Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

13 occurrences of གཏེར་སྲུང་
[Clear Hits]


  
  
  
འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ།
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
 
  
  
  


13 occurrences of གཏེར་སྲུང་
[Clear Hits]

 
previousའཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ།next

འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ།


JKT015_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ།


JKT015_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི། །པདྨ་གར་དབང་སྤྱན་རས་གཟིགས། །འཇིག་རྟེན་དབང་ཕྱུག་ལ་བཏུད་ནས། །འཁོར་བ་དོང་སྤྲུགས་ཐུགས་རྗེ་ཆེའི། །སྒྲུབ་ཐབས་ཕྲིན་ལས་འདུས་གསལ་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་སྟེགས་བུའི་ཁར་བསྒོམ་དོན་དང་མཐུན་པའི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ། མཆོད་གཏོར་གྱིས་མཐའ་བསྐོར། དབང་བསྐུར་སོགས་དང་འབྲེལ་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་དང་། ལྷ་ཙཀ་བཅས་བཤམ། རང་གི་མདུན་དུ་རྡོར་དྲིལ། འཐོར་ནས། ལས་བུམ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། རྒྱུན་གྱི་རྣལ་འབྱོར་ཙམ་ལ་མཆོད་གཏོར་ཁོ་ནའམ་ཏིང་ངེ་འཛིན་གྱིས་སྤྲུལ་པས་ཀྱང་རུང་ངོ་། །གཉིས་པ་ལ་གཉིས། སྐྱབས་


JKT015_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཚོགས་བསག་གིས་རྒྱུད་སྦྱང་བ་དང་། མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པའོ། །དང་པོ་ནི། ཧཱུྃ༔ རང་རིག་རྩ་བ་གསུམ་གྱི་དངོས༔ མཆོག་གསུམ་འདུས་པ་ལྷག་པའི་ལྷ༔ འཁོར་བ་དོང་སྤྲུགས་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ མཆོད་ཅིང་སྡིག་པ་ཐམས་ཅད་བཤགས༔ ཡི་རང་བསྐུལ་ཞིང་མི་འདར་གསོལ༔ དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གཉིས་པ་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྣང་སྲིད་ཀུན༔ མཆོད་པའི་ཕྱག་རྒྱ་ཆེན་པོར་གསལ༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུརཿ ཨོཾ་བཛྲ་སྤ་ར་ཎ་ཁཾ༔ གཉིས་


JKT015_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པ་དངོས་གཞི་ལ་གསུམ། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་པ། ལས་ལ་སྦྱར་བའོ། །དང་པོ་ནི། ཧཱུྃ༔ སྣང་སྲིད་འཁོར་འདས་གདོད་ནས་སྟོང་༔ ཀུན་ཁྱབ་སྙིང་རྗེ་འགྲོ་ལ་བསྒོམ༔ ཧྲི༔ཡིག་དམར་པོའི་འཕྲོ་འདུ་ཡིས༔ སྣོད་བཅུད་ཐུགས་རྗེའི་ཞིང་དུ་གྱུར༔ དེ་དབུས་པདྨ་ཟླ་བའི་སྟེང་༔ རང་རིག་ཧྲིལས་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་སྐུ་མདོག་དམར༔ ཁྱེའུ་གཞོན་ནུའི་ངང་ཚུལ་ལ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ རལ་པའི་ཟུར་ཕུད་དར་གྱིས་བཅིངས༔ ཕྱག་གཡས་པདྨའི་ཕྲེང་བ་འདྲེན༔ གཡོན་པས་ཁྲུས་ཀྱི་བུམ་པ་འཛིན༔ དར་གྱི་ཨ་རག་མཛེས་པར་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འོད་ཕུང་འབར་བའི་ཀློང་དུ་གསལ༔ སྤྱི་བོར་རིགས་བདག་འོད་དཔག་མེད༔ དམར་གསལ་སྤྲུལ་སྐུའི་ཆ་ལུགས་ཅན༔ ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་བཞག་ཕྱག་རྒྱས་ལྷུང་བཟེད་འཛིན༔ པདྨ་ཟླ་བའི་གདན་དུ་གསལ༔ བདག་གི་ཐུགས་ཀར་ཟླ་བའི་སྟེང་༔ ཧཱིམཐར་ཡི་གེ་དྲུག་པས་བསྐོར༔ ཡེ་ཤེས་ལྔ་རུ་དབང་བསྐུར་ཞིང་༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཨོཾ་ཧཱུྃ་ཧཱུྃ་ཧཱིཝཨཱ༔ ཨོཾ་ཨཱཿཧཱུྃ༔ ཞེས་བདག་ཉིད་ཕྱག་རྒྱ་གཅིག་པའི་ལྷ་སྐུར་གསལ་བར་བསྒོམས་ལ་སེམས་བཟུང་། དེས་སྐྱོ་ན་བཟླས་པ་བྱ་བ་ནི། ཐུགས་ཀའི་ཧཱུྃལས་


JKT015_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཕྲོས་པས༔ རྒྱལ་བ་ཀུན་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་ཀུན་སྦྱངས་ཏེ༔ འཁོར་བ་དོང་ནས་སྤྲུགས་པར་བྱས༔ སྣང་སྲིད་ཐུགས་རྗེའི་ཞིང་དུ་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཞེས་ཅི་ནུས་དང་། ཨོཾ་བི་པུ་ལ་གནྡྷེ་མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ་ནིརྡེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལེ་སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་རྒྱ་ཨ་དྷིཊྛི་ཏེ་གནྡྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་འཁོར་བ་དོང་སྤྲུགས་ཀྱི་གཟུངས་སྔགས་ཀྱང་ཇི་ལྟར་རིགས་པ་བཟླ། གཉིས་པ་ལ་གཉིས། མདུན་བསྐྱེད་དངོས་དང་། ཞར་བྱུང་བུམ་པ་སྒྲུབ་པའོ། །དང་པོ་ལ། ལྷ་བསྐྱེད་ཡེ་ཤེས་དགུག་ཅིང་བསྟིམ། །བཞུགས་གསོལ་དབང་བསྐུར་ཕྱག་རྒྱས་གདབ། །མཆོད་བསྟོད་བཟླས་པ་བྱ་བའོ། །ཞེས་བདུན་ལས། དང་པོ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ༔ ཆོས་རྣམས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཉི་ཟླའི་སྟེང་༔ ཧྲི༔ཡིག་འོད་ལས་སྲུང་བའི་གུར༔ ཞིང་ཁམས་ཆེན་པོར་དག་པའི་དབུས༔ ཡེ་ཤེས་ལས་གྲུབ་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྒྱན་རྣམས་རྫོགས༔ འདབ་བརྒྱད་གེ་སར་ཡངས་པའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱི༔ལས་པདྨ་ཤཱིས་མཚན་པ༔ འོད་འབར་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་པ་མ་ལུས་སྦྱངས༔ ཚུར་འདུས་ཡོངས་


JKT015_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་ལས༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་སྐུ་མདོག་དམར༔ ཁྱེའུ་མཚན་དཔེ་རྫོགས་པའི་ཚུལ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ རལ་པའི་ཐོར་ཚུགས་དར་གྱིས་བཅིངས༔ ཕྱག་གཡས་པདྨའི་ཕྲེང་བ་འཛིན༔ གཡོན་པས་ཁྲུས་ཀྱི་བུམ་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེསཿ ཞབས་གཉིས་མཉམ་པར་བཞེངས་པའི་ཚུལ༔ འོད་ཕུང་དམར་པོ་ཀུན་ཏུ་འབར༔ སྤྱི་བོར་རིགས་བདག་འོད་དཔག་མེདཿ དམར་གསལ་སྤྲུལ་སྐུའི་ཆ་ལུགས་ཅན༔ ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་བཞག་ཕྱག་རྒྱས་ལྷུང་བཟེད་འཛིན༔ པདྨ་ཟླ་བའི་གདན་དུ་གསལ༔ ཤར་དུ་ཁ་སར་པཱ་ཎི་དཀར༔ མཆོག་སྦྱིན་ཕྱག་རྒྱ་པད་དཀར་འཛིན༔ ལྷོ་རུ་དོན་ཡོད་ཞགས་པ་སེ༔ ཡིད་བཞིན་ནོར་བུ་ཞགས་པ་འཛིན༔ ནུབ་ཏུ་པདྨ་གཙུག་ཏོར་དམར༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ བྱང་དུ་རྡོ་རྗེ་སྙིང་པོ་སྔོ༔ ཕྱག་གཉིས་རྡོ་རྗེ་ཞགས་པ་འཛིན༔ མཚམས་བཞིར་རིགས་བཞིའི་སྒྲོལ་མ་བཞི༔ དཀར་སེར་དམར་ལྗང་ཨུཏྤལ་འཛིན༔ ཁྱམས་ལ་མཆོད་པའི་ལྷ་མོ་བརྒྱད༔ བདེ་བའི་ཉམས་ལྡན་མཆོད་སྤྲིན་སྤྲོ༔ སྒོ་བཞིར་ལྷ་མོ་དཀར་སེར་དམར༔ ལྗང་གུ་ཕྱག་རྒྱ་བཞི་འཛིན་གསལ༔ གནས་གསུམ་ཨོཾ་ཨཱཧཱུྃ་གིས་མཚན༔ ཐུགས་ཀའི་ཧཱུྃ་ལས་


JKT015_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཕྲོས་པས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ གཉིས་པ་ནི། ཧཱུྃ༔ ཤར་ཕྱོགས་པོ་ཏ་ལ་ཡི་ཞིང་༔ ངོ་མཚར་བཀོད་པ་ཁྱད་འཕགས་ནས༔ ཐུགས་རྗེ་ཆེན་པོ་སྤྱན་འདྲེན་གྱི༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གི་བྱིན་ཆེན་ཕོབ༔ ཡིད་ལ་ཐུགས་ཀྱི་ཡེ་ཤེས་སྤོར༔ དབང་མཆོག་མ་ལུས་བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཨེ་བྱེ་ཧི་བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ གསུམ་པ་ནི། ཧཱུྃ༔ བཅོམ་ལྡན་ཐུགས་རྗེའི་ལྷ་ཚོགས་རྣམསཿ བདག་ཅག་འགྲོ་ཀུན་དོན་མཛད་ཕྱིར༔ རིན་ཆེན་གཞལ་ཡས་མཛེས་ཁྲིའི་དབུས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས༔ འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས༔ བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ ཡེ་ཤེས་ལྔ་བདག་ཅོད་པན་འཆང་༔ ཧཱིཧཱུྃ་ཧཱུྃ་ཨོཾ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ནི། ཨོཾ་དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ནས༔ འཇིག་རྟེན་དབང་ཕྱུག་འཁོར་བཅས་མཆོད༔ ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨགྷཾ་པཱ་ཏྱཾ་པུཔྤེ་དྷ་པེ་ཨཱ་ལོ་ཀེ་གནྡྷེ་ནི་བི་དྷུ་ཤརྡ་པཱུ་ཛ་ཧོ༔ དྲུག་པ་ནི། ཧཱུྃ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔ བྱིན་རླབས་


JKT015_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུགས་མཛད་པའི༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ རིགས་ཀྱི་བདག་པོ་འོད་དཔག་མེད༔ གང་འདུལ་རོལ་པས་འཁོར་བ་སྒྲོལ༔ ཀུན་བཟང་རྣམ་ཐར་སྤྲིན་སྤྲོ་བ༔ འཁོར་ཚོགས་རྒྱ་མཚོར་བཅས་ལ་བསྟོད༔ བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །བདུན་པ་ནི། ཐུགས་ཀར་པདྨ་ཟླ་བའི་སྟེང་༔ ཧྲིལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུསཿ སླར་ཡང་འགྲོ་བའི་སྒྲིབ་པ་སྦྱངས༔ ཐམས་ཅད་འཕགས་པའི་ས་རུ་བཀོད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཅི་ནུས་དང་། སྤྲོ་ན་འཁོར་བ་དོང་སྤྲུགས་ཀྱི་གཟུངས་སྔགས་ཀྱང་བཟླ། གཉིས་པ་ནི། རྣམ་བུམ་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷསརྦ་དྷམཿསྭ་བྷ་ཝ་ཤུདྡྷོཉ་ཧཾ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་སྟེང་དུ༔ ཧཱུཾ་ལས་བུམ་པ་གཞལ་ཡས་ཁང་༔ བདུད་རྩིའི་སྟེང་དུ་པད་ཟླའི་དབུས༔ ཧཱུྃལས་ཐུགས་རྗེ་ཆེན་པོ་ནི༔ འཁོར་བ་དོང་སྤྲུགས་སྐུ་མདོག་དམརཿ ཕྱག་གཉིས་པད་ཕྲེང་བུམ་པ་འཛིན༔ དར་དང་མེ་ཏོག་རྒྱན་གྱིས་ཀླུབས༔ བཞེངས་སྟབས་སྤྱི་བོར་འོད་དཔག་མེད༔ ཐུགས་ཀར་ཟླ་སྟེང་ཧཱུྃཡིག་ལ༔


JKT015_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་རྩ་སྔགས་ཅི་ནུས་དང་། ཆུ་ཡི་ཟེགས་མ་རེ་རེ་ལ་འཁོར་བ་དོང་སྤྲུགས་སྐུ་རུ་གསལ༔ གང་གི་ཁ་རུ་སོང་ཚད་རྣམས༔ འཁོར་བ་དོང་སྤྲུགས་མཐུ་ལྡན་གྱུར༔ ཅེས་དང་གཟུངས་སྔགས་ཅི་རིགས་པ་བཟླ། ཐུན་མཚམས་སུ་མཆོད་བསྟོད་རྒྱས་བསྡུས་གང་རུང་དང་སྤྲོ་ན། ཨོ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འཁོར་བ་དོང་སྤྲུགས་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་ས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་འདོད་དོན་གསོལ། ཡི་གེ་བརྒྱ་པ་བརྗོད། བསང་ཆུའམ་ལས་བུམ་ལ་དམིགས་ནས། ཨོཾ་ཧ་ཧཱུྃ་ཕཊ། ཅེས་པས་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་བོ། ༈ །གསུམ་པ་ལ་གཉིས། ཚེ་ལྡན་དབང་གི་ཆོ་གས་རྗེས་སུ་འཛིན་པ་དང་། ཚེ་འདས་གནས་ལུང་གི་ཆོ་གས་རྗེས་སུ་འཛིན་པའོ། །དང་པོ་ནི། སློབ་དཔོན་རང་ཉིད་རིག་པའི་མེ་ཏོག་དོར་བའི་སྒོ་ནས་འཇུག་ཅིང་སློབ་མ་འཇུག་པར་གནང་བ་ནོས། སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཇུག་པ་ན་བགེགས་བསལ། སྲུང་བའི་འཁོར་ལོས་ཕྱོགས་མཚམས་བཅིང་། ཆོས་བཤད་ཇི་ལྟར་རིགས་པ་དང་། མཚམས་སྦྱོར་གྱི་ཁྱད་པར།


JKT015_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཀུན་བཟང་རྡོ་རྗེ་སེམས་དཔའི་ཐུགས་བཅུད། གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སམྦྷ་བའི་མན་ངག །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཆ་ལག །སྙིང་ཐིག་རིགས་གསུམ་གྱི་ཡ་གྱལ་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གར་དབང་གི་སྙིང་ཐིག་ལས། འཇིག་རྟེན་དབང་ཕྱུག་འཁོར་བ་དོང་སྤྲུགས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་སྐུའི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་པདྨ་གར་གྱི་དབང་༔ ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག༔ མགོན་པོ་སྤྱན་རས་གཟིགས་དབང་གི༔ དབང་བསྐུར་དམ་པ་སྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་ནམ་མཁའ་གང་བའི་སྤྱན་སྔར་ལམ་ལོག་པ་ལས་ཁྱད་པར་དུ་བྱ་ཞིང་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོར་གྱུར་པ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གུས་པས་ཕྱག་འཚལ་མཆོད་པ་འབུལ༔


JKT015_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི༔ འཇིགས་པ་མ་ལུས་བསལ་བ་དང་༔ ཐར་པའི་གནས་སུ་དྲང་དུ་གསོལ༔ ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་ཐོག་མར་བསགས་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཇི་སྙེད་སུ་དག་སོགས། དངོས་གཞི་སྨོན་འཇུག་གི་སེམས་བསྐྱེད་པའི་སླད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་ལམ་ལ་བསླབ་པར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས་མཛོད། འཕགས་པ་ཐུགས་རྗེ་ཆེན་པོ་ཡིས༔ བྱང་ཆུབ་ཏུ་ནི་ཐུགས་བསྐྱེད་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཚད་མེད་བཞི་ཡིས་ཀུན་བསླངས་ཏེ༔ ཕ་རོལ་ཕྱིན་པ་དྲུག་དང་ནི༔ བསྡུ་བའི་དངོས་པོ་བཞི་ལ་སོགས༔ བསླབ་བྱ་ཀུན་ལ་བསླབ་པར་བགྱི༔ ལན་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུས་བསངས་ཤིང་། ཨོཾ་ཧ་ཡ་གྲྭ་བ་ཧཱུྃ་ཕྲཊ སློབ་མ་མི་དམིགས་སྟོང་པའི་ངང་༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲིལས་པདྨ་དྭིས་མཚན་པ༔ འོད་འབར་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་པ་མ་ལུས་སྦྱངས༔ ཚུར་


JKT015_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཡོངས་སུ་གྱུར་པ་ལས༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་སྐུ་མདོག་དམར༔ ཁྱེའུ་མཚན་དཔེ་རྫོགས་པའི་ཚུལ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ རལ་པའི་ཐོར་ ཚུགས་དར་གྱིས་བཅིངས༔ ཕྱག་གཡས་པདྨའི་ཕྲེང་བ་འཛིན༔ གཡོན་པས་ཁྲུས་ཀྱི་བུམ་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེསཿ ཞབས་གཉིས་མཉམ་པར་བཞེངས་པའི་ཚུལ༔ འོད་ཕུང་དམར་པོ་ཀུན་ཏུ་འབར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཐུགས་ཀའི་ཧཱུྃལས་འོད་འཕྲོས་པས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ སྤྲོ་ན་སྤྱན་འདྲེན་ཚིགས་བཅད་དང་། གང་ལྟར་ཡང་རྩ་སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ༔ ཞེས་པས་ཡེ་ཤེས་པ་དབབ། ཛཧཱུྃ་བཾ་ཧོས་གཉིས་སུ་མེད་པར་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པའི་མོས་པ་མཛོད། ༀ་བཀྲ་ཤིས་དགེ་བའི་བུམ་པ་རུ༔ ཡེ་ཤེས་བདུད་རྩི་ཆེན་པོས་གཏམས༔ སྐལ་ལྡན་སློབ་མར་ཁྲུས་


JKT015_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པསཿ དྲི་མ་ཐམས་ཅད་དག་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་མོས་པ་མཛོད། རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ་ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་རང་འདྲ་བའི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱི ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་རྡོ་རྗེ་འདུས་པ་ནི༔ དཔལ་ལྡན་པདྨ་གར་གྱི་བདག༔ སྐུ་ཡི་དབང་མཆོག་སྦྱིན་གྱིས་ལོངས༔ ཀཱ་ཡ་ཨབྷི་ཥིཉྩ་ཨོཾ༔ གསུང་བཟླས་པའི་ལུང་སྦྱིན་པའི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་


JKT015_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཡིག་དྲུག་དང་། སྤྲོ་ན་འཁོར་བ་དོང་སྤྲུགས་ཀྱི་གཟུངས་ཀྱི་རྗེས་ཟློས་ཀྱང་བྱ། ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་སེམས་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་འོད་གསལ་གཉུག་མའི་ངང་དུ་མཉམ་པར་བཞག་པས་འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད་ལ་དཔོན་སློབ་གཉིས་ཀས་ཅུང་ཟད་མཉམ་པར་བཞག །དེ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་གྱུར་པ་ལ། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་སོལ་བའི་མོས་པ་མཛོད། ཨོ༔ མི་འགྱུར་སྐུ་དང་འགགས་མེད་གསུང་༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་དུ༔ ཐུགས་རྗེ་ཆེན་པོའི་སྣང་བས་ཁྱབ༔ བརྒྱད་གསུམ་བླ་མའི་བཀྲ་ཤིས་ཤོག༔ ཆོས་སྐུ་མཆོག་མངའ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་བདག་ཉིད་གར་གྱི་དབང་༔ སྤྲུལ་པས་འཁོར་བ་དོང་ནས་སྤྲུགས༔ འཇིག་རྟེན་དབང་ཕྱུག་བཀྲ་ཤིས་ཤོག༔ གནས་འདིར་ཉིན་མོ་བདེ་ལེགས་སོགས་ཇི་ལྟར་རིགས་པ་བརྗོད། རྗེས་གཙོ་བོས། མཎྜལ། དེང་ནས་སོགས་སྤྱི་ལྟར་དང་། དགེ་བ་བསྔོ། སློབ་མ་རྣམས་རང་གནས་སུ་བཏང་ངོ་། །ཞར་བྱུང་མྱང་གྲོལ་རིལ་བུའི་དབང་བསྐུར་ན། སྦྱོར་བའི་སྐབས་རྣམ་ཟ


JKT015_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་གྱི་མདུན་དུ་མྱང་གྲོལ་གྱི་ཟ་མ་ཏོག་རྒྱན་ལྡན་བཤམ། དངོས་གཞི་རྣམ་བུམ་གྱི་བཟླས་པའི་མཇུག་ཏུ་རིལ་བུ་ལ་དམིགས་ཏེ། ཟ་མ་ཏོག་ནི་གཞལ་ཡས་ཁང་༔ རིལ་བུ་འཁོར་བ་དོང་སྤྲུགས་ཀྱི༔ དཀྱིལ་འཁོར་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད༔ མཁྱེན་བརྩེའི་ཡེ་ཤེས་ཐམས་ཅད་བསྡུས༔ འགྲོ་བ་ཀུན་ལ་དབང་བསྐུར་ནས༔ ཡེ་ཤེས་སེམས་དཔའི་ས་ལ་བཀོད༔ སྣོད་བཅུད་ཀུན་གྱི་དྭངས་མ་བསྡུས༔ རིལ་བུའི་ལྷ་ལ་ཐིམ་པ་ཡིས༔ གསང་སྔགས་གཟི་བྱིན་འབར་བ་དང་༔ དངོས་གྲུབ་བཅུད་དུ་འཁྱིལ་བར་གྱུར༔ ཡིག་དྲུག་གཤམ་དུ། ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱ་ཧཱ༔ ཞེས་ཅི་ནུས་དང་། ཨོཾ་ཧཱུྃ་ཏྲཾ་ཧྲི༔ མྱི་ལཱ་ནཱཾ་པཱི་ཏཾ༔ སརྦ་ཏ་ཐཱ་ག་ཏ་ཨཱ་ཡུཛྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཞེས་བཏགས་པའང་ཅུང་ཟད་བཟླས་མཐར། ལྷ་རྣམས་བདུད་རྩིའི་གོང་བུར་གྱུར་པར་བསམ། དབང་གི་སྐབས་ཐུགས་ཀྱི་དགོངས་པ་ངོ སྤྱད་པའི་མཇུག་ཏུ། མཐའ་རྟེན་མྱོང་གྲོལ་རྫས་ཀྱི་རིལ་བུ་ཡེ་ཤེས་སེམས་དཔའི་ངོ་བོ་ཅན་རྡོ་རྗེའི་ལྗགས་ཀྱིས་མྱངས་པས་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་ནས་དངོས་གྲུབ་རྒྱ་མཚོའི་དཔལ་ལ་དབང་འབྱོར་པའི་མོས་པ་མཛོད། ཧཱུྃ སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ༔ སངས་རྒྱས་ཀུན་གྱི་གདུང་འཛིན་པ༔ རྨད་བྱུང་ཕྲིན་ལས་རོལ་པ་ཆེ༔ མྱང་གྲོལ་དབང་མཆོག་སྦྱིན་པར་བྱ༔ ཨོཾ་


JKT015_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎི་པདྨེ་ཧཱུྃ༔ ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཧཱུྃ་ཧཱི ཨཾ་ལཾ་ནཱཾ་པཱི་ཏཾ༔ སརྦ་ཏ་ཐཱ་ག་ཏ་ཨཱ་ཡུཛྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཞེས་བརྗོད་ཅིང་ཟ་མ་ཏོག་སྤྱི་བོར་བཞག་ལ་རིལ་བུ་སྦྱིན། ཤིས་བརྗོད་མན་གོང་ལྟར་བྱས་པས་གྲུབ་བོ། །གཉིས་པ་ནི། སྦྱོར་བའི་སྐབས་དཀྱིལ་འཁོར་གྱི་ཉེ་ལོགས་སུ་མིང་བྱང་ཁེབས་ལྡན། སྤྲོ་ན་རིགས་དྲུག་གི་དཀྱིལ་འཁོར། བགེགས་གཏོར། ཟས་བསྔོ། རང་གི་མདུན་དུ་བྲབ་རྫས་སོགས་འདུ་བྱ། དངོས་གཞི་བདག་མདུན་གྱི་སྒྲུབ་མཆོད་གྲུབ་ནས། མིང་བྱང་ཧ་ཡ་གྲི་ཝས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུྃ་ལས་ཚེ་འདས་ལྷ་ཡི་གཟུགས། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །རྣམ་ཤེས་ཨ་དཀར་རྣམ་པས་ཐིམ། །ན་མོ་དཀོན་མཆོག་རྩ་གསུམ་བདེན་སྟོབས་དང་། །འཕགས་མཆོག་ཐུགས་རྗེའི་བྱིན་རླབས་ཀྱིས། །ཚེ་འདས་རྣམ་ཤེས་གར་གནས་ཀྱང་། །དམིགས་པའི་རྟེན་འདིར་མཆིས་གྱུར་ཅིག །ནྲྀ་བཛྲ་ཨདྨ་ཤ་ཛཿ ཞེས་པས་རྣམ་ཤེས་དགུག །ཛཧཱུྃ་བཾ་ཧོས་རྟེན་ལ་བསྟིམ། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། ༀ་ཨཱཧཱུྃ་གིས་བརླབ། ཨོཾ་སརྦ་བིགྷཱན་ཨཱ་ཀཆུ་ཡ་ཛས་འགྲོན་དགུག །ཨོཾ་སརྦ་བིགྷཱན་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་བསྔོ། ཧཱུྃ་ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ ཚེ་འདས་ཐར་ལམ་བར་ཆད་བདུད༔ པདྨ་གར་དབང་བཀའ་བྱུང་བསཿ བརླག་པར་འགྱུར་གྱི་གཞན་དུ་སོང་༔ དྲག་སྔགས་དང་ཡུངས་ཐུན་གྱིས་


JKT015_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད། བཛྲ་རཀྵ་རཀྵ་ཧཱུཾ༔ ཞེས་སྲུང་འཁོར་བསྒོམ། སྡིག་པ་སྦྱོང་བ་ནི། ཚེ་འདས་ལུས་ཀྱི་གནས་དྲུག་ཏུ༔ རིགས་དྲུག་ས་བོན་དྲུག་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་ས་བོན་སུ་དམར་ལྗང་། སྙིང་གར་མིའི་ས་བོན་ནི་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་ལྗང་གུ། གསང་བར་ཡི་དྭགས་ཀྱི་ས་བོན་སྡེ་དམར་སྐྱ། རྐང་མཐིལ་གཉིས་སུ་དམྱལ་བའི་ས་བོན་དུ་ནག་པོ།བཀོད་དེ༔ བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཕྱག་སོར་རིགས་ལྔ་ཡབ་ཡུམ་གྱུར༔ ཨོཾ་ཧཱུྃ་ཧཱུྃ་ཧཱི༔ ཚུ་ལོ་མཱ་པཱི་ཏཾ༔ ཞེས་ཐལ་མོ་བྱིན་གྱིས་བརླབ། ཨོཾ་སུ་ར་ཏ་སིཾ༔ ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི༔ ཞེས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ། ཞེས་པས་སོར་མོ་བསྡམ། དེ་དག་རྣམས་ཀྱི་སྦྱོར་མཚམས་ནས༔ ཡེ་ཤེས་འོད་ཟེར་འཕྲོས་པ་ཡིས༔ རིགས་དྲུག་ས་བོན་བསྲེགས་པར་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨི་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད་ཅིང་ཐལ་མོ་སྤྲུགས། སྔགས་ཕྱེ་དང་ཡུངས་ཀར་བརྡེག་ཅིང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ད་ཧ་ད་ཧ་སརྦ་ན་རག་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲ་ཏ་ཀ་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརླ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོ་ཙྪིནྡ་ཙྪིན་སརྦ་རྦ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་བྷི་ཏ་བྷོ་ཏ་སརྦ་སུ་ར་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ༔ མེ་ལོང་ངོགས་སུ་མིང་བྱང་གི་གཟུགས་བརྙན་ཤར་བ་ལ་བུམ་ཆུས་ཁྲུས་བྱས་ཏེ། ཧཱུཾ་བཀྲ་ཤིས་བུམ་པའི་


JKT015_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ན༔ འཁོར་བ་དོང་སྤྲུགས་ལྷ་ཚོགས་བཞུགས༔ ཆུ་ནི་ཕྱིན་དྲུག་རང་བཞིན་ཏེ༔ ཉོན་དྲུག་དྲི་མ་རྣམ་པར་སྦྱང་༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བི་པུ་ལ་གནྡྷེ་མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ་ནི་རྡེ་ཤ་ནི། མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལེ་ས་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ། བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨདྷིཊྛི་ཏེ་གནྡྷེ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་བཀྲུ། ཧཱུྃ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ བླ་མ་ལྷ་ལ་དད་པ་སྐྱེད༔ དགའ་དང་གུས་པས་འདིར་ཤོག་ལ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ཞེ་སྡང་ལས་གྱུར་དམྱལ་བའི་ཁམས༔ སྟོང་གསལ་མེ་ལོང་ལྟ་བུར་བལྟ༔ སེར་སྣ་ཡི་དྭགས་འཇིག་རྟེན་ཁམས༔ མཉམ་ཉིད་ཡེ་ཤེས་ངང་དུ་རྟོགས༔ གཏི་མུག་དུད་འགྲོའི་ཡུལ་རྣམས་ནི༔ ཆོས་དབྱིངས་ཡེ་ཤེས་འོད་གསལ་བ༔ འདོད་ཆགས་མི་ཡི་གནས་རིགས་ཀུན༔ སོ་སོར་རྟོག་པའི་ཡེ་ཤེས་ཉིད༔ ཕྲག་དོག་ལྷ་མིན་ཡུལ་ཁམས་རྣམས༔ བྱ་བ་གྲུབ་པའི་ཡེ་ཤེས་རྩལ༔ ཁམས་གསུམ་ལྷ་ཡི་གནས་རྣམས་ནི༔ སྟོང་གསལ་ཡེ་ཤེས་ངང་དུ་རྟོགས༔ མ་དག་རིགས་དྲུག་འཇིག་རྟེན་ཁམས༔ དག་པ་ཡེ་ཤེས་དྲུག་གི་གནས༔ གཅིག་འདུས་སེམས་ཉིད་སྟོང་པ་ལ༔ དག་དང་མ་དག་མིང་ཡང་མེད༔ སྟོང་གསལ་ལྷུན་གྲུབ་དཀྱིལ་འཁོར་དུ༔ རིག་པ་སྙིང་པོ་ཁྱོད་ཞུགས་


JKT015_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག༔ ཅེས་བརྗོད་ཅིང་རིགས་དྲུག་གི་གནས་ནས་དྲངས་ཏེ་མིང་བྱང་སློབ་དཔོན་མདུན་དུ་བཞག །ཉེ་དྲུང་རྣམས་ཀྱིས་ཕྱག་འཚལ་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ། །བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ། །འཁོར་བ་དོང་ནས་སྤྲུགས་མཛད་པའི། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བ་ངན་སོང་འཇིགས་ལས་སྒྲོལ། །ཐར་པའི་གནས་སུ་དྲང་དུ་གསོལ། །ཞེས་


JKT015_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། ཚེ་འདས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ་བུམ་པ་རིན་ཆེན་གཞལ་ཡས་ཁང་༔ ནང་དུ་ཐུགས་རྗེའི་ལྷ་ཚོགས་བཞུགས༔ ཆུ་ནི་ཡེ་ཤེས་བདུད་རྩིར་གྱུར༔ འཁོར་བ་དོང་ནས་སྤྲུགས་བྱའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་མཐར། ཀཱ་ཡ་ཝཱ་ཀཱ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱ༔ཧཱུྃ་ཧཱུྃ༔ ཞེས་དབང་བསྐུར། བཟའ་བཏུང་རྣམས་ཆུས་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། ༀ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཨོ་ཐམས་ཅད་ནམ་མཁའི་མཛོད་བཞིན་ཏུ༔ ཟད་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རྭ་ས་མྤནྣེ་ཨཱཧཱུྃ༔ ཞེས་བསྔོ། ལམ་སྲུང་བསྟན་སོགས་ནི། ཧཱུྃ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང་༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞེན་པར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྟོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས པདྨོ་བཀོད་པའི་ཞིང་དུ་སོང་༔ སྣང་བ་མཐའ་ཡས་ཡེ་ཤེས་དང་༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག


JKT015_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་ཨ་ཡི་རྣམ་པ་ནི༔ འོད་དཔག་མེད་པའི་ཐུགས་ཀར་ཐིམ༔ སྙིགས་མ་ཡེ་ཤེས་མེ་ལྕེ་ཡིསཿ གཏིང་གསལ་ཀ་དག་དབྱིངས་སུ་སྦྱང་༔ ཡིག་དྲུག་དང་གཟུགས་སྔགས་བཟླས་ཤིང་བྱང་བུ་བསྲེགས་ལ་དམིགས་མེད་ཀྱི་ངང་དུ་བཞག །ཐལ་བ་འཇིམ་པ་ལ་བསྲེས་ནས་སཱཙྪ་གདབ། རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ཤིང་། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཡང་གདབ་བོ། །གསུམ་པ་རྗེས་ནི། གཏང་རག་ནོངས་བཤགས་བསྡུ་རིམ་དང་། །བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད། །ཅེས་ལྔ་ལས། དང་པོ་ནི། རྗེས་ཆོག་གི་མཆོད་པ་ཁ་གསོ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་བཛྲ་པུངྒེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་དུ་ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་པས་མཆོད། ཧཱུྃ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཚེ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུགས་མཛད་པའི༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། གཉིས་པ་ནི། ཡི་གེ་བརྒྱ་པས་ནོངས་པ་བཤགས་ཤིང་ལྷག་ཆད་ཁ་བསྐང་། གསུམ་པ་ནི། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུས་མདུན་བསྐྱེད་དང་བུམ་པའི་ཡེ་ཤེས་པ་གཤེགས། ཛཧཱུྃ་བཾ་ཧོས་དམ་ཚིག་པ་རང་དང་དབྱེར་མེད་དུ་ཐིམ། ཧཱུྃ་བདག་ཉིད་ལྷར་སྣང་བ་འོད་གསལ་གྱི་ངང་དུ་ཐིམ། ཕཊ། །སླར་ཡང་ཐུགས་རྗེ་ཆེན་པོའི་སྐུར་གསལ་བར་གྱུར། བཞི་པ་ནི། ཧཱུྃ་ཐུགས་རྗེའི་ལྷ་ཚོགས་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ འཁོར་བ་དོང་ནས་སྤྲུགས་པ་དང་༔


JKT015_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་སྐུ་ཐོབ་ཤོག༔ ལྔ་པ་ནི། བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མའི་ཚོགས༔ ཐུགས་རྗེའི་ཆར་འབེབས་ཡི་དམ་སྤྱན་རས་གཟིགས༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་ཚིགས་ཇི་ལྟར་རིགས་པས་མཐའ་བརྒྱན་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི། །བསྙེན་སྒྲུབ་གཞན་ཕན་ཕྲིན་ལས་ཀྱིས། །མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །བྱང་ཆུབ་སྙིང་པོར་རོ་གཅིག་ཤོག །ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པས་བཀའ་གནང་བ་དང་། རང་ཉིད་ཀྱིས་ཀྱང་ལམ་འདི་ལ་མངོན་པར་དད་པའི་བློས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བའི་དགོངས་པ་ཇི་ལྟ་བར་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་ཀྱི་བྱེ་བྲག་འཆི་མེད་དཀར་མོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་རང་བྱུང་རྡོ་རྗེའི་བྲག་གི་ཀེའུ་ཚང་དུ་སྦྱར་བའི་ཡི་གེ་པ་ནི་བརྟན་མཁས་ཡོན་ཏན་གྱིས་མངོན་པར་མཐོ་བ་མཁན་པོ་བླ་མ་པདྨ་དྲི་མེད་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པ་དགེ་ལེགས་སུ་གྱུར་ཅིག། །།


previousའཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ།next