Nitartha Digital Library
Tibetan
 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


KMC002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ངན་བསགས་པའི་མཐུས། །སྲིད་པ་བར་དོར་ཉོན་མོངས་རླུང་ཤུགས་ཀྱིས། །བཟོད་དཀའ་ངན་འགྲོའི་གཡང་སར་འཁྱེར་སྲིད་པས། །ཉོན་མོངས་རླུངས་སྒོ་ཆོད་ཅིག་འཇམ་པའི་དབྱངས། །བར་དོའི་རྣམ་ཤེས་ཉིང་མཚམས་སྦྱོར་བའི་ཚེ། །མི་ཁོམ་བརྒྱད་པོ་དག་ལས་རབ་འདས་ཤིང་། །ཐུབ་བསྟན་རྒྱལ་མཚན་འཛིན་པའི་རིགས་དག་ཏུ། །སྐྱེ་བའི་རྟེན་འབྲེལ་སྒྲིགས་ཤིག་འཇམ་པའི་དབྱངས། །སྐྱེ་བ་ཕྱི་མར་མཐོ་རིས་ཡོན་ཏན་མཆོག །བདུན་གྱིས་མཛེས་པའི་དལ་འབྱོར་ལུས་ཐོབ་ནས། །བསྟན་པ་ཚུལ་བཞིན་འཛིན་པའི་བཤེས་གཉེན་དང་། །མཇལ་བའི་རྟེན་འབྲེལ་སྒྲིགས་ཤིག་འཇམ་པའི་དབྱངས། །ཐབས་མཁས་ཐུགས་རྗེ་ལྡན་པའི་བཤེས་གཉེན་དེས། །ལེགས་པར་གསུངས་པའི་གསུང་རབ་རྒྱ་མཚོའི་ཚོགས། །ཚུལ་བཞིན་རྟོགས་ནས་གཞན་ལ་སྟོན་ནུས་པའི། །རྣམ་དཔྱོད་བློ་གྲོས་སྩོལ་ཅིག་འཇམ་པའི་དབྱངས། །ཚེ་རབས་ཀུན་ཏུ་


KMC002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ཁོ་ནའི་ཕྱིར། །སེར་སྣ་མེད་པར་བདོག་པ་ཀུན་གཏོང་ཞིང་། །རྣམ་གཡེང་སྤངས་པའི་བསམ་གཏན་སྒོམ་པ་སོགས། །ཕར་ཕྱིན་དྲུག་ལྡན་སྩོལ་ཅིག་འཇམ་པའི་དབྱངས། །འཁོར་བའི་ཚ་གདུང་སིལ་བའི་བསིལ་བྱེད་མཆོག །གསུང་རབ་གངས་རིའི་ངོས་ལ་བལྟ་འདོད་ཀྱང་། །རྣམ་གཡེང་ལེ་ལོའི་འདམ་དུ་བྱིང་ལགས་པས། །མྱུར་མགྱོགས་ཐུགས་རྗེས་ཟུང་ཤིག་འཇམ་པའི་དབྱངས། །ཟབ་ལམ་ལྟ་བའི་ལམ་ལ་རབ་ཞུགས་ནས། །རྣམ་གྲོལ་ཐར་པའི་གླིང་དུ་འགྲོ་འདོད་ཀྱང་། །སྐལ་དམན་བདག་ནི་འཁོར་བའི་ཞགས་པས་བཅིངས། །འཁོར་བའི་ཞེན་ཐག་ཆོད་ཅིག་འཇམ་པའི་དབྱངས། །རང་དོན་ཉེར་ཞི་ཀུནྡའི་ཚལ་སྤངས་ནས། །རླབས་ཆེན་རྒྱལ་བའི་པད་ཚལ་བལྟ་འདོད་ཀྱང་། །བདག་གི་བློ་འདི་མ་རིག་འཐིབས་པོས་བསྒྲིབས། །མ་རིག་འཐིབས་པོ་སོལ་ཅིག་འཇམ་པའི་དབྱངས། །མདོར་ན་བདག་སོགས་སྐྱེ་བ་ཐམས་ཅད་དུ། །


KMC002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་རྒྱ་མཚོའི་ཚོགས་ལ་རྟེན་བྱེད་ཅིང་། །འགྲོ་ལ་འདོད་དགུ་མ་ལུས་འབྱུང་བའི་གནས། །ཡིད་བཞིན་ནོར་བུར་གྱུར་ཅིག་འཇམ་པའི་དབྱངས། །འཇམ་དབྱངས་ཁྱོད་ལ་གསོལ་བ་བཏབ་པའི་མཐུས། །ཚོགས་གཉིས་རྣམ་པར་དག་པའི་གྲུ་ཆེན་གྱིས། །འགྲོ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བ་ལ། །བདག་ཀྱང་ཁྱོད་བཞིན་གྱུར་ཅིག་འཇམ་པའི་དབྱངས། །དུས་འདི་ནས་ནི་བཟུང་ནས་སུ། །ཕྱི་མ་བྱང་ཆུབ་མ་ཐོབ་བར། །རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ནི། །བདག་གི་བླ་མ་མཛད་དུ་གསོལ། །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི། །གེགས་མེད་པར་ནི་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་སོགས་སྤྱོད་པའང་དེ་འདྲར་ཤོག །བདག་ཀྱང་


KMC002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་ཐོབ་པར་ཤོག །བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །ཅེས་སོ།། །།འཇིག་རྟེན་དབང་ཕྱུག་ལ་བསྟོད་པ་ནི། རྒྱ་གར་སྐད་དུ། མ་ཧཱ་ཀཱ་རུ་ཎི་ཀ་ཀུ་བཱ་ཀྱ་སྟོ་ཏྲཱ་དྷིཥྛ ་ན་ནཱ་མ། བོད་སྐད་དུ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་བྱིན་རླབས་ཅན་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་འོད་དཀྱིལ་ན་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབར་བཞིན། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་


KMC002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་བདག་ལ་དགོངས། །བདག་ནི་ཐོག་མཐའ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་བྱས་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རབ་གནོང་འགྱོད། །དར་ཞིང་དྲག་པའི་ལས་དེ་དབང་བཙུན་པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིང་། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབ་མས་འཁོར་བར་གཡེངས། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པའི་མེ་མདག་དོང་འདྲའི་འོབས་སུ་ལྷུང་། །སྡུག་བསྔལ་དྲག་པོའི་འདམ་རྫབ་ཆར་ལྟར་འབབ། །མེ་ཁམས་ཉི་མའི་དུག་ནི་སྟེང་ནས་ཚ། །ཆུ་ཁམས་ས་ཡི་བརླན་ནི་


KMC002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་གྲང་། །ཕྱི་ཡི་སེར་བུའི་ངད་ནི་ཐད་ནས་ཚ། །ཀུན་ནས་འཁྲུགས་པའི་རླུང་ནི་ཁོང་ནས་ལྡང་། །དེ་ལྟའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཡང་། །སྡོམ་པའི་ཡི་དམ་གཞིག་ཏུ་ག་ལ་རུང་། ༈ །སྡུག་བསྔལ་ཀུན་དང་བསྡོས་ནས་སྡོམ་བསྲུང་ཞིང་། །མོས་པའི་དད་པས་འཕགས་མཆོག་མི་གཏོང་ན། །འཕགས་མགོན་འགྲོ་དོན་མི་མཛད་ཅི་ལ་དགོངས། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་དབང་འཆོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ཟློག །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་གྱུར། །སྡིག་པའི་ལས་དབང་དྲག་པོ་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་


KMC002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་འདིས་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་མཐོང་བར་འཚལ་ལགས་ན། །ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས། །ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་ད་ལྟ་གང་ན་བཞུགས། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཞིང་། །ཉམ་ཐག་ཕོངས་པའི་ང་རོས་འོ་དོད་འབོད། །བྱམས་མགོན་ཐུགས་རྗེ་ཅན་གྱིས་གསན་ལགས་སམ། །ནམ་ཞིག་འཆི་འཕོ་ལུས་སེམས་བརྗེས་པའི་ཚེ། །དགེ་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་གཏོང་སྟེ། །ལས་ཀྱི་དབང་གིས་བདག་འདྲ་གཅིག་པུར་འཁྱམས། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །བྱམས་མགོན་ཁྱོད་ཀྱི་འཁོར་


KMC002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བར་བདག་གཏོང་ངམ། ༈ །ན་མ་ཨཱཪྻ ་པ་ལོ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས། ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ། །བསྐལ་པ་དཔག་མེད་སྐྱེ་བ་ཇི་སྙེད་དུ། །གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲང་ཤིང་སྐྱེ་ཤི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ། །སྐྱེ་བ་གཅིག་ཅིག་ཁོ་ན་ཙམ་གྱི་ལས། །བླ་མེད་དོན་དུ་རབ་ཏུ་སྦྱངས་གྱུར་ན། །དེ་ཙམ་བྱས་པའི་ལས་ལ་དོན་རབ་ཡོད། །ལས་ནི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་དྲག་པོའི་སྲིད་པའི་བཙོན་རར་ཆུད། །མི་


KMC002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་སྡུག་བསྔལ་དྲག་པོ་འདི་འདྲ་ན། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །ཐུགས་རྗེ་ཆེན་པོས་ལས་རྣམས་རྒྱུན་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ། །ཉོན་མོངས་ལས་ཀྱི་རླུང་འདི་དབང་བཙན་པས། །མ་རིག་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཟིགས་སམ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན། །ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐུགས་རྗེ་ཐབས་མཁས་སྨན་གྱིས་མི་གསོ་འམ། །ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན། །ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །སྡུག་བསྔལ་དྲག་པོའི་ལས་དབང་མེ་འབར་ན། །ཐུགས་རྗེ་བསིལ་བའི་ཆར་རྒྱུན་མི་འབེབས་སམ། ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ། །


KMC002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཐུགས་རྗེ་མི་འཚལ་དོན་མ་མཆིས། །སེམས་ཅན་ལས་འཕྲོ་བཙན་པར་བཞག་ན་དག །འཕགས་པའི་ཐུགས་རྗེས་སུ་ལ་ཅི་ཞིག་བགྱི། །འཕགས་མཆོག་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །ཞེས་ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་གནས་ལྔ་རིག་པའི་སློབ་དཔོན་ཟླ་གྲགས་ཀྱིས་མཛད་པ་བྱིན་རླབས་ཅན་རྫོགས་སོ། །ཀྱེ་ལགས་འཕགས་པ་འཇིག་རྟེན་དབང་ཕྱུག་དགོངས། །ཐོག་མེད་དུས་ནས་ངན་སོང་གནས་སུ་བསྡད། །མི་དགེ་བཅུ་ལ་ངོམས་པ་མེད་པར་སྤྱད། །ཡིད་དུ་མི་འོང་འབྲས་བུ་ཁོ་ན་མྱོང་། །བརྩེ་བས་གཟིགས་ཀྱང་བདག་ལ་ཕྲིན་ལས་རྡུགས། །བྱམས་མགོན་བཅོས་མེད་བདག་པས་གཞན་འགའ་མང་། །ཐུགས་རྗེའི་ནུས་པ་སྟོན་ཅིག་སྤྱན་རས་གཟིགས། །ད་ལན་མི་ལུས་ཙམ་པོ་ཐོབ་དུས་འདིར། །རང་བཞིན་བླུན་པས་ཚེ་རབས་ཕྱི་མ་ལ། །བདེན་སྙམ་མི་


KMC002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་གཏི་མུག་འཐུག་པོས་བསྒྲིབས། །ལས་འབྲས་བསླུ་བ་མེད་པའི་དོན་ཅན་ལ། །ཇི་བཞིན་བླང་དོར་མ་ཤེས་སྡིག་པ་འཕེལ། །གཏན་དུ་ཐར་དུས་མེད་པའི་ལས་ངན་བསགས། །སྒོ་གསུམ་སྤྱོད་པ་ལེགས་སྤྱད་རློམ་ཀུན་ཀྱང་། །མུན་ནང་མདའ་ལྟར་དགྲ་གཉེན་གང་ལ་ཕོག །ཆ་མ་འཚལ་བས་ཉེས་པར་སོང་སྲིད་པས། །འཕགས་མཆོག་བརྩེ་བས་མི་བཟོད་དྲུང་དུ་བཤགས། །བདག་ནི་བྱིས་པའི་རང་བཞིན་གཏོལ་མེད་པས། །ཞིང་མཆོག་གཉེན་པོ་རྣམས་ལ་སྡིག་པའི་ལས། །གང་བསགས་འབྲས་བུ་ཇི་སྙེད་མཆིས་པ་ཀུན། །མཐོང་བའི་ཆོས་ལ་དར་དྲག་རབ་སྨིན་ནས། །འབྲས་བུ་མྱུར་དུ་ཕྱུང་བར་བྱིན་གྱིས་རློབས། །ལྷག་པར་མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། །ངག་གི་སྒོ་ནས་ཉེས་པ་ཅི་བསགས་པའི། །འབྲས་བུ་ཐམས་ཅད་བདག་ལ་སྨིན་པར་ཤོག །བདག་གི་ངག་ལ་མི་བཟད་སྡིག་པའི་ལས། །འབྲས་བུ་མི་བཟད་མྱོང་


KMC002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཡིད་བྱུང་སྟེ། །མ་རྒན་ངག་གི་སྡུག་བསྔལ་མི་བཟད་པ། །རང་གི་ངག་ལས་འབུམ་འགྱུར་གཅེས་འཛིན་པའི། །བཅོས་མིན་སེམས་ཅན་ཀུན་གྱི་སེམས་ཁྲལ་ཀུན། །བདག་གི་རྒྱུད་ལ་ལེགས་པར་འཆར་བ་ནས། །བདག་གི་ཕན་སེམས་བཟང་པོའི་བདེན་སྟོབས་ཀྱིས། །བདག་གི་ངག་གིས་མཁའ་ཁྱབ་སེམས་ཅན་གྱི། །སྒྲིབ་ཀུན་བསལ་བའི་ཆོས་འཁོར་ཐོགས་མེད་དུ། །བསྐོར་ལ་ནུས་པ་ཐོབ་པར་ཐུགས་རྗེས་ཟུང་། །བདག་གི་ངག་ལ་ངག་གི་དབང་ཕྱུག་ཤོག །བདག་གི་དག་གིས་སྐལ་ལྡན་རེ་སྐོང་ཤོག །ཅིས་ཀྱང་འཕགས་པའི་ཐུགས་རྗེའི་སྟོབས་ཀྱིས་ཤོག །དཔལ་ལྡན་བླ་མ་དམ་པའི་རྡོ་རྗེའི་གསུང་། །སྒྲིབ་བྲལ་གནས་བརྒྱད་དག་པའི་སྒྲ་དབྱངས་ཅན། །གདུལ་བྱའི་བློ་ལ་གསལ་པོར་འཆར་བ་ཡིས། །སྨིན་ཅིང་གྲོལ་བའི་རོ་མཆོག་མྱོང་གྱུར་ཅིག །ཅེས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ལ་སྨྲེ་སྔགས་ཀྱིས་བསྟོད་པ་རྒྱལ་དབང་མི་བསྐྱོད་ཞབས་ཀྱིས་མཛད་པའོ།། །།དེ་ནས་


KMC002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་ནི། པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུལ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་


KMC002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །།ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་


KMC002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་


KMC002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེའི་འཇིགས་པ་ཆེན་མོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བས་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བས་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་


KMC002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ། །ཕྱག་འཚལ་བསྐལ་པའི་མཐའ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའ། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ༀ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མན་དཱ་ར་དང་འབིགས་བྱེད། །འཇིག་རྟེན་


KMC002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་རེ་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་པས། །སྲོད་དང་ཐོ་རངས་ལངས་པར་


KMC002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་འཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུགས་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །སྟན་ལ་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཕྱག་འཚལ་ཉེར་གཅིག་གིས་


KMC002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་འདི་ནི་རྣམ་པར་སྣང་མཛད་ཆེན་པོས་གསུངས་པ་སྟེ་རྒྱུད་ལས་བྱུང་བའོ།། །།སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ནི། ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་བསྟོད། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེངས་སུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་མོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་འཁོར་བའི་རྣམ་པ་ཅན། །


KMC002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ངག་དབང་གྲགས་པའི་རྒྱ་གཞུང་ངོ་། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཚིགས་བཅད་འདི་སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལས་གསུངས་སོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ལྷ་མོའི་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་


KMC002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །གཟུགས་བཟང་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱིས་སྨད་གཡོགས་ཅན། །པདྨ་ཟླ་བའི་གདན་དབུས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱོད་ལ་བག་ཙམ་བསྟོད་པ་ནི། །བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག། །།རིན་ཆེན་རི་བོའི་དབུས་ན་ལྷུན་པོ་དང་། །རབ་མཛེས་པདྨའི་ཚལ་ན་འདབ་སྟོང་ཅན། །རྣམ་དག་རྒྱུ་སྐར་མཁའ་ལ་ཟླ་བ་བཞིན། །རྨད་བྱུང་སེམས་དཔའི་དབུས་ན་འཕགས་མའི་སྐུ། །ཐ་སྙད་བརྗོད་པའི་སྤྲོས་པས་གོས་མིན་ཀྱང་། །སྣ་ཚོགས་གདུལ་བྱའི་སྐད་དུ་ཅིག་ཅར་དུ། །དག་གསལ་དྲི་མེད་སོ་སོར་ངེས་པའི་དོན། །ལེགས་སྟོན་རྩོལ་མེད་ཀུན་འགྲོ་འཕགས་མའི་གསུང་། །ཆོས་རྣམས་ཀུན་ལ་མི་གནས་ཆོས་ཀྱི་དབྱིངས། །རྣམ་དག་མངོན་སུམ་རྟོགས་ནས་སྣ་ཚོགས་དོན། །ཇི་བཞིན་གཟིགས་པ་དམིགས་པ་མེད་པའི་བདག །དུས་གསུམ་རྒྱལ་བ་ཀུན་


KMC002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་ཐུགས། །རྣམ་འཕྲུལ་དཔག་མེད་མཁའ་མཉམ་འགྲོ་བ་ཀུན། །རྗེས་སུ་འཛིན་མཛད་ཐུགས་རྗེའི་ཁྱོན་ཡངས་ཁྱོད། །གླིང་བཞིའི་མུན་སེལ་ཉི་མའི་དཀྱིལ་འཁོར་བཞིན། །ཚད་མེད་འགྲོ་བའི་དོན་ལ་ངལ་མ་གྱུར། །ནམ་མཁའི་ལམ་ལ་ཉིན་མོར་བྱེད་པ་དང་། །ཆུ་གཏེར་དབུས་ན་ལྷུན་པོའི་དཔལ་བཞིན་ཏུ། །འཕགས་མའི་ནང་ན་འཕགས་མའི་ལྷ་མོ་ཁྱོད། །བདག་གི་ཡིད་ལ་ཉེ་བ་ཉིད་རུ་མཛོད། །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བའི་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིག་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་


KMC002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་བར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོག་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག། །།དེ་ནས་ཐུབ་དབང་གནས་བརྟན་འཁོར་བཅས་ལ་གསོལ་བ་གདབ་པའི་ཚུལ་ནི། ལག་མཐིལ་


KMC002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོང་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡི། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞུགས། །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །


KMC002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་གནས་བརྟན་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷཱ་ཛ་གསེར་ཆེན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བརྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་སྤྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་སྲུང་། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་དོན་ལྷུར་


KMC002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིགས་ཉན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། ༈ །མཚུངས་མེད་བལྟ་བས་མི་ངོམས་པ། །གསེར་གྱི་མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་གནོན་མཉམ་གཞག་མཛད་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་ཀུན་ལ་འགྲེའོ། །གངས་རི་ཆེན་པོ་ཏི་སེ་ན། །འཕགས་པ་གནས་བརྟན་ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་གཡབ་འཛིན༴ དྲང་སྲོང་རི་ཡི་ཤེལ་ནགས་ལ། །འཕགས་པ་གནས་བརྟན་མ་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་གཞག་


KMC002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མཛད༴ ལོ་མ་བདུན་པའི་རི་ཕུག་ན། །འཕགས་པ་གནས་བརྟན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་གཡབ་འཛིན༴ ཛམྦུ་གླིང་གིས་ཟངས་གླིང་ན། །འཕགས་པ་གནས་བརྟན་དུས་ལྡན་ཏེ། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །གསེར་གྱི་རྣ་ཀོར་འཛིན༴ སིངྒ་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །སྡིགས་མཛུབ་རྔ་གཡབ་འཛིན༴ ཆུ་བོ་ཡ་མུ་ནའི་གླིང་ན། །འཕགས་པ་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་གཞག་མཛད༴ གནས་མཆོག་དམ་པ་ཁ་ཆེ་ན། །འཕགས་པ་གནས་བརྟན་གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན༴ ནུབ་ཀྱི་བ་ལང་སྤྱོད་ན་ནི། །བྷ་ར་དྷཱ་ཛ་གསེར་ཆེན་མཆོག །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་


KMC002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མཛད༴ བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཕྱག་གཡོན་ནེའུ་ལེ་འཛིན༴ པྲི་ཡང་ཀུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན༴ བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པ་གནས་བརྟན་ལམ་ཕྲན་བརྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད༴ ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན༴ ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པ་གནས་བརྟན་ལམ་བརྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །གླེགས་བམ་ཆོས་འཆད་མཛད༴ རི་ཡི་རྒྱལ་པོ་ངོས་ཡང་ལ། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་


KMC002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །བུམ་པ་འཁར་གསིལ་འཛིན༴ རི་ཡི་རྒྱལ་པོ་བྷེ་ཧུ་ལ། །འཕགས་པ་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན༴ རི་ཡི་རྒྱལ་པོ་གངས་ཅན་ལ། །འཕགས་པ་གནས་བརྟན་མི་བྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆེན་མཆོད་རྟེན་འཛིན༴ འཕགས་པའི་དགེ་བསྙེན་དྷརྨ་ཏཱ། །རལ་པའི་ཐོད་བཅིངས་གླེགས་བམ་ཁུར། །སྣང་བ་མཐའ་ཡས་མདུན་ན་བཞུགས། །རྔ་གཡབ་བུམ་པ་འཛིན་ཕྱག་འཚལ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བརྩོན་པས་གོ་བགོས་མཐུ་སྟོབས་ཅན། །སངས་རྒྱས་བསྟན་པ་ལེགས་སྐྱོང་བའི། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། ༈ །སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པའི། །དཀོན་མཆོག་གསུམ་དངོས་


KMC002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་བཅུ་དྲུག་གིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གི། །འཁོར་ཚོགས་སྲིད་མཚོ་ལས་བརྒལ་ཉོན་མོངས་མེད། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཏེ། །ཡོན་ཏན་རྒྱ་མཚོ་མ་ལུས་ཀུན་རྫོགས་ནས། །འཇིག་རྟེན་ཀུན་ལས་ཁྱད་པར་འཕགས་པར་ཤོག །དུས་གསུམ་རྒྱལ་བ་རྒྱལ་སྲས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་པ་ཇི་སྲིད་པར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཞེས་པཎ་ཆེན་ཤཱཀ་ཤྲཱིས་སོ། །དེ་ནས་བཀའ་བརྒྱུད་ཀྱི་བླ་མ་སོ་སོའི་སྐུ་བསྟོད་དང་གསོལ་འདེབས་གྱི་སྐོར་ལ། ཐོག་མར་ཇོ་བོ་ཡབ་སྲས་ཀྱི་སྐུ་བསྟོད་ནི། ༀ་བདེ་ལེགས་སུ་གྱུར་ཅིག །ཕུན་སུམ་ཚོགས་པ་བྷཾ་ག་


KMC002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡི་ཡུལ། །ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས། །བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་རྒྱུད། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །ཡབ་དང་ཡུམ་ལ་སྲི་ཞུ་མཁས་ཤིང་གུས། །གཟུགས་མཛེས་ཡིད་འོང་ཤེས་རབ་སྙིང་བརྩེར་ལྡན། །དུལ་ཞིང་རྒྱུད་འཇམ་ཐབས་མཁས་སྙིང་སྟོབས་ཆེ། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་ལུགས་ཀྱི་བསྟན་བཅོས་མང་པོ་དང་། །བཟོ་དང་གསོ་བ་སྒྱུ་རྩལ་སྣ་ཚོགས་དང་། །རིག་བྱེད་ཀུན་ལ་མཁས་ཤིང་གོམས་པ་ཡི། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །འདོད་པའི་ཡོན་ཏན་རྣམས་ལ་མ་ཆགས་ཤིང་། །རྒྱལ་སྲིད་འབྱོར་པ་ཕུན་ཚོགས་སྤངས་ནས་ཀྱང་། །དགེ་འདུན་ཕལ་ཆེར་སྡེ་པའི་དགེ་སློང་མཛད། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །འདུལ་བའི་སྡེ་སྣོད་སྡེ་བཞི་ལས་གསུངས་པའི། །བདེ་བར་གཤེགས་པའི་བསླབ་པ་


KMC002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལ། །ཉེས་པའི་སྐྱོན་གྱིས་མ་གོས་རྣམ་པར་དག །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། ༈ །ཡོངས་སུ་འཛིན་པའི་མཁས་པ་མང་བསྟེན་ནས། །སྡེ་སྣོད་གསུམ་དང་སྒྲ་དང་ཚད་མ་དང་། །མན་ངག་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །གསེར་གླིང་རྒྱལ་པོ་ས་སྐྱོང་བླ་མ་ལས། །བྱང་ཆུབ་སེམས་ཀྱི་བདུད་རྩི་སྨན་བླངས་ནས། །འགྲོ་བ་ཀུན་ལ་ཕན་པར་མཛད་པ་ཡི། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །ཞེས་ཀུན་ལ་འགྲེ། སེམས་ཅན་ཕོངས་ཤིང་ཤིན་ཏུ་སྡུག་བསྔལ་བ། །རབ་ཏུ་མང་ལ་སྙིང་ནས་བརྩེ་བ་ཡིས། །འཇིག་རྟེན་ལྷ་དང་ལྷ་མིན་མིར་བཅས་པའི། །སྐྱོབ་པ་ཡབ་གཅིག་པུ་ལ༴ གྲུབ་པ་བརྙེས་པའི་བླ་མ་དམ་པ་ལ། །ཡི་དམ་ལྷ་ཡི་མངོན་རྟོགས་ལུང་མནོས་ནས། །བསྒྲུབ་པ་རྩེ་གཅིག་སྙིང་པོར་མཛད་པ་ཡིས། །ལུང་བསྟན་ཐོབ་པར་གྱུར་ལ༴ གདུལ་བྱ་བོད་དུ་ཡོད་


KMC002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགོངས་ནས་ནི། །ཁ་བ་ཅན་གྱི་ལྗོངས་སུ་བྱོན་ནས་ཀྱང་། །སྡེ་པ་མི་ཆེན་རྣམས་ཀྱི་བླ་མ་མཛད། །མཆོད་ཅིང་བཀུར་འོས་ཁྱོད་ལ༴ མཁས་མཆོག་ཁྱོད་འདྲ་བོད་དུ་མ་བྱོན་ན། །སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི། །ཕལ་ཆེར་ཟབ་མོའི་དོན་ལ་རྨོངས་གྱུར་པས། །ལེགས་པར་སྟོན་མཛད་ཁྱོད་ལ༴ བསྟན་བཅོས་སྒྱུར་དང་བསྒྱུར་ཟིན་འཆོས་པ་དང་། །དེ་ཉིད་འཆད་དང་རང་གིས་རྩོམ་པ་དང་། །ཡང་དག་ལམ་ལ་སློབ་མ་འཁྲིད་མཛད་པའི། །བསྟན་པ་རྒྱས་པར་མཛད་ལ༴ ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས། །བདུད་དང་དབང་ཕྱུག་མུ་སྟེགས་གྲུབ་མཐའ་ངན། །རིགས་པས་ཚར་བཅད་ཐར་པའི་ལམ་ལ་བཀོད། །ཐར་འདོད་དེད་དཔོན་མཆོག་ལ༴ ༈ སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་པ་དྲུག །སྐྱེ་བ་དུ་མར་ཡང་ཡང་གོམས་པ་ཡི། །ཚོགས་གཉིས་ཡོངས་སུ་རྫོགས་ལ༴ མཁོ་བ་


KMC002_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དང་སྙན་པར་སྨྲ་བ་དང་། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་སྤྱོད་པ། །བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས། །གཞན་དོན་ལྷུན་མཛད་ཁྱོད་ལ༴ དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །ཤེས་རབ་ཁྲེལ་ཡོད་ངོ་ཚ་ཤེས་པ་སྟེ། །ནོར་བདུན་དག་གིས་ཕྱུག་པར་གྱུར་པ་ཡི། །ཡོན་ཏན་འབྱུང་གནས་ཁྱོད་ལ༴ སྔོན་ཚེ་སྨོན་ལམ་བཏབ་པའི་སློབ་མ་མཆོག །རྒྱལ་བའི་འབྱུང་གནས་རིང་ནས་འོངས་བའི་ཚེ། །ཨུ་བཱ་སི་ཀས་ད་རིང་སླེབ་པོ་ཞེས། །ལྷ་མིག་མངོན་ཤེས་མངའ་ལ༴ མ་ག་དྷ་ནས་སློབ་མ་གུས་པ་ཡིས། །སིལ་སྙན་དཀྲོལ་ཞིང་གསོལ་བ་བཏབ་པའི་སྐད། །བོད་དུ་གསན་ནས་འབྲོམ་པ་སྦྲན་པ་ལས། །རྣ་བའི་མངོན་ཤེས་མངའ་ལ༴ ལྷ་སར་ལྷ་ཡི་རོལ་མོ་གྲག་པ་ལས། །མྱུར་དུ་བྱོན་ནས་བར་སྣང་ལྷ་ཚོགས་ལ། །ཕྱག་རྟེན་ཕུལ་ནས་མཁའ་ལ་བསྐོར་བ་མཛད། །རྫུ་འཕྲུལ་མངོན་ཤེས་མངའ་ལ༴ གང་དུ་རྒྱལ་པོའི་


KMC002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཆེམས་གཏེར་དུ་སྦས། །མཁའ་འགྲོས་གཏེར་ཁ་ཕྱེ་ནས་ཁྱོད་ལ་གཏད། །ཤཱཀྱ་མུ་ནིའི་འཇའ་ས་ཁྱོད་ཀྱི་དྲིན། །ཇོ་བོ་བཀའ་དྲིན་ཅན་ལ༴ ས་བདག་ནད་ཀྱིས་ཟིན་པའི་མི་རྣམས་ལ། །རྟག་པར་ཚེ་འཛིན་བསྲུང་བའི་སྐོར་རྣམས་ཀྱང་། །ཁྱོད་ལས་བྱུང་སྟེ་འགྲོ་བའི་ནད་གསོ་མཛད། །ཀླུ་སྒྲུབ་གཉིས་པར་གྲགས་ལ༴ སྙེ་ཐང་འོར་དུ་བྱེ་མའི་སྟེང་བཞུགས་ཚེ། །བརྒྱ་བྱིན་ལ་སོགས་བར་སྣང་ལྷ་ཚོགས་ཀྱིས། །རིན་ཆེན་སྣ་ལྔའི་མེ་ཏོག་ཆར་པ་ཕབ། །བླ་མ་ལྷ་ཡི་ལྷ་ལ༴ གཡོར་པོ་འཆིང་རུར་བུ་མོས་མགུལ་རྒྱན་ཕུལ། །ཤི་བ་གསན་ནས་དེ་ཡི་སྒྲིབ་སྦྱོང་མཛད། །རིགས་ཀྱི་བུ་མོ་ལྷ་རུ་སྐྱེ་ཞེས་གསུངས། །འགྲོ་བ་འདྲེན་མཛད་ཁྱོད་ལ༴ ཁོ་བོ་འདི་ནས་དགའ་ལྡན་གནས་སུ་འགྲོ། །ང་ལ་དད་ཅིང་གུས་པར་བྱེད་པ་རྣམས། །དགའ་ལྡན་གནས་སུ་མཇལ་བར་འགྱུར་ཞེས་གསུངས། །མ་འོངས་མངོན་སུམ་གཟིགས་ལ༴ དགའ་ལྡན་གནས་ན་ནམ་མཁའ་དྲི་མ་


KMC002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །འཕགས་པའི་ཡུལ་ན་དཱི་པཾ་ཀ་ར་ཞེས། །ཁ་བ་ཅན་འདིར་དཔལ་ལྡན་ཨ་ཏི་ཤ །ས་སྟེངས་གྲགས་པས་ཁྱབ་ལ༴ འབྲོམ་སྟོན་བདག་གིས་ར་སྒྲེང་ལྷ་ཁང་བཞེངས། །འགྲོ་བ་འདྲེན་ཕྱིར་གསོལ་བ་བཏབ་པ་ལས། །དགའ་ལྡན་གནས་ནས་རབ་གནས་མེ་ཏོག་འཐོར། །བྱིན་རླབས་མངོན་སུམ་འབེབས་ལ་གསོལ་བ་འདེབས། །ཁྱོད་ཀྱི་ཡོན་ཏན་མཐོང་དང་ཐོས་པ་ལས། །དང་བའི་ཡིད་ཀྱིས་ལྷང་ལྷང་གསོལ་འདེབས་ན། །དགའ་ལྡན་གནས་ནས་ཐུགས་རྗེས་གཟིགས་མཛོད་ལ། །གསོལ་བ་བཏབ་ལ་བྱིན་གྱིས་བརླབ་ཏུ་གསོལ། །ད་དུང་ཁ་བ་ཅན་ན་ཁྱོད་ཉིད་ལ། །དད་ཅིང་རྗེས་སུ་སློབ་མ་མང་ཡོད་ཀྱི། །ཐུགས་རྗེ་མངའ་བས་བུ་ལ་མ་བཞིན་དུ། །བརྩེ་བས་བདག་གིས་གཤེས་གཉེན་མཛད་དུ་གསོལ། །སྙིགས་དུས་སྐྱེ་བོ་དམུས་ལོང་ལྟ་བུ་རྣམས། །དམ་མིན་དགེ་བའི་བཤེས་འདྲས་རྗེས་བཟུང་ནས། །འཁོར་བའི་གཅོང་རོང་


KMC002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་འདྲེན་མེད་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་བར་དྲང་དུ་གསོལ། །དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ། །དམ་པ་ཁྱོད་ནི་བདག་གི་མགོན་ལགས་ཀྱི། །མངོན་པར་རྫོགས་པར་སངས་རྒྱས་ཚེ་ན་ཡང་། །ཐོག་མར་ཆོས་སྦྱིན་བདག་ལ་སྩལ་དུ་གསོལ། ༈ ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་ཚབ་གྱུར་པ་རྒྱལ་བའི་སྲས། །རང་གཞན་དོན་གཉིས་འབྱུང་གནས་རིན་པོ་ཆེ། །བཤེས་གཉེན་སྟོན་པའི་ཞབས་ལ་གསོལ་བ་འདེབས། །བསྐལ་པ་དུ་མར་ཚོགས་གཉིས་གོམས་པའི་མཐུས། །གནས་གསུམ་དོན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཨ་ཏི་ཤ་ཡི་སྲས་ཀྱི་ཐུ་བོ་པ། །ལེགས་པའི་ཤེས་རབ་ཞབས་ལ་གསོལ་བ་འདེབས། །མར་མེ་མཛད་དཔལ་རྒྱལ་བ་ཀུན་གྱི་ཡབ། །རྒྱལ་བའི་འབྱུང་གནས་རྒྱལ་བ་རྒྱ་མཚོ་ལས། །གདམས་པའི་ཁུ་བ་བཏོན་ནས་ཚིམ་མཛད་པའི། །བརྩོན་འགྲུས་གཡུང་དྲུང་


KMC002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་གསོལ་བ་འདེབས། །ལོང་མེད་ཐུགས་ལ་འཁྲུངས་པའི་སྤོ་ཏོ་བ། །བདག་པས་གཞན་གཅེས་སྒོམ་པའི་སྤྱན་སྔ་བ། །བསྒྲུབ་པ་སྙིང་པོར་མཛད་པའི་ཕུ་ཆུང་བ། །རྒྱལ་སྲས་སྐུ་མཆེད་གསུམ་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་ཇོ་བོ་ཡབ་སྲས་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །ཇོ་བོ་ཡབ་སྲས་གོ་འཕང་མྱུར་ཐོབ་ཤོག །ཅེས་འབྲོམ་སྟོན་གྱི་གསོལ་བ་བཏབ་པའོ། །རྔོག་ལོ་ཆེན་པོའི་བསྟོད་པ་ནི། སྭ་སྟི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །ཁ་བ་ཅན་ན་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དཔལ་ལྡན་ཨ་ཏི་


KMC002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ལ་ཕྱག་འཚལ་ལོ། །འགྲེའོ། །བསྐལ་པ་དུ་མར་ཚོགས་གཉིས་གོམས་པའི་མཐུས། །གནས་གསུམ་དོན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། ཁ་བ་ཅན་དུ་བསྟན་པའི་སྒྲོན་མེ་སྦར། ཨ་ཏི་ཤ་ཡི་སྲས་ཀྱི་ཐུ་བོ་པ། །ལེགས་པའི་ཤེས་རབ་ཞབས་ལ༴ རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ། །མཁས་གྲུབ་དུ་མའི་ལེགས་བཤད་བདུད་རྩིའི་རྒྱུན། །རྣམ་དཔྱོད་བློ་ཡི་བུམ་པར་ལེགས་བསྡུས་ནས། །བོད་ཡུལ་རྨོངས་པའི་དྲི་མ་སེལ་མཛད་པ། །བློ་ལྡན་ཤེས་རབ་ཞབས་ལ༴ བློ་གྲོས་མཚུངས་མེད་འཇིག་རྟེན་ཀུན་གྱི་མིག །ཕྱོགས་ལས་རྣམ་རྒྱལ་རིགས་པའི་དབང་ཕྱུག་གཙོ། །སྨྲ་བའི་སེང་གེ་བློ་ལྡན་ཤེས་རབ་ཅེས། །གྲགས་པ་བསམ་ཡས་ནམ་མཁའི་མཐར་སོན་པ། །བློ་ལྡན་ཤེས་རབ་ཞབས༴ བསྐལ་པ་བྱེ་བ་སྟོང་དུ་ལེགས་སྦྱངས་པས། །དྲི་མེད་ཡོངས་སུ་དག་པའི་ཐུགས་མངའ་ཞིང་། །ངལ་བརྒྱས་རིགས་པའི་འབྱུང་གནས་དུ་མར་ནི། །དམ་པ་ཉེར་བསྟེན་དཀའ་


KMC002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་རྫོགས་པ། །བློ་ལྡན༴ རྣམ་འགྲེལ་མཛད་གཞུང་རིགས་པའི་ཐུར་མ་ཡིས། །ལེགས་པར་བྱེ་བའི་བློ་མིག་དག་པ་ལ། །ཐུབ་པའི་གསུངས་རབ་འོད་ཀྱིས་རབ་གསལ་བའི། །ཤེས་བྱ་མཐའ་མེད་ཇི་བཞིན་སྣང་བ་ཅན། །བློ་ལྡན༴ གྲགས་པའི་སྤོ་ལ་སྤོབས་པའི་གཟི་འབར་བའི། །ཤེས་རབ་དཀྱིལ་འཁོར་གསུང་གི་ཟེར་འགྱེད་པས། །སྐལ་ལྡན་བློ་ཡི་པདྨོ་ཁ་འབྱེད་ཅིང་། །མི་ཤེས་མུན་ནག་དཔྱིས་འབྱིན་མཛད་པ་པོ། །བློ་ལྡན༴ གངས་ཁྲོད་སྡེ་སྣོད་འཛིན་པའི་ཅོད་པན་གྱིས། །ཁྱོད་ཀྱི་ཞབས་ཀྱི་པདྨོ་རྣམ་མཛེས་ཤིང་། །རིགས་པར་སྨྲ་བའི་སེང་གེའི་སྒྲ་དབྱངས་ཀྱིས། །གཞུང་ལུགས་སྨྲ་བའི་ཝ་ཚོགས་སྐྲག་མཛད་པ། །བློ་ལྡན༴ བརྩེ་བས་སྐལ་ལྡན་འགྲོ་བ་རྗེས་འཛིན་ཅིང་། །ཐུབ་པའི་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པས། །ལྷར་བཅས་འཇིག་རྟེན་ཀུན་གྱི་མཆོད་པའི་གནས། །མི་ཡི་དབང་པོ་མཆོག་ལ་མགོས་ཕྱག་འཚལ། །


KMC002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མའི་དུས་འདིར་ཐུབ་པའི་བསྟན་པ་ལ། །སྟོན་པ་གཉིས་གྱུར་བློ་གྲོས་ཡོངས་སུ་གསལ། །རྒྱལ་སྲས་བརྩེ་ལྡན་བསྟན་པའི་ཁུར་འཛིན་པ། །ཀུན་ལས་རྣམ་མཛེས་ཁྱོད་ལ༴ དཀའ་བ་ལྷུར་ལེན་སྲོག་ལའང་མི་འཛེམ་པར། །རྒྱ་གར་ཡུལ་དུ་གཤེགས་ནས་ལུང་རིགས་གཉིས། །ལེགས་བསྒྱུར་མུན་རུམ་གནས་པའི་ས་ཕྱོགས་འདིར། །བསྟན་པ་གསལ་མཛད་ཁྱོད་ལ༴ བྱང་ཕྱོགས་གངས་རིའི་ཁྲོད་འདིར་གཞན་དག་དང་། །མཚུངས་བྲལ་ཤེས་རབ་མཆོག་གི་རྩལ་ལྡན་པས། །མངོན་རློམ་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །མི་ཡི་སེང་གེ་ཁྱོད་ལ༴ ཁ་བ་ཅན་ལྗོངས་སངས་རྒྱས་བསྟན་པའི་བདག །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །རྒྱལ་བས་ལུང་བསྟན་བརྙེས་པའི་ལོ་ཙཱ་བ། །བློ་ལྡན་ཤེས་རབ་ཞབས་ལ༴ དང་བའི་སེམས་ཀྱིས་འབད་པ་ལྷུར་བླངས་ནས། །བརྩེ་ལྡན་ཁྱོད་ལ་གསོལ་བ་བཏབ་པ་ལས། །བསོད་ནམས་རྙེད་དང་སྨོན་ལམ་རྣམ་


KMC002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཐུས། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་པ། །བསྟན་པའི་ཁུར་འཛིན་བློ་ལྡན་ཤེས་རབ་ཁྱེད། །ནམ་ཞིག་འགྲོ་བའི་བླ་མར་གྱུར་པའི་ཚེ། །འདྲེན་པ་ཁྱོད་ཀྱི་གདུལ་བྱར་རབ་གྱུར་ནས། །ཉོན་མོངས་གཡུལ་ལས་རྣམ་པར་རྒྱལ་བར་ཤོག །སྤྱད་པས་མི་ངོམས་བདེ་བ་མནོག་ཆུང་བའི། །འདོད་ཡོན་ལྔ་ལ་ཆགས་པ་རྣམ་སྤངས་ནས། །སྐྱེ་དང་སྐྱེ་བར་ཁྱོད་ཀྱི་ཞབས་དྲུང་དུ། །སྤོང་བ་ལྷུར་ལེན་ཐོས་ལ་འདུན་པར་ཤོག །སྐྱེས་ཆེན་ཁྱོད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ལྷག་པར་མོས་པ་བདག་སོགས་རྗེས་བཟུང་ནས། །བཞུགས་གནས་ཕོ་བྲང་འདི་དག་ལོངས་སྤྱོད་དང་། །ཆོས་ཀྱིས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །སོགས་དང་། དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང་། །སོགས་བྱ། ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། །ཕྲིན་ལས་སྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། །སྐལ་པ་


KMC002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་གདུལ་བྱ་སྨིན་མཛད་པ། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །།གོང་མ་རྣམ་གསུམ་གྱི་སྐུ་བསྟོད་ནི། ལ་ལཱ་ར་སཱ་དྷཱུ་ཏཱིར་དག་པའི་མཐུས། །དབེན་གསུམ་བདུད་རྩིས་བརླན་པའི་པདྨ་ཅན། །མི་ཤིགས་སྙིང་པོའི་ཆར་ཡང་རྡོ་རྗེའི་སྲོག །ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སྒྱུ་འཕྲུལ་དྲ་བའི་ཆ་ཤས་བཅུ་དྲུག་རྫོགས། །ཉིན་བྱེད་ཉི་ཤུའི་འོད་ཟེར་རྣམ་པར་འཕྲོ། །ཆགས་སྡང་རྨོངས་པ་ཆེན་པོའི་ཕ་རོལ་སོན། །ལོ་ཙཱ་ཱཆེན་པོ་ཞབས་ལ་གསོལ་བ་འདེབས། །དངོས་ཀུན་བྱང་ཆུབ་ཉེ་བར་ཐོབ་པས་སྡུད། །སྐད་ཅིག་མཁའ་སྣང་རྡུལ་མུན་མཆོག་ཏུ་རྫོགས། །ཐིག་རླུང་འགྱུར་མེད་སྣ་ཚོགས་རོ་ཡིས་མྱོས། །ལོ་ཙཱ་ཱཆེན་པོ་ཞབས་ལ་གསོལ་བ་འདེབས། །དགྱེས་མཛད་སྡོམ་པ་དཔལ་ལྡན་འདུས་པ་སྟེ། །ཁྱབ་བདག་དུས་འཁོར་བཅོམ་ལྡན་རྡོ་རྗེ་སེམས། །རྡོ་རྗེ་སློབ་དཔོན་གཟུགས་ཀྱིས་མངོན་སྤྲུལ་པ། །ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་


KMC002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །བདག་ཀྱང་ཤེས་རབ་བཅོམ་ལྡན་འདས་མ་དང་། །ཧེ་རུ་ཀ་དཔལ་སྙོམས་པར་འཇུག་པ་ལ། །སྤྱི་བོར་རིགས་བདག་མཆོག་གིས་སྦ་བ་ཡི། །ལོ་ཙཱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ།། །།བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་གུས་ཕྱག་འཚལ། །བྱང་ཕྱོགས་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མི་ལ་མཆོག་ལ་གསོལ་བ་འདེབས། །བདེ་ཆེན་བརྗོད་མེད་རོ་ཡིས་མྱོས། །སྲིད་གསུམ་དག་པའི་ཕྱག་རྒྱས་བཅིངས། །བསྲེག་བཞུའི་ལམ་ནས་ལྷན་ཅིག་སྐྱེས། །མི་ལ་མཆོག་ལ་གསོལ་བ་འདེབས། །རགས་སྣང་ཕྲ་ཐིག་ཟབ་མོར་བསྟེན། །ཕྲ་མྱོང་བདག་བྱིན་བརླབ་པར་མཛད། །གསང་བའི་དཀྱིལ་འཁོར་རིགས་ཀྱི་བདག །མི་ལ་མཆོག་ལ་གསོལ་བ་འདེབས། །འཛག་མེད་གཙོ་མོར་ས་བོན་


KMC002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོལ། །སྲིད་བདག་ལམ་དུ་སྙིང་རྗེས་ལེན། །ནུས་པ་དྲག་པོའི་སྐུར་བཞེངས་པ། །མི་ལ་མཆོག་ལ་གསོལ་བ་འདེབས། །བདག་ཀྱང་འཁོར་བ་མི་སྤོང་ཞིང་། །མྱང་འདས་ཞི་བར་མི་འཇུག་སྟེ། །མཁའ་སྤྱོད་དབང་ཕྱུག་མི་ལ་ཡི། །མཆོག་གི་དངོས་གྲུབ་འགྲུབ་གྱུར་ཅིག །།ཞིང་མཆོག་དཔལ་ལྡན་སྟུག་པོ་བཀོད་པ་ན། །མཉམ་མེད་མི་གཡོ་ཆོས་སྐུ་མངོན་དུ་མཛད། །ཞི་སྐུ་དཔག་བསམ་ཤིང་ལྟར་འགྲོ་སྒྲོལ་རྟག །རྗེ་བཙུན་སྒམ་པོ་པ་ལ་གསོལ་བ་འདེབས། །ཤེས་བྱ་མི་སྣང་ཤེས་པ་མི་འཇུག་ཅིང་། །སྐད་ཅིག་གཅིག་ལ་ཤེས་དང་ཤེས་བྱ་ཀུན། །དུས་གསུམ་ཇི་ལྟ་ཇི་སྙེད་མཁྱེན་པ་པོ། །རྗེ་བཙུན་སྒམ་པོ་པ་ལ་གསོལ་བ་འདེབས། །སྐུ་བཞིའི་ས་བོན་གསལ་བར་སྨིན་མཛད་ནས། །ཕྱག་རྒྱ་གསུམ་གྱིས་ཐིག་རླུང་སེམས་གསུམ་སྦྱངས། །བསྐྱེད་དང་རྫོགས་པའི་བྱང་ཆུབ་རིམ་པར་བསྟེན། །རྗེ་བཙུན་སྒམ་པོ་པ་ལ་གསོལ་བ་འདེབས། །འཕགས་ཆེན་རྣམས་ལ་


KMC002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་སྐུ་དང་། །རིགས་གསུམ་གདུལ་བྱར་མཆོག་གི་སྤྲུལ་སྐུ་སྟེ། །ཡོངས་གྲགས་ཟླ་འོད་གཞོན་ནུ་ས་བཅུའི་མགོན། །རྗེ་བཙུན་སྒམ་པོ་པ་ལ་གསོལ་བ་འདེབས། །བདག་ཀྱང་གདུལ་བྱའི་ཁམས་དང་དབང་པོ་བཞིན། །མི་རྟོག་ཡེ་ཤེས་ཕྲིན་ལས་འཇུག་བྱེད་ཅིང་། །ཕྲིན་ལས་སྲིད་མཐའི་བར་དུ་གནས་བྱེད་པ། །རྗེ་བཙུན་སྒམ་པོ་པ་ལྟར་འགྲུབ་གྱུར་ཅིག །རྗེ་བཙུན་གོང་མ་རྣམ་གསུམ་ལ་རྗེ་བཙུན་ཐམས་ཅད་མཁྱེན་པ་རྡོ་རྗེ་དགའ་བའི་དབྱངས་ཅན་གྱིས་བསྟོད་པར་མཛད་པའོ།། །།སྒམ་པོ་པའི་རྣམ་ཐར་གསོལ་འདེབས་ནི། ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། །མཛད་པའི་འོད་སྟོང་གདུལ་བྱའི་གླིང་ལ་ཕོག །རྒྱལ་བའི་བསྟན་པ་ཀུན་ནས་གསལ་མཛད་པའི། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །མི་ཁོམས་བརྒྱད་སྤངས་དལ་འབྱོར་ཕུན་ཚོགས་ཐོབ། །གྲུབ་པའི་མཆོག་བརྙེས་དགེ་སྦྱོང་ཀུན་གྱི་གཙོ། །ཐུབ་པའི་རྒྱལ་ཚབ་གངས་ཅན་གཙུག་གི་རྒྱན། །


KMC002_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་སྒམ་པོ་པ་ལ་ཕྱག་འཚལ་ལོ། །མཚན་ལྡན་བླ་མ་རིན་ཆེན་འགྲོ་བའི་མགོན། །གདུལ་བྱའི་དོན་དུ་རི་བོ་ཤཱནྟིར་བྱོན། །ལུང་དང་རྟོགས་པའི་ཆོས་ཀྱིས་གཞན་དོན་མཛད། །བསྟན་པའི་རྒྱལ་མཚན་ཁྱོད་ལ་ཕྱག་འཚལ་ལོ། །ས་མོ་ལུག་ལ་བལྟམས་པ་ནས་བཟུང་སྟེ། །སྤྲུལ་པའི་གནས་སུ་གཤེགས་པར་གྱུར་གྱི་བར། །རབ་ཏུ་ངོ་མཚར་རྣམ་པ་དཔག་མེད་རྣམས། །མདོར་བསྡུས་བརྗོད་ལ་གུས་པས་མཉན་པར་གྱིས། །མེ་ཏོག་ཟླ་མཛེས་པདྨའི་བླ་མ་ནི། །ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར། །གངས་རིའི་ཁྲོད་དུ་དགེ་སློང་འཚོ་བྱེད་དུ། །རྒྱལ་བས་ལུང་བསྟན་ཁྱོད་ལ་ཕྱག་འཚལ་ལོ། །སྨོན་ལམ་འབྲེལ་པས་བསྙལ་གྱི་ཕྱོགས་སུ་འཁྲུངས། །འཇིག་རྟེན་ཆོས་མཐུན་བཙུན་མོ་ཁབ་ཏུ་བཞེས། །གཞན་ལ་ཕན་ཕྱིར་གསོ་དཔྱད་མཐར་ཕྱིན་མཛད། །སྐྱེ་བོ་བྱང་སེམས་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་


KMC002_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྟེ་བསྟན་ལ་རབ་ཏུ་བྱུང་། །བསླབ་གསུམ་དྲི་མེད་མིག་འབྲས་བཞིན་དུ་བསྲུངས། །དགེ་སློང་འཚོ་བྱེད་ཁྱོད་ལ་ཕྱག་འཚལ་ལོ། །བཤེས་གཉེན་དམ་པའི་ཞབས་རྡུལ་སྤྱི་བོས་བླངས། །འདུལ་བ་སྔགས་སོགས་གསན་པ་རྒྱ་ཆེར་མཛད། །རྨི་ལམ་ས་ཐོབ་ཏིང་འཛིན་དུ་མ་འཕེལ། །བསོད་ནམས་རིན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སྨོན་སེམས་དད་པའི་བླ་མའི་མཚན་ཐོས་ཏེ། །བ་སྤུ་གཡོས་ཤིང་དགའ་བ་མཆོག་ཏུ་སྐྱེས། །རྨི་ལམ་ལྟས་དང་མཚན་མ་བཟང་དུ་བྱུང་། །སྐྱེས་བུ་ལས་ཅན་ཁྱོད་ལ་ཕྱག་འཚལ་ལོ། །རྗེ་བཙུན་མི་ལའི་དྲུང་དུ་བྱོན་པའི་ཚེ། །ཁྱོད་ནི་སེམས་ཅན་ཀུན་གྱི་རིན་པོ་ཆེ། །གསུངས་ནས་ཐུགས་སྲས་རྒྱུད་འཛིན་ཡིན་པར་དགོངས། །དབུས་པ་སྟོན་པ་ཁྱོད་ལ་ཕྱག་འཚལ་ལོ། །མཆོག་ཏུ་ཟབ་པའི་ཐབས་ལམ་གདམས་པ་གནང་། །ཡེངས་པ་མེད་པར་བསྒྲུབ་ལ་ནན་ཏན་མཛད། །བླ་མའི་དྲིན་གྱིས་རྟོགས་པ་ཐུགས་ལ་


KMC002_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། །སྐྱེས་བུ་བརྩོན་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་འགྲེ། གསང་སྔགས་བླ་མེད་མཆོག་གི་ལམ་ལ་ཞུགས། །རྟགས་བཅུ་ཡོན་ཏན་བརྒྱད་སོགས་མཐར་ཕྱིན་མཛད། །རྩ་རླུང་ཐིག་ལེའི་བྱེད་པ་ལས་སུ་རུང་། །རྣལ་འབྱོར་དབང་ཕྱུག་ཁྱོད་ལ༴ རིམ་གཉིས་ཐུན་བཞིའི་རྣལ་འབྱོར་བསྒོམས་པའི་ཚེ། །སྨན་བླ་མཆེད་བདུན་ལོངས་སྐུའི་ཞིང་ཁམས་དང་། །ཐུབ་དབང་ལ་སོགས་སངས་རྒྱས་སྟོང་དང་མཇལ། །མི་དབང་ལྷུན་པོ་ཁྱོད་ལ༴ རྗེ་བཙུན་ཉིད་ཀྱིས་ཆེད་དུ་བསྔགས་པ་བརྗོད། །སྐུ་གསུམ་མངོན་གྱུར་དངོས་གྲུབ་རྣམ་གཉིས་ཐོབ། །ཁྱོད་ནི་དགེ་སློང་རྡོ་རྗེ་འཛིན་པ་ཞེས། །འཛམ་གླིང་གྲགས་པའི་ཞབས་ལ༴ དབང་དང་ཆོས་རྣམས་མ་ལུས་རྫོགས་པར་གནང་། །སྡིག་གྲོགས་སྤངས་ནས་དབེན་པ་སྟེན་པ་དང་། །གཞན་དོན་སྒྲུབ་པའི་ཚོགས་པ་སྐྱོངས་ཤིག་གསུང་། །སྐྱེས་བུ་ཆེན་པོ་ཁྱོད་ལ༴ འོལ་ཁར་བཞུགས་ཚེ་ཆོས་རྣམས་རྨི་ལམ་


KMC002_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །བདེན་མེད་རྟོགས་ནས་སྤྲོས་བྲལ་མངོན་དུ་གྱུར། །ང་ཡི་སྐྱེ་བའི་ཐ་མ་འདི་ཡིན་གསུང་། །ས་བཅུའི་དབང་ཕྱུག་ཁྱོད་ལ༴ དྭགས་ལྷ་སྒམ་པོའི་གནས་སུ་བྱོན་པའི་ཚེ། །བླ་མའི་གསུང་བཞིན་བསྒྲུབ་པ་ཐུགས་ལ་དགོངས། །མཁའ་འགྲོས་ལུང་བསྟན་གཞན་དོན་གྱིས་ཤིག་གསུང་། །ཆོས་རྗེ་སྒམ་པོ་པ་ལ༴ སྣོད་དང་ལྡན་པའི་ལས་ཅན་དུ་མ་འདུས། །བླ་མའི་མན་ངག་གདམས་པ་ཟབ་མོ་བསྟན། །སྨིན་ཅིང་གྲོལ་བའི་སྐྱེས་བུ་དཔག་མེད་བྱུང་། །མཉམ་མེད་བླ་མ་ཁྱོད་ལ༴ རེ་ཞིག་སྐུ་ཡི་སྤྲུལ་པ་རྣམ་བཞིར་བསྟན། །རབ་ཏུ་གནས་དང་གཞན་ལ་ཆོས་སྟོན་དང་། །མཁའ་ལ་འཕུར་དང་གཅིག་ནི་འདག་སྦྱར་བཞུགས། །སྣང་བ་དབང་སྒྱུར་ཁྱོད་ལ༴ སེམས་སྤྱོད་ཟབ་མོའི་ཏིང་འཛིན་བསྒོམས་པའི་ཚེ། །ཟད་པར་ཟིལ་གནོན་སྤྲུལ་ཅིང་བསྒྱུར་བ་དང་། །སྐུ་ལ་གྲིབ་མེད་འཇིག་རྟེན་དབང་པོར་སྤྲུལ། །སྤྲུལ་པའི་སྐྱེས་མཆོག་ཁྱོད་ལ༴ མཁས་གྲུབ་


KMC002_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མའི་དབུས་སུ་བཞུགས་པའི་ཚེ། །ཆོས་ཀྱི་སྤོབས་པས་གཞན་སྣང་ཟིལ་གྱིས་མནན། །ང་ནི་བསྟན་པའི་བདག་པོ་ཡིན་ནོ་གསུང་། །མི་ཡི་སེང་གེ་ཁྱོད་ལ༴ མིག་འཕྲུལ་ལྟ་བུའི་ཏིང་འཛིན་བསྒོམས་པའི་ཚེ། །ནམ་མཁའ་ཁེངས་པའི་བྱང་ཆུབ་ཆེན་པོར་སྤྲུལ། །སྐུ་ཡི་རྫུ་འཕྲུལ་བསམ་ལས་འདས་པར་བསྟན། །སྣང་སྟོང་དབྱེར་མེད་ཁྱོད་ལ༴ དད་ལྡན་རྣམས་ཀྱིས་འཁོར་ལོ་སྡོམ་པར་མཐོང་། །རབ་གནས་མཛད་ཚེ་བྱང་ཆུབ་ཆེན་པོར་བསྒྱུར། །ཡེ་ཤེས་སེམས་དཔའ་རྟེན་ལ་དངོས་སུ་བསྟིམ། །གྲུབ་པའི་མཆོག་བརྙེས་ཁྱོད་ལ༴ དད་དང་ལྡན་པའི་སྐྱེ་བོ་གང་ཞིག་གིས། །ཁྱོད་ནི་མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང་། །སྡུག་བསྔལ་སྤངས་ནས་ཐར་པའི་ལམ་སྣ་ཟིན། །སྨན་པའི་རྒྱལ་པོ་ཁྱོད་ལ༴ བདུད་རྩི་ཐལ་སྦྱོར་ཕྱག་རྒྱ་མཛད་པའི་ཚེ། །ལུས་སྣང་སེམས་གསུམ་གཅིག་ཏུ་འདྲེས་པའི་བརྡར། །སྐུ་ཡི་སྤྲུལ་པ་སྐད་ཅིག་གྲངས་མེད་སྤྲུལ། །དྲན་མཆོག་རྒྱལ་པོ་ཁྱོད་ལ༴


KMC002_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་གཤེགས་པ་ཐུགས་ལ་འཁྲུངས་པའི་ཚེ། །ཆུ་མོ་བྱ་ཡི་ཟླ་དྲུག་བཅོ་ལྔའི་ཉིན། །བདག་ཉིད་ཆེན་པོ་ཆོས་ཀྱི་དབྱིངས་སུ་གཤེགས། །མྱ་ངན་འདའ་བཞེད་ཁྱོད་ལ༴ འཇའ་འོད་རྣམ་མང་གདུགས་དང་རྒྱལ་མཚན་སོགས། །མེ་ཏོག་ཆར་བབ་རོལ་མོའི་སྒྲ་རྣམས་བྱུང་། །ས་རྣམས་གཡོས་ཤིང་བྱ་རྣམས་ཅ་ཅོ་སྒྲོགས། །ངོ་མཚར་རྨད་བྱུང་ཁྱོད་ལ༴ དད་དང་ལྡན་པའི་སྐྱེ་བོ་དཔག་མེད་འདུས། །བླ་མེད་མཆོད་པ་ཕུལ་དུ་བྱུང་བས་མཆོད། །ཐུགས་ལྗགས་རིང་བསྲེལ་དད་ལྡན་རྟེན་དུ་བཞག །ཕན་དགོངས་མཛད་པ་ཁྱོད་ལ༴ རང་བཞིན་སྤྲོས་བྲལ་འོད་གསལ་ཆོས་ཀྱི་སྐུ། །བདེ་ཆེན་སྣང་བ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །སྤྲུལ་པའི་གཟུགས་ཀྱིས་འགྲོ་རྣམས་སྨིན་གྲོལ་མཛད། །འདྲེན་མཆོག་བླ་མ་བརྒྱུད་པར་བཅས་རྣམས་ལ། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པས་མཆོད། །ལུས་ངག་ཡིད་ཀྱི་མི་དགེ་སོ་སོར་བཤགས། །རང་


KMC002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཀུན་གྱི་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་རྟག་ཏུ་བཞུགས་པར་གསོལ། །མགོན་པོ་ཁྱོད་ཀྱིས་བྱང་ཆུབ་ཚུལ་བསྟན་ཆེ། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས་ནས་ཀྱང་། །བདག་སོགས་གདུལ་བྱ་ཡལ་བར་མི་འདོར་ཞིང་། །ཐེག་མཆོག་བདུད་རྩིས་ཚིམ་པར་མཛད་དུ་གསོལ། །སྲིད་པ་ཀུན་ཏུ་བླ་མའི་ཞབས་བསྟེན་ནས། །རྙེད་དང་བཀུར་སྟི་སྒྲུབ་པས་མཆོད་བྱེད་ཅིང་། །སྟོན་པའི་འདུ་ཤེས་ནམ་ཡང་མི་འབྲལ་བར། །སྐྱོན་གྱི་རྟོག་པས་གོས་པར་མ་གྱུར་ཅིག །བླ་མའི་མཛད་པ་ཇི་ལྟར་བསྟན་ན་ཡང་། །ངོ་མཚར་མོས་པས་རྟག་ཏུ་མཆོད་བྱེད་ཅིང་། །བྱ་བ་ཀུན་ལ་གཞན་སྐྱོན་མི་རྟོག་པར། །ཕན་པའི་འདུ་ཤེས་རྟག་ཏུ་རྙེད་གྱུར་ཅིག །བདག་ཀྱང་ཁྱོད་བཞིན་མངོན་པར་བྱང་ཆུབ་ནས། །གདུལ་བྱར་གྱུར་པའི་མཁའ་མཉམ་སེམས་ཅན་ལ། །གཟུངས་དང་སྤོབས་པའི་ཆོས་ཀྱི་དགའ་སྟོན་འགྱེད། །ཐེག་མཆོག་ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་


KMC002_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཡོད་མེད་ལ་སོགས་མཐའ་ལ་མི་གནས་པར། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །བླ་མེད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཞེས་སོ། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །སྙིགས་མའི་དུས་སུ་འགྲོ་དོན་མཛད། །ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །ཟླ་འོད་གཞོན་ནུ་ལ་ཕྱག་འཚལ། །དཔལ་ལྡན་ཕག་མོ་གྲུ་ཡི་ནག་ཁྲོད་ན། །སྐལ་ལྡན་གདུལ་བྱ་མང་པོ་སྨིན་མཛད་ཅིང་། །བསམ་གྱིས་མི་ཁྱབ་ཆོ་འཕྲུལ་སྣ་ཚོགས་སྟོན། །འགྲོ་མགོན་རིན་པོ་ཆེ་ལ་གསོལ་བ་འདེབས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐྱིད་ན་བདེ་བ་


KMC002_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་ཀུན་གྱི་སྡུག་བསྔལ་འཁུར། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་ཤོག །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང་། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་སོགས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས།། །།དེ་ནས་རྒྱལ་བ་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་རིམ་པར་བྱོན་པ་རྣམས་ ལ་འདུད་ཅིང་གསོལ་བ་གདབ་པའི་རིམ་པ་ལ། ཐོག་མར་དུས་མཁྱེན་གྱི་སྐུ་བསྟོད་རྗེ་བདུན་པས་མཛད་པ་ནི། དུས་གསུམ་ཤེས་བྱ་མ་ལུས་སྒྲིབ་བྲལ་དུ། །མངོན་སུམ་མཁྱེན་ནས་མ་ནོར་ལམ་སྟོན་པ། །ཟླ་མེད་ཐུགས་རྗེ་ཆེ་མངའ་དུས་གསུམ་གྱི། །སྟོན་པ་མཚུངས་མེད་འགྲོ་བའི་མགོན་ལ་འདུད། །ཁྱོད་ནི་ཐོག་མཐའ་སྤངས་ཤིང་རབ་ཞི་ཡང་། །ཆོས་རྣམས་ཀུན་གྱི་ཐོག་མཐའི་རྗེས་འགྲོ་བས། །གཞན་ཕན་རྣམ་རོལ་ལ་སོགས་དུས་གསུམ་གྱི། །རྒྱལ་བ་ཀུན་གྱི་ཚུལ་ཡང་སྟོན་ལ་འདུད། །གང་ཡང་


KMC002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཚུལ་གྱི་གདུལ་དཀའ་བའི། །ཞིང་དང་དུས་དེར་རྒྱལ་སྲས་རང་རྒྱལ་དང་། །ཉན་ཐོས་ཚུལ་དང་ལྷ་དང་དྲང་སྲོང་སོགས། །སྣ་ཚོགས་ཚུལ་གྱིས་འགྲོ་དོན་མཛད་ལ་འདུད། །དབུལ་ལ་ནོར་དང་བཀྲེས་ལ་ཟས་སྐོམ་དང་། །གྲོགས་མེད་གྲོགས་དང་ནད་པ་རྣམས་ལ་སྨན། །སྨན་པའི་གཟུགས་སོགས་རྣམ་པ་སྣ་ཚོགས་ཀྱིས། །སྐྱེ་དགུའི་ཉེར་འཚོའི་གཞིར་གྱུར་དེ་ལ་འདུད། །གང་གིས་ཁྱོད་མཐོང་ཁྱོད་མཚན་ཐོས་པ་དང་། །རིགས་གམ་གཏམ་དུ་བརྗོད་པར་བྱེད་རྣམས་ཀྱང་། །རིམ་གྱིས་རྫོགས་སངས་གོ་འཕང་མཐར་འགྲོ་བའི། །ཡོན་ཏན་ཀུན་གྱི་འབྱུང་གནས་དེ་ལ་འདུད། །གངས་ཅན་འདིར་ཡང་མཁས་གྲུབ་ས་སྐྱོང་དང་། །མང་ཐོས་ཚུལ་ཁྲིམས་རྒྱན་གྱིས་མཛེས་རྣམས་ཀྱིས། །ངོ་མཚར་གནས་ཞེས་བསྔགས་པའི་ཡུལ་གྱུར་པའི། །ཀུན་གྱི་གཙུག་རྒྱན་གྱུར་པ་དེ་ལ་འདུད། །གང་ཞིག་ཕྱོགས་དུས་ཀུན་དུ་རྒྱལ་རྣམས་དང་། །རྒྱལ་


KMC002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཀུན་གྱི་ཕྲིན་ལས་མ་ལུས་པའི། །མངའ་བདག་འགྲོ་བ་ཇི་སྙེད་ཐམས་ཅད་ཀྱི། །འབྲལ་མེད་ཕན་བདེའི་གཞིར་གྱུར་དེ་ལ་འདུད། །མཐའ་ཡས་མཆོད་པའི་སྤྲིན་གྱིས་མཆོད་བགྱིད་ཅིང་། །ལུས་ངག་ཡིད་ཀྱི་སྡིག་པ་མ་ལུས་བཤགས། །དགེ་བ་ཀུན་ལ་རྗེས་སུ་བདག་ཡི་རང་། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་ཡུན་རིང་བཞུགས་གསོལ་འདེབས། །བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས། །མ་ལུས་རྫོགས་སངས་རྒྱས་ཀྱི་ཕྱིར་བསྔོ་བས། །གེགས་མེད་མྱུར་དུ་རྒྱལ་བ་ཉིད་ཐོབ་ཤོག །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །ཀརྨ་པ་ཡིས་རྟག་ཏུ་རྗེས་བཟུང་ནས། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱོད་པར་ཤོག །ཐུབ་མཆོག་རྣམས་ཀྱི་བསྟན་པ་དྲི་མ་མེད། །མཐའ་ཡས་ཡོན་ཏན་སྒྲུབ་པའི་ཐབས་སྟོན་ཅིང་། །བཤད་དང་སྒྲུབ་པ་རྣམ་དག་སྤེལ་བྱེད་པའི། །ཀརྨ་


KMC002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་དགོངས་པ་རྫོགས་བྱེད་ཤོག། །།དུས་མཁྱེན་གྱི་རྣམ་ཐར་བསྟོད་པ་ནི། ཨེ་མ་ཧོ། །བསམ་པ་ཐམས་ཅད་འགྲུབ་མཛད་པ། །མཐའ་དབུས་མེད་པ་ནམ་མཁའི་བདག །འོད་གསལ་ཐུགས་རྗེའི་འོད་འཕྲོ་བ། །མཚུར་ཕུ་པ་ལ་གསོལ་བ་འདེབས། །རྫོགས་སངས་གོ་འཕང་སྩོལ་མཛད་པ། །རྗེ་བཙུན་མཆོག་ལ་ཕྱག་འཚལ་ཏེ། །སྤྲུལ་པའི་གནས་ཆེན་ཀྲེ་ཤོད་དུ། །ཡེ་ཤེས་མཁའ་འགྲོའི་ལྷུམས་སུ་བཟུང་། །ས་བཅུ་རྫོགས་ནས་སྐུ་འཁྲུངས་ཚེ། །མཆོག་གི་སྤྲུལ་སྐུར་སྐྱེ་དགུ་དང་། །སེམས་ཅན་ཀུན་གྱིས་དངོས་གྲུབ་ཞུས། །སྤྲུལ་པའི་ཚུལ་བསྟན་ཁྱོད་ལ་འདུད། །ལོ་བརྒྱད་ལོན་ནས་གནོད་སྦྱིན་བཀུག །བཅུ་གཅིག་ལོ་ལ་གཡུལ་ཆེན་བཟློག །བཅོ་ལྔའི་ལོ་ལ་བསྟན་དགྲ་བསྒྲལ། །བདུད་ཚོགས་འདུལ་བ་ཁྱོད་ལ་འདུད། །བཅུ་དྲུག་ལོ་ལ་རབ་ཏུ་བྱུང་། །དགེ་སྦྱོང་ཆེན་པོའི་རྣམ་ཐར་བསྟན། །སངས་རྒྱས་བསྟན་པའི་གཙུག་ལག་བསྐྱངས། །


KMC002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་ཆེན་པོ་སྐྱོང་ལ་འདུད། །ཉི་ཤུའི་ལོ་ལ་དབུས་སུ་བྱོན། །རིགས་པའི་གནས་ལ་མ་རྨོངས་པས། །ཤེས་བྱའི་ཐོག་ནས་མཁྱེན་པ་སད། །ཐམས་ཅད་མཁྱེན་པ་ཁྱོད་ལ་འདུད། །དཔལ་ཆེན་རྒྭ་ལོ་བཻ་རོ་དང་། །ཇོ་མོ་བཀྲ་ཤིས་ཚེ་རིང་མ། །གླིང་ཀ་བ་དང་མཚུར་སྟོན་སོགས། །སྒྲུབ་བརྒྱུད་ཀུན་གྱི་བཅུད་ལ་འདུད། །རྗེ་བཙུན་རས་ཆུང་བྱོན་པའི་ཚེ། །མོས་པ་འཁྲུངས་ནས་སྤྱན་སྔར་བྱོན། །སྨིན་གྲོལ་གཉིས་ཀྱི་རྩལ་ཆེན་རྫོགས། །གདམས་ངག་མཐར་ཕྱིན་ཁྱོད་ལ་འདུད། །དྭགས་པོ་ཁུ་དབོན་མཇལ་བའི་ཚེ། །ཆོས་སྐུ་སྤྲོས་བྲལ་རྗེན་པར་བུད། །བདེ་ཆེན་ཁ་སྦྱོར་ཡན་ལག་རྫོགས། །རྣམ་པར་རྟོག་པའི་གནས་པ་མེད། །གང་ཤར་ཕྱག་རྒྱ་ཆེན་པོར་རོལ། །མ་རྟོགས་འགྲོ་ལ་ཐུགས་རྗེ་འཁྲུངས། །ཀུན་མཁྱེན་རྒྱལ་པོ་ཁྱོད་ལ་འདུད། །གྲ་མ་གྲུ་བཞི་ལ་སོགས་སུ། །ལུས་སྲོག་ལྟོས་མེད་བསྒྲུབ་པ་མཛད། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །དབེན་པ་


KMC002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་ཁྱོད་ལ་འདུད། །བསྟན་པའི་གཞི་མ་མཚུར་ཕུ་དང་། །ཀརྨ་ཀཾ་པོ་གངས་ར་དང་། །ཀཾ་ཁྱིམ་ལ་སོགས་གཙུག་ལག་བཀོད། །བཀའ་བརྒྱུད་གདན་ས་བཞེངས་ལ་འདུད། །དྭགས་ལྷ་སྒམ་པོའི་གདན་ས་གསོས། །འཚལ་པའི་འཁྲུགས་པ་མ་ལུས་བསྡུམས། །འགྲོ་བ་རིགས་དྲུག་དབང་དུ་བསྡུས། །རྫུ་འཕྲུལ་རྒྱལ་པོ་ཁྱོད་ལ་འདུད། །རང་གི་སྐུ་ཚབ་སྤྲུལ་སྐུར་བརྒྱུད། །ཞྭ་ནག་ཅན་གྱི་སྐྱེ་བ་ཡིས། །སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད། །ཀརྨ་བཀའ་བརྒྱུད་ཁྱོད་ལ་འདུད། །འགྲོ་མགོན་སངས་རྒྱས་རས་པ་དང་། །ལྷོ་པ་རྟ་སྒོམ་ལ་སོགས་པ། །གྲུབ་ཐོབ་ཀུན་གྱི་གཏེར་གཅིག་པུ། །རྟོགས་ལྡན་རྒྱལ་པོ་ཁྱོད་ལ་འདུད། །ཐམས་ཅད་ཁྱོད་ཀྱི་རང་བཞིན་ཏེ། །ཁྱོད་ལ་རང་བཞིན་ཅུང་ཟད་མེད། །ཀྱེ་མ་སྙིགས་མའི་གདུལ་བྱ་རྣམས། །ཁྱོད་དང་མ་མཇལ་སྙིང་རྗེའི་གནས། །ཆེ་ཆུང་གང་འབགས་མཚེངས་པ་ཡིས། །ཁྱོད་དང་མཇལ་རྣམས་


KMC002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆེན་གྲུབ། །ཁྱོད་ཀྱི་བྱིན་རླབས་ནུས་པ་ཡིས། །ཅི་མཛད་ལེགས་པར་མཐོང་བ་དང་། །ཅི་གསུང་ཚད་མར་འཛིན་པ་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་པ་དང་། །རྣམ་ཐར་ཕྲིན་ལས་འགྲུབ་པར་ཤོག །ཅེས་རྒྱལ་དབང་མི་བསྐྱོད་རྡོ་རྗེས་མཛད་པའོ།། །།ཀརྨ་པཀྴིའི་སྐུ་བསྟོད་ནི། དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །མི་ཕྱེད་ཡེ་ཤེས་རྡོ་རྗེ་ལས་བྱུང་ཞིང་། །ཡོན་ཏན་ཕྲིན་ལས་ཀུན་གྱི་བདག་ཉིད་ཅན། །ཀརྨ་པར་གྲགས་དེ་ལ་སྤྱི་བོས་འདུད། །ཁྱོད་ནི་སྐྱེ་སོགས་ཀུན་ལས་རབ་འདས་ཀྱང་། །གདུལ་བྱའི་དོན་སླད་བྱང་ཆུབ་ཐུགས་བསྐྱེད་དང་། །བྱང་ཆུབ་སྤྱོད་མཆོག་རྨད་བྱུང་སྤྱོད་པར་སྟོན། །ཞིང་འགར་ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་ཡི། །རྫོགས་སངས་རྒྱས་ཚུལ་ཡང་ཡང་བསྟན་མཛད་ནས། །མཐའ་ཡས་འགྲོ་བ་མངོན་མཐོ་ངེས་ལེགས་ཀྱི། །རྨད་བྱུང་ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཅིང་། །སྐྱེ་བོ་འགའ་ལ་ལྷ་དང་དྲང་སྲོང་དང་། །ཉན་ཐོས་དག་དང་རང་སངས་


KMC002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཚུལ་སོགས། །རྣམ་འཕྲུལ་དུ་མས་གནས་སྐབས་མཐར་ཐུག་གི །དོན་རྣམས་མ་ལུས་ཡོངས་སུ་རྫོགས་མཛད་ལ། །གངས་ཅན་འདིར་ཡང་དུས་གསུམ་མཁྱེན་པ་ཉིད། །བསམས་བཞིན་སྐྱེ་བ་བཞེས་ནས་རྒྱ་བོད་དང་། །ཧོར་དང་སོག་པོ་ལ་སོགས་གདུལ་དཀའ་བའི། །འགྲོ་བ་རྣམས་ལ་ཕྲིན་ལས་སྣ་ཚོགས་ཀྱིས། །བཏུལ་ནས་རྣམ་མཁྱེན་གོ་འཕང་སྦྱིན་མཛད་པའི། །གྲུབ་པའི་དབང་པོ་མཆོག་ལ་ཕྱག་འཚལ་ལོ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་ཁྱོད་ཀྱི་གདུལ་བྱར་གྱུར་པ་རྣམས། །ཉིད་ཀྱི་གོ་འཕང་མཆོག་ལ་རེག་གྱུར་ཅིག །ཅེས་ཀརྨ་པ་མི་བསྐྱོད་རྡོ་རྗེས་སོ། །དེའི་རྣམ་ཐར་ལ་བསྟོད་པ་ནི། ན་མོ་གུ་རུ་མ་ཧཱ་བཛྲ་དྷ་ར་སརྦ་བུདྡྷ་བོདྷི་ས་ཏྭཱ་ཡ། དགེ་ལེགས་ཀུན་གྱི་འབྱུང་གནས་ཀུན་མཁྱེན་རྒྱལ་བ་ཀུན་གྱི་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཁམས་


KMC002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ཀརྨ་པ་ཆེན་པོའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དུས་དང་གནས་སྐབས་ཐམས་ཅད་དུ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གཟུངས་བར་མཛད་དུ་གསོལ། །ཀུན་མཁྱེན་ཡེ་ཤེས་ཐུགས་རྗེའི་བདག །རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །མ་ལུས་གཅིག་ཏུ་བསྡུས་པའི་སྐུ། །ཀརྨ་པར་གྲགས་དེ་ལ་འདུད། །སྔོན་ཚེ་གཞན་དོན་ལ་དགོངས་ནས། །རྒྱལ་བ་ང་རོ་སྙན་པ་ལ། །ཕྱག་དར་ཁྲོད་ཀྱི་གོས་ཕུལ་ནས། །དང་པོར་ཐུགས་བསྐྱེད་མཛད་ལ་འདུད། །གང་ཁྱོད་མཐའ་ཡས་འགྲོ་བའི་མགོན། །མཆོག་གི་བློ་གྲོས་གྱུར་པའི་ཚེ། །རྒྱལ་བ་ཀུན་དང་ལྷན་ཅིག་ཏུ། །ཞིང་མཆོག་སྦྱོང་བར་མཛད་ལ་འདུད། །དེ་ནས་ཤཱཀྱའི་བསྟན་པ་ལ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །མཚན་དཔེའི་དབུས་སུ་རབ་བཞུགས་ནས། །སྤྲུལ་སྐུས་འགྲོ་དོན་མཛད་ལ་འདུད། །ལ་ལར་ཁྲོ་རྒྱལ་རྟ་མགྲིན་


KMC002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཧེ་རུ་ཀ་དང་མཁའ་འགྲོའི་གཟུགས། །དུ་མར་སྤྲུལ་ནས་དུས་གསུམ་གྱི། །དབང་སྒྱུར་འགྲོ་བ་འདུལ་ལ་འདུད། །གང་ཚེ་ཞིང་གཞན་འདུལ་བ་ན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། །པདྨ་རྣམ་རོལ་པདྨའི་རྒྱལ། །དྲི་མེད་རྒྱལ་སྲས་གྱུར་ལ་འདུད། །ཞིང་འདིར་བློ་གྲོས་རིན་ཆེན་དང་། །དྲང་སྲོང་ཆེན་པོ་ལེགས་པར་སྐྱེས། །འགྲོ་བ་འདྲེན་མཛད་པདྨ་འབྱུང་། །རྒྱལ་བ་མཆོག་དབྱངས་གྱུར་ལ་འདུད། །ཁྱོད་ནི་སྨོན་ལམ་མཐུ་ལྡན་པས། །རྒོལ་བ་ཚར་གཅོད་རྗེས་གཟུང་ཕྱིར། །མ་ཁོལ་རྒྱལ་སྲས་དཔའ་བོའི་ཚུལ། །དུ་མས་འགྲོ་བ་འདུལ་ལ་འདུད། །བསྟན་ལ་ལྷག་པར་ཞུགས་པའི་ཚེ། །མདའ་བསྣུན་ཀླུ་ཡི་བྱང་ཆུབ་དང་། །ཀཱ་མ་དྷེ་ནུ་ཀ་མ་ལ། །འབར་བའི་རྒྱལ་མཚན་འཛིན་ལ་འདུད། །ལྷག་པར་གངས་རིའི་ཁྲོད་འདིར་ཡང་། །རྒྱལ་བའི་གདུང་གསོབ་རིན་ཆེན་གསལ། །ཤ་ར་བ་དང་སྒོམ་ཆུང་སོགས། །བཤེས་གཉེན་དུ་མར་


KMC002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ལ་འདུད། །ཁྱད་པར་དུས་གསུམ་ཐོགས་མེད་དུ། །མཁྱེན་པའི་དཔའ་མངའ་ཆོས་ཀྱི་རྗེ། །གྲུབ་པའི་དབང་ཕྱུག་པཀྴིའི་མཚན། །བརྟུལ་ཞུགས་མཐར་ཕྱིན་ཞབས་ལ་འདུད། །གང་གང་འདུལ་བའི་དུས་མཁྱེན་ཅིང་། །གཞན་གྱི་དྲེགས་པ་གཞོམ་སླད་དུ། །སྤོས་ལྡན་གྲོང་ཁྱེར་ཆེན་པོར་བཤིགས། །མངའ་བདག་སྨིན་པར་མཛད་ལ་འདུད། །དེར་ཡང་སོག་པོ་མུ་སྟེགས་དང་། །དྲང་སྲོང་ཞི་བདེས་མྱོས་ལ་སོགས། །ཀུན་གྱི་དྲེགས་པ་ཕྲོགས་བྱས་ནས། །འགྲན་ཟླ་ཀུན་དང་བྲལ་ལ་འདུད། །མ་འོངས་བསྟན་པའི་རྒྱུར་གཟིགས་ནས། །སྡེ་སྣོད་གསུམ་གྱི་རྒྱ་མཚོ་དང་། །དེ་སོགས་འབུམ་ཕྲག་དུ་མ་ཡི། །ཆོས་ཀྱི་སྒོ་ཆེན་འབྱེད་ལ་འདུད། །གཞན་ཡང་བཤད་དང་སྒྲུབ་པའི་སྡེ། །ཕྱོགས་ཕྱོགས་ཡུལ་ཁམས་དུ་མར་ནི། །མཆོད་པའི་རྟེན་གྱུར་དུ་མ་དང་། །བཅས་ཏེ་སྤྲུལ་པར་མཛད་ལ་འདུད། །མགོན་ཁྱོད་མ་འོངས་དུས་དག་ཏུ། །རང་བྱུང་རོལ་པའི་རྡོ་རྗེ་


KMC002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་བཞིན་གཤེགས་དང་དོན་ལྡན་མཚན། །ཆོས་གྲགས་རྒྱ་མཚོར་གྱུར་ལ་འདུད། །ཁྱོད་ནི་རྒྱལ་བ་ཐམས་ཅད་དང་། །ཚོགས་རྫོགས་ཆོས་སྐུ་མངོན་གྱུར་ཅིང་། །འགྲོ་དོན་མཛད་པ་མཉམ་གྱུར་ཀྱང་། །རྒྱལ་སྲས་ཚུལ་འཛིན་དེ་ལ་འདུད། །མགོན་ཁྱོད་མེ་ཕོ་སྟག་ལོ་ལ། །འགྲོ་བའི་དོན་དུ་སྐུ་སྤྲུལ་ནས། །བཅུ་ཕྲག་བདུན་དང་ཀླུ་ཡི་བར། །འགྲོ་དོན་དཔག་མེད་མཛད་ལ་འདུད། །དེ་ལྟར་མཛད་པ་མཐར་ཕྱིན་ནས། །གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི། །རྟག་པར་འཛིན་པ་བཟློག་པའི་ཕྱིར། །མྱང་འདས་མངོན་དུ་གྱུར་ལ་འདུད། །ལུག་ལོ་ཟླ་བ་དགུ་པ་ཡི། །སྟོང་པ་དང་པོའི་ཉི་མ་ལ། །བརྟུལ་ཞུགས་ཆོ་འཕྲུལ་མང་བསྟན་ནས། །འོད་གསལ་མངོན་དུ་མཛད་ལ་འདུད། །དེའི་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཆོས་སྐུའི་གཟུགས་ཀྱིས་གང་བ་དང་། །མཆོད་རྫས་རོལ་མོ་སྣ་ཚོགས་བཅས། །མཁའ་སྤྱོད་བྱོན་པར་མཛད་ལ་འདུད། །ཞིང་འདིར་


KMC002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དད་ལྡན་རྟེན་དུ་ནི། །ཐུགས་ལྗག་རིང་བསྲེལ་ཡི་གེའི་ཚོགས། །འཇིག་རྟེན་མགོན་དང་མཆོད་རྟེན་གཟུགས། །དཔག་མེད་སྤྲུལ་པར་མཛད་ལ་འདུད། །ནམ་ཞིག་མ་འོངས་དུས་དག་ཏུ། །སྔོན་གྱི་དམ་བཅའ་མ་བསྙེལ་བར། །ལྷ་ཡི་དྲང་སྲོང་ལེགས་པར་སྐྱེས། །གཟིགས་པ་རྣམ་བཞིས་འཛམ་གླིང་དུ། །མེ་ཏོག་ལྷ་ཡི་གྲོང་ཁྱེར་ན། །རྒྱལ་རིགས་སེང་གེ་སྟག་དང་ནི། །ལྷ་མོ་དགའ་བའི་ང་རོ་ཡི། །སྟོབས་ཆེན་སྲས་སུ་གྱུར་ལ་འདུད། །ཁྱོད་ནི་རྒྱལ་སྲིད་ཐམས་ཅད་ལ། །མ་ཆགས་ཁབ་ནས་མངོན་བྱུང་སྟེ། །དཀའ་སྤྱད་བྱང་ཆུབ་དྲུང་གཤེགས་ནས། །བདུད་སྡེ་བཅོམ་པར་མཛད་ལ་འདུད། །བདུད་རྩི་མངོན་མཛད་སེང་གེའི་སྒྲ། །ཞབས་འབྲིང་རྟག་མཛད་ངེས་པ་དང་། །རྫུ་འཕྲུལ་དང་ནི་ཤེས་རབ་ཅན། །ཡེ་བརྩེགས་སྤྲིན་ལྡན་གྱུར་ལ་འདུད། །དཔག་ཚད་འོད་ཅན་རྒྱལ་བ་ཡི། །འདུས་པ་ཐོག་མཐའ་བར་གསུམ་དུ། །ཐེར་འབུམ་དུང་ཕྱུར་དགུ་བརྒྱའི་བར། །


KMC002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ནི་བདུན་ཁྲིར་བཞུགས་ལ་འདུད། །ཁྱོད་ཀྱི་དམ་ཆོས་འཇིག་རྟེན་དུ། །ལོ་གྲངས་བྱེ་བའི་བར་གནས་ཤིང་། །སྐུ་གདུང་ཕྱོགས་བརྒྱར་གྱེས་པའི་ཚེ། །ལྷ་ཚོགས་དགའ་བར་མཛད་ལ་འདུད། །བདག་ནི་སྐྱེ་བ་ཐམས་ཅད་དུ། །དམ་པ་ཁྱོད་ཀྱིས་རྗེས་བཟུང་ནས། །ཆོས་ཀྱི་བདུད་རྩི་འགྱེད་པའི་ཚེ། །འདུས་པའི་འཁོར་དུ་འགྱུར་བར་ཤོག །དུས་དེར་དག་ཀྱང་བྱང་ཆུབ་ཏུ། །འཁོད་ནས་དུས་སོགས་ངེས་པ་ཡི། །རྒྱལ་བ་ཉིད་དུ་ལུང་བསྟན་ནས། །སེམས་ཅན་ཀུན་གྱི་མགོན་གྱུར་ཅིག །ཕྲིན་ལས་མངའ་བདག་ཀརྨ་པར། །སྒྲོ་སྐུར་མེད་པར་བསྟོད་པའི་མཐུས། །འགྲོ་ཀུན་རྒྱལ་བ་ཉིད་གྱུར་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཅེས་ཆོས་རྗེ་ཀརྨ་པ་ཆེན་པོའི་རྣམ་ཐར་མདོར་བསྡུས་ཀྱི་བསྟོད་པ་འདི་ནི་རབ་འབྱམས་སྨྲ་བའི་ཉི་མས་མཛད་པའོ། །རྗེ་བདུན་པས་མཛད་པའི་རང་བྱུང་རྡོ་རྗེའི་རྣམ་ཐར་བསྟོད་པ་ནི། བདེ་གཤེགས་ཀུན་གྱི་ཡེ་ཤེས་རྡོ་རྗེ་ལས། །རང་བྱུང་སྐུ་གསུང་ཐུགས་ཀྱི་རྣམ་རོལ་


KMC002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ནམ་མཁའི་མཐའ་ཁྱབ་དུས་རྣམས་ཐམས་ཅད་དུ། །འགྲོ་བ་ཀུན་གྱི་མགོན་དུ་གྱུར་ལ་འདུད། །ཁྱོད་ནི་ཐོག་མཐའ་སྤངས་ཤིང་རབ་ཞི་བ། །གདོད་ནས་འགྱུར་བ་མེད་ཅིང་རྣམ་དག་ཀྱང་། །སེམས་ཅན་དོན་སླད་བྱང་ཆུབ་ཐུགས་བསྐྱེད་པར། །ཡང་ཡང་ཀུན་ཏུ་སྟོན་པ་དེ་ལ་འདུད། །ཁྱོད་སྔོན་རྒྱལ་བས་འདུལ་བའི་འགྲོ་རྣམས་ལ། །གཞན་ཕན་རྣམ་རོལ་སྤོས་འོད་སེང་གེ་སོགས། །གཟུགས་སྐུའི་སྣང་བརྙན་གདུལ་བྱའི་ཡིད་མཚོ་ནི། །དག་པ་རྣམས་ལ་སྣང་མཛད་དེ་ལ་འདུད། །ཐུབ་ཆེན་དུས་སུ་ས་སྐྱོང་ཆེན་པོ་དང་། །སྤྱན་རས་གཟིགས་སོགས་རྒྱལ་སྲས་རྣམ་འཕྲུལ་གྱིས། །སྐད་ཅིག་གཅིག་ལ་ཞིང་རྡུལ་གྲངས་སྙེད་ཀྱི། །འགྲོ་བའི་དོན་སྒྲུབ་མཛད་པ་དེ་ལ་འདུད། །འཕགས་ཡུལ་སྔགས་སྤྱོད་གདུལ་བྱའི་སྣང་བའི་ངོར། །ས་ར་ཧ་དང་ཀླུ་ཡི་བྱང་ཆུབ་དང་། །འབར་བའི་རྒྱལ་མཚན་ལ་སོགས་རྣམ་པར་འཕྲུལ། །ཀུན་ཏུ་སྟོན་པར་མཛད་པ་དེ་ལ་


KMC002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འདུད། །གངས་རིའི་ཁྲོད་འདིར་རྒྱལ་བ་མཆོག་དབྱངས་དང་། །རིན་ཆེན་གསལ་སོགས་རྣམ་འཕྲུལ་མཐའ་ཡས་ཤིང་། །ཁྱད་པར་འགྲོ་བའི་སྐྱབས་གཅིག་ཀརྨ་པ། །བསམས་བཞིན་སྐྱེ་བ་བཞེས་པ་དེ་ལ་འདུད། །ཁྱོད་ནི་ཆོས་ཀྱི་སྐུ་ལས་མ་གཡོས་པར། །ལོངས་སྤྱོད་རྫོགས་སྐུ་བར་དོའི་ཚུལ་འཛིན་ཚེ། །འཁོར་ལོ་སྡོམ་པས་མངོན་པར་དབང་བསྐུར་ཞིང་། །མཁའ་འགྲོ་རྣམས་ཀྱིས་བཀྲ་ཤིས་བརྗོད་ལ་འདུད། །དེ་ནས་འོད་ལྔའི་ལམ་ལ་གཤེགས་ནས་ཀྱང་། །ཤེལ་གྱི་ཁང་བཟང་རིན་ཆེན་ཐེམ་སྐས་ཅན། །གང་དུ་དྲན་དང་ཤེས་བཞིན་མ་ཉམས་པར། །སྤྲུལ་སྐུ་འཛིན་པར་མཛད་པ་དེ་ལ་འདུད། །སྤྲེའུ་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ། །མགོན་ཁྱོད་བལྟམས་ཚེ་བརྒྱད་ཀྱི་ཟླ་བ་ཞེས། །གསལ་བར་བཀའ་སྩལ་བལྟམས་མ་ཐག་པ་ནས། །ཐུབ་ཆེན་ཚུལ་དང་མཐུན་པ་དེ་ལ་འདུད། །ལོ་ལྔའི་བར་དུ་བྱིས་པའི་རྣམ་རོལ་གྱིས། །འགྲོ་མང་


KMC002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་ཡི་གེ་འདྲི་ཀློག་དང་། །མ་སྦྱངས་པར་ཡང་རབ་འབྱམས་གསུང་རབ་སོགས། །རིག་གནས་ཀུན་གྱི་ཕ་རོལ་སོན་ལ་འདུད། །དེ་ལྟ་ན་ཡང་ཐུབ་པའི་རིང་ལུགས་དང་། །མཚུངས་པར་གངས་རིའི་ཁྲོད་འདིར་བྱུང་བ་ཡི། །གསུང་རབ་གཞུང་ལུགས་རིག་གནས་མ་ལུས་དང་། །མན་ངག་རྫོགས་པར་གསན་པ་མཛད་ལ་འདུད། །ཕྱོགས་བཅུའི་རྒྱལ་དང་དེ་སྲས་སློབ་མ་དང་། །གྲུབ་པའི་གཙོ་བོ་རྣམས་དང་ལྷག་པའི་ལྷ། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ཞལ་གཟིགས་ཤིང་། །ལུང་བསྟན་རྗེས་སུ་གནང་བ་དེ་ལ་འདུད། །འཛམ་གླིང་ཡུལ་ཁམས་དུ་མར་ངོ་མཚར་བའི། །རྣམ་འཕྲུལ་དུ་མའི་རྫུ་འཕྲུལ་སྣ་ཚོགས་ཀྱིས། །སྐལ་ལྡན་མཆོག་གི་དགོངས་པ་རྫོགས་པར་མཛད། །འཛམ་གླིང་རྒྱན་གྱུར་ཁྱོད་ལ་སྤྱི་བོས་འདུད། །ལྷ་དང་དྲང་སྲོང་གྲུབ་པ་མང་ཐོས་དང་། །སྡོམ་བརྩོན་ས་སྐྱོང་ལ་སོགས་འཇིག་རྟེན་གྱི། །དྲེགས་ལྡན་རྣམས་ཀྱི་ཁེངས་པ་ཟིལ་གནོན་


KMC002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །ལྷ་མིའི་ཡོན་གནས་དམ་པར་གྱུར་ལ་འདུད། །ཡོས་ལོ་ཟླ་བ་དྲུག་པའི་བཅུ་བཞིའི་ཉིན། །གདུལ་བྱའི་དོན་སླད་སྤྲུལ་སྐུའི་སྣང་བ་བསྡུས། །བཅོ་ལྔའི་མཚན་མོ་ཟླ་བའི་དཀྱིལ་འཁོར་སྟེང་། །མངོན་སུམ་ཞལ་བསྟན་དེ་ལ་སྤྱི་བོས་འདུད། །མགོན་པོ་ཁྱོད་ཀྱི་རྣམ་པར་ཐར་པ་ནི། །མ་ལུས་བརྗོད་པར་སུས་ཀྱང་མི་ནུས་ཀྱིས། །མདོར་བསྡུས་ཙམ་ལ་བསྟོད་པའི་དགེ་བ་ཡིས། །འགྲོ་ཀུན་ཁྱོད་དང་མཚུངས་པ་ཉིད་གྱུར་ཅིག། །།རྗེ་རོལ་པའི་རྡོ་རྗེའི་སྐུ་བསྟོད་རྗེ་བརྒྱད་པས་མཛད་པ་ནི། བླ་མེད་ཡེ་ཤེས་མཆོག་གི་རོལ་པའི་མཐུས། །རྡོ་རྗེ་ལྟ་བུའི་སྐུ་གསུང་ཐུགས་མཆོག་ལྡན། །སྲིད་དང་ཞི་ལས་སྒྲོལ་མཛད་ཐུགས་རྗེའི་གཏེར། །ཟླ་མེད་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །རྣམ་དག་ཚུལ་ཁྲིམས་གསེར་གྱི་ལྷུན་པོ་བརྗིད། །ཏིང་འཛིན་དཔག་མེད་སྐར་ཚོགས་ཤིན་ཏུ་བཀྲ། །དེ་བཞིན་ཉིད་གཟིགས་མཁྱེན་པའི་ཉི་འོད་རྒྱས། །ལོག་ལྟའི་སྨག་རུམ་མ་ལུས་འབྱིན་


KMC002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ། །སྙན་དངགས་དཔའ་བོའི་སྤོབས་པ་ཟིལ་གནོན་ཞིང་། །བརྗོད་པ་རྣམ་དག་ཙནྡྲས་འགྲན་དུ་མེད། །ཚད་མའི་གཞུང་ལ་ཆོས་ཀྱི་གྲགས་པ་སྟེ། །འདུལ་བ་ཡོན་ཏན་འོད་ནི་སླར་ཡང་བཞིན། །དབུ་མའི་ལྟ་བ་འཕགས་པ་ཡབ་སྲས་ཀྱིས། །བཀྲལ་བའི་དོན་རྣམས་མཐའ་དག་གསལ་བར་མཛད། །གསུང་རབ་གཞུང་ལུགས་རིག་གནས་མ་ལུས་ལ། །དབྱིག་གི་གཉེན་གྱིས་ཅུང་ཟད་འགྲན་ནས་ཀྱི། །གཞན་གྱི་འགྲན་ཟླ་འཇིག་རྟེན་ན་ཡོད་མིན། །དེ་ལྟར་ཡོན་ཏན་བསམ་མི་ཁྱབ་པ་ཡི། །ངོ་མཚར་སྟོན་པར་མཛད་ལ་གུས་ཕྱག་འཚལ། །ཡང་ན། སྲིད་མཚོ་མ་སྐེམ་བར་དུ་གནས་པ་ཡི། །སྙིང་རྗེ་ཆེན་པོ་གཟུགས་སུ་གྲུབ་པ་ན། །ཇི་སྲིད་ནམ་མཁའི་ཁམས་སུ་མི་ཤོང་བའི། །བཟོད་མེད་སྙིང་རྗེའི་དབང་ཕྱུག་དེ་ལ་འདུད། །ཆོས་རྣམས་ཀུན་གྱི་ཆོས་ཉིད་གང་ཡིན་པ། །ཇི་བཞིན་གཟིགས་ནས་ཆགས་ཐོགས་སྒྲིབ་བྲལ་བ། །བདེ་གཤེགས་ཀུན་གྱི་མཁྱེན་པ་


KMC002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་བྲལ་དང་། །རོ་གཅིག་མཁྱེན་པའི་དཔལ་མངའ་དེ་ལ་འདུད། ༈ །མ་རུངས་སྐྱེ་བོ་དྲེགས་ལྡན་འདུལ་སླད་དུ། །སར་གནས་སེམས་དཔའ་ཆེན་པོའི་ཚུལ་བཟུང་ནས། །ཚངས་དང་བརྒྱ་བྱིན་ལ་སོགས་རྫུ་འཕྲུལ་གྱིས། །ཟིལ་གྱིས་གནོན་པའི་ངོ་མཚར་དེ་ལ་འདུད། །གདུལ་བྱའི་ཁམས་དང་འཚམས་པའི་མཁས་པ་དང་། །བཙུན་དང་བཟང་པོའི་ཕ་མཐར་སོན་པའི་ཚུལ། །སྙིགས་མའི་བློ་ལ་བསྟན་པ་དྲང་དོན་ཅན། །འགྲོ་བའི་བསམ་པ་སྐོང་མཛད་དེ་ལ་འདུད། །ཀུན་ནས་དུས་གསུམ་མཁྱེན་པའི་མངོན་ཤེས་དང་། །གྲུབ་པ་ཀརྨ་པཀྴིའི་ནུས་པ་མཆོག །ཀུན་མཁྱེན་རང་བྱུང་རྡོ་རྗེའི་རྣམ་ཐར་ནི། །ཞིང་འདིར་སླར་ཡང་འཛིན་པ་དེ་ལ་འདུད། །ལྷོ་ཕྱོགས་འཛམ་གླིང་འདི་ན་ཀརྨ་པ། །རོལ་པའི་རྡོ་རྗེ་ཞེས་གྲགས་ཆོས་ཀྱི་རྗེ། །བཅོམ་ལྡན་ཤཱཀྱ་ཐུབ་པ་གཉིས་པ་ཞིག །བྱོན་པ་དེ་ལ་སྙིང་ནས་གུས་པས་འདུད། །ཐོས་པས་རིག་པའི་གནས་


KMC002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན་ལ་བྱང་། །བསམ་པས་མདོ་རྒྱུད་དྲང་ངེས་དགོངས་པ་རྟོགས། །སྒོམ་པས་ཞི་ལྷག་གཟུང་འབྲེལ་བདེན་པ་མཐོང་། །རིམ་གཉིས་ལམ་བསླབས་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་པ་འདི་ཡང་རྒྱལ་དབང་མི་བསྐྱོད་རྡོ་རྗེས་མཛད་པའོ།། །།རྗེ་དེ་བཞིན་གཤེགས་པའི་རྣམ་ཐར་ལ་བསྟོད་པ་ནི། ལྷག་བསམ་ཆུ་གཏེར་མཁྱེན་རབ་ནོར་བུས་གང་། །དམིགས་མེད་ཐུགས་རྗེའི་གཏིང་མཐའ་རབ་ཏུ་ཟབ། །ཕྲིན་ལས་རླབས་ཕྲེང་ཕྱོགས་བཅུར་གཡོ་བ་ཅན། །ཡོན་ཏན་རྒྱ་མཚོ་བླ་མ་རྣམས་ལ་འདུད། །དཔལ་ལྡན་དཔའ་བོ་ས་ར་ཧ་པ་ཉིད། །གདུལ་བྱའི་དོན་སླད་བསམས་བཞིན་སྐྱེ་བ་བཞེས། །དེ་ཉིད་ཀརྨ་པ་ཞེས་ཆེར་གྲགས་པའི། །འཛམ་གླིང་རྒྱན་གྱུར་རྣམས་ལ་གུས་ཕྱག་འཚལ། ༈ །བསྐལ་བཟང་འདི་ལ་སངས་རྒྱས་སྟོང་འབྱུང་བའི། །དྲུག་པ་སེང་གེ་ཞེས་བྱར་འཚང་རྒྱ་ཞེས། །དམ་བཅས་འཇིགས་མེད་སེང་གེའི་སྒྲ་སྒྲོགས་པ། །དུས་གསུམ་མཁྱེན་པའི་ཞབས་ལ་གུས་ཕྱག་འཚལ། །


KMC002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཕྱི་མར་མཐུ་དང་རྫུ་འཕྲུལ་གྱིས། །གདུལ་བྱ་དཔག་མེད་འདུལ་བའི་དུས་མཁྱེན་ནས། །བསམས་བཞིན་སྐྱེ་བ་བཞེས་པའི་ཀརྨ་པ། །གྲུབ་ཆེན་པཀྴིར་གྲགས་ལ་གུས་ཕྱག་འཚལ། ༈ །དེ་ཉིད་ཕྱི་མར་མཁྱེན་རབ་རྒྱ་མཚོ་ཡིས། །ཐུབ་བསྟན་རྒྱས་པར་མཛད་པའི་དུས་མཁྱེན་ནས། །བསམས་བཞིན་སྐྱེ་བ་བཞེས་པའི་ཀརྨ་པ། །རང་བྱུང་རྡོ་རྗེའི་ཞབས་ལ་གུས་ཕྱག་འཚལ། །དེ་ཉིད་ཕྱི་མར་ཐབས་མཁས་ཐུགས་རྗེ་ཡིས། །འགྲོ་མང་སྨིན་གྲོལ་མཛད་པའི་དུས་མཁྱེན་ནས། །བསམས་བཞིན་སྐྱེ་བ་བཞེས་པའི་ཀརྨ་པ། །རོལ་པའི་རྡོ་རྗེའི་ཞབས་ལ་གུས་ཕྱག་འཚལ། །དེ་ཉིད་ཕྱི་མར་སྐྱེ་འགྲོ་དཔག་མེད་ཀྱི། །འཇིགས་སྐྱོབ་དགེ་ལེགས་འགྲུབ་པའི་དུས་མཁྱེན་ནས། །བསམས་བཞིན་སྐྱེ་བ་བཞེས་པའི་ཀརྨ་པ། །དེ་བཞིན་གཤེགས་པའི་ཞབས་ལ་གུས་ཕྱག་འཚལ། ༈ །ཁྱོད་སྔོན་རོལ་པའི་རྡོ་རྗེར་གྱུར་པའི་ཚེ། །གྲགས་ལྡན་སྐྱེས་བུའི་


KMC002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཅིག་འདིར་འབྱོན་ཞེས། །རང་གི་ཕྱི་མའི་གནས་བསྟན་ཡུལ་ཁམས་དེར། །ཉིང་མཚམས་སྦྱོར་ཚུལ་བསྟན་ལ་གུས་ཕྱག་འཚལ། །ཕག་གི་ལོ་ལ་ཁོ་བོས་འཆི་ཚུལ་བསྟན། །བྱི་བའི་ལོ་ལ་ཉང་འདམ་ཕྱོགས་སུ་སྐྱེ། །འབྲུག་གི་ལོ་ལ་གཞན་དོན་བྱེད་དོ་ཞེས། །ཇི་སྐད་གསུངས་བཞིན་བྱོན་ལ་གུས་ཕྱག་འཚལ། །ཁྱོད་ཉིད་སྐྱེ་ནས་སྐྱེ་བ་འཕོ་བའི་ཚེ། །དགའ་ལྡན་མི་ཕམ་དྲུང་དུ་བྱོན་ལ་སོགས། །སྣོད་ལྡན་གདུལ་བྱ་དག་པ་དུ་མའི་ངོར། །སྤྲུལ་མང་སོ་སོར་བསྟན་ལ་གུས་ཕྱག་འཚལ། །ལྷུམས་སུ་ཞུགས་ཚེ་ཡུམ་གྱི་མནལ་ལམ་དུ། །དུང་དཀར་གཡས་འཁྱིལ་གོས་ཀྱི་ཐུ་བར་གཏུམས། །སྐྱེས་བུ་དཔའ་བོས་གནས་མལ་གཡར་ལ་སོགས། །ལྟས་བཟང་བྱིན་གྱིས་བརླབས་ལ་གུས་ཕྱག་འཚལ། །མགོན་ཁྱོད་ཡུམ་གྱི་ལྷུམས་སུ་ཞུགས་ཚེ་ཡང་། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་སྒྲོགས་པ། །ཉེ་འཁོར་གནས་པའི་སྐྱེ་བོས་གསལ་བར་ཐོས། །ངོ་མཚར་རྨད་དུ་བྱུང་


KMC002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུས་ཕྱག་འཚལ། །བལྟམས་པའི་ཚེ་ན་ངོ་མཚར་ལྟས་མཐོང་ནས། །དད་ལྡན་སྐྱེ་བོའི་ཚོགས་རྣམས་དེར་འདུས་ཏེ། །ཕྱག་འཚལ་མཆོད་ཅིང་གུས་པར་གསོལ་བཏབ་པས། གདོད་ནས་ཡོན་གནས་གྱུར་ལ་གུས་ཕྱག་འཚལ། །བལྟམས་པ་ནས་བཟུང་གཉིས་པའི་ཟླ་བ་ལ། །རོལ་པའི་རྡོ་རྗེའི་སྐུས་སྐྱེ་ཡིན་མིན་ཞེས། །བརྟག་པ་རྣམས་ཀྱི་ཐེ་ཚོམ་དྲ་བ་བཅད། །སྤྲུལ་སྐུ་བྱོན་པར་ངེས་ལ་གུས་ཕྱག་འཚལ། །བལྟམས་ནས་བསིལ་ཟེར་བྱེད་པ་བཞི་པ་ལ། །དུས་གསུམ་མཁྱེན་པ་ཀརྨ་པཀྴི་བ། །རང་བྱུང་རྡོ་རྗེ་རོལ་པའི་རྡོ་རྗེ་ཞེས། །གསལ་བར་ཞལ་གྱིས་བཞེས་ལ་གུས་ཕྱག་འཚལ། །བྱིས་པའི་ཚུལ་བསྟན་རོལ་རྩེད་མཛད་པའི་ཚེ། །འདས་དང་མ་འོངས་ལྐོག་གྱུར་ལུང་བསྟན་པ། །དེ་དང་དེ་དག་ཇི་བཞིན་མངོན་དུ་གྱུར། །ཐོགས་མེད་མངོན་ཤེས་མངའ་ལ་གུས་ཕྱག་འཚལ། །གཞོན་ནུ་ཉིད་ནས་གཞན་སྣང་ཟིལ་གྱིས་མནན། །མ་བསྡུས་སྐྱེ་


KMC002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཚོགས་རྣམས་དབང་དུ་འདུས། །དེ་དག་མངོན་མཐོ་ལེགས་པའི་ལམ་ལ་བཀོད། །འབྲེལ་ཚད་དོན་ལྡན་ཁྱོད་ལ་གུས་ཕྱག་འཚལ། །མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་པས། །མ་འབད་ལྷ་མིའི་ལོངས་སྤྱོད་ཆར་བཞིན་འབབ། །དེ་དག་གང་ལའང་མ་ཆགས་ལྷུག་པར་གཏོང་། །སྦྱིན་འབྲས་ཡོངས་སུ་རྫོགས་ལ་གུས་ཕྱག་འཚལ། ༈ །ལྷག་པའི་ཚུལ་ཁྲིམས་བསླབ་པའི་ན་བཟས་བཀླུབས། །ལྷག་པའི་སེམས་ཀྱིས་བསླབ་པའི་ནོར་གྱིས་འབྱོར། །ལྷག་པའི་ཤེས་རབ་བསླབ་པའི་རྒྱན་གྱིས་སྤྲས། །འཕགས་ལམ་མངའ་བརྙེས་ཁྱོད་ལ་གུས་ཕྱག་འཚལ། །ཁྲོ་མེད་བཟོད་པའི་གོ་ཆ་སྲ་ཞིང་བརྟན། །བརྩོན་འགྲུས་མྱུར་བའི་རྟ་མཆོག་བཞོན་པ་ཅན། །འཁོར་བའི་གཡུལ་ལས་རྒྱལ་བའི་དཔའ་བོ་ཆེ། །མཐུ་སྟོབས་དབང་ཕྱུག་ཁྱོད་ལ་གུས་ཕྱག་འཚལ། །ནང་དུ་ཡང་དག་འཇོག་ལས་མི་གཡོ་བར། །གདུལ་བྱའི་ཁམས་དང་དབང་པོའི་རིམ་པ་བཞིན། །


KMC002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་ལམ་ལ་འགོད་པའི་སེམས་དཔའ་ཆེ། །སེམས་ལ་དབང་ཐོབ་ཞབས་ལ་གུས་ཕྱག་འཚལ། །ཐུབ་ཆེན་འཇམ་དབྱངས་བྱམས་མགོན་སྤྱན་རས་གཟིགས། །འཕགས་པའི་གནས་བརྟན་རྗེ་བཙུན་སྒྲོལ་མ་སོགས། །ལྷག་པའི་ལྷ་རྣམས་ཡང་ཡང་ཞལ་སྟོན་ཞིང་། །ལུང་བསྟན་བྱིན་གྱིས་བརླབས་ལ་གུས་ཕྱག་འཚལ། །མཁའ་སྤྱོད་ས་སྤྱོད་བསྟན་སྐྱོང་སྲུང་མའི་ཚོགས། །མ་བསྒོས་པར་ཡང་ཕྲིན་ལས་ཚུལ་བཞིན་སྒྲུབ། །སྣང་བ་དབང་དུ་འདུས་པའི་རྣལ་འབྱོར་པ། །གྲུབ་པའི་དབང་པོ་ཁྱོད་ལ་གུས་ཕྱག་འཚལ། །སྡོམ་བརྩོན་མང་ཐོས་གྲུབ་པ་ས་སྐྱོང་སོགས། །ཆེར་འོས་འཇིག་རྟེན་སྤྱི་བོར་གྱུར་རྣམས་ཀྱི། །ཁེངས་པ་ཟིལ་གནོན་ཞབས་པད་སྤྱི་བོས་མཆོད། །ཆེ་བའི་ཆེ་མཆོག་ཁྱོད་ལ་གུས་ཕྱག་འཚལ། །ལྷ་ཡིས་ལུང་བསྟན་བཞིན་དུ་ཁྱོད་མཆོད་པས། །མི་དབང་སྟོབས་ཀྱི་འཁོར་ལོས་སྒྱུར་རྒྱལ་གྱུར། །དེ་ལྟར་རྩེ་གཅིག་གུས་པས་ཁྱོད་


KMC002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་ན། །འདོད་དོན་དངོས་གྲུབ་སྩོལ་ལ་གུས་ཕྱག་འཚལ། །རྒྱ་བོད་ཡུལ་ཁམས་དུ་མ་ངོ་མཚར་བའི། །སྒྱུ་འཕྲུལ་དྲ་བའི་རྣམ་འཕྲུལ་སྣ་ཚོགས་ཀྱིས། །སྐལ་ལྡན་མཆོག་གི་དགོངས་པ་ཡོངས་རྫོགས་མཛད། །དབང་བཅུ་མངའ་བ་ཁྱོད་ལ་གུས་ཕྱག་འཚལ། །རི་བོ་རྩེ་ལྔའི་རྩེ་རེར་འཇམ་དབྱངས་རེ། །དངོས་སུ་གཟིགས་ནས་བསྟོད་ཅིང་གསོལ་བཏབ་པས། །འཇམ་པའི་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་། །བློ་ལྡན་རྒྱལ་སྲས་མཆོག་ལ་གུས་ཕྱག་འཚལ། །ཉན་ཐོས་ཚུལ་གྱིས་ཐུབ་བསྟན་རྒྱས་པར་མཛད། །བྱང་ཆུབ་སེམས་ཀྱིས་མཐའ་ཡས་འགྲོ་རྣམས་སྒྲོལ། །གསང་སྔགས་མཆོག་འཛིན་དཔལ་ལྡན་དྷརྨ་ཤྲཱི། །བྷ་དྲའི་ཞབས་ལ་སྤྱི་བོས་གུས་ཕྱག་འཚལ། །དམ་པ་ཁྱོད་ཀྱི་ཡོན་ཏན་ནམ་མཁའི་མཐའ། །ཚད་གཟུང་བརྗོད་པར་ནུས་པ་མ་མཆིས་ཀྱང་། །ཆ་ཤས་ཙམ་ལ་བདག་གིས་གསོལ་བཏབ་པས། །ཐུན་མོང་ཐུན་མོང་མིན་པའི་མཆོག་ཐོབ་གྱུར། །དེ་


KMC002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཕྱག་འཚལ་མཆོད་ཅིང་ཉེས་ཀུན་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བསྐལ་པར་བཞུགས་གསོལ་འདེབས། །དགེ་དེས་འགྲོ་ཀུན་ཀུན་མཁྱེན་ཐོབ་པར་ཤོག །དཔལ་ལྡན་བླ་མ་ཁྱོད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱོད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་བརྩོད་ཞི་བ་དང་། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །རྒྱལ་མཚན་རྩེ་མོ་སོགས་བྱའོ། །ཞེས་ཀརྨ་པ་དེ་བཞིན་གཤེགས་པ་ལ་བསྟོད་པ་མཁན་ཆེན་བསོད་ནམས་བཟང་པོས་མཛད་པའོ།། །།རྗེ་མཐོང་བ་དོན་ལྡན་གྱི་སྐུ་བསྟོད་ནི། ཆོས་དབྱིངས་མཁའ་ལ་སྣ་ཚོགས་གདུལ་བྱའི་ངོར། །གཟུགས་སྐུའི་དཀྱིལ་འཁོར་ཡོངས་སུ་སྟོན་མཛད་ཅིང་། །མཐའ་ཡས་འགྲོ་བ་


KMC002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཛིན་གྱུར་པའི། །དཔལ་ལྡན་བླ་མའི་ཞབས་པད་སྤྱི་བོས་མཆོད། །སྨོན་ལམ་རྟ་བདུན་རླུང་གི་བཞོན་པ་ཅན། །གདུལ་བྱ་གླིང་བཞིའི་དབུས་ན་རྣམ་པར་རྒྱུ། །ཚད་མེད་ཕྲིན་ལས་འོད་སྟོང་འགྱེད་པར་མཛད། །སྐལ་ལྡན་འགྲོ་བའི་མགོན་དུ་གྱུར་ལ་འདུད། །མི་རྟོག་ཏིང་འཛིན་ལྷ་དབང་རྡོ་རྗེ་ཡིས། །ལོག་ལྟའི་ལྷ་མིན་དཔུང་ཚོགས་འཇོམས་མཛད་ཅིང་། །དམ་ཆོས་བདུད་རྩིའི་དཔལ་ལ་དབང་འབྱོར་བ། །ལྷར་བཅས་འགྲོ་བའི་བླ་མར་གྱུར་ལ་འདུད། །བསླབ་གསུམ་གསེར་གྱི་དྲྭ་བས་གདོང་གཡོགས་ཤིང་། །བསྡུ་དངོས་བཞི་ཡི་ཡན་ལག་ཕུན་ཚོགས་ལྡན། །བསྟན་པའི་ཁུར་འཛིན་སྤོས་ཀྱི་གླང་པོ་ཆེ། །ཕས་རྒོལ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །རིམ་གཉིས་ཟབ་མོའི་དོན་ལ་བརྟན་པ་ཐོབ། །གཞན་ལ་ལྐོག་ཏུ་གྱུར་པ་གཞན་གྱི་སེམས། །མངོན་སུམ་མཁྱེན་པའི་མངོན་ཤེས་ཕུལ་དུ་བྱུང་། །མཐོང་བ་དོན་ལྡན་ཞབས་ལ་ཕྱག་འཚལ་ལོ། །


KMC002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་དཀྱིལ་འཁོར་གཟི་བརྗིད་ཕུང་པོ་ཅན། །གསུང་གི་དཀྱིལ་འཁོར་དམ་ཆོས་འོད་སྟོང་འགྱེད། །ཐུགས་ཀྱི་དཀྱིལ་འཁོར་ཟབ་ཅིང་རྒྱ་ཆེའི་གཏེར། །རྨད་བྱུང་གསུམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །འཛམ་གླིང་ས་ཡི་དཀྱིལ་འཁོར་ཁྱོན་ཡངས་པར། །གྲགས་པའི་རྔ་སྒྲ་ཕྱོགས་ཀྱི་མཐའ་ཁྱབ་ཅིང་། །ལེགས་བཤད་དག་གི་ཟློས་གར་སྒྱུར་མཛད་པ། །མཐའ་ཡས་ཕྲིན་ལས་ལྡན་ལ་ཕྱག་འཚལ་ལོ། ༈ །སྟེང་ན་ལྷ་ཡིས་གདུགས་དཀར་ལེགས་བཟུང་ཞིང་། །འོག་ནས་ཀླུ་ཡིས་མཆོད་སྤྲིན་རྒྱ་མཚོས་མཆོད། །མདུན་ནས་མི་ཡིས་བསྟོད་དབྱངས་རྒྱ་མཚོས་བསྟོད། །ལྷ་མིའི་ཡོན་གནས་དམ་པར་གྱུར་ལ་འདུད། །མཁྱེན་པ་མཐའ་ཡས་འགྲོ་ལ་རབ་དགོངས་ནས། །ཐུགས་རྗེའི་འོད་དཀར་ཕྱོགས་བཅུར་འགྱེད་མཛད་ཅིང་། །ཕུལ་བྱུང་བྱིན་རླབས་མི་ཟད་འབྱུང་བའི་གནས། །འགྲོ་བའི་བླ་མ་མཆོག་ལ་ཕྱག་འཚལ་ལོ། །སྙན་དངགས་བསྟན་


KMC002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཐོགས་མེད་རྩོམ་ནུས་ཤིང་། །རྨད་བྱུང་སྤོབས་པའི་གློག་འོད་རབ་འཁྱུག་པ། །ཟབ་ལམ་བདུད་རྩིའི་ཆར་རྒྱུན་འབེབས་མཛད་པའི། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གྲུབ་པ་རིག་འཛིན་ས་ལ་གནས་གྱུར་པ། །མཚུངས་མེད་བླ་མའི་ཡོན་ཏན་ཆུ་གཏེར་ལས། །ཅུང་ཟད་བརྗོད་པའི་དགེ་ཚོགས་གང་ཐོབ་དེས། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་ཀུན་མཁྱེན་རོང་སྟོན་ཆོས་རྗེ་ཉིད་ཀྱི་གཟིགས་སྣང་དང་མཐུན་པར་བསྟོད་པ་མཛད་པའོ།། །།རྗེ་བཙུན་ཆོས་གྲགས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས་པ་ནི། ཁྱབ་བདག་དང་པོའི་མགོན་པོ་རྡོ་རྗེ་འཆང་། །དྲི་མེད་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་དབྱིངས། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །མཁྱེན་པའི་ཡེ་ཤེས་ནམ་མཁའི་ཁྱོན་ལྟར་ཡངས། །བརྩེ་བའི་ཐུགས་རྗེས་འགྲོ་བ་ཀུན་ལ་ཁྱབ། །མཛད་པའི་ཕྲིན་ལས་སྲིད་མཐའི་བར་དུ་གནས། །མཚུངས་


KMC002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར། །རྒྱ་ཆེན་ཆོས་ཀྱི་སྤྱན་གྱིས་རབ་གཟིགས་ནས། །འགྲོ་བའི་བླ་མའི་གོ་འཕང་བརྙེས་གྱུར་པའི། །མཚུངས་མེད་ཆོས་རྗེའི་གསོལ་བ་འདེབས། །རང་བྱུང་བདེ་སྟོང་ལྷུན་གྲུབ་རོལ་པའི་མཐུས། །དེ་བཞིན་གཤེགས་ཞེས་སྐྱེ་དགུའི་གཙུག་རྒྱན་དུ། །མཐོང་ཐོས་དོན་དང་ལྡན་པར་གང་གྱུར་པ། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །དགེ་ལེགས་ཡོན་ཏན་མང་པོས་གང་བའི་མཚོ། །སྐྱེས་བུ་མི་འགྱུར་རྡོ་རྗེའི་ཐུགས་དང་ལྡན། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞེས་གྲགས་པའི། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། ༈ །ཚོགས་གཉིས་རྒྱ་མཚོའི་དབུས་ནས་འཁྲུངས་པའི་སྐུ། །མཚན་དཔེའི་དཔལ་གྱིས་མངོན་པར་མཐོ་བ་ཅན། །གདུལ་བྱ་གླིང་བཞིའི་དབུས་ན་རྣམ་པར་མཛེས། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་


KMC002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །དུས་གསུམ་སངས་རྒྱས་ཀུན་གྱི་གསུང་གི་མཛོད། །ཟབ་མོའི་ངག་གིས་འགྲོ་ལ་ཡུན་རིང་ནས། །རྣམ་དག་ཆོས་ཀྱི་དགའ་སྟོན་འགྱེད་མཛད་པ། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཟབ་གསལ་གཉིས་མེད་ནམ་མཁའ་ལྟ་བུའི་ཐུགས། །ཤེས་བྱའི་གནས་རྣམས་གཟིགས་པའི་མཁྱེན་པ་དང་། །རྣམ་པར་མི་རྟོག་ཡེ་ཤེས་དབྱེར་མེད་པའི། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཁྱོད་སྐུ་ཟླ་བ་གངས་ཅན་རི་བོའི་རྩེར། །འཐོན་པའི་ཚེ་ན་སྲིད་ཞིའི་ཕུན་ཚོགས་དང་། །གྲགས་པའི་འོད་དཀར་ཕྱོགས་བཅུ་ཀུན་ཁྱབ་པ། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་མགོན་པོ་ཁྱོད། །མི་འཇིགས་སེང་གེའི་ཁྲི་ལ་འཁོད་པའི་ཚེ། །སྐྱེ་བོ་དྲེགས་པ་མཐའ་དག་མེད་པར་བྱས། །མཚུངས་མེད༴ ཐེག་པ་གསུམ་དང་བསླབ་པ་གསུམ་ལ་སོགས། །རྒྱལ་བའི་བསྟན་པ་ལུང་དང་


KMC002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཆོས། །ནམ་མཁའི་ཁྱོན་བཞིན་ཡོངས་སུ་རྒྱས་པར་མཛད། །མཚུངས་མེད༴ འདྲེན་པ་ཁྱོད་ཀྱི་གསུང་གི་ཟེར་ཙམ་གྱིས། །འགྲོ་ལ་མངོན་མཐོའི་གོ་འཕང་སྦྱིན་པ་དང་། །ཐར་པའི་ལམ་མཆོག་སྟོན་པ་ཅིག་ཅར་གྱུར། །མཚུངས་མེད༴ ཕུན་ཚོགས་བཀྲ་ཤིས་རྟགས་ཀྱི་རི་མོ་ཅན། །ཞབས་སེན་རྩེ་མོས་རེག་པའི་རྡུལ་ཕྲན་ཡང་། །འགྲོ་བའི་མཆོད་རྟེན་མཆོག་ཏུ་གྱུར་པ་ཡི། །མཚུངས་མེད༴ མདོར་ན་སྐྱབས་མཆོག་གསུམ་པོ་ཁྱོད་ཉིད་དེ། །ཁྱོད་ཉིད་ཁོ་ན་སྐྱབས་མཆོག་གསུམ་པོ་ཉིད། །དེ་ཕྱིར་སྐྱོབ་པ་འགྲན་གྱི་ཟླ་བྲལ་བ། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་པས། །བདག་སོགས་སྐྱེ་བ་ཐ་མར་གྱུར་གྱི་བར། །རྒྱལ་བ་ཀུན་དངོས་བླ་མས་རྗེས་བཟུང་ནས། །གསུང་གི་བདུད་རྩི་ཅིར་ཡང་འཐུང་བར་ཤོག །ཅེས་བན་སྒར་འཇམ་དཔལ་བཟང་པོས་སོ། །དེའི་མཐར། འདས་པའི་སངས་རྒྱས་


KMC002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕན་རྣམ་རོལ་སོགས། །ད་ལྟ་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན། །མ་འོངས་སངས་རྒྱས་དྲུག་པ་སེང་གེའི་མཚན། །ཞིང་རྣམས་ཀུན་ཏུ་རྣམ་འཕྲུལ་སྣ་ཚོགས་ཀྱིས། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །ཀརྨ་པ་ཞེས་ཉི་ཟླ་ལྟར་གསལ་བའི། །ཞབས་ལ་ཕྱག་འཚལ་གསོལ་འདེབས་བྱིན་གྱིས་རློབས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་པ། །རི་བོ་གྲུ་འཛིན་རྩེ་ན་སྤྱན་རས་གཟིགས། ཁ་བ་ཅན་ན་དཔལ་ལྡན་ཀརྨ་པར། །གྲགས་པའི་གདུགས་དཀར་འཛིན་པ་དེ་ལ་འདུད། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །སྲིད་ཞིའི་བདེ་ལེགས་མཐའ་དག་འབྱུང་བའི་གནས། ཁམས་གསུམ་མགོན་པོ་མཚུངས་མེད་ཀརྨ་པ། །ཆོས་གྲགས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་བྱམས་པ་དང་ནི་སེང་གེ་ཡིས། །མ་འོངས་སངས་རྒྱས་མཛད་པ་བསྟན་པའི་ཚེ། །བདག་ཀྱང་བྱང་ཆུབ་མཆོག་


KMC002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་གྱུར་ཏེ། །བླ་ན་མེད་པའི་ལུང་ཡང་སྟོན་པར་ཤོག །ཅེས་པའང་སྦྲེལ་ལོ།། །།རྗེ་བརྒྱད་པའི་སྐུ་བསྟོད་ནི། ཟླ་མེད་སྟོན་པའི་བསྟན་པ་གང་ཡིན་པ། །འཆུག་མེད་དངོས་ཉིད་ལེགས་པར་བཙལ་བྱས་ནས། །ཡང་དག་ཚུལ་ལ་བསྙེན་པའི་བརྟུལ་ཞུགས་ཅན། །བསྟན་ལ་ངེས་པར་རྫོགས་དེར་གསོལ་བ་འདེབས། ༈ །བཅས་དང་རང་བཞིན་ཁ་ན་མ་ཐོའི་ཆོས། །ལྟར་སྣང་དམ་པའི་ཆོས་སུ་བཅོས་པ་རྣམས། །སྤུན་ལྟར་ཕྱི་རོལ་གྱུར་པ་ཉིད་གཟིགས་ནས། །དོན་བཟང་ལེགས་བཤད་འདོམས་དེར་གསོལ་བ་འདེབས། །འདི་དང་གཏན་གྱི་འདུན་མ་ཐམས་ཅད་པ། །ཡོངས་འཛིན་དགེ་བའི་བཤེས་ལས་འབྱུང་སེམས་ནས། །ཟློག་མེད་མོས་པ་གོང་འཕེལ་ཕུལ་བྱུང་བ། །དད་པའི་ཕ་རོལ་སོན་དེར་གསོལ་བ་འདེབས། །ཚེ་འདིའི་གྲགས་འབྱོར་སྙིང་པོས་དབེན་པའི་ཚུལ། །ཚིག་ཙམ་མིན་པར་སྙིང་ནས་རབ་རྟོགས་ཏེ། །ཞེན་ལོག་སྲེད་པ་བྲལ་བའི་རྣམ་


KMC002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ཅན། །དགོས་མེད་དྲན་པ་བསྟེན་དེར་གསོལ་བ་འདེབས། །བྱམས་པའི་བློ་ཅན་སྙིང་རྗེའི་གདུང་ཤུགས་དང་། །འབྲལ་བ་མེད་པར་ངེས་འབྱུང་རྣམ་པར་དག །སྡུག་བསྔལ་རྒྱུ་དང་བཅས་ལ་རྟག་སྐྱོ་ཞིང་། །མི་རྟག་ངེས་པར་སེམས་དེར་གསོལ་བ་འདེབས། །ཉོན་མོངས་ངན་བློར་སྐད་ཅིག་མི་གཏོང་ཞིང་། །གལ་ཏེ་ཤར་ཡང་གཉེན་པོའི་ཆུ་ལོན་ཅན། །དགེ་བའི་ངང་ཚུལ་བཟང་པོ་མི་གཏོང་བའི། །བཤེས་གཉེན་ཕན་མཛད་གང་དེར་གསོལ་བ་འདེབས། །གཟུ་བོར་གསུང་རབ་དོན་ལ་མཉམ་གཞག་ནས། །དྲང་ངེས་སོ་སོར་འབྱེད་པའི་ཤེས་རབ་ཀྱིས། །ཅལ་སྒྲོགས་རྗེས་སུ་རྒྱུག་པར་མི་བྱེད་པར། །ངེས་དོན་དམ་པ་འཆད་དེར་གསོལ་བ་འདེབས། །ཆེན་པོར་གྲགས་ལ་བརྩེ་ཞིང་རྗེ་བྱེད་བློ། །སྨོན་ལམ་དག་པ་རྣམས་ཀྱིས་མཚམས་སྦྱར་ནས། །དགེ་ལ་སྦྱོར་བའི་བློ་གྲོས་སྐྱེད་པའི་རྟེན། །ཡོངས་སུ་བསྔོ་བར་མཛད་དེར་གསོལ་བ་འདེབས། །དེ་ལྟར་ཡོན་


KMC002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བརྗོད་ལས་དགེ་གང་ཐོབ། །ཡོན་ཏན་དེ་ལྡན་ཡོན་ཏན་བརྗོད་པའི་དག །བྱང་ཞིང་ཆུབ་པའི་ལུས་སེམས་དོན་ལྡན་པ། །ཀརྨ་པ་ཡི་དགོངས་པ་རྫོགས་བྱེད་ཤོག །ཅེས་པ་འདི་ནི་རྗེ་བཙུན་མི་བསྐྱོད་རྡོ་རྗེ་ཉིད་ལ་ཉིད་ཀྱིས་བསྟོད་པར་མཛད་པའོ། །དེའི་མཐར། བདུད་བཞིའི་དཔུང་གིས་མི་བསྐྱོད་ཅིང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ལྡན། །བྱང་ཆུབ་སེམས་དཔའི་ཚུལ་འཛིན་པ། །མི་བསྐྱོད་རྡོ་རྗེའི་ཞབས་ལ་འདུད། །བདག་ནི་སྐྱེ་བ་ཐམས་ཅད་དུ། །མཉམ་མེད་དྭགས་པོ་བཀའ་བརྒྱུད་དང་། །ཁྱད་པར་དཔལ་ལྡན་ཀརྨ་པ། །སྤྱི་གཙུག་རྒྱན་དུ་མི་འབྲལ་ཤོག །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་ཀརྨ་པ་ཡི་བསྟན་པ་ལ། །འཆད་རྩོམ་ཐོས་བསམ་སྒོམ་པ་བྱེད་པ་ལ། །ཞྭ་ནག་ཅན་གྱི་བྱིན་རླབས་འཇུག་གྱུར་ཅིག །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་ཀརྨ་པ་ཡི་བསྟན་པ་ལ། །འཆད་རྩོམ་ཐོས་བསམ་སྒོམ་པ་བྱེད་པ་ལ། །ཞྭ་ཁྲ་ཅན་གྱི་


KMC002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བརྒྱུད་དར་བར་ཤོག །དཔལ་ལྡན་བླ་མ་དམ་པའི་སོགས། །ཅེས་ཀྱང་སྦྲེལ་བར་སྣང་ངོ་། །སྟེང་དག་པ་འོག་མིན་གྱི་ཕོ་བྲང་ན། །སངས་རྒྱས་མི་བསྐྱོད་རྡོ་རྗེ་རྡོ་རྗེ་སེམས། །སྐྱབས་གནས་མཐར་ཐུག་མཆོག་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །མི་བསྐྱོད་རྡོ་རྗེ་སངས་རྒྱས་ཏཻ་ལོ་པ། །རྣལ་འབྱོར་མཐར་ཐུག་མཆོག་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །བྱང་པུཥྤ་ཧ་རིའི་དགོན་པ་ན། །མི་བསྐྱོད་རྡོ་རྗེ་པཎ་ཆེན་ནཱ་རོ་པ། །དངོས་གྲུབ་མཐར་ཐུག་མཆོག་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། ༈ །ལྷོ་དྲོ་བོ་ལུང་གི་སྨན་ལྗོངས་ན། །མི་བསྐྱོད་རྡོ་རྗེ་མར་པ་ལྷོ་བྲག་པ། །བྱིན་རླབས་མཐར་ཐུག་མཆོག་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ནུབ་གངས་དཀར་གྱི་རྒྱལ་པོ་ཏི་སེ་ན། །མི་བསྐྱོད་རྡོ་


KMC002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྣལ་འབྱོར་མི་ལ་རས། །དོན་རྒྱུད་མཐར་ཐུག་མཆོག་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །མི་བསྐྱོད་རྡོ་རྗེ་རྗེ་བཙུན་སྒམ་པོ་པ། །བཀའ་བརྒྱུད་མཐར་ཐུག་མཆོག་ལ༴ ཕྱག་རྒྱ་ཆེན་པོའི༴ གནས་སྟོང་ལུང་མཚུར་ཕུའི་དགོན་པ་ན། །མི་བསྐྱོད་རྡོ་རྗེ་དཔལ་ལྡན་དུས་གསུམ་མཁྱེན། །སྒྲུབ་བརྒྱུད་མཐར་ཐུག་མཆོག་ལ༴ ཕྱག་རྒྱ་ཆེན་པོའི༴ གནས་གསང་བ་མཆོག་གི་དགྱེས་པ་ན། །མི་བསྐྱོད་རྡོ་རྗེ་དཔལ་ལྡན་གསང་བ་འདུས། །སྒྱུ་འཕྲུལ་མཐར་ཐུག་མཆོག་ལ༴ ཕྱག་རྒྱ་ཆེན་པོའི༴ མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ན། །མི་བསྐྱོད་རྡོ་རྗེ་དཔལ་ལྡན་འཁོར་ལོ་སྡོམ། །བདེ་མཆོག་མཐར་ཐུག་མཆོག་ལ༴ ཕྱག་རྒྱ་ཆེན་པོའི༴ མཚམས་བོ་ལ་ཀཀྐོ་འདུས་པ་ན། །མི་བསྐྱོད་རྡོ་རྗེ་བཅོམ་ལྡན་ཀྱེ་རྡོ་རྗེ། །དགྱེས་བྱེད་མཐར་ཐུག་མཆོག་ལ༴ ཕྱག་རྒྱ་ཆེན་པོའི༴ བསགས་


KMC002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་རབ་ཏུ་འབར་བའི་བདེ་བ་ན། །མི་བསྐྱོད་རྡོ་རྗེ་ནག་པོ་ལྕམ་དྲལ་ཚོགས། །བསྟན་སྲུང་མཐར་ཐུག་མཆོག་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཁྱོད་ལ་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་རྣམས་མ་རིག་མུན་པ་རབ་བསལ་ནས། །ཐར་པ་ཆེན་པོའི་ལམ་མཆོག་རབ་བགྲོད་དེ། །རྣམ་མཁྱེན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་རྩེ་ཐང་སྒོམ་ཆེན་གྱིས་བསྐུལ་བའི་ངོར་ཀརྨ་པ་མི་བསྐྱོད་རྡོ་རྗེ་དགའ་བའི་དབྱངས་ཀྱིས་བགྱིས་པའོ།། །།རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ་གསོལ་བ་འདེབས་པ་ནི། དཔལ་ལྡན་ཁྱབ་བདག་རིགས་རྣམས་ཀུན་གྱི་གཙོ། །མི་ཕམ་སྲིད་ཞིའི་གཡུལ་ལས་རྣམ་པར་རྒྱལ། །ཆོས་ཀྱི་འཁོར་ལོས་སྒྱུར་བ་བླ་ན་མེད། །མཁྱེན་བརྩེའི་དབང་ཕྱུག་ཉིད་ལ་གསོལ་བ་འདེབས། །རྒྱ་ཆེན་གནས་སྣང་ཆོས་ལ་ཆགས་ཐོགས་བྲལ། །ཟབ་གསལ་གཉིས་མེད་མཁྱེན་པའི་ཡེ་ཤེས་རྒྱས། །སྲིད་པ་ཇི་སྲིད་དགེ་ལེགས་ལམ་སྟོན་པ། །དབང་ཕྱུག་


KMC002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཞིང་ཁམས་རྒྱ་མཚོར་སྤྲུལ་པ་རྒྱ་མཚོ་ཡིས། །ཅིག་ཅར་དམ་ཆོས་སྒོ་བརྒྱ་འབྱེད་པར་མཛད། །ཀུན་ཀྱང་རིགས་བདག་མཆོག་གི་ཅོད་པན་ཅན། །དབང་ཕྱུག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་དབང་ཕྱུག་མཆོག་གི་ཞིང་ཁམས་འདིར། །རྒྱལ་ཀུན་ཐུགས་རྗེའི་དབང་ཕྱུག་རྡོ་རྗེའི་སྐུ། །འབྲེལ་ཚད་དོན་ལྡན་མངོན་སུམ་ཞལ་སྟོན་པ། །དབང་ཕྱུག་རྡོ་རྗེའི་གསོལ་བ་འདེབས། ༈ །ཉེ་བའི་སྲས་ཆེན་རྣམས་ཀྱི་ཅོད་པན་རྩེར། །བཀྲ་ཤིས་འཁོར་ལོས་མཚན་པའི་ཞབས་བཀོད་ནས། །ལྷར་བཅས་འགྲོ་ལ་འཇིགས་མེད་དབུགས་དབྱུང་བའི། །དབང་ཕྱུག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །སྐུ་ཡི་དཀྱིལ་འཁོར་མཐོང་བས་རབ་དང་ཞིང་། །ཡང་དག་གསུང་གིས་ཐེ་ཚོམ་དྲི་མ་སེལ། །བསམ་གྱིས་མི་ཁྱབ་ཐུགས་རྗེའི་རོལ་གར་སྟོན། །དབང་ཕྱུག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །


KMC002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་འགྲོ་ལ་ཉེ་རིང་མི་མངའ་ཞིང་། །གདུལ་བྱ་དུས་ཡོལ་བཏང་སྙོམས་མ་མཆིས་པར། །མ་ལུས་བདེ་ཆེན་ས་ལ་འགོད་མཛད་པ། །དབང་ཕྱུག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བདག་སོགས་སྐྱེ་བ་འདི་དང་ཚེ་རབས་ཀུན། །མགོན་པོ་ཁྱོད་དང་རྟག་ཏུ་འབྲལ་མེད་ཅིང་། །བསྒྲུབ་པའི་མཆོད་པས་ཚོགས་གཉིས་མྱུར་རྫོགས་ཏེ། །སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པར་ཤོག །ཞྭ་དམར་པ་ལྔ་པས་གསོལ་བ་བཏབ་པའོ། །ཁམས་གསུམ་དབང་ཕྱུག་ཆོས་ཀྱི་རྗེ། །རྡོ་རྗེ་སྲིད་པ་གསུམ་གྱི་བདག །སངས་རྒྱས་ཀུན་འདུས་ཀརྨ་པ། །དབང་ཕྱུག་རྡོ་རྗེའི་ཞབས་ལ་འདུད། །སྔོན་ཚེ་རྒྱལ་བའི་ཞལ་བཞེས་ལྟར། །ཞིང་འདིའི་འདྲེན་པར་མྱུར་བྱོན་ཏེ། །ཐེ་ཚོམ་དྲ་བ་གཅོད་མཛད་པ། །དབང་ཕྱུག་རྡོ་རྗེའི་ཞབས་ལ་འདུད། །ཉི་མའི་དཀྱིལ་འཁོར་ཤར་བ་ལྟར། །མཆོག་དམན་སྐྱེ་དགུ་མཐའ་དག་གི །ཡིད་ཀྱི་པདྨོ་འབྱེད་མཛད་པ། །དབང་ཕྱུག་རྡོ་རྗེའི་ཞབས་ལ་


KMC002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འདུད། །གཞོན་ནུའི་རོལ་རྩེད་འདི་ཉིད་དུ། །གཞན་སེམས་མཁྱེན་པའི་མངོན་ཤེས་ཀྱིས། །གདུལ་བྱ་རྗེས་སུ་འཛིན་མཛད་པ། །དབང་ཕྱུག་རྡོ་རྗེའི་ཞབས༴ ༈ ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱིས། །དུས་གསུམ་བྱ་བ་ལུང་སྟོན་ཞིང་། །ཇི་སྲིད་བསྙེལ་བ་མི་མངའ་བ། །དབང་ཕྱུག་རྡོ་རྗེའི་ཞབས༴ ཇི་ཙམ་རྟོག་དཔྱོད་མང་བ་དང་། །ཇི་ཙམ་བློ་གྲོས་ཆེ་བས་ཀྱང་། །ཁྱོད་ཀྱི་མཛད་པ་བསམ་མི་ཁྱབ། །དབང་ཕྱུག་རྡོ་རྗེའི་ཞབས༴ ཚུ་རོལ་མཐོང་བའི་སྐྱེ་བོ་ཡིས། །མོས་བློས་ཡར་གཞལ་མ་ཡིན་པར། །ལྷུན་གྱིས་གྲུབ་པའི་མཛད་པ་ཅན། །དབང་ཕྱུག་རྡོ་རྗེའི་ཞབས༴ ཡར་ངོའི་ཟླ་བ་ཇི་བཞིན་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །དྲི་མ་མེད་པར་གསལ་གྱུར་པ། །དབང་ཕྱུག་རྡོ་རྗེའི་ཞབས༴ ༈ དྲི་མེད་བཻ་ཌཱུརྱ ་ལྟ་བུར། །དགོས་འདོད་ལྷུན་གྱིས་གྲུབ་གྱུར་ཅིང་། །བརྟག་དང་ཞིག་པའི་ཡུལ་མིན་པ། །དབང་ཕྱུག་རྡོ་རྗེའི༴ ས་ཡི་


KMC002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཇི་བཞིན་དུ། །གལ་ཏེ་བརྟགས་ཤིང་གཞིགས་པ་ན། །སྐྱོན་རྣམས་བྲི་ཞིང་ཡོན་ཏན་འཕེལ། །དབང་ཕྱུག་རྡོ་རྗེའི༴ གང་གི་ཞབས་སེན་རྡུལ་ཕྲན་ལ། །ཚངས་དབང་གིས་ཀྱང་ཕྱག་བགྱིད་པ། །དེ་ལ་དངོས་པོ་ཐམས་ཅད་ཀྱིས། །རྣམ་པ་ཀུན་དུ་བདག་འདུད་དོ། །བདག་སོགས་འགྲོ་བ་ལོང་བ་ཀུན། །འབྲོག་དགོན་འཇིགས་པར་འཕྱན་པ་ལ། །ཁྱོད་ལས་དམིགས་བུ་མ་འཚལ་བས། །འབྲལ་བ་མེད་པར་བསྟེན་པར་བགྱི། ༈ །བདག་དང་བདག་གི་དགྲ་གཉེན་དང་། །དེ་བཞིན་མཐོང་ཐོས་དྲན་རེག་གི། །སྐྱེ་བོ་ཀུན་དང་སྲོག་ཆགས་ཀུན། །ཁྱོད་ཀྱིས་རྗེས་སུ་འཛིན་པར་ཤོག །རྡོ་རྗེ་ལྟ་བུའི་སྐུ་གསུང་ཐུགས། །འཕོ་འགྱུར་བྲི་གང་མ་མཆིས་ཀྱང་། །འགྲོ་བློ་མི་རྟག་རབ་རིབ་ཀྱིས། །ཀུན་ཏུ་སྒྲིབ་པར་མ་གྱུར་ཅིག །བསྐལ་པ་ཇི་སྲིད་བར་དུ་ནི། །ལུང་རྟོགས་བསྟན་པའི་སྙིང་པོ་འདི། །འཇིག་རྟེན་ཀུན་ཏུ་ཁྱབ་པ་དང་། །ནུབ་པ་མེད་པར་བྱིན་གྱིས་རློབས། །


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next