་མིང་བཏགས་ནས། ཁྲོམ་ཆེན་པོའི་དབུས་སུ་ལེན་ཞིང་། མཐོང་བས་དོན་དང་ལྡན་པར་གྲགས་པ་ཀུན་ལ་མ་བྱུང་འདུག །སྔོན་དཔལ་ལྡན་ས་སྐྱ་པའི་དུས་རྒྱ་ཧོར་གྱི་འབྲེལ་ལམ་ཆེ་ཞིང་། བར་དུ་ཀརྨ་པ་དེ་བཞིན་གཤེགས་


GLG008_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྟ་མིང་རྒྱལ་པོ་དང་མཆོད་ཡོན་དུ་སོང་བ་སོགས་རྒྱ་ཧོར་གྱི་ཏི་ཤྲིར་གྱུར་པས། དངོས་སྤྱད་བཟང་རྔམས་ཆེ་ཆེ་མོ་མང་པོ་ལ་ལོངས་སུ་སྤྱད་པ་དང་། ལ་ལ་བོད་དང་བོད་ཁམས་རྣམས་སུ་ཇ་སྣམ་ཕྲུག་བྱུ་རུ་སྤོས་ཤེལ་གྱིས་གཙོ་བྱས། ནས་དང་ཚྭ་ཉིགས་ཀྱི་མཐའ་བརྟེན་པ་ལ་འབུལ་བ་ཆེན་པོར་བྱེད་པ་ཐམས་ཅད། སྔོན་གྱི་ཆོས་པ་བཟང་པོ་ཇོ་བོ་བཀའ་གདམས་པ་དང་། ཕྱག་རྫོགས་ཀྱི་སྒོམ་ཆེན་བྱ་བ་བཏང་ངེས་ཤིག་གིས་བརྟགས་ན། རྨི་ལམ་སྒྱུ་མའི་རོལ་རྩེད་དུ་འཆར་བས་བཟང་ངན་མ་མཆིས་མོད། དིང་དུས་ཀྱི་ཆོས་པ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་གྱིས་ཟིན་པ་རྣམས་ལ། རྣམ་དཀར་གྱི་འཕྲིན་ལས་ཀྱང་ཟང་ཟིང་གི་རྗེས་སུ་འགྲོ་ལྡོག་པ་ངོས་འཛིན་པ། རྗེ་མི་ལ་དང་། བ་རི་ལོ་ཙཱ་བའི་དཔེ་ལྟར་འཇིག་རྟེན་བླུན་རྨོངས་ཀྱི་སྣང་ངོར་གྲགས་པས། སྲིད་འབྱོར་གྱི་ཕུན་ཚོགས་ལ་ཐོབ་བྱའི་གཙོ་བོར་འཛིན་ཕྱིན། དངོས་པོ་ངན་ངོན་ཙམ་ལ་བཟང་པོར་རློམ་པ་ལས། རྒྱ་ཧོར་གྱི་དུས་ཀྱི་སྤྱོད་པ་ཁྱད་འཕགས་པ་དག་ལ་ལོངས་སུ་སྤྱོད་པར་རིགས་སམ་སྙམ་མོ། །ཕོ་བྲང་གོང་རི་དཀར་པོ་ནས་འཇང་འཚོ་བྱེད་ཤེས་རབ་རྒྱལ་མཚན་སོག་ཡུལ་དུ་གདན་འདྲེན་ལ་གནང་རྗེས། ཆིབས་ཁ་མྱུར་དུ་སྒྱུར་བ་ཡོད་ཚུལ་སོགས་ཀྱི་ཞུ་ཡིག་ཕུལ་བའི་ལན་དུ། དཔལ་ཕག་མོ་གྲུ་པ་ལྷ་གཟིགས་བཀའ་བརྒྱུད་རྣམ་པར་རྒྱལ་བས་འདི་ལྟར་གནང་སྟེ། ཚོགས་གཉིས་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །དག་པ་གཉིས་ལྡན་སྐུ་དེ་བཻ་ཌཱུཪྱའི། །རང་བཞིན་རྡུལ་བྲལ་སྟོན་པ་སྨན་གྱི་བླས། ཁྱོད་ལ་དགེ་ལེགས་འདོད་རྒུར་སྒྱུར་དུ་གསོལ། །གང་གི་སྐྱེས་སྟོབས་ཤེས་རབ་རི་བྱི་ཡིས། །གཞུང་ལུགས་གངྒཱ་ཧུབ་ཀྱིས་དྲངས་གྱུར་ནས། །


GLG008_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་གསོ་རིག་ཡན་ལག་བརྒྱད་ལྡན་གྱི། །ཆབ་ཏུ་བྱས་ནས་འགྲོ་ལ་བྲིམས་མཁས་པ། །བློ་བཟང་དྲང་སྲོང་མཆོག་ཁྱོད་རིང་མོ་ནས། །ཡིད་ལ་གཅགས་ཤིང་མཛའ་བས་བཅིངས་གྱུར་པས། །ལྷག་བསམ་ཟླ་བའི་འོད་ཀྱི་བྱུགས་པ་བཞིན། །ཀུན་ཏུ་དཀར་བའི་འཕྲིན་འདི་རྒྱང་ནས་སྨྲས། ༣ །སྣང་རིག་རྗེས་སྦྱངས་ཡངས་པའི་ནམ་མཁའ་ལ། །གཤོག་རླབས་གཞོན་ནུའི་དུས་ནས་རབ་རྫོགས་པ། །རྣམ་དཔྱོད་མདོངས་མཐས་མཛེས་པའི་རྨ་བྱ་ཁྱོད། །རྒྱལ་སྲས་མཆོག་གི་སྤྱན་སྔར་རིང་གནས་མངགས། ༤ །དཔག་ཚད་འབུམ་ཕྲག་བརྗོད་ཀྱིས་མི་ལང་བའི། །རྒྱ་ཆེན་ནོར་འཛིན་ཁྱོན་དེ་སྙིང་སྟོབས་ཀྱི། །འཕུར་ལྡིང་དལ་གྱིས་རྒྱུ་བས་རབ་བགྲོད་པའི། །སྤྱོད་ཚུལ་ཟབ་མོ་དེ་ལ་གློ་བ་དགའ། ༥ །རིམ་གྱིས་གངས་ཅན་ལས་ཀྱང་བྱང་གི་ཕྱོགས། །སྟོབས་ཀྱི་འཁོར་ལོས་སྒྱུར་བ་སེ་ཆེན་གྱི། །རིགས་ཀྱི་ཐུ་བོ་གང་དེའི་ཕོ་བྲང་ཆེར། །བདེ་བར་སོན་དེ་མཆོག་ཏུ་སྐལ་བ་བཟང་། ༦ །གང་དེར་རྒྱལ་བ་རྣམས་ཀྱི་མཁྱེན་བརྩེའི་གཟུགས། །འགྲོ་བློའི་ལེགས་བྱས་མེ་ལོང་ལ་ཤར་བ། །ངོ་མཚར་གསང་བ་བསམ་གྱིས་མི་ཁྱབ་པའི། །སྒྱུ་འཕྲུལ་ཆེ་ལ་ཡོན་ཏན་རྒྱ་མཚོ་ཞེས། ༧ །སྙན་གྲགས་ལྷ་ཡི་རྔ་གསང་སྟོང་སྒྲོག་ཅིང་། །ས་གསུམ་ཐུགས་རྗེའི་ཆར་གྱིས་བྲན་པའི་ཚེ། །ཕན་བདེའི་ལོ་ཏོག་ཅི་ཡང་འཕེལ་འགྱུར་བས། །དགའ་བའི་རྨ་བྱ་ཁྱོད་ཀྱང་གར་གྱིས་ཤིག །༨གང་གིས་ཞབས་སེན་མཚན་བཟང་འཁོར་ལོ་ཡི། །རྩིབས་སྟོང་མངོན་པར་བཀྲ་བ་མཐའ་འཁོབ་ཀྱི། །རྒྱལ་རིགས་བྱེ་བའི་ཅོད་པན་དང་འགྲོགས་པ། ཁྲི་གཤོག་རྒྱལ་མོའི་མཚོ་ཁར་ཕག་གི་ལོར། ༩ །ཡན་ལག་བཞི་ལྡན་གསེར་ཀྱིས་སྲབ་


GLG008_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོགས་ཅན། ཁ་ལོ་སྒྱུར་ཞིང་དགེ་བར་ལྷུན་ཆགས་ཞེས། །སེམས་ལ་འབབ་པ་མཛའ་བའི་འཕྲིན་ཡིག་དར། །རྣ་བར་འཇེབ་ཅིང་གཤིན་པ་སྙན་པོའི་གཏམ། ༡༠ །སྟོང་འཁུན་མཛེས་མའི་ལག་སོར་འདུ་བྱེད་ཀྱིས། །དིང་ཕོན་ཐགས་སུ་གྲུབ་པའི་པར་དང་བཅས། །ཕོ་ཉས་དགའ་བའི་འཛུམ་དང་ལྷན་ཅིག་ཏུ། །སོན་པས་ཀུན་དགའི་བདུད་རྩི་ཅི་ཡང་ཐོབ། ༡༡ །འདི་ན་ལྷ་གཟིགས་རླངས་ཀྱི་དྲང་སྲོང་ཅག །སྔོན་དུ་ཤུགས་དྲག་ནད་ཀྱིས་ཡུན་རིང་གཙེས། །འཇིག་རྟེན་ཕ་རོལ་མཐོང་བར་རྩོམ་ན་ཡང་། །བསླུ་མེད་མཆོག་གསུམ་ཐུགས་རྗེའི་ཐིགས་པ་ཡིས། ༡༢ །སྲོག་གི་རྟེན་དང་ལུས་ཀྱི་ཟུངས་གྱུར་པའི། །དིང་སང་དུས་ན་སྙོམ་དྭངས་བདེ་བ་དང་། །གཙུག་ལག་གཉིས་ལྡན་རྒྱལ་ཐབས་ཁྲི་འཕངས་ལ། །གཟུ་བོར་མཉམ་པར་འཇོག་པས་འཚོ་ཞིང་མཆིས། ༡༣ །ཀྭ་ཡེ་གཅིག་ཏུ་དཀར་བའི་ལྷག་བསམ་དང་། །གཟོད་མ་ཉིད་ནས་གཉེན་གཤིན་རྒན་པོའི་བློས། །གཅམ་བུ་བསྐྱུངས་ཏེ་ནན་ཏུར་ཆེན་པོ་ཡིས། །སླར་ཡང་མོལ་མཆིད་ཡང་དང་ཡང་སྨྲས་པ། ༡༤།གངས་ཅན་སྐྱེ་རྒུའི་བསོད་ནམས་རྒྱ་མཚོ་ཆེ། །དུས་ལས་མ་ཡོལ་ངོ་མཚར་རླབས་ཀྱི་འཛུམ། །དགེ་བར་བཞད་པའི་ཡོན་ཏན་རྒྱ་མཚོ་ནི། །ནམ་ཞིག་མངོན་སུམ་མཐོང་སྙམ་འདི་སྐད་ཞུས། ༡༥ །ཀྱེ་མ་སྙིགས་དུས་མར་ངོར་གྱུར་པས་ན། །ཐུབ་བསྟན་ཟླ་བའི་འོད་ཀྱང་འཕེལ་འགྲིབ་ཅན། །བློ་བཟང་རིང་ལུགས་གྲགས་པའི་དགའ་ཚལ་ཡང་། །སྨག་རུམ་མུན་པས་བྱུགས་ནས་རིང་ཞིག་ལོན། ༡༦།དེས་ན་རྒྱལ་བའི་འཕྲིན་ལས་འཇུག་པ་ནི། །བསམ་གྱིས་མི་ཁྱབ་ཐུགས་རྗེའི་ཉིན་བྱེད་འོད། །དཀྱིལ་འཁོར་ཡོངས་སུ་གང་བ་དང་པོའི་དགུང་། །ཤར་རིའི་སྤོ་ལ་འཆར་


GLG008_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་མིན་ནམ། ༡༧ །ལྟ་བར་མི་མངོན་གཙུག་ཏོར་གཡས་འཁྱིལ་བ། །བུང་བ་ལྟར་གནག་ལྕང་ལོ་རིང་པོ་ཅན། །བྲེགས་ཤིང་རབ་ཏུ་འབྱུང་བའི་བྱེད་པོ་ནི། །སོ་སོ་སྐྱེ་བོའི་བླ་མས་འོས་པ་མིན། ༡༨ །རིགས་ཀྱི་མངོན་པར་མཐོ་བ་གངས་ལས་སྐྱེས། །སྙིང་སྟོབས་རྟུལ་ཕོད་དཔའ་བར་ལྷུན་ཆགས་པ། །གདོང་ལྔའི་དབང་པོ་གཞོན་ནུར་གྱུར་ཀྱང་དེ། །རི་དྭགས་ཕལ་གྱི་རྗེས་སུ་ཅི་ཕྱིར་འཇུག ༡༩།ཕན་དང་བདེ་བའི་འོད་སྟོང་གླིང་བཞི་ལ། །རིམ་གྱིས་མངོན་སུམ་གནང་བ་ཐོབ་པའི་ལྟས། །ལེགས་ལམ་ཐོག་མའི་སྐྱ་རེངས་དཀར་པོས་ཀྱང་། །གདུང་བའི་མུན་པ་དྲུངས་ནས་ཕྱུང་བར་མཛོད། ༢༠།རྒྱ་བོད་མཁས་མང་གསུང་གི་ཆུ་རྒྱུན་གྱིས། །ལན་བརྒྱར་བཀྲུས་པ་དབུས་གཙང་དག་པའི་ཞིང་། །འཕྲུལ་སྣང་སྤྲུལ་པའི་གཙུག་ལག་ཁང་འདིར་ནི། །རབ་ཏུ་བྱུང་ཞིང་ཞབས་ཀྱིས་བཅགས་པར་མཛོད། ༢༡།སྔོན་རབས་རྗེ་བཙུན་གོང་མས་འཚོ་བཞེས་པའི། །མི་འཇིགས་སེང་གེའི་ཁྲི་ལ་བསྐལ་བརྒྱའི་བར། །ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་བསྐོར་བའི། །རྟེན་འབྲེལ་ཟབ་མོའི་ཚོགས་ཀྱང་སྒྲིག་པར་མཛོད། ༢༢།དུམ་བུ་བཅུ་གཉིས་ས་རྣམས་རྫོགས་ལྡན་གྱི། །དགའ་སྟོན་འདོད་རྒུར་བསྒྱུར་ལ་ལོངས་སྤྱོད་པའི། །རྒྱ་ཆེན་སྨོན་ལམ་ཇོ་བོའི་ཞལ་སྐྱིན་དུ། །བདེན་ཚིག་ས་བོན་གྲུང་པོ་སྨིན་པར་མཛོད།༢༣།མཐོང་བས་དོན་ལྡན་འཛུམ་ཞལ་མངོན་གྱུར་ཅིང་། །ཟབ་གསལ་གསུང་གི་བདུད་རྩི་མྱོང་བ་ཡི། །སྐལ་བཟང་དེ་འདྲ་རིང་པོར་མི་ཐོགས་པར། །བདག་གི་ལེགས་བྱས་མཐུ་ལས་སྣང་བར་མཛོད།༢༤ །དངོས་ཀུན་ཐམས་ཅད་མཁྱེན་པའི་རང་བཞིན་དུ། །དག་


GLG008_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡེ་ཤེས་སྒྱུ་མ་ཆེན་པོའི་དཔྱིད། །མཆོག་དམན་བློ་དང་འཚམ་པའི་རོལ་རྩེད་ཀྱིས། །གདུལ་བྱའི་རེ་བ་ཐམས་ཅད་སྐོང་བར་མཛོད།༢༥ །དེ་ལྟར་རྒྱལ་སྲས་གཞོན་ནུ་མཆོག་དེ་ལ། །སྙིང་གི་པདྨོའི་ཁོང་ནས་སྦྲང་རྩིའི་བུ། །དད་པའི་གླུ་དབྱངས་རྒྱང་ནས་ལེན་པ་འདི། །ལན་གཅིག་མིན་པར་ནན་གྱིས་གསོལ་བར་གྱིས། ༢༦།དྲང་སྲོང་ཁྱོད་ཀྱང་ཞབས་ཀྱི་པདྨོ་ལ། །རྟག་ཏུ་འགྲོགས་པའི་སྐལ་བཟང་བསྟེན་པ་དང་། །དྲི་དང་གསོལ་བ་འདེབས་པའི་ལས་རྣམས་ལ། །ཡིད་ལས་སྐྱེས་བཞིན་སྤོབས་པ་དགེ་བར་གྱིས། ༢༧།བྱང་ཆུབ་མཆོག་ཏུ་བསྐྱེད་པའི་གཞན་ཕན་སེམས། །ཀུན་ལ་སྙོམས་པས་བཞི་བརྒྱ་རྩ་བཞིའི་ནད། །རྩད་ནས་ཕྱུང་སྟེ་གྲོ་རྣམས་དབུགས་དབྱུང་བའི། །ཐབས་ཚུལ་རྣམས་ལ་ཀུན་ཏུ་གཞོལ་བར་གྱིས།༢༨ །འབྱོར་པས་མཐོ་དང་ཀུན་ཏུ་ཉམ་ཆུང་བ། ཀུན་ལ་འདྲིས་པ་མིན་པར་སྙིང་སྙོམས་པའི། །ལྷག་བསམ་ཀུན་ཏུ་བཟང་པོའི་སྤྲིན་ཕུང་གིས། །གྲུ་ཆར་བཞིན་དུ་འཁོས་སུ་ཕེབས་པར་གྱིས།༢༩།བསླབ་གསུམ་ངུར་སྨྲིག་གོས་དང་མི་འབྲལ་ཞིང་། །དྲན་དང་ཤེས་བཞིན་དབང་པོ་བག་ཡོད་པའི། །ངང་ཚུལ་བཟང་པོ་སྲོག་གི་ཕྱིར་དུ་ཡང་། །མི་གཏོང་བརྟུལ་ཞུགས་བརྟན་པོ་བཟུང་བར་གྱིས།༣༠ །སློང་བའི་ཚོགས་ལ་དཔག་བསམ་ཤིང་བཞིན་དུ། །ཡོན་ཏན་དགོས་འདོད་གཏེར་ཆེན་ཁ་ཕྱེ་ནས། །གཞན་དྲིང་མི་འཇོག་རྣམ་དཀར་འཕྲིན་ལས་རྒྱུན། །འགྲོ་ཀུན་ཡི་རང་གནས་སུ་འབབ་པར་གྱིས།༣༡།ཤེས་རབ་གསུམ་གྱི་དཔྱད་པས་ཡོངས་དག་པ། །གྲགས་པའི་རྒྱལ་མཚན་འཛིན་ཁྱོད་རིང་ནས་དྲན། །ཨེ་མ་རེ་བ་ལས་ཀྱང་ཆེས་ལྷག་པའི། །ཡིད་ཀྱི་དགའ་སྟོན་ལས་ཀྱང་དགའ་སྟོན་ནོ། ༣༢། དེ་སྐད་རང་བློ་མཁས་པར་མ་སྦྱངས་པས། །


GLG008_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ངག་རྒྱན་གྱི་ཆ་ལ་བཏང་སྙམས་ཀྱང་། །བྱམས་ལྡན་མ་མའི་ངག་གིས་བུ་ལ་བཞིན། །རང་བཞིན་གསོང་པོར་སྨྲས་འདིར་རྣ་བ་གཏོད། ༣༣།ཅེས་རི་མོ་རྟེན་དང་བཅས། ལྕགས་མོ་གླང་ལོ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ལ་དགེ་ལེགས་སུ་བྲིས། ཞེས། ཞབས་དྲུང་རིན་པོ་ཆེར་བསྔགས་བརྗོད་དང་སྙན་འབུལ་སྙན་ཞིང་འཇེབ་པ་འདི་བཞིན་གནང་འདུག །དབུས་ཕྱོགས་སུ་ཕེབས་པར། དཔོན་སློབ་ཐམས་ཅད་ཇི་ལྟར་སོས་ཀྱི་དུས་སུ་ཉི་མའི་འོད་ཀྱིས་གདུངས་པའི་གླང་པོ་ཆེ། ཁྲུས་ཀྱི་རྫིང་བུར་འཇུག་པ་ལ་རིངས་པ་ལྟར། ཉིན་ཞག་རེ་རེའི་སྔ་ཕྱིའི་དུས་ཀྱི་ཁྱད་པར་ལ་ཡང་ལྟོས་པས། ཕེབས་གྲབས་ཀྱི་སྟ་གོན་སོགས་འབད་རྩོལ་ཆེན་པོས་གནང་ཞིང་། སྒར་པ་རྣམས་ད་ནི་དུས་ཚོད་དང་ཚེས་གྲངས་འདི་ལྟ་བུ་ལ་ཕེབས་རྒྱུ་ཡིན་ཞེས་དགའ་དགའ་ལྟར་གླེང་། རྒྱལ་པོ་རྒྱལ་མོ་སོགས་ཕྱོགས་དེར་འཁོད་པ་རྣམས་ཀྱིས། ཐབས་དུ་མའི་སྒོ་ནས་ཡར་ཕེབས་མི་ཐུབ་པའི་བཀག་ཆ་དངོས་དང་བརྒྱུད་པའི་སྒོ་ནས་མང་དུ་མཛད་པ་ལ། བློ་ཆུང་རྣམས་དཔལ་ཞུམ་པ་དང་མགོ་བོ་འཁོར་ནས། ཕན་ཚུན་ཐམས་ཅད་སུས་བཤད་དང་སུས་ལབས་བདེན་པའི་དཔེ་ལྟར་གྱུར་ཀྱང་། ཕྱག་མཛོད་གུ་ཤྲི་ཆེན་པོ་དེ་བློ་གྲོས་ཀྱི་དཀྱིལ་ཆེ་བ་དང་། ཁྱད་པར་ཧོར་སོག་གི་ལུགས་ཀ་ལ་མཁས་པས་ཐབས་མཁས་ཀྱི་འཕྲུལ་ཆེན་པོས། དབུས་ཕྱོགས་ནོར་འཛིན་ཡངས་པའི་རྒྱལ་ཁམས་སུ་ཕེབས་པ་ལ་མི་མཐུན་པའི་གེགས་མཐའ་དག་ལས་གྲོལ་བར་མཛད་པ་ནི་ཟླ་བ་སྒྲ་གཅན་ལས་ཐར་པའི་འོད་ལྟར་ཤེས་ལྡན་རྣམས་ཀྱི་ཡིད་དབང་དུ་ཁོད་


GLG008_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞད་པ་ཡིན་ནོ། །དེ་ལྟར་དངོས་གཞི་ཡར་ཕེབས་པ་ལ་བཀག་ཆ་མཛད་མ་ཐུབ་ཀྱང་། ཕེབས་རྫོངས་གྲ་མ་འགྲིག་པར་ཁག་བཏགས་པའི་ཞག་འཕུལ་ཉིན་འཕུལ་བྱུང་བར། རྫོང་པ་སོགས་མ་བསྒུགས་ན་རེ་འཁང་བྱུང་དོགས་ཀྱི་ཐུགས་རྣམ་པར་སྲབ་པའི་འཚབ་འཚུབ་དང་། རྫོངས་པའི་རྙེད་པ་ལ་སྲེད་པའི་ལྟོགས་བླ་མེ་འབར་གྱི་བློ་བྲིད་མཐའ་དག་ཇི་མི་སྙམ་པར་མཛད་ནས། ལྟོས་མེད་དུ་བཞུགས་སྒར་བཏེག་པས། ཉིན་ལམ་བཅུ་ཙམ་སོང་བ་ན། རྒྱལ་པོ་རྒྱལ་མོ་ཕེབས་རྫོངས་ཞུ་བར་བསྙེགས་ནས་བྱོན། སྒོ་མང་སློབ་དཔོན་ཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཀྱིས། དེ་སླད་རྒྱལ་དབང་བསོད་ནམས་རྒྱ་མཚོ་དེས། །ཕྱོགས་འདི་ཡལ་བར་བོར་བའི་མྱ་ངམ་བཞུགས། །དྲག་པོས་ད་དུང་བར་དུ་གདུངས་པའི་ཡིད། །གུས་ལྡན་སློབ་མར་བཅས་པ་རྗེས་གཟུང་སླད། །དགའ་ལྡན་རྡུལ་མང་བརྩེགས་པའི་ལྷུན་པོ་ཆེ། །མཁས་མང་ལེགས་བྲིས་འདུ་བའི་སུམ་རྩེན་གནས། །ལེགས་བཤད་རྔ་ཆེན་རྡུང་བའི་འདུན་ས་ཆེ། །དབུས་གཙང་དག་པའི་ལྷ་གནས་ཉམས་དགའ་བར། །ཐུགས་རྗེས་སྤྱན་སྟོང་མངའ་བའི་གཞོན་ནུ་ཞིག །རིང་ནས་སྨོན་པའི་རང་གི་བཞེད་པའི་དོན། །གྲུབ་པ་བཞིན་དུ་དགྱེས་པའི་འཛུམ་དང་བཅས། །མཛེས་བྱེད་ལོ་ལ་ཆིབས་ཀྱི་ཁ་ལོ་བསྒྱུར། །རྒྱལ་སྲས་བདུད་རྩིའི་གཏེར་གྱུར་པ། །རྨད་བྱུང་མཛད་པའི་འོད་དཀར་ཅན། །དབུས་གཙང་ཀུ་མུད་ཚལ་ཆེན་པོ། །སྤྲོ་ཕྱིར་སླར་ཡང་ཤར་བར་གྱུར། །ཅེས་དང་། མཁར་ནག་ལོ་ཙཱ་བས། །དགུང་ལོ་ཚེས་ཀྱི་བར་དག་ཏུ། །བྱང་ཕྱོགས་ཡངས་པའི་རྒྱལ་ཁམས་ཀྱི། །སྐྱེ་རྒུ་རྣམས་ཀྱི་དོན་མཛད་ནས། །ཐུགས་རྗེ་བོད་དུ་གཞོལ་བ་ནི། །གང་གཱའི་རྒྱུན་འདྲ་སུས་བཟློག་ནུས། །ཞེས་སོ། །


GLG008_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཐག་འདུམ་པའི་ཁྱད་དང་བཅས་རྒྱའི་ལྕགས་རི་དང་ཉེ་བའི་ཕྱི་ཕྱོགས་ཀྱི་ལམ་བརྒྱུད་དེ་མཚོ་ཁར་ཕེབས། དེར་དཔོན་པོ་ཁོ་ལོ་ཆེས། འདིར་ལོ་གསུམ་ཙམ་བཞུགས་ཀྱང་ཟླ་བ་གསུམ་ཙམ་གྱི་ཡུན་ཚད་ཀྱི་ཉམས་ལས་མི་ཡོང་བ་འདུག་པས། བཞུགས་དགོས་ཞུས་པར། ཕྱག་མཛོད་ཀྱི་གསུང་ལས། ཉི་མ་ལ་ཉེ་རིང་མེད་ཀྱང་བྲག་ཕུག་ཁ་བྱང་བལྟས་སུ་ཉི་མ་མི་འཆར་བ་ཆོས་ཉིད་ཡིན་པ་ལྟར། ངེད་དཔོན་སློབ་སེམས་ཅན་ལ་ཉེ་རིང་མེད་ཀྱང་འདིར་དེ་ཙམ་བཞུགས་ག་ནས་ཐུབ་ཅེས་ཐག་ཆོད་མཛད། ཕྱོགས་དེའི་སྐྱེ་རྒུ་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན་ཏེ། ཟླ་བ་གཉིས་གསུམ་ཙམ་ནས་བཞུགས་སྒར་བཏེག །དེའི་ཚེ་དཔོན་པོ་ཁོ་ལོ་ཆེའི་ཐུགས་ལ་ཁོ་རང་གི་ཕེབས་རྫོངས་བྱས་མ་གྲུབ་གོང་ལ་ཐེགས་མི་ཡོང་བ་གཞིར་བཞག་གི་ལེ་ལོའི་དབང་དུ་བཏང་བས། སྒར་གྱི་ཞབས་ཕྱི་མ་ཟིན་པར་མཚོ་སྐྱ་རིང་སྔོ་རིང་གི་བར་དུ་བསྙེགས་ཏེ་ཕེབས་སྐྱེལ་དང་འབུལ་བ་མཛད་པར་བྱོན། དཔོན་པོས་ཕྱག་མཛོད་པར། ཁྱེད་དཔོན་སློབ་ངེས་པར་ཕེབས་རྒྱུ་ཡིན་ན་འཕྲོས་མི་གཏོང་བ་ཞེས་ཞུས་པས། །ལན་དུ་ཚེ་གྲངས་འདི་ཙམ་ཞིག་ལ་ཕེབས་རྒྱུ་ཡིན་ཞེས་ནི་ཡང་ཡང་བྱས། དེ་ལས་སྤྲོས་པའི་ངེད་དཔོན་སློབ་ཐེགས་པར་ཁྱེད་ལ་དགོངས་པ་ཞུ་གང་ཐུབ་ཅེས་གསུང་སྒམ་པོ་བྱོན་སྐད། །རིམ་གྱིས་ཕེབས་པས་ཁྲུམས་ཀྱི་ཟླ་བའི་ནང་དུ། མགོན་པོ་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་འདྲ་བའི་གར་མཁན་དཔལ་མར་མེ་མཛད་ཀྱིས་ལུང་བསྟན་ཅིང་། འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས་ཕྱག་བདར་ནས་བཏབ་པའི། བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཕེབས། མང་ཇ་འགྱེད་སོགས་གྱ་ནོམ་པས་དགེ་འདུན་ལ་


GLG008_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར། ཆོས་ཁྲིའི་སྟེང་དུ་ཕེབས་ཏེ་བཀའ་གདམས་གླེགས་བམ་གྱི་ཆོས་གསུངས་པས། མེ་ཏོག་གི་ཆར་འཇའ་འོད་ཀྱི་གུར་སོགས་ཡ་མཚན་པའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་བ་ན། འབྲོམ་རང་ཉིད་ཀྱི་གདན་སར་ཕེབས་ནས་གསང་ཆོས་གླེགས་བམ་གསུང་བ་ལ་ལྷ་རྣམས་ཀྱིས་མཆོད་པ་ཕུལ་བར་འདུག །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་དུ། ངེད་རང་གིས་བཀའ་གདམས་གླེགས་བམ་གྱི་ཆོས་གང་འཆད་སར་ལྟས་ཡ་མཚན་པ་སྣ་ཚོགས་འབྱུང་བ་ནི་ཆོས་ཀྱི་ཆེ་བ་ཡིན་གསུང་བ། ཆོས་དང་གང་ཟག་གཉིས་ཟུང་དུ་འབྲེལ་བ་ཞིག་དགོས་པ་ཡིན་འདྲ། དེང་སང་ནི་གླེགས་བམ་འཆད་མཁན་རྣམས་ལ་དེ་འདྲ་བ་འབྱུང་བ་དཀའ་བར་སྣང་ངོ་། །དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་སངས་རྒྱས་རིན་ཅེན་གདན་འདྲེན་ལ་ཕེབས། དགའ་ལྡན་སྤྱི་སྒེར་བྱིངས་ཀྱི་སྔོན་ལ་འབྱོན་པ་དེ་ཕྱག་མཛོད་གུ་ཤྲིས་ཁྱེད་རང་བྱིངས་ལས་གཡེར་དུ་འཐོན་པ་ཞིག་མཛོད། རབ་བྱུང་གནང་བའི་མཁན་པོ་སོགས་བདག་རྐྱེན་གང་ལེགས་ཡོད་པའི་བན་རྩ་ངེད་རང་ནས་བྱེད། །ཅེས་ནང་སྦྱར་གྱི་ཡི་གེ་བཏང་བ་འོལ་ཁ་བའི་ཞེན་ཡིན་པར་གླེང་། དེ་ནས་དྭགས་པོའི་བཀའ་བརྒྱུད་ཀྱི་འབྱུང་གནས། གདན་ས་ཆེན་པོ་དཔལ་ཕག་མོ་གྲུའི་མཚོ་ཆེན་མ་དྲོས་པ་ལས་འོངས་པའི། ཕྱག་རྒྱ་ཆེན་པོའི་ཆུ་ཀླུང་གཅིག་ཏུ་འཁྱིལ་བ་སྟག་ལུང་དུ་ཕྱག་མཛོད་པ་དང་རྟགས་བརྒྱད་དཔོན་སོགས་དྲུང་འཁོར་ཆེ་བགྲེས་རྣམས་ཀྱི་ཆིབས་བསུ་དང་། དགེ་འདུན་ཚོགས་རྣམས་ཀྱིས་མཆོད་རྫས་དུ་མ་ཐོགས་ནས་སེར་སྦྲེངས་དང་བཅས་ཏེ་ཕེབས། སྤྱིར་འཇིག་རྟེན་གྱི་གཏམ་དཔེ་ལ་གཙང་ནག་པས། སྟག་ལུང་མཁས་པས་མ་བཟུང་ཞེས་གསུངས་པར་གྲགས་


GLG008_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། ཁྲི་ཐོག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་དེ། གསུང་རབ་མཐའ་དག་ལ་གསན་གཟིགས་ཆེ་ཞིང་མཁས་བཙུན་བཟང་པོར་བཞུགས་ཞེས་སྙན་གྲགས་ཆེ། མཇལ་འཛོམ་གྱི་ཚེ་དྲུང་འཁོར་ཁྲོད་ནས་ཞབས་དྲུང་གོང་མ་ལས་གདུང་རུས་ཆེ་བ་དང་། སོག་པོའི་གཤེད་མོ་ལ་བརྟེན་པའི་ད་ལམ་རྩོད་པ་བཏང་ན་སྟག་ལུང་ཆོས་རྗེས་ཕྱག་འབུལ་ཡོང་ཞུས་པར། བླ་དཔོན་ཅི་རིགས་ཀྱི་བྱེད་པ་ལྟར། གནས་དུས་ལ་བརྟེན་པའི་དབང་གཤེད་དང་འགྲོ་འཚམས་སྤེལ་མར་སོང་ན། དཔལ་ལྡན་ས་སྐྱ་པ་དང་སྣེ་གདོང་གོང་མ་ལ་ཡང་བརྙས་ཆོས་བྱེད་པར་ཡ་ང་བག་ཚ་མེད་པ་ཚོ་དང་མི་འདྲ་བར། །ཕྱག་མཛོད་གུ་ཤྲི་དང་སྐུ་མདུན་རིན་པོ་ཆེ་གཉིས་རང་གི་ཚུགས་ཀ་ཟིན་ཅིང་གཞན་ལ་འགྲོ་འཚམས་མི་མཛད་པའི་ཡ་རབས་པས། རྗེ་གོང་མའི་དུས་མཇལ་འཛོམ་མཛད་པ་ཁོ་ནས་ཆོག་ཅེས་རྒྱལ་ཚོད་འཛིན་པ་མཛད། དེར་སྟག་ལུང་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་བསྙེན་བཀུར་གྱ་ནོམ་པ་བཏབ། ཕར་གདབ་ལན་གྱི་འབུལ་གནང་མང་འགྱེད་ཕུན་སུམ་ཚོགས་པ་མཛད། དེའི་ཚེ་ས་སྐྱོང་དགའ་ལྡན་པ་མི་དབང་གཡུལ་རྒྱལ་ནོར་བུ་ཡབ་སྲས་དང་། དགའ་ལྡན་ཕོ་བྲང་ནས་དཔོན་གཉེར་སྐུ་མདུན་རིན་པོ་ཆེ་ཆོས་བཟང་འཕྲིན་ལས་པ་སོགས་གདན་འདྲེན་པ་ཕལ་ཆེར་འབྱོར། སྐུ་མདུན་རིན་པོ་ཆེས་ཆིབས་པ་སྣང་སྲིད་ཀུན་ལྡན། ཨ་དྲུང་ཆོས་འཕེལ་རྒྱ་མཚོ་དང་བཅས་ཕུལ་བ་ལ་ཤིན་ཏུ་མཉེས་པ་བྱུང་སྐད། མཁར་ནག་ལོ་ཙཱ་བས། དེ་སླད་ཆིབས་ཁ་ཕྱོགས་འདིར་བསྒྱུར། །ལམ་བར་རིང་ཡང་སྤྲོ་བཞིན་དུ། །ཐུགས་རྗེས་ཁ་བ་ཅན་དུ་བྱོན། །རྭ་སྒྲེང་རྒྱལ་བའི་དབེན་གནས་སུ། །ཡོན་ཏན་


GLG008_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་སྤྲུལ་པའི་སྐུ། །ཕེབས་ནས་གླེགས་བམ་གསུངས་པས། །མེ་ཏོག་ཆར་སོགས་ལྟས་བཟང་བྱུང་། །སྟག་ལུང་ཆོས་རྗེས་བསྙེན་བཀུར་ཏེ། །ཞལ་འཛོམ་ཆོས་ཀྱི་གླེང་མོ་མཛད། །དེ་ནས་ས་སྐྱོང་དགའ་ལྡན་པ། །མཆོད་ཡོན་རྣམས་ཀྱི་བསུ་པའི་དཔེར། །ཐུབ་དབང་སེར་སྐྱར་གཤེགས་པའི་ཚེ། །ཤཱཀྱ་རྣམས་ཀྱི་མཇལ་དེ་འོས། །ཞེས་སོ། །ཕན་ཡུལ་ནང་དུ་ཕེབས་པ་ན། རྗེ་རྒྱལ་བ་གཉིས་པའི་ཆོས་ཀྱི་སེང་གེའི་ཁྲི་ལ་བཞུགས་པའི་ཞལ་སྔ་ནས་དགེ་འདུན་རྒྱལ་མཚན་པ་བསུ་བར་ཕེབས། ཞལ་སྔ་ནས་ཁྲི་རིན་པོ་ཆེས་ཕྱག་ཕུལ་བར་བཞེད་པ་མ་གནང་བར། ལ་ལ་དག་གིས་སྟག་ལུང་ཆོས་རྗེ་ཕྱག་འཚལ་དུ་མི་འཇུག །རང་རེའི་བླ་མ་བགྲེས་པོ་འདི་ཕྱག་འཚལ་དུ་བཅུག་ཅེས་ཕྱག་མཛོད་པ་ལ་ཁ་ཟེར།མཁར་ནག་ལོ་ཙཱ་བས། བོད་ཀྱི་ཆེ་རྒུས་ཕྱག་བཙལ་ཡང་། །ལྡང་བ་ཙམ་ཡང་མ་མཛད་པ། །རིགས་ཀྱི་སྙེམས་པ་མ་ཡིན་ཏེ། །མྱ་ངན་མེད་བྱིན་རྣམ་ཐར་བཞིན། །ཞེས་པ་འདི་དག་ལ་བསམ་པ་འདྲ། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། ཁྲིམས་ལྡན་ངུར་སྨྲིག་འཛིན་པའི་འདུས་པ་ལེགས་བཤད་ཀྱི་རྫ་རྔ་སྒྲོག་པ་ངང་པའི་ཁྱུ་ཆེན་པོ་དག་གིས་སྔུན་བསུས་ཏེ་ཕེབས། དེའི་ཚེ་ནམ་མཁའ་གཡའ་དག་པ་དང་མེ་ཏོག་གི་ཆར་ཆེན་པོ་བབས། གཙུག་ལག་ཁང་རྣམས་ཀྱི་གནས་གཟིགས་ཞིབ་པར་གནང་། ཁྱད་པར་དངུལ་གདུང་རིན་པོ་ཆེ་མཇལ་བའི་དུས། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་ཞལ་གཟིགས། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་འདུན་རྣམས་ལ་མང་ཇ་འགྱེད་སོགས་ཟང་ཟིང་གི་དངོས་པོ་གྱ་ནོམ་པས་ཚིམ་པར་མཛད། །


GLG008_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེན་དུ་དམ་པའི་ཆོས་ཀྱི་འབྲེལ་བ་སྩལ། མཁར་ནག་ལོ་ཙཱ་བས། འཕན་ཡུལ་གཞུང་ནས་དགའ་ལྡན་དུ། །ཕེབས་ཚེ་དགེ་འདུན་ཚོགས་ཀྱིས་བསུས། །ཕྱག་ན་མཆོད་རྫས་སྣ་ཚོགས་ཐོགས། །སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས། །དུས་དེར་ནམ་མཁའ་གཡའ་དག་ཀྱང་། །མེ་ཏོག་ཆར་པ་ཅི་ཡང་བབས། །བསྡུ་བ་རྣམ་བཞིས་ཚིམ་མཛད་ཅིང་། །དད་པའི་ལྗོན་པ་མཐའ་ཡས་བསྐྲུན། །ཡབ་རྗེའི་དངུལ་གདུང་མཇལ་བ་ན། །འཇམ་དཔལ་སྙིང་པོའི་གཟིགས་སྣང་བྱུང་། །བཀའ་དང་བསྟན་བཅོས་རིག་གནས་ལ། །སྦྱངས་ཤིང་མཁྱེན་རྣམས་ལེགས་བཤད་ཀྱི། །འབྲུག་སྒྲ་སྒྲོག་པས་ཤིན་ཏུ་མཛེས། །རྒྱལ་སྲས་མཆོག་གི་དམ་ཆོས་གསུངས། །ཞེས་སོ། །བོད་གངས་ཅན་གྱི་ལྟེ་བ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་ཕེབས་པར་ཉེ་བ་ན། སྐྱ་སེར་གྱི་གདན་འདྲེན་མཐའ་ཡས་པའི་ཆིབས་རགས་བགྲང་བར་དཀའ་བ་དག་གིས། ཁྲོམ་ཁྲི་ཕྲག་མང་པོ་བརྒལ་ཏེ་ཚོགས་པ་རྣམས་ཀྱི་མིག་ལམ་དུ། ངོ་མཚར་བའི་བཀོད་པ་རྒྱ་མཚོའི་དགེ་མཚན་གྱིས། ཨེ་མ་མ་ལ། འདི་འདྲ་བའི་མིག་གི་དགའ་སྟོན་ནི་སྒྱུ་མ་མཁན་གྱི་སྤྲུལ་པ་ཞིག་ཡིན་ནམ་ཞེས་གླེང་ཞིང་། ཕལ་ཆེ་བ་དག་ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་དྲན་པའི་གདུང་བའི་ཤུགས་ཀྱི་མིག་ནས་མཆི་མ་འཁྲུག་ཅིང་། ངག་ནས་གསོལ་འདེབས་ཀྱི་སྒྲ་ཆེན་པོ་དར་དིར་དུ་སྒྲོག་པར་གྱུར་ཏོ། །སྒོ་མང་སློབ་དཔོན་བཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཀྱིས། གཞོན་ནུར་གྱུར་ཀྱང་དབང་པོ་ཞི། །རྒྱན་གཞན་བྲལ་ཡང་མཆོག་ཏུ་མཛེས། །སྲིད་པར་གནས་ཀྱང་ཉོན་མོངས་མེད། །མགོན་


GLG008_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་མཐོང་བ་སྐལ་བ་བཟང་། ཁྱོད་ཞལ་ཟླ་བ་མཐོང་བ་ཡི། །དགའ་བ་འཇིག་རྟེན་ལ་རྒྱས་པ། །དེ་འདྲ་སྲོག་ཆགས་འགུམ་པ་ནི། །སླར་ཡང་སོས་པ་དག་ལ་མེད། །མགོན་ཁྱོད་གདུལ་བྱའི་འཇིག་རྟེན་ལ། །སྙིང་རྗེས་ཀུན་ནས་བརྩེ་བ་ཙམ། །སྙིང་དུ་སྡུག་པའི་བུ་གཅིག་པའི། །མ་ལའང་དེ་འདྲ་སྐྱེ་མ་ལགས། །རྒྱལ་བ་ཀུན་གྱི་ཐུགས་རྗེ་ལ། །སྤྱན་རས་གཟིགས་ཞེས་སྙན་གྲགས་པའི། །གཏམ་སྙན་རྣ་བའི་ཨུཏྤལ་ལ། ཁྱེད་ཀྱིས་མིག་ལ་མངོན་སུམ་མཛོད། །ཅེས་དང་། མཁར་ནག་ལོ་ཙཱ་བས། ལྷ་མཆོག་ཇོ་བོ་བཞུགས་པའི་ས། །སྐྱིད་ཤོད་མཐིལ་དུ་ཕེབས་པ་ན། །བགྲང་བར་དཀའ་བའི་ཆིབས་རགས་ཀྱིས།ཁྲོམ་ཆེན་མིག་གི་དགའ་སྟོན་བསྒྲུབས། །ཞེས་སོ། །དེ་ནས་ས་སྐྱོང་བཀྲ་ཤིས་རབ་བརྟན་པའི་གསུང་ལས། དེ་དང་འབྲེལ་བར་བྱང་ཕྱོགས་ས་སྐྱོང་གི །ཕོ་བྲང་རྒྱ་བོད་ཀུན་གྱིས་གཏུགས་པའི་གནས། དགའ་ལྡན་ཁང་གསར་ཞེས་བྱ་ལྕང་ལོ་ཅན། །ནོར་ལྡན་དཔལ་མོ་མགྲོན་དུ་བོས་འདྲ་ཡོད། །ཅེས་བསྔགས་བརྗོད་མཛད་པའི་གཞིས་ཀ་དགའ་ལྡན་ཁང་གསར་དུ་སྤྱན་དྲངས། གཞི་ལེན་དང་ཤངས་ལེན་སོགས་གང་ལ་གང་འཚམ་དངོས་གཙང་ཞིང་དཔངས་མཐོ་བའི་དགའ་སྟོན་རྒྱ་ཆེན་པོ་མཛད། སྡེ་པ་ཆོས་རྗེའི་གཙུག་ཕུད་ཕུལ་ཞིང་། འབུལ་བར་སྔོན་རྗེ་གོང་མའི་དུས་སུ་ཞབས་དྲུང་བཀྲ་ཤིས་རབ་བརྟན་པ་ཞེས། ལུགས་གཉིས་ཀྱི་མཁྱེན་པའི་སྤྱན་ཡངས་པ་དེ་ལ་མཁས་པ་མཁས་པའི་དྲུང་དུ་མཛེས་པའི་དཔེ་ལྟར། གཙུག་ལག་ལུགས་བརྒྱའི་ཚུལ་ལ་འཇུག་པ་ཡངས་པའི་བློ་གྲོས་དང་ཁེངས་པ་ཕན་ཚུན་དུ་འགན་བཟོད་པའི་རིན་སྤུངས་ཞབས་དྲུང་ངག་དབང་འཇིགས་གྲགས་ཀྱིས། ཕོ་བྲང་སྣེའུ་གདོང་རྩེའི་ལྷ་གཟིགས་གདུང་བརྒྱུད་ངག་


GLG008_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསོད་ནམས་གྲགས་པ་རྒྱལ་མཚན་དང་། རྒྱལ་བཟང་བ་དཔོན་གཡོག་གཟིགས་སྟབས་མ་གཅིག་པའི་རྒྱུ་ལ་བརྟེན། རྩེ་ནས་ཞལ་ཕྱོགས་བསྒྱུར་བ་གནང་གཞན་སྡེ་རྣམས་ཀྱིས་ཞབས་ནས་བཀུར་བའི་དཔུང་གཏོས་ཆེ་བ་ཡར་ཀླུང་དུ་འབྱོར་ནའང་། འགྲོ་ལྡིང་བའི་སྐབས། སྐྱིད་ཤོད་མིའི་རྗེ་བོ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པར་སྙེམས་པའི་རྭ་རྩ་སྦོམ་པ་བཀྲ་ཤིས་རབ་བརྟན་པ་ལ་འཕྲིན་དུ་བྱ་བ་ཡོན་ཏན་གསུམ་གྱི་དོ་ཤལ་ཞེས་བྱ་བར། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རྭ། །ཆོས་ཀྱི་དབྱིངས་ན་གདེངས་པའི་ཉམས་གཅིག་ཏུ། །དྲག་པོ་མེ་ཡི་རལ་པ་གསིག་པའི་གར། །འཇིགས་བྱེད་བདུད་ལས་རྣམ་པར་རྒྱལ་བ་མཆོད། །དེ་ཉིད་བསྐྱེད་པའི་རིམ་པ་ཟབ་མོ་ཡི། །རྣལ་འབྱོར་སྙིང་ལ་ལྕི་བའི་ཁུར་བསྣམས་ནས། །དངོས་གྲུབ་མཚན་ཉིད་ཡན་ལག་བརྒྱད་ལྡན་པའི། འབྱོར་བརྩེན་ལྷག་པའི་ལྷ་ཡིས་རྗེས་བཟུང་ལོ། །ཡ་མཚན་མགུར་ན་མཛེས་པའི་དོ་ཤལ་གྱིས། །འཕྲེང་བ་ཡོན་ཏན་གསུམ་གྱི་དོ་ཤལ་དུ། །འཕགས་པའི་སྤྱོད་པ་གཞན་དག་མེད་སེམས་པའི། །སྐད་སངས་སྒྲོག་པར་བྱ་དེ་རིགས་སམ་ཀྱེ། །རྟུལ་ཕོད་ལོངས་སུ་སྤྱོད་པ་བརྒྱན་པ་ཡི། །དཔུང་པ་གྲགས་པའི་ས་བོན་འདེབས་ནུས་པ། །མཐར་བྱེད་སྐྱེ་བའི་ལམ་སྟེར་མ་གྱུར་པ། །གང་དག་སྲིད་པའི་འཁོར་ལོ་རྨད་བྱུང་བཀྲ། །ཨེ་མ་རིག་པའི་མེ་ཏོག་སྣ་བ་རུ། །འབར་དང་སྒྱུ་རྩལ་གཞན་གསོས་གཞོན་ནུའི་གླུ། །བྱེ་བར་བསྒྲེངས་པའི་སྒྲ་དེས་ས་གསུམ་གྱི། །དཔལ་མོ་ཆགས་པས་མི་གཟིར་རྒྱུ་ཅི་ཞིག །ལྷ་གཟིགས་དབང་པོའི་ཆབ་སྲིད་གྲུ་བོ་ཆེ། །འཇིང་ཞིང་འདེགས་པའི་རྣམ་འགྱུར་ཆུ་བོ་ཡིས། །བྱེད་པོའི་རི་མོ་གཅིག་མིན་


GLG008_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མང་གཉེར་བར། །དབུ་འཕྲེང་སེམས་མེད་མ་ཡང་གད་མོ་དགོད། །ཅེས་སོགས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྗེས་སུ་བཟུང་བའི་སྙན་པ་དང་། བོད་ཤིང་སྒོ་ཅན་གྱི་རྒྱལ་སྲིད་འདི་འཆགས་འཇིག་ཇི་ལྟར་བྱེད་ཀྱང་ཁྱོད་ཀྱི་ལག་ཏུ་ཡོད་དོ་ཞེས། མདུན་ན་འདོན་གྱི་གཙོ་བོ་དང་། དཔའ་མཛངས་རྟུལ་ཕོད་པ་སོགས་ལ་བརྟེན། ཟོལ་གྱི་བསྟོད་པའམ་སྨད་པ་གང་རུང་དུ་སྙན་ངག་མཁན་གྱི་དགོངས་པའི་དབང་གིས་འཐེན་ཆོག་པའི་ཚིག་སྦྱོར་ངོ་མཚར་བ་དང་། མནངས་ཀྱི་དུས་ན་ལྷ་གཅིག་ཁྱོད་ཀྱི་སྲིད། །འཇིག་དང་མི་འཇིག་མངོན་སུམ་བརྟེན་པའི་སྲོག །སྦྱིན་པ་འཆི་མེད་བདུད་རྩིའི་འབབ་སྟེགས་མཁན། །འདི་ལས་གཞན་པ་བཙལ་དུ་ཡོད་དམ་ཅི། །ཚུལ་དེ་མི་བརྗེད་མཛའ་བས་བཅིངས་པའི་སེམས། གཡོ་མེད་བརྟན་པའི་ཕྱི་ཐག་རིང་པོ་པ། །བྱས་ཤེས་དྲིན་དུ་གང་བའི་དགའ་བྱེད་གྲོགས། །ཧ་ནུ་མནྠའི་བརྟུལ་ཞུགས་རྫོགས་པར་འཚལ། །དེའི་དོན། ལྷ་གཅིག་ཅེས་བོས་ནས་ཁྱོད་ཀྱི་སྡེ་སྲིད་འདི་དཔལ་ཕག་མོ་གྲུ་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས། ཚུལ་དེ་ལ་བྱས་ཤེས་དྲིན་དུ་གཟོ་བའི་སྒོ་ནས། རམ་ཎས་ལང་ཀའི་བདག་པོ་གསོད་པའི་གྲོགས་སྤྲེའུ་ཧ་ནུ་མནྠས་བྱས་པ་དང་མཚུངས་པ་ཞིག་གྱིས་ཞེས་བརྗོད་པ་འདི། སྐྱིད་ཤོད་ཞབས་དྲུང་བཀྲ་ཤིས་རབ་བརྟན་པ་མངའ་ཐང་མཐོ་བ་དང་། དགྲ་ཐོག་ལ་དཔའ་ཞིང་མཁྱེན་སྤྱོད་ཡངས་པར་སོང་བས། །རང་གཞན་ཀུན་གྱིས་བསྔགས་པའི་གནས་སུ་གྱུར་པ་དེ་ལ། ཞབས་དྲུང་རིན་པོ་ཆེ་བསོད་ནམས་རྒྱ་མཚོས། ཁྱོད་རང་འཇིགས་བྱེད་ཀྱི་རྣལ་འབྱོར་པ་ཡིན་པས་འདི་ཉེ་བར་མཁོ་བ་ཡོད་གསུངས་ནས། དངུལ་གྱིས་ཀ་པཱ་ལི་ཁ་གཅོད་ལ་གཡུ་ཕྲ་ཕྱུག་པོ་ཡོད་པ་ཞིག་


GLG008_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ། འདི་སྐབས་སྡེ་པས་ཀ་པཱ་ལིས་གཙོས་པའི་ཟང་ཟིང་གི་དངོས་པོ་མང་པོ་དང་། ཆོས་ལུང་བདེ་ལེགས་ཀྱི་ས་ཆ་རྣམས་འབུལ་བ་མཛད། ཞབས་དྲུང་གཡུལ་རྒྱལ་བ་དེ། ཁོ་རང་གི་ཁུ་བོ་བཀྲ་ཤིས་རབ་བརྟན་པ་དང་། རིན་སྤུངས་ངག་དབང་འཇིག་གྲགས་ལྟ་བུའི་ཆོས་ཕྱོགས་ཀྱི་ཡོན་ཏན་འཇམ་དཔལ་དབྱངས་ལ་འགྲན་བཟོད་ཅིང་། །འཇིག་རྟེན་གྱི་ཆ་ནས་ཕ་རོལ་གྱི་དགྲ་དཔུང་འཇོམས་པ་ལ་དཔའ་བའི། ཨ་བོ་ཧོར་འདྲའི་སྤྱོད་ཚུལ་དང་ལྡན་པ་ཞིག་མིན་པར་གདའ་ཡང་། འཕྲལ་དུ་ཁ་ལ་ཟ་བྱུང་ན་ཕུགས་སྣ་ལ་སྒྱོགས་བྱུང་ནའང་བཟོད་སྙམ་པའི་ཧར་སྤྱོད་ཧུར་སྤྱོད་ཀྱི་རིགས་ཡེ་མི་མཛད་པར། །བརྟན་བརླིང་རང་ཚོད་ཆེ་ཞིང་སྲོང་བཙན་སྒམ་པོ་ལྟར་སྒམ་པའི་མཐར་ཐུག་པ། སྔོན་དུས་ཀྱི་སྡེ་སྲིད་ཁུངས་བཙན་རྣམས་ཀྱི་སྤྱན་ལྟོས་མ་ཉམས་པའི། དཀོན་ཅོག་ལ་གུས་ཤིང་རང་སྲིད་སྐྱོང་མཁས་པ། ཆོས་ཀྱིས་མཛེས་ཤིང་སྒྲིགས་ཀྱིས་སྤ་བ། ཡ་རབས་དམ་པའི་མཛད་སྤྱོད་ལྷུན་གྱིས་གྲུབ་པའི་ངང་ཚུལ་ཅན་ཞིག་ཡོད་པར་སྣང་། འདྲེན་བྱེད་ཕྲ་ལ་རིང་བ་ཞིག་ཡིན་ཞེས་གླེང་ཡང་། འདིའི་སྐབས་ཐུགས་སྙིང་ཁམས་དཔེ་མེད་བསྐྱེད་པ་ཡིན་སྐད་དོ། །ཚེས་བཅོ་ལྔའི་ཉིན་སེར་འབྲས་དགའ་སྐྱོར་སོགས་ཉེར་འཁོར་གྱི་དགོན་སྡེ་གྲངས་མེད་པའི་དགེ་འདུན་རྣམས་འདུས་ཏེ། ངུར་སྨྲིག་གི་གོས་རུང་བ་ཚད་དང་ལྡན་པའི་ཁ་དོག་གིས་ནམ་མཁའི་ལམ་ཀུན་ཀྱང་གསེར་གྱི་མདངས་འཛིན་པར་ནུས་པའི་སེར་སྦྲེངས་ཀྱི་འཕྲེང་བ་རིང་པོར་བསྟར། གདུགས་དང་། རྒྱལ་མཚན། བ་དན། རོལ་མོ། མེ་ཏོག་སོགས་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པས་ནོར་འཛིན་གྱི་ལྟོ་བ་དོག་པོར་བཀོད་པར། སྒོ་མང་སློབ་དཔོན་བཞུ་ཁང་


GLG008_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཀྱིས། ཁྱོད་ཀྱི་རྨད་བྱུང་མཛད་པའི་ཉིན་མོར་བྱེད། །གངས་ཅན་མཁའ་དབྱིངས་མཛེས་མའི་ལང་ཚོ་ལ། །རྟག་ཏུ་འོད་བརྒྱ་འགྱེད་པ་འདི་ཤར་ཚེ། །བདག་སོགས་རྨོངས་པའི་སྨག་རུམ་གང་དུ་འབྲོས། །གྲུ་འཛིན་རི་བོའི་ངོས་ལ་གཙུག་ལག་ཁང་། །མ་ཕམ་མདུན་ས་ས་ལ་འཕོས་འདྲ་བ། །བརྒྱ་ཕྲག་ངུར་བ་འཁྲིགས་པའི་ཆུ་གཏེར་དབུས། །དཔལ་ལྡན་འབྲས་སྤུངས་ཡིད་དགའ་ཆོས་འཛིན་དུ། །མཁྱེན་པ་གཅིག་གིས་དུས་གསུམ་གསལ་གཟིགས་ཀྱང་། །མཁས་པའི་ལེགས་བཤད་པདྨོའི་དྲ་བ་ཡིས། །རང་གི་ཐུགས་མཚོར་སླར་ཡང་མཛེས་བསྐྱེད་ན། །དེ་སླད་ཐུབ་བསྟན་འོ་མཚོ་རླབས་ཆེར་འགྱུར། །ལེགས་བཤད་གསར་པའི་ཆུ་འཛིན་འབྱུང་བའི་གནས། ཁྱོད་ཐུགས་རབ་དཀར་འོ་མའི་ཆུ་གཏེར་ཆེ། །གཞུང་ལུགས་ཟླ་ཟེར་བྱེ་བའི་གོས་གྱོན་ན། །བློ་བཟང་བསྟན་པའི་ལྷུན་པོ་ཅིས་མི་མཛེས། །ཞེས་དང་། མཁར་ནག་ལོ་ཙཱ་བས། སེ་འབྲས་དགེ་འདུན་འདུས་པའི་སྦྲེངས། །མཚར་དུ་དངར་བ་དེ་མཐོང་ཚེ། །བྱམས་པའི་འདུས་པ་དང་པོ་ཡང་། །ད་ལྟ་ཉིད་ནས་བྱུང་ངམ་སྙམ། །ཞེས་སོ། །བླ་བྲང་ཁག །ཁམས་ཚན་མི་ཚན་སོགས་ཀྱི་རྟ་པའི་བསུ་བ་དང་བཅས་ཏེ། རྒྱ་གར་འཕགས་ཡུལ་བའི་ཤྲཱི་དྷ་ནྱ་ཀ་ཊ་ཀ་གཉིས་པ། བོད་ཡུལ་གྱི་དཔལ་ལྡན་འབྲས་སྤུངས་དང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གྲུ་འཛིན་གཉིས་པ་དགའ་ལྡན་ཕོར་བྲང་གི་སེང་གེའི་ཁྲིར་ཕེབས། དེར་བསུ་བ་དང་ཕེབས་སྐྱེལ་ལ་འདུས་པའི་སྐྱ་སེར་གྱི་ཚོགས་ཆེན་པོ་ལ། སྐུ་མདུན་རིན་པོ་ཆེས་ཁུར་བཞེས་ནས་བུར་སྟོན། མར་སྟོན། ཤ་རྩམ་ནས། གྲོ་སྲན་རྣམས་ཀྱི་ཕོགས་ཟུར་གསོས་ནར་མ་སོགས་


GLG008_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་རྒྱ་ཆེན་པོ་བསྒྲུབས། གཞན་ཡང་གཟིམས་ཁང་གོང་། གྲྭ་ཚང་ཁག་བདུན། སློབ་དཔོན་ཚུལ་པ། ཁམས་ཚན་མི་ཚན་སྟར་དངུལ་སོགས་ཕྱུག་པོ་ཁག་མང་པོས་སོ་སོའི་གནས་ཁང་དུ་སྤྱན་དྲངས་ཏེ་བསྙེན་བཀུར་གྱ་ནོམ་པ་བསྟབ། སྔར་སྣེའུ་རྫོང་པའི་གཞིས་ཀ་རྡོ་ཁང་སྔོན་མོར་གྲགས་པ་ཆུང་ངུ་ཞིག་ལས་སྤྲོས་པའི་ཕོ་བྲང་གི་ལྟེ་བ་ལེགས་རྒྱུ་མེད་པ། རྗེ་གོང་མ་སོག་ཡུལ་དུ་ཐེགས་པའི་རྗེས་དགའ་ལྡན་ཕོ་བྲང་གསར་པ་འདི་ཉིད། སྐུ་མདུན་རིན་པོ་ཆེ་ཆོས་བཟང་འཕྲིན་ལས་ཞེས། ཞབས་དྲུང་གོང་མའི་གསོལ་དཔོན་སོགས། སྐུ་ཞབས་སུ་བཅར་བའི་ལས་ཚན་དང་། རྗེས་སུ་གཞིས་ཀྱི་ཕྱག་མཛོད་ཀྱི་གོ་སར་མངའ་གསོལ་བའི་བདག་རྐྱེན་ཡར་འཕེལ་དུ་གནང་ཞིང་། དགོངས་བཞེད་དང་མཐུན་པའི་ཕྱི་ནང་བར་གསུམ་གྱི་ཞབས་འདེགས་ཕུལ་དུ་ཕྱིན་པར་གྱུར་ནས། ཐུགས་ཀྱི་གཏད་སོ་ཐུན་མོང་མ་ཡིན་པར་གནང་། བབས་ནས་ཀྱང་མཁྱེན་དཔྱོད་ཤིན་ཏུ་ཡངས་པས། གྲྭ་ས་གསུམ་གྱིས་གཙོས་དཔལ་རི་བོ་དགའ་ལྡན་པའི་བསྟན་སྲིད་སྤྱིའི་སྲོག་ཤིང་ཏུ་གྱུར་ལ། སྡེ་དཔོན་རང་སྲིད་རྣམས་ཀྱི་བཀའ་བགྲོས་ཀྱི་སྙིང་པོ་འདྲི་བའི་ཡུལ། གཞན་སྲིད་ཀུན་གྱིས་ཀྱང་རེ་ལྟོས་དང་མཐོང་གཟོས་ཆེ་བ་དེ་ཉིད་ཀྱི་ཕྱག་རྗེས། འཆི་བ་མེད་པའི་ཁང་བཟང་ལ་ཅོ་འདྲི་བ་འདི་ཉིད་བསྐྲུན་པར་མཛད་ཅིང་། ཨར་པོའི་སྐབས། དབྱངས་ཅན་ངག་གི་དབང་ཕྱུག་ས་སྐྱོང་བཀྲ་ཤིས་རབ་བརྟན་པས་ཐུགས་ཁུར་མཉམ་བཞེས་ཀྱི་རྣམ་པས། ཞལ་བཀོད་དང་འུ་ལག་གཏོང་བ་སོགས་མཐུན་རྐྱེན་མང་དུ་བསྒྲུབས། ཞལ་བཀོད་ལ་ཕེབས་རེས་ཀྱི་སྡེ་པ་དཔོན་གཡོག་ཚང་མས་དན་འབག་མདའ་ནས་ཆིབས་ལས་བཤོལ་ཏེ་རྩིག་རྡོ་བསྐྱེད་པ། རྗེ་བཙུན་


GLG008_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལས་ས་མཁར་དགུ་ཐོག་རྩིག་པ་ལ་འགྲན་བཟོད་པ་ལྟ་བུ་མཛད་སྐད། དེ་ལྟ་བུའི་ཕོ་བྲང་འདིར་ཕེབས་ཙམ་ཉིད་ནས་ཐུགས་བག་ཕེབས་ཤིང་། སྔོན་གནས་རྗེས་སུ་དྲན་པའི་གསུང་མང་དུ་བྱོན་པར་སྣང་། མཁར་ལོས། དགའ་བའི་ཚལ་གྱི་དཔལ་ལྡན་པ། །ཕྱག་ན་པདྨོའི་ཕོ་བྲང་དུ། །ཕེབས་ཚེ་སྔ་དྲོ་དགོངས་ཁྱད་ལས། །གསལ་བའི་སྔོན་བྱུང་རྗེས་སུ་དྲན། །རྒྱ་ལེ་ཆོས་མཛད་ལ་སོགས་པས། །གཟབ་བཤོམས་གཟིམས་ཁང་གོང་ལ་སོགས། །སྤྱི་སྒེར་མང་པོས་མཆོད་པའི་ཚེ། །ཆོས་ཀྱི་གླེང་མོའི་སྤྲིན་དབྱངས་དང་། །བྱིན་རླབས་ཆར་པ་ཅི་ཡང་ཕབ། །ཅེས་སོ། །གངས་ཅན་འགྲོ་ལ་རྗེས་བརྩེའི་གཞན་གསོས་ཀྱིས། །ལས་སྨོན་མགྲིན་པའི་དབྱངས་སྙན་འཁོར་བ་ན། །འཇིག་རྟེན་དབང་ཕྱུག་སོས་ཀྱི་དཔལ་མོའི་བཞིན། །སཱ་ལའི་ལྗོངས་ཀྱི་ནོར་འཛིན་ལྟོ་བར་ངོམ། །རིགས་དུས་སྟོབས་འབྱོར་རྡོ་རྗེ་རྩེ་བརྒྱ་པས། །ཆེན་པོའི་ལྷ་མིན་དྲེགས་པའི་མངལ་ལྷུང་ཡང་། །བདག་བསྟོད་གཞན་སྨོད་གཙོར་འཛིན་མི་བསྲུན་ཡིད། །མི་ལྡན་ཁྱོད་ནི་ས་འདིའི་བརྒྱ་བྱིན་བཞིན། ཁུངས་ཅན་སྒྲོ་གཤོག་དང་བྲལ་ཕ་ཝང་རྣམས། །བཟང་པོར་རྫུ་བའི་གྱ་གྱུའི་ཐབས་འཕྲུལ་གྱིས། །རྩོད་མེད་ཡོངས་གྲགས་ཆེན་པོའི་བྱ་རྒོད་སྟེང་། །བགྲོད་འདོད་ངང་ཚུལ་མཐོང་ཚེ་ཁྱོད་ལ་དད། །དེ་ཡང་ཕྱག་མཛོད་གུ་ཤྲི་ཆེན་པོ་སོག་ཡུལ་དུ་གདན་འདྲེན་ལ་འབྱོན་སྐབས། སྐུ་མདུན་རིན་པོ་ཆེ་དང་བཀའ་བགྲོས་ཞིབ་ཏུ་བྱུང་བ་དང་། གཞན་ཡང་དྲུང་ཡིག་འཇམ་སྲས་ཆོས་ཀྱི་རྒྱ་མཚོ་སོགས། རྗེ་གོང་མའི་དྲུང་འཁོར་དང་ཞལ་སློབ་ཉམས་མྱོང་ཅན་མང་པོ་དག་མགྲིན་གཅིག་ཏུ། མཆོག་གི་སྤྲུལ་སྐུ་དབུས་སུ་ཕེབས་ནས་ཐེག་པ་ཆེན་པོའི་ཡོངས་འཛིན་


GLG008_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ནི་མེད་དུ་མི་རུང་བའི་ཡན་ལག་ཡིན་ལ། དེ་ཡང་དབུའི་གཙུག་ཕུད་འབུལ་བ་དང་རབ་ཏུ་བྱུང་བའི་མཁན་སློབ་ནི། གདན་ས་ཆེན་པོ་དགའ་ལྡན་ནས་ཁྲི་རིན་པོ་ཆེ་གདན་ཟུར་རྣམས་འོས་པ་གཞིར་བཅས་ཀྱང་། དབང་ལུང་མན་ངག་གི་རིགས་མང་པོ་གསན་པར། སྐུ་ན་སྨིན་པས་སྐུ་གཟུགས་ཀྱི་ལྕོགས་མི་ལྕོགས་ཀྱང་ཡོད་ཅིང་། ལྷག་ཏུ་མདོ་སྔགས་ཀྱི་གཞུང་བཤད་ལ་མཁྱེན་པ་ཆེ་བ་ལས་གཞན་མའི་རིགས་ལ་གསན་རྒྱ་མི་ཆེ་བས། དེ་ཕྱིར་དབུས་གཙང་དུ་བླ་མ་དཀྱུས་མ་ལས། ལུགས་གཉིས་ཀ་ནས་འོས་པ་ཞིག་མི་འདུག་པས། བ་སོ་སྤྲུལ་པའི་སྐུ་ལྷ་དབང་ཆོས་ཀྱི་རྒྱ་མཚོ་འདི་པ། འཇིག་རྟེན་ཕྱོགས་ནས་བླ་ཆེན་གྱི་གོས་དང་ཡང་ལྡན་ཞིང་། ཆོས་ཕྱོགས་ནས་རྗེ་གོང་མ་དང་། ཞལ་སྔ་ནས་བདེ་བ་ཅན་པ། དྲུང་པ་ལྷའི་བཙུན་པ་སོགས་ཡོངས་གྲགས་ཀྱི་བཤེས་གཉེན་མང་པོ་བསྟེན་ནས། མདོ་རྒྱུད་ཀྱི་བཤད་སྲོལ་དབང་ལུང་གདམས་པའི་མངའ་བདག་ཆེན་པོར་གྱུར་པ་འདི་སྤྱན་དྲངས་པ་འཐད་ཅེས་གླེང་ཞིང་། བཀའ་བགྲོས་མཐུན་པར་བརྟེན། སྒར་པ་དབུས་ཕྱོགས་སུ་ཕེབས་པ་དང་ལྷན་ཅིག་པར། བར་ཁམས་སུ་རྗེ་དྲུང་རིན་པོ་ཆེ་གདན་འདྲེན་པ་མངགས་པ་ལྟར་ཕེབས་རྩིས་ལ། མི་འགྱངས་པར་དག་པའི་ཞིང་དུ་གཤེགས་པ་སྟབས་མ་འགྲིག་འདུག །གཟའ་ཚེས་ཕུན་སུམ་ཚོགས་པར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར། སངས་རྒྱས་དངོས་དང་ཁྱད་པར་མ་མཆིས་པའི་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ། རབ་ཏུ་བྱུང་བའི་མཁན་པོ་དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་ཞལ་སྔ་ནས་སངས་རྒྱས་རིན་ཅེན་དང་། སློབ་དཔོན་ཁྲི་རིན་པོ་ཆེ། ལས་ཐོག་པ་ཞལ་སྔ་ནས་དགེ་


GLG008_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་རྒྱལ་མཚན་གྱིས་གནང་སྟེ། ལྕང་ལོའི་འཕྲེང་བ་རིང་དུ་དོར་ནས་རབ་ཏུ་བྱུང་བའི་དགེ་ཚུལ་གྱི་དངོས་པོ་བཞེས་ནས། འགྲོ་བ་ཀུན་གྱི་ཡོན་གནས་བླ་ན་མེད་པར་གྱུར་ཏེ། རྗེ་ཞལ་སྔ་ནས་སངས་རྒྱས་རིན་ཅེན་དེ་ལ། དྲུང་འཚོ་བ་འདན་པ་སོགས་མང་པོས་བདུད་ཀྱི་སྤྲུལ་པ་ཡིན་ཞེས་སྒྲོ་བཏགས་ཤིང་། ལྷ་རྩེ་དཔོན་མོས་གཏེར་ནས་བཏོན་པའི་ལུགས་སུ་བྱེད་པའི་རྫུན་གཏམ་གྱི་གླེགས་བམ་ཞིག་འདུག་པ་དེའི་ནང་ན། རྗེ་བླ་མའི་ཁྲི་ལ་བུདྡྷའི་མིང་ཅན་ཞིག་བྱུང་བ་ན། བསྟན་པ་ལ་འཕེལ་འགྲིབ་ཡོང་ཞིང་། དེ་བདུད་ཀྱི་སྤྲུལ་པ་ཡིན་པའི་ཕྱོགས་མང་མང་པོ་ཞིག་འདུག་པ་ལ། མཁས་པ་དང་། བཙུན་པ་དང་། གྲུབ་པ་དང་། བཟང་བ་དང་། རྟག་ཚུགས་ཟིན་པ་དང་། གཞན་ལ་འགྲམ་ཆུ་མི་ལྡང་བ་དང་། སྒམ་སྡིག་མོར་བྱེད་པ་མང་པོ་ཞིག་མགོ་འཁོར་ཏེ་བདེན་པར་བཟུང་ནས་རྗེ་སངས་རིན་པ་ལ་སྨོད་ནའང་། ཁོང་སྐུ་ཚེ་དེ་ལ་མདོ་སྔགས་ལ་སྦྱངས་པའི་དགེ་བཤེས་ཞིག་ཡིན་པ་ལས་སྤྲོས་པའི། དམ་པའི་རིགས་དང་བདུད་ཀྱི་རིགས་གཉིས་ཀ་མིན་པ་འདྲ་སྟེ། བདུད་ཀྱི་རིགས་ཀྱི་རྟགས་ཡོད་སྐད་མ་ཐོས་ཞིང་། ལ་ལ་ལྷ་ཟུར་ཕུད་ལྔ་པའི་སྐྱེ་བ་ཡིན་པ་འདྲ་ཟེར་བའི་ཕར་གཏམ་རྒྱུ་མཚན་དུ་བྱས་ནས་བདུད་ཡིན་ཟེར་ནའང་། ལྷ་ཟུར་ཕུད་ལྔ་པ་ཡིན་པའི་ངེས་པ་ཅི་ཡོད། གལ་ཏེ་ཡིན་དུ་སྲིད་ཀྱང་། ལྷ་དང་བདུད་གཉིས་མི་གཅིག་པས། རྒྱུ་མཚན་དེ་འདྲ་རང་གི་ནང་ཆ་སྟོན་པ་ཙམ་དུ་ཟད་ལ། ལྷ་ཟུར་ཕུད་ལྔ་པ་ལ་ཡང་དྲང་དོན་ངེས་དོན་གྱི་དགོངས་པ་ལེན་ཤེས་དགོས་པས། གཟུགས་མེད་ལ་གཟུགས་མ་འཆོས་པར་བཏང་སྙོམས་སུ་འཇོག་པ་ཞུ། རབ་བྱུང་གནང་བའི་དུས་དེར་དྲུང་འཁོར་རྣམས་ཀྱིས་བསྐུལ་ནས།


GLG008_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྩེས་ཐང་བྱང་མ་ནས་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་ཀྱིས་སྐུ་བསྟོད་ཅིག་རྩོམ་པ་མཛད། བདག་བསྟོད་གཞན་བསྟོད་མང་པོ་ཞིག་འདུག་པའི་ནང་ནས་ཚིག་སྤྱོར་ལེགས་པར་མཐོང་། འདི་ལྟ་སྟེ། རྗེ་བཙུན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་ལ་བསྟོད་པ་བྱིན་རླབས་ཀྱི་ཟ་མ་ཏོག་ཅེས་བྱ་བ། རྗེ་བཙུན་བརྟན་པའི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་མགོན་རྒྱལ་བའི་འབྱུང་གནས་གང་། །བསོད་ནམས་ཡོན་ཏན་འབྲས་འབྱིན་དགེ་འདུན་ཞིང་། །མཁས་གྲུབ་རྒྱ་མཚོའི་དཔལ་གྱིས་དབང་པོའི་འགྲོར། །སྐུ་གསུམ་འདོད་རྒུར་སྩོལ་ལ་གསོལ་བ་འདེབས། །ལུང་རྟོགས་ཡོན་ཏན་ནོར་བུས་ཡོངས་གང་ཞིང་། །རྨད་བྱུང་འཕྲིན་ལས་རབས་འཕྲེང་ཕྱོགས་བཅུར་གཡོ། །ཐར་འདོད་ཀླུ་དབང་ཀུན་གྱི་རོལ་གནས་མཆོག །རྗེ་བཙུན་རྒྱལ་བ་རྒྱ་མཚོར་གསོལ་བ་འདེབས། །ཕྱག་ན་པདྨའི་ཐུགས་རྗེ་ཟླ་བས་འཕེལ། །སྨོན་ལམ་རི་དབང་མཆོག་གིས་བསྲུབས་པའི་མཐུས། ཐུབ་བསྟན་ཀུན་འགྲོའི་དབྱིངས་ན་རོལ་རྩེད་མཁན། །རྒྱལ་དབང་མཚན་མོའི་མགོན་ལ་གསོལ་བ་འདེབས། །ངེས་བྱུང་དྲི་ཡི་བཞོན་པས་ཉེར་བསྐུལ་ཏེ། །ཚངས་སྤྱོད་ལྷ་ལམ་ལངས་པར་རྟག་རྒྱུ་ཞིང་། །སྐྱེ་རྒུའི་རྨོངས་མུན་མཐའ་དག་དྲུངས་འབྱིན་པ། ཀུན་མཁྱེན་ཉིན་མོའི་མགོན་ལ་གསོལ་བ་འདེབས། །རྒྱ་ཆེན་ངོ་མཚར་སྤྱོད་པའི་ཆུ་གཏེར་དབུས། །རང་བདེ་མུན་པའི་གོ་སྐབས་རྒྱང་བསྲིངས་ཏེ། །གཞན་དོན་བང་རིམ་རྣམ་པར་བཀྲ་བ་ཅན། ཟླ་མེད་ལྷུན་པོའི་དབང་པོར་གསོལ་བ་འདེབས། །རྣམ་དཔྱོད་གོམ་པ་གཅིག་གི་རིག་གནས་ལྔའི། །ས་ཆེན་ལ་དགོངས་ཆོས་


GLG008_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མིན་སྟོབས་ལྡན་དཔུང་། །མཐར་མཛད་མཁྱེན་བརྩེའི་པད་དཀར་སྤྱན་ཡངས་པ། །སྐྱབས་མཆོག་མཐོ་རིས་གསལ་ལ་གསོལ་བ་འདེབས། །བདེ་བའི་བྱང་བར་གཞན་གྱིས་མི་མཚོན་པའི། །ཞལ་བཟང་བདུད་རྩིའི་འོད་ཅན་མཐོང་ཐོས་དང་། །དྲན་རེག་ཙམ་གྱིས་དོན་ལྡན་དགའ་བའི་མཐུས། །འགྲོ་ཀུན་ཐར་པར་འདྲེན་ལ་གསོལ་བ་འདེབས། ཁམས་གསུམ་མ་ལུས་ཐུགས་རྗེའི་འོད་རིས་ཀྱིས། ཁྱབ་པར་བྱུགས་ཏེ་ངོ་མཚར་མཛད་པའི་གར། །ཟས་གཙང་སྲས་པོ་གཞན་བཞིན་བསྒྱུར་མཁས་པས། །རྒྱལ་བ་གཉིས་པར་གྱུར་ལ་གསོལ་བ་འདེབས། །བཀྲ་ཤིས་འཁོར་ལོས་མཚན་པའི་ཞབས་མཐིལ་ཟུང་། །གསེར་ལྡན་དགའ་མའི་ཐོད་དུ་ངལ་བསོས་པའི། །རྣམ་ཕྲའི་རྡུལ་དང་ཆོས་འཁོར་བསྐོར་གནས་ཀྱང་། །དམ་པས་མཆོད་བྱར་མཛད་ལ་གསོལ་བ་འདེབས། །རྡུལ་གྱི་གྲངས་བརྒལ་ཡི་དམ་ལྷ་ཚོགས་ཀུན། །ཞལ་གཟིགས་མཐུ་ལྡན་སྲུང་མས་བཀའ་བཞིན་དུ། །རབ་འབྱམས་འཕྲིན་ལས་སྒྲུབ་པའི་མཐུ་སྟོབས་ཅན། །ཕུལ་བྱུང་སྐྱབས་ཀྱི་དམ་པར་གསོལ་བ་འདེབས། །ཆོས་ཀུན་གསལ་ལེར་གཟིགས་པའི་སྤྱན་སྟོང་ལྡན། །མཐའ་ཡས་ལུས་ཅན་སྒྲོལ་པའི་ཐབས་ལ་མཁས། །ཐམས་ཅད་མཁྱེན་ཞེས་བརྗོད་པ་དོན་ལྡན་པའི། །འདྲེན་མཆོག་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་རྗེ་བཙུན་བླ་མ་ལ། །ཤུགས་དྲག་དད་པས་མདོ་ཙམ་བསྟོད་པའི་མཐུས། །བྱང་ཆུབ་བར་དུ་སྐད་ཅིག་མི་འབྲལ་བར། །དགྱེས་བཞིན་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །དེ་ཚེ་སྲིད་འབྱོར་མཐའ་དག་ཆུ་ཤིང་ལྟར། །སྙིང་པོ་མེད་པར་མཐོང་ནས་ཡིད་ཅན་རྣམས། །རང་ཉིད་གཅིག་པུས་སྒྲོལ་བའི་སྙིང་སྟོབས་ཀྱིས། །རྒྱས་སྲས་


GLG008_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལ་སློབ་པར་བྱིན་གྱིས་རློབས། །རྣམ་དག་དབང་གིས་བདག་རྒྱུད་སྨིན་བྱས་ཤིང་། །ཟབ་ལམ་རིམ་གཉིས་མཆོག་གི་ལམ་བཟང་ནས། །སྐུ་གསུམ་གོ་འཕང་མཐོན་པོར་ཕྱིན་གྱུར་ཏེ། །སྣ་ཚོགས་ཐབས་ཀྱིས་འགྲོ་ཀུན་འདྲེན་གྱུར་ཅིག །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །མཐུ་ལྡན་སྲུང་མ་ཆོས་ཉིད་བདེན་པའི་མཐུས། །དགེ་ལེགས་ཡོན་ཏན་ནོར་བུའི་འབྱུང་གནས་མཆོག །རྒྱལ་བ་རྒྱ་མཚོ་བསྐལ་བརྒྱར་ཞབས་བརྟན་ཤོག །ཅེས་པ་འདི་ནི་མགོན་པོ་དེ་ཉིད་རྒྱལ་བའི་བསྟན་པ་ལ་ངུར་སྨྲིག་འཛིན་པའི་ཟློས་གར་ལྷུར་བཞེས་ཀྱི་ཚུལ་བསྟན་པའི་ཉིན། ཞབས་འབྲིང་བ་རྣམས་ཀྱིས་བསྐུལ་བ་དང་། རང་ཉིད་ཀྱང་དད་སྤྲོས་ཀུན་ནས་བླངས་ཏེ་རྗེའི་ཞབས་དྲུང་རང་དུ། ཤཱཀྱའི་དགེ་སློང་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་ཀྱིས་སུག་བྲིས་སུ་བགྱིས་པའི་གནས་ནི་ཆོས་འཁོར་དཔལ་གྱི་ལྷ་སའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཅེས་སོ། །མཁར་ནག་ལོ་ཙཱ་བས། ཇོ་བོ་ཤཱཀྱ་མུ་ནིའི་དྲུང་། དགའ་ལྡན་གདན་ཟུར་རྣམ་གཉིས་ལས། །རབ་བྱུང་དབུ་སྐྱེས་དོར་ནས་ཀྱང་། །ངུར་སྨྲིག་རིན་ཅེན་རྒྱལ་མཚན་བཞེས། །སེར་འབྲས་སེང་གེའི་ཁྲིར་འཁོད་པ། །གསེར་གྱི་ས་གཞིར་ལྷུན་པོ་བཞིན། །མི་འཇིགས་བཞི་ཡི་བང་རིམ་གྱིས། །རབ་བརྗིད་མངོན་པར་མཐོ་ལ་འདུད། །སྙན་པར་གྲགས་པའི་གདོང་ལྔའི་སྒྲས། །ལྟ་ངན་རི་དྭགས་རྣམས་སྐྲག་ནས། །རང་རང་གྲུབ་མཐའི་གནས་མལ་དུ། །འཇིགས་བཅས་སྨོད་པའི་འཁུན་བུ་འབྱིན། །ཞེས་སོ། །དེའི་ཚེ་བོད་དུ་ཕེབས་པའི་ལེགས་ཇ་ཞུ་བར་བླ་ཆེན་རྣམས་ཀྱི་མི་སྣ་དབྱར་དུས་ཀྱི་སྤྲིན་ལྟར་


GLG008_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འདུས། ཁྱད་པར་སྒར་ཆེན་ནས་ཞྭ་དམར་ཐམས་ཅད་མཁྱེན་པ་གར་དབང་ཆོས་ཀྱི་དབང་ཕྱུག་ཅེས། ཆོས་ཕྱོགས་ཀྱི་སྐུ་ཡོན་དང་། འཇིག་རྟེན་གྱི་མཁྱེན་པ་མཐའ་དག་མཚུངས་པ་མེད་པའི་རྣམ་དཔྱོད་འཇིག་རྟེན་གྱི་མེས་པོ་ཚངས་པ་དང་ཁྱབ་འཇུག་གི་བློའི་ར་བ་ལས་ཀྱང་ཡོངས་སུ་བརྒལ་བ་དེས། ལེགས་བྱའི་ཞུ་ཤོག་འབུལ་བ་གནང་བ་འདི་ལྟ་སྟེ། སེམས་དཔའ་ས་བརྟོལ་ཐོག་མའི་དུས་ནས་སྙིང་རྗེའི་ཆུ་ཡི་དབང་གྱུར་དྲང་སྲོང་ང་རོ་སྙན་པ་དེ་ལས་མཆོག་གི་ཐུགས་ཀྱི་རྩ་བ་ཚུགས། །གྲངས་མེད་བསྐལ་པར་ལྟ་བའི་རི་བོ་རྒུལ་གྱི་དངོས་པོ་རྣམ་པར་འཐག་པ་ཨེ་ཝཾ་ཚོགས་ཀྱི་འཁོར་ལོས་སྟོབས་ཀྱི་ལུས་རབ་རྫོགས། ཁྲོ་སྲེག་གདུགས་སུ་འབར་བས་སྙིང་སྟོབས་ཟིལ་གྱིས་གནོན་པ་དེ་དག་ཐབས་ཀྱི་འཕྱང་མོར་ཟིན་ནས་དབུགས་ཀྱི་ངལ་གསོ་སྟོན་བྱེད་པའི། །མ་འདྲེས་ཡན་ལག་རྣམ་པར་བསྐྱོད་པ་ཡོངས་འདུའི་དབང་པོ་ཤཱཀྱའི་སྐྱེས་མཆོག་ཁྱོད་ཀྱིས་འཇིག་རྟེན་ཀུན་ཏུ་དགེ་ལེགས་འབྲས་བུ་སྦྱིན་པར་མཛོད། །བློ་བཟང་གྲགས་པ་བདེན་པའི་འོད་བརྒྱ་པ། །གསོང་པོའི་གཞུང་ལུགས་སྲུབས་ཤིང་དེས་འཕངས་པའི། །འབྱུང་གནས་བསོད་ནམས་ཡོན་ཏན་ཆུ་ཡི་གཏེར། །ལུགས་ཀྱི་ཀླུང་ཕྲན་བརྒྱ་ཡིས་གང་གྱུར་ཏམ། །ཤེས་བྱའི་གནད་དོན་རིག་གཞུང་འོད་ཀྱི་འཕྲེང་བ་ནི། །ཆུན་པོར་གྱུར་བ་དེ་ཚེ་གནས་ལྔ་དབང་པོའི་གཞུ། །འཚེར་བས་བསྟན་ལ་གསལ་བྱེད་རི་མོའི་བྱེད་པོ་ཅན། །བདག་ཀྱང་ལགས་གསུང་ཚོན་གྱིས་གཟིི་འོད་འབར་བར་གྱུར། །མཐོ་བཙུན་རྒྱལ་པོའི་གདུང་འཛིན་ཞིང་། །ཆོས་ལྡན་སྙན་པ་དང་ལྷན་ཅིག །ཕྱོགས་འདིར་ཆོས་ནོར་དགའ་སྟོན་གྱི། །མཁོ་རྒུ་ཡོངས་སུ་དར་བ་དེར། །བགྲང་བྱའི་ཁུར་གྱིས་མི་ལྕི་ཡང་། །བརྗོད་


GLG008_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྗོད་བྱེད་ཁུར་འཛིན་པ། །དགེ་སློང་ཆོས་ཀྱི་དབང་ཕྱུག་ཀྱང་། །དེ་ལ་ལེགས་པ་བརྗོད་པའི་སྒྲ། །སྨྲ་འདོད་སེམས་ཀྱི་ཚངས་པ་ཡི། །ལྟེ་བ་ཆུ་སྐྱེས་དབུ་མའི་སྲས། །སྙན་དངགས་དབྱངས་ཅན་ལྷ་མོ་འདིས། །རིག་པའི་པི་ཝཾ་རྒྱུད་ལ་དྲངས། ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་ཏུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པའི་ཕྱིར། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསླབ་པའི་གཞི། །མནོས་ནས་བསྟན་ལ་བྱི་དོར་བྱ་བར་རིགས། །རིག་པའི་གནས་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཀུན་མཁྱེན་མི་འཐོབ་ཅེས། །གསུངས་ཕྱིར་རིག་སྟོབས་གཡེང་བ་མ་འདྲིང་པར། །ཤེས་བྱའི་གནས་ལ་སྦྱང་སྟོབས་མཆོག་ཏུ་མཛོད། །གསང་བའི་སྔགས་ཀྱི་དཀྱིལ་འཁོར་དངོས་གྲུབ་གཞིར། །གསུངས་པས་རྒྱུད་སྡེ་རྒྱ་མཚོ་རྟེན་བརྟེན་པའི། །རྒྱལ་བའ་ིའཁོར་ལོ་སྨིན་གྲོལ་དབང་དང་ལམ། །ངེས་གསང་འཕྱུག་མེད་ཆོ་གས་བཞེས་པར་མཛོད། །མཆོག་གི་ཉེ་རྒྱུ་སྒྲུབ་པ་ཁོ་ན་དེ། །ཤིན་ཏུ་ཟབ་པའི་རྫོགས་རིམ་དབང་གི་དོན། །གཉུག་མའི་དེ་ཉིད་ཕྱག་རྒྱ་ཆེན་པོ་ནི། །ལྷག་པར་བསྒོམས་ཏེ་ཐུགས་སུ་བྱོན་པར་མཛོད། །སྔོན་དུ་བོད་ན་སྙིང་རྗེའི་དབང་སྒྱུར་ཆོས་ཀྱི་རྒྱལ་པོ་དང་། །ལོ་ཙཱ་བརྩོན་ལྡན་སྲོག་གི་དཀའ་བ་ལེན་པ་དེ་རྣམས་ཀྱིས། །ཨ་ཏི་ཤ་ཞེས་གཙུག་ལག་རྒྱ་མཚོའི་བདག་པོ་སྤྱན་དྲངས་ནས། །སངས་རྒྱས་བསྟན་པ་མི་ནུབ་རྒྱལ་མཚན་ཕྱར་རོ་ཞེས་སུ་གྲགས། །དེ་ཡི་རྗེས་སུ་ཁ་ཆེ་ཟླ་བ་མགོན་དང་ཤཱཀྱ་ཤྲཱི། །སོ་མ་ནཱ་ཐ་སོགས་ཀྱིས་བོད་དུ་དཀའ་བའི་བསྟན་པ་སྤེལ། །དུས་དེར་ལོ་པཎ་མཁས་གྲུབ་བྱོན་དང་བསྟན་པའི་དར་ཚུལ་ལ། །བསམས་


GLG008_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ན་ད་ལྟ་མཆི་མ་བླག་པས་ཁྲུས་ཀྱང་རུང་བ་ཙམ། །དེ་ཕྱིར་མེ་ལོང་ནང་གི་གཟུགས་བརྙན་བཞིན། །འདྲེན་པའི་བསྟན་པ་དེ་ལྟར་གྱུར་པ་ན། །མཁས་བཙུན་བཟང་པོར་བསྟོད་པའི་སྙན་གྲགས་ཀྱིས། །ལུང་དང་རྟོགས་པའི་ཉིན་མོར་མཛད་པར་རིགས། །ལྕགས་ལས་གསེར་དུ་འགྱུར་བ་ལྟར། །ཉུང་ངུ་མང་པོར་བློས་སྤེལ་བས། །སྐྱེས་མཚན་དྲ་བས་སྦྲེལ་བ་ཡི། །ཡན་ལག་བསྐྱོད་པའི་གར་བཅས་ཏེ། །དོན་གྱི་ལུས་བཟང་སྟོབས་རྒྱས་ཤིང་། །རྗོད་བྱེད་རྒྱན་གྱི་གདུབ་བུ་འཁོར་། །སྙན་ངག་དབྱངས་ལྡན་ངང་མོ་འདི། །ཡོན་ཏན་རྒྱ་མཚོས་བསྟེན་པར་མཛོད། །ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ། ཞེས་པ་བརྗོད་བྱའི་དོན་རིག་པའི་གནས་ལྔ་ལ་གསན་བསམ་མཛད་དགོས་ཚུལ་སོགས། སྙན་སྒྲོན་ལེགས་པོ་ཡིན་འདུག །ཚིག་སྦྱོར་ནི། བཀའ་གདམས་གླེགས་བམ་ལས། །འཇིག་རྟེན་དག་ནི་གྲགས་པའི་རྗེས་སུ་འབྲངས། །འཇིག་རྟེན་འདས་པ་གནས་ལུགས་སྤྱོད་པར་བྱེད། །ཅེས་པ་ལྟར། རྗེ་ཞྭ་དམར་པ་དེ་སྙན་ངག་མཁས་པར་གྲགས་ཀྱང་། གསུང་རྩོམ་གྱི་བབས་རོང་པ་གོང་ར་ལོ་ཙཱ་བའི་རྒྱུན་གྱི་ཁོབ་ཤག་གེ་བ་ལས་སྤྲོས་པའི། སྣར་ཐང་པ་དང་དཔལ་ཁང་པ་སོགས་ཀྱི་སྙན་ངག་འཇམ་པ་དང་། རིན་སྤུངས་པའི་ཤུགས་ཆེ་བ་ལྟ་བུའི་ཡིད་འཕྲོག་པ་ནི་མིན་པར་སེམས་སོ། །འོན་ཀྱང་དེའི་ལན་འགྲེལ་ཆགས་ཤིག་དགོས་རྒྱུར། དྲུང་འཁོར་རྣམས་རྒྱུ་དངོས་ཀྱི་འབྱོར་བ་རྣམ་ཐོས་ཀྱི་བུ་ལ་འགྲན་པར་ནུས་ཀྱང་། སྙན་ངག་སོགས་ཚིག་སྦྱོར་སྨྲ་བའི་ལྗགས་རྐྱོང་བ་ཉིན་མོའི་སྐར་མ་ལྟར་སོང་བས། དེའི་ལན་འདེབས་བྱེད་པ་པོ་སུ་འདྲ་ཞིག་འོས་ཞེས་གླེང་པ་ན། རྗེ་གོང་མའི་དཔོན་པོ་རྩེ་ཁ་བའི་སྡེ་པ་རྒྱལ་ཆེན་པ་ཞེས། །ཡིག་རིགས་སོགས་


GLG008_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དང་ཤེས་རབ་ཀྱི་ནོར་ལ་སྤྱོད་པ་དེ་དང་། བཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཅེས་གསུང་འཇམ་ཞི་ཞིང་དུལ་དུལ་ལྟར་སྟོན་པ་དེ་གཉིས་བགྲོས་ཐོག་ནས་བྲིས་པ། བསྙེན་རྫོགས་གནང་དགོས་པའི་ལན་དུ་དགུང་ལོ་ཉི་ཤུ་མ་ལོན་ཞེས་པ་དང་། རིག་པའི་གནས་ལྔ་ལ་སྦྱང་དགོས་པའི་ལན་དུ། ཆོས་ཐམས་ཅད་སྔོན་དུ་ཐུགས་སུ་ཆུད་ཟིན་ཞེས་སོགས་འབྲེལ་མེད་རང་མཚང་སྟོན་པའི་ལན་མང་པོ་བཏབ་སྐད། མཁར་ནག་ལོ་ཙཱ་བས། དཔལ་ལྡན་བླ་མར་སྒར་ཆེན་ནས། འོད་དཔག་མེད་མངགས་ཅོད་པན་ཅན། །གར་དབང་ཆོས་ཀྱི་དབང་ཕྱུག་དང་། །སྤྲུལ་སྐུ་དཔག་བསམ་དབང་པོ་ཡིས། །བསྟོད་བསྔགས་དང་བཅས་ལེགས་ཇ་ཕུལ། །ཞེས་སོ། །དགའ་ལྡན་ཁྲི་གདན་ཟུར་གཉིས་ལ་རེ་ཞིག་གསུང་ཆོས་འབུལ་བར་བཞུགས་དགོས་ཚུལ་གནང་ཡང་། རྗེ་ཞལ་སྔ་ནས་ཟུར་པ་གསུང་ངག་དོག་པ་དང་། ཁྲི་རིན་པོ་ཆེ་ལས་ཐོག་པ་ཡང་གསན་རྒྱ་ཆེ་རྒྱུ་མེད་འདུག་པ་དང་བཅས་དགོངས་པ་ཞུ་བ་གནང་། རྗེའི་ཞལ་སྔ་ནས་ཁྲི་པའི་གསུང་ལས། དིང་སང་བཀྲ་ཤིས་ལྷུན་པོའི་པཎ་ཆེན་ཁྲི་ལས་ཐོག་པ་འདི་ངེད་རང་གི་སློབ་མ་ཡིན་པས། རྒྱུས་ཡོད་ཀྱི་ཞུ་བ་ལ་དབང་ལུང་གི་གསན་རྒྱ་མང་ཆེ་བ་ཡོད་པ་དང་། སྐུ་ན་གཞོན་པས་བཀའ་ཆོས་འབུལ་བར་ལྕོགས་པ་ཡང་བཟང་བ་ཡོད་པས། ཁོང་གིས་བཀའ་ཆོས་འབུལ་མཁན་གནང་ན་ཇི་ལྟར་ཡོང་ཞེས་འཆར་སྟོན་མཛད། དྲུང་འཚོ་འདན་པ་སོགས་འགའ་ཞིག་གིས་དགའ་ལྡན་ཁྲི་གདན་ཟུར།བ་སོ་སྤྲུལ་སྐུ་སོག་བླ་ཆེན་ཡོངས་གྲགས་ཤིག་སྟབས་མ་འགྲིག་ཕྱིན། བཀྲ་ཤིས་ལྷུན་པོའི་པཎ་ཆེན་ལས་སྔགས་པའི་སློབ་དཔོན་ནམ་མཁའ་


GLG008_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་འདི་འོས་པ་འདྲ་ཞེས་གླེང་། གཙང་སྟོད་བཀྲ་ཤིས་ལྷུན་པོ་ནས་མཁན་སློབ་ཚང་མ་མཇལ་བར་ཕེབས་པའི་ལམ་དུ། དཔོན་སློབ་པཎ་ཆེན་རིན་པོ་ཆེའི་གཟིགས་སྣང་ལ། མིག་འཕྲུལ་ལྟ་བུའི་ཁྱེའུ་དཀར་པོ་སོགས་ཡ་མཚན་པའི་ལྟས་བྱུང་བ་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་དུ་གསལ། ཕྱག་རྟེན་ལ་འོག་རྟས་གཙོས་པའི་ཡོད་འབུལ་ལྟ་བུ་བྱས་ཞེས་རྣམ་ཐར་དུ་འདུག་པ་ལྟར། དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོ་དང་བཅས་ཏེ་ཐུགས་དྭངས་དྭངས་དོད་དོད་མཛད་པར་མཆིས། འགའ་ཞིག་གིས་སྐུ་ཆས་ཡོད་འབུལ་མཛད་པའི་གཙོ་བོ་ཆིབས་པ་ཡིན་པ་དེ་ཉམས་མཚར་ཞེས་མ་རེངས་པ་ཟེར་ནའང་། དེ་སྐབས་བཀྲ་ཤིས་ལྷུན་པོ་པཎ་ཆེན་དགེ་འདུན་གྲུབ་ཀྱི་བཞེད་པ་ལྟར་གྱི་བྱ་བྲལ་གྲྭ་སར་སོང་བ་དང་། པཎ་ཆེན་རིན་པོ་ཆེ་ཡང་དབེན་ས་པའི་རྒྱུན་གྱི་བྱ་བཏང་སྙོམས་ཆུང་གི་རྣམ་པར་ཕྱག་རྫས་རང་འབྱོར་རྒྱུ་མེད་འདུག་པ་རྣམ་ཐར་གྱི་བརྗོད་བྱ་དེ་ཀ་སྒྲོ་སྐུར་དང་བྲལ་བའོ། ། ཁྲི་རིན་པོ་ཆེ་དགེ་འདུན་རྒྱལ་མཚན་གྱི་འཆར་སྟོན་ལྟར་། ཞབས་དྲུང་རིན་པོ་ཆེ་དང་ཕྱག་མཛོད་རྣམ་གཉིས་བཀའ་བགྲོས་ཐུགས་རྩེ་མཐུན་ནས་ཁོང་དཔོན་སློབ་ལ་བཀའ་ཆོས་ཀྱི་སྙན་གསན་འབུལ་བ་གནང་། ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་ཞལ་གྱིས་བཞེས་ཏེ། བཀྲ་ཤིས་ལྷུན་པོའི་སློབ་དཔོན་སོགས་ཕྱིར་སློག །དཔོན་སློབ་རྣམས་རེ་ཞིག་འབྲས་སྤུངས་སུ་གཞི་ཕབ་ནས་བཞུགས་ཏེ། གསུང་ཆོས་ཀྱི་རིམ་པ་འགྲོ་གང་ཆེ་ཕུལ། དཔོན་སློབ་རྣམས་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་ལྟ་བུར་གྱུར། ཐོག་མར་མཇལ་སྐབས་བཀྲ་ཤིས་ལྷུན་པོ་སོགས་གཙང་ཕྱོགས་ཀྱི་པཎ་ཆེན་སྤྱིའི་གདན་བཟོས་ས་གདན་གྲུམ་


GLG008_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཇགས་ཁ་གདན་ཙམ་ལ། བཀའ་ཆོས་གསན་ནས་བཞུགས་ཁྲི་སོགས་ཏི་ཤྲིར་འོས་པའི་བཀུར་བཟོས་ཇེ་མཐོར་གནང་། ཐམས་ཅད་མཁྱེན་པ་དེ་བཤེས་གཉེན་བསྟེན་ཚུལ་ལ་འབྲོམ་སྟོན་པ་དངོས་ཡིན་ཚུལ་སོགས་ཀྱི་རྒྱུ་མཚན་ཡང་ཡང་གསུང་བ་ཐོས། མཁར་ནག་ལོ་ཙཱ་བས། དེ་ཚེེ་བཀྲ་ཤིས་ལྷུན་པོ་ནས། །མཁྱེན་པའི་སྤྱན་སྟོང་རབ་ཡངས་པ། །དོན་གྱི་བརྒྱ་བྱིན་དབེན་ས་པ། སློབ་དཔོན་ཉེ་དབང་རྣམས་དང་བཅས། །འདིར་བྱོན་ཀུན་བཟང་མཆོད་སྤྲིན་བཏབ། །ཆོས་ཀུན་མཁྱེན་ནས་རིང་ལོན་ཀྱང་། །པཎ་ཆེན་ཐམས་ཅད་མཁྱེན་པ་ལ། །དབང་ལུང་གདམས་པའི་ཚོགས་རྣམས་གསན། །ཞེས་སོ། ། ཁྲོ་མོ་ཞེས་པ་ཤིང་འབྲུག་གི་ཆོ་འཕྲུལ་ཆེན་པོའི་སྨོན་ལམ་གྱི་མཆོད་པའི་གྲལ་དབུར་ཕེབས། དད་པ་དང་ལྡན་པ་མང་པོ་ཞལ་མཇལ་གསུང་ཐོས་ཀྱི་ཆེད་དང་། ལ་ལ་དག་དེ་ལོ་བྱང་འགྲུལ་གཏོས་ཆེན་པོ་སླེབས་པའི་གྲགས་པ་ལ་བརྟེན། རྙེད་པ་འཚོལ་བའི་ཕྱིར་དུ་འོངས་པ་སོགས་ཕྱི་ལུས་ཀྱི་རྣམ་འགྱུར་གཅིག་པ་ལ། ནང་སེམས་ཀྱི་འཁྱེར་སོ་ཐ་དད་པའི་ཚོགས་ཆེན་པོ། ཁྱམས་ར་སྟེང་གཤོང་བར་སྐོར་དང་བཅས་པར་མི་ཤོང་བ་དང་ལྷན་ཅིག་ཏུ། ཇོ་ཤཱཀ་རང་བྱུང་ལྔ་ལྡན་སོགས་རྒྱལ་དང་དེ་སྲས་མངོན་སུམ་དུ་བཞུགས་པ་དང་ཁྱད་པར་མ་མཆིས་པའི་དྲུང་དུ་སྨོན་ལམ་གྱི་མཚམས་སྦྱོར་དང་། འོ་སྐོལ་གྱི་སྟོན་པ་ཤཱཀྱའི་རྒྱལ་པོའི་འཁྲུངས་རབས་སོ་བཞི་པའི་ཆོས་ཐུན་རེ། ལྗགས་ཀློག་བཟང་ཞིང་སྒྲ་བརྗོད་དག་པ་དང་བཅས་ཏེ་གནང་བས། ཀུན་བོད་སྐད་ཀྱི་ནང་ནས་ཀྱང་སྟོད་ལུང་མདའི་སྐད་མ་ཉམས་པ་འདི་འདྲ་ཡ་མཚན་ཞེས་གླེང་། དིང་སང་དབུས་གཙང་གི་བླ་མ་སོག་ཡུལ་དུ་སྐྱེ་བ་བླངས་པར་


GLG008_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་རྣམས། བོད་སྐད་གཙང་མ་སྨྲ་བའི་ལྗགས་འདབ་ཆགས་ཐི་བའི་ལྕེ་ལ་འགྲན་བཟོད་པའི་ངང་ཚུལ་རྣམས་མཐོང་ན། ཡ་མཚན་པའི་གནས་ཤིན་ཏུ་ཡིན་པར་གདའ། སྨོན་ལམ་གྱི་རིན་ཚོགས་སུ་དཔོན་སློབ་གཞུང་སྒེར། འདེབས་འབྱར་གྱི་འགྲུལ་པ་ཁག་རྣམས་དང་བཅས་པས་མང་ཇ་དང་། གོས་དར་གསེར་དངུལ་ཇ་རས་སོགས་ཀྱི་འགྱེད་གྲངས་མེད་པ་བཏང་བས། གནོད་སྦྱིན་གྱི་བང་མཛོད་ལ་ལོངས་སྤྱོད་པ་ལྟ་བུར་གྱུར། མཁར་ནག་ལོ་ཙཱ་བས། ཁྲོ་ལོའི་ཆོ་འཕྲུལ་ཟླ་བ་ལ། །ལྷ་ས་སྨོན་ལམ་མཛད་པའི་ཚེ། །ཁྱམས་ཆེན་སྐོར་ལམ་ཚོགས་པས་གང་། །གངས་རི་དང་མཚུངས་ཕྱེ་མར་དང་། །ཆུ་གཏེར་ལ་འགྲན་མང་ཇ་དང་། །དཔག་བསམ་སྡོང་པོའི་འདོད་འཇོ་ལྟར། །ཅི་འདོད་འགྱེད་བཅས་ཚིམ་པར་སྩལ། །ཁྱེད་ལ་དད་པའི་དམིགས་སྐོར་དང་། །ཡི་གེ་དྲུག་པའི་བཟླས་བརྗོད་ཀྱིས། །འཇིག་རྟེན་དབང་ཕྱུག་ད་འགྲུབ་སྟེ། །བོད་པ་རྣམས་ཀྱི་ཁྱེད་ཞལ་མཇལ། །ཞེས་སོ། །དེ་ནས་ཕོ་བྲང་ཆེན་པོ་རྒྱལ་ཁབ་གོང་རི་དཀར་པོར། ལྷ་གཟིགས་མིའི་དབང་པོ་བཀའ་བརྒྱུད་རྣམ་པར་རྒྱལ་བའི་ལྷས་སྤྱན་དྲངས་ཏེ་ཕེབས། ཞབས་དྲུང་རིན་པོ་ཆེ་ངག་དབང་གྲགས་པ་དག་པའི་ཞིང་དུ་གཤེགས་པའི་དགོངས་རྫོགས་ཀྱི་གྲལ་དབུ་གནང་། གཞི་ལེན་དང་ཤངས་ལེན་རྒྱ་ཆེན་པོས་མཉེས་པར་མཛད། ལྷ་གཟིགས་མིའི་དབང་པོར་ཚེ་རྟ་ཟུང་འབྲེལ་གྱི་བཀའ་ཆོས་དང་། རྒྱ་ཧོར་གྱི་སིལ་སྙན་སྦུག་ཆོལ་སོགས་དངོས་སྤྱད་ཀྱི་རིགས་རྣམས་ཆེ་བ་མང་པོར་སྐུ་སྐྱོས་ཀྱི་ཚུལ་དང་འབུལ་བ་གནང་། མཆོད་ཡོན་ཐུགས་ཡིད་གཅིག་ཏུ་འདྲེས། ཞབས་དྲུང་རིན་པོ་ཆེ་འདི་འབྲུག་པ་ཁོ་ན་ལ་མོས་ཞེས་ཟེར་མཁན་མང་ཡང་། སྔར་རྒྱུན་


GLG008_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་པའི་རྗེ་འདི་ཉིད་ལ་ཐུགས་མོས་རེ་ཆེ་ཡོད་པ་འདྲ་སྟེ། སྔ་ཕྱིར་བཀའ་ཕེབས་གནང་བའི་ལྷོངས་ལ་ཡང་གུས་ཉམས་ཆེ་བ་འདུག །ཡར་ལམ་གཉོས་རྒྱལ་བ་ལྷ་ནང་པའི་གདུང་བརྒྱུད་གྱེ་རེ་ལྷའི་བཙུན་པ་སྲོང་བཙན་ཚངས་པས་བསྙེན་བཀུར་བ་བཞེས་ནས་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་དེ་འབྲས་སྤུངས་སུ་ཕེབས། མཁར་ནག་ལོ་ཙཱ་བས། དེ་ནས་གཞིས་ཀ་གོང་དཀར་དུ། །མི་དབང་ཆེན་པོས་སྤྱན་དྲངས་ཏེ། །མཆོད་པའི་སྤྲིན་ཕུང་གཏིབས་ཀྱིས་མཆོད། །ཆོས་དང་ཟང་ཟིང་གནང་བས་ཚིམ། །དེ་ནས་གྱེ་རེ་ལྷ་བཙུན་པ། །སྲོང་བཙན་ཚངས་པས་གསོལ་བཏབ་པས། །ཟབ་དང་རྒྱ་ཆེའི་ཆོས་གསུངས་སླར། །སེར་འབྲས་སྐྱིད་ཤོད་ཕྱོགས་སུ་ཕེབས། །ཞེས་སོ། །དེ་ནས་རྗེ་གོང་མ་ན་རིམ་གྱི་གདན་ས་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཆིབས་ཁ་བསྒྱུར། དཔོན་སློབ་པཎ་ཆེན་རིན་པོ་ཆེས་ཀྱང་བཀའ་ཆོས་འབུལ་ཁྱད་ནས་ཞབས་ཕྱིར་ཕེབས། འཕྲིན་ཡིག་གར་མཁན་ཕོ་ཉར། རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གཏེར་གྱུར་པ། །སྣང་བ་མཐའ་ཡས་འགྲོ་མགོན་གཡུ་བྲག་པས། །ཡེ་ཤེས་རྣམ་པར་རོལ་པས་ལེགས་བསྐྲུན་པའི། །ཚལ་གུང་ཞེས་བྱ་དཔལ་ལྡན་ཧེ་རུ་ཀའི། །ཕོ་བྲང་དངོས་གྱུར་སྟོན་མཚན་ཀུན་གསལ་བའི། །དོ་ཤལ་ས་ལ་ལྷུང་འདྲའི་དགོན་སྡེ་ཟུང་། །ལུགས་གཉིས་ལྷན་ཅིག་སྤྱོད་པའི་འདུས་པའི་ཚོགས། བྱུ་རུའི་དོ་ཤལ་གཅལ་དུ་བཀྲམ་འདྲ་ཡོད། །ཅེས་བསྔགས་པའི་ཡུལ་གྱི་གཞིས་ཀ་ཚལ་ཟུར་ཁང་དང་། དེར་ཡང་མ་ཆགས་ཕྱིན་པ་མརྒད་མཚོར། །རབ་དཀར་ངང་མོའི་ཚོགས་ཀུན་རོལ་པ་བཞིན། །ཕུན་ཚོགས་ལོ་ཏོག་དགོད་པའི་ལྗངས་ཁྲོད་དུ། །བགྲང་ཡས་གྲོང་


GLG008_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་བཀྲམ་པའི་ཡུལ་ལྗོངས་ཡོད། །དེ་ནས་གདུགས་གཅིག་བགྲོད་ལ་རབ་མཐོའི་མཁར། །སྙེག་འདྲའི་ས་འཛིན་རྩེ་ལ་དབང་པོའི་གནས། །འཕོས་འདྲ་ལྷ་མིའི་ཕུན་ཚོགས་དགའ་སྟོན་གྱི། །འབྱུང་གནས་བདེ་བ་ཆེན་པོའི་ཕོ་བྲང་ཡོད། །ཅེས་པ་ལྟར། སྐྱིད་ཤོད་ཡེར་ཕྱོགས་ཀྱི་ཡུལ་ལྗོངས་སུམ་རྩེན་གྱི་སྐྱེད་ཚལ་ས་ལ་འཕོས་པ་འདྲ་བ་བརྒྱུད་དེ་བཙན་རྫོང་གསང་སྔགས་བདེ་བ་ཆེན་པོ་དང་། །དེ་དག་ལམ་དུ་དྲག་ཏུ་གཤོག་བསྐྱོད་ལ། །མགྱོགས་པར་ཕྱིན་ལ་ལེགས་བྲིས་དགའ་ཚལ་ལ། །སྐྱོ་བ་སྟེར་བའི་ནོར་ལྡན་དགའ་མ་ནི། །མཛེས་སྡུག་སྤུ་ལོང་གཡོ་བའི་ཡུལ་ལྗོངས་ཡོད། །དེ་དག་དབུས་སུ་ཟླ་བ་བརྩེགས་པའི་སྤོར། །འཆི་མེད་བདག་པོའི་ཁང་བཟང་སྐྱེངས་བྱེད་ཅིང་། །ལུགས་གཉིས་ཀུན་གྱི་མདུན་ས་བྲག་དཀར་ཞེས། །ཕུན་ཚོགས་འདོད་དགུའི་འབྱུང་གནས་ཕོ་བྲང་ཡོད། །ཅེས་རྫོང་ཆེན་བཅུ་གསུམ་གྱི་ཡ་གྱལ་ཕོ་བྲང་ཆེན་པོ་བྲག་དཀར་རྣམས་སུ། བྱང་བརྒྱུད་རྒྱལ་པོར་གྲགས་པའི་སྟོབས་འབྱོར་དང་བསྙེམས་པ་ཕན་ཚུན་གཅིག་ལ་གཅིག་འགྲན་བཟོད་པའི། ས་སྐྱོང་བ་གཡུལ་རྒྱལ་ནོར་བུ་ཁུ་དབོན་གྱིས་གདན་དྲངས་ཏེ། རྫོང་གཞིས་རྣམས་སུ་ཞག་མང་ཙམ་རེ་བཞུགས། སྐྱིད་ཤོད་ལུང་པ་འདོད་དགུ་འཛོམ་ཞིང་། སྡེ་པ་དཔོན་གཡོག་ཕྱག་རྒྱུན་ལེགས་པས། ཞབས་ཏོག་དཔངས་མཐོ་ཞིང་དངོས་གཙང་བ་ཞུས། དཔོན་སློབ་རྣམས་མྱུར་དུ་ཕེབས་པ་ལ་རིངས་པའི་སྤྲོ་བ་མཐའ་དག་མཚོ་ལ་ཁ་བ་བབས་པ་ལྟར་གྱུར། ཞུགས་ཞག་མང་སར་དཔོན་སློབ་པཎ་ཆེན་རིན་པོ་ཆེས་ལྗགས་ལུང་གཙོ་བོར་གྱུར་པའི་བཀའ་ཆོས་འབུལ་བ་གནང་། མལ་གྲོ་བརྒྱུད། རིན་ཅེན་གླིང་ཆོས་སྡེ་བས་བསྙེན་


GLG008_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་ཞིང་། ཚོགས་སུ་བཀའ་ཆོས་ཀྱི་འབྲེལ་པ་སྩལ། བདོག་པའི་སྐྱེས་ཀྱིས་ཀུན་རེ་བ་ཡོངས་སུ་བསྐང་། སྐྱོད་ཀྱི་ལ་བརྒྱུད་གར་མི་ཡོན་ཏན་གཡུང་དྲུང་གི་བསྟི་གནས་རྫིང་ཕྱིའི་ཆོས་སྡེར་ཕེབས། དེར་མཁན་ཆེན་ལུང་རིག་སྨྲ་བ་བློ་བཟང་རྒྱ་མཚོ། ཡོངས་གྲགས་ཀྱི་མཚན་འོལ་ཁ་སྦ་བ་ཞེས་པའི་སྐད་གྲགས་ཅན་དེས་གཙོས། སྤྱི་སྒེར་ཚང་མས་བཀུར་སྟི་གྱ་ནོམ་པ་བསྒྲུབས། རྫིང་ཕྱི་སྐྱ་སེར་རྣམས་ལ་ལུགས་གཉིས་ཀྱིས་ཚིམ་པར་མཛད་ནས་འོལ་ཁ་རྩེར་ཕེབས། དད་པའི་རྒྱན་གྱིས་མཛེས་ཤིང་གཏོང་བའི་ཕྱག་རིང་དུ་རྐྱོང་བའི་ནོར་འཛིན་དབང་མོ་འོལ་ཁ་དབོན་སས་གུས་འདུད་ཕུན་སུམ་ཚོགས་པ་བྱས། བླ་མ་དྲི་མ་མེད་པ་མཚོ་ལས་སྐྱེས་པའི་རྡོ་རྗེ་དང་། མཉམ་མེད་ཇོ་བོ་ཡབ་སྲས་ཀྱིས་ལུང་བསྟན་པའི་གནས་མཆོག་ཆོས་འཁོར་རྒྱལ་དུ་ཕེབས། དགེ་འདུན་ཚོགས་པ་རྣམས་ཀྱིས་འཕན་གདུགས་རྒྱལ་མཚན་བ་དན་རོལ་མོའི་རིགས་དུ་མ་དང་བཅས་པའི་སྔུན་བསུས། མཆོད་ཁང་ནང་རྟེན་ཐམས་ཅད་ཞིབ་པར་མཇལ་ཞིང་། རི་མཐིལ་གྱི་མགོན་ཁང་རྣམས་སུ། གཏོར་གསོས་སྙན་དར་བསྐང་གསོ་རྣམས་རྒྱས་པར་མཛད། ཚོགས་སུ་བཀའ་གདམས་གླེགས་བམ་གྱི་གསུང་ཆོས་དང་། ཟླ་སྦྲེལ་གྱི་བར་དུ་མང་འགྱེད་སོགས་ལུགས་གཉིས་ཀྱི་དགའ་སྟོན་མཐའ་ཀླས་པ་བྱུང་། ལྕང་ར། གྲུ་མདའ། བང་རིམ་པ་སོགས་དྭགས་ནང་གི་སྐྱ་སེར་རྣམས་མཇལ་བར་འོངས་ཏེ། གཞི་བྱེས་ཚང་མར་བསྙེན་བཀུར་རྒྱ་ཆེར་བསྒྲུབས། དེ་དག་རྣམས་ལ་སོ་སོའི་འདོད་ཆོས་ཅི་རིགས་པ་དང་། ཇ་གོས་དར་གྱི་གནང་སྦྱིན་བཟང་བ་མཛད། སླར་སྐྱིད་ཤོད་དུ་ཆིབས་ཁ་བསྒྱུར། སེ་ར་ཐེག་


GLG008_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གླིང་དུ་ཕེབས། སྤྱི་སྒེར་གྱི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་བཟོད་པའི་ཞབས་ཏོག་ཞུས། བསྡུ་བ་རྣམ་པ་བཞིའི་སྒོ་ནས་སྡེ་ཆེན་པོ་དེ་ཉིད་ཀྱི་མཆོག་དམན་མཐའ་དག་ལེགས་པའི་ལམ་ལ་བཀོད། འབྲས་སྤུངས་སུ་ཕེབས། མཁར་ནག་ལོ་ཙཱ་བས། ས་སྐྱོང་གཡུལ་རྒྱལ་ནོར་བུ་ཡིས། །ཕོ་བྲང་ཀུན་ཏུ་སྤྱན་དྲངས་མཆོད། །མལ་གྲོ་བརྒྱུད་དེ་རིན་ཅེན་གླིང་། །དེར་མཆོད་ཆོས་འཁོར་རྫིང་ཕྱི་ནས། །མཁན་ཆེན་བློ་བཟང་རྒྱ་མཚོ་ནི། །འཁོར་དང་བཅས་པས་ཆིབས་བསུར་བྱོན། །ཞལ་གྱི་དཀྱིལ་འཁོར་མཇལ་མ་ཐག །མིག་དབང་ཚིམ་ཞིང་དད་གུས་འཕེལ། །གླིང་དུ་ཕེབས་ཚེ་སྤྱི་སྒེར་གྱིས། །བསོད་ནམས་ཕུང་པོ་དཔག་མེད་བསྐྲུན། །སྐྱ་སེར་སྟོང་ཕྲག་དུ་མ་ལ། །སྙན་པའི་གསུང་གིས་དམ་ཆོས་བསྟན། །དེ་ནས་སྟག་རྩེ་མཐོང་སྨོན་དུ། །མི་ཡི་དབང་མོས་སྤྱན་དྲངས་ཏེ། །མཆོད་ཅིང་འོལ་ཁའི་སྐྱེ་རྒུ་ལ། །དམ་པའི་ཆོས་ཀྱི་སྐྱེས་གནང་ངོ་། །ངོ་མཚར་ཆེ་ལྡན་ཆོས་འཁོར་རྒྱལ། །རྒྱལ་བས་ལུང་དུ་བསྟན་པའི་གནས། །གནས་མཆོག་དེ་རུ་ཕེབས་པའི་ཚེ། །ཚེ་དང་ལྡན་པ་རྣམས་ཀྱིས་མཆོད། །མཆོད་རྟེན་གསེར་སྐུ་མི་ཕམ་མགོན། །མགོན་ཁྱོད་ཕྱོགས་འདིའི་སྐྱེ་འགྲོའི་དཔལ། །དཔལ་ལྡན་བླ་མ་དམ་པ་ལ། །ལ་ལ་དད་ཅིང་ཐམས་ཅད་ཞུས། །གུས་ལྡན་དྭགས་པོའི་སྦྱིན་བདག་རྣམས། །རྣམ་ཐར་གཙང་མ་མཇལ་བར་འཚོགས། །ཚོགས་མཆོག་དགེ་འདུན་དང་བཅས་མཆོད། །མཆོད་འོས་མཆོད་རྣམས་སྐལ་བ་བཟང་། །སླར་ཡང་འོལ་ཁ་མལ་དྲོ་སོགས། །དབུ་རུའི་ཕྱོགས་སུ་སྐྱིད་ཤོད་དང་། །ཐེག་ཆེན་གླིང་དང་འབྲས་སྤུངས་སུ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་སོ། །མེ་ཕོ་རྟའི་ལོ་


GLG008_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ལྗོངས་སའི་ལྟེ་བ་ཡར་ཀླུང་གི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྐྱོད། བོད་ཡུལ་གྱི་བློན་པོ་རིག་པ་ཅན་འབྱུང་བའི་ས་སྤྱད་རྣམ་པར་བཀྲ་བའི་འཕྱོང་རྒྱས་སྟག་རྩེར། ས་སྐྱོང་ཆེན་པོ་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་ངག་དབང་བསོད་ནམས་གྲགས་པ་སྐུ་མཆེད་ཀྱིས་སྤྱན་དྲངས། རི་བོ་སྡེ་ཆེན། སྤྱན་གཡས་པ། ཕྱག་སྡེ་པ། དཔལ་རི་སྒྲུབ་སྡེ། བཀྲ་ཤིས་བདེ་ཆེན། ཆོས་ལམ་རིམ་པ། བདེ་སྟེང་པ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་ཆེ་ཆུང་ཐམས་ཅད་སེར་སྦྲེངས། ཆིབས་བསུ། ཡུལ་པ་རྣམས་ཀྱི་བྲོ་གཞས་ཤོན་སོགས་རྩེད་སྣའི་རིགས་ཀུན་གྱི་མིག་གི་གཟིགས་མོར་ཚར་དུ་དངར་བར་གྱུར། རྩེར་བཞུགས་གྲལ་ཆེན་མོའི་ཉིན། གྲགས་པ་དོན་ལྡན་གྱི་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ལོ་ཆེན་སངས་རྒྱས་དཔལ་བཟང་གི་ཞལ་སློབ་ཞང་མཁར་ནས་རིག་བྱེད་པ་འཇམ་དཔལ་རྡོ་རྗེ་དང་། རྒྱ་གར་རྡོ་རྗེ་གདན་ཚུན་བསྐོར་བའི། ཕལ་སྐད་ཀྱི་ལོ་ཙཱ་བ། རྒྱལ་བའི་བཀའ་འགྱུར་རོ་ཅོག་ལ་ཐོས་བསམ་བྱས་པའི་མཁར་ནག་ཆོས་མཛད་དཔལ་འབྱོར་རྒྱ་མཚོ་གཉིས་ཀྱིས། སྒྲ་རིག་པ་ལ་བརྟེན་པའི་འཕྲོས་གཏམ་རྒྱས་པར་ཕུལ། ནང་མ་དེར་དུས་སྟོན་གྱི་ཞབས་ཏོག །སྐུ་གསུང་ཐུགས་རྟེན་གྱིས་སྣ་དྲངས་བའི་འབུལ་བ་སོགས་རྒྱ་ཆེར་མཛད། ཞབས་དྲུང་སྐུ་མཆེད་ལ་ཚེ་རྟ་ཟུང་འབྲེལ་གྱི་བཀའ་དབང་དང་། གནང་སྦྱིན་རྒྱ་ཧོར་གྱི་དངོས་སྤྱད་ཀྱི་སྐྱེས་སྩལ། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་གྱི་ལས་བྱང་ལེའུ་བརྒྱད་པའི་ཆོག་བསྒྲིགས་དང་བསྟུན་པའི་ཚེས་བཅུའི་གར་འཆམས་ཀྱི་རིམ་པ་ཟབ་རྒྱས་སུ་འབུལ་བ་གནང་། དགོན་སོ་སོའི་བླ་མ་གྲྭ་རིགས་རྣམས་ཀྱི་རེ་བ་ཡོངས་


GLG008_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐང་། དེ་ནས་ཕེབས་ལམ་དུ་མཁར་ཐོག་དཔོན་སས་བསྙེར་བཀུར་གྱ་ནོམ་པ་ཞུས། བོད་ཤིང་སྒོ་ཅན་གྱི་རྒྱལ་ཁབ་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེར་ཕེབས། རྩེ་ཚོགས་པ། དཀོན་གཉེར། རས་ཆུང་ཕུག །རི་བོ་ཆོས་གླིང་། བཀྲ་ཤིས་ཆོས་སྡེ་སོགས་དགོན་ཆེ་ཕྲ་མཐའ་དག་གིས་བཀོད་པ་ཁྱད་པར་དུ་འཕགས་པའི་སེར་སྦྲེངས་དང་། རིན་ཅེན་རྒྱན་སྤྲོད་དང་བཅས་པའི་རྟ་པ་བརྒྱ་ཕྲག་བརྒལ་བའི་ཆིབས་བསུ་ཆོས་བཟང་ལྷའི་མདུན་སའི་དགའ་སྟོན་ལ་འགྲན་བཟོད་པར་གྱུར། མཆོད་ཡོན་གྱི་མཇལ་འཛོམས་བཀའ་འབྲེལ་མ་གསན་གོང་དུ། ཕྱག་རྩེ་སྤྲོད་དམ་ལྡེམ་མཇལ་གང་རུང་། བཞུགས་གདན་མཐོ་དམའི་མཉམ་མཉམ་ལ་དན་པས། ཕན་ཚུན་གྱི་མགྲོན་གཉེར་རྣམས་ཀྱིས་བཞུགས་ཁྲི་རྒྱག་པ་ལ་རྒྱུག་ཚད་ལ་གཞལ། བརྟན་བརྟན་ཁྲིག་ཁྲིག་གི་ལུགས་བྱས་ཀྱང་། སྣེའུ་གདོང་རྩེའི་མགྲོན་གཉེར་ཉམས་མྱོང་ཆེས་པས། བཞུགས་ཁྲིའི་བར་བར་ལ་གཡན་པ་སྲབ་མོ་བརྫངས་པས། མཇལ་ནས་ཇ་གཅིག་ཙམ་བཞེས་ཚེ་སྣེའུ་གདོང་ཞབས་དྲུང་བཞུགས་ཁྲི་མཐོ་བ་བྱུང་ཟེར། མི་ཆེན་པོའི་ཚུགས་ཀ་འཛིན་པའི་འོས་སྡེ་སྲིད་ཕག་མོ་གྲུ་པ་སྨོས་ཅི་དགོས། གཞན་མ་རྒྱ་ནག་གོང་མའི་ལུང་ལས་ཀྱི་མཐོ་བ་འདི་ལྟ་བུ་རྣ་བས་ཕྱག་གདན་ལ་རྩེག་པ་རིགས་མོད་ཀྱང་། སྤྱིར་བླ་ཆེན་དཔོན་ཆེན་གྱི་གྲལ་དུ་རང་བྱོན་མཛད་པའི་རིས་རྣམས་ཕྱག་གདན་ཡིག་བསྐུར་ང་ཆེ་དབང་བཙན་ལ་རྩེག་པ་ལས། སངས་རྒྱས་ཀྱི་མདོ་རྒྱུད་ནས་ལན་གཅིག་མ་ཡིན་པར་གསུངས་པའི་ལས་རྒྱུ་འབྲས་ཟེར་བའི་གལ་པོ་ཆེ་དེ་ལ་ཞིབ་ཆ་མཛད་ན་ལེགས་སམ་སྟེ། སྙན་སྒྲོན་ཕུལ་ཀྱང་ཐུགས་ལ་འཐད་པ་དཀའ་བར་སྣང་ངོ་། །རྩེ་ཞབས་དྲུང་རིན་པོ་ཆེ་ལྷ་


GLG008_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་མི་ཕམ་དབང་སྒྱུར་རྒྱལ་པོ་ལ་ཚེ་དབང་འབུལ་བ་གནང་བས། ཚེ་བུམ་དབུ་ཐོག་ཏུ་བཞག་པའི་སྐབས་བུམ་པ་དུམ་བུ་གཉིས་སུ་གད་པ་ནི་མཆོད་ཡོན་གཉིས་ཀའི་སྐུ་ཚལ་ལྟ་བ་འདྲའོ། །ཨྱོན་ཆེན་པོའི་ལུང་བསྟན་དུ་ཞབས་དྲུང་འདི་ཉིད་བྱང་ཆུབ་སེམས་དཔའ་ཡིན་པ་དང་། དགུང་ལོ་ཉེར་ལྔ་ལ་བར་ཆད་ཆེ་བར་གསུངས་པ་སོགས་ནི། བྱི་གླང་སྡེ་གཟར་གྱི་དུས་ཐོག་ཏུ་ཁེལ་བས་ངེས་ཤེས་འདྲོངས་པ་སྣང་ངོ་། །ཚོགས་མཁན་ཆེན་པ་རིན་ཅེན་རྒྱ་མཚོས་ཐོག་དྲངས། སྐྱ་སེར་མཆོག་དམན་མཐའ་དག་ལ་ལུགས་གཉིས་ཀྱི་སྒོ་ནས་རེ་བ་ཡོངས་སུ་བསྐང་། ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་ཐང་དུ་ཕེབས། རྩེས་ཐང་ལྔ་མཆོད་པ་སྤྱི་སྒེར་གྱིས་ཞབས་ཏོག་བསྙེན་བཀུར་གྱི་མཐིལ་ལེན་ཞུས། འབྲས་བུ་གླིང་པ་དང་དེ་སྔོན་གྲྭ་ཚང་པ་རྣམས་ཀྱིས་མཛེས་མཚོན་ཙམ་བྱས། དད་མོས་ཅན་རྣམས་མཇལ་བ་དང་། མི་གུས་པ་རྣམས་ཀྱང་ཚོད་བརྟག་པ་དང་། བཏང་སྙོམས་པ་རྣམས་ལྟད་མོ་ལྟ་བ་སོགས་ལ་འོངས་ཏེ་ཁྲོམ་དམར་ནག་ཏུ་འཁྱིལ། དེའི་ཚེ་གུས་ཞེན་པ་ཞིག་གིས། གཟིམས་དྲེལ་ལ་སྐེ་རྒྱན། གཡེར་ཁ་ཁལ་ཁེབས་སོགས་གྲ་གཅིག་པ་ཞིག་བྱུང་ན་ཡོང་རྒྱུར་འདུག །ཀར་འབྲུག་སོགས་ཀྱང་འདི་ལྟར་བྱེད་ཞུས་པས། དེའི་ལན་དུ་ཕྱག་མཛོད་གུ་ཤྲིས་ང་རང་ཡང་དེ་ཀ་བསམ་སྟེ། བརྒྱ་ལ་བྱེད་དམ་སྟོང་ལ་བྱེད་ལྟ་བུར་འདུག་པས། ཚོད་མ་ཟིན་ཞེས་ཕ་རོལ་ཟིལ་གནོན་གྱི་གསུང་བྱོན་ཟེར། བོད་བཙན་པོའི་གདུང་བརྒྱུད། སྡེ་པ་ལྷ་རྒྱ་རི་པས་གདན་དྲངས། རོང་ཆད་དཀར་དང་། ཨེ་རེ་སྒོ་ཆོས་རྫོང་སྟེ་གཞིས་གོང་འོག་རྣམས་སུ་ཞབས་ཏོག་དང་འབུལ་ཆེན་ཡང་དག་པ་མཛད། སྡེ་བ་ཁུ་དཔོན་ལ་ཇི་


GLG008_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཞེད་པའི་ཆོས་དང་། ཐུགས་ཡིད་རང་དབང་མེད་པར་འཕྲོག་པའི་རྒྱ་ཧོར་གྱི་སྤྱད་པ་མང་པོའི་གནང་སྦྱིན་མཛད། ཨེ་དགོན་བདུན་གྱིས་གཙོས་པའི་ཕྱོགས་དེའི་དགེ་ལུགས། རྙིང་ལུགས། སྨྱུང་གནས་རས་པ་སོགས། རིས་མེད་ཀྱི་དགོན་ཆེ་ཆུང་ཐམས་ཅད་ལ་ཆོས་དང་ཟང་ཟིང་གི་ཕན་པ་རྒྱ་ཆེན་པོ་སྩལ། ཐུ་མི་སམྦྷོ་ཊའི་གདུང་འཛིན་ཡར་རྒྱབ་དཔོན་ཆེན་གྱིས་གདན་དྲངས། སྲིད་གསུམ་རྣམ་རྒྱལ། རྒྱལ་ཆེན་གླིང་། དོལ་ལྷུན་གྲུབ་ལྷ་རྩེ་སོགས་སོ་སོར་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། བཞུགས་གྲལ་ཆེན་མོའི་ཉིན། གསོལ་སྡེར་སུམ་བརྒྱ་ཐམ་པ་ཞུས་པ། རྗེས་མ་གཙང་དུ་སྡེ་པ་ལྷུན་པོ་རྩེ་པས་གསོལ་སྡེར་ལྔ་བརྒྱ་བསྒྲིགས་པ་ཁ་གྲངས་མང་བ་ཙམ་ལས། རྒྱ་དཔངས་དངོས་དག་མི་དག་སོགས། ཡར་རྒྱབ་པས་ཞུས་པའི་ཟུར་ཙམ་དུ་ཡང་མི་སླེབས་འདུག །སྡེ་དཔོན་གང་གི་ནང་དུ་ཡང་འདི་འདྲ་བ་མ་བྱུང་ཞེས་དྲུང་འཁོར་རྣམས་གླེང་། ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ། གོང་དཀར། འཕྱོང་རྒྱས། ཡར་རྒྱབ། རྒྱ་རི་བ། ལྷུན་པོ་རྩེ་བ་སོགས་སྔ་ཕྱིའི་བཞུགས་གྲལ་ཆེན་མོའི་སྐབས་ཚོར། ཕྱག་མཛོད། སློབ་དཔོན་པའི་རིས་དང་ནང་སོ་རྣམ་པ་རྣམས་ལ་བང་ཁེབས་བཤུར་མ་གཏོང་བ་སོགས། ཆེན་པོའི་མདུན་སར་འོས་པའི་སྒྲིགས་བཅའ་བདར་ངོ་མཚར་ཞིང་བབས་ཆགས་པ་བྱུང་བར་སྣང་། སྡེ་པ་དཔོན་བློན་ལ་ཚེ་རྟའི་བཀའ་འབྲེལ་གནང་། རྒྱལ་ཆེན་གླིང་གི་གཞིས་ཀ་ལྕགས་རི་དང་བཅས་པར་ཕྱག་ནས་ཞུ་བ་སོགས་གུས་པའི་རྣམ་འགྱུར་མང་པོ་མཛད། ཕྱགས་ཕྱི་དྲུང་འཁོར་རྣམས་ཀྱི་ཁྲོད་ནས་སྡེ་པ་ཡར་རྒྱབ་པ་འདི་སྔར་ཕན་ས་ལུགས་སང་སང་ཡིན་པ་ལ། ད་ཆ་རང་ཕྱོགས་སུ་འགྱུར་བ་ལྟ་བུ་ཡིན་འདུག་པས། གནང་ཆ་དཔངས་ཆེ་བ་གནང་བ་


GLG008_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འགབ་ཅེས་གུས་པ་ལྟར། སྔར་གྱི་སྦྱིན་བདག་རྙིང་པ་རྔ་མ་ནག་པོའི་ཚོས་མདོག་ཅན་རྣམས་ལས། གནང་ཆ་བཅུ་འགྱུར་དགའ་བ་མཛད། མཆོད་ཡོན་ཐམས་ཅད་ཞག་གསུམ་གྱི་གསར་འགྲོགས་དེ་འདི་རེ་བྱུང་། བྱམས་པ་གླིང་གི་མཆོད་རྟེན་བོད་ཡུལ་ན་འགྲན་ཟླ་མེད་པ་དེས་གཙོས་པའི་གནས་གཟིགས་གནང་། ཇོ་གདན་ས་དགེ་ཀར་རྙིང་སོགས་གྲུབ་མཐའ་རིས་མེད་ཀྱི་སེར་སྦྲེངས་པ་ལ་མང་འགྱེད་ཀྱིས་ཚིམ་པ་མཛད། མཁར་ནག་ལོ་ཙཱ་བས། ཟིལ་གནོན་ལོ་ལ་གཡོན་རུའི་ཕྱོགས། །འཕྱོང་རྒྱས་སྟག་རྩེའི་ས་སྐྱོང་དང་། །མཁར་ཐོག་སྣེའུ་གདོང་རྩེ་ཡི། །གོང་མ་ཆེན་པོས་སྤྱན་དྲངས་མཆོད། །སྲས་ཡུམ་བློན་བཅས་ཚོགས་ཆེན་པོར། །ཚེ་དབང་ལ་སོགས་འདོད་ཆོས་གནང་། །དེ་ནས་རྩེས་ཐང་ལྔ་མཆོད་པས། །སྤྱན་དྲངས་ས་དགེ་ཀར་བཅས་ཀྱི། །སེར་སྦྲེངས་ཁྲོམ་ཆེན་ཚོགས་པ་ལ། །ཆོས་གསུངས་རྟེན་མཆོད་མཛད་པ་ན། །ངོ་མཚར་ལྟས་བཟང་བསམ་མི་ཁྱབ། །ངམ་ཤོད་བརྒྱུད་དེ་ཨེ་ཕྱོགས་སུ། །ཕོ་བྲང་རི་སྒོ་ཆད་ཀར་དུ། །འོད་གསལ་ལྷ་ཡི་གདུང་བརྒྱུད་པ། ཁུ་དབེན་སྲས་འབངས་ཆོས་སྡེས་མཆོད། །ཆོས་ནོར་གྱ་ནོམ་རྒྱ་ཆེན་སྩལ། །དེ་ན་ཡར་རྒྱབ་དཔོན་ཆེན་གྱིས། །སྤྱན་དྲངས་འབྱོར་བ་ཆེན་པོས་མཆོད། །གྲ་དོལ་རྣམས་ཀྱི་རྟེན་གཟིགས་མཛད། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྤྲོས། །ཞེས་སོ། །རིམ་གྱིས་ཆོས་སྡེ་ཆེན་པོ་འབྲས་སྤུངས་སུ་ཕེབས། མི་རིང་བར། སྡེ་པ་སྐྱིད་ཤོད་པ་དང་། བླ་མ་དུང་དཀར་འབྲུག་གྲགས་སོགས་ཕུགས་སུ་འཚངས་པ་འདྲ་ཟེར། གང་ལྟར་དྲུང་འཁོར་ལ་ལ་དག་རང་ཉིད་བག་ཡངས་སུ་སྦྱོང་རྒྱུ་མ་བྱུང་བ་རྒྱུ་མཚན་དུ་བྱས་ཏེ། མི་བསྲུན་སྐྱེ་བོ་གདུག་པའི་སྦྲུལ་ལྟར་ལྕེ་གཉིས་


GLG008_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་འགའ་ཞིག་གིས། རྐུན་པོ་རྣམས་ཀྱིས་ཁྱིར་བཏགས་པས། །ར་སྐྱེས་ཁུར་བ་བྲམ་ཟེས་བོར། །ཞེས་པའི་གཏམ་རྒྱུད་དང་མཚུངས་པའི་གཡོ་འཕྲུལ་གྱིས་དཔོན་སློབ་གཉིས་ཀྱི་བར་དུ་སེལ་བཅུག །འཕྲལ་གྱི་རྐྱེན་སོག་པོ་ཁ་ཐན་གྱིས་བྱས་ཏེ། ཕྱག་མཛོད་གུ་ཤྲི་ཆེན་པོ་ཟུར་དུ་བཞུགས་དགོས་བའི་བི་ན་ལ་ཀས་ནུས་པ་ཅུང་ཟད་ཐོན་པར་སྣང་ངོ་། །རེ་ཞིག་སྐུ་མཚམས་དམ་པར་བཅད་དེ་ཐུགས་དམ་ཟབ་མོའི་ཉམས་བཞེས་ལ་བརྩོན་པར་། མཁར་ནག་ལོ་ཙཱ་བས། དེ་ནས་དྷྱ་ན་ཀ་ཊ་ཀར། །ཐུགས་དམ་ཟབ་མོའི་ཉམས་བཞེས་ལ། །གཞོལ་བའི་བཅད་རྒྱ་དམ་པར་མཛད། །རིམ་གཉིས་ལམ་གྱིས་རྣལ་འབྱོར་འཕེལ། །ཞེས་སོ། །དེ་ནས་གཙང་ཕྱོགས་ཀྱི་གྲྭ་རིས་སྦྱིན་བདག་རྣམས་ཀྱིས་གསོལ་བ་བཏབ་སྟེ་ཞལ་བཞེས་གནང་བ་ལྟར། བཀྲ་ཤིས་ལྷུན་པོ་ནས་གདན་འདྲེན་པར་ཤར་རྩེ་དཔོན་སློབ་དགྲ་འདུལ་འབྱོར། འབྲས་སྤུངས་ནས་བཞུགས་སྒར་བཏེག་སྟེ་སྙུག་ལའི་ཐད་དུ་ཕེབས་པའི་ཚེ། དེར་ལེགས་བཤད་གླིང་པ་དང་། ཁུ་པེ་གྲ་ཚང་གཉིས། །དཔལ་ལྡན་ཤཱཀྱའི་རྗེས་སུ་ཞུགས་པའི་འདུས་སྡེ། ཁྲོ་བ་ལ་སླར་མི་ཁྲོ་བ་སོགས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་སྤྱོད་པར་ཁས་འཆེ་ཡང་། བྱ་རོག་འུག་པའི་བརྟུལ་ཞུགས་ཡུན་རིང་དུ་འཛིན་པ་ཞིག་ཡོད་འདུག་ཅིང་། ཁྱད་པར་ལེགས་བཤད་གླིང་པ་རྣམས། ཁུ་པེ་གྲྭ་ཚང་བས་གཙོ་བྱས་ཕྱོགས་དེར་གྲུབ་མཐའ་མི་གཅིག་པ་རྣམས་འདོན་པ་ལ་མངོན་དུ་ཕྱོགས་ཤིང་། གསར་པ་ཆགས་འཇུག་པ་ནི་ལྟ་ག་ལ་ཞིག །ཐུབ་ན་དེའི་ཐད་ཀྱི་ནམ་མཁའ་ལ་བྱ་འཕུར་བ་ཡང་འགོག་པའི་ཀར་ལུགས་ཀྱི་སྤྱན་ལྟོས་དང་ཕྱག་ལེན་མཉམ་པ། འདི་སྐབས་ཀྱང་ཕེབས་ལམ་བཀག་པས། ལྔ་བརྒྱ་ཐ་མའི་མེ་ལོང་


GLG008_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནང་རྟགས་ཀྱི་གཟུགས་བརྙན་མཐའ་དག་ཕྱི་རོལ་ཏུ་གསལ་ཏེ་ཕྱག་རྒྱ་བའི་ཆོས་ཀྱི་རང་ཚུགས་ཕྱི་མའི་ཆང་བུ་ལྟར་གྱུར་ཏོ། །དེ་ནས་ཐོན་སྡེ་དགོན་རྣམས་ཀྱིས། འབུལ་བ་ཞབས་ཏོག་བསྙེན་བཀུར་མཐའ་ཡས་པ་བྱུང་། སྡེ་པ་ཡབ་སྲས་ཀྱིས་ཐོག་དྲངས་པའི་མཆོག་དམན་གྱི་སྐྱེ་བོ་ཀུན་ཆོས་དང་ཟང་ཟིང་གི་སྒོ་ནས་རྫོགས་ལྡན་གྱི་དགའ་སྟོན་བསྐྲུན་པར་མཛད། འུ་ཡུག་བརྒྱུད་སྒར་པ་དམངས་སྐུ་མདུན་རིན་པོ་ཆེས་གཙོ་མཛད་དེ་ཆུ་ལྷོ་ཁར་བཏོན་ཆིབས་རགས་ཉུང་བསྡུས་ཤིག་ཟབ་བུ་ལུང་གི་གནས་མཇལ་ལ་ཕེབས། དེ་ནས་ཤངས་རི་བོ་དགེ་འཕེལ་གྱི་གནས་གཟིགས་མཛད། གདན་ས་འོག་རྩེ་གདོང་བླ་བྲང་ནས། དཔལ་ས་སྐྱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་ལེགས་བྱའི་ཇ་འདྲེན་རྒྱས་པར་བཏང་། ཆུ་ལྷོ་ཁར་བཏོན་ཏེ་དབེན་ས་དགོན་པར་ཕེབས། སྒྲུབ་སྡེ་ཕོ་མོ་རྣམས་ལ་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། བཀྲ་ཤིས་ལྷུན་པོར་ཕེབས་ཉིན། ཡོངས་རྫོགས་བསྟན་པའི་མངའ་བདག །པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་དབུ་གནང་། སློབ་དཔོན་རྣམ་པ་ཆེ་བགྲེས་སོགས་ཀྱིས་ཆིབས་བསུ་ལ་ཕེབས་ཏེ་ཞབས་ཐང་ལ་ཧྲོ་མེ་བཞུགས་པ་གཟིགས་པས། ཆིབས་ལས་བཤོལ་བ་གནང་བར། ལ་ལ་དག་བཤེས་གཉེན་བསྟེན་པའི་རྣམ་ཐར་དང་མཚུངས་པ་འདུག་ཅེས་བསྔགས་པ་བརྗོད། གཞན་ཕྱོགས་པ་རྣམས་ཀྱིས་འབྲས་སྤུངས་སྤྲུལ་སྐུ་དགེ་ལུགས་ཀྱི་བསྟན་པའི་བདག་པོ་ལྟ་བུ་ཡིན་ཟེར་བར། ཁོང་དཔོན་སློབ་ལ་ཆིབས་པ་འབེབས་པ་གནང་བ་ཞེས་ཉམས་མཚར་མཚར་བྱས་སྐད། དེའི་རྒྱུ་མཚན་ནི་ངོར་གྱི་མཁན་པོ་སོག་གདན་ས་གོང་འོག་


GLG008_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབུ་བླར་གྱུར་པའི་རིས་ལ་བདག་ཆེན་རིན་པོ་ཆེ་རྣམས་ཤིན་ཏུ་གུས་པ་ཡིན་འདུག་ཀྱང་། འཕྲལ་གྱི་སྣང་ཚུལ་དབུ་བླ་རྣམས་ཀྱིས་གདུང་བརྒྱུད་ཞལ་ངོར་ཕྱག་འབུལ་བ་སོགས་འཇམ་དབྱངས་འཁོན་གྱི་རིགས་སུ་འཁྲུངས་པ་རྣམས་འགྲན་གྱི་ཟླ་མེད་དུ་འཛིན་པར་གདའ། རིན་པོ་ཆེ་ལྷ་རྩེ་བར་འབྲུག་པ་ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོས་བཀའ་ཆོས་གསན་པའི་སྙན་གསན་ཕུལ་བར། རིན་པོ་ཆེས་ངེད་ཀྱིས་བཀའ་ཆོས་འབུལ་བ་མི་ཡོང་། ངེས་པར་འབུལ་དགོས་ན་ངེད་ལ་བླ་མའི་བཀུར་གཟོས་མི་བྱེད་པའི་དན་ཁ་དགོས་ཆོས་རྣམས་མཎྜལ་གྱི་ཚུལ་དུ་འབུལ་གསུང་བ་སོགས་ཀར་འབྲུག་ལ་ཡང་མིག་ལྟོས་དེ་འདྲ་ཞིག་ཡོད་སྣང་བས་དེ་ལ་དཔེ་བྱས་པར་འདུག །དགེ་འདུན་སྟོང་ཕྲག་ཏུ་ཉེ་བའི་སེར་སྦྲེངས་དང་བཅས་ཏེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས། སྤྱི་བླ་བྲང་ཕྱུག་པོ་ཁག་རྣམས་ཀྱིས་སོ་སོའི་གྲྭ་ཁང་དུ་གདན་དྲངས་ཏེ་བསྙེན་བཀུར་རྒྱ་ཆེར་བསྐྲུན། ཚོགས་སུ་མང་འགྱེད་དང་དཔོན་སློབ་པཎ་ཆེན་རིན་པོ་ཆེར་བརྒྱ་འབུལ་སོགས་སྐུ་སྐྱོས་ཀྱི་ཤངས་ལེན་རྒྱས་པར་མཛད། དར་བཞུགས་རང་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་བཀའ་དབང་བཀའ་ཆོས་ཀྱང་མང་དུ་གསན། དེ་སྔ་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱི་ཡུམ་དཔོན་ས་ཡར་རྒྱབ་མ་ཇོ་མཇལ་དང་གཉེན་ཕྲད་ལ་འབྱོན་པའི་ཞོར་དུ་འབྲས་སྤུངས་ཀྱི་གནས་མཇལ་མཛད་བཀའ་ཆོས་གསན་པས་ཐུགས་དད་ཁྱད་པར་ཅན་འཁྲུངས་པས། འདི་རེས་སྡེ་པ་བགྲེས་པ་རྣམས་ཇི་ལྟར་མཛད་ཀྱང་། དཔོན་ས་ཡུམ་སྲས་གཉིས་རང་གུས་འདུད་ལྷུར་ལེན་རྩིས་ལ། དཔོན་ས་སྐུ་ཚེས་མ་ཟིན་པར་བརྟེན། རྫོང་དུ་གདན་འདྲེན་མ་ཞུས་ཀྱང་། ཇ་


GLG008_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་དང་གཟན་མེ་ཤིང་གི་མཐུན་རྐྱེན་གང་ལེགས་མཛད། བཀྲ་ཤིས་ལྷུན་པོའི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས་བཞེངས་པའི་བྱམས་ཆེན་དང་། དཔལ་ལྡན་ལྷ་མོའི་སྐུ་སོགས་གནས་གཟིགས་རྣམས་གནང་བ་རང་གཞན་བརྗེ་ནུས་པའི་ཆོས་པ་ངོ་མཚར་ཅན་ཇོ་བོ་བཀའ་གདམས་པའི་སྡེ་དཔལ་སྣར་ཐང་དང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་ཞལ་སློབ་པཎ་ཆེན་བཟང་བཀྲས་པས་བཏབ་པའི་གངས་ཅན་ཆོས་འཕེལ་ཞེས་སྔར་རིག་སྔགས་འཆང་བའི་སྡེ། དུས་ཕྱིས་ཇོ་བོ་མཚན་ཉིད་པའི་གྲྭ་སར་སོང་བ་དེ་དང་། པཎ་གྲུབ་གསུམ་གྱི་དངོས་སློབ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ཞབས་ཀྱིས་བཅགས། གནས་དེ་དག་གི་སྐྱ་སེར་ཀུན་ལ་ཐར་པའི་ས་བོན་བསྐྲུན། བསྙེན་བཀུར་བ་དོན་དང་ལྡན་པར་མཛད། སྡེ་པ་སེར་མ་པས་ལྷུན་པོ་རྩེར་སྤྱན་དྲངས། བཞུགས་གྲལ་ཆེན་མོའི་ཉིན་གསོལ་སྡེར་ལྔ་བརྒྱ་ཙམ་བསྒྲིགས་པའི་ཞབས་ཏོག་རྒྱ་ཆེར་ཞུས། དེ་མཚུངས་ལྷུན་པོ་རྩེ་ཆོས་སྡེར་ཕེབས་ཏེ་ཚུལ་འབུལ་ཕར་གནང་འགྲན་བཟོད་པ་ལྟ་བུར་གྱུར། སྡེ་པ་རིན་ཆེན་རྩེ་པ་དང་སྲས་རྒྱུད་པ་མཆོད་ཡོན་གྱིས་གདན་དྲངས་རེ་བ་དོན་དང་ལྡན་པར་མཛད། དབུས་སུ་ཆིབས་ཁ་བསྒྱུར་བའི་ལམ་ནོར་དཔལ་འཁོར་བདེ་ཆེན་དུ་ཕེབས། དགེ་ལུགས་ཀྱི་གྲ་ཚང་ཁག་བདུན་གྱིས་བསྙེན་བཀུར་བཟང་འགྲན་ཞུས། གུར་པ་དང་རི་ལྡིང་པ་གཉིས་ཀྱིས་གར་འཆམས་ཀྱི་གཟིགས་མོ་རྒྱས་པར་ཕུལ། སྡེ་པ་རྒྱལ་རྩེ་བས་ཇ་འདྲེན་ཞུས། གནས་རྙིང་དུ་ཞབས་དྲུང་ངག་གི་དབང་པོ་ཁུ་དབོན་གྱིས་སྤྱན་དྲངས། རྒྱ་འཇམ་དཔལ་གསང་བའི་སྐུ་གདུང་བཞུགས་པའི་གསེར་གདུང་གིས་ཐོག་དྲངས་ཕྱི་ནང་གི་གནས་


GLG008_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་རྣམས་ཞིབ་པར་མཛད། གཙང་དུ་བཞུགས་རིང་སྡེ་པ་ཀརྨ་བསྟན་སྲུང་བ་སོགས་ཕྱོགས་ལྷུང་ཅན་མང་པོས་མི་གུས་པའི་རྣམ་འགྱུར་བྱུང་བར། ཐུགས་མ་རེངས་པས་རྒྱ་སྔགས་འཆང་ཆེན་པོའི་སྐུ་གདུང་གི་སྐུ་གཞོགས་སུ་བསྐང་གསོ་དང་། གཙང་པ་ཞལ་ངོ་རྣམས་ཀྱི་མཚན་ནས་སྨོས་པའི་བཞས་སྒྲ་མཛད་པར། གནས་རྙིང་ཞབས་དྲུང་ཐུགས་འཚབ་ནས། ཁྱེད་དཔོན་སློབ་དབུས་སུ་ཕེབས་པ་ལ་མ་ལྟོས་ནའང་། ངེད་ཚོ་ས་དོག་འདིར་སྡོད་དགོས་པས་དེ་འདྲ་མི་གནང་བཞུ་ཞེས་ཞུ་བ་ཕུལ། གནས་རྙིང་པ་སྡེ་དགོན་གྱིས་གུས་འདུད་དཔག་ཏུ་མེད་པ་མཛད་ཅིང་། ཕར་ལུགས་གཉིས་ཀྱི་བདག་རྐྱེན་ཚད་ལས་འདས་པ་གནང་། འབྲུག་ལུགས་ཀྱི་གདན་ས་ར་ལུང་དུ་ཕེབས། གདུང་བརྒྱུད་ངག་དབང་བསྟན་པའི་ཉི་མ་དང་དབོན་ངག་དབང་རྣམ་རྒྱལ་ཡབ་སྲས་ཀྱིས་གཞི་ལེན་རྒྱས་པར་བཏབ་ཆོས་རྗེ་སྐྲེ་ཆུང་འདི་ཞབས་དྲུང་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་གཏིང་ནས་མོས་པ་ཞིག་ཡོད་འདུག་པས། འདི་སྐབས་ཞབས་ཏོག་རྒྱ་ཆེར་ཞུས། ངེད་རང་ཕྱག་འབུལ་རྒྱུ་ཡིན་པས། ཚུར་བཟོས་གནང་མ་གནང་ལ་ལྟོས་པ་མེད་ཀྱང་། ཀར་ལུགས་ནང་འདི་ལོད་དྲགས་པའི་སྟབས་ཀྱིས། འབྲས་སྤུངས་སྤྲུལ་སྐུས་ལྡང་བ་ཙམ་ཡང་མ་མཛད་པར་ཁྱོད་ཀྱིས་ཕྱག་ཕུལ་ཞེས་ངེད་ཚོ་སྒར་པའི་ཁྱུ་ནས་བཏོན་ཡོད་ཞུས་པར། དྲུང་འཁོར་སྟོང་འུར་ཅན་འགའ་ཞིག་གིས། རྗེ་གོང་མའི་དུས་ཀྱི་གནམ་དཔངས་ཕར་བཞག་ཇིང་གིར་གྱི་རིགས་སུ་འཁྲུངས་པ་ཙམ་གྱིས་ཀྱང་ཁོང་ལ་ལྡང་བ་གནང་མི་ཐུབ་ཅེས་ཐག་བཅད་པས་སྐྲེ་བོ་དཔོན་སློབ་མཇལ་བའི་སྤྲོས་པ་དང་བྲལ། གླུ་མ་བླངས་པའི་གྲེ་བ་ཞིག་དེ་རུ་འཛེར་སྐད། སྔོན་དཔལ་ལྡན་ས་སྐྱ་པས་བོད་ཀྱི་བདག་མཛད་པའི་ཚེ། དཔའ་


GLG008_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་གྲགས་སྙན་ཅན་དཔོན་ཆེན་ཨག་ལེན་གྱི་བརྒྱུད་པ་འབྲོག་ཁྲི་དཔོན་པས་གུས་འདུད་ཞུས། མཁར་ནག་ལོ་ཙཱ་བས། ཕུར་བུ་ཤར་ཚེ་ཚེ་ལྡན་རྣམས། །གཡས་རུ་རུ་ལག་འཛིན་མའི་གཞིར། །གཙང་གི་ས་བདག་ཆེ་ཆུང་དང་། །ཆོས་སྡེ་སོ་སོས་སྤྱན་དྲངས་ཏེ། །ཡུལ་ཕྱོགས་རང་རང་གུས་མཆོད་བྱས། །ཐོག་མར་ཐོན་དང་རྒྱལ་བྱེད་ཚལ། །འུ་ཡུག་ཤངས་དང་ཟ་ཕུ་ལུང་། །དེ་དག་ཏུ་ཕེབས་ཀུན་གྱིས་མཆོད། །སྦྱིན་པ་རྣམ་བཞིས་ཚིམ་པར་མཛད། །དགེ་འཕེལ་གནས་གཟིགས་རྩེ་གདོང་དུ། །ས་སྐྱ་བདག་ཆེན་ཇ་ཞུས་དང་། །ལྷོ་ཁར་དབེན་ས་ཆོས་རྗེས་མཆོད། །དེ་ནས་བཀྲ་ཤིས་ལྷུན་པོར་ཕེབས། །ཆིབས་བསུ་དང་བཅས་སེར་སྦྲེངས་དང་། །བཀོད་པ་ཁྱད་པར་འཕགས་པས་མཆོད། །གནས་ལྔ་རིག་པའི་པཎྜི་ཏ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས། །རྒྱལ་བ་ཡབ་སྲས་ཉི་ཟླ་ཟུང་། །ཞལ་བརྒྱས་ཆོས་ཀྱི་བདུད་རྩི་དང་། །ལོངས་སྤྱོད་ཆེན་པོས་དགེ་འདུན་རྣམས། །ཚིམ་མཛད་སྐལ་བཟང་ཅི་ཡང་སྤེལ། །བསམ་གྲུབ་རྩེ་ནས་ཇ་ཞུས་དང་། །སྣར་ཐང་གངས་ཅན་ཆོས་འཕེལ་དང་། །གནས་དང་ཁྲོ་ཕུའི་བར་དུ་ཕེབས། །དེ་ནས་སྲད་རྒྱུད་རིན་ཅེན་རྩེ། །ལྷུན་རྩེ་གནས་རྙིང་འབྲོང་རྩེ་དང་། ལྕང་ར་དཔལ་འཁོར་བདེ་ཆེན་དུ། །སྤྱན་དྲངས་སེར་སྦྲེངས་གར་འཆམས་ཕུལ། །ར་ལུང་རྟེན་མཆོད་མཛད་པའི་ཚེ། །འབྲུག་པའི་གདུང་བརྒྱུད་ཡབ་སྲས་ཀྱིས། །བསྙེན་བཀུར་ཡར་འབྲོག་སྣ་དཀར་རྩེ། །མཆོད་ཅིང་། །ཞེས་སོ། ། རིམ་གྱིས་རྒྱལ་ཁབ་ཆེན་པོ་གོང་རི་དཀར་པོར་ཕེབས། དེའི་ཚེ་ཞྭ་དམར་མཆོག་གི་སྤྲུལ་སྐུ་གདན་ས་ཐེལ་དུ་བཞུགས། མཇལ་འཛོམ་གནང་ཐུབ་ན་བསྟན་པ་སྤྱི་སྒེར་དང་བོད་འབངས་ཀྱི་བདེ་ཐབས་ལ་རླབས་ཆེ་བའི་དགོངས་གཞི་ཁྱད་པར་


GLG008_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་བརྟེན། དཔོན་སློབ་གཉིས་ཀ་མཇལ་འཛོམ་གནང་བཞེད་པའི་སྐོར་ཡང་གི་སྐབས། དྲུང་འཁོར་རྣམས་ཀྱིས་རྗེ་གོང་མས་སྒར་པ་དང་མཇལ་བར་བཀུར་བཟོས་སོགས་ཚུལ་ལྡན་མ་བྱུང་། ད་སྒོས་ཀྱང་རྗེ་ཞྭ་དམར་བ་ཐུགས་གཡོ་ཆེས་པས་སྔར་དང་འདྲ། སྙན་སྒྲོན་ཕུལ་ཀྱང་གསན་རིས་མིན་པས། ངེད་རང་རྣམས་ཡར་ལོག་ཕྱིན་ན་མཇལ་འཛོམ་གནང་ཐབས་དང་བྲལ་འགྲོ་ཞེས་ལྡེ་ཆུང་བ་ནང་སོ་ཕུ་ལུང་པ་དང་། དྲུང་འཚོ་ཚེ་འཛིན་མ་གཏོགས་དྲུང་འཁོར་ངོ་མ་རྣམས་ཀྱིས་འབྲས་སྤུངས་སུ་ལོག་ཕྱིན་པས། །མཇལ་ཕྲད་ནི་སོས་ཐན་དུས་ཀྱི་སྤྲིན་པ་ལྟར་གྱུར། མཁར་ནག་ལོ་ཙཱ་བས། དེ་ནས་གོང་དཀར་དུ། །སྤྱན་དྲངས་མི་དབང་ཡབ་སྲས་དང་། །བཀའ་བགྲས་གར་དབང་སྤྲུལ་པའི་སྐུ། །མཇལ་འཛོམ་མཛད་ན་བོད་འབངས་སྤྱི། །བདེ་བར་དགོངས་པའི་གླེང་མོ་གནང་། །ཕན་པར་བཞེད་པའི་ལྷག་བསམ་ལ། །སྡིག་ཏོའི་ཕྱོགས་ཀྱིས་ལོག་པར་བཀག །ཅེས་སོ། །སྙན་གྲགས་བསིར་བུས་རིང་ནས་དྲངས་པ་ཡི། །ལྷུན་གྲུབ་འཕྲིན་ལས་མ་ལ་ཡ་ཡི་དྲིས། །དབུས་གཙང་འཛིན་མའི་ཁྱོན་ཀུན་ཡོངས་ཁྱབ་ཚེ། །རྒུད་པའི་ཚ་གདུང་མིང་གི་ལྷག་མར་བྱས། །གྲུ་འཛིན་རི་བོའི་སྤོ་ནས་པད་དཀར་འཆང་། །རིན་ཅེན་རྒྱན་གྱི་འཕྲེང་བ་རིང་དོར་ནས། །ངུར་སྨྲིག་གོས་ཀྱིས་ཀླུབས་ཏེ་དབྱིག་འཛིན་ལྟོར། །བསོད་ནམས་ཞིང་དུ་བྱོན་ལ་སུ་མི་དད། །མི་བསྲུན་བསམ་སྦྱོར་འཆང་བའི་ཕྱི་ནང་བགེགས། །རང་གཞན་དུ་མར་སྤྲུལ་པའི་འཁྲུལ་འཁོར་གྱིས། །ལྔ་བརྒྱའི་རང་མཚང་སྟོན་རྣམས་མགོན་ཁྱོད་ཀྱི། །སྐྱོན་མིན་ཟས་གཙང་སྲས་ལ་ལེགས་ཀར་བཞིན། །དེ་ནས་འབྲས་སྤུངས་སུ་ཕེབས། རེ་ཞིག་ཐུགས་དམ་ཟབ་མོའི་ཉམས་བཞེས་ལྷུར་མཛད་ཅིང་བཞུགས་པའི་སྐབས། ཕྱོགས་ཀྱི་གསེར་ཡིག་པ་དང་


GLG008_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་བར་འོངས་པ་འགའ་ཞིག་ལ་འདན་པ་འཚོ་བྱེད་དང་འོར་པ་ཆོས་མཛད་སོགས་ཀྱིས་སྒར་པའི་མཇལ་འཛོམ་གྱི་ཡིག་འཕྲུལ་འདྲ་ཡིན་འོང་སྙམ་ནས། བརྡུང་འཕྲོག་བྱས་ཏེ། ཕོ་བྲང་གི་ནང་དུ་རྒྱུ་འགྲུལ་བྱེད་པ་ལྷོ་བྲག་མར་པ་རྒྱ་གར་དུ་འབྱོན་པའི་ལམ་ལས་ཀྱང་བགྲོད་དཀའ་བ་བྱུང་། ར་བ་སྟོད་འཆད་ཉན་ལས་ཐོག་པ། ཁྲི་རིན་པོ་ཆེ་དཀོན་ཅོག་ཆོས་འཕེལ་གྱིས་མཇལ་བར་ཕེབས་པས། ཁོང་གཉིས་ཀྱིས་དབྱུག་པ་ཕྱར་ཏེ་བརྡེག་ཏུ་ཆས་པ་ན། ཁྲི་རིན་པོ་ཆེ་དེ་ཉིད་ཐུགས་དཀྱེལ་ཆེ་བས་ཞལ་མདངས་འགྱུར་བ་ཙམ་ཡང་མི་མཛད་པར་འཛུམ་གྱིས་བསུས་པས་ཐལ་མོ་ཡ་གཅིག་གི་དཔེར་སོང་། དུས་ཕྱིས་ཀྱང་མི་དེ་འདྲའི་རིས་འདུག་ཅེས་ཐུགས་ཁྲེལ་བའི་གསུང་འཕྲོས་ཡང་ཡང་གནང་། མཚོ་ཁ་ནས་དཔོན་པོ་ཁོ་ལོ་ཆེའི་སྲས། ལྷ་བཙུན་ཆེ་བ་དང་། སེ་ཆེན་ཐའི་ཇིས་གཙོས་པའི་འགྲུལ་པ་དང་དམག་དཔོན་ཆེ་བ་སླེབས། དེ་ཡང་ཤིང་སྦྲུལ་ལོ། ཕག་མོ་བ་དང་ཞོ་དཀར་ནག་སོགས་ཀྱིས་སྡེ་པ་སྐྱིད་ཤོད་པའི་སྒར་གཏོར། སྐྱིད་ཤོད་ཀྱི་དྲུང་འཁོར་མང་པོ་འཐབ་གྲལ་དུ་བཤོར་བའི་སྡེ་གཟར་ཤིན་ཏུ་ཚན་ཆེ་བ་ལངས། དེའི་རྩ་བ་ཡང་ཞྭ་དམར་བས་ལེགས་ཇའི་ཞུ་ཡིག་ཕུལ་བའི་ལན་བཞུ་ཁང་རབ་འབྱམས་པ་སོགས་ཀྱིས་ལོག་པར་བཏབ་པ་དེ་ལ། ཞྭ་དམར་བ་དང་དྲུང་ཡིག་འཇམ་དབྱངས་པ་སོགས་ཀྱིས་དགའ་ལྡན་ཕོ་བྲང་གི་དྲུང་འཁོར་རྣམས་ལ་ཡོན་ཏན་མེད་ཚུལ་གྱི་ངན་རྩོམ་ཁ་ཡར་ཞིག་དང་། རིང་པོར་མ་ལོན་པར་ཞྭ་དམར་བ་ལྷ་སར་ཕེབས་ཏེ། ཇོ་བོའི་སྙན་དར་གྱི་ཁ་ཡིག་ལ། གབ་ཚིག་ལ་བརྟེན་པའི་ངན་རྩོམ་གྱི་རྣམ་པ་མང་པོ་ཞིག་མཛད་པ་དེ་དཀོན་གཉེར་དབོན་ཕྱིས་འབྲས་སྤུངས་སུ་བསྐྱལ། དེའི་ནང་དུ། བྲག་ཏི་


GLG008_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གསུམ་གྱི་གྲོང་ཁྱེར་ན། ཁོང་ར་གན་ཚོགས་པའི་རུ་རྣོན་ཚོ། །རྗེ་ཆོས་དབྱིངས་རི་དྭགས་ཐང་བཞུགས་ལ། །རྭ་རྣོ་རྟུལ་འགྲན་པ་ཅི་རང་ཡིན། །དེ་མི་འབྱུང་བ་ཇོ་བོ་ཁྱེད་རང་གི་ཤེས། །ཞེས་སོགས་ལ་ཤེས་རབ་ཆེ་ཆེ་མོ་མང་པོས་འབྲུ་གཉེར་བར། བྲག་ཏི་ཞག་གསུམ་སེ་འབྲས་དགེ་གསུམ། དགེ་ལུགས་གཡག་དང་ཀར་ལུགས་སེང་གེ་ལ་སྦྱར། རྣ་བ་རྣ་ཡི་ཨ་ལོང་དེ། །སོར་ཕྱེད་ཀྱིས་འཇལ་རིན་མི་གདའ་ཡང་། །ནམ་ཞིག་ཁྱབ་འཇུག་གི་འདོམ་པས་ཀྱང་། །མི་འཁྱུད་པ་ཞིག་བྱུང་ན་ཅུག་རང་བྱེད། །ཅེས་པ་ཀར་དགེའི་ཀུན་སློང་ད་ལྟ་སོར་གྱིས་འཇལ་རྒྱུ་མེད་པ་ལྟ་བུའི་ཆུང་བ་དེ། ཕུགས་འཕེལ་ནས་ལྷ་ཁྱབ་འཇུག་གི་འདོམ་པས་ཀྱང་མི་འཁྱུད་པའི་དོན་དང་། མདོར་ན་སྙན་དར་གྱི་ཁ་ཡིག་མཐའ་དག་ལ་འབྲུ་རྒྱབ་ནས། རང་ཕྱོགས་ལ་དམིགས་མ་དམིགས་ཅི་ལྟར་ནའང་། ཡིན་པར་ངོས་བཟུང་སྟེ་གླེང་བརྗོད་མང་པོ་བྱས། དེའི་ལན་ལ། སོག་པོས་སྒར་པའི་རྟ་དྲེའུ་ཕྱགས་པས་བསྟན་འགྲོའི་ཕན་བདེ་འཇོམས་པའི་གཞི་ཆེན་པོ་ཐིངས་པ་ཡིན་ཟེར། སྔོན་རྗེ་ཆོས་གྲགས་རྒྱ་མཚོས། རིན་སྤུངས་དོན་ཡོད་རྡོ་རྗེ་བསྐུལ་ནས། གཞིས་ཀ་སྣེལ་པ་ཡུལ་བཏོན། ས་ནག་མར་དགོན་པ་བཏབ་སྟེ། སེར་འབྲས་རྣམས་རང་ཤུགས་ཀྱིས་བསྐམ་འགྲོ་རྩིས་ཀྱི་གནང་སྒོ་ལ་བརྟེན། ཀུན་སློང་ཆེན་པོར་སོང་བ་དག་རིམ་གྱིས་མི་གསལ་བར་གྱུར་པ་རི་མོ་རྙིང་པ་གབ་པའི་ཞིག་གསོས་ལྟ་བུར་སོང་། གང་ལྟར་སྡེ་གཟར་སྔོན་མའི་ལན་དུ་ཞི་དྲག་གང་འོས་བྱེད་པར་འོངས་པར། ཞབས་དྲུང་གཡུལ་རྒྱལ་ནོར་བུ་དང་། སྐུ་མདུན་རིན་པོ་ཆེ་སོགས་འཇིག་རྟེན་གྱི་མེས་པོ་རྣམས་ཐུགས་རྩེ་མཐུན་པར་ཞི་བའི་ལབ་ཁོན་མཛད་རྩིས་ཐོག་ཏུ་ཁེལ་ན། རང་གཞན་ཐམས་ཅད་ལ་ལེགས་པ་ཞིག་ཡོང་རྒྱུ་ཡིན་འདྲ་


GLG008_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། སྐྱིད་ཤོད་ཀྱི་སྡེ་པ་བསོད་ནམས་རྣམ་རྒྱལ་དང་འདན་པ་འཚོ་བྱེད་སོགས་མང་པོ་ཞིག་གིས་སྡེ་གཟར་བྱས་ན་ལེགས་པའི་གྲོས་ཤེད་ཀྱི་དབང་དུ་སོང་སྟེ། ཕར་རྒོལ་གྱི་དུས་ཟིང་བསླངས་པས། ཡར་གཙང་གི་དཔུང་ཆེན་པོ་སྐྱིད་ཤོད་ནོར་འཛིན་གྱི་ལྟེ་བར་འོངས། ས་ཆ་རྫོང་གཞིས་ཀྱི་བཅད་གྲས་དང་ཆད་ལས་བྱུང་། ཧོར་སོག་གི་དཔུང་ཆེན་པོ་དུས་མཐའི་རླུང་ལྟར་འཚུབ་པ་རྣམས་དྲག་པོ་མིག་གསུམ་པ་ཡང་འདར་ཞུམ་མེ་གཏོང་བའི་སྔགས་རྒན་རྣམས་ཀྱིས་སྐད་ཅིག་ལ་རང་ཡུལ་དུ་བསྐྲད། མཆོད་ཡོན་རྣམས་མཛད་དཀའ་བ་འགྱུར། དེ་ཡང་བཀའ་ཆེམས་སུ། གཉིས་སྐྱེས་ཀྱི་ཆ་ལུགས་མ་བླངས་པར། །འགུ་རུའི་ཚེ་དཔལ་རིང་བར་ལུས། །དཔལ་དེ་ཡི་ཕུན་ཚོགས་ཡིད་དབང་གི །དྲན་ཡུལ་དུ་གྱུར་པས་སྣང་པ་སྐྱོ། །ཞེས་པའི་དོན་བོད་དུ་ཕེབས་སྐབས་དབུ་སྐྲ་ལྕང་ལོ་ཅན་དང་སྐུ་ཆས་རབ་བྱུང་གི་རྟགས་སུ་ཡོད་འདུག་པ། ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་དབུ་སྐྲ་མ་ཞུས་ཕན་བཅད་ཁྱིམ་པའི་རྟགས་ཅན་དུ་ཡོད་ན་སྐུ་ཚེ་མཐར་ཕྱིན་ཅིང་མངའ་ཐང་ཆེ་བར་འོང་རྒྱུ་ལ་རྟེན་འབྲེལ་འཕྱུགས་པས། བསྟན་པའི་འཕེལ་འགྲིབ་དང་ཞམ་འབྲིང་བ་ལ་བརྟེན་པའི་གྲ་འགྲིག་མི་འགྲིག་སྣ་ཚོགས་འབྱུང་བའི་ལུང་བསྟན་དུ་མངོན་ནོ། ། རིང་པོར་མ་ལོན་པར་སེ་ར་ཐེག་པ་ཆེན་པོའི་གླིང་དུ་ཕེབས། ཚོགས་སུ་སྤྱི་ཆོས་གནང་བ་དང་བཅས་རྒྱུན་རིང་ཙམ་བཞུགས། དེ་སྐབས་ལམ་པ་རབ་འབྱམས་པ་བསོད་ནམས་གྲགས་པས། དཔོན་སློབ་པཎ་ཆེན་རིན་པོ་ཆེར་འཇིགས་བྱེད་ཀྱི་འཁྲུལ་འཁོར་སོགས་ཕྱག་ལེན་མང་དུ་ཞུས། དཔོན་སློབ་རིན་པོ་ཆེར་མ་བཞུགས་པ་ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོར་ཞུ་བར་ཕྱིན། ཇོ་ནང་སྤྲུལ་སྐུ་ལ་ཁོང་རང་གི་ཡབ་མེས་སོགས་


GLG008_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གཞན་ནས་བརྒྱུད་པའི་འཇིགས་བྱེད་ཀྱི་ཆོས་བཀའ་རེ་མང་ཡོད་འདྲ་ཞིང་། སྲད་རྒྱུད་པའི་མགོན་ཁང་གི་ཤིང་སྒམ་ཆུང་ངུ་ཞིག་ནས་རྙེད་པའི་གདམས་པ་ཟབ་ཟབ་མོ་འདྲའི་དཔེ་ཆ་འབྱོར་བ་རྒྱུན་མེད་ཀྱང་རྫོགས་པར་ཞུས། དཔོན་སློབ་པཎ་ཆེན་རིན་པོ་ཆེའི་ཕྱག་ཏུ་ཕུལ། འདི་སྐོར་གྱི་ལོ་རྒྱུས་ཁུངས་དག་གི་ཞིབ་ཆ། གུ་གེ་གྲུབ་ཆེན་སྙིང་སྟོབས་རྒྱ་མཚོ་དང་། ལྷ་པའི་ཞབས་དྲུང་སྐུ་སྐྱེ་བློ་བཟང་བསྟན་པ་དར་རྒྱས་སོགས་མང་པོ་ཞིག་གི་ངག་ནས་གླེང་ངོ་། ། དེ་ནས་དཔོན་སློབ་པཎ་ཆེན་རིན་པོ་ཆེའི་བཀའ་ཤོག་བཀའ་ངག་དང་བཅས་ཏེ་རབ་འབྱམས་པ་སྐུ་ཞབས་སུ་རྫོང་སྟ་གནང་བས་རང་བཞུགས་ཐོག་འབྱོར། ཞུ་དོན་སྙིང་པོ་ཡར་གཙང་སོགས་ཀྱིས་རང་ཕྱོགས་ཀྱི་བསྟན་པ་ལ་རྨ་ཆེན་པོ་བྱུང་བ་འདི་ལ། ངེད་རང་ལྟ་བུས་སྐུ་རིམ་གྱི་ཕྱག་གཡོག་ཞུ་དགོས་རྒྱུར། བསམ་གྲུབ་རྩེའི་ཁ་འོག་ཏུ་སོང་བས་བྱེད་མ་བདེ་བས། རབ་འབྱམས་པ་འདི་པས་ཕྱག་གཡོག་ཞུས་ནས། སྐུ་རིམ་གནང་དགོས་ཚུལ་གྱི་རྒྱུ་མཚན་ཞིབ་པར་ཡོད་འདུག །དེ་ནས་རབ་འབྱམས་བསོད་གྲགས་པས་མགོ་བྱས་ཏེ། ཐུགས་དམ་བསྐང་གསོ་རྣམས་ཀྱི་སྟེང་དུ་བཀའ་རབ་འབྱམས་ཁ་ཤས། སྐུ་གཞོགས་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པའི་གྲྭ་པ་རྒན་གྲྭ་ཁ་ཡར་དང་བཅས་ཁྱོན་གཅིག་ཏུ་འཚོགས་ནས་དྲུག་ཅུ་པ། ཡང་མགོན་རིན་པོ་ཆེ་དཔོན་སློབ་ཀྱིས་མགོན་པོ་ཕྱག་བཞི་པའི་སྒྲུབ་པ། གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་པའི་དབང་ཕྱུག །ཟུར་གྱི་སྔགས་འཆང་ཆེན་པོ་གཞོན་ནུ་དོན་གྲུབ། བྱར་པོ་སྔགས་འཆང་བ་རྣམས་ཀྱིས། མགོན་པོ་ཞལ་དང་། ཚེ་འཆར་གྱི་སྒྲུབ་པ་བཙུགས། སྒྲུབ་ཁག་མང་བས་གླིང་གསེབ་ཐམས་ཅད་རྔ་བརྡུང་འུར་ཆིལ་ལེ་བ་བྱུང་། དཀའ་བཅུ་ཨ་སྐྱག་ཟེར་


GLG008_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚན་ཉིད་པ་རྒན་པོ་ཞིག་གིས། སྟོན་པ་ཤཱཀྱ་ཐུབ་པས་བྱམས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བདུད་བཏུལ་བར་འདུག །འབྲོག་པ་ལྷ་གསོལ་འདྲ་བ་འདི་སུའི་ལུགས་ཡིན་ཞེས་ཟུར་ཟ་བ་བྱས་སྐད། སྒྲུབ་ཁག་སོ་སོས་གཏོར་ཟོར་འཕེན་པའི་ནུབ། དུས་མིན་དུ་རླུང་ཆེན་པོ་འཁྲུགས། གནམ་ས་རལ་བ་ལྟ་བུའི་འབྲུག་སྒྲ་དང་། དུས་ཀྱི་མེ་ལྕེ་འབབ་པ་ལྟ་བུའི་གློག་འཁྱུག་ཅིང་སེར་བ་དྲག་པོ་དང་བཅས་པོ་ཏ་ལའི་རྫོང་གི་ལྕགས་རི་ལ་འཁྱུག་བརྒྱབ་སྟེ། མངོན་བརྗོད་ཀྱི་ལྟས་འཕྲལ་དུ་བྱུང་། མཁར་ནག་ལོ་ཙཱ་བས། དེ་ནས་སེར་འབྲས་གདན་ས་ཆེར། །རེ་ཞིག་ཐུགས་དམ་ཟབ་བཞེས་མཛད། །མི་བསྲུན་སྐྱེ་བོའི་དམག་དཔུང་གིས། །དབུས་ཕྱོགས་སྲོག་ཆགས་སྡུག་བསྔལ་བར། །སྙིང་རྗེས་བསྐྱོད་པའི་སྔགས་ཁང་དུ། །འགལ་བྱེད་ལོ་ལ་གཏོར་ཟོར་གྱིས། །ཆོས་སྐྱོང་རྦད་པས་མུན་ཆེན་ནང་། །ལྷུན་སྟུག་སྤྲིན་འཁྲིགས་གློག་འཁྱུག་ཅིང་། །ནམ་མཁའ་རལ་འདྲའི་སྤྲིན་དབྱངས་དགོད། །ལྕེ་འབབ་སེར་ཞུན་འཕྱུར་བའི་རླབས། །རི་བོ་འདར་བའི་འུར་སྒྲ་ནི། །ཤིན་ཏུ་འཇིགས་པས་སྐྲག་བྱེད་པས། རིང་པོར་མ་ཐོགས་དགྲ་བོ་རྣམས། །ནང་ཞིག་སྡིག་པའི་ཚང་བཞིན་གྱུར། །དེ་སླད་འདྲེན་པ་འདི་ཡ་མཚན། །མཐུ་སྟོབས་ཆོས་ཀྱི་རྒྱ་མཚོར་གསོལ། །ཞེས་སོ། །དེ་ནས་འབྲས་སྤུངས་སུ་ཕེབས། སྔགས་ཁང་དུ་སྒྲུབ་པ་འཛུགས་པ་སོགས་སྐུ་རིམ་རྣམ་གྲངས་མང་དུ་མཛད། ཐང་ཅིག་དབྱངས་དཔོན་པས་དཔལ་ལྡན་ལྷ་མོ་དམག་ཟོར་མའི་གཏོར་སྒྲུབ་མཛད་དེ་ཟོར་འཕེན་པ་ལ་མངོན་དུ་ཕྱོགས་པ་ན། རབ་འབྱམས་པ་བསོད་ནམས་གྲགས་པ་དང་། བྲ་ཉི་རབ་འབྱམས་པ་རྣམས་ཀྱིས་ཕྲག་དོག་གིས་ཆོས་སྐྱོང་འདི་བཀའ་གཉན་པས་གཤགས་གཏོར་


GLG008_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལས་ཟོར་མི་འགབ་བར་ཆད་འོང་སྙན་འབུལ་ཞུས་པར་བརྟེན། ཐུགས་ཐེ་ཚོམ་དུ་གྱུར་ནས་གཏོར་ཟོར་འཕངས་པ་འགབ་མི་འགབ་ཀྱི་ཕེབས་སྒོ་གནང་བས་དབྱངས་དཔོན་པ་ཐུགས་འུར་ཏེ། ངས་ཆོས་སྐྱོང་འདིའི་མན་ངག་ཐམས་ཅད་རྗེ་གོང་མ་དང་བ་སོ་རྗེ་དྲུང་གི་སྐུ་གཞོགས་སུ་ཞུན་ཐར་བཅད། བསྙེན་སྒྲུབ་ཚད་དུ་འཁྱོལ་བར་བྱས། བཟླས་པ་རྐྱང་པ་ཡང་བྱ་བ་ལྷག་སོང་བ་ཡིན། དན་འབག་ཡས་སྣ་མས་སྣ་ལ་ཐེམ་པ་བཅོལ་ནས་སྡོད་དགོས་པའི་དུས་ཚོད་འདི་ལ་ལས་སྦྱོར་མི་བྱེད་ན་ག་ཙ་ན་བྱེད། ལོ་གསུམ་ཚུན་གྱི་སྐུ་ཁག་ངེད་རང་གིས་འཁུར། ཁོང་ཚོས་གཤགས་གཏོར་བྱེད་ཟེར་བའི་ཉ་མགོ་ཅི་ནོན། གཤགས་ན་གཤགས་ལུགས་གཙུག་བྱེད། གཏོར་ན་གཏོར་ལུགས་གཙུག་བྱེད་ཅེས་སོགས་མང་དུ་ཞུས་ནས་གཏོར་མ་འཕེན་པར་ཐག་བཅད། ཤོ་ལ་འདེབས་པ་དང་། བྱང་དམར་ལ་འཇུག་པའི་ལས་སྦྱོར་མཛད་པས། ཡར་གཙང་སྐུར་གསུམ་གྱི་ཞལ་ངོ་རྣམས་ཀྱི་མཚན་བྱང་གི་ཁྲོད་ནས། ཡར་རྒྱབ་ཞབས་དྲུང་བདུད་འདུལ་གྲགས་པའི་མཚན་ཐོག་མར་བོར་ཏེ་རྟགས་མངོན་སུམ་དུ་བྱུང་། དེ་སྐབས་མངོན་སྤྱོད་ཀྱི་ལས་སྦྱོར་རྣམ་གྲངས་ཧ་ཅང་མང་བས། རྗེའི་ཞལ་སྔ་ནས་སྟག་ལུང་བྲག་པ་དེ་ཐུགས་ཅུང་ཟད་མ་རེངས་པར། ཐོག་མར་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་ལ་གོ་རིམ་མ་ལོག་པར་ཁྲིད་ནས། རྡོ་རྗེ་ཐེག་པའི་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པའི་རིམ་པ་རྣམས་མཛད་དགོས་པ་ལ། སྐུ་ཡོན་གཞན་རྣམས་འབུལ་བའི་མགོ་བྲེས་ཙམ་ཡང་མ་དོད་པར། གཤིན་རྗེའི་འཁོར་ལོ་སོགས་དྲག་པོའི་ལས་སྦྱོར་ལ་བཙན་ཁྲིད་དུ་བྱེད་པ་འདི། དབེན་ས་རྗེ་དྲུང་གི་མཛད་ལུགས་ཐུགས་ལྷུས་མ་ཐིངས་གསུངས་སྐད། དགོས་པའི་དབང་གི་ལས་སྦྱོར་དེ་དག་གནང་དགོས་ངེས་


GLG008_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཚེ། རྡོ་རྗེ་སློབ་དཔོན་གྱི་གཙོ་བོ་དབྱངས་དཔོན་པར་མཛད་བཅུག་ན། ཁོང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། རྗེ་དྲུང་ལྷ་དབང་པ། བྱང་བདག་པོ་ཡབ་སྲས། ཆོས་རྗེ་དྭགས་མ་བ། སྡེ་པ་ཡུག་ནས་སོགས། སྔགས་འཆང་ཁ་ཡོད་ལག་ཡོད་མང་པོ་ལ་མན་ངག་གི་ཞུན་ཐར་བཅད་པའི་ཁུངས་ལྡན་ཡིན་ནའང་། ཁོང་དང་ཡང་དགོན་རིན་པོ་ཆེ་སོགས་དཔྱོད་ལྡན་རྣམས་མཛད་མ་བདེ་བས་རེག་ལ་མ་འབྱར་ལྟ་བུར་སོང་། རབ་འབྱམས་པ་ཤེས་རབ་ཆེ་ཡང་། རྟོ་གེ་བ་རྒན་པོའི་ཉམས་ཀྱི་རྩིང་ཧྲལ་དང་། ཁོང་རང་གི་རང་བཞིན་ལས་གྲུབ་པའི་ཧང་རྒྱག་ཟུང་དུ་འབྲེལ་བའི། མཐོང་བརྒྱུད་ཀྱི་ཕྱག་ལེན་ལ་མ་ལྟོས་པའི་རང་བཟོ་མང་པོ་བྱེད་ཡོད་འདུག་གོ །དེ་ཡང་དཔོན་སློབ་པཎ་ཆེན་རིན་པོ་ཆེར་བཀའ་ཆོས་ཐོག་མར་གསན་པའི་ཚེ། རྡོ་རྗེ་འཕྲེང་བའི་སྙན་གསན་གནང་བར། སྔ་སོར་ངེད་རང་གིས་འདི་ཡོངས་རྫོགས་ཞུ་མྱོང་བ་ཞིག་མེད་པས། སླར་རྩོལ་བ་དང་རྟོག་འཇུག་སོགས་བྱེད་ཁྱད་ནས་ལོ་ལྔ་དྲུག་ཞིག་གི་བར་འགྱངས་ཆ་ཞུས། དེ་ནས་འབུལ་ཐུབ་པ་བྱེད་གསུང་བའི་ཞལ་ལེན་གནང་། རབ་འབྱམས་པ་བསོད་ནམས་གྲགས་པ་ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོའི་དྲུང་དུ་རྡོ་རྗེ་འཕྲེང་བའི་དབང་ཞུ་བར་བཏང་བ་འདྲ་ཟེར། འགའ་ཞིག་ནི་བླ་མ་རིས་སུ་མ་བཅད་པའི་གསུམ་བཞི་ཞིག་ནས་ཁུ་བསྡུས་གསུང་བ་དངོས་སུ་ཐོས་ཞེས་གླེང་། གང་ལྟར་ལྕགས་ཕག་ནང་དུ་འབྲས་སྤུངས་སུ་ཕེབས་ཏེ། པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་བཞེངས་ནས་རྡོ་རྗེ་འཕྲེང་བའི་དབང་འབུལ་བ་གནང་། སྡེ་པ་སྣང་རྩེ་ནས་ཀྱིས་སྟོན་ཟེར་བའི་གསང་བའི་ལུང་བསྟན་དུ། ནུབ་ཕྱོགས་གཙང་གི་ཕྱོགས་ནས་དམགས་མཚོ་བརྡོལ། །གྲ་


GLG008_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དོལ་གཞུང་གསུམ་སྦྲང་མ་རླུང་ཁྱེར་འདྲ། །ཞེས་པའི་ལུང་བསྟན་ཐོག་ཏུ་བབས་ཏེ། དེ་ལོ་གཙང་ས་དཔོན་ཞང་ཐུགས་འདོད་མ་མཉམ་པར་བརྟེན། གཙང་དཔུང་གཏོས་ཆེ་བ་ཡར་རྒྱབ་ཏུ་འབྱོར། ཡར་རྒྱབ་པ་དཔོན་བློན་གསོལ་སྐལ་གྱི་སྟོང་དུ་བཞུགས་དགོས་པའི་གནས་གཤིས་ལ་བརྟེན། མཚན་མཐུ་སྟོབས་རྒྱ་མཚོ་ཞེས་བསྒྱུར། ལོ་འདི་བདག་གི་སྔ་ཕྱི་རྣམས་སུ་ལྷོ་བྱང་གི་འགྲུལ་པ་གཏོས་ཆེར་འོངས་ནས། བརྒྱ་འབུལ་སྟོང་འབུལ་གྲངས་ཀྱིས་མི་ཆོད་པ་ཕུལ། དེ་དག་ལ་སོ་སོར་འདོད་ཆོས་ཀྱི་རིམ་པ་གནང་། ཟང་ཟིང་གི་སྒོ་ནས་རེ་བ་བཀང་བ་སོགས། ལུགས་ཟུང་དང་འབྲེལ་བའི་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་བོ། །ཨེ་མ་དཔག་བསམ་ཡོངས་འདུའི་ལྗོན་པ་ལས། །འདོད་པའི་རེ་བ་མ་ལུས་ཡོངས་སྐོང་བ། །དངོས་པོའི་ངོ་བོ་ཙམ་གྱི་གཤིས་ལུགས་ལས། །ཕུལ་བྱུང་ཐུགས་རྗེ་ཆེན་པོས་བསྐུལ་བ་ཡིན། །རང་བདེའི་ཕུན་ཚོགས་འཆི་མེད་དགའ་ཚལ་ལས། །གཞན་ཕྱིར་མེ་འོབས་ལྟ་བུའི་འཁོར་བ་ལ། །དགའ་བར་སྤྱོད་འདི་འཕགས་ཆེན་དམ་པ་ཡི། །སྙིང་སྟོབས་མཆོག་ལས་གཞན་གྱི་སྤྱོད་ཡུལ་མིན། །འགྲོ་ལ་རྗེས་སུ་བརྩེ་བའི་སྙིང་རྗེའི་ལྷ། །མི་བསྲུན་དགྲ་ལ་ཁྲོས་པའི་སྒྱུ་དྲའི་གར། །བསྟན་ཚེ་གཞན་འཕྲུལ་གནས་ནས་འདོད་ལྷའི་བུ། །འཇིགས་ཏེ་ལུས་མེད་ཟོལ་གྱིས་རྫུ་ལ་བརྟེན། །གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ལྷ་སར་ཕེབས། ཚེ་དབང་བརྒྱ་རྩ་དང་ཡན་ལག་བརྒྱད་པའི་སྡོམ་པ་ཞུ་བའི་སྙན་གསན་བྱུང་བ།གནང་ཐུབ་ན་མཆོད་ཡོན་ཚང་མ་ལ་སླེབས་དཀྱུས་ཆེ་བ་ཡོང་རྒྱུ་ཡིན་འདྲ་ཡང་། རབ་འབྱམས་པ་བསོད་ནམས་གྲགས་པས། སྡེ་པ་གཙང་པ་བསྟན་དགྲ་ཡིན་པས་དེ་འདྲ་གནང་བ་མི་རིགས། མྱུར་དུ་


GLG008_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བ་ཡིན་ཞེས་བཀག །རྒྱལ་དུ་ཕེབས་པའི་ལམ་ཞོར་བསམ་ཡས་ཀྱི་གནས་གཟིགས་གནང་བ་ཞིག་ལ། བསྟན་སྲུང་གནོད་སྦྱིན་ཆེན་པོ་དང་དཔེ་དཀར་ལྕོག་ཏུ་མཇལ་བར། དགྱེས་པའི་རྣམ་འགྱུར་མང་དུ་མཛད། རྒྱལ་དུ་དགུན་ཁ་བཞུགས་པ་ཞིག་ལ། དབྱར་དུས་ལྟར་དྲོ་ཞིང་ཆུ་རྣམས་ཀྱང་ལྷུང་ལྷུང་སྙན་པའི་སྒྲ་སྒྲོག་ཅིང་འབབ་པ་བྱུང་བར། དབུ་མཛད་དབྱངས་དཔོན་ཡེ་ཤེས་རྒྱ་མཚོས་ད་ལོ་དགུན་ཤིན་ཏུ་དྲོ་བ་འདི་ཐུགས་རྗེའི་ཤུགས་ཡིན་པར་འདུག་ཞུས་པས། འདི་ཙམ་ལ་གནང་ཅི་ཡོད། དིང་སང་མཐའ་དམག་གིས་བོད་ལ་གནོད་པ་ཆེ་བ་ཡོང་གྲབས་བྱུང་རེས་ཀྱི་ཁ་གནོན་བྱས་པ་ཡིན། ད་དུང་ཡང་ངེད་ཁམས་བཟང་རིན་སོག་པོས་བོད་ལ་གནོད་པ་མི་ཡོང་། ཆོས་རྗེ་ཞྭ་དམར་བས། གྱོད་ཁ་སྨྲས་ཀྱི་ཕྲུག་གུ་མ་སྐྱེས་དགོས། །ཞེས་བཀའ་བཀྱོན་མཛད་བྱུང་ཡང་། དེའི་གནོད་ལན་དགོས་པ་མ་བྱས། ཨྱོན་པདྨ་ཡིན་བྱས་ན་ཁ་ཆེས། ཨྱོན་པད་འདྲ་ཙམ་ཡིན་བྱས་ཀྱང་ཆོག་པ་ཡོད་ཅེས་ཀྱལ་ཀ་གསུངས། ཐེངས་གཅིག་ལྷ་སའི་མཆོད་ཁང་མཇལ་སྐབས། ལྷ་རྗེ་དགེ་བ་འབུམ་གྱིས་གཙུག་ལག་ཁང་ལ་ཞབས་ཏོག་མཛད་པའི་གསུང་འཕྲོས་ཞིག་ལ་བརྟེན་ནས། ལར་འཁོར་བ་འདིར་ལན་མང་པོ་ཞིག་འཁོར་ཙ་ན། འདི་རུ་སྐྱེ་བ་མ་བླངས་ཞེས་མཐའ་མི་འདུག་གསུང་སྐད། སྡེ་པ་སྐུ་རབ་པ་གྲུབ་མཐའི་ཀུན་སློང་ལ་བརྟེན་པའི་ཐུགས་རུ་ང་ཞིང་ཕྲག་དོག་པས། བསྟན་པ་ལ་རེ་གནོད་བྱུང་བས་དེ་ལ་དམིགས་པའི་ལས་སྦྱོར་གནང་རེས་ཀྱིས། ཁོང་པ་རྫོང་གཞིས་གསར་དུ་ལོན་པ་སོགས་བསོད་ནམས་ཡར་འགྲོར་བྱུང་བ་ན། རབ་འབྱམས་པ་བསོད་ནམས་གྲགས་པས། སྐུ་རབ་པ་འདི་ཙཱ་རི་ཞིང་


GLG008_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་གིས་བསྐྱབས་པར་འདུག །ད་ཆ་ཐོག་མར་ཞིང་སྐྱོང་བསྒྲལ་དགོས་ཟེར་ནས་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་ཏུ་ལྡུགས་པ། རྒྱལ་དགའ་ཚལ་གྱི་མགོན་ཁང་པོ་ཏ་ལའི་ཆོས་འབྱུང་སྟེང་གི་མགོན་ཁང་དུ། རྗེ་གོང་མའི་དུས་བཙུགས་པའི་ཞིང་སྐྱོང་གི་གཏོར་མ་གཏོར་གྲལ་ནས་འདོན་པ་སོགས་རྩིང་སྤྱོད་སྣ་ཚོགས་པ་ཞིག་བྱས། རབ་འབྱམས་དང་། གཟིམས་ཁང་གོང་སྤྲུལ་པའི་སྐུ་གཉིས་སྦྱིན་སྲེག་ལྡུགས་མཁན་ཡིན་འདུག་པར། ཉིན་གཅིག་ཁོང་རྣམ་གཉིས་ཀྱིས་དགའ་ལྡན་ཕོ་བྲང་ནས་སྔགས་ཁང་དང་། གཟིམས་ཁང་གོང་དུ་དོན་གཅོད་ཅིག་ལ་བྱོན་པ། མཆོད་ཁང་གི་རྒྱབ་ནས་ཁོང་དཔོན་སློབ་གཉིས་ཀར་གཟིགས་པར། གཙུག་ལག་ཁང་གིས་པུ་ཤུ་ལ་སླེབ་ལ་ཁད་བྱས་པའི་མི་ནག་པོ་དར་ནག་གི་འཇོལ་བེར་གྱོན་པ་རྐང་ཐང་ཅན་རྟ་ནག་པོ་སྒ་སྲབ་སྤྲས་པ་ཞིག་གི་འཐུར་ཐག་ནས་བཟུང་སྟེ། བསྒུགས་ཤིག་ལྟ་བ་ཡིན་ནོ་ཟེར། དེའི་མོད་ལ་རང་ཡལ་དུ་སོང་། རིང་པོ་མ་ལོན་པར་སྤྲུལ་པའི་སྐུ་ལྷ་སར་གཤེགས་སྐབས། མི་ནག་རྟ་ནག་གི་ཆོ་འཕྲུལ་ཆེན་པོ་དང་། རབ་འབྱམས་པར་ཡང་རྗེས་སུ་གཙང་བའི་བཀའ་བཀྱོན་ཕོག་པ་སོགས། མེ་དང་སྨ་རའི་དཔེ་ཁོ་ན་བྱུང་། སྟོང་སྐོར་ཞབས་དྲུང་རྒྱལ་བ་རྒྱ་མཚོ། འཕགས་པ་ལྷའི་མཆོག་གི་སྤྲུལ་སྐུ་འཕགས་པ་ཆོས་ཀྱི་རྒྱལ་པོ། བ་སོ་སྤྲུལ་སྐུ། པད་མོ་སྤྲུལ་སྐུ། ཤེར་དབང་སྤྲུལ་སྐུ་སོགས་མདོ་སྟོད་མདོ་སྨད་དང་རྒྱ་སོག་གི་བླ་ཆེན་མང་པོ་ཕེབས། ཡུལ་བབས་དང་བསྟན་པའི་ཟང་ཟིང་གི་འབུལ་བ་གྲངས་མེད་པ་ཕུལ། ཆོས་དང་འཇིག་རྟེན་གྱི་རེ་བ་ཡོངས་སུ་བཀང་། འཕགས་པ་ལྷ་དང་། བ་སོ་སྤྲུལ་སྐུ་གཉིས་ཀྱི་གཙུག་ཕུད་བཞེས། རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་དབང་དང་། ཐམས་ཅདམཁྱེན་པ་དགེ་འདུན་རྒྱ་མཚོའི་བཀའ་


GLG008_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཐོར་བུའི་ལྗགས་ལུང་གནང་། བདེ་མོ་སྤྲུལ་པའི་སྐུས་ཐོག་མར་མཇལ་དུས། ཐམས་ཅད་མཁྱེན་པ་དེ་རབ་ཏུ་བྱུང་བ་ཞིག་ཡིན་པ་གཞིར་བཅས་ལ། དེ་ཉིད་ནི་ཁྱིམ་པ་གོས་དཀར་ཅན་ཞིག་སྣང་ཞེས་གསུངས་པས། ཉེ་འཁོར་བ་རྣམས་ཀྱིས།ཁྱེད་རང་སྤྱན་འཁྲུལ་བ་ཡིན་མོད།རབ་ཏུ་བྱུང་བའི་རྟག་ཁོ་ན་ཡིན་འདུག་ཅེས་སྨྲ་སྐད། ཐེངས་གཅིག་ནི་ལྷ་ཁྲོ་བོ་ཞིག་གི་རྣམ་པར་གཟིགས་གསུང་བ་དང་། ཉིན་གཅིག་དགའ་ལྡན་ཕོ་བྲང་གི་རབ་གསལ་དུ་བཞུགས་པའི་ཚེ། བདེ་མོ་སྤྲུལ་སྐུས་ཁོང་རང་གཅིག་པུར་ཤར་རྒྱག་ལ་བྱོན་པས། གསུམ་གདན་ཞིག་གི་སྟེང་ན། དིང་སང་འབྲི་ཆ་ལ་ཇི་ལྟར་འབྱུང་བ་ལྟར་གྱི་འབྲོམ་སྟོན་པའི་སྐུའི་རྣམ་པ་དང་། དེ་དང་ཞལ་སྤྲོད་ཀྱི་ཚུལ་དུ་མི་གང་ཙམ་གྱི་མཐོ་བར་ཇོ་བོ་ཨ་ཏི་ཤ་ཁྲུ་གང་བ་ཞིག་འོད་ཀྱི་དཀྱིལ་ན་སྒོ་རེ་བཞུགས་པ་མཐོང་བས། རེ་ཞིག་སྨྲ་མ་ཤེས་པར་ཧུར་རེ་ལུས། བཀའ་ལས་སྤྲུལ་པའི་སྐུ་དེར་བཞུགས་ཤིག་གསུངས་པ་ན། ཉམས་སྣང་དེ་འགགས་ཚར་འདུག །དེ་ནས་རྒྱུ་མཚན་དེ་ལྟར་བྱུང་ཞུས་པས། སྤྱན་འཁྲུལ་པ་ཡིན་ཞེས་ཞལ་གྱིས་མི་བཞེས་སྐད། རྒྱལ་དང་འོལ་ཁ་ཕྱོགས་སུ་ཕེབས། ཡུན་རིང་བར་བཞུགས་ཤིང་མཐོང་ཐོས་དྲན་རེག་གི་སྒོ་ནས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད། ཞབས་ཅུང་ཞིག་བསྙུན་པ་ལ་ཆབ་ཚན་གནང་། དེའི་ཚེ་སྐུ་མདུན་རིན་པོ་ཆེ་གཤེགས་པའི་གནས་ཚུལ་འབུལ་མི་སླེབས་པར། ཕྱག་མཛོད་བསོད་ནམས་རབ་བརྟན་ལ། དགོངས་རྫོགས་གཏོང་ལུགས་ཀྱི་བསླབ་སྟོན་དང་། ངེད་རང་རྐང་པའི་འཕྲོད་བསྟེན་གྲུབ་འཕྲལ་སླེབ་ཡོང་བཀའ་ཕེབས་གནང་། དགུང་ལོ་ཉེར་དྲུག་པ་ཤིང་སྟག་ཧོར་ཟླ་བཅུ་གཉིས་པའི་དུས་ཚེས་དགེ་བར་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་


GLG008_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་པས་མཁན་པོ་དང་། པཎ་ཆེན་བསོད་ནམས་གྲགས་པའི་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ལས་སྒོ་བ། གཞན་ཡང་གསང་སྟོན་དུས་བགོ་བ་སོགས་ལས་ཀྱི་ཁ་སྐོང་བའ་ིདགེ་འདུན་གྲངས་ཚང་བའི་དབུས་སུ། དར་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་ཚངས་པར་སྤྱོད་པའི་གཙོ་བོ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་ཏེ། ངུར་སྨྲིག་འཆང་བ་རྣམས་ཀྱི་རྒྱལ་མཚན་གྱི་ཏོག་དམ་པར་གྱུར། མཁར་ནག་ལོ་ཙཱ་བས། དེ་ནས་ཀུན་དགའི་གནམ་ལོ་ལ། །རྒྱལ་ཟླ་དྲག་ཚེས་འཕྲོོད་སྦྱོར་བཟང་། །དུས་དེར་དཔལ་ལྡན་འབྲས་སྤུངས་སུ། །པཎ་ཆེན་ཐམས་ཅད་མཁྱེན་པ་དང་། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ། །མཁན་སློབ་དགེ་འདུན་ཁ་སྐོང་བཅས། །ཉེས་མེད་ཕུན་ཚོགས་བསྙེན་པར་རྫོགས། །ཞེས་སོ། །དེ་ཡང་ཞལ་སྔ་ནས་ཁྲི་རིན་པོ་ཆེ་སངས་རྒྱས་རིན་ཅེན། ཁྲི་རིན་པོ་ཆེ་དགེ་འདུན་རྒྱལ་མཚན། ཞལ་སྔ་ནས་ཆོས་གཉེར་གྲགས་པ། དཔོན་སློབ་པཎ་ཆེན་རིན་པོ་ཆེ། གཟིམས་ཁང་གོང་སྤྲུལ་པའི་སྐུ། འོལ་ཁ་ནས་དྲུང་པ་མཁས་བཙུན་པ། རྗེ་ནོར་བུ་བ་སོགས་རང་ཕྱོགས་ངོས་ཀྱི་བླ་མ་མང་པོ་ལ་མདོ་སྔགས་ཀྱི་ཆོས་ཚུལ་ཇི་སྙེད་པ་གསན་དེ་ཡང་སྤྱིར་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ། འབྲོམ་ཆོས་ཀྱི་རྒྱལ་པོ་དང་། རྗེ་བཙུན་མི་ལ་གཉིས་ཀྱི་རྣམ་པར་ཐར་པ་ལ་འགྲན་བཟོད་པའི། ཐ་ན་བཞད་གད་དང་ཀུ་རེ་ཙམ་གྱི་ཕྱིར་དུ་ཡང་མི་གུས་པའི་རྣམ་འགྱུར་ཡེ་མི་མཛད། རྗེ་ཞལ་སྔ་ནས་སངས་རྒྱས་རིན་ཅེན་གྱི་སྐུ་གདུང་ཞུགས་སུ་ཕུལ་བ། སྐུའི་སྟོད་ཀྱི་ཆ་ཆེར་མ་ཚིག་པའི་འཕྲལ་དུ་ལྟ་སྣང་ལེགས་རྒྱུ་མེད་པ་ཞིག་སྤྱན་འབེབས་ལ་ཁྱེར་ཡོངས་པ། དེར་འཁོར་མང་པོ་ཞིག་གིས་ཡ་ང་བའི་རྣམ་པ་བྱེད་པ་ལ། རྗེ་འདིས་ཕྱག་ཏུ་བཞེས་ཤིང་


GLG008_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཐོག་ཏུ་ཡུན་རིང་པོའི་བར་དུ་བཞག་ནས་སྨོན་ལམ་འདེབས་པ་གནང་། འོལ་ཁའི་དྲུང་པ་མཁས་བཙུན་པ་དེ། སྡེ་པ་འོལ་ཁ་པའི་མཆོད་གནས་དགོན་སྦུག་གི་བླ་ཆུང་ཡིན་ཀྱང་། ཁོང་པ་ལ་བཞུགས་གདན་མཉམ་པ་ཙམ་འདིང་ཞིང་གསོལ་ཇ་སོགས་སྔོན་ལ་བཞེས་སུ་བཅུག །དཔོན་སློབ་པཎ་ཆེན་རིན་པོ་ཆེ་དང་། གཟིམས་ཁང་གོང་སྤྲུལ་པའི་སྐུ་གཉིས་ལ་བཀུར་བཟོས་ཆེས་པས། དྲུང་འཁོར་རྙིང་པ་རྣམས་བཀའ་ཆོས་གསན་ཡང་འདི་འདྲ་རང་མི་རིགས་སྔར་ནས་སྲོལ་མེད་ཅེས་མ་རེངས་པ་ཆེན་པོ་བྱས། སྟོང་སྐོར་ཞབས་དྲུང་འཇམ་དབྱངས་རྒྱ་མཚོ་མཇལ་པར་བྱོན་དུས། ཐོག་མར་ཐམས་ཅད་མཁྱེན་པ་མ་གཏོགས་གཞན་ལ་མི་འདུད་པས། པཎ་ཆེན་རིན་པོ་ཆེར་ཕྱག་མི་འབུལ། སླར་བསྙེན་རྫོགས་སོགས་གསུང་ཆོས་ཞུ་རྒྱུ་ཡིན་པས་དེ་སྐབས་སྐྱག་བཀུར་ཞུ་རྒྱུ་ཡིན་ཚུལ་མགྲོན་གཉེར་རྒྱ་ཡགས་པ་བརྒྱུད་སྙན་དུ་ཕུལ་བར་མ་དགྱེས་པའི་བསྐོར་སྦྱངས་ཡན་གསུམ་གནང་སྟེ། ཕྱག་འཕྲལ་དུ་འབུལ་བཅུག་པར་ཡང་། དྲུང་འཁོར་རྣམས་ཀྱིས་སྟོང་སྐོར་བ་བདེན་ཞེས་གླེངས་འདུག་ཀྱང་། བཤེས་གཉེན་བསྟེན་ཚུལ་ལ་དགོངས་པར་མངོན། དེ་ཡང་ཁེངས་དྲེགས་ཁོན་འཛིན་གཡོ་རྒྱུ་སོགས། ཚུལ་མིན་གྱི་སྤྱོད་པས་མ་གོས་ཤིང་། ངོ་ཚ་ཤེས་ཤིང་བག་དང་ལྡན་པ། དྲང་ཞིང་གཞན་མགུ་བའི་ཐབས་ཚུལ་ལྷུར་མཛད་པའི་རྒྱལ་བའི་སྲས་ཀྱི་རྣམ་པར་ཐར་པ་འདི་ནི་མཁས་པ་རྣམས་མགུ་བ་བསྐྱེད་པའི་གནས་ཡིན་ལ། དེང་དུས་ཀྱི་སྐྱེ་བོ་ཕལ་ཆེ་བ་རྣམས་ཚུལ་དེའི་ལྡོག་ཕྱོགས་ཁོ་ན་ཉམས་སུ་བསྟར། ཕན་བཏགས་ན་ཆོག་མི་ཤེས་པར་གཅིག་བྱུང་ན་བརྒྱ་སྟོང་ལོང་དུ་རེ། བྱང་ཁོག་གི་ལྷ་ཁང་དུ་གློ་བའི་གྲོགས་པོ་པདྨ་ཁ་ཟུམ་པའི་ནང་དུ་བུང་བ་ཆུད་པ་ལྟ་བུར་གཡོ་བའི་བྱེད་པ་པོ་


GLG008_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ནི། གནོད་པ་མ་བྱས་པའམ་ལྟ་ཕྱོགས་ལེགས་པ་ཙམ་རེ་ལའང་མགུ་བ་ལྷུར་བྱེད་པར་སྣང་མོད། དེ་ལྟ་བུའི་ལྔ་བརྒྱ་མཐའ་མའི་ངང་ཚུལ་དང་ལྡན་པའི་སྐྱེས་བུ་མང་པོས། བྱས་པ་དྲིན་དུ་མི་གཟོ་བའི་སྒོ་ནས་ཐུགས་སུན་ཕྱུང་བ་བྱུང་ནའང་། འཕགས་ཆེན་དམ་པ་རྣམས་ནི། ཚུལ་དེ་ལྟ་བུའི་སྐྱེ་བོ་ལ་ལྷག་པར་རྗེས་སུ་བརྩེ་ཞིང་། སྙིང་སྟོབས་ཆེན་པོས་སྡུག་བསྔལ་མཐའ་དག་དང་དུ་ལེན་པ་ལ་རྣམ་པར་དཔའ་བ་ནི་ཆོས་ཉིད་ཡིན་ལ། གཞན་དག་རྣམས་ཚུལ་ངན་པར་སྤྱོད་པའང་ཤིན་ཏུ་བདེན་ཏེ། ཙཱུ་ཏའི་ཡུལ་དུ་སྐྱེས་ཕྱིན་ཆད་རྐང་པ་གཉིས་མི་འབྱུང་བ་ནི་རང་གི་རང་བཞིན་ཅན་ནོ། ། བོད་འདིར་དགྲ་གདོང་འཇིགས་གསུམ་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ། འཇིག་རྟེན་གྱི་མིག་གཅིག་པུ་རྗེ་བཙུན་རྭ་ཆེན་ཞབས་ཀྱི་པུར་རིལ་པོར་ནང་རྟེན་ལ་བཞུགས་ཤིང་། འཇིམ་པ་འཐེབ་སྐྱུ་རེ་ལ་རྒྱལ་བ་བཙོང་ཁ་པ་ཆེན་པོའི་རྫུ་འཕྲུལ་གྱིས་ཡ་མ་རཱ་ཛ་སྟོང་ཕྲག་རེ་བཟླས་ཏེ་ལྗགས་ཆབ་མཛད་པའི་སྐུ་བརྙན་བྱིན་རླབས་ཅན་དེའི་དྲུང་དུ། བཟླས་བརྗོད་ཀྱི་རིམ་པ་བགྲང་བ་ལས་འདས་པ་གནང་ཞིང་། སྤྱིར་དམ་པ་རྣམས་ནི། གདུལ་བྱའི་ངོར། མཁས་པ་དང་། གྲུབ་པ་དང་། བཙུན་པ་དང་། བཟང་བ་སོགས། སྣ་ཚོགས་སུ་སྟོན་པ་ལས། སྐུ་ཚེ་འདི་ལ་གཙོ་བོར་སྒྲུབ་པ་ཉམས་ལེན་གྱི་རིམ་པ་ལ་ཐུགས་གཞོལ་བ་ཞིག་གོ །བདེ་ཆེན་རྩེར་བཞུགས་པ་ཞིག་ལ། སྡེ་པའི་གཟིམས་ཆུང་ཤིང་རྩི་སོགས་ལེགས་ཤོས་དེ་ག་བཞུགས་མེ་གནང་པས། སྡེ་པས་བཞུགས་མེ་གཟིམས་ཆུང་ཤིང་རྩི་མེད་པ་འདིར་གནང་བ་ཞུ་ཞུས་པས། བཀའ་ལས་དེ་འདྲ་མི་དགོས། རྫོང་གཞིས་འདི་རྣམས་བདག་སུས་བྱེད་དང་བེད་སུས་སྤྱོད་མི་ཤེས་པས་གཙིགས་བྱས་ཞན་འདྲ་གསུངས་པར། ཐམས་ཅད་སྐུ་རྩད་ལྟ་བུར་གོ་ཡང་། རིང་པོར་མ་ལོན་པར་བདེ་


GLG008_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བྲག་དཀར་སོགས་སྡེ་སྲིད་གཙང་པར་ཤོར་བས། ཀུན་ཡིད་ཆེས་ཀྱི་གནས་སུ་གྱུར། འབྲས་སྤུངས་སུ། ལས་བྱེད་པས་ཇ་སྣེལ་པོ་ཞིག་གི་སྐོར་ལ་རྩེག་རྩེག་བྱས་པས། དངོས་པོ་མང་པོ་ཞིག་བཞུགས་མེའི་ནང་དུ་འདེབས་པ་གནང་བར། ཞབས་འབྲིང་བ་མང་པོས་ལྐོག་ཏུ། གནང་སྒོ་འདི་འདྲ་སྨྱོ་སྤྱོད་དང་ཁྱད་པར་མི་འདུག་ཅེས་སྐུར་པ་སྣ་ཚོགས་ཤིག་བཏབ། དེ་ཡང་སྐྱེ་བོ་དེ་དག་རྣམས་ཟང་ཟིང་གི་དངོས་པོ་ཕྲ་མོ་ཙམ་ལ་ཡང་། མིག་གི་འབྲས་བུ་ལྟར་གཅེས་པར་བཟུང་ནས། སྣོད་བརྒྱ་སྟོང་མང་པོ་གཅིག་ནང་དུ་གཅིག་བཅུག་པའི་ཕུགས་སུ། རྒྱས་བཏབ་སྟེ་ཅུང་ཟད་ཙམ་ཆུད་འཛའ་བར་གྱུར་ནའང་། ཐུགས་རྣམ་པར་སྲེད་པའི་པདྨ་སེར་སྣའི་མཚོ་ནང་དུ་འདར་བའི་ངང་ཚུལ་དེ། བྱང་ཆུབ་སེམས་དཔའ་སྲིད་འབྱོར་ཐམས་ཅད་ཆུ་ཤིང་ལྟར་གཟིགས་པ་རྣམས་ལ་རྒྱས་བཀབ་པར་འདུག །དེ་ནི་མྱུར་དུ་གཞན་དོན་དུ་གཤེགས་པ་དང་། གྲྭ་ས་ཕན་ཚུན་ལ་མི་རྟག་པའི་ངང་ཚུལ་འབྱུང་བའི་བརྡ་ཆོས་དེ་གཞན་གྱིས་མ་གོ་བར་སྣང་། དེ་ཡང་ཕྱག་མཛོད་གུ་ཤྲི་ཆེན་པོའི་རྗེས་སུ་རྗེ་གོང་མའི་དབོན་པོ་རྩེ་ཁ་ནས་ཆོས་རྗེ་སོགས་ཕྱག་མཛོད་ཁུར་ལེན་པ་ཁ་ཡར་བྱུང་བ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་མགུར་ལས། བླ་མའི་ཞབས་འབྲིང་ཉེ་གནས་ཕལ་མོ་ཆེ། །དཀོར་གྱིས་ཚིག་ནས་ལས་འབྲས་ཁྱད་དུ་གསོད། །ཡུན་དུ་འགྲོགས་པས་སྐྱོན་མཐོང་དད་པ་འགྲིབ། །ཅེས་གསུངས་པའི་དོན་དང་། རྗེ་བཙུན་མི་ལས། དད་པ་ཅན་གྱི་དད་རྫས་འདི། ས་ལ་བརྒྱབ་ན་ས་འགས། རྡོ་ལ་བརྒྱབ་ན་རྡོ་འགས་ཞེས་པ་ལྟར། གང་གི་འཕྲིན་ལས་ཀྱི་ཆ་ཤས་ལས་ཉེ་བར་གྲུབ་པའི་བདོག་པ་མང་པོར་ལོངས་སུ་སྤྱད་པའི་མེ་ལྕེས། ལུས་ངག་ཡིད་གསུམ་གྱི་ལྗོན་པ་རྣམ་པར་ཚིག་པས། ཚུལ་མིན་


GLG008_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བྱེད་ཀྱི་སོལ་བའི་མགལ་དུམ་ཆེས་ཆེར་སྤུངས་པ་མང་པོ་ཞིག་གིས། ཞབས་ཕྱིར་མི་འགྱུར་པའི་སྤྱོད་པ་མང་དུ་བྱས་ནའང་། རྒྱལ་པོ་དགེ་སྟོན། སྡིག་སྟོན་ལ་བརྩེ་བའི་ལོ་རྒྱུས་དང་། དེ་བཞིན་གཤེགས་པས། སྒྲ་གཅན་འཛིན་དང་ལྷས་བྱིན་གཉིས་ལ་ཉེ་རིང་མེད་ཅེས་བདེན་ཚིག་མཛད་པས། ལྷས་བྱིན་མ་བཞུ་བའི་ནད་ལས་གྲོལ་བ་སོགས་མདོ་ལས་བྱུང་བའི་གཏམ་རྒྱུད་ཀྱི་དོན་དང་མཚུངས་པས། དེ་དག་ལ་ལྷག་པར་བརྩེ་ཞིང་ཤིན་ཏུ་མ་རུངས་པ་འཇམ་པ་གསུམ་གྱིས་འདུལ་བར་མི་ནུས་པ་འགའ་ཞིག་ནི། རྒྱབ་རྩ་བྱེད་མཁན་དང་བཅས་པ་མཐའ་དག་ལ། མངོན་སྤྱོད་ཀྱི་ལས་སྦྱོར་གྱི་སྒོ་ནས་ཚར་གཅོད་པར་མཛད་དོ། །སྟོང་སྐོར་སྤྲུལ་སྐུ་འཇམ་དབྱངས་རྒྱ་མཚོས་གཙོས་པའི་སོག་ཡུལ་གྱི་འགྲུལ་པ་གཏོས་ཆེན་པོ་སླེབས། ཡོས་ལོའི་སྨོན་ལམ་ལ་ཟང་ཟིང་གི་ལོངས་སྤྱོད་གནོད་སྦྱིན་གྱི་ཡུལ་དུ་སླེབས་པ་དང་འདྲ་བར་གྱུར། མང་འགྱེད་དང་འབུལ་བ་རྣམ་གྲངས་མང་ཞིང་གྱ་ནོམ་པས། གྲྭ་ཚོགས་དང་བླ་ཚོགས་ཀྱང་ངང་གིས་འཕེལ། ཇ་སྣེལ་པོ་མང་ཉུང་གི་གླེང་བརྗོད་སྐོར་ལམ་གྱི་ཁྱོན་ཐམས་ཅད་དར་དིར་དུ་སོང་། འོན་ཀྱང་དེ་ལོ་ཚེ་འདི་བློས་བཏང་ནས་གཡའ་དང་གངས་ཀྱི་མཚམས་སུ་གཅིག་པུར་སྒྲུབ་པ་མཛད་པའི་རྣལ་འབྱོར་པ་མངའ་རིས་གྲུབ་ཆེན་བརྩོན་འགྲུས་སྙིང་པོར་རྙེད་པ་རྣམས་ནས་རྩམ་དུ་བསྒྲིལ་ནས་ཚོགས་ཆེན་དུ་བསྙེན་བཀུར་བ་སོགས་ཀྱི་ཕྱིར་དུ་བྱོན་པ། འབྲུམ་ནད་ཀྱིས་ལྷ་སར་གཤེགས་པ་དང་། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་པོ་འབྲུམ་པ་དང་ཞིང་སྐྱོང་གི་གནོད་འཚེར་དོགས་པ་གཉིས་བསྡོངས་ནས་གཤེགས་པར་བརྟེན། སྨིན་ལམ་གྱི་སྒང་ཙམ་ནས་ཚོགས་དབུར་པཎ་ཆེན་རིན་པོ་ཆེ་བཞུགས་སུ་བཅུག །དཔོན་སློབ་བྱིངས་འབྲས་སྤུངས་སུ་ལོག་ཕེབས། མེ་འབྲུག་


GLG008_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་གསུམ་པའི་ནང་དུ། རྒྱ་ནག་གོང་མ་རྒྱལ་པོ་ཝུན་ཤུ་ཝང་སྟེ་ཏའི་ཝང་གིས་བླ་མ་བསོད་ནམས་བློ་གྲོས་སོགས་རྒྱ་མི་མང་པོ་མངགས། ཁྱབ་བདག་རྡོ་རྗེའི་སངས་རྒྱས་ཀྱི་ལས་ཀ་དང་ལས་ཞྭ་ལས་གོས་ཐམ་ཀ་ཕུལ། འབྲས་སྤུངས་སུ་རྒྱ་སྤྱི་ཁང་དུ་གདན་དྲངས་ཏེ། འབུལ་བ་དང་། རྩེད་སྣ་ཡ་མཚན་པ་མང་པོ་བྱས། རྒྱ་ནག་ཏུ་ཕེབས་དགོས་པའི་སྙན་གསན་ཕུལ། རྟེན་འབྲེལ་གྱི་སྒོ་ནས་ཞལ་བཞེས་མཛད། བླ་མ་བསོད་ནམས་བློ་གྲོས་ཀྱིས་རྒྱ་ཡུལ་དུ་བཞེངས་པའི་ལྷ་ཁང་ལ། དགའ་ལྡན་ཕོ་བྲང་གི་རྩེ་ནས་ཞལ་དེ་ཕྱོགས་སུ་གཟིགས་ཏེ་ཕྱག་ནས་གཏོར་བས། མཆོད་ཁང་གི་ཕྱི་ནང་ཐམས་ཅད་དུ་ནས་འཕྱག་རྒྱུ་ཡོད་པ་བྱུང་ཞིང་། རྟེན་འགའ་ཞིག་གི་ཐུགས་ཀར་མེ་ཏོག་དངོས་སུ་བཟུང་བ་སོགས། བློའི་ར་བ་ལས་འགོངས་པའི་རྫུ་འཕྲུལ་གྱི་བཀོད་པ་རྒྱ་ཆེན་པོ་བསྟན། གསང་ཡིབ་ཆབ་ཚན་ལ་ཕེབས་པའི་ཚེ་རྡོ་ལ་ཞབས་རྗེས་གསལ་བར་བྱུང་། མཁར་ནག་ལོ་ཙཱ་བས། སྟོང་སྐོར་སྤྲུལ་པའི་སྐུ་ལ་སོགས། །སོག་འགྲུལ་མང་པོས་ཡང་དག་མཆོད། །མེ་འབྲུག་ཤར་ཚེ་ཤར་ཕྱོགས་ནས། །ནག་པའི་ཟླ་བར་རྒྱ་ནག་གི །བཀྲ་ཤིས་ཁྲི་སྒོའི་ཁྲི་ཐོག་པ། འུན་ཤུ་ཝང་སྟེ་ཏ་ཡི་ཝང་། །རྒྱ་ལ་དབང་བྱེད་དབང་ལིའི་འཁོར། །རྒྱ་མི་མཆོད་རྫས་ཐོགས་པ་དང་། །རྒྱ་མི་བླ་མ་སློབ་དཔོན་རྣམས། །རྒྱ་མཚོའི་གོས་ཅན་སྟེང་འདི་ན། །རྒྱ་ཆེན་མཆོད་པར་རབ་ཏུ་བཤམས། །རྒྱ་ཡི་ལས་ཞྭ་ཞུ་ཐོར་བཅས། །རྒྱ་ནག་ཕྱོགས་ལ་ཕེབས་དགོས་ཞེས། །རྒྱ་བསྐྱེད་ཞུ་བ་ནན་ཏན་བཅས། །རྒྱ་ཕུབས་ཅན་གྱི་གཙུག་ལག་ཁང་། །རྒྱ་གར་ནས་བྱོན་རྟེན་རྣམས་ལ། །མཆོད་པས་ཕྱག་ནས་དངོས་སུ་བཟུང་། །དེ་ལ་རིང་བསྲེལ་མང་དུ་བྱོན། །ཞིང་བརྗེ་མྱ་ངན་འདའ་བའི་བརྡ། །དེ་བཞིན་གསང་ཡིབ་ཆབ་ཚན་ཁར། །རྡོ་ལ་ཞབས་རྗེས་


GLG008_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་སླར། །སེ་ར་འབྲས་སྤུངས་ཆོས་སྡེར་ཕེབས། །ཞེས་སོ། །དེ་ཡང་མཁྱེན་བརྩེ་ནུས་གསུམ་གྱི་མཛད་པའི་ཆ་ནས། འཕགས་པ་རིགས་གསུམ་གྱི་མགོན་པོའི་ཡོན་ཏན་མཐའ་དག་ཚང་བར་མངའ་བ་སྟེ། རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་གང་ལ་ཡང་། དཀའ་ཚེགས་ལ་མ་ལྟོས་པར་བརྡ་ཙམ་བསྟན་པས་མཁྱེན། འགྲོ་བ་སྡུག་བསྔལ་གྱིས་གཟིར་བ་དག་ལ་ཕན་པར་འགྱུར་ན། རང་གི་བདེ་བ་གཏོང་བ་ལ་ཅུང་ཟད་ཙམ་ཡང་ཉམ་ང་བ་མི་མཛད། གཞན་གྱིས་སློང་ན་དངོས་པོ་རིན་ཐང་ཆེ་ཆུང་ལ་མ་ལྟོས་པ་དང་། ན་བཟའ་ཞལ་དཀར་སོགས་ཕྱག་ཐོགས་ཡོད་པ་ཞིག་ཀྱང་ཐེ་ཚོམ་མེད་པར་གནང་བའི་ནི་རྒྱལ་པོ་ཐམས་ཅད་སྒྲོལ་གྱི་ཁེངས་པ་འཕྲོག་ནུས། གནས་སྐབས་སུ་ཐུགས་ཆུང་བ་ལྟར་སྟོན་ཡང་། དོན་དུ་གང་ལ་ཡང་འཇིགས་པ་མེད་པར་སེང་གེ་ལྟ་བུ་སྟེ། དུས་དེར་སྐྱིད་ཤོད་ཀྱི་ལུང་པ་ཐམས་ཅད་སྡེ་སྲིད་གཙང་པའི་མངའ་འོག་ཏུ་ཆུད་པ་སོགས་མདོར་ན་དབུས་གཙང་ཕལ་ཆེར་ལ་ལུང་བསྒྱུར་བར་བརྟེན། གངས་ཅན་གྱི་ལྗོངས་འདིའི་སྟོབས་འབྱོར་གྱིས་དྲེགས་པའི་ཆེ་ཆེ་མོར་རློམ་པ་དང་། ཚེ་འདིའི་བྱ་བ་བཏང་བཏང་མོར་གྲགས་པ་སོགས་ཐམས་ཅད་ས་འདར་རྡོ་འདར་ལ་སོང་སྟེ་ཐུགས་ཤིང་སྡོང་གི་ཡལ་ག་ལྟར་འཁྱོགས་ཀྱང་། འཕྲལ་སྲིད་སྒྲུབ་ཀྱི་མདའ་ལྟར་དྲང་ཞིང་། ཞལ་པདྨའི་འདབ་མ་ལྟར་འཇམ་པས་ཞི་ཞིང་དུལ་དུལ་ལྟར་གྱུར་པའི་ཚེ། རྗེ་འདི་ཉིད་ཀྱིས་ཁྲོམ་དམར་ནག་འཁྱིལ་བའི་དབུས་སུ། གཙང་པ་དཔོན་བློན་གྱི་མཚན་ནས་སྨོས་ཏེ་ཁ་སྦྱོར་དབྱེ་པར་མཛད་ནས། མཐུ་སྟོབས་ཆེན་པོས་ཕྱོགས་ལས་རྣམ་པར་རྒྱལ་བའི་རང་བཞིན་ཅན་ནོ། །ནང་རྡོ་རྗེའི་རྣལ་འབྱོར་ལ་མངའ་བརྙེས་ཤིང་། བླ་མ་དང་ཡིད་དམ་གྱི་ལྷ་མང་པོའི་ཞལ་གཟིགས་གསུང་གི་གནང་བ་སྩལ་ནའང་། གཞན་ལ་འདི་ལྟ་བུ་བྱུང་ཞེས་


GLG008_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མི་གསུང་བ་ཐུགས་དཀྱེལ་ཆེ། གསུང་རབ་ཀྱི་དཀའ་གནད་འགར་མཁས་པ་རྣམས་དཔའ་ཞུམ་པར་མཛད་ཀྱང་། ཁོ་བོས་སློབ་གཉེར་མ་བྱས་ཞེས་དམན་ཆ་ཁོ་ན་ལེན། རྗེ་འདི་ཉིད་ཞབས་པད་བརྟེན་པའི་རིང་། དཔོན་པོ་ཁོ་ལོ་ཆེའི་སྲས་ཆེ་ཆུང་གཉིས་དམག་གི་དཔུང་ཚོགས་དང་བཅས་ལན་གྲངས་མང་པོ་ལྷགས་ཏེ། གཙང་སྐུར་སོགས་གཞན་སྡེ་རྣམས་ལ། གནད་འཕྲོད་ཀྱི་གཡུལ་རླབས་པོ་ཆེ་གཤོམ་རྩིས་ཀྱི་བོད་དང་ཁད་ཉེར་འབྱོར་བ་ན། ཆེད་གཏད་མི་སྣ་མངགས་ཏེ། འཇུན་སྟངས་ཀྱི་གསུང་སྒམ་པོས། དུས་ཟིང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་མཛད་པར་བརྟེན། ཞབས་པད་བརྟེན་རིང་བོད་ལ་མཐའ་དམག་གིས་གནོད་པ་མ་བྱུང་བ་ནི། རྣམ་ཐར་ཆེ་ཤོས་གཅིག་ཏུ་སྣང་། རྒྱུ་མཚན་དེས་ན། དཔོན་སློབ་པཎ་ཆེན་རིན་པོ་ཆེ་མངའ་རིས་སུ་ཆིབས་ཁ་བསྒྱུར་གདོང་། དགའ་ལྡན་ཕོ་བྲང་ནས་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས། ད་ལོ་ཐུ་མེད་ཀྱི་ཐའི་ཇི་འདི་རྣམས་ཀྱི་མཛད་ལུགས། སྐྱིད་ཤོད་ཞབས་དྲུང་དང་། གྲྭ་སའི་ཐུགས་ཁུར་བཞེས་མཁན་ཅི་རིགས་ཀྱི་གསུང་ཚུལ། གཙང་སྡེ་སྲིད་ལ་སྐུ་དབང་བེད་སྤྱོད་ཀྱི་ཕེབས་སྒོ་འདྲ་ཡོད་འདུག་པ། འདི་ཚོ་ལ་བརྟེན་པའི་དུས་ཟིངས་ཤིག་བྱུང་དོགས་བློ་མཛངས་ཆེ་བར་བྱུང་། རང་ངོས་ཀྱི་ཤར་ཚོད་སྡེ་གཟར་ལངས་ན། སྔར་ཡང་མདའ་འདི་རིས་ཀྱིས་མིག་བཅར་བའི་སྣ་སུན་དང་བཅས་འཇམ་ཆགས་ཤིག་འདོད་པ་ཡིན་ཀྱང་། རང་དབང་འདུ་མི་འདུ་ཚོད་ཐིངས་དཀའ་བ་ནས། ད་ལོ་ཕྱོགས་ཕེབས་མ་གནང་བར་བཞུགས་ཡུལ་གནང་བ་ཨེ་འགབ་སོགས་བསླབ་སྟོན་ཞུས་པར་ཕེབས་སྒོར། རྙིང་མའི་ལུང་བསྟན་ན་བོད་སོག་པོས་འཛིན་པ་ཡོད་ཟེར་བ་འདུག་པ་དང་། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དེ་ཞལ་བཞུགས་


GLG008_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན། དུས་ཟིང་ལ་མི་དགྱེས་པ་དང་མཐའ་མི་ལ་གསུང་བཙན་པས་སྡེ་གཟར་སྙོལ་བ་གནང་འགྲོ་ཡང་། སོག་པོའི་རྒྱལ་བརྒྱུད་འདི་ཚོ་དབང་ཆེ་བ་དང་བཅས་ལྷུས་ཐིངས་པ་དཀའ་བ་འདུག་ཀྱང་། དཀོན་ཅོག་གི་ཐུགས་རྗེས་དུས་བདེ་བ་ཡོང་ལ་ཆེ། དད་ཀྱང་སེམས་མཛངས་པ་བྱུང་སྟེ། མངའ་རིས་བདག་པོའི་འབོད་མི་སླེབས་གྲུབ་པ་སོགས་ནས་བཤོལ་མི་ཐུབ་པ་འདྲ། འཇམ་གང་ཆགས་ཀྱི་ཐབས་མཛོད་ཕེབས་འདུག་པས་ཀྱང་ཤེས་ནུས་སོ། །ཧོར་ཟླ་བཅུ་གཉིས་པའི་བཅོ་ལྔའི་ཉིན། གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཏེ་དགའ་ལྡན་གྱི་གནས་སུ་གཤེགས་སོ། །མཁར་ནག་ལོ་ཙཱ་བས། དགུང་ལོ་རྒྱུ་སྐར་གྲངས་ལྡན་སྐབས། །མེ་འབྲུག་རྒྱལ་ཟླའི་ཚེས་དབང་དུས། །དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། །བདུན་ཕྲག་གསུམ་པར་ཆོས་ཀྱི་སྐུ། །བུམ་ནང་མར་མེའི་འོད་གསལ་བཞིན། །ཀྱེ་མ་འདི་འདྲའི་རྣམ་དཔངས་ལ། །ཀྱེ་ཧུད་བདག་ཅག་འདི་ན་ལུས། །ཀྱེ་རྡོར་ལ་སོགས་རྒྱུད་དོན་བཞིན། །སྐྱེ་མཆེད་དྭངས་པའི་ལོངས་སྐུར་བཞེངས། །ཚད་མེད་བཞི་ཡིས་རབ་བསྐུལ་ཏེ། །ཞིང་འདིར་སླར་ཡང་སྤྲུལ་པའི་སྐུ། །སྟོན་ངེས་ཁྱོད་ལ་སྐྱབས་སུ་མཆི། །ཞེས་སོ། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པ་ཀུན། །ལག་ན་པདྨའི་རྣམ་པར་ཤར་བ་དག །བཀོད་པ་རྒྱ་མཚོའི་ཞིང་གི་རྡུལ་སྙེད་དུ། །གྲངས་མེད་སྤྲུལ་པའི་རོལ་གར་ཅི་ཡང་སྟོན། །སྐལ་ངན་དུས་ཀྱི་མཚན་མོར་ཉེ་བ་ན། །མཐའ་ཀླས་འགྲོ་བའི་འདྲེན་པ་རྟ་ལྗང་ཅན། །ཆོས་དབྱིངས་ཟད་མི་ཤེས་པའི་ཐུན་འཚམས་ཀྱི། །ཕང་པར་བཞུགས་ནས་འགྲོ་རྣམས་འདོད་འདི་ཅི། །དེ་ལྟ་ན་ཡང་མ་རིག་སྣང་ཚུལ་ལས། །རླབས་ཆེན་སྤྱོད་ལ་དཔའ་བའི་རྒྱལ་སྲས་རྣམས། །འཁོར་བའི་ཕ་མཐའ་རྫོགས་མིན་དེ་སྲིད་དུ། དམན་ལམ་ཞི་བདེར་གོལ་བ་ག་ལ་


GLG008_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད། །དེ་ནས་དགུང་ཞག་ཞེ་དགུའི་བར་དུ། རྒྱུད་སྟོད་སྨད་གཉིས་ཀྱིས་གསང་བ་འདུས་པའི་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་མཆོད་པ་དང་། གྲྭ་ས་ཕན་ཚུན་སོགས་དགེ་འདུན་གྱི་སྡེ་རིས་མེད་པ་རྣམས་སུ་བསྙེན་བཀུར་བ་སོགས་དགོངས་རྫོགས་རྒྱ་ཆེན་པོ་བསྒྲུབས་སོ། །མེ་སྦྲུལ་སྟོན་མཇུག་དཔོན་སློབ་པཎ་ཆེན་རིན་པོ་ཆེས་རྒྱུད་སྡེ་དང་མཐུན་པའི་ཕྱག་ལེན་རྣམ་པར་དག་པས་སྐུ་གདུང་རིན་པོ་ཆེ་ཞུགས་སུ་ཕུལ་བར་དབུ་ཐོད་བམ་རིལ། ཐུགས་ལྗགས་སྤྱན་གསུམ་གདུང་རིང་བསྲེལ་མང་དུ་ཕེབས་ཤིང་། ཁར་ཁ་དཔོན་པོ་ཆོས་ཁུར་གྱིས་དབུ་ཐོད་དང་། ཐུ་མེད་ཀྱི་ཐའི་ཇི་བློ་བཟང་བསྟན་འཛིན་རྒྱ་མཚོས་ཐུགས་སོ་སོའི་ཡུལ་གྲུར་བསོད་ནམས་ཀྱི་ཞིང་དུ་གདན་དྲངས། གདུང་རིང་བསྲེལ་བཞུགས་པའི་མཆོད་སྡོང་འཛམ་བུ་གླིང་ན་ཁྱད་དུ་འཕགས་པ་ཞིག་ཁར་ཁ་ཆོས་ཁུར་དཔོན་པོས་སྦྱིན་བདག་བྱས་ཏེ་བཞེང་བའི་བཟོ་གྲྭ་ཚུགས་པ། སྡེ་གཟར་གྱི་སྟབས་ནས་མ་འགྲུབ་པ། སླར་ཤིང་གླང་ལོར་ཐུ་མེད་ཀྱི་དཔོན་པོ་ཧོང་ཐའི་ཇིས་སྦྱིན་བདག་བྱས། ཕྱག་མཛོད་ས་སྐྱོང་བ་བསོད་ནམས་རབ་བརྟན་གྱིས་ཐུགས་ཁུར་བཞེས། རི་མོ་དགོས་སྐྱེས་རྡོ་རྗེས་ཐིག་བཏབ། དོ་དམ་ཚ་བ་དཀའ་བཅུ་སངས་རྒྱས་ཤེས་རབ། དཔོན་པོ་བྱིང་པ་བློ་བཟང་། བལ་པོ་ནོར་བུ་ཚེ་རིང་སོགས་བཅུ་ཕྲག་གཉིས་ཙམ་གྱིས་གེགས་མེད་དུ་བཞེངས། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་དཀོན་ཅོག་ཆོས་འཕེལ་དང་། སྒོ་མང་སློབ་དཔོན་སངས་རྒྱས་བཀྲ་ཤིས་གཉིས་ཀྱིས་གཟུངས་འཕུལ་གྱི་ཕྱག་ལེན་གནང་སྟེ་དཔལ་ལྡན་འབྲས་སྤུངས་ཀྱི་རྣམ་ཐར་སྒོ་གསུམ་དུ་བཞུགས་ཤིང་། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་མཁན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་གཙོ་མཛད། སེར་འབྲས་ཀྱི་སློབ་དཔོན་ཁྲི་གདན་


GLG008_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར། སྐུ་གཞོགས་རྣམ་རྒྱལ་གྲྭ་ཚང་དང་བཅས་པས་རབ་ཏུ་གནས་ཤིང་། སྦྱིན་བདག་ཏུ་སོག་པོ་ཚོ་ཆེན་བཞི་བཅུའི་གུར་དཀར་པོའི་བདག་པོ་ཐུབ་པ་ཇུ་ནང་ཐའི་སུན་ཧོང་ཐའི་ཇི་བསྐོས་པས། རྟེན་འབྲེལ་ལེགས་ཚོགས་ཕུན་སུམ་ཚོགས་པ་འགྲིག་གོ ། སྨྲས་པ། ངོ་མཚར་རྨད་བྱུང་གཏམ་གྱི་སྦྱོར་བ་དང་། །ཚིག་འཕྲེང་འཛད་པ་མེད་པའི་པུ་སྟ་ཀ །ལོ་རྒྱུས་དེབ་གཏེར་དོན་གཉེར་དཔྱོད་ལྡན་རྣམས། །དགའ་བའི་གར་དང་བཅས་ཏེ་ད་ལོང་ཞིག །དམ་པ་མཆོག་གི་ཕུལ་བྱུང་མཛད་པའི་མཐའ། །འཇལ་པ་ཀུན་མཁྱེན་རྣམས་ཀྱང་སྒྱིད་སྐྱུར་ན། །སོམ་ཉིའི་དྲ་བར་ཆུད་པར་བདག་འདྲ་ཡིས། །བརྗོད་པ་ཆུ་ཤིང་འབྲས་བུ་འཚོལ་བ་བཞིན། །འོན་ཏང་ཚད་པའི་གདུང་བས་མནར་བ་རྣམས། །རྒྱ་མཚོ་རྫོགས་པར་འཐུངས་པའི་ནུས་བྲལ་ཡང་། །ཇི་ཙམ་ལོངས་སུ་སྤྱོད་ནུས་དེ་ཉིད་ཀྱི། འདོད་པའི་རེ་བ་ཡོངས་སུ་ཅིས་མི་སྐོང་། །ཐོར་བུའི་ལོ་རྒྱུས་བསྡུས་པའི་རྫ་རྔ་ཡིས། །དཔྱོད་ལྡན་རྨ་བྱའི་སྙིང་ལ་མི་འབབ་ཀྱང་། །ཡིག་ཚང་ཁུངས་ལྡན་ངག་རྒྱུན་མ་གཏོགས་པའི། །འབྲེལ་མེད་རང་བཟོ་བྲིས་པ་འདི་ན་མེད། །ཡོངས་གྲགས་མཁས་པའི་སློབ་དཔོན་བསྟེན་པའི་མཐུས། །བཅད་ལྷུག་སྙན་ངག་སྨྲ་ལ་ཐོགས་མེད་ཀྱང་། །མཁས་བླུན་ཀུན་གྱིས་བལྟ་བར་གོ་བདེ་ཕྱིར། །འབོལ་རྩོམ་གྲོང་པའི་ཚིག་ཏུ་ལྷུག་པར་བཀོད། །རྒྱལ་དང་རྒྱལ་བའི་སྲས་ཀྱི་རྟོགས་བརྗོད་འཕྲེང་། །ཚིག་གི་སྲད་བུར་བརྒྱུས་པའི་དགེ་བ་དེས། །ལུས་ཅན་མཐའ་དག་དུས་མཁྱེན་རྒྱལ་པོ་ཡི། །བསོད་ནམས་ཇི་བཞིན་ལོངས་སུ་སྤྱོད་གྱུར་ཅིག །ཅེས་པ་འཕགས་པ་འཇིག་རྟེན་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་འཕྲེང་བ་ཞེས་བྱ་བ་འདི་ནི། གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སོགས་དོན་གཉེར་ཅན་འགའ་ཞིག་གིས་


GLG008_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བའི་ངོར། སྐུ་ན་ཕྲ་མོའི་དུས་ཀྱི་རྣམ་ཐར་ངོ་མཚར་བའི་རིགས་ཟིན་བྲིས་སུ་བཀོད་པའི་ཤོག་རིལ་གཉིས་དང་། བཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་ཐར་དད་པའི་གོ་འབྱེད། མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་མཛད་པའི་རྣམ་ཐར་ཚིགས་བཅད་མ་རྣམས་ལ་གཞི་བྱས། དེའི་དུས་ཀྱི་དྲུང་འཁོར་རྙིང་པ་རྒྱུས་ཅན་འགའ་ཞིག་གི་ངག་སྒྲོས་ངེས་དག་གིས་ཟུར་བརྒྱན། འོན་ཀྱང་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་རིགས་མང་པོ་དང་། ལོ་དུས་ཀྱི་ངེས་པ་སོགས་ནི་ཞིབ་ཏུ་བརྩད་བཅད་ཀྱང་། གྲྭ་རིགས་རྣམས་གདུལ་བྱ་ཆེ་ཆུང་དང་བཀའ་དྲིན་སྐྱོང་མི་སྐྱོང་གི་གླེང་བརྗོད་ལས། བླ་མའི་རྣམ་པར་ཐར་པ་དོན་དུ་གཉེར་བ་ཉུང་བའི་ཕྱིར། ཞིབ་པར་འདྲི་བའི་གནས་མ་རྙེད་ནའང་། གོང་དུ་སྨོས་པ་རྣམས་ལ་གཞི་བྱས་ཏེ། གཏམ་རྒྱུད་དེབ་གཏེར་སྨྲ་བའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། བཙོང་ཁའི་ཡུལ་དཀར་ཐང་མར་ཁུའི་མཚོ་མོར་སྦྱར་བའི་ཡི་གེའི་ཟློས་གར་སྒྱུར་བ་པོ་ནི་རིག་གནས་ཟད་མི་ཤེས་པའི་བང་མཛོད་འཛིན་པ་སློབ་དཔོན་མ་ཧཱ་པཎྜི་ཏ་དཔོན་དྲུང་རིན་པོ་ཆེ་སྨོན་འགྲོ་ལོ་ཙཱ་བ་ཡིན་ནོ། །མངྒ་ལཾ།། །།


GLG008_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཇིག་རྟེན་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་འཕྲེང་བ།next