Nitartha Digital Library
Tibetan
 
previousཐེག་པ་འོག་མ་བྱེ་མདོ་གཉིས།next

ཐེག་པ་འོག་མ་བྱེ་མདོ་གཉིས།

དེ་ལྟར་བསྟན་པའི་མཚན་གཞི་ནི། ཐེག་དམན་གྱི་འདུལ་བ། མདོ་སྡེ། མངོན་པ་རྣམས་སོ། །དེ་ལ་སངས་རྒྱས་ཞལ་བཞུགས་པའི་སྐབས་གྲུབ་མཐའ་ཐ་དད་དུ་མེད་ལ། མྱ་ངན་ལས་འདས་པའི་རྗེས་དགྲ་བཅོམ་པ་བདུན་གྱིས་མངོན་པ་སྡེ་བདུན་མཛད་ཅིང་བསྟན་བཅོས་ཐམས་ཅད་ཀྱི་ཐོག་མ་དེ་ཡིན་ལ། འདི་ཡང་བྱེ་སྨྲ་བ་རྣམས་ཀྱིས་བཀའ་ཡིན་པར་འདོད་དེ། འཕགས་པ་ཉེ་སྦས་ཀྱི་དུས་ཙམ་དུ་དགྲ་བཅོམ་པ་རྣམས་ཀྱིས་གསུང་རྒྱུན་གླེགས་བམ་ལ་བཀོད་པ་ཡིན་ཡང་ཟེར། དེར་མ་ཟད་བྱེ་བྲག་བཤད་པའི་མཚོ་ཞེས་བྱ་བ་བྱུང་ཞིང༌། ཐེག་དམན་གྱི་སྡེ་སྣོད་དང་བསྟན་བཅོས་དེའི་རྗེས་འབྲངས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་བའི་གྲུབ་མཐའ་གཉིས་བྱུང་ངོ༌། །

བྱེ་བྲག་སྨྲ་བའི་གྲུབ་མཐའ།

མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཚོའི་དོན་ཐམས་ཅད་བསྡུས་ནས་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ཀྱི་བསྟན་བཅོས་མཛད་ཅིང་བྱེ་མདོ་གཉིས་ཀྱི་གྲུབ་མཐའི་དོན་སྟོན་པ་སྟེ། བྱེ་སྨྲའི་འདོད་པ་སྒེར་རྣམས་ཟུར་གསལ་དུ་མཛད། སློབ་དཔོན་རང་ཉིད་ཐེག་ཆེན་ཡིན་ཡང་མདོ་སྡེ་བའི་འདོད་པ་ཕལ་ཆེར་བཞེད་པ་ཡིན། དེ་ལ་ཆོས་ཐམས་ཅད་ཟག་བཅས་ཟག་མེད་གཉིས་སུ་དབྱེ་བས་ལམ་བདེན་མ་གཏོགས་པའི་འདུས་བྱས་ཐམས་ཅད་ཟག་བཅས་ཡིན་ཏེ།རང་ལ་ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བའི་ཆོས་ཡིན་པས་སོ། །འདུས་བྱས་དེ་གང་ལ་ཟེར་ན་ཕུང་པོ་ལྔས་བསྡུས་ཀྱི་ཆོས་རྣམས་སོ། །དེས་ན་འདུས་བྱས་དེ་ཉིད་དུས་ཡིན་ཏེ། འདས་མ་འོངས་ད་ལྟའི་དུས་གསུམ་ཀྱང་དེ་ལ་ལྟོས་ནས་བཞག་སྟེ། འདུས་བྱས་གང་ཡིན་པ་དང༌། ཕུང་པོ་ལྔ་རྣམས་འདས་པའི་དུས་སོགས་སུ་བཏགས་པ་ཡིན་ཏེ་བྱེ་སྨྲས་དུས་གསུམ་རྫས་སུ་འདོད་པའི་ཕྱིར་རོ། །དེ་ཡང་བུམ་པ་བུམ་པའི་འདས་པའི་དུས་སུ་ཡོད། མ་འོངས་པའི་དུས་སུའང་ཡོད་པར་འདོད། གོང་དུ་ལམ་བདེན་མ་གཏོགས་ཞེས་གསུངས་པས་ཉེར་ལེན་གྱི་ཕུང་པོ་ལྔ་ཡང་ཟག་བཅས་ཡིན་ཏེ། ཉེ་བར་ལེན་པ་ནི་ཉོན་མོངས་པ་ཡིན་ལ། དེ་ཕུང་པོ་ལས་འབྱུང་བས་རྩ་བ་དང་མེ་ཏོག་འབྱུང་བའི་ཤིང་ལྟ་བུ། ཟག་བཅས་ཀུན་ཉེར་ལེན་གྱི་ཕུང་པོ་ཡིན་པའམ་ཕུང་པོ་ལྔ་ལ་བརྟེན་ནས་ཟག་པ་དང་བཅས་པའི་སྲིད་པ་མཐའ་དག་ཉེ་བར་ལེན་ཅིང་འགྲུབ་པར་བྱེད་ལ། སྡུག་བསྔལ་ཀུན་དེ་ལས་འབྱུང་བས་ཀུན་འབྱུང་ཡང་ཡིན། ཕུང་པོའི་རྟེན་ཡོད་པས་འཇིག་པར་འགྱུར་བས་འཇིག་རྟེན་དང༌། འཇིག་ཚོགས་ལ་ལྟ་བ་སོགས་ལྟ་ངན་དྲུག་ཅུ་རྩ་བཞི་སོགས་ལྟ་བ་ཀུན་དེ་ལས་འབྱུང་བས་ལྟ་གནས་སམ་འདི་ལ་བདག་ཏུ་ལྟ་བར་འགྱུར་བའི་ལྟ་བ་ཐམས་ཅད་རྒྱས་པར་འགྱུར་བས་ལྟ་གནས། སྐྱེ་ཞིང་འབྱུང་བས་སྲིད་པ་སྟེ། དེ་ཀུན་ཕུང་པོ་ལྔ་གང་རུང་གིས་བསྡུས་པའི་འདུས་བྱས་སོ། །ཟག་མེད་ནི། ལམ་བདེན་དང་འདུས་མ་བྱས་གསུམ་རྣམས་སོ། །དེ་ལ་ལམ་བདེན་ནི་རྒྱུ་རྐྱེན་གྱིས་འདུས་བྱས་པ་དང་མི་རྟག་པ་ཉིད་ཀྱི་ཕྱིར་འདུས་བྱས་ཡིན་ཡང་ཟག་བཅས་མ་ཡིན་ཏེ། གང་ལ་དམིགས་ནས་སྤང་བྱ་རྣམས་སྤོང་བར་བྱེད་པའོ། །གཞན་གསུམ་ནི། ནམ་མཁའ་དང༌། སོ་སོར་བརྟགས་འགོག་དང༌། སོ་སོར་བརྟགས་མིན་འགོག་གསུམ་མོ། །དེ་ལ་ནམ་མཁའ་ནི། མི་སྒྲིབ་ཅིང་གཟུགས་ཅན་སྐྱེ་བའི་གོ་འབྱེད་པ་སྟེ་རེག་ཐོགས་མེད་པའི་བར་སྣང་སྟོང་པ་ཉིད་ཡིན་ལ་ནམ་མཁའ་སྔོན་པོ་ནི་མིན་ནོ། །སོ་སོར་བརྟགས་འགོགས་ནི། སྤང་བྱའི་འདོད་ཆགས་ལྟ་བུ་ལ་མཚོན་ན། དེ་ཉིད་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཆགས་ཡུལ་དང་ཆགས་མཁན་ལ་སོ་སོར་བརྟགས་ཤིང་དཔྱད་པས་དེ་དང་བྲལ་བའི་སླར་མི་སྐྱེ་བའི་འགོགས་པ་ཐོབ་པ་དེའོ། །སོ་སོར་བརྟགས་མིན་གྱི་འགོག་པ་ནི། ཆེད་དུ་མ་བརྟགས་ཤིང་མ་བཀག་ཀྱང་རང་བཞིན་གྱིས་བྲལ་བ་དེ་ལ་སླར་མི་སྐྱེ་བ་མ་ངེས་པ་བསྐལ་པ་སྔ་མ་ཞིག་ནས་རྗེས་མ་མ་ཆགས་པའི་བར་དེ་ཆུ་མེད་པའི་ལུང་སྐམ་ལྟ་བུའོ། ཟེར་ཏེ་གོ་བ་ཞན་ཞེས་པ་གོ་བ་དམན་པའི་ཕྱོགས་དང༌། དོན་དུ་ཟག་མེད་ཀྱི་ཚོར་བའི་ཕུང་པོ་ཤེས་རབ་ཀྱིས་མ་བརྟགས་ཀྱང་འགོག་སྙོམས་སུ་ཞུགས་དུས་ལྟ་བུ་མི་སྐྱེ་བའི་ཆོས་ཅན་དུ་རང་བཞིན་གྱིས་འགག་འགྲོ་བ་ཡོད་པས་དེ་ལྟ་བུ་སོ་སོར་བརྟགས་མིན་གྱི་འགོགས་པ་ཐོབ་པ་ཡིན་ནོ། །འདི་ཐེག་ཆེན་གྱི་མཉམ་བཞག་གི་ངོ་བོ་ལ་བཤད་དུ་རུང་ཡང་སྐབས་འདིར་མི་འདོད་པ་ཡིན་ནོ། །དེས་ཟག་བཅས་ཟག་མེད་ཀྱི་དབྱེ་བ་ཕྱོགས་ཙམ་ཡོང་ངོ༌། །

ཤེས་བྱ་གཞི་ལྔ།

དེ་ལ་བྱེ་བྲག་སྨྲ་བ་རྣམས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པར་འདོད་དེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། མི་ལྡན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་དང་ལྔའོ། །

སྣང་བ་གཟུགས་ཀྱི་གཞི།

དང་པོ་སྣང་བ་གཟུགས་ཀྱི་གཞི་ནི། ཕྱི་རོལ་གྱི་འབྱུང་བ་ས་ཆུ་མེ་རླུང་གི་རྡུལ་ཕྲན་ཆ་ཤས་སོ་སོར་བསལ་ཏུ་མི་བཏུབ་ཅིང་ཤིན་ཏུ་ཕྲ་བ་དབང་ཤེས་ཀྱི་ཡུལ་ལས་འདས་པ། དབུས་རྡུལ་དང་ཕྱོགས་རྡུལ་དྲུག་གིས་བསྐོར་བ་རེག་ལ་མ་འབྱར་བའི་བར་དང་བཅས་པ་འདུས་པ་ལས་རགས་པའི་རྡུལ་དང་རགས་པའི་དངོས་པོ་གྲུབ་པ་སྟེ། དབང་ཤེས་ཀྱི་ཡུལ་དུ་གྱུར་ཅིང་སྒྲིབ་བྱེད་ཀྱི་བྱ་བ་བྱེད་པ་དེ་ལ་རྡུལ་ཕྲ་རབ་ཅེས་འདོད། ཕྲ་རབ་བདུན་ལ་རྡུལ་ཕྲན་དུ་འདོད། རྡུལ་ཕྲན་བདུན་ལ་གསེར་དངུལ་ཟངས་ལྕགས་ལ་སོགས་པའི་རྩོམ་གཞིའི་རྡུལ་ལྕགས་རྡུལ་ཞེས་བྱ་བ་དང༌། དེ་བདུན་ལ་འབབ་ཆུ་ལ་སོགས་པ་ཆུའི་རྩོམ་གཞིར་གྱུར་པའི་ཆུ་རྡུལ་གཅིག་གོ། དེ་བདུན་ལ་རི་བོང་གི་ཤ་ཁྲག་ལ་སོགས་པའི་རྩོམ་གཞིའི་རྡུལ་གཅིག དེ་བདུན་ལ་ལུག་རྡུལ་གཅིག དེ་བདུན་ལ་གླང་རྡུལ་གཅིག དེ་གས་ཀྱང་རང་རང་གི་ཤ་ཁྲག་གི་རྩོམ་གཞིའི་རྡུལ་དུ་ཤེས་པར་བྱ་ཞིང༌། དེ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག དེ་བདུན་ལ་སྲོ་མ་གཅིག དེ་བདུན་གྱིས་ཤིག་གཅིགདེ་བདུན་ནས་ནས་བདུན་སོར་ཚིག་ཏུ་འགྱུར། སོར་མོ་ཉི་ཤུ་རྩ་བཞི་ཁྲུ་སོགས་སུ་འགྱུར་བའོ། །དེ་དག་གིས་གཟུགས་སོགས་གྲུབ་པ་སྟེ། དེ་ལྟར་གྲུབ་པའི་གཟུགས་ནི། མངོན་མཛོད་ལས། གཟུགས་ནི་དབང་བོ་ལྔ་དང་དོན། ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་པས། མིག་དང༌། རྣ་བ། སྣ། ལྕེ། ལུས་ཏེ་དབང་བོ་ལྔ་དང༌། དེའི་ཡུལ། གཟུགས། སྒྲ། དྲི། རོ། རེག་བྱ་སྟེ་དོན་ལྔ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་པོ་དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བཞག་གོ། དེ་རྣམས་ཀྱི་རྩོམ་གཞིའི་རྡུལ་ཕྲན་ཀྱང་ཕྱི་རོལ་ན་འབྱུང་བ་བཞི་དང༌། ཁ་དོག་དྲི་རོ་རེག་བྱའི་རྡུལ་བཞི་སྟེ་བརྒྱད་དུ་འདུས་ལ། ལུས་ཀྱི་དབང་བོ་ལ་བརྒྱད་པོ་དང༌། དེ་ཉིད་ཀྱི་རྡུལ་ཏེ་དགུར་གནས། མིག་སོགས་དབང་བོ་གཞན་ལ་དགུ་བོའི་སྟེང་དུ་མིག་སོགས་དབང་བོ་སོ་སོའི་རྡུལ་དང་བཅུ་གནས་པ་ཡིན་ནོ། །གཟུགས་ཅན་བཅུ་བོ་དེ་རྣམས་རྣམ་པར་རིག་བྱེད་ཀྱི་གཟུགས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི། སྡོམ་པ་དང༌། སྡོམ་མིན་དང༌། བར་མས་བསྡུས་པ་གསུམ་སྟེ། དང་པོ་སྡོམ་པ་ནི། སྐབས་འདིར་སོར་ཐར་རིགས་བདུན་གང་རུང་ནོད་པའི་གང་ཟག་དེ་ཡང་ལུས་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་སོགས་ལུས་ཀྱི་རྣམ་རིག་དང༌། སྐྱབས་འགྲོ་བརྗོད་པ་སོགས་ངག་གི་རྣམ་པར་རིག་བྱེད། མཁན་སློབ་སོགས་ཀྱང་ལུས་བསྲངས་སྐྱིལ་ཀྲུང་སོགས་ལུས་ཀྱི་རྣམ་རིག སྡོམ་པ་འབོག་ཆོག་འདོན་པ་སོགས་ངག་གི་རྣམ་རིག་གི་སྒོ་ནས་སྡོམ་པ་དེ་སྐད་ཅིག་དང་བོ་ལ་རྣམ་པར་རིག་བྱེད་ཀྱི་གཟུགས་སུ་སྐྱེ། སྐད་ཅིག་གཉིས་པ་ཕན་ཆད་ནས་རྣམ་རིག་མ་ཡིན་པའི་གཟུགས་སུ་གནས། སྡོམ་པ་གཏོང་བའི་རྒྱུ་མ་བྱུང་བར་གཡེང་བ་དང་སེམས་མེད་ཀྱི་སྐབས་སུ་ཡང་སྡོམ་པ་དེ་ཡོད། སྡོམ་པའི་ངོ་བོ་ནི་དགེ་བ་ཡིན་པ་ལྟ་བུའོ། །སྡོམ་མིན་ཞེས་པ་མི་དགེ་བའི་ལས་ལམ་གྱི་དངོས་གཞི་སྡོམ་མིན་དང༌། དེ་ཇི་ལྟར་ཐོབ་ན། ལུས་ངག་གི་སྤོང་བ་བདུན་ལས་ལྡོག་ཕྱོགས་སྲོག་གཅོད་པ་སོགས་ཚང་བ་ལས་ཐོབ་ཅིང༌། བཤན་པ་ལ་སོགས་པའི་རིགས་སུ་སྐྱེ་བ་དེས་འཐོབ་སླར་ཞིང་གསོད་སྤྱོད་ཀྱི་བྱ་བ་དེ་རྩོམ་པ་ཙམ་ན་ཐོབ། རིགས་སུ་མ་སྐྱེས་ཀྱང་སྲོག་གཅོད་ལ་སོགས་པའི་བྱ་བས་འཚོ་བར་བྱའོ་ཞེས་དམ་བཅས་པའམ་ཁས་བླངས་པ་ལས་འཐོབ་པར་འགྱུར་རོ། །བར་མའི་རིགས་མིན་གྱི་གཟུགས་ནི། བསོད་ནམས་ཀྱི་ཚོགས་བསགས་པར་ཁས་བླངས་ནས་ཐོག་ཏུ་མ་ཁེལ་བ་ལྟ་བུ་སྟེ། དགེ་བའི་རིག་མིན་བར་མ་དང་དེ་ལས་ལྡོག་པ་མི་དགེ་བ་སྟེ་སྲོག་གཅོད་པར་ཁས་བླངས་པ་ཐོག་ཏུ་མ་ཁེལ་བ་ལྟ་བུ་མི་དགེ་བའི་རིག་མིན་བར་མ་ལྟ་བུའོ། །འགའ་ཞིག་མི་དགེ་བའི་སྦྱོར་འཇུག་གཉིས་ལ་འདོད་པའང་ཡོད་དེ། བྱེ་སྨྲས་བདེན་པ་གཉིས་པ་འདོད་ཚུལ་རགས་པའི་དངོས་པོ་ཆོས་གང་ཞིག་དབྱིབས་དང་གཟུགས་སུ་ཐོ་བ་ལ་སོགས་པས་ཆ་ཤས་སུ་བཅོམ་ཟིན་པའི་ཕྱིས་ནས་དེའི་བློ་མི་འཇུག་པ་བུམ་པ་ལྟ་བུ་དང༌། བློ་ནི་ཤེས་རབ་སྟེ་དེས་བརྟགས་ཤིང་དཔྱད་པས་བློའི་ཆ་ཤས་བསལ་བས་མི་རྙེད་ཅིང་མ་གྲུབ་པ་ཆུ་ཀླུང་ལྟ་བུ་སྟེ། གཞན་དུ་གཡག་རྔ་དང་ནེ་སེང་ལྟ་བུ་ནི་ཀུན་རྫོབ་ཀྱི་བདེན་པར་འདོད། རྡུལ་ཕྲ་རབ་གཉེན་པོས་བཅོམ་པ་དང༌། རིགས་པས་གཞིག་སྟེ་བསལ་ཡང་རྡུལ་ཕྲ་རབ་ཏུ་འཛིན་པའི་བློ་མི་འདོར་བ་རྡུལ་ཕྲན་ཕྱོགས་ཆས་བསལ་དུ་མི་བཏུབ་པ་དང༌། ཤེས་པ་སྐད་ཅིག་མ་དུས་ཀྱི་ཆ་ཤས་སུ་དབྱེར་མི་བཏུབ་པ་ལ་དོན་དམ་བདེན་པའི་མཚན་ཉིད་དུ་གནས་པ་ནི་བྱེ་སྨྲའི་གྲུབ་མཐའ་སྟེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞལ། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་གཞན་ཡིན་ནོ། །ཞེས་སོ། །

གཙོ་བོ་སེམས་ཀྱི་གཞི།

གཉིས་པ་སེམས་ཀྱི་གཞི་ནི། མིག རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་དང་དྲུག་གོ། ཚོགས་དྲུག་པོ་ལ་རྣམ་ཤེས་ཀྱི་ཕུང་པོར་བཞག་གོ། རྣམ་ཤེས་དེ་དག་གི་ངོ་བོ་ནི་དམིགས་ཡུལ་དང་རྣམ་པ་རང་སྟོབས་ཀྱིས་དོན་ཙམ་སོ་སོར་རིག་པ་སྟེ། ཚོར་བ་འདུ་ཤེས་སོགས་མ་སྐྱེས་གོང་གི་སྐད་ཅིག་དང་པོའི་མཐོང་ཙམ། ཐོས་ཙམ། ཚོར་ཙམ། མྱོང་ཙམ། རེག་ཙམ། དྲན་ཙམ་དྲུག་པོ་གང་ཡིན་ཀྱང་ཚོར་བ་སོགས་སེམས་བྱུང་རྣམས་ཀྱིས་མ་རེག་པ་ཙམ་ལ་འདོད་ཅིང༌། རྣམ་ཤེས་འདི་རྣམས་ཀྱི་ངོ་བོ་དགེ་མི་དགེ་གཉིས་ཀ་མིན་པས་ལུང་མ་བསྟན་ཡིན། དེ་ཉིད་སྐད་ཅིག་གཉིས་པར་ཚོར་བ་འདུ་ཤེས་སོགས་སེམས་བྱུང་རྣམས་འཁོར་མཚུངས་པར་ལྡན་པས་ཡུལ་ལ་བྱ་བ་བྱས་པས་དགེ་མི་དགེའི་སེམས་སུ་འགྱུར་བ་ཡིན་ལ། ཡིད་ཀྱི་རྣམ་ཤེས་ཀྱིས་འདས་མ་འོངས་དང་དངོས་པོའི་རབ་ཏུ་དབྱེ་བ་ལ་སོགས་པའང་ངེས་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་མིག རྣ་བ། སྣ། ལྕེ། ལུས། ཡིད་དབང་སྟེ་རྟེན་དབང་བོ་དྲུག་གི་ཁམས་དང༌། མིག རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་ཀྱི་ཁམས་ཏེ་དམིགས་པ་ཡུལ་གྱི་ཁམས་དྲུག་སྟེ། དྲུག་ཚན་གསུམ་པོ་དེ་ལ་སྐྱེ་མཆེད་བཅོ་བརྒྱད་དུ་འདོད་དོ། །ཡང་རྣམ་ཤེས་ཚོགས་དྲུག་དང་ཡུལ་དྲུག་པོ་དེ་ལ་སྐྱེ་མཆེད་བཅུ་གཉིས་སུ་འདོད། དེ་རྣམས་ལས་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ནི། རྡུལ་ཕྲན་ཆ་མེད་འདུས་པ་ལས་རགས་པ་གྲུབ་པའི་གཟུགས་གཅིག་པུ་སྟེ། དེ་ནི་འདི་ནའོ། །ཆེ་གེ་མོ་ཞིག་གོ། ཞེས་པ་ལྟ་བུ། དངོས་སུ་གཞན་ལ་བསྟན་དུ་ཡོད་ལ། དེ་ཐོགས་བཅས་ཀྱང་ཡིན་ཏེ་རང་ཡོད་པའི་གོ་ས་ན་དངོས་པོ་གཞན་སྐྱེ་མི་ནུས་པ་དང༌། ནང་ན་ཡོད་པའི་མིག་གིས་ཕྱི་རོལ་གྱི་གཟུགས་མི་མཐོང་བས་ཐོགས་ཤིང་སྒྲིབ་པའོ། །བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ནི། མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་བོ་ལྔ་དང༌། སྒྲ་དྲི་རོ་རེག་བྱ་སྟེ། དེ་རྣམས་ནི་སྒྲིབ་པ་ཡོད་ལ་ཐོགས་པ་དང་བཅས་པའོ། །བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་སྡོམ་པ་སོགས་གོང་དུ་སྨོས་པ་ལྟར་རོ། །ཚོར་བའི་ཕུང་པོ་ནི། དཔེར་ན། ཡུལ་གཟུགས་དང༌། ཡུལ་ཅན་མིག་དབང་རྣམ་ཤེས་དང་བཅས་པ་འདུས་ཏེ་རེག་པ་ལ་བརྟེན་ནས། ཡུལ་གྱི་གཟུགས་དེ་མཛེས་པ་ཞིག་ན་ཚོར་བ་བདེ་བའི་ངོ་བོར་ཉམས་སུ་མྱོང༌། མི་མཛེས་ཤིང་ཡིད་དུ་མི་འོང་པ་ཞིག་ན་ཚོར་བ་སྡུག་བསྔལ་གྱི་ངོ་བོར་མྱོང༌། མཛེས་མི་མཛེས་ཡིད་དུ་འོང་མི་འོང་བར་མ་ཞིག་ན་ཚོར་བ་བཏང་སྙོམས་ཀྱི་ངོ་བོར་ཉམས་སུ་མྱོང་རྒྱུ་དེ་ནི་ཚོར་བའོ། །དེ་བཞིན་དུ་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་སྡུག་བཏང་སྙོམས་ཀྱི་བར་དུ་ཤེས་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོ་ནི། མཚན་མར་འཛིན་པའི་བདག་ཉིད་དེ། ཡུལ་དྲུག་གང་རུང་ལ་དམིགས་ནས་འདི་ནི་དཀར་བོའོ། །འདི་ནི་ནག་པོའོ། །འདི་ནི་རིང་བའོ། །འདི་ནི་ཐུང་བའོ། །འདི་ནི་ཕོ། འདི་ནི་མོ། འདི་དགྲ། འདི་གཉེན། འདི་བདེ་བ། འདི་སྡུག་བསྔལ་ལོ་སྙམ་པ་སོགས་ཡུལ་ལ་མཚན་མར་འཛིན་པ་དེའོ། །དབྱེ་ན་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་བར་འདུ་ཤེས་ཚོགས་དྲུག་སྟེ་ཚོར་བའི་སྐབས་བཞིན་ནོ། །

འཁོར་སེམས་བྱུང་གི་གཞི།

གསུམ་པ་སེམས་བྱུང་གི་གཞི་ནི། རེག་པ་དང༌། ཡིད་ལ་བྱེད་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དང༌། འདུན་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང། ཤེས་རབ་དང༌། དད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པ་དང༌། བག་ཡོད་པ་དང༌། བཏང་སྙོམས་པ་དང༌། རྣམ་པར་མི་འཚེ་བ་དང༌། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། ཐེ་ཚོམ་དང༌། ཁྲོ་བ་དང༌། འཁོན་དུ་འཛིན་པ་དང༌། འཆབ་པ་དང༌། འཚིག་པ་དང༌། སྒྱུ་དང༌། གཡོ་དང༌། ཕྲག་དོག་དང༌། སེར་སྣ་དང༌། རྒྱགས་པ་དང༌། རྣམ་པར་འཚེ་བ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་དང༌། བརྗེད་ངེས་པ་དང༌། རྣམ་གཡེང་དང༌། ཤེས་བཞིན་མ་ཡིན་པ་དང༌། འགྱོད་པ་དང༌། གཉིད་དང༌། རྟོག་པ་དང༌། དཔྱོད་པ་སྟེ། སེམས་བྱུང་ལྔ་བཅུ་རྩ་གཅིག་རྣམས་སོ། །

དེ་དག་ལས་ཚོར་བ་འདུ་ཤེས་གཉིས་ཕྲི་བའི་ལྷག་མ་བཞི་བཅུ་རྩ་དགུ་ནི་འདུ་བྱེད་ཀྱི་ཕུང་པོར་བཞག་སྟེ་མཚུངས་ལྡན་རྣམས་སོ། །དེ་ལ་རེག་པ་ནི། ཡུལ་དབང་པོ་རྣམ་ཤེས་གསུམ་འདུས་པ་ལས་སྐྱེས་པའི་རེག་པའོ། །ཡིད་ལ་བྱེད་པ་ནི། སེམས་དམིགས་པ་ལ་གཏོད་ཅིང་འཇུག་པའོ། །སེམས་པ་ནི། སེམས་མངོན་པར་འདུ་བྱེད་པའམ་ཡུལ་ལ་འགྱུ་བའོ། །

འདུན་པ་ནི། བྱེད་འདོད་པའམ་དམིགས་ཡུལ་ཐོབ་འདོད་དོ། །མོས་པ་ནི། དམིགས་ཡུལ་ལ་ཡོན་ཏན་དུ་འཛིན་པའི་འདོད་པའོ། །དྲན་པ་ནི། དམིགས་པ་མི་བརྗེད་པར་འཛིན་ནུས་པའོ། །ཏིང་ངེ་འཛིན་ནི། སེམས་རྩེ་གཅིག་པར་བྱེད་པའོ། །ཤེས་རབ་ནི། ཟག་བཅས་ཟག་མེད་ཀྱི་ཆོས་རྣམ་པར་འབྱེད་པའི་བློ་གྲོས་སོ། །

དད་པ་ནི། སེམས་ཉོན་མོངས་དང་ཉེ་ཉོན་གྱི་རྙོག་པ་དང་བྲལ་བའི་དྭངས་པའོ། །ངོ་ཚ་ཤེས་པ་ནི། ཡོན་ཏན་དང་ཡོན་ཏན་ཅན་ལ་གུས་པས་ངོ་ཚ་ཤེས་པའོ། །ཁྲེལ་ཡོད་པ་ནི། ཁ་ན་མ་ཐོ་བ་ལ་འཛེམས་པས་ཁྲེལ་ཡོད་པའོ། །མ་ཆགས་པ་དང་ཞེ་སྡང་མེད་པ་ནི། དེ་གཉིས་མེད་པའི་དགེ་རྩ་སྟེ་ཉོན་མོངས་དེ་དག་གི་གཉེན་པོའོ། །གཏི་མུག་མེད་པ་ནི། ཤེས་རབ་ཡིན་ཏེ་སྨོས་ཟིན་ཏོ། །བརྩོན་འགྲུས་ནི། དགེ་བའི་བྱ་བ་ལ་སེམས་མངོན་པར་སྤྲོ་བའོ། །ཤིན་ཏུ་སྦྱངས་པ་ནི། སེམས་ལས་སུ་རུང་བའོ། །བག་ཡོད་ནི། དགེ་བའི་ཆོས་ལ་གཅེས་སྤྲས་སུ་བྱེད་པ་ཡིན། བཏང་སྙོམས་ནི། ཚོར་བ་བཏང་སྙོམས་པ་དང༌། ཚད་མེད་བཞིའི་ནང་གི་བཏང་སྙོམས་དང༌། འདུ་བྱེད་བཏང་སྙོམས་གསུམ་ལས་འདིར་ཕྱི་མ་སྟེ། སེམས་བྱིང་རྒོད་དང་བྲལ་བའི་མཉམ་པ་ཉིད་དོ། །རྣམ་པར་མི་འཚེ་བ་ནི། སྙིང་བརྩེ་བས་ཐོ་མི་འཚམ་པའོ། །

འདོད་ཆགས་ནི། དབྱེ་ན་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་གཉིས་སོ། །དང་པོ་འདོད་ཁམས་ལྷ་མིའི་ཆགས་པ་སྤྱིའོ། །གཉིས་པ་ནི་ཁམས་གོང་མ་གཉིས་ལ་ཡོད་པ་ནང་ཏིང་ངེ་འཛིན་གྱི་སྙོམས་འཇུག་གི་རྟེན་དང་བཅས་པ་ལ་ཆགས་པའོ། །ཁོང་ཁྲོ་ནི། གཞན་ལ་མནར་སེམས་སོ། །ང་རྒྱལ་ནི། དབྱེ་ན་བདུན་ཏེ། ཕ་རོལ་གཞན་ལས་རང་ཉིད་རིགས་གཟུགས་ཡོན་ཏན་སོགས་ཐམས་ཅད་དམ་གང་རུང་ཞིག་གིས་ལྷག་གོ་སྙམ་པ་དང་པོ། མཉམ་པ་ལས་བདག་ལྷག་གོ་སྙམ་པ་གཉིས་པ། ལྷག་པ་བས་ཀྱང་བདག་ལྷག་གོ་སྙམ་དུ་རློམ་པ་གསུམ་པ། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་རློམ་པ་བཞི་བ། མངོན་ཤེས་ལ་སོགས་མ་ཐོབ་པ་ཐོབ་པོ་སྙམ་དུ་རློམ་པ་ལྔ་བ། མཆཽག་ལས་བདག་ཅུང་ཟད་དམན་ནོ་སྙམ་པ་དྲུག་པ། རྐྱོན་དང་ལྡན་པ་ལ་ཡོན་ཏན་དུ་རློམ་པ་བདུན་པའོ། །མ་རིག་པ་ནི། མི་གསལ་བའི་རྣམ་པ་ཅན་ཏེ་རིག་པའི་མི་མཐུན་ཕྱོགས་ཏེ་ཡང་དག་པའི་དོན་ལ་རྨོངས་པའོ། །འཇིག་ཚོགས་ལ་ལྟ་བ་ནི། ཕུང་པོ་ལྔ་ལ་བདག་དང་བདག་གི་བར་འཛིན་པའོ། །ཐེ་ཚོམ་ནི། སེམས་རྩེ་གཉིས་པའམ་དོགས་པའི་རྣམ་པ་ཅན་ནོ། །ཁྲོ་བ་ནི། གནོད་བྱེད་ཀྱི་སེམས་ཅན་ལ་སེམས་ཁོང་ནས་འཁྲུགས་པའོ། །འཁོན་དུ་འཛིན་པ་ནི། ཁྲོས་པའི་འོག་ཏུ་ཡང་དེ་ཉིད་སེམས་ལ་འཇོག་པའོ། །འཆབ་པ་ནི། ཉེས་པ་སྦེད་ཅིང་གསང་བའོ། །འཚིག་པ་ནི། སྡིག་པ་ལ་ཞེན་ནས་དམ་དུ་འཁྱུད་པའོ། །སྒྱུ་ནི། བསྙེན་བཀུར་གྱི་དོན་དུ་རང་ལ་ཡོན་ཏན་མེད་བཞིན་ཡོད་པ་ལྟར་བཅོས་པའོ། །གཡོ་ནི། ཉེས་པ་ཁས་མི་ལེན་པའི་སེམས་གྱ་གྱུའི་རྣམ་པ་ཅན་ནོ། །ཕྲག་དོག་ནི། གཞན་གྱི་ཕུན་ཚོགས་ལ་སེམས་མི་བཟོད་པའོ། །སེར་སྣ་ནི། ཆོས་དང་ཟང་ཟིང་གི་དངོས་པོ་ལ་ཆགས་ནས་གཞན་ལ་གཏོང་མི་བྲ་པའོ། །རྒྱགས་པ་ནི། རང་ལ་ཡོད་པའི་རིགས་གཟུགས་ཡོན་ཏན་སོགས་ལ་སེམས་ཆགས་ནས་རང་རྩིས་སུ་བྱེད་པ་ལ་སེམས་ཟད་དུ་འཇུག་པའོ། །རྣམ་འཚེ་ནི། སེམས་ཅན་སྡུག་བསྡུལ་བར་འདོད་པའོ། །ངོ་ཚ་མེད་པ་ནི། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སོགས་ཡོན་ཏན་དང་ཡོན་ཏན་དེ་དང་ལྡན་པའི་གང་ཟག་མཁན་པོ་སོགས་ལ་བརྙས་པའི་སེམས་བྱུང་མ་གུས་པ་དང་བཀུར་སྟི་མི་བྱེད་པའོ། །ཁྲེལ་མེད་པ་ནི། དམ་པ་རྣམས་ཀྱིས་སྨད་པའི་ལས་ལ་འཇིགས་པར་མི་བལྟ་བའོ། །རྨུགས་པ་ནི། ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བ་ཉིད་དོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བའོ། །མ་དད་པ་ནི་དད་པའི་མི་མཐུན་ཕྱོགས་ལོག་ལྟའི་རྒྱུ་མཐུན་མ་དད་པའོ། །བག་མེད་ནི་བག་ཡོད་ཀྱི་མི་མཐུན་ཕྱོགས་དགེ་བའི་ཆོས་ལ་གཅེས་སྤྲས་མི་བྱེད་པ་ཟད་ཅིང་བརླག་ཏུ་འཇུག་པའོ། །ལེ་ལོ་ནི། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སེམས་མངོན་པར་མི་སྤྲོ་བའོ། །བརྗེད་ངེས་ནི་དྲན་པས་མ་ཟིན་པའོ། །རྣམ་གཡེང་ནི། ཏིང་ངེ་འཛིན་ལ་བར་དུ་གཅོད་པའོ། །ཤེས་བཞིན་མ་ཡིན་པ་ནི། ཤེས་རབ་ཀྱི་མི་མཐུན་ཕྱོགས་སོ། །

འགྱོད་པ་ནི་དགེ་མི་དགེའི་ལས་གང་རུང་ལ་འགྱོད་པའོ། །གཉིད་ནི་གོ་སླའོ། །རྟོག་པ་དང་དཔྱོད་པ་ནི། མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་པས་དོན་གྱི་ངོ་བོ་དང་ཁྱད་པར་གྱི་རྣམ་པ་ཅན་ལ་འཇུག་པའི་སེམས་བྱུང་རྩིང་བ་ནི་རྟོག་པ་དང༌། ཞིབ་པ་ནི་དཔྱོད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་སེམས་དང་སེམས་བྱུང་གཉིས་ཀའང་ཕྱི་རོལ་རིག་པ་ལས་མ་གཏོགས་པར་རང་རིག་པ་མེད་པར་སྨྲའོ། །

མི་ལྡན་པའི་འདུ་བྱེད་ཀྱི་གཞི།

བཞི་བ་མི་ལྡན་པའི་འདུ་བྱེད་ཀྱི་གཞི་ནི། མདོར་བསྡུ་ན་རྣམ་གྲངས་བཅུ་བཞི་སྟེ། ཐོབ་པ་དང༌། མ་ཐོབ་པ་དང༌། སྐལ་མཉམ་དང༌། འདུ་ཤེས་མེད་པ་དང༌། འདུ་ཤེས་མེད་པའི་དང༌། འགོག་པའི་སྙོམས་འཇུག་དག་སྟེ། གཉིས་དང༌། སྲོག་དང༌། མཚན་ཉིད་བཞི་རྣམས་དང༌། མིང་གི་ཚོགས་དང༌།དེའི་སོགས་ཁོང་ནས་ཚིག་དང་ཡི་གེའི་ཚོགས་པ་ཡང་བསྟན། ཡང་གི་སྒྲས། དགེ་འདུན་གྱི་དབྱེན་ང༌།ཆུད་མི་ཟ་བའི་རྫས་ཀྱང་སྡུད་དོ། །དེ་དག་ལ་མི་ལྡན་པའི་འདུ་བྱེད་ཅིའི་ཕྱིར་ཟེར་ན། སེམས་དང་མཚུངས་པར་ལྡན་པ་ཡང་མིན་ལ། གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་ན་ཕུང་པོ་ལྔའི་ནང་ཚན་གྱི་འདུ་བྱེད་གང་ཞིག་ཁོ་རང་གི་ངོ་བོ་བེམ་ཤེས་གང་རུང་མ་ཡིན་པའོ། །དང་བོ་ཐོབ་པ་ལ་རྙེད་ཐོབ་དང་ལྡན་ཐོབ་གཉིས། རྙེད་ཐོབ་ལའང་གསར་དུ་རྙེད་པ་དང་ཉམས་ནས་རྙེད་པ་གཉིས། སྔ་མ་ནི། སྦྱོར་ལམ་ཆོས་མཆོག་ཆེན་པོའི་རྗེས་ཀྱི་ཟག་མེད་སྐད་ཅིག་དང་བོ་མཐོང་ལམ་ལྟ་བུ་ལ་བྱེད། ཉམས་ནས་རྙེད་པ་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་དངོས་གཞི་རྙེད་པའི་ཚེ་སྔར་ཉམས་པའི་ཏིང་ངེ་འཛིན་རྣམས་ཀྱང་རྙེད་པ་ལྟ་བུའོ། །ལྡན་ཐོབ་ནི་རྒྱུན་ལྡན་དང་ཡེ་ལྡན་གཉིས། རྒྱུན་ལྡན་སོར་སྡོམ་ཐོབ་པའི་སྐད་ཅིག་མ་དང་པོ་ནས་གཏོང་རྒྱུ་མ་བྱུང་བའི་བར་ལྟ་བུ་ལ་བྱེད། ཡེ་ལྡན་པ་གདོད་མ་ནས་ལྡན་པ་ཚེ་སྔོན་ནས་ཡོད་པ་ལ་འཇུག་མོད། སོ་སྐྱེ་ལ་སྲིད་པའི་ཉོན་མོངས་པ་ཐོག་མ་ནས་ལྡན་པ་ལྟ་བུ་ལ་བྱེད་དོ། །གཉིས་པ་མ་ཐོབ་པ་ནི། མ་བསྒྲིབ་ལུང་མ་བསྟན་ཁོ་ན་སྟེ། ཉོན་མོངས་པ་སྤངས་པ་དང་དགེ་རྩ་ཆད་པའི་གང་ཟག་གཉིས་ལའང་ལྡན་པས་དགེ་སྡིག་གང་རུང་མ་ཡིན་པའི་ཕྱིར་ཐོབ་པའི་འགལ་ཕྱོགས་སུ་གྱུར་བའི་མ་བསྒྲིབ་ལུང་མ་བསྟན་ནམ། མ་ཐོབ་པ་ནི་ཟག་མེད་ཀྱི་ལམ་མ་ཐོབ་པ་དེ་ཡིན་ཏེ་དེ་དང་ལྡན་པའི་རྒྱུད་ནི་སོ་སོ་སྐྱེ་བོར་འདོད་དེ། འཕགས་པའི་ཆོས་མ་སྐྱེས་པའི་རྒྱུད་སོ་སྐྱེ་དང་སྐྱེས་པའི་རྒྱུད་ནི་འཕགས་པའི་གང་ཟག་ཡིན་ནོ། །གསུམ་པ་སྐལ་མཉམ་ནི། སེམས་ཅན་རྣམས་སྤྱོད་པ་དང་རང་བཞིན་དང་བསམ་པ་ལ་སོགས་པ་མཚུངས་ཤིང་འདྲ་བར་བྱེད་པའོ། །མཚན་ཉིད་སེམས་ཅན་འདྲ་བ་བསྐྱེད་པའི་རྫས་སོ། །དབྱེ་བ་ཐ་དད་མ་ཡིན་པ་དང་ཐ་དད་པ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་སེམས་ཅན་དུ་རིགས་གཅིག་པ་ལྟ་བུའོ། །གཉིས་པ་ནི། སྐྱེ་གནས་དང་རིགས་དང་ཕོ་མོ་དང་དགེ་བསྙེན་དང་དགེ་སློང་དང་སློབ་པ་དང་མི་སློབ་པ་ལ་སོགས་རྫས་ཀྱིས་དབྱེ་བ་ཐ་དད་པའོ། །བཞི་བ་འདུ་ཤེས་མེད་པ་ནི། ཡང་དག་པའི་ལམ་དུ་རློམ་པའི་སེམས་དངསེམས་བྱུང་འགོག་པ་གང་ཡིན་པ་དེ་དག་གཟུགས་ཁམས་བསམ་གཏན་བཞི་བའི་ནང་ཚན་འབྲས་བུ་ཆེ་བ་ཞེས་བྱ་བའི་ཕྱོགས་གཅིག་ན་གནས་ཀྱི། གནས་རིགས་གཞན་ན་མེད་དེ། དེར་སྐྱེས་པ་སེམས་དང་སེམས་བྱུང་མ་འོངས་པ་རྣམས་བསྐལ་བ་ཆེན་པོ་ལྔ་བརྒྱར་འགོག་པའི་རྫས་གང་ཡིན་པའོ། །འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་རྣམ་སྨིན་གྱི་འབྲས་བུ་ཁོ་ནའོ། །འདི་ནི་ལྷ་ཚེ་རིང་པོ་ཡིན་ཏེ། མི་ཁོམས་པའི་གནས་བརྒྱད་ཀྱི་གྲངས་སུ་འཇོག་པའི་ཀླ་ཀློ་ཚེ་རིང་ལྷ་དང་ནི། ཞེས་བཤད་པ་དེའོ། །ལྔ་བ་འདུ་ཤེས་མེད་པའི་སྙོམས་འཇུག་ནི། གོང་སྨོས་འདུ་ཤེས་མེད་པའི་ལྷ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་འཇུག་ལ་ཞུགས་པ་དེས་ཀྱང་སེམས་དང་སེམས་བྱུང་རྣམས་འགོག་པ་ཡིན་ཏེ། འདུ་ཤེས་མེད་པའི་རྒྱུ་ཡིན་པའི་ཕྱིར། ས་གང་ཡིན་ཞེ་ན་བསམ་གཏན་བཞི་བར་གཏོགས་ཏེ་སྙོམས་འཇུག་འདིའི་རྣམ་སྨིན་འབྲས་བུ་ཆེ་བའི་ནང་དུ་སྨིན་པའི་ཕྱིར་རོ། །འོན་ཀྱང་ཐར་བའི་ལམ་ཡིན་པར་རློམས་ནས་སྒོམ་པ་ཀུན་སློང་གི་བསམ་པ་དགེ་བའི་ལས་དགེ་བར་གཏོགས། སྙོམས་འཇུག་འདི་ལ་སོ་སྐྱེ་ཁོ་ནས་འཇུག་གི། འཕགས་རྣམས་ཀྱིས་ནི་ལམ་གོལ་དུ་གཟིགས་པའི་ཕྱིར་མི་འཇུག་གོ། དྲུག་པ་འགོག་པའི་སྙོམས་འཇུག་ནི། གོང་སྨོས་ལྟར་སེམས་སེམས་བྱུང་འགོག་པ་ཉིད་ཡིན་ལ། འདི་ལ་འཇུག་པའི་གང་ཟག་ཀྱང་འཕགས་པ་ཁོ་ནས་ཡིན་གྱི་སོ་སྐྱེ་དག་གིས་འཇུག་མི་ནུས་སོ། །དེར་འཇུག་པའི་ཀུན་སློང་གི་ཡིད་བྱེད་ཀྱང་ཐར་བའི་གོ་འཕང་དུ་འཁྲུལ་ནས་མ་ཡིན་ཞིང་ཚོར་བ་མ་ཞི་བ་སེམས་ཟིང་ཟིང་པོ་རྣམས་ཞི་ནས་ཞི་བར་གནས་པའི་དོན་དུ་སྙོམས་པར་འཇུག་པ་ཡིན་ཞིང༌། འཕགས་པ་ཡང་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་རྣམས་སོ། །སྐྱེ་བའི་རྟེན་ནི་སྲིད་རྩེའི་སྟེང་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཁོ་ན་ལས་སྐྱེས་པ་ཁོ་ནས་འཇུག་གོ། ལུས་ཀྱི་རྟེན་ནི་འདོད་ཁམས་པ་ལའང་ཡོད་དོ། །ཐེག་ཆེན་བྱང་ཆུབ་སེམས་དཔའ་རྣམས་འདི་ལ་སྙོམས་པར་ཞུགས་ན་སེམས་རྒྱུན་མེད་པའི་ཕྱིར་གཞན་དོན་ཉམས་པར་འགྱུར་བ་ལ་དགོངས་ནས་ཞག་བདུན་ལས་རིང་བར་མི་འཇུག་ཅིང་བཀག་པ་ཡིན་ནོ། །ད་ལྟ་མཁས་བླུན་རྣམས་ཀྱིས་ཉན་ཐོས་འགོག་པ་ཞེས་རླུང་ལྟར་བརྗོད་པ་དེ་ཡང་འདོད་ཁམས་པའི་ལུས་རྟེན་ཅན་སྙོམས་འཇུག་འདི་ལ་ཞུགས་པའི་གང་ཟག་ཡིན་ནོ། །སྙོམས་འཇུག་དེ་གཉིས་ཀའང་འདོད་པ་དང་གཟུགས་ཁམས་ཀྱི་རྟེན་ཅན་ཡིན་གྱི་གཟུགས་མེད་ལ་བརྟེན་པ་ནི་མེད་དོ། །བདུན་པ་སྲོག་གི་དབང་པོ་ནི། ཁམས་གསུམ་པའི་ཚེ་ལ་ཟེར་ཏེ་ཚེ་དེ་ཉིད་གང་ཞེ་ན་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་དང་རྒྱུ་ཡིན་ནོ། །དེའང་ཁམས་འོག་མ་དེ་གཉིས་ཀ་དང་གཟུགས་མེད་ན་རྣམ་ཤེས་ཁོ་ནས་རྟེན་བྱེད་དོ། །དེ་ཡང་ཁམས་གསུམ་སོ་སོའི་ལས་ཀྱི་རིགས་མཐུན་པ་གནས་པའི་དུས་ཀྱི་འཕེན་པ་དང་འཕངས་པ་དེ་སྲིད་དུ་གནས་པ་དེ་ལ་ཚེ་ཞེས་བྱའོ། །བརྒྱད་པ་འདུས་བྱས་ཀྱི་མཚན་ཉིད་བཞི་ནི། མཛོད་ལས། །མཚན་ཉིད་དག་ནི་སྐྱེ་བ་དང༌། །རྒ་དང་གནས་དང་མི་རྟག་ཉིད། །ཅེས་པས། འདུས་བྱས་ཀྱི་ཆོས་རྣམས་སྐྱེད་པར་བྱེད་པའི་སྐྱེ་བ་དང༌། རྙིང་པར་བྱེད་པའི་རྒ་བ་དང༌། གནས་པར་བྱེད་པའི་གནས་པ་དང༌། འཇིག་པར་བྱེད་པའི་མི་རྟག་པ་སྟེ་བཞིའོ། །དབྱེ་ན་སྐྱེ་བའི་སྐྱེ་བ། སྐྱེ་བའི་རྒ་བ། སྐྱེ་བའི་གནས་པ། སྐྱེ་བའི་མི་རྟག་པ་དང་བཞི་ལས། བུམ་སོགས་མཚན་གཞི་གང་ཡིན་དེ་དང་སྐྱེ་བའི་སྐྱེ་བ་སོགས་ཆོས་བརྒྱད་པོ་ཀུན་ཀྱང་འདུས་བྱས་ཡིན་པ་མ་སྐྱེས་པ་མེད་པའི་ཕྱིར་སྐྱེ་བའི་སྒྲ་རེ་སྦྱར་བའོ། །སྐྱེ་བའི་སྐྱེ་རྒྱུ་ཁོ་རང་ཡིན་པས་རྫས་གཞན་མེད་དེ་སྐྱེ་བ་གཅིག་ལ་འཇུག་གོ། ཀ་བུམ་ལ་སོགས་མཚན་གཞིར་གྱུར་པའི་འདུས་བྱས་སྐྱེ་བ་དང་ལྡན་པར་བྱེད་པའི་རྫས་དེ་སྐྱེ་བའི་མཚན་ཉིད། འདུས་བྱས་གང་རྙིང་པ་དང་ལྡན་པར་བྱེད་པའི་རྫས་དེ་རྒ་བའི་མཚན་ཉིད། འདུས་བྱས་གང་ཞིག་གནས་པར་བྱེད་པའི་རྫས་དེ་གནས་པའི་མཚན་ཉིད། འདུས་བྱས་གང་ཞིག་འཇིག་པ་དང་ལྡན་པར་བྱེད་པའི་རྫས་དེ་འཇིག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །བཅུ་གཉིས་པ་མིང་ནི། དོན་གྱི་ངོ་བོ་ཙམ་བརྗོད་པར་བྱེད་པའི་མི་ལྡན་འདུ་བྱེད་དེའོ། །མཚན་གཞི་ནི་ཀ་བ་བུམ་པ་ལ་སོགས་པའོ། །བཅུ་གསུམ་པ་ངག་དང་ཚིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། དེ་ཇི་ལྟ་བུ་ཞེ་ན། འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་པ་ལྟ་བུའོ། །བཅུ་བཞི་བ་ཡི་གེའི་མཚན་ཉིད་ནི། མིང་དང་ཚིག་གཉིས་ཀའི་གདགས་གཞིར་གྱུར་པ་སྟེ། ཇི་ལྟ་བུ་ཞེ་ན། ཨ་ཞེས་པ་དང་ཀ་ཞེས་པ་ལྟ་བུའོ། །དགེ་འདུན་གྱི་དབྱེན་ནི་གོ་སླ་ལ། སྟོན་པ་བཞུགས་པའི་དུས་ལྷས་བྱིན་གྱིས་སྟོན་པ་མ་ཡིན་པར་སྟོན་པར་བཅོས་ནས་སྟོན་པའི་བསྟན་པ་ལས་གཞན་དུ་གྱུར་པའི་ཆོས་བསྟན་པ་ལྟ་བུ་སྟེ། དེ་ཡང་འོ་མ་མི་བཏུང་བ། ཤ་མི་ཟ་བ། ལན་ཚྭ་མི་སྤྱོད་པ། གོས་མ་དྲས་པ་བགོ་བ། གྲོང་གི་གཙུག་ལག་ཁང་དུ་གནས་པ་སྟེ་གཞི་ལྔ་བསྟན་པས་དགེ་འདུན་རྣམས་ལྟ་སྤྱོད་མ་མཐུན་པ་ལྟ་བུ་འཁོར་ལོའི་དབྱེན་ཞེས་བྱའོ། །དགེ་བ་ལ་སོགས་པའི་ལས་བྱས་པ་ནའང་ཆུད་མི་ཟ་བའི་རྫས་ཞེས་བྱ་བ་ཐོབ་པ་ཡིན་ནོ། །ཞེས་པ་ཙམ་ལས་ཕྱི་མ་དེ་གཉིས་ལ་རྒྱས་བཤད་མ་བྱུང་ངོ༌། །

འདུས་མ་བྱས་ཀྱི་གཞི།

ལྔ་བ་འདུས་མ་བྱས་ཀྱི་གཞི་ནི། གོང་ཟག་མེད་ཀྱི་སྐབས་སུ་སྨོས་པའི་ནམ་མཁའ་དང༌། སོ་སོར་བརྟགས་འགོག་སོ་སོར་བརྟགས་མིན་འགོག་སྟེ་གསུམ་མོ། །དེ་དག་གིས་བྱེ་སྨྲའི་གྲུབ་མཐའ་ཕྱོགས་ཙམ་བརྗོད་ཟིན་ཏོ། །། །

མདོ་སྡེ་བའི་གྲུབ་མཐའ།

གཉིས་པ་མདོ་སྡེ་བའི་གྲུབ་མཐའ་ནི། ཕལ་ཆེ་བ་བྱེ་བྲག་སྨྲ་བ་དང་མཐུན་པ་ལས། ཁྱད་པར་སྔར་བཤད་གཟུགས་ཀྱི་གཞི་རྣམས་ལས་རིག་མིན་གྱི་གཟུགས་ནི་སྤོང་སེམས་རྒྱུན་ཆགས་པ་ལ་སོགས་ཡིན་པས་གཟུགས་མ་ཡིན་ཏེ། གཟུགས་ཅན་ལ་བརྟེན་པའི་ཕྱིར་གཟུགས་སུ་བརྟགས་པར་འདོད་དོ། །རིག་མིན་གྱི་གཟུགས་དང་དུས་གསུམ་རྫས་སུ་མི་འདོད་དེ་བརྟགས་ཡོད་ཙམ་དུ་འདོད་དོ། །རིག་མིན་མ་གཏོགས་པའི་མིག་སོགས་དབང་པོ་རྣམས་ནི་རྣམ་ཤེས་ཀྱི་བདག་པོའི་རྐྱེན་དང༌། ཡུལ་གཟུགས་སོགས་རྣམས་ཀྱང་ཤེས་པ་ལ་རྣམ་པ་གཏོད་པས་དམིགས་པའི་རྐྱེན་དུ་འདོད་དོ། །རྡུལ་ཕྲ་རབ་ཆ་མེད་རེག་ལ་མ་འབྱར་བ་འདུས་པ་ལས་རགས་པ་རྩོམ་པར་འདོད་དོ། །དེ་ཡང་གཟུགས་དྲི་རོ་སོགས་ཕྱི་རོལ་གྱི་དོན་རགས་པའི་གཟུང་འཛིན་ནི་མི་འདོད་དེ། ལྐོག་གྱུར་རམ་ཕག་ན་མོའི་ཚུལ་གྱིས་བག་ཉལ་ལྟ་བུར་འདོད་ལ། སེམས་དང་སེམས་བྱུང་གི་གཞི་སྒོ་ལྔའི་རྣ་ཤེས་དང༌། དེའི་འཁོར་སེམས་ལས་བྱུང་བ་ལ་སོགས་པས་ཡུལ་གཟུགས་སོགས་ལ་དམིགས་ཏེ་གཟུགས་སོགས་ཡུལ་ལྔ་མཐོང་བ་མེད་ཀྱང་མིའི་བཞིན་གྱིས་མེ་ལོང་ལ་རང་འདྲའི་རྣམ་པ་གཏད་པ་ལྟར། ཡུལ་གྱི་ཤེས་པ་སྐད་ཅིག་གཉིས་པར་ཡུལ་དེ་རང་དང་འདྲ་བའི་རྣམ་པ་གཏད་པ་ལས་བྱུང་བའོ། །དེའང་རྣམ་པ་མ་གཏད་པར་གཟུགས་སོགས་ལྐོག་ཏུ་གྱུར་པ་ཡིན་ལ། རྣམ་པ་གཏོད་བྱེད་དེས་ཕྱི་རོལ་དུ་རྣམ་པ་གཏད་པས་གཟུགས་སོགས་མིག་སོགས་ལ་པར་བཏབ་པ་ལྟ་བུར་མངོན་དུ་བྱེད་པ་སྟེ། ཤེས་པ་དོན་གྱི་རྣམ་པར་ཤར་བས་དེ་དང་འདྲ་བར་ཉམས་སུ་མྱོང་བ་ལ་དོན་མཐོང་ཞེས་རྣམ་པར་འཇོག་སྟེ། རྣམ་ངེས་ལས། འདྲ་བ་ཉམས་སུ་མྱོང་བ་ལ། །དོན་མྱོང་ཞེས་ནི་རྣམ་པར་བརྗོད། །ཅེས་སོ། །

གཞིའི་རྣམ་བཞག

མདོ་སྡེ་བ་འདིས་ཞེ་དོན་ལ་སྣང་སེམས་གཞི་མཐུན་པས་སློབ་དཔོན་ཁ་ཅིག་ཐེག་ཆེན་དུ་བཞེད་པའང་ཡོད་པར་མངོན་ལ། རྣམ་པ་གཏད་པས་རང་འདྲ་བར་ཤར་བ་ལ་ཡུལ་དུ་འདོད་པའི་ཕྱིར་རྣམ་པ་དེ་ཉིད་སེམས་ཀྱི་བག་ཆགས་ལས་འོས་མེད་རུང་ཐེག་དམན་གྱི་སྐབས་འདིར་ཀུན་གཞི་དང་བག་ཆགས་དངོས་སུ་མི་འདོད་དོ། །ཤེས་པ་ཐམས་ཅད་གསལ་བར་མྱོང་བ་རང་རིག་པ་ནི་མ་འཁྲུལ་པ་ཡིན་པར་འདོད་ལ། འདི་པས་ལྡན་མིན་འདུ་བྱེད་རྣམས་ཀྱང་ཐལ་མོ་བསྐུམས་པའི་གནས་སྐབས་སུ་ཞུ་ཚུལ་ཡིན་པ་བཞིན། གཟུགས་དང༌། སེམས་དང༌། སེམས་བྱུང་གི་གནས་སྐབས་ཡིན་པས་དེ་གསུམ་ལས་རྫས་ཐ་དད་དུ་གྱུར་པ་ནི་མེད་དོ། །ཞེས་འདོད། བདེན་པ་གཉིས་ཀྱི་འཇོག་ཚུལ་བྱེ་སྨྲ་དང་མཐུན་ནོ། །བྱེ་མདོ་གཉིས་ཀའི་ལམ་སྒོམ་པ་ནི། བདེན་པ་བཞི་པོ་རེ་རེ་ལ། སྡུག་བདེན་གཅིག་པུ་ལའང༌། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ།ཆོས་ཐམས་ཅད་བདག་མེད་པ་སྟེ་སྟོང་པ། མྱ་ངན་ལས་འདས་པ་ནི་ཞི་བའོ། །དེ་ཡང་འདི་ལྟར་སྡུག་བསྔལ་ནི་རྐྱེན་ལ་རག་ལས་པའི་ཕྱིར་མི་རྟག་པའོ། །གནོད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །བདག་གིར་ལྟ་བའི་མི་ཐུན་ཕྱོགས་ཀྱིས་སྟོང་པའོ། །བདག་ཏུ་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱིས་བདག་མེད་པའོ། །ཀུན་འབྱུང་ནི་ས་བོན་གྱི་ཆོས་ཀྱི་ཚུལ་གྱི་རྒྱུའོ། །འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བའོ། །འབྲེལ་བའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ། །མངོན་པར་གྲུབ་པའི་དོན་གྱིས་ནི་རྐྱེན་ནོ། །འགོག་པ་ནི། ཕུང་པོ་ཞིག་པའི་ཕྱིར་འགོག་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་གི་མེ་གསུམ་ཞི་བའི་ཕྱིར་ཞི་བའོ། །འཚེ་བ་མེད་པའི་ཕྱིར་གྱ་ནོམ་པའོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ངེས་པར་འབྱུང་བའོ། །ལམ་ནི། བགྲོད་པའི་དོན་གྱིས་ལམ་མོ། །འཐད་པ་དང་ལྡན་པའི་ཕྱིར་རིག་པའོ། །ཡང་དག་པར་སྒྲུབ་པའི་དོན་གྱིས་སྒྲུབ་པའོ། །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པར་བྱེད་པའོ། །དེ་ལྟར་བདེན་པ་རེ་རེ་ལའང་ཁྱད་ཆོས་བཞི་རེ་སྦྱར་ནས་སྒོམ་པ་ཡིན་ལ། ལམ་གྱི་སྤང་བྱ་ནི། ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་གཉིས་ལས། སྔ་མ་ཐར་བ་འཐོབ་པའི་བར་ཆད་གང་ཟག་གི་བདག་དང༌། དེ་ལས་བྱུང་བའི་དུག་གསུམ་ས་བོན་དང་བཅས་པ་ལྟ་བུའོ། །ཕྱི་མ་ནི་སངས་རྒྱས་ཀྱི་ཆོས་ཟབ་ཅིང་ཕྲ་བ་མི་ཤེས་པའི་ཉོན་མོངས་མ་ཡིན་པའི་སྒྲིབ་པའོ། །སྒྲིབ་པ་དེ་གཉིས་ལས་ཤེས་སྒྲིབ་མི་འདོད་དོ། །

ལམ་གྱི་རྣམ་བཞག

ལམ་གྱི་རང་བཞིན་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་སྟེ་ལམ་ལྔའི་རྣམ་བཞག་ཁས་ལེན་ཀྱང་ས་བཅུའི་ཡེ་ཤེས་མི་འདོད་དོ། །ལམ་བདེན་ལ་ཤེས་པས་མ་ཁྱབ་སྟེ། ཟག་མེད་ཀྱི་ཕུང་པོ་ལྔ་ལམ་བདེན་ཡིན་པའི་ཕྱིར་རོ། །ཟག་མེད་ཀྱི་ཕུང་པོ་ལྔ་ནི། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་གཙོ་བོར་གྱུར་པའི་འཁོར་དུ། ཚུལ་ཁྲིམས་ཀྱི་ཕུང་པོ། ཏིང་ངེ་འཛིན་གྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་སྟེ་ལྔའོ། །འབྲས་བུ་ནི། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་པོ་དེ་བསྒོམ་པས་མཐར་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ཉོན་མོངས་པ་ཅན་གྱི་སྒྲིབ་པ་བཅོམ་པའི་འབྲས་བུ་འཐོབ་པོ།།ཉན་ཐོས་རྒྱུན་དུ་ཞུགས་པ་ལ། ཞུགས་པ་དང་གནས་པ་གཉིས། ལན་གཅིག་ཕྱིར་འོང་ལ་ཞུགས་གནས་གཉིས། ཕྱིར་མི་འོང་པ་ལ་ཞུགས་གནས་གཉིས། དགྲ་བཅོམ་པ་ལ་ཞུགས་གནས་གཉིས་ཏེ་ཟུང་བཞི་ཡ་བརྒྱད་དུ་བརྗོད་ཅིང༌། ཞུགས་གནས་བརྒྱད་པོ་གང་རུང་ལ་འཕགས་པས་ཁྱབ་པར་འདོད་དོ། །རང་རྒྱལ་ནི། ཐེག་དམན་གྱི་སྡེ་སྣོད་གསུམ་ལ་བརྟེན་ནས་བསྒོམ་པས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ལས་བྱུང་སྟེ། བསེ་རུ་ལྟ་བུའི་རང་རྒྱལ་རྣམས་ཀྱིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པའི་ལྟ་བ་དེ་བསྐལ་ཆེན་བརྒྱ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་སྦྲེལ་ཏེ། ཚོགས་ལམ་ཆེན་པོ་མན་ཆད་དུ་ཉམས་སུ་བླངས་ནས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་དོ། །ཉན་ཐོས་པས་གང་ཟག་གི་བདག་མེད་རྟོགས་པར་ཁས་བླངས་ཀྱང༌། གཟུང་ཡུལ་གྱི་དངོས་པོ་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་ལ། རང་རྒྱལ་གྱིས་གང་ཟག་གི་བདག་མེད་རྟོགས་པའི་སྟེང༌། གཟུང་བ་ཕྱི་རོལ་གྱི་དོན་ཡང་བདེན་མེད་དུ་རྟོགས་པས། བདག་མེད་ཕྱེད་དང་གཉིས་རྟོགས་པར་བྱེད་ལ། འཛིན་པའི་སེམས་བདེན་མེད་དུ་མ་རྟོགས་ཏེ། རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དུ་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་སོ། །ལམ་བགྲོད་ཚུལ་ཕལ་ཆེར་ཉན་ཐོས་དང་མཚུངས་སོ། །བྱང་སེམས་རྣམས་ཀྱིས་ཚོགས་ལམ་གྱི་གནས་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་པར་བྱེད་ཅིང༌། དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ཏེ་སྲིད་པ་ཐ་མའི་ཚེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་ལྷའི་བུའི་བདུད་བཏུལ་གུང་ལ་མཉམ་པར་བཞག་པའི་ཚེ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། གསུམ་མངོན་དུ་བྱས་ནས། ཐོ་རངས་སྐྱ་རེངས་ཤར་བ་ཙམ་ན་མི་སློབ་ལམ་མངོན་དུ་བྱེད་དོ། །དེས་ན་སྲོད་ལ་བདུད་བཏུལ་བ་ཡན་ཆད་སོ་སྐྱེའི་གནས་སྐབས་དང༌། བྱང་སེམས་ཀྱི་སྦྱོར་མཐོང་སྒོམ་གསུམ་ལ་མཉམ་བཞག་ཁོ་ནས་ཁྱབ་པར་འདོད་ཅིང༌། མཛད་པ་བཅུ་གཉིས་ཀྱི་དང་པོ་དགུ་བྱང་སེམས་དང༌། ཕྱི་མ་གསུམ་སངས་རྒྱས་ཀྱི་མཛད་པར་ཁས་ལེན་ནོ། །ཆོས་འཁོར་ལ་མཐོང་ལམ་གྱིས་ཁྱབ་པ་དང༌། ལུང་གི་ཆོས་འཁོར་ལ་བདེན་བཞིའི་ཆོས་འཁོར་གྱིས་ཁྱབ་པར་འདོད་དོ། །མངོན་པ་སྡེ་བདུན་སངས་རྒྱས་ཀྱིས་གསུངས་པའི་བཀར་ཁས་ལེན་ཞིང༌། བཀའ་ལ་སྒྲ་ཇི་བཞིན་པས་ཁྱབ་པོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལས། བཞི་སྟོང་གི་རྣམ་བཞག་ཁས་མི་ལེན་ཏེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཅེས་གསུངས་སོ། །སངས་རྒྱས་ཀྱིས་བྱང་ཆུབ་མངོན་དུ་མཛད་པའི་གནས་ནི་འདོད་ཁམས་ཁོ་ནར་ངེས་ཏེ་སྤྲུལ་སྐུའི་ཞིང་སྟོང་གསུམ་མི་མཇེད་ཀྱི་ཁམས་འདི་ལས། སྟུག་པོ་བཀོད་པ་སོགས་ལོངས་སྐུའི་ཞིང་དང་ལོངས་སྐུ་ཁས་མི་ལེན་ལ། རྣམ་མཁྱེན་གྱི་ཡེ་ཤེས་ཀྱང་མི་འདོད་དོ། །

འབྲས་བུའི་རྣམ་བཞག

གཉིས་ཀས་ཐེག་ཆེན་སངས་རྒྱས་ཀྱི་བཀར་མི་འདོད། བྱེ་སྨྲས་སངས་རྒྱས་ཀྱི་སྐུ་ནི་སྔར་བྱང་སེམས་སྦྱོར་ལམ་པའི་ལུས་རྟེན་དང་ཚེ་གཅིག་གིས་བསྡུས་པའི་ཕྱིར་སངས་རྒྱས་དཀོན་མཆོག་མིན་ཡང་སངས་རྒྱས་སུ་ཁས་ལེན། སངས་རྒྱས་དཀོན་མཆོག་ནི་དེའི་ཐུགས་རྒྱུད་ཀྱི་ཟད་དང་མི་སྐྱེ་བ་མཁྱེན་པའི་ཡེ་ཤེས་ལ་འདོད། མདོ་སྡེ་པས་རྟེན་གཟུགས་སྐུ་དང་བརྟེན་པ་ཆོས་སྐུ་གཉིས་ཀ་སངས་རྒྱས་དང་དགེ་འདུན་དཀོན་མཆོག་ཏུ་འདོད། དགེ་འདུན་ཡང་སློབ་པ་འཕགས་པ་རྣམས་ཟག་བཅས་ཡིན་པས་དགེ་འདུན་ཡིན་ལ། དགེ་འདུན་དཀོན་མཆོག་ནི་དེའི་ཐུགས་རྒྱུད་ཀྱི་ལམ་བདེན་ལ་འདོད་དོ། །ཆོས་དཀོན་མཆོག་ཀྱང་སངས་རྒྱས་དང་ཉན་རང་གཉིས་ཀའི་རྒྱུད་ཀྱི་མྱང་འདས་གསུམ་དང་ཉོན་མོངས་པ་དང་སྡུག་བསྔལ་མ་ལུས་པ་ཞི་བའི་འགོག་བདེན་ལ་འཇོག་གོ། གཞན་ཡང་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་སངས་རྒྱས་ཡིན་ཞིང༌། ཐུགས་ནི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ཆོས་སྐུ་སྟེ། མྱ་ངན་ལས་འདས་པའི་ངོ་བོ་བློ་ཡིས་ཟད་པའི་སྟོང་ཉིད་དེ་མར་མེ་ཤི་བ་ལྟ་བུར་འདོད་པ་དང༌། སྡེ་བ་བཅོ་བརྒྱད་ཀྱི་གནས་མ་བུ་སོགས་གྲུབ་མཐའ་དམན་པ་འགའ་ཞིག་གིས་ལས་འབྲས་ཀྱི་རྟེན་དུ་རྫས་སུ་གྲུབ་པའི་གང་ཟག་གི་བདག་ཀྱང་ཡོད་པར་འདོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང༌། ཐེག་དམན་གྱི་སྡེ་སྣོད་གསུམ་ལ་སོ་སོའི་སེམས་བསྐྱེད་རྒྱ་ཆེ་ཆུང་གིས་འབྱུང་བར་འདོད་དོ། །དེ་དག་གིས་མདོ་སྡེ་པའི་གྲུབ་མཐའི་འདོད་ཚུལ་ཕྱོགས་ཙམ་བརྗོད་ཟིན་ཏོ། །། །


previousཐེག་པ་འོག་མ་བྱེ་མདོ་གཉིས།next