Nitartha Digital Library
Tibetan
 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


KMC011_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་གསུངས། ཨ་ནནྟ་མཐའ་ཡས། ཀྵོ་བྷ་ཀ་རཱ་ཡ་བསྐྱོད་པར་གྱིས། གང་བསྐྱོད་ན། ནཱ་ག་ན་ཨཱ་དྷི་པ་ཏ་ཡེ། ཀླུའི་ལྷག་པའི་བདག་པོ་གང་གིས། ཧེ་ཧེ་རུ་རུ་ཀཾ་ཧེ་རུ་ཀའི་བཀས། གནས་གང་དུ་ན། སཔྟ་པཱ་ཏཱ་ལ་གཱ་ཏ་ན། ས་འོག་བདུན་དུ་གནས་པ། ཇི་ལྟར་ན། ནཱ་ག་ན་ཨཱ་ཀཪྵ་ཡ། ཀླུ་རྣམས་ཁུག་ཅིགབཀུག་ནས་ལས་གང་བྱེད་ན། ཝཪྵ་ཡ་ཕོབ་ཅིག་ཆར་དང་། གརྫ་ཡ་སྒྲོགས་ཤིག་འབྲུག་སྒྲ་དང་། ཏ་རྫ་ཡ་གཏོགས་ཤིགའབེབས་པའི་གནོད་བྱེད་ལའོ། །ཕུཿབརྒྱད་ཀླུ་རྒྱལ་བརྒྱད་ཀྱི་ས་བོན་ཧཱུྃ་གསུམ་དེ་དག་གི་ལུས་ངག་ཡིད་གསུམ། ཕཊ་ལས་དེ་ལ་གནོད་བྱེད་འཇོམས་ཤིང་དངོས་གྲུབ་འགུགས་པ་གཉིས་སུ་འགྱུར་ལ། སྭཱ་ཧཱ་ལས་དེའི་བར་ཆད་ཞི་ཞིང་འདོད་དོན་འཕེལ་བའི་དོན་ཏོ། །དེ་ལྟར་འདི་དང་སམྦུ་ཊར་བྱུང་བའི་སྔགས་འདིའི་ལས་ལ་ཤིས་པའི་བགྲང་ཕྲེང་དང་ལྡན་པས་བཟླས་པ་འབུམ་དང་སྦྱིན་སྲེག་ཁྲེས་འགྲུབ་བོ། །གལ་ཏེ་ཆར་མི་འབབ་ན། དེའི་ཚེ་འབོགས་པའི་ཆོ་ག་ནི་སྔགས་འདི་མས་རིམ་གྱིས་འབྲུ་རེ་རེ་ནས་བཟློག་ལ་བཟླ་སྟེ་ཆར་འབབ་བོ། །གལ་ཏེ་དེས་ཀྱང་མི་འབབ་ན། དེའི་ཚེ་ཀླུ་རྣམས་ཀྱི་


KMC011_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོ་ཨཱརྫ་ཀའི་དོག་པའི་ངོས་འཛིན་བོད་ཀྱི་བླ་མ་རྣམས་ཤིང་བལ་གྱི་འབྲས་བུ་ལ་བཞེད་ཅིང་། སྙིང་འགྲེལ་ལས། ཨཱརྫ་ཀ་ཞེས་པ་དབྱུག་པ་དཀར་པོ་ཅན་མལླི་ཀ་ནག་པོ་འདྲ་བ་སྟེ། དེའི་དོག་པ་ཇི་ལྟར་ཉི་མའི་འོད་ཀྱིས་འགས་པ་དེ་བཞིན་དུ་འགས་སོ། །ཞེས་འབྱུང་ངོ་། །ཆར་དབབ་པའི་ངེས་དོན་ནི། ཨ་ནི་ཙནྜ་ལཱི་ལྟེ་བར་གནས་པ། དགྱེས་པའི་རྡོ་རྗེ་ནི་བདག་ཉིད་བསྐྱེད་པའི་རིམ་པ་དང་ལྡན་པས། སྔགས་ནི་རླུང་རྡོ་རྗེའི་བཟླས་པས་ཨ་ཐུང་ལས་གཏུམ་མོ་འབར་བས་ཀླུ་དབང་འབར་བའི་རྩ་བསྐྱོད་དེ། ཧཾ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཆར་བབས་པས་དགའ་བ་བཞིའི་ཡེ་ཤེས་སྐྱེ་བར་འགྱུར་བའོ། །ཆར་དབབ་པ་ཞེས་བྱ་བའི་ཆོ་གའོ། །ཞེས་པ་ནི་དེ་དག་གི་དོན་བསྡུས་པའོ། །བཞི་པ་ནི། སྤྲིན་དྲལ་བ་བཤད་དེ་དུར་ཁྲོད་ཀྱི་རས་ལ་ཉེ་བར་འདུག་ནས་སྔགས་བཟླས་ཤིང་དྲལ་ཏེ། ཨོཾ་ཨཱརྱ་ཨཱརྱ་ཤྨ་ཤཱ་ན་པྲི་ཡཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭ་ཧཱ། སྤྲིན་དྲལ་བའི་ཆོ་གའོ། །ཞེས་གསུངས་ཏེ། ཧེ་རུ་ཀ་ཕྱག་གཉིས་པའི་ལས་ཚོགས་ཀྱིས་སྤྲིན་འབྲལ་ཞིང་ཆར་མི་འབབ་པར་བྱེད་པ་ཡིན་པས་དེ་བཤད་པར་བྱ་སྟེ། དེ་ཡང་ཆར་ཆེས་པར་གཅོད་པར་འདོད་ན། ཀླུ་


KMC011_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ཀྱི་གཟུགས་ཡོད་པའི་ཁམ་ཕོར་དུར་ཁྲོད་ཀྱི་ཐལ་བས་བཀང་ལ། སྒྲུབ་པ་པོ་དུར་ཁྲོད་ཀྱི་རས་ཏེ་རོ་རས་ཀྱི་གདན་ལ་ཉེ་བར་འདུག་ནས། སྔགས་ཀྱི་འོད་ཟེར་བསྐལ་པ་འཇིག་དུས་ལྟ་བུའི་མེ་དང་རླུང་གིས་སྤྲིན་ཚོགས་གཏོར་བར་བསམ་ནས་སྔགས་འདི་ཐལ་ཆེན་དང་ཡུངས་ཀར་ལ་ཁྲི་བཟླས་ཤིང་གཏོར་ལ་སྤྲིན་དྲལ་ཏེ། དེའི་སྔགས་ཀྱི་དོན་ནི། ཨོཾ་མགོ་འདྲེན། ཨཱཪྱ་གཉིས་ནི་འཕགས་པ་འཕགས་པ། ཤྨ་ཤཱ་ན་དུར་ཁྲོད་ན། པྲི་ཡཱ་ཡ་དགྱེས་པ། ཧཱུྃ་གསུམ་དང་ཕཊ་སྭཱ་ཧཱ་སྔར་བཞིན་ཏེ། བདེན་པའི་ཚིག་གོ། །འདིའི་ངེས་དོན་ནི། དུར་ཁྲོད་དུ་བོར་བ་ལ་བདག་གི་བ་མེད་པ་བཞིན་དུ་བདག་འཛིན་ཞིག་པ་ལས་ཉོན་མོངས་པའི་སྤྲིན་མེད་པར་འགྱུར་རོ། །དེ་དག་ནི་སྤྲིན་དྲལ་བའི་ཆོ་གའོ། །ལྔ་པ་སྤྱིའི་ལས་སྔགས་ལ་བརྒྱད་ལས། དང་པོ་རྡོ་རྗེ་གྲི་གུག་གི་ལས་ནི། ཕ་རོལ་གྱི་སྡེ་རྣམ་པར་གཞིག་པའི་ཕྱིར་ཁ་ཊི་ཀཱའི་བསྒྲུབ་པ་བཤད་དེ། ཁ་ཊི་ཀཱ་དང་བདུད་རྩི་ལྔ་དང་། ཀུ་ཋཱ་ར་ཙྪིནྣ་དང་ལྷན་ཅིག་བཏགས་ལ་རིལ་བུ་བྱས་ཏེ། སྔགས་ནི། ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དངོས་གྲུབ་ཀྱི་དོན་དུ་བྱེ་བ་བཟླས་


KMC011_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྔོན་དུ་བསྙེན་པ་འབུམ་བྱས་ཏེ། དེ་བསྒྲུབས་ལ་རིལ་བ་སྤྱི་བླུགས་ཀྱི་མགྲིན་པར་བསྐོར་ཞིང་བསྐོར་ནས་བཅག་ན་དགྲ་ཐམས་ཅད་ཀྱི་མགོ་མེད་པར་འགྱུར་རོ། །རྡོ་རྗེ་གྲི་གུག་གི་ཆོ་གའོ། །ཞེས་གསུངས་ཏེ། མདོར་བསྟན་དུ། སྡེ་རེངས་བྱེད་དང་ཞེས་གསུངས་པའི་དོན་ཏེ། འདི་ནི་ཕྲིན་ལས་ཆེན་པོའོ། །དེའང་ཕ་རོལ་གྱི་དགྲའི་སྡེ་དཔུང་གི་སྟོབས་རྣམ་པར་གཞིག་པར་བྱ་བའི་ཕྱིར། ཁ་ཊི་ཀཱའི་རྫས་ལ་བརྟེན་པའི་སྒྲུབ་པ་བཤད་དེ། ཁ་ཊི་ཀཱ་ཐོད་ལེ་ཀོར་དང་། ནང་གི་བདུད་རྩི་ལྔའི་རིལ་བུ་སྔོན་སྒྲུབ་པ་དང་། ཀུ་ཋཱ་ར་ཙྪིནྣ་སྟ་རེས་གཅོད་པ་སྟེ། རྨ་ལོ་གང་བུ་ཞེས་བྱ་བ་དང་ལྷན་ཅིག་རྡོ་གཞོང་དུ་བཏགས་ལ། རིལ་བུ་མིག་འབྲས་ཀྱི་ཚད་ཙམ་བྱས་ཏེ། ཧེ་རུ་ཀའི་སྐུ་གཟུགས་ཀྱི་ཞལ་དུ་བཅུག་ནས་སྔགས་བཟླས་པས་ཇི་སྲིད་དུ་ཞལ་གྱི་རིལ་བུ་སྒྲུབ་པ་པོ་ལ་གཏོད་པར་མ་གྱུར་གྱི་བར་དུ་སྒྲུབ་ཅེས་སྙིང་འགྲེལ་ལས་བྱུང་ཞིང་། སྔགས་ནི། ཨོཾ་དམ་བཅའ་བ། བཛྲ་ཀརྟརི་རྡོ་རྗེ་གྲི་གུགཧེ་བཛྲཱ་ཡ། ཀྱེ་རྡོ་རྗེ་ལ། ཧཱུྃ་གསུམ་སྔར་ལྟར། ཕཊ་དགྲ་དཔུང་འཇོམས་པ་དང་། སྭཱ་ཧཱ་ཉེས་པ་འཕྲོག་པའི་དོན་དུ་རྡོ་རྗེ་རྩེ་མོ་ལས་བཤད་པ་བཞིན་ཤེས་པས་


KMC011_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བཅུ་དྲུག་པའི་སྔགས་དངོས་གྲུབ་དྲག་པོའི་ལས་ཀྱི་དོན་དུ་བྱེ་བ་བཟླས་པས་བསྙེན་པ་བྱས་ཤིང་། ལས་སྦྱོར་གྱི་སྔོན་དུ་བསྙེན་པ་འབུམ་བྱས་ཏེ་རིལ་བུ་དེ་བསྒྲུབས་ལ། དུས་ལ་བབས་པའི་ཚེ་རིལ་བ་སྤྱི་བླུགས་ཀྱི་མགྲིན་པ་ལ་དེས་རི་མོ་བསྐོར་བས་དམག་གི་སྡེ་ཐམས་ཅད་ཀྱི་རྐེ་ལ་རི་མོ་འབྱུང་ཞིང་དེས་བྲེད་ནས་འདུད་པར་གྱུར་ན་ལེགས། ཅི་སྟེ་མི་འདུད་ན་རྡོ་རྗེས་མཚན་པའི་གྲི་གུག་གི་རི་མོ་ལྟར་བསྐོར་ནས་བཅག་ན་དགྲ་ཐམས་ཅད་ཀྱི་མགོ་ཆད་ནས་མེད་པར་འགྱུར་རོ། །རྡོ་རྗེ་གྲི་གུག་གི་ཆོ་གའོ། །ངེས་དོན་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རྡོ་རྗེའི་གྲི་གུག་གིས་ཉོན་མོངས་དང་རྣམ་རྟོག་གི་ཚོགས་འཇོམས་པ་མཚོན་ནོ། །གཉིས་པ་ལྷ་དགས་པའི་ལས་ནི། ལྷ་རྣམས་དགས་པར་འདོད་པས་ཐིག་ལེ་བསྒྲུབ་སྟེ་ཚངས་པའི་ས་བོན་རྒྱལ་ལ་བསྒྲུབ་ནས། ཀུ་ཋཱ་ར་ཙྪིནྣ་དང་བསྲེས་ལ་ཉི་མ་གཟས་ཟིན་པ་ན་མི་བསྐྱོད་པ་དང་བཏག་ཅིང་བཏགས་ནས་དགྲ་སྟ་བྱས་ཏེ། དེ་རྐང་པས་མནན་ནས་བསྔགས་བཟླས་ཏེ། ཨོཾ་བཛྲ་ཀུ་ཋཱ་ར་པཱཊ་ཡ་པཱཊ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བྱེ་བ་བཟླས་ནས་ཐིག་ལེ་བྱས་ཏེ་གང་ལ་ཕྱག་བྱས་པ་


KMC011_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འགས་སོ། །ལྷ་དགས་པའི་ཆོ་གའོ། །ཞེས་གསུངས་ཏེ། འདིའང་ཕྲིན་ལས་ཆེན་པོ་སྟེ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་ཕྱི་རོལ་པའི་ལྷ་རྟེན་རྣམས་དགས་པར་འདོད་པས་ཐིག་ལེའི་ཆོ་ག་བསྒྲུབ་པར་བྱ་སྟེ། ཚངས་པའི་ཤིང་གི་ས་བོན་པཱ་ལ་ཤ་སྟེ་རྒྱ་སྐག་ལ་བརྟེན་ནས། དུས་སྐར་མ་རྒྱལ་གྱིས་ཉ་བའི་ཟླ་བ་ལ་བསྒྲུབ་སྟེ། བརྗོད་མ་ཐག་པ་ཀུ་ཋཱ་ར་ཙྪིནྣ་དང་བསྲེས་ལ་དགུན་ཟླ་འབྲིང་པོ་སྐར་མ་རྒྱལ་དང་ལྡན་པ་ཉི་མ་གཟས་ཟིན་པའི་དུས་སུ་མི་བསྐྱོད་པ་སྟེ་དྲི་ཆུ་དང་ལྷན་ཅིག་བཏགས་ཤིང་། བཏགས་པ་དེ་ལ་དགྲ་སྟའི་གཟུགས་བཅོས་ནས་སྐམ་པར་བྱ་སྟེ། དེ་སྒྲུབ་པ་པོས་རྐང་པས་མནན་པའི་ཚུལ་གྱིས་འདུག་ནས་རྣལ་འབྱོར་སྒོམ་ཞིང་སྔགས་བཟླ་སྟེ། ཨོཾ་དམ་བཅའ་བ། བཛྲ་ཀུ་ཋ་ར། རྡོ་རྗེ་སྟ་རེས། ཕཱཊ་ཡ་ཕཱཊ་ཡ། དགས་པར་གྱིས་ཤིག་གཉིས༑ཧཱུྃ་གསུམ་སོགས་སྔ་མ་ལྟར་སྦྱར་བ། གཟའ་འཛིན་མ་གྲོལ་བའི་དུས་དེ་ནས་བརྩམ་སྟེ་ཉིན་མཚན་དུ་བྱེ་བ་ཕྲག་གཅིག་བཟླས་ནས། རྫས་སྐམ་པོ་དེ་བརྡར་བས་རང་གི་དཔྲལ་བར་དགྲ་སྟའི་དབྱིབས་ཀྱི་ཐིག་ལེ་བྱས་ཏེ། ཕྱི་རོལ་པའི་རྟེན་གང་ལ་ཕྱག་བྱས་པ་དེ་ཚལ་པར་འགས་སོ། །


KMC011_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཚངས་པའི་ས་བོན་ཤིང་པ་ལཱ་ཤའི་འབྲས་བུའམ་མ་ཤ་ལ་འདོད་པ་དང་། དེ་སྐར་མ་རྒྱལ་གྱི་ཉིན་བཏབ་ཅིང་སྨིན་པ་ཕྱིས་རྒྱལ་གྱི་སྐར་མ་ལ་བླང་བའི་དོན་དུ་བཞེད་པའང་སྣང་། ལྷ་དགས་པའི་ཆོ་གའོ། །ངེས་པའི་དོན་ཡང་། རླུང་སེམས་དབྱེར་མེད་པའི་རྣལ་འབྱོར་གྱིས་དབུ་མའི་མདུད་པ་བཤིགས་ནས་བདག་འཛིན་གཉིས་རྟོག་གཅོད་པའམ། ཌྷཾ་ག་ད་ཤས། ཚངས་པའི་ས་བོན་མྱ་ངན་འདས་པ་དང་། དེའི་འབྲས་བུ་རྒྱལ་གྱི་སྒྲས་རྒྱས་པ་སྟེ་ཀུན་རྫོབ་ཀྱི་བདེན་པ་དང་། བསྒྲུབ་པས་དོན་དམ་དང་གཉིས་མེད་དུ་གྱུར་པའི་དགྲ་སྟ་བྱས་ལ། དམར་ཆ་ཉི་མ་བདག་མེད་མས་ཟོས་པའི་དུས། མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་ལྷན་ཅིག་པ་མི་ཤེས་པ་གཅོད་པའི་དགྲ་སྟྭ་ཡེ་ཤེས་ཀྱི་རྐང་པས་མནན་ནས། ཨོཾ་སྐུ། བཛྲ་ཐུགས། ཀུ་ཋ་ར་གསུང་སྟེ། དེ་གསུམ་ཐ་མི་དད་པས་དབང་པོ་ཡུལ་དང་བཅས་པ་དགས་པ། ཧཱུྃ་གསུམ་ལྷ་དགུའི་དཀྱིལ་འཁོར། ཕཊ་རྡོ་རྗེ་གསུམ་གྱི་ངོ་བོ། །སྭཱ་ཧཱ་ཡེ་ཤེས་ལྔ་ལྡན་སོགས་རྒྱས་པར་བཤད་དོ། །གསུམ་པ་ཚ་བས་གདུང་བ་ནི། ཚ་བས་གདུང་བར་བྱ་བར་འདོད་པས་ཨརྐྐའི་ལོ་མ་ལ་དུག་དང་


KMC011_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྐེ་ཚེ་དང་ཙི་ཏྲ་ཀའི་ཁུ་བས་དགྲ་བོའི་མིང་བྲི་ཞིང་འབྲས་ཕུབ་ཀྱི་མེ་ལ་གདུངས་ཏེ་སྔགས་ཁྲི་བཟླས་སོ། །ཨོཾ་ཧེ་བཛྲ་ཛྭཱ་ར་ཛྭཱ་ར་ཤ་ཏྲཱུཾ་བྷྲཱུཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཚ་བའི་ཆོ་གའོ། །ཁྲི་བཟླས་པས་འགྲུབ་པའོ། །ཞེས་གསུངས་ཏེ། འདི་མན་ཆད་རྣམས་ནི་ཕྲིན་ལས་ཕྲན་ཚེགས་ཏེ་ཚ་བས་དམིགས་བྱའི་ཡུལ་རིམ་གྱིས་གདུང་བར་བྱ་བར་འདོད་པས་ཨཱརྐྐ་སྟེ་ཉི་མ་ཞེས་པའི་ཤིང་གི་ལོ་མ་ལ། དུག་དང་ཀེ་ཚེ་དང་ཙི་ཏྲ་ཀའི་ཁུ་བ་རྣམས་སྦྱར་བས་རང་གི་དགྲ་བོར་གྱུར་པ་དེའི་མིང་བྲི་ཞིང་། རྫས་དེས་ས་གཞི་ལ་སོར་བརྒྱད་ཙམ་བྱུག་པའི་ཐོག་ཏུ་མིང་བྲིས་པའི་འདབ་མ་བཞག་པ། རྫས་དེ་དང་འདྲེས་པའི་སས་གཡོགས་པའི་སྟེང་དུ་འབྲས་ཀྱི་ཕུབ་མ་ལ་མེ་སྦར་བའི་དྲོད་ལ་གདུངས་སྟེ་སྔགས་ཁྲི་ཕྲག་གཅིག་བཟླའོ། །སྔགས་ཀྱང་། ཨོཾ་དམ་བཅའ་བ། ཧེ་བཛྲ་ཀྱེའི་རྡོ་རྗེ། ཛྭ་ར་ཚ་བའམ་རིམས། ཤ་ཏྲཱུཾ་དགྲ་བོ། བྷྲཱུྃ་ནི་བསྒྲུབ་བྱ་དེའི་ལུས་མཚོན་ནོ། །ཧཱུྃ་གསུམ་སོགས་གོང་ལྟར་ཤེས་པའི་ལས་སྦྱོར་དེས་དགྲ་བོ་རིམས་ཀྱིས་འདེབས་པར་འགྱུར་རོ། །བདག་ལ་གུས་པས་འདུད་ན་འདབ་མ་ཕྱུང་སྟེ་འོ་མས་མིང་བཀྲུས་པས་ནད་ཞི་བ་རྡོ་རྗེ་སྙིང་འགྲེལ་ལས་གསུངས་


KMC011_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཚ་བའི་ཆོ་གའོ། །སྔོན་དུ་བསྙེན་པ་ཁྲི་བཟླས་པས་འགྲུབ་བོ། །འདིའི་ངེས་དོན་ནི། གཏུམ་མོའི་མེས་གདུང་སྟེ་འབྱུང་ལྔའི་ཁམས་གཡོ་བ་སྟེ། ཁ་སྦྱོར་དྲི་མེད་ལས། གཏུམ་མོའི་རྣལ་འབྱོར་གོམས་པར་བྱ་བར་འདོད་པས་ཉི་མ་དེ་ཉིད་དང་། འདབ་མ་ཀཱ་ལི། རྫས་གཞན་ཟླ་བ། སྐེ་ཚེ་ཨཱ་ལི། དེ་རྣམས་དབྱེར་མེད་ཙི་ཏྲ་ལ། ཀཾ་བདེ་བ་ཉམས་སུ་མྱོང་བ། དགྲ་དང་མཚུངས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་དབང་ཡུལ་རྣམས་ཕུབ་མ་ལྟར་སྙིང་པོ་མེད་པ་ཉམས་མྱོང་དེས་བསྲེགས་པ་སོགས་རྒྱས་པར་བཤད་དོ། །བཞི་པ་ཆང་སྐྱུག་པའི་ལས་ནི། ཆང་སྐྱུག་པར་བྱ་བར་འདོད་པས་བསྒྲུབ་བྱའི་ལྟེ་བར་ཡྃ་གི་རྣམ་པར་བསྒོམ་ཞིང་མྃ་གི་རྣམ་པར་གྱུར་པ་ལས་ཆང་ལྟོ་བར་རྣམ་པར་བསྒོམས་ཏེ་སྐྱུག་པར་བྱེད་པར་བལྟས་ན་ཆང་སྐྱུག་གོ། །ཞེས་གསུངས་ཏེ། གང་ཡང་མ་བཏུང་བ་སོགས་ལ་ཆང་སྐྱུག་པར་བྱ་བར་འདོད་པས། སྔ་མ་བཞིན་དུ་སྔགས་ཁྲིས་བསྒྲུབ་ནས། ཕ་རོལ་གྱི་བསྒྲུབ་བྱ་དེའི་ལྟེ་བར་ཡཾ་ཡིག་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་བསྐྱོད་བཞིན་པའི་རྣམ་པར་བསྒོམ་ཞིང་། དེའི་སྟེང་དུ་མ་ད་


KMC011_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ནའི་མིང་དང་པོ་ཐིག་ལེ་ཅན་མཾ་གི་ཡི་གེའི་རྣམ་པར་གྱུར་པ་ལས་ཆང་གིས་ལྟོ་བ་ཁེངས་པར་བསྒོམས་ཏེ། རླུང་གཡོས་པས་ཁ་ནས་ཆང་སྐྱུག་པར་བྱེད་པར་བལྟས་ན་ཆང་མ་འཐུང་ཡང་སྐྱུག་གོ། །དེ་ལ་སྙིང་འགྲེལ་དུ། ཆང་གི་ལྟོ་བ་ཅན་སྐྲ་གྲོལ་བ། ཆང་སྐྱུག་པར་བསྒོམ་ཞེས་ཁྱད་པར་དང་། སྔགས་ནི། ཨོཾ་ཧེ་བཛྲ་གོང་ལྟར། མ་དྱ་མྱོས་བྱེད་དེ་ཆང་། མུངྒཱི་རཱ་ཡ་སྐྱུག་པ་ལ། མཾ་ཆང་གི་མིང་ཐོག །ཧཱུྃ་སོགས་སྔར་བཞིན་སྦྱར་བ་ལས་སྦྱར་དུས་བརྒྱ་རྩ་བརྒྱད་བཟླ་བར་བཤད་དོ། །ངེས་པའི་དོན། སྤྱི་བོའི་ཧཾ་ལས་བྱང་སེམས་བདུད་རྩིའི་རྒྱུན་འཛག་པ་སོགས་ཏེ་ཌྷཾ་ག་ད་ཤས་མྱོས་པར་བྱེད་པ་ལྷན་སྐྱེས། དེ་སྤྲོ་བ་སྐྱུག་པ། བསྒྲུབ་བྱ་རྡོ་རྗེ་འཛིན་པ། མཾ་མཱ་མ་ཀཱི་དང་མཉམ་པར་སྦྱོར་བས་ལྟོ་བ་ཡེ་ཤེས་ཀྱི་གཞི་རྒྱས་པ་ཞེས་སོགས་རྒྱས་པར་བསྟན་པ་ལྟར་རྟོགས་པར་བྱའོ། །ལྔ་པ་མྱོས་མ་འགུགས་པ་ནི། རབ་ཏུ་མྱོས་མ་དབང་དུ་བྱ་བར་འདོད་པས་མྱ་ངན་མེད་པའི་བརྒྱད་ལ་མྱ་ངན་མེད་པའི་འོག་ཏུ་སོང་སྟེ་གོས་དམར་པོ་བགོས་ནས་མྱོས་བྱེད་ཀྱི་འབྲས་བུ་བཟའ་ཞིང་། ཀཱ་ཀཱ་མ་ཙི་ཀཱའི་ཁུ་བས་ཐིག་ལེ་བྱས་ནས་སྔགས་བཟླས་ཏེ། ཨོཾ་ཨ་མུ་ཀཱ་མེ་ཧྲཱིཿ། བ་སཱི་


KMC011_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ཝ་ཏུ་སྭཱ་ཧཱ། ཁྲི་ཡིས་འོང་བར་འགྱུར་རོ། །ཞེས་གསུངས་ཏེ། བུད་མེད་འདོད་པས་ཡིད་རབ་ཏུ་མྱོས་མ་དག་དབང་དུ་བྱ་བར་འདོད་པས། མྱ་ངན་མེད་པ་སྟེ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་ཤིང་མྱ་ངན་མེད་པ་ཨ་ཤྭ་ཏ་ལྟ་བུའི་འོག་ཏུ་སོང་སྟེ། གོས་དམར་པོ་གསར་པ་བགོས་ནས་ཤིང་ཐོག་མྱོས་བྱེད་ཀྱི་འབྲས་བུ་ནི་སྨན་པོ་སོན་ཆ་ལ་ཟེར་བ་དེ་ཟ་ཞིང་། ཀཱ་ཀཱ་མ་ཙི་ཀཱ་ཞེས་པ་རྒྱ་སྐག་གི་ཁུ་བས་དཔྲལ་བར་ཐིག་ལེ་བྱས་ནས་སྔགས་བཟླས་ཏེ། ཨོཾ་མགོ་འདྲེན། ཨ་མུ་ཀཾ་ཆེ་གེ་མོ་སྟེ་འདི་ལ་དབང་བྱའི་མིང་སྦྱར། མེ་བདག་གི། ཧྲཱིཿལྷ་མོའི་ས་བོན། བཱ་སི་བྷ་ཝ་ཏུ་དབང་དུ་གྱུར་ཅིག་སྭཱ་ཧཱ་བྱ་བའི་སྔགས་འདི་ཀུ་རུ་ལླེའི་རྣལ་འབྱོར་དང་ལྡན་པས། སྔོན་དུ་དེའི་བསྙེན་པ་བྱེ་བ་ལ་སོགས་པ་སོང་བས་ལས་སྦྱོར་སྔགས་འདི་ཁྲི་བཟླས་པས་དེ་ཡིས་བདག་གི་དབང་དུ་འོང་བར་འགྱུར་རོ། །ངེས་དོན། ལུས་བདེ་བས་མྱོས་ནས་མི་རྟོག་པ་དབང་དུ་བྱེད་པ་སྟེ། ཌྷཾ་ག་ད་ཤས། རབ་ཏུ་མྱོས་མ་ཤེས་རབ་བདག་མེད་མ་མངོན་དུ་བྱེད་པར་འདོད་པས། བརྒྱད་པ་རྣལ་འབྱོར་མ་རྣམས། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པ་མྱ་ངན་མེད་པ། དེའི་འོག་ཏུ་


KMC011_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་ཆགས་པའི་གོས་དམར་དང་མྱོས་བྱེད་ཀུནྡ་ལྟ་བུ་ཉམས་སུ་མྱོང་བས་བཟའ་ཞིང་སྔགས་ཀྱི་ཨ་མུ་ཀཱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། མ་ཡིག་བྱང་སེམས། ཨེ་རྣལ་འབྱོར་མ། ཧྲཱིཿདགའ་བ་བཞི་པའི་ངོ་བོ། །དེ་དབང་དུ་བྱེད་པ་ཝ་སཱི་སོགས། ཁྲིའི་སྐད་དོད་ཡུ་ཏ་ལྡན་པ་སྟེ་ཐབས་ཤེས་ཟུང་འཇུག་ཏུ་བཤད་དོ། །དྲུག་པ་ཉི་ཟླ་བཟུང་བ་ནི། ཟླ་བ་དང་ཉི་མ་དབང་དུ་བྱ་བར་འདོད་པས་སཱ་ལུ་བཏགས་པའི་འགྱུར་བ་ལ་ཟླ་བ་དང་ཉི་མ་བྱས་ལ་རྡོ་རྗེའི་ཆུ་ལ་གཞུག་ཅིང་སྔགས་བཟླས་ཏེ། ཨོཾ་བཛྲ་ཨརྐྐ་མཱ་ཙ་ལ་མཱ་ཙ་ལ་ཏིཥྛ་ཏིཥྛ་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བྱེ་བ་ཕྲག་བདུན་བཟླས་ཏེ་ཉི་མ་དང་ཟླ་བ་དག་ཡང་དག་པར་གནས་ཤིང་ཉི་མཚན་བྱེ་བྲག་མེད་པར་འགྱུར་རོ། །ཟླ་བ་དང་ཉི་མ་རྣམ་པར་འཛིན་པ་ཞེས་བྱ་བའི་ཆོ་གའོ། །ཞེས་གསུངས་ཏེ། ཟླ་བ་དང་ཉི་མ་བཟུང་ནས་རང་དབང་དུ་བྱ་བར་འདོད་པས། འབྲས་སཱ་ལུ་བཏགས་པའི་ཕྱེ། ལན་ཚྭ་བུལ་ཏོག་གི་འགྱུར་བྱེད་སྦྱར་བ་ལ་མིའི་རྐང་མར་གྱི་ཁུ་བས་སྤྲུས་ཏེ་ཉི་ཟླ་གང་བཟུང་འདོད་པའི་གཟུགས་བྱས་ལ། རླངས་པས་བཙོས་ཏེ་ཁམ་ཕོར་སོ་བཏང་བ་སོར་བཞི་པའི་རྒྱ་དཔངས་ཅན་དུ།


KMC011_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཆུ་ལ་ཞེས་བྱ་བ་དྲི་ཆུའི་ནང་དུ་གཟུགས་དེ་གཞུག་ཅིང་སྔགས་བཟླས་ཏེ། ཨོཾ་དཔལ་གྱི་དོན། བཛྲ་ཨཱརྐ་རྡོ་རྗེ་ཉི་མ། མཱ་ཙ་ལ་མཱ་ཙ་ལ་གཉིས་ཀྱི། ཙ་ལ་གཡོ་བ། དེ་མས་བཀག་པས་མི་གཡོ་བ། ཏིཥྛ་ཏིཥྛ་བརྟན་པར་གཉིས། ལས་དེ་དག་གང་གིས་མཛད་པ་པོ་ནི། ཧེ་བཛྲ་ཡ། ཀྱེའི་རྡོ་རྗེ་ལ། ཧཱུྃ་སོགས་གོང་མ་བཞིན་ནོ། །ཟླ་བ་ལ་བཛྲ་ཙནྡྲ་ཞེས་གཞུག་པར་སམྦུ་ཊ་དང་རྡོ་རྗེ་སྙིང་འགྲེལ་དུ་འབྱུང་ངོ་། །སྔགས་འདིས་ཐོག་མར་བྱེ་བ་ཕྲག་བདུན་བཟླས་པས་བསྙེན་པ་བྱས་ཏེ་ལས་སྦྱོར་གྱི་དུས་སུ་སྔགས་བརྗོད་བཞིན་དུ། ཇི་སྲིད་ཀྱི་བར་འདོད་པ་དེ་སྲིད་དུ་ཉི་མ་དང་ཟླ་བ་གང་ཡིན་པ་དེ་སྔར་ཡོད་པའི་གནས་དེ་ཉིད་དུ་ཡང་དག་པར་གནས་ཤིང་། ཉིན་མཚན་བྱེ་བྲག་མེད་པར་འགྱུར་རོ། །ཟླ་བ་དང་ཉི་མ་རྣམ་པར་འཛིན་པ་ཞེས་བྱ་བའི་ལས་བསྒྲུབ་པའི་ཆོ་གའོ། །དྲི་ཆུ་ནས་བཏོན་ན་གྲོལ་བར་འགྱུར་རོ། །ངེས་དོན་ནི། སྲོག་རྩོལ་གྱི་སྦྱོར་བས་ཁམས་དཀར་དམར་གཡོ་མེད་དུ་འཆིང་བ་སྟེ། ཌྷཾ་ག་ད་ཤས། ཟླ་བ་ཧེ་རུ་ཀ ཉི་མ་བདག་མེད་མ། དེ་དག་དབང་དུ་བྱ་བར་འདོད་པས། སཱ་ལི་ཨཱ་ལི་ཀཱ་ལི། བཏགས་པ་སོགས་དེ་གཉིས་


KMC011_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད། རྡོ་རྗེའི་ཆུ་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་དོན་དམ་པ། ཨོཾ་རྡོ་རྗེ་གསུམ། བཛྲ་རྡོ་རྗེ་འཆང་། ཨཱརྐ་བདག་མེད་མ། ཟུང་འཇུག་དེ་མི་གཡོ་བ་བརྟན་པར་བྱེད་པ་དང་། བྱེ་བའི་ཀོ་ཊི་ཕུལ་དུ་བྱུང་བའི་ཡེ་ཤེས་བསྐྱེད་པ་དེ་དུས་ཐམས་ཅད་དུ་བྱེ་བྲག་མེད་པར་འགྱུར། ཞེས་གསུངས་སོ། །རྡོ་རྗེ་གྲི་གུག་གི་ཆོ་ག་ནས་འདིའི་བར་གྲུབ་ཆེན་བི་རཱུ་པ། མཚོ་སྐྱེས་དཔལ་འཛིན་སོགས་ཀྱིས་གྲུབ་པའི་གཏམ་རྒྱུད་ཡོངས་སུ་གྲགས་པ་ལྟར་རོ། །བདུན་པ་པྲ་དབབ་པ་ནི། ཨོཾ་ན་གྲཱ་ན་གྲཱ། ཞེས་བྱ་བའི་སྔགས་འདིས་དུས་མ་ཡིན་པའི་དུས་སུ་དོན་བསྒྲུབ་པའི་ཕྱིར་གཞོན་ནུ་མའི་མིག་དག་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་ཡང་དག་པར་མཆོད་ཅིང་སྙན་གསན་དབབ་བོ། །བཅུ་བཞི་པའམ་བརྒྱད་པའི་སྔ་བའི་དུས་སུ་བུམ་པ་ལ་སོགས་པ་བཞག་ཅིང་འབྲུ་མར་དང་ཨ་ལཀྟའི་ཁུ་བ་ལ་སྔགས་འདི་ཉིད་ཀྱིས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་སོ། །དེ་ནས་མངོན་པར་བསྔགས་པའི་ཨ་ལཀྟའི་ཁུ་བས་སྔགས་པའི་མཐེ་བོང་རྒན་པོ་ལ་བསྐུས་ནས་འབྲུ་མར་གྱིས་ཀྱང་བླུགས་ལ་གཞོན་ནུ་མ་ལ་བསྟན་ཏེ། ངའི་


KMC011_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སུས་ཁྱེར་སྨྲོས། དེ་ལ་དེས་སྨྲས་པ། ཆེ་གེ་མོ་ཞེས་བྱ་བས་ཁྱེར་རོ། །རྡོ་རྗེ་སྐར་མའོ། །ཞེས་གསུངས་ཏེ། བརྟན་པ་ཐོབ་པས། ཨོཾ་ནཱ་གྲ་ནཱ་ཀུ་མཱ་རི་ཀེ་དི་བྱ་ལོ་ཙ་ནི་ཧེ་བཛྲ་ཡ་སྭཱ་ཧཱ་ཞེས་པ། འདི་རྒྱུད་ཉིད་དུ་མགོ་སྨོས་པ་ཙམ་ལས་མ་གསུངས་ཀྱང་སྔགས་མཇུག་རྡོ་རྗེ་སྙིང་འགྲེལ་དུ་འབྱུང་བས་བསྡོམས་ནས་བསྒྱུར་ན་གཞོན་ནུ་མ་འདི་ལྷའི་སྤྱན་དང་ལྡན་པར་གྱིས་ཤིག་ཅེས་བྱ་བའི་སྔགས་འདི་ལ་སྔོན་དུ་བསྙེན་པ་ཁྲི་ཕྲག་གཅིག་གམ་འབུམ་བཟླས་ཏེ་སྦྱིན་སྲེག་བཅུ་ཆ་བྱས་ལ། དུས་ལ་ངེས་པ་ཡོད་པ་མ་ཡིན་པས་ནམ་དགོས་པའི་དུས་སུ་ཆོམ་རྐུན་ངོས་བཟུང་བ་སོགས་དོན་བསྒྲུབ་པའི་ཕྱིར་སྐྱེས་པས་མ་གོས་པའི་གཞོན་ནུ་མ་གཙང་མའི་མིག་དག་ལ་སྔགས་དེ་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་ནས་ལྷར་བསྐྱེད་ལ་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་ཡང་དག་པར་མཆོད་ཅིང་ངའི་དོན་བྱེད་དགོས་སོ་ཞེས་སྙན་གསན་དབབ་བོ། །ལས་སྦྱོར་ནི། མར་ངོའི་བཅུ་བཞི་པ་སྟེ་ཉི་ཤུ་དགུའམ་བརྒྱད་པ་ཉི་ཤུ་གསུམ་གྱི་སྔ་བའི་དུས་སུ་བུམ་པ་ཆུས་བཀང་བ་དང་ལ་སོགས་པས་ནི་ཚིལ་ཆེན་གྱི་མར་མེ་དང་མེ་ལོང་བཞག་ཅིང་


KMC011_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་མར་དང་ཨ་ལ་ཀ་ཏ་སྟེ་རྒྱ་སྐག་གི་ཁུ་བ་ལ་ཨོཾ་ནཱ་གྲ་ཞེས་སོགས་སྔགས་འདི་ཉིད་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླ་ཞིང་མངོན་པར་སྔག་གོ། །དེ་ནས་མངོན་པར་སྔགས་པའི་ཨ་ལ་ཀྟའི་སྟེ་རྒྱ་སྐག་གི་ཁུ་བས་སྔགས་པ་དེའི་གཡོན་པའི་མཐེ་བོང་རྒན་པོ་ལ་བསྐུས་ནས་སྟེང་དུ་འབྲུ་མར་གྱིས་ཀྱང་བྱུགས་ཤིང་བླུགས་ལ་དེ་གཞོན་ནུ་མ་ལ་བསྟན་ཏེ་དེ་ལ་སེམས་གཏད་དུ་བཅུག་པས་པྲ་འབབ་བོ། །ཕེབས་པ་དང་ངའི་རྫས་སུས་ཁྱེར་སྨྲོས་ཤིག་ཅེས་བརྗོད་པས། དེ་ལ་དེས་སྨྲས་པ། ཆེ་གེ་མོ་ཞེས་བྱ་བས་ཁྱེར་རོ་ཞེས་གསལ་པོར་སྨྲ་འོང་ངོ་། །འདི་ནི་འགྱུར་བ་མེད་པའི་ཕྱིར་རྡོ་རྗེའི་སྐར་མའོ། །འདིར་ནཱ་གྲའི་སྔགས་དོན་རྒྱ་བོད་ཀྱི་འགྲེལ་པ་གང་དུའང་གསལ་བར་བཤད་པ་མ་མཐོང་བས་བརྟག་པའི་གནས་སུ་སྣང་ཡང་། འདི་ཉིད་དུ་རྡོ་རྗེ་སྐར་མ་ཞེས་བྱུང་བའི་རྒྱ་དཔེར་བཛྲཱ་ཛྱོ་ཏི་སྐར་མའི་སྐད་དོད་འབྱུང་བ་དང་སྙིང་འགྲེལ་དུ། རྡོ་རྗེ་སྐར་རྩིས་སུ་བཤད་པའི་རིགས་འགྲེས་ལས། ནཀྵ་ཏྲ་རྒྱུ་སྐར་དང་། གྲ་ཧ་གཟའ་དང་། ཨ་གྲ་མཆོག་གི་དོན་སྟོན་ནམ་དཔྱད། ཅེས་སྤྱན་སྔས་གསུངས་སོ། །པྲ་འབེབ་བརྒྱད་རྒྱུད་གཞན་དུ་འབྱུང་བའི་ནང་ནས་


KMC011_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བོང་སྟེ། དེར་གཟུགས་བརྙན་མཐོང་ངོ་ཞེས་བཤད་དོ། །ངེས་པའི་དོན་ནི། དགེ་བའི་ལས་འཇོམས་པའི་མ་རིག་པ་རིག་པས་ངོས་བཟུང་ནས་ལྷན་སྐྱེས་ཀྱི་གནས་ལུགས་གསལ་བར་སྟོན་པའམ། ཌྷཾ་ག་ད་ཤས། ཨོཾ་རྡོ་རྗེ་གསུམ་དབྱེར་མེད། ན་གྲཱ་བཞི་སྐད་ཅིག་དང་དགའ་བ་བཞི། དུས་གསུམ་དང་བྲལ་བ་དུས་མིན་པ་སྟེ་བསམ་གྱིས་མི་ཁྱབ་པའི་དུས། སྔགས་གྲངས་བརྒྱད་ལྷག་པའི་བརྒྱ་ལས། བརྒྱད་རྣལ་འབྱོར་མ་རྣམས་དང་རིགས་བརྒྱ། བཅུ་བཞི་པ་ལྷ་མོ་གྲངས་དེ་དང་མཚུངས་པས་བསྐོར་བའི་བདག་མེད་མའི་དཀྱིལ་འཁོར། བརྒྱད་པ་ཧེ་རུ་ཀ་ལྷ་མོ་བརྒྱད་ཀྱི་འཁོར་བཅས། སྔ་དྲོ་འོད་གསལ་བ་མཚོན་པ་སོགས་རྒྱས་པར་བསྟན་པ་ལྟར་ཤེས་པར་བྱའོ། །བརྒྱད་པ་དུད་འགྲོ་ལྔ་བསྐྲད་པ་ནི། བེ་ཊུ་ཡཱ་བེ་ཊུ་ཡཱ་ཞེས་བརྗོད་ན་གླང་པོ་ཆེ་འབྲོས་པར་འགྱུར་རོ། །མམྨཱ་མམྨཱ་ཞེས་བརྗོད་ན་སྟག་འབྲོས་པར་འགྱུར་རོ། །ཏེལླི་ཡཱ་ཏིལླི་ཡཱ་ཞེས་བརྗོད་ན་བསེ་འབྲོས་པར་འགྱུར་རོ། །ཨི་ལི་མི་ལི་ཕུཿཕུཿཞེས་བརྗོད་ན་སྦྲུལ་འབྲོས་པར་འགྱུར་རོ། །ནོར་སྐྱོང་འདུལ་བའི་ཕྱག་གིས་ལག་པ་རབ་ཏུ་བསྟན་ན་ཁྱི་འབྲོས་པར་འགྱུར་


KMC011_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཞེས་གསུངས་ཏེ། འདི་དག་ནི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་སྐབས་སུ་ནགས་སུ་རྒྱུ་བ་ལ། དུད་འགྲོ་འདི་དག་གི་གནོད་པར་བྱས་ན་དེ་བཟློག་པའི་དོན་དུ་གསུངས་པ་ཡིན་ནོ། །ཞེས་སྔ་མ་འགའ་ཞིག་གསུངས། སྔགས་འདི་དག་ལྷའི་རྣལ་འབྱོར་དང་ལྡན་པས་དེ་ཉིད་ལྔའི་བར་དུ་བཅུག་ལ། སྔོན་དུ་བསྙེན་པ་ཅི་རིགས་པ་བཟླས་ཏེ་ལས་ལ་སྦྱོར་བས་དུད་འགྲོ་རྣམས་འབྲོས་པར་འགྱུར་རོ། །དེ་དག་གི་འབྲུ་དོན་ཀྱང་སྔགས་ཚན་དང་པོ་ཀླད་པ་འགེམས་པའི་དོན། གཉིས་པ་བསྙེམས་པའི་དོན། གསུམ་པ་ལུས་སྦྲིད་པའི་དོན། བཞི་པ་སྐྱི་ཟིང་བའི་དོན་དུ་བཤད་ལ། ངེས་པའི་དོན། ཁ་སྦྱོར་དྲི་མེད་དུ་བཤད་པ་ལྟར་ན། དེ་ལ་སྡེ་པ་ལྔ་པའི་གསུམ་པ་བ་ཡིག་འོད་དཔག་མེད་ཀྱི་ངོ་བོ། ཨེ་ཤེས་རབ་དང་དབྱེར་མེད་པ། ཌ་གསུམ་པའི་གསུམ་པ་མི་བསྐྱོད་པ། ཨུ་རྡོ་རྗེ་མཁའ་འགྲོ་མས་བརྒྱན་པ། ཡ་གཡུང་མོའི་ངོ་བོ། དེ་རྡོ་རྗེ་མ་ཨཱ་རིང་པོས་མཛེས་པ། དེ་ཉིས་འགྱུར་བདེན་གཉིས་མི་ཕྱེད་པ་མཚོན་པའི་སྔགས་བེ་ཊུ་ཡཱ་བེ་ཊུ་ཡཱ་ཞེས་པ་བརྗོད་ན། ཕྱི་རོལ་དུ་གླང་པོ་ཆེ་དང་། ནང་དུ་དབང་པོ་དང་ཡུལ་གྱི་གཏི་མུག་གཙོ་བོར་གྱུར་པའི་ཉོན་


KMC011_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་འདོད་ཆགས་འབྲོས་པར་འགྱུར་ཏེ་རྣལ་འབྱོར་པ་ལ་འཚེ་བར་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ལྔ་པའི་ལྔ་པ་མ་ཡིག་སྔ་མ་མི་བསྐྱོད་པ་རྡོ་རྗེ་གསུམ་གཉིས་སུ་མེད་པ། མ་གཉིས་པ་རླུང་ཁམས། དོན་འགྲུབ་གསུང་རྡོ་རྗེ་མ་འོག་ཏུ་གནས་པ་ཐུགས་རྡོ་རྗེ་མ་མི་བསྐྱོད་པའི་ངོ་བོ། ཨཱ་རིང་པོ་རྡོ་རྗེ་མ་དང་གཟུགས་ཕུང་དག་པ་རྣམ་སྣང་། ལན་གཉིས་སུ་བཟླས་པ་ཟུང་འཇུག་གི་ངོ་བོ་མམྨཱ་མམྨཱ་ཞེས་པའི་སྔགས་དེ་ཕྱིའི་སྟག་དང་། ནང་དུ་གཏི་མུག་གཙོ་བོའི་ང་རྒྱལ་གྱིས་གཞན་ལ་སྡུག་བསྔལ་བསྐྱེད་པ་འབྲོས་ཏེ་མི་འཚེའོ། །བཞི་པའི་དང་པོ་ཏ་དོན་གྲུབ། ཨེས་སྤྲས་པ་ནི། ཐུགས་རྣམ་པར་དག་པ། ལ་དང་པོས་ཁམས་རྣམ་སྣང་ལ་གཉིས་པ་ཤེས་རབ་དང་ལྡན་པ། ཨི་གཟུགས་ཕུང་དག་པ། གཽ་རིས་བརྒྱན་པ། ཡ་རླུང་ཁམས་གཡུང་མོ། རྡོ་རྗེ་གསུམ་ཐ་མི་དད་པའི་སྔགས་ཏེ་ལླི་ཡ་ཏེ་ལླི་ཡ་ཞེས་པ་དེས་ཕྱིའི་བསེ་དང་། ནང་དུ་གཏི་མུག་རྨོངས་པ་སྐྱེད་པ་འབྲོས་ཏེ་མི་འཚེའོ། །ཨི་ཙཽ་རི་ཚོར་ཕུང་གི་ངོ་བོ་མེ་ཁམས། ལི་མེའི་ནང་ཚན་ས་ཁམས། ལི་དེའི་ནང་ཚན་གྱི་རླུང་ཁམས། ལི་ཕྱི་མ་རྡོ་རྗེ་གསུམ་གཉིས་སུ་མེད་པ། ལྔ་


KMC011_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉིས་པ་ཕ་གཉིས་རིན་འབྱུང་གི་ངོ་བོ། ཨུ་རྡོ་རྗེ་མཁའ་འགྲོ་མས་བརྒྱན་པ་ཐབས་ཤེས་ཐ་མི་དད་པ། ཕུཿལན་གཉིས་བཟླས་པའི་ཡིག་འབྲུ་བཞི་དགའ་བ་བཞིའི་བདག་ཉིད་ཀྱི་སྔགས་དེ་བརྗོད་ན། ཕྱིའི་སྦྲུལ་དང་། ནང་གཏི་མུག་གཙོ་བོའི་ཞེ་སྡང་སྐྱེད་པ་བྲོས་ཏེ་མི་འཚེ་བའོ། །སྟོན་པས་གླང་པོ་ཆེ་ནོར་སྐྱོང་འདུལ་བའི་ཚེ་གཡས་པའི་ཕྱག་གི་སོར་མོ་ལྔ་གདེངས་པ་ལྟར་རྣལ་འབྱོར་པས་ལག་པ་རབ་ཏུ་བསྟན་ན། ཕྱིའི་ཁྱི་དང་། ནང་དུ་གཏི་མུག་གཙོ་བོར་གནས་པའི་ཕྲག་དོག་འཕྲོས་ཏེ་འཚེ་བ་མེད་པར་འགྱུར་རོ། །དེའི་ངེས་དོན། ཁྱི་དང་མཚུངས་པའི་གཟུང་འཛིན་མངོན་པར་ཞེན་པ་འབྲོས་པ་ནི་སྤང་བ་སྟེ། རྣམ་པར་མི་རྟོག་པའི་འོད་གསལ་བ་འཐོབ་བོ། །ཞེས་དང་། ཡེ་ཤེས་ལྔའི་ངོ་བོའི་སོར་མོ་བསྟན་པས་ཡུལ་འོད་གསལ་བར་འགྱུར་ཞེས་ལེགས་པར་བཤད་ཅིང་། རྒྱུད་དུ་དེའི་སྔགས་མེད་ཀྱང་། རྡོ་རྗེ་སྙིང་འགྲེལ་དུ། ཨོཾ་ཤྭ་ན་ཏིཥྛ་ཏིཥྛ་ཧེ་བཛྲཱ་ཡ་སྭཱ་ཧཱ། བཟླ་ཞིང་སོར་མོ་སེང་གེ་ལྔར་བསྒོམ་ཞེས་བླ་མ་གོང་མ་རྣམས་གསུངས་སོ། །དྲུག་པ་ལས་བྱེད་ཀྱི་ལྷ་མོ་བདུན་གྱི་མིང་བསྟན་པ་ནི། རྡོ་རྗེ་མོ་དང་། དཀར་མོ་དང་། ཆུ་མ་དང་། རྡོ་རྗེ་


KMC011_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་དང་། བདག་མེད་མ་དང་། ས་སྤྱོད་མ་དང་། མཁའ་སྤྱོད་མའི་རྣལ་འབྱོར་ལས་རེངས་པར་བྱེད་པ་ལ་སོགས་པ་བརྟུལ་ཞུགས་ཅན་གྱིས་བྱེད་དོ། །ཞེས་གསུངས་ཏེ། རྡོ་རྗེ་མ་སོགས་ཀྱི་ལྷ་དང་ཕྲིན་ལས་འབྲེལ་བའི་དོན་རྣམས་རྡོ་རྗེ་སྙིང་འགྲེལ་ལས། འདིར་རྡོ་རྗེ་མ་ནི། གཟུགས་ཀྱི་ཕུང་པོ་སྟེ་དེས་རེངས་པའོ། །གཽ་རཱི་ནི་ཚོར་བའི་ཕུང་པོ་སྟེ་དེས་དབང་དུ་བྱ་བའོ། །ཆུ་ཡི་རྣལ་འབྱོར་མ་ནི། འདུ་ཤེས་ཀྱི་ཕུང་པོ་སྟེ་དེས་ཞི་བར་བྱེད་པའོ། །རྡོ་རྗེ་མཁའ་འགྲོ་མ་ནི། འདུ་བྱེད་ཀྱི་ཕུང་པོ་སྟེ་དེས་སྐྲོད་པའོ། །བདག་མེད་མ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ་དེས་སྡང་བར་བྱེད་པའོ། །ས་སྤྱོད་མ་ནི། རེག་བྱ་རྡོ་རྗེ་མ་སྟེ་དེས་འགུགས་པའོ། །མཁའ་སྤྱོད་མ་ནི། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ་དེས་གསོད་པར་བྱེད་པའོ། །ཞེས་རྒྱས་པར་བསྟན་པ་ལྟར། ལྷ་མོ་དེ་རྣམས་ཀྱི་རྣལ་འབྱོར་སོ་སོ་དང་ལྡན་པས་གོང་དུ་བཤད་པའི་སྔགས་བཟླས་པ་དང་བཅས་པ་ལས་རེངས་པར་བྱེད་པ་ལ་སོགས་པ་བརྟུལ་ཞུགས་ཅན་གྱིས་ལས་བྱེད་དོ། །ལྷ་མོ་འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ལས་དང་མཐུན་པའི་དམིགས་པ་སྔགས་རྒྱས་པར་ནག་པོ་པའི་


KMC011_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བར་གསུངས་ཀྱང་མ་སྤྲོས་མོད་ཤེས་པར་འདོད་ན་དེར་བལྟའོ། །འདིའི་ངེས་དོན་གོང་འོག་རྣམས་སུ་འབྱུང་བས་འགྲེའོ། །གསུམ་པ་ལེའུའི་མཚན་ནི། སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །། བརྗོད་པའི་སྔགས་དང་དོན་གྱི་སྔགས་གཉིས་སུ་མེད་པར་བསྟན་པའི་ལེའུ་སྟེ་གཉིས་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།གསུམ་པ་ལྷའི་ལེའུ་འབྱུང་སྟེ། སྔ་ཕྱིའི་འབྲེལ་ནི། བཤད་མ་ཐག་པའི་སྔགས་དེ་དག་བཟླ་བའི་དུས་སུ་ལྷའི་རྣལ་འབྱོར་དང་ལྡན་པ་དགོས་པས། དེ་མ་ཐག་འཆད་པར་འབྲེལ་ལ། མདོར་བསྟན་རྒྱས་བཤད་ཀྱི་འབྲེལ་ནི། ལེའུ་དང་པོར། ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་གསུངས་པའི་དོན་ལེའུ་འདིས་རྒྱས་པར་འཆད་ཅིང་། བརྗོད་བྱ་ནི། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཡབ་ཡུམ་འཁོར་དང་བཅས་པ་དྲང་དོན་བརྡའི་ལྷ་རྣམས་ཀྱི་བསྐྱེད་རིམ་དང་རྩ་རླུང་ཐིག་ལེ་དེ་ཁོ་ན་ཉིད་དང་བཅས་པ་སྒོམ་ཚུལ་ངེས་དོན་དམ་པའི་ལྷའི་བསྐྱེད་རིམ་གཉིས་ཡིན་ལ། རྗོད་བྱེད། ལེའུ་འདི་དང་། བཞི་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ། བརྟག་པ་ཕྱི་མའི་གཉིས་པ། ལྔ་པ་རྣམས་ཀྱི་


KMC011_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཤས་རྣམས་ཡིན། མངོན་པར་རྟོགས་པའི་འབྲེལ་ནི། ལེའུ་གཉིས་པ་ས་བོན་དང་སྔགས་བསྟན་ནས་ལེའུ་འདིས་རྡོ་རྗེ་བཞི་ལས་གཟུགས་བརྙན་རྫོགས་པ་དང་ལྷའི་དེ་ཁོ་ན་ཉིད་སྟོན་པས་བསྐྱེད་རིམ་དང་འབྲེལ་ལོ། །དགོས་པ། ཕལ་པའི་རྣམ་རྟོག་དང་མངལ་སོགས་སྐྱེ་གནས་བཞིའི་དྲི་མ་སྦྱོང་བར་བྱེད་པའོ། །སྦས་དོན་གྱི་འབྲེལ་ནི། རྩའི་སྔགས་ལས་བྱང་སེམས་ཀྱི་ལྷ་འབྱུང་བའམ། སྔགས་ཀྱི་རང་བཞིན་གྱི་རྩའི་ནང་དུ་བྱང་སེམས་བདེ་བ་ལ་རོལ་པའི་ལྷ་འབྱུང་བའོ། །འདི་འཆད་པ་ལ་གསུམ། མཚམས་སྦྱར་བ། བསྐྱེད་རིམ་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ལྷའི་ལེའུ་བཤད་པར་བྱའོ། །ཞེས་གསུངས་ཏེ། སྔགས་གསུངས་པའི་དེ་མ་ཐག་པ་ནས་ཕྱི་རོལ་དུ་དྲག་པོ་རྣམས་འདུལ་བར་བྱེད་ཅིང་ནང་དུ་ལྷན་ཅིག་སྐྱེས་པའི་སྣང་བ་ལ་ཤར་བའི་ལྷ་སྟོན་པའི་ལེའུ་གསལ་བར་བཤད་པར་བྱའོ། །འདིར་ལྷ་ནི། གང་གི་ཕྱིར། ལུས་འབྱུང་བ་ལྔའི་བདག་ཉིད་ལ་ཀུན་རྫོབ་ཀྱི་བདེ་བ་ཡང་དག་པར་འབྱུང་བ་དེའི་ཕྱིར་ལྷ་ཞེས་བརྗོད་པ་རྡོ་རྗེ་བདུད་རྩིའི་ལུང་དང་བཅས་དཔལ་ནཱ་རོ་པས་བཤད་དོ། །གཉིས་པ་དངོས་


KMC011_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉིས། ཧེ་རུ་ཀ་བསྐྱེད་པ་ཐུན་མོང་གི་ཆིངས། སོ་སོའི་བསྐྱེད་ཆོག་གོ། །དང་པོ་ལ་རྒྱལ་བ་རང་བྱུང་ཞབས་ཀྱིས། རྡོ་རྗེ་རྣམ་པ་བཞི་ལས་བསྐྱེད་པ། ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད་པ། མངོན་བྱང་ལྔས་བསྐྱེད་པ་སྟེ་ས་བཅད་རྣམ་པ་གསུམ་གྱི་ཁོངས་སུ་བསྡུས་པ་དོན་གྱིས་དེ་ལྟར་བཞུགས་ཀྱང་། འདིར་གོ་བདེ་བའི་སླད་དུ་རྗེ་སྤྱན་སྔའི་གསུང་དང་སྦྱར་ན། ཚངས་གནས་བཞི། རྡོ་རྗེ་བཞི། སྲུང་འཁོར། ཚོགས་ཞིང་སྟེ་བཞིའོ། །དེ་ལ་དང་པོ་ནི། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་གསུངས་ཏེ། འདི་རྣམས་ཚངས་གནས་སུ་སྐྱེ་བའི་ཏིང་ངེ་འཛིན་ཡིན་པས་ཚངས་པའི་གནས་ཞེས་བྱ་ཞིང་། དམིགས་པར་བྱ་བའི་ཡུལ་དང་དམིགས་པ་ཚད་བཟུང་དུ་མེད་པས་ཚད་མེད་པ་བཞིར་ཡང་གྲགས་སོ། །སྒོམ་པའི་གོ་རིམ་འདི་དང་མཚན་ཉིད་ཐེག་པ་མཐུན་ལ། འདུས་པར་སྙིང་རྗེ་སྔོན་དུ་བཤད་དོ། །འདི་རྣམས་ཀྱི་ཚིག་དོན་ནི། དང་པོར་བྱམས་པ་ནི་མཻ་ཏྲི་ཞེས་པ་བརྩེ་བས་འཛིན་པས་ན་བྱམས་པ་སྟེ་དེ་བསྒོམ་པར་བྱ། བྱམས་པ་ལ་


KMC011_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ནས་གནས་སྐབས་གཉིས་པར་སྙིང་རྗེ་ནི་ཀཱ་རུ་ཎ་ཞེས་པ་ཀཱ་སུ་ཁ་སྟེ་བདེ་བ། རུ་རུ་ཎ་སྟེ་འགོག་པའོ། །དེས་ན་བདེ་བ་འགོག་པས་ནི་སྙིང་རྗེ་སྟེ་དེ་རྣམ་པར་བསྒོམ་པར་བྱ་ཞིང་། ཚད་མེད་བཞིའི་གནས་སྐབས་གསུམ་པར་བདེ་བ་དང་མི་འབྲལ་བར་དགའ་བའི་དགའ་བ་བསྒོམ་པ་དང་། ཚད་མེད་བཞི་པོ་ཀུན་གྱི་མཐར་ནི་ཨུ་པི་ཀ་ཞེས་པ་ཀུན་ལ་སྙོམས་པ་ནི་བཏང་སྙོམས་སོ་ཞེས་པས་དེ་བསྒོམ་པར་བྱའོ། །སྤྱི་དོན་ནཱ་རོའི་དཀའ་འགྲེལ་གྱི་ངག་དོན་བསྡུ་ན། གཉེན་བཤེས་དགྲ་བོ་ཕ་རོལ་པོ་ཐམས་ཅད་ལ་ཕན་བདེ་ཉེ་བར་སྒྲུབ་པར་སེམས་པ་བྱམས་པ། སེམས་ཅན་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་སྲོག་དང་བསྡོས་ཏེ་འདོན་པར་འདོད་པ་སྙིང་རྗེ། གཞན་ལ་ཕན་པ་ལ་སེམས་རངས་པ་དགའ་བ། ཉེ་རིང་ཆགས་སྡང་མེད་པས་གཞན་སྐྱོན་ལ་ཇི་མི་སྙམ་པ་ནི་བཏང་སྙོམས་སོ། །བསྐྱེད་རིམ་དང་ཚུལ་མཐུན་པར་ནག་པོ་པས་བཤད་པ་ལྟར་ན། དང་པོ་ནི། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བདེ་བ་ཉེ་བར་སྦྱིན་པར་འདོད་པའི་རྣམ་པ་ཅན་ནོ། །གཉིས་པ་ནི། དེ་དག་ཉིད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་


KMC011_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་རྣམ་པ་ཅན་སྙིང་རྗེའོ། །གསུམ་པ་ནི། དེ་དག་ཉིད་ལ་ལྷའི་བདེ་བ་རྒྱུན་མི་འཆད་པར་སྦྱིན་པར་འདོད་པའི་རྣམ་པ་ཅན་ནོ། །བཞི་པ་ནི། དེ་དག་ཉིད་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མ་ལུས་པའི་གཉེན་པོར་འགྱུར་བ་ལམ་ཉེ་བར་བསྒྲུབ་པའི་རྣམ་པ་ཅན་བསྒོམ་པར་བཤད་དོ། །རྫོགས་རིམ་གྱི་ངེས་པ་སྦས་དོན་ནི། ལུས་ཐམས་ཅད་ལ་མཉམ་པའི་བདེ་བ་སྡུད་པ་དང་། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་རང་མཚན་པ་འགོག་པ་དང་། ལྷན་སྐྱེས་ཉམས་སུ་མྱོང་བའི་དགའ་བ་དང་། བདེ་སྟོང་དབྱེར་མེད་པའི་བཏང་སྙོམས་སུ་བཤད་ལ། མཐར་ཐུག་གི་དོན་ནི། ཌྷཾ་ག་ད་ཤས། བྱམས་པ་ཤེས་རབ། སྙིང་རྗེ་ཐབས། དགའ་བ་ཟུང་འཇུག །བཏང་སྙོམས་རྡོ་རྗེ་གསུམ་དབྱེར་མེད་པའི་མཚན་ཉིད་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་དོན་དུ་ལེགས་པར་བཤད་ཅིང་། དེ་བསྒོམ་པའི་དགོས་པ་ཡང་། སློབ་དཔོན་རཏྣཱ་ཀ་རས། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་བརྟན་པར་བྱ་བའི་དོན་དང་། གནོད་སེམས་དང་རྣམ་པར་འཚེ་བ་ལ་སོགས་པའི་སྐབས་མི་དབྱེ་བའི་


KMC011_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་། ངན་འགྲོའི་སྡུག་བསྔལ་དང་བདུད་དང་ཐེག་པ་དམན་པ་ལས་བདག་ཉིད་སྲུང་བའི་དོན་དུ་འདི་དག་ནི་རྣལ་འབྱོར་རྣམས་ཀྱི་ཐོག་མར་བསྒོམ་པར་བཤད་དོ། །གཉིས་པ་ནི། ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་ཏེ། རྡོ་རྗེ་བཞིའི་བསྐྱེད་ཚུལ་གྱི་ཚིགས་བཅད་འདི་ནི་བསྐྱེད་པའི་ཡན་ལག་ཐམས་ཅད་ཀྱི་ཆིངས་ཡིན་ལ། སླར་ཡང་ནི་སྤྲོས་པའི་མཚན་མ་ཐམས་ཅད་རབ་ཏུ་ཞི་བའི་སྟོང་པ་ཉིད་དྲི་མ་ཟད་པའི་བྱང་བ་དང་མི་སྐྱེ་བའི་ཡེ་ཤེས་ཆུབ་པའི་ངོ་བོ་བསྐྱེད་རིམ་གྱི་གཞིར་གྱུར་པ་སྟེ་དང་པོ་ཡིན་ལ། གཉིས་པ་ལྷ་གང་ལས་བསྐྱེད་པའི་ས་བོན་ཧཱུྃ་ཡིག་ལས་འོད་ཟེར་སྤྲོ་ཞིང་བསྡུ་བའི་ཚུལ་དུ་བསྒོམ་པའམ། མངོན་བྱང་ལྔས་ཟླ་ཉི་ས་བོན་ཕྱག་མཚན་གྱིས་བསྐྱེད་པ་འདིར་ས་བོན་ཙམ་ལ་བསྡུ་བའི་དོན་དུ་བཤད་ཀྱང་རུང་ངོ་། །གསུམ་པ་ལ་ནི་ས་བོན་དེ་ལས་ཧེ་རུ་ཀ་བཞིའི་གཟུགས་བརྙན་གང་བསྒོམ་པ་དེ་ཉིད་ཀྱི་སྐུ་ཡོངས་སུ་རྫོགས་པ་སྟེ་འདི་ནི་བརྫུས་ཏེ་སྐྱེས་པ་དང་ཡང་མཚུངས་སོ། །བཞི་པ་ལ་ནི་སྐྱེ་


KMC011_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་རྣམས་དང་གནས་གསུམ་བྱིན་རླབས་ཀྱི་ཡིག་འབྲུ་དགོད་པ་དབང་བསྐུར་རྒྱས་བཏབ་པའི་བར་དུའོ། །ངེས་དོན་དང་སྦྱར་ན། སྟོང་ཉིད་བྱང་ཆུབ་རྣམ་པར་མི་རྟོག་པའི་ཡེ་ཤེས། ས་བོན་བསྡུ་བ་ཨ་ཧཾ་གི་འབར་འཛག །གཟུགས་བརྙན་བདེ་སྟོང་སྟེ་གཉིས་མེད་ཉམས་སུ་མྱོང་བས་རྫོགས་པ། ཡིག་འབྲུ་ནི་སྒོ་གསུམ་སྟེ། དེ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པས་དགོད་པའོ། །གསུམ་པ་སྲུང་འཁོར་ནི། རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཉི་དེར་ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང་། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པ་ཉིད། །ཅེས་གསུངས་ཏེ། རེ་ཕ་སྟེ་ར་ཡིག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་སྔོན་དུ་རྣམ་པར་བསྒོམས་ནས། ཉི་མའི་གཟུགས་དེའི་སྟེང་དུ་ཧཱུྃ་ཡིག་ནག་པོ་ལས་སྐྱེས་ཤིང་བྱུང་བའི་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་སྟེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ག་ཤིན་ཏུ་ཁྱོན་ཡངས་པ་རྒྱ་ཆེ་བ་སྟེ། དེ་རྣམས་ཀྱི་འོད་ཟེར་གྱི་ཚོགས་ཕྱོགས་ཐམས་ཅད་དུ་འཕྲོས་པས། རྡོ་རྗེ་མི་ཤིགས་པར་བརྟན་ཅིང་སྲ་བ་དེ་ཉིད་ཀྱིས་ནི། ཁོར་ཡུག་ཏུ་རྭ་བ་དང་། སྟེང་དུ་རྡོ་རྗེའི་གུར་བཅིངས་


KMC011_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཡང་གི་སྒྲས་རྭ་གུར་གྱི་མཚམས་སུ་རྡོ་རྗེའི་བླ་བྲེ། ཕྱི་རོལ་དུ་རྡོ་རྗེ་མདའི་དྲ་བ་མེ་འབར་བ་དང་བཅས་པའང་བསྒོམ་པ་ཉིད་དོ་ཞེས་སོ། །རྡོ་རྗེ་སྙིང་འགྲེལ་དུ། འཁོར་ལོ་རྩིབས་བཅུ་ཁྲོ་བོ་དང་བཅས་པ་རྒྱས་པར་རྩ་རྒྱུད་རྒྱས་པ་ལས་དྲངས་པ་ལྟར། ཀུན་མཁྱེན་རང་བྱུང་ཞབས་ཀྱིས། རྣལ་འབྱོར་རྟོག་པ་ཤས་ཆེ་བས་ནི་ཁྲོ་བོ་བཅུའི་སྲུང་འཁོར་གུར་ལས་གསུངས་པ་བཞིན་བསྒོམ་མོ། །ཞེས་གསུངས་སོ། །སྲུང་བའི་ངེས་དོན། རེ་ཕ་ལས་བྱུང་བའི་ཉི་མ་ནི་དམར་ཆ་ཐབས་ཀུན་རྫོབ། ཧཱུྃ་ནི་དཀར་ཆ་ཤེས་རབ་བྱང་ཆུབ་ཀྱི་སེམས་དོན་དམ་པའི་ངོ་བོ། །དེ་གཉིས་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ནི་ཐབས་ཤེས་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། ཀུན་རྫོབ་བདེན་པའི་རང་བཞིན་གྱི་རྭ་བ། དོན་དམ་བདེན་པ་ཟུང་དུ་འཇུག་པའི་གུར་བཅིངས་པ་ཡིན་པར་བཤད་དོ། །བཞི་པ་ཚོགས་ཞིང་ལ་གཉིས། ཆོ་ག་ཡན་ལག་གསུམ་གྱིས་བདག་བསྐྱེད་པ། ཚོགས་ཀྱི་ཡུལ་དམིགས་ནས་མཆོད་པའོ། །དང་པོ་ནི། དང་པོར་རོ་ནི་རྣམ་བསྒོམ་པ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བརྗོད། །དེ་སྟེང་རྣལ་འབྱོར་པ་གནས་ནས། །ཧེ་རུ་ཀ་


KMC011_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྣམ་པར་བསྒོམ། །རང་གི་སྙིང་གར་རེ་ཕ་བསྒོམ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པ་ཉིད། །ཐབས་དང་ཤེས་རབ་རང་བཞིན་ཅན། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནི། །ཁ་དོག་ནག་པོ་འཇིགས་ཆེན་པོ། །རྡོ་རྗེ་ལྟེ་བའི་དབུས་གནས་པར། །ཡང་ནི་ཧཱུྃ་གི་དེ་ཉིད་བསྒོམ། །ཧཱུྃ་གི་རྣམ་པ་གྱུར་བལྟས་ནས། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །རྡོ་རྗེ་སྐྱེ་བ་ནག་པོ་ཆེ། །འདམ་སྐྱེས་སྔོན་པོ་འདྲ་བའི་མདོག །ཡང་ན་སྔོ་དང་ཉི་མའི་མདོག །དད་པས་ངེས་པར་རྣམ་པར་བསྒོམ། །ཞེས་གསུངས་ཏེ། དང་པོར་གཟུང་བ་དང་འཛིན་པས་བསྡུས་པའི་དངོས་པོ་ཐམས་ཅད་མི་དམིགས་པ་ལ་སྟོང་པར་བལྟས་ཏེ། དེའི་ངང་ལས་སྣ་ཚོགས་པདྨའི་ལྟེ་བར་མི་རོའི་གདན་ནི་རྣམ་པར་བསྒོམ་པའི་དོན་ཡང་། རོ་ལ་བདག་འཛིན་དང་རྣམ་རྟོག་མེད་པ་ལྟར། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཀྱིས་ཞི་བའི་བདག་ཉིད་དུ་མཚོན་པར་བརྗོད་ལ། དེའི་སྟེང་དུ་སྒྲུབ་པ་པོ་བསྐྱེད་རྫོགས་འབྲེལ་བའི་ཉམས་མྱོང་དང་ལྡན་པའི་རྣལ་འབྱོར་པ་གནས་ནས་ཐ་མལ་གྱི་འཛིན་པ་སྤངས་ཏེ། རང་ཉིད་ཧེ་རུ་ཀ་ཉིད་དང་ཐ་མི་དད་པའི་རྣམ་པར་བསྒོམ་མོ། །


KMC011_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བྱང་ཆུབ་ཆེན་པོའི་སེམས་ཀྱི་རང་བཞིན་དུ་གསུངས་སོ། །བསྒོམ་པའི་གོ་རིམ་གྱིས་རྒྱུད་གོང་འོག་བསྡེབ་ཤེས་པར་བྱ་བ་ཡང་། རང་གི་གདན་གྱི་རོའི་སྙིང་གར་ར་ཡིག་བསྒོམ་པ། དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་གི་ཡི་གེའི་རྣམ་པ་ཉིད་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རང་བཞིན་ཅན་དུ་བསྒོམ་པ་ནི་ས་བོན་གྱི་ཆོ་གའོ། །ཧཱུྃ་དེ་ལས་འོད་ཟེར་འཕྲོ་ཞིང་འདུས་པ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ནི་ཅུང་ཟད་གྱེས་པའི་རྣམ་པ་ཅན་ཁ་དོག་ནག་ཅིང་དྲག་པོའི་ཉམས་ཀྱིས་འཇིགས་པ་ཆེན་པོ་དང་ལྡན་པའི་རྡོ་རྗེ་དེའི་ལྟེ་བའི་དབུས་སུ་གནས་པར། སླར་ཡང་ནི་ཧཱུྃ་གིས་མཚན་པ་དེ་ཉིད་བསྒོམ་པ་ནི་ཕྱག་མཚན་གྱི་ཆོ་གའོ། །ཧཱུྃ་ཡིག་རྣམ་པ་ཕྱག་མཚན་དང་བཅས་པ་ཡོངས་སུ་གྱུར་པར་བལྟས་ནས། དེ་ལས་ཞེ་སྡང་རྣམ་པར་དག་པའི་བདག་ཉིད་བཅོམ་ལྡན་འདས་ཀྱི་སྐུའི་རྣམ་པར་བསྒོམ་སྟེ། དེ་ཡང་། རྡོ་རྗེ་ས་བོན་ཧཱུྃ་དང་བཅས་པ་ལས་སྐྱེ་བ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱོད་པ་སྐུ་མདོག་ནག་པོ་ཆེན་པོ། དེའི་དཔེ་འདམ་རྫབ་ལས་ཨུཏྤལ་སོགས་སྐྱེས་པ་སྔོན་པོ་དང་འདྲ་བའི་མདོག་ཅན་དུ་བརྗོད་ཀྱང་


KMC011_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཞིང་། ཡང་ན་སྔོན་པོ་དེ་དང་ཉི་མའི་མདོག་འདྲེས་པ་བཞིན་དུ་སྔོ་ལ་དམར་བའི་མདངས་ཆགས་པ། ཧེ་རུ་ཀ་ལ་དད་པས་ཏེ་དེར་མོས་ནས་སྣང་སྟོང་སྒྱུ་མ་ལྟ་བུའི་ཚུལ་ངེས་པར་བྱས་པ་རྣམ་པར་བསྒོམ་པར་བྱ་སྟེ་སྐུ་ཡོངས་སུ་རྫོགས་པའི་ཆོ་གའོ། །འདིའི་ངེས་དོན། རེ་ཕ་ལས་ཉི་མ་ནི་ཆོས་ཉིད་ངང་ལས་སྒྱུ་མའི་སྐུར་བཞེངས་པ། ཧཱུྃ་གི་དེ་ཁོ་ན་ཉིད་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་མཚན་ནི་དེ་ལས་བྱུང་བའི་བདེ་སྟོང་དབྱེར་མེད་ཀྱི་སེམས་ཡེ་ཤེས་ལྔའི་ངོ་བོར་གྱུར་པ། དེ་ཡོངས་སུ་གྱུར་པའི་བདག་ནི་ཁམས་གསུམ་བདེ་བ་ཆེན་པོ་ལ་ངང་དུ་རོ་གཅིག་པ། རྡོ་རྗེ་སྐྱེ་བ་ནི་སྐྱེ་འཇིག་བྲལ་བ། ནག་པོ་ཆོས་ཉིད་མི་འགྱུར་བ། སྔོ་དམར་འདྲེས་པ་དབྱིངས་ཡེ་ཤེས་སམ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། དད་པས་ངེས་པར་བསྒོམ་པ་ནི་ཡང་དག་པའི་ཤེས་པས་འཁོར་འདས་ཐམས་ཅད་ཀྱི་བདག་ཉིད་དུ་བལྟ་བའི་དོན་ཏོ། །གཉིས་པ་ནི། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །དཀར་མོས་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་


KMC011_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང་། །པུཀྐ་སཱི་ནི་རྡོ་རྗེ་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང་། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་གསུངས་ཏེ། རང་ལྷར་གསལ་བ་དེའི་ཐུགས་ཀར་པདྨའི་ལྟེ་བར་ར་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུྃ་ནག་པོའི་འོད་ཟེར་ལྔས་སྤྱན་དྲངས་པས་མདུན་གྱི་ནམ་མཁར། མཆོད་ཅིང་རྗེད་པའི་ཞིང་དུ་གྱུར་པས་རྗེ་བཙུན། རྡོ་རྗེ་ཤེས་རབ་སྟོང་པ་ཉིད་ལས་སྐྱེ་བའམ་འཁྲུངས་པ་ཐབས་འགྱུར་མེད་ཀྱི་སྙིང་རྗེ་རོ་མཉམ་པའི་བདེ་ཆེན་གྱི་ངོ་བོ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བར་བལྟས་ཤིང་དམིགས་ནས་ནི། སླར་ཡང་ས་བོན་ལས་སྤྲོས་པ་མཆོད་པའི་རྫས་ཀྱི་ཡོ་བྱད་ཐམས་ཅད་འཛིན་ཞིང་། ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པའི་ལྷ་མོ་གཽ་རི་ལ་སོགས་བརྒྱད་པོ་རྣམས་ཀྱིས་མཆོད་པར་དམིགས་སོ། །དེ་རྣམས་ཀྱིས་ཇི་ལྟར་མཆོད་ཅེ་ན། ལྷ་མོ་དཀར་མོ་གཽ་རཱིས་ཕྱག་གཉིས་ཐོད་པ་རི་


KMC011_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་རི་བོང་གི་མཚན་མ་ཅན་ཏེ་ཟླ་བའི་བརྡས་མཚོན་པ་ཁམས་དཀར་ཆས་གང་བ་འཛིན་པ། ཙཽ་རཱི་ཆོམ་རྐུན་མ་ནི་མུན་པའི་བདུད་ལས་རྒྱལ་བ་སྟེ་ཉི་མའི་བརྡས་མཚོན་པ་དམར་ཆས་གང་བའི་ཐོད་པའི་སྣོད་འཛིན་པ། རོ་ལངས་མ་ནི་དྲི་ཆུས་གང་བའི་ཐོད་པ་ལག་ཏུ་ཐོགས་མ་དང་གྷསྨ་རཱི་སྟེ་ཟ་ཕོད་མ་ནི་སྨན་ཏེ་དྲི་ཆེན་གྱི་སྣོད་འཛིན་ཅིང་། འདི་ལ་སྙིང་འགྲེལ་དང་ནཱ་རོ་པ་ལྟར་ན་རྐང་དང་ཤ་ཆེན། པདྨ་ཅན་ལ་ཤ་ལྔར་འཆད། པུཀྐ་སཱི་སྤོས་མོ་ནི་རྡོ་རྗེ་ཤ་ཆེན་གྱི་ཐོད་པ་ལག་ཏུ་བསྣམས་པ་སྟེ་འདི་རྣམས་ནི་ནང་གི་མཆོད་པ་བདུད་རྩི་ལྔའོ། །དེ་བཞིན་དུ་རི་ཁྲོད་མ་ནི་སྦྲང་རྩིའམ། རོ་དྲུག་གམ། ཆང་གི་རོ་བཅུད་འཛིན་པས་གསང་བའི་མཆོད་པ་དང་། གདོལ་པ་མོ་ནི་ཅང་ཏེའུ་བརྡུང་བའི་སྒྲས་ཕྱི་མཆོད་དེ། ལྷ་མོ་འདི་རྣམས་ཀྱིས་ནི་གཙོ་འཁོར་དང་བཅས་པ་ལ་མཆོད་པ་དང་། འདོད་ཆགས་ཕལ་པ་སྤངས་པའི་འདོད་ཆགས་ཆེན་པོ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྗེས་སུ་ཆགས་པར་བྱེད་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གཡུང་མོས་གཉིས་པ་སྤྲོས་ནས་བཅོམ་ལྡན་འདས་ཀྱི་ཡུམ་ལ་ཐིམ་པ་དང་། འཁོར་བརྒྱད་དཔའ་བོར་གྱུར་པའི་སྐུ་ལ་འཁྱུད་པ་


KMC011_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ཏེ། ལྷན་སྐྱེས་དེ་ཁོ་ན་ཉིད་དུ་གྲུབ་པས་སོ། །དེའི་རྗེས་སུ་སྡིག་བཤགས་སོགས་བདུན་རྣམ་དག་བྱ་ན་རྒྱ་འགྲེལ་མང་པོར་བསྟན་པ་ལྟར་ཕྱག་ལེན་དུའང་འབྱུང་ངོ་། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པའི་མཐར། ཚོགས་ཞིང་བསྡུ་གཤེགས་གང་རུང་དང་། ཡེ་ཤེས་ཀྱི་ཚོགས་སྟོང་ཉིད་བསྒོམ་པའང་རྒྱ་བོད་ཐམས་ཅད་བཞེད་པ་མཐུན་ནོ། །འདིའི་ངེས་དོན་ཁ་སྦྱོར་དྲི་མེད་ལས། ནམ་མཁའ་ཆོས་ཀྱི་འབྱུང་གནས་ཨེ། །རྗེ་བཙུན་དོན་དམ་བྱང་སེམས་ཝཾ། །དེ་ལ་མཆོད་པའི་ལྷ་མོ། གཽ་རཱི་མེ་ལོང་ཡེ་ཤེས། དེ་ལྟར་སྦྱར་ཏེ། མཉམ་ཉིད། སོར་རྟོགབྱ་གྲུབ། པུཀྐ་སཱི་སོགས་འབྱུང་བཞི་དག་པ། མཆོད་རྫས་རྡོ་རྗེ་གསུམ་དང་དེ་དང་དབྱེར་མེད་ཀྱི་ཆོས་དབྱིངས་དང་ལྷན་སྐྱེས་དང་གཞོམ་མེད་ཀྱི་སྒྲ་དང་འཁྱུད་པ་དབྱངས་གསལ་གྱི་དག་པར་བཤད་དོ། །གཉིས་པ་སོ་སོའི་བསྐྱེད་ཆོག་ལ་བཞི། མངོན་བྱང་ལྔ་བསྐྱེད་སྤྱིར་བསྟན། དེ་ལས་ཕྱག་གཉིས་པ་འཁོར་བཅས་བསྐྱེད་པ། གཙོ་བོ་ཕྱག་བཞི་པ་དང་། ཕྱག་དྲུག་པ་ཡབ་ཡུམ་བསྐྱེད་པའོ། །དང་པོ་ནི། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །དེ་ཉིད་


KMC011_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཞེས་བྱར་བརྗོད། །མཆོག་ཏུ་དགའ་བའི་རང་བཞིན་ཅན། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་བཀུག་པ་ན། །ཡོ་གིའི་ཞེ་སྡང་བདག་ཉིད་འགྱུར། །ཅེས་གསུངས་ཏེ། སྲུང་འཁོར་གྱི་དབུས་སུ། ཕོ་བྲང་རྣམ་པར་སྣང་མཛད་ཀྱི་ཡན་ལག་འོག་ནས་འབྱུང་བ་ལྟར་བསྒོམ་པའི་དབུས་སུ། རོ་དང་ཉི་མའི་གདན་ལ། ཨཱ་ལི་བཅུ་དྲུག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཨཱ་ལི་དེ་ཉིད་ཀྱིས་མཚན་པ་ཤེས་རབ་ཀྱིས་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་སྟེ་མངོན་བྱང་དང་པོ། སྔ་མ་ཟླ་བ་དེའི་སྟེང་དུ་ཀཱ་ལི་བཞི་བཅུ་ལས་བྱུང་བ་ཉི་མའི་དཀྱིལ་འཁོར་ཀཱ་ལི་དེ་ཉིད་ཀྱིས་མཚན་པ་ཐབས་ཀྱི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ངོ་བོ་མངོན་བྱང་གཉིས་པའོ། །ཉི་ཟླ་དེ་གཉིས་ཁ་སྦྱར་བའི་དབུས་སུ་ས་བོན་གྱི་རང་བཞིན་ནཱ་ད་དེ་ནང་དུ་སོན་པ་ལས་ཡི་གེ་ཧཱུྃ་དུ་གྱུར་པ་དེ་ཡོངས་སུ་གྱུར་པ་ལས་སྔར་བསྟན་པ་ལྟ་བུའི་རྡོ་རྗེ་ཁ་དོག་ནག་པོ་འཇིགས་པ་ཆེན་པོའི་རྣམ་པ་སྟེ་ལྟེ་བར་ཧཱུྃ་གིས་མཚན་པ་བསྒོམ་མོ། །འདི་ཉིད་ནི་སེམས་དཔའ་ཆེན་པོ་སྟེ་བདེ་སྟོང་གཉིས་སུ་མེད་པའི་རྡོ་རྗེ་


KMC011_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ངམ་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་བརྗོད་པས་རྒྱུའི་དུས་ཀྱི་རྡོ་རྗེ་འཆང་གི་རང་བཞིན་ཡིན་པས། ཨ་ནུ་རཱ་ག་ལ་སོགས་པའི་སྔགས་མ་བརྗོད་ཀྱང་། མཆོག་ཏུ་དགའ་བ་ཟག་མེད་ཀྱི་བདེ་བའི་རོས་གང་བའི་རང་བཞིན་ཅན་ཡིན་པས་སྒོང་སྐྱེས་ཀྱི་དབང་དུ་བྱས་པའི་རྗེས་ཆགས་རྡོ་རྗེ་འཆང་གི་ཡན་ལག་ཏུའང་འགྱུར་ཏེ། འདི་ཡང་ས་བོན་དང་ཕྱག་མཚན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོའི་རང་བཞིན་ཡིན་པས་མངོན་བྱང་གསུམ་པ་ཡིན་ནོ། །སྐབས་འདི་ནས་འཁོར་གྱི་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ཡང་སྤྲོ་སྟེ། དེ་དག་ཀྱང་རྗེས་སུ་མཐུན་པའི་བྱང་ཆུབ་པ་ལྔའི་ངོ་བོར་ཡང་བསྒོམ་མོ། །དེ་ནས་སྔར་བསྟན་པའི་གཉིས་པ་ལ་ས་བོན་བསྡུ་བ་བཞིན་དུ་རྡོ་རྗེའི་ལྟེ་བའི་ཧཱུྃ་དེ་ལས་ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་ཡོངས་སུ་ཁྱབ་པའི་རང་གི་ལུས་ཀྱི་ཁ་དོག་དང་མཚུངས་པའི་འོད་ཟེར་སྔོན་པོ་རྣམ་པར་སྤྲོས་ལ་སེམས་ཅན་གྱི་དོན་བྱས་ཤིང་སླར་བསྡུས་ནས་རང་གི་སྙིང་གར་རྡོ་རྗེའི་ལྟེ་བའི་ས་བོན་ལ་བཀུག་པས་དེ་ཐམས་ཅད་ཞུ་ཞིང་གཅིག་ཏུ་འདྲེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །འདི་ནི་མངོན་བྱང་བཞི་པའོ། །དེ་


KMC011_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས་གཟུགས་བརྙན་རྫོགས་པར་འགྱུར་ཏེ། སྔར་བསྟན་པའི། ཧཱུྃ་གི་རྣམ་པར་འགྱུར་བལྟས་ནས། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་དུ། ཡོ་གི་ཞེས་པའི་དོན་རྣལ་འབྱོར་ཅན་ཞེ་སྡང་རྣམ་པར་དག་པའི་བདག་ཉིད་སྙིང་རྗེའི་སྟོབས་ཅན་ཧེ་རུ་ཀར་འགྱུར་ཏེ། འདི་ནི་སྐུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་མངོན་བྱང་ལྔ་པའོ། །དེ་ནས་ཕྱག་མཚན་ལས་རྣལ་འབྱོར་མ་བརྒྱད་བསྐྱེད་ལ། སྐྱེ་མཆེད་དང་གནས་གསུམ་བྱིན་རླབས་སོགས་ནས་ཡན་ལག་དྲུག་དྲུག་རྫོགས་པར་བྱའོ། །བསྐྱེད་ཆོག་གསུམ་པོ་དེ་དག་སྤྲོས་པ་ལ་དགའ་མི་དགའི་དབང་དུ་བྱས་པ་ཡིན་པས་ཧེ་རུ་ཀ་བཞིའི་བསྐྱེད་རིམ་གང་བསྒོམ་པ་ལ་སྦྱར་རོ། །མངལ་སྐྱེས་ནི་བརྟག་པ་ཕྱི་མའི་ལེའུ་ལྔ་པ་ནས་འཆད་དོ། །རྒྱུད་དོན་མངོན་རྟོགས་སུ་བསྡེབས་པའི་ལག་ལེན་ནི་རྒྱལ་བ་གཉིས་པ་རང་བྱུང་ཞབས་ཀྱི་འགྲེལ་ཆེན་ལས་གསལ་ཞིང་། དེ་དག་གི་དོན་སྒྲུབ་དཀྱིལ་རྣམས་ལས་ཀྱང་ཤེས་པར་འགྱུར་རོ། །ངེས་དོན་དུ། ཡེ་ཤེས་ལྔའི་རང་བཞིན་ལས་མངོན་པར་བྱང་ཆུབ་པའི་གཟུགས་ཀྱི་སྐུ་སྒྱུ་མ་ལྟ་བུར་སྣང་


KMC011_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་ནོ། །གཉིས་པ་ནི། སྔོ་དང་ཉི་མ་མཚུངས་པའི་མདོག །བནྡཱུ་དམར་པོའི་སྤྱན་དང་ལྡན། །སྐྲ་སེར་གྱེན་དུ་འཁྱིལ་བ་དང་། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །འཁོར་ལོ་རྣ་ཆ་ནོར་བུ་དང་། །ལག་གདུབ་དང་ནི་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པ། །འདི་རྣམས་ཕྱག་རྒྱར་རབ་ཏུ་གྲགས། །སྡང་མིག་བརྒྱད་གཉིས་ལོ་ཡི་ཚུལ། །གཡོན་པས་རྡོ་རྗེ་ཐོད་པ་དང་། །གཡོན་པ་ནས་ཀྱང་ཁ་ཊྭཱཾ་ག །གཡས་ན་རྡོ་རྗེ་ནག་པོ་ཉིད། །ཧཱུྃ་གི་ཡི་གེ་འདོན་པའི་བདག །རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། །དུར་ཁྲོད་དུ་ནི་མགོན་པོ་རོལ། །དབུགས་རྒྱུ་ཞེས་བྱའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་གསུངས་ཏེ། གོང་དུ་སྐུ་ཡོངས་སུ་རྫོགས་པར་བཤད་པ་ལས་གཙོ་བོ་ཕྱག་གཉིས་པ་དེ་ནི། སྟོང་པ་དང་སྙིང་རྗེ་དག་པས་སྐུ་མདོག་སྔོ་བ་ལ་དམར་བའི་མདངས་ཕྱུང་བ་ཉི་མ་དང་མཚུངས་པའི་འོད་ཟེར་རབ་ཏུ་འབར་བའི་མདོག་དང་མདངས་ཆགས་པས་མཛེས་ལ། བནྡྷཱུ་ཀའི་མེ་ཏོག་ལྟ་བུའི་སྤྱན་དམར་པོ་དང་ལྡན་པ་ནི་སེམས་ཅན་ཐམས་ཅད་ལ་བརྩེ་བས་རྗེས་སུ་ཆགས་པའི་ཚུལ་


KMC011_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དུས་རྟག་ཏུ་གཟིགས་པའི་བརྡ་དང་། ཐུགས་རྗེའི་རང་བཞིན་ཁམས་བྱང་ཆུབ་ཀྱི་སེམས་རྒྱས་པའི་རྟགས་སུ་དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ་བ་དང་ལྡན་པ། ཕྱག་རྒྱ་ལྔ་ནི་སྤྱི་བོར་འཁོར་ལོ་དང་། སྙན་ལ་རྣ་ཆ་དང་། མགྲིན་པར་ནོར་བུ་སྟེ་མགུལ་རྒྱན་དང་། ལག་པ་དང་རྐང་པར་གདུ་བུ་དག་དང་ནི། སྐེད་པར་སྐེ་རགས་ཉིད་རྣམས་ཏེ་དེ་དག་གིས་རྣམ་པར་བརྒྱན་པ་ནི། མི་བསྐྱོད་པ་དང་། འོད་དཔག་མེད་དང་། རིན་འབྱུང་དང་། རྣམ་སྣང་དང་། དོན་གྲུབ་སྟེ་སངས་རྒྱས་ལྔ་ནི་རྣམ་པར་དག་པའོ། །འདི་རྣམས་ཀྱིས་རྒྱས་གདབ་པའི་ཕྱིར་ཕྱག་རྒྱར་རབ་ཏུ་གྲགས་སོ། །བདུད་འདུལ་བའི་ཕྱིར་སྤྱན་སྡང་མིག་ཏུ་བསྒྲད་ཅིང་། དགའ་བ་བཅུ་དྲུག་རྫོགས་པས་ལོ་བརྒྱད་གཉིས་བཅུ་དྲུག་ལོན་པའི་ངང་ཚུལ་ལྟ་བུ། ཐབས་ཤེས་དག་པའི་ཕྱག་གཉིས་ཀྱི་གཡོན་པས་བྱང་སེམས་དང་བདེ་ཆེན་དག་པ་རྡོ་རྗེས་མཚན་པའི་ཐོད་པ་དང་། གཡོན་པའི་གྲུ་ཁུག་ནས་ཀྱང་ཤེས་རབ་མཚོན་པའི་ཁ་ཊྭཱཾ་གའོ། །ཕྱག་གཡས་པ་ན་ནི་གཉིས་མེད་ཀྱི་ཡེ་ཤེས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཉིད་གྱེན་དུ་ཕྱར་བ། གདུག་པ་ཅན་སྐྲག་པའི་ཕྱིར་ཞལ་ནས་ནི་ཧཱུྃ་གི་ཡི་གེ་འདོན་པའི་


KMC011_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་སྟེ་གསུང་གི་གར་དང་ལྡན་པ། གཽ་རཱི་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་ནས། རྣམ་ཤེས་ཚོགས་བརྒྱད་དག་པའི་ཆོས་ཀྱི་དབྱིངས་ཀྱི་དུར་ཁྲོད་དུ་ནི་མགོན་པོ་ཀྱཻ་རྡོ་རྗེ་ཕྱག་གཉིས་པ་ཐུགས་རྗེ་ཆེན་པོའི་རྣམ་པར་རོལ་པ་དང་བཅས་པའོ། །དུར་ཁྲོད་ཀྱི་དོན་ཡང་། ཤྭ་ས་རི་ཞེས་དབུགས་ཕྱི་རོལ་དུ་རྒྱུས་ཏེ་སྲོག་སོང་བ་དང་རྣམ་པར་རྟོག་པ་བཀག་པ་ཞེས་བྱ་བའི་རིགས་པ་འདིས། རོ་ཡོད་པའི་གནས་ལ་དུར་ཁྲོད་ཅེས་གྲགས་པ་བཞིན། རྟོག་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་ལ་དུར་ཁྲོད་ཅེས་ནི་བྱ་བའི་སྒྲས་མངོན་པར་བརྗོད་དོ། །འདི་ནི་ཚངས་པ་རྣམ་པར་དག་པ་ཡེ་ཤེས་ཀྱི་རྡོ་རྗེ་ཕྱག་གཉིས་པའོ། །འདིར་ཚིག་ཟིན་ལ་ཡུམ་དངོས་སུ་མེད་ཀྱང་མན་ངག་ཁ་ཅིག་ལས་ཡོད་པར་བཞེད་དོ། །གསུམ་པ་ནི། ཕྱག་བཞི་ནི་བདུད་བཞི་ལས་རྣམ་པར་རྒྱལ་བ་རྣམ་པར་དག་པ་སྟེ། གོང་དུ་བརྗོད་པའི་གཟུགས་དང་། སྐུ་མདོག་དང་ཧཱུྃ་ལས་བྱུང་བའོ། །ཕྱག་གཡོན་གྱི་དང་པོ་ན་སྐྱེས་པའི་ཐོད་པ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་བཀང་བ། དེ་བཞིན་དུ་གཡས་ཀྱི་ཕྱག་ན་རྡོ་རྗེ། ཕྱག་ལྷག་མ་དག་གིས་ཤེས་རབ་ལ་


KMC011_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པ། ཤེས་རབ་རྡོ་རྗེ་ཕག་མོ་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ། །ཞེས་གསུངས་ཏེ། གཙོ་བོ་ཕྱག་བཞི་པ་ནི། རྒྱུད་འདིར་ཞལ་གཅིག་གསུམ་གང་ཡང་མི་གསལ་མོད། རྒྱན་འདྲ་ལས། མཚོ་སྐྱེས་ཀྱིས་ཞལ་གཅིག་པར་གསུངས་ཀྱང་། གུར་གྱི་ལེའུ་བཅོ་ལྔ་པ་ལས་གསུམ་པར་གསུངས་པས། དེ་དག་རང་ལུགས་སུ་བཞེད་ཅིང་། སམྦུ་ཊའི་རྒྱུད་ཕྱི་མ་ལས་ཞལ་བཞི་པར་ཡང་འབྱུང་མོད། རང་བྱུང་ཞབས་ཀྱིས་རྩ་རྒྱུད་ཀྱི་དགོངས་པ་ཞལ་གཅིག་པར་བཞེད། ཕྱག་བཞི་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའི་རྣམ་པར་དག་པ་སྟེ། གཞན་ཐམས་ཅད་ནི་གོང་དུ་ཕྱག་གཉིས་པའི་སྐབས་སུ་བརྗོད་པའི་གཟུགས་དང་སྐུ་མདོག་དང་ས་བོན་ཧཱུྃ་ལས་བྱུང་བའང་མཐུན་པའོ། །ཁྱད་པར་ནི་ཕྱག་གཡོན་གྱི་དང་པོ་ན་སྐྱེས་པའི་ཐོད་པ་ཁམས་དཀར་དམར་དག་པ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་བཀང་བ་དང་། དེ་བཞིན་དུ་གཡས་ཀྱི་ཕྱག་དང་པོ་ན་རྣམ་པར་རྟོག་པས་མི་ཕྱེད་པའི་རྡོ་རྗེ་དང་། ཕྱག་ལྷག་མའམ་འོག་མ་གཉིས་པོ་དག་གིས་བདེ་སྟོང་ཟུང་དུ་འཇུག་པས་ཤེས་རབ་མ་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཤེས་རབ་རྡོ་རྗེ་ཕག་མོ་ཡང་ནི་ཡབ་བཅོམ་


KMC011_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་གཟུགས་ཅན་དུ་མཚུངས་པ་སྟེ་གྲི་གུག་དང་ཐོད་པ་འཛིན་པ་ཅན་ནོ། །རྡོ་རྗེ་ཕག་མོའི་མཚན་དོན་ཝཱ་རཱ་ཧི་སྟེ། གྲུབ་ཆེན་ནག་པོ་པས། ཝཱ་གའི་སྒྲ་ནི་ངག་ལས་འདས། །རཱ་ནི་དྲི་མ་རྣམ་པར་སྤངས། །ཧི་ནི་རྒྱུ་ནི་རྣམ་འཇིག་པ། །ཕག་མོའི་སྐྲར་ནི་རབ་ཏུ་གྲགས། །ཞེས་གསུངས་པ་གཞན་གོ་སླ་མོད་ཀྱི། རཱ་ཧི་ཏ་དྲི་མ་དང་བྲལ་བའམ་སྤངས་པ་ཡིན་ལ། ཧེ་ཏུ་རྒྱུའི་ངེས་ཚིག་དང་ལྡན་པའོ། །འདི་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐུགས་ཀྱི་རྡོ་རྗེ་ཁྱབ་འཇུག་དག་པའོ། །བཞི་པ་ནི། ཕྱག་དྲུག་པ། ཞལ་གསུམ་པ། གཡོན་དམར་བ། གཡས་ཟླ་བ་དང་ཉི་མ་ལྟ་བུ་དང་པོ་སྔོན་པོ། གཅེར་བུ་གོང་དུ་བརྗོད་པའི་སྐུ་མདོག་དང་གཟུགས་ཅན། ཕྱག་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། ཕྱག་གཡོན་གྱི་གཉིས་པ་ན་དྲིལ་བུ། ཕྱག་གཡས་ཀྱི་གཉིས་པ་ན་གྲི་གུག །ཕྱག་ལྷག་མ་དག་གིས་རྡོ་རྗེ་ལུ་གུ་རྒྱུད་མ་ལ་སྙོམས་པར་འཇུག་པ། བཅོམ་ལྡན་འདས་ཇི་ལྟ་བ་དེ་ལྟར་ཤེས་རབ་སྟེ། གཡས་པ་དང་གཡོན་པ་ན་གྲི་གུག་དང་ཐོད་པ། ཁམས་


KMC011_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བདག་ཉིད་ཅན་གྱི་རོ་མནན་པའོ། །ཞེས་གསུངས་ཏེ། གཙོ་བོ་ཕྱག་དྲུག་པ་ནི། ཞལ་གསུམ་ཕྱག་དྲུག་དང་ལྡན་པ། གཡོན་ཞལ་དམར་བ་ཉི་མ་ལྟ་བུ། གཡས་ཞལ་དཀར་བ་ཟླ་བ་ལྟ་བུ། དང་པོ་རྩ་བའི་ཞལ་སྔོན་པོ་རྡོ་རྗེ་གསུམ་གྱི་རང་བཞིན་གཅེར་བུ་གོང་དུ་བརྗོད་པ་དང་འདྲ་བའི་སྐུ་མདོག་དང་གཟུགས་ཅན། ཕྱག་རྣམས་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕར་ཕྱིན་དྲུག་རྣམ་པར་དག་པའོ། །ཕྱག་གཡོན་གྱི་དང་པོ་ན་དུག་གསུམ་འཇོམས་པའི་ཕྱིར་རྩེ་གསུམ་པའམ་ཏྲི་ཤཱུ་ལ། ཕྱག་གཡས་ཀྱི་དང་པོ་ན་སྟོང་པ་ཉིད་མཚོན་པའི་རྡོ་རྗེ། ཕྱག་གཡོན་གྱི་གཉིས་པ་ན་བདག་མེད་པའི་ཆོས་ཀྱི་སྒྲ་སྒྲོགས་པའི་དྲིལ་བུ། ཕྱག་གཡས་ཀྱི་གཉིས་པ་ན་རྣམ་རྟོག་གཅོད་པའི་གྲི་གུག་གོ། །ཕྱག་ལྷག་མའམ་འོག་མ་གཉིས་པོ་དག་གིས་ཐབས་ཤེས་ཟུང་འཇུག་གི་དག་པ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་ལ་འཁྱུད་པའི་ཚུལ་གྱིས་སྙོམས་པར་འཇུག་པའོ། །འདིར་ཌྷཾ་ག་ད་ཤས། རྡོ་རྗེའི་སྒྲས་རྡོ་རྗེ་འཛིན་པ་དང་། དེ་དང་ལྕགས་སྒྲོག་གི་ཚུལ་གྱིས་ཐབས་ཤེས་ཕན་ཚུན་


KMC011_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དུ་འཆིང་བ་བདག་མེད་མའི་མཚན་གྱི་རྣམ་གྲངས་སུ་བཤད་དོ། །དེ་ནི་བཅོམ་ལྡན་འདས་ཀྱི་རྣམ་པ་ཅི་ལྟ་བ་དེ་ལྟར་ཤེས་རབ་ལུ་གུ་རྒྱུད་མའི་རྣམ་པའང་དེ་དང་འདྲ་མོད་ཀྱིས། འོན་ཀྱང་ཕྱག་གཉིས་མ་སྟེ། གཡས་པས་གྲི་གུག་དང་གཡོན་པ་ན་ཐོད་པ་འཛིན་པ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་གྱི་བདག་ཉིད་ཅན་གྱི་ཆོས་དབྱིངས་ལ་གནས་པར་མཚོན་པ་རོའི་གདན་ཞབས་ཀྱིས་མནན་ནས་བཞུགས་མའོ། །འདི་ནི་གསུང་རྡོ་རྗེ་དབང་ཕྱུག་རྣམ་པར་དག་པའོ། །འདི་དག་གི་ངེས་དོན་ནི། མངོན་རྟོགས་སོ་སོའི་དག་པ་དང་སེམས་དཔའ་བཞིའི་སྐབས་སོགས་སུ་བཤད་ཟིན་ཏོ། །དེ་ལྟ་བུའི་ཧེ་རུ་ཀ་གསུམ་ཀ་ལའང་འཁོར་གྱི་རྣལ་འབྱོར་མ་བརྒྱད་ཀྱིས་བསྐོར་བའི་ལྷ་དགུ་མ་དང་། བཞིས་བསྐོར་བའི་ལྷ་ལྔ་མ་ནི་རྒྱས་བསྡུས་ཙམ་གྱི་བྱེ་བྲག་གོ། །གསུམ་པ་ལེའུའི་མཚན་ནི། ལྷའི་ལེའུ་སྟེ་གསུམ་པའོ།། །། ཞེས་གསུངས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལ་ཤར་བའི་སྦྱོང་བྱེད་ཀུན་རྫོབ་དང་དོན་དམ་པའི་ལྷའི་རྣམ་པ་ལས་ཧེ་རུ་ཀ་གསུམ་གསུངས་པའི་ལེའུ་སྟེ་གསུམ་པའི་ཚིག་དོན་གྱི་རྣམ་


KMC011_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པའོ།། །།བཞི་པ་ལྷ་དབང་བསྐུར་བའི་ལེའུ་སྟེ། སྔ་ཕྱིའི་འབྲེལ་ནི། གོང་དུ་གསུངས་པའི་ལྷ་དེ་ཡན་ལག་བཞི་རྫོགས་པར་བྱེད་པ་ལ་དབང་བསྐུར་དགོས་པས་དེའི་དེ་མ་ཐག་ཏུ་ལྷ་དབང་བསྐུར་བའི་ལེའུ་འདི་གསུང་བར་འབྲེལ་ལོ། །བསྟན་བཤད་ཀྱི་འབྲེལ་ནི། ལེའུ་དང་པོར་ལྷ་རྣམས་ཇི་ལྟར་འབྱུང་བ་ཞེས་གསུངས་པའི་རྒྱས་བཤད་ལ། ལྷ་བསྐྱེད་པའི་རིམ་པ་ལེའུར་གསུམ་པར་གསུངས་ནས་བསྐྱེད་པ་རྫོགས་བྱེད་དུ་ལྷ་ལ་དབང་བསྐུར་བའི་རིམ་པ་ལེའུ་འདིས་འཆད་དོ། །ལེའུ་འདིའི་བརྗོད་པར་བྱ་བ་ནི། ལྷ་དབང་བསྐུར་བའི་རིམ་པ་སྟེ། རྗོད་པར་བྱེད་པ་ནི། ལེའུ་འདི་ཉིད་ཀྱི་གཞུང་རྣམས་སོ། །མངོན་པར་རྟོགས་པ་ནི། དབང་བཞི་ཡོངས་སུ་རྫོགས་པའོ། །སྦས་དོན་གྱི་འབྲེལ་ནི། ནང་གི་བྱང་སེམས་ཀྱི་ལྷས་བྱིན་གྱིས་རློབ་ཅིང་མཚན་རྟོག་གི་དྲི་མ་འཁྲུད་པའི་དོན་ནོ། །ལེའུ་འདི་ལ་གསུམ། མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ལྷ་དབང་བསྐུར་བའི་ལེའུ་བཤད་པར་བྱའོ། །ཞེས་གསུངས་ཏེ། བསྐྱེད་རིམ་གསུངས་པའི་དེ་མ་ཐག་ནས། དམ་ཚིག་པ་ཡེ་ཤེས་ཀྱི་སྐུ་དང་གཉིས་སུ་


KMC011_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱ་བའི་ཕྱིར་ལྷ་ལ་དབང་བསྐུར་བའི་ལེའུ་བཤད་པར་བྱའོ་ཞེས་སོ། །གཉིས་པ་ལ་བཞི། སྤྱན་དྲངས་ཤིང་གསོལ་བ་གདབ་པ། དབང་བསྐུར་རྫོགས་པར་བསྟན་པ། སྒོམ་པའི་ཐུན་གྲངས། ཞར་ལ་སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་ནི། རང་གི་སྙིང་གར་ས་བོན་བསམ་མོ། །ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཕྱུང་ནས། དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་གསོལ་བ་གདབ་པར་བྱའོ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱྃ་སརྦ་ཏ་ཐཱ་ག་ཏ། ཞེས་གསུངས་ཏེ། རང་ཧེ་རུ་ཀ་གང་བསྒོམ་པ་དེའི་སྙིང་གར་ཉི་མ་ལ་ཧཱུྃ་ལ་སོགས་པའི་ས་བོན་གང་དག་སྐབས་སུ་བབ་པ་དེ་བསམ་མོ། །ས་བོན་དེ་ལས་འོད་ཟེར་ནག་པོ་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། ལྷའི་སྐུ་མདོག་དང་མཐུན་པའི་འོད་ཟེར་སྤྲོ་བར་བྱའོ། །དེ་ཡང་འགུགས་པའི་དོན་བྱེད་པས་ན་ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཕྱུང་ནས། འོད་ཟེར་དེས། ཁམས་གསུམ་དུ་སེམས་ཅན་འདུལ་བའི་ཆེད་དུ་བཞུགས་པའམ། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབྱིངས་སུ་བཞུགས་


KMC011_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་ནམ་མཁར་བཞུགས་པར་བསམ་ལ། སེམས་ཅན་ཐམས་ཅད་ལ་མ་ལྟར་བརྩེ་བས་ན་གཽ་རཱི་སོགས་མ་མོ་བརྒྱད་པོས་གསང་བ་དང་ཕྱི་དང་དེ་ཁོ་ན་ཉིད་ཀྱིས་ཡང་དག་པར་མཆོད་ནས་དགྱེས་པར་བྱས་ཏེ། དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པའི་སྔགས་དོན་ནི། ཨོཾ་མཆོག་སྟེར་བ། ཨ་བྷི་ཥིཉྩ་ཏུ་མངོན་པར་དབང་བསྐུར་བ། གང་ལ་བསྐུར་ན་མཱཾ་བདག་ལ། གང་གིས་ན་སརྦ་ཏ་ཐཱ་ག་ཏཱཿདེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཞེས་པ་སྟེ། དབང་བསྡུ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་པའི་ཚིག་གིས་གསོལ་བ་གདབ་པར་བྱའོ། །གཉིས་པ་ནི། སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར་བར་བྱའོ། །དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གུར་གུམ་གྱི་ཆར་འབབ་པར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་


KMC011_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱའོ། །དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ། །འདིས་ནི་ཧེ་རུ་ཀ་རྫོགས་པ་ཉིད་དོ། །ཞེས་གསུངས་ཏེ། སྔར་སྤྱན་དྲངས་པའི་སངས་རྒྱས་དེ་རྣམས་ཧེ་བཛྲ་དང་། པདྨ་གར་དབང་དང་། རྡོ་རྗེ་གཟི་བརྗིད་དང་། རྟག་པ་དང་རྟ་མཆོག་ལ་སོགས་པ་ཧེ་རུ་ཀའི་རྣམ་པའི་གཟུགས་སམ་ལྷ་རང་རང་གི་གཟུགས་ཀྱིས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པ་ལྔ་ཐོགས་ནས་ཚིགས་སུ་བཅད་པ་གསུང་བ་དང་བཅས་པས་རང་ལྷར་གསལ་བ་ལ་དབང་བསྐུར་བ་བསམ་པར་བྱའོ། །གང་གི་ཚེ་དབང་བསྐུར་བའི་དུས་ན་མེ་ཏོག་སྣ་ཚོགས་པའི་ཆར་སངས་རྒྱས་རྣམས་ཀྱི་མཐུས་འབབ་པར་འགྱུར་རོ། །ལྷའི་རྔ་བོ་ཆེ་ལ་སོགས་པའི་རོལ་མོའི་སྒྲ་འབྱུང་བར་འགྱུར་རོ། །གུར་གུམ་ནི་མཚོན་པ་ཙམ་སྟེ་དྲི་བཟང་གི་ཚོགས་ཀྱི་ཆར་འབབ་པར་འགྱུར་རོ། །གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་འཛིན་པ་དང་། ལ་སོགས་པའི་ཁོངས་ནས་སྒྲ་དྲི་རེག་རོ་ཆོས་དབྱིངས་རྡོ་རྗེ་མ་ནག་སེར་


KMC011_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལྗང་དམར་སེར་སོ་སོའི་ཕྱག་མཚན་འཛིན་པ་རྣམས་ཀྱིས་མཆོད་པར་བསམ་པར་བྱའོ། །དྲུག་ལྡན་གྱི་རྡོ་རྗེའི་གླུ་ཀོ་ལླ་ཨི་རི་སོགས་སྤྱན་མ་དཀར་མོ་འཁོར་ལོ་འཛིན་པ་སོགས་ཡུམ་བཞི་པོ་རྣམས་ཀྱིས་བླང་བར་བསྒོམ་པར་བྱའོ། །དེས་མཚོན་ནས་བྱང་སེམས་རྣམས་ཀྱིས་ཤིས་བརྗོད་དང་ཁྲོ་བོས་བགེགས་བསྐྲད་པའང་བྱ་ཞེས་བཤད། འདིར་དངོས་བསྟན་བུམ་དབང་ཙམ་ཡིན་ལ་རྒྱས་པར་ན་རྡོ་རྗེ་སྙིང་འགྲེལ་དང་ནཱ་རོ་པས་དབང་བདུན་གོང་མ་དང་བཅས་པ་གསུངས་ཤིང་། རྗེ་མར་པས་དབང་རྫོགས་པར་ཐོབ་པས་ནི་མན་ངག་བཞིན་འདིར་བླང་བར་བཞེད་ལ། དཔལ་རང་བྱུང་ཞབས་ཀྱིས་རྒྱུད་ཚིག་རྣམས་ཀྱིས་སྦས་དོན་དུ་བསྟན་པར་བཞེད་དེ། དེའང་མེ་ཏོག་གི་ཆར་ནི་ཕྱི་རོལ་དུ་མེ་ཏོག་གི་ཆར་དངོས་ཡིན་ལ། ནང་དུ་ནི་ཧེ་རུ་ཀ་དེ་དག་གིས། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལྕེ་ལ་བཞག་པས་སེམས་པ་དཀར་དམར་གྱི་རྟོག་པ་བཅད་པའོ། །གུར་གུམ་སོགས་དྲི་བཟང་པོའི་ཆར་འབབ་པ་ནི་གསུམ་པ་སྟེ། ནང་དུ་ཟག་པ་མེད་པའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་དམར་བ་དང་དབྱེར་མེད་པར་ལྷན་ཅིག་སྐྱེས་པའི་དབང་གིས་རྟོགས་


KMC011_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །རྔ་སོགས་རོལ་མོའི་སྒྲ་འབྱུང་བ་བཞི་པ་སྟེ། དེ་ནས་སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་ཀྱི་སྒྲ་སྐད་ལྷའི་རྔ་བོ་ཆེའི་སྒྲ་ལྟར་གྲགས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་དབང་བསྐུར་བས་དེའི་རྗེས་སུ་སྤྱི་བོར་ཆུ་ཡི་ཐིག་པ་ལྷག་མ་རྣམས་ལས་གྲུབ་པའི་མི་བསྐྱོད་པ་ལ་སོགས་པའི་རིགས་བདག་རྣམས་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་འགྱུར་རོ། །ཞེས་པ་རིགས་བདག་གིས་རྒྱས་འདེབས་པར་བསྟན་པ་སྟེ། དེའང་གཙོ་བོ་གསུམ་རྡོ་རྗེ་གསུམ་གྱི་དབྱེ་བ་ཡིན་ཀྱང་ཀྱཻ་རྡོ་རྗེའི་ངོ་བོར་གཅིག་པས་མི་བསྐྱོད་པ་དང་། ཕྱག་གཉིས་པའི་འཁོར་བརྒྱད་ལ་བརྟག་པ་ཕྱི་མར་ཇི་ལྟར་བསྟན་པ་ལྟར་རིགས་བདག་སོ་སོ་བསྒོམ་དགོས་ཏེ། ནག་པོ་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས་སུ། དཀར་མོ་སོགས་ལ་མི་བསྐྱོད་པ་རྟག་པ་རིན་འབྱུང་འོད་དཔག་མེད། སྦོས་མོ་སོགས་ལ་མི་བསྐྱོད་རྣམ་སྣང་རིན་འབྱུང་སྣང་མཐའི་རྒྱས་གདབ་ཅེས་དང་། རྡོ་རྗེ་སྙིང་པོ་དང་དཔལ་ནཱ་རོ་པས། འབྲས་བུས་རྒྱུ་ལ་རྒྱས་གདབ་ཅིང་། རྒྱུ་ཡིས་འབྲས་བུར་རྒྱས་བཏབ་བོ། །ཞེས་སོགས་རྒྱ་ཆེར་བཤད་པས་སོ། །རྒྱས་


KMC011_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་འདིས་ནི་ཧེ་རུ་ཀ་རྫོགས་པ་ཉིད་དོ། །ཞེས་བསྐྱེད་རིམ་ཡན་ལག་བཞི་ལྡན་གྱི་ཆོ་ག་གྲུབ་ཟིན་པའི་ཐ་ཚིག་ཏུ་མཛད་པའོ། །དབང་བཞི་རྒྱུད་ཚིག་དང་སྦྱོར་ཚུལ་རིན་ཆེན་རྒྱན་འདྲ་ལས་ཅུང་ཟད་མི་མཐུན་པར་བཤད་པ་ནི་དེ་ཉིད་དུ་ཤེས་པར་བྱའོ། །གསུམ་པ་ནི། ཐུན་གསུམ་དུ་བྱིན་གྱིས་བརླབས་པའི་བསྒོམ་པ་རྣམ་པར་བསྒོམས་ནས། ཞེས་གསུངས་ཏེ། ལས་དང་པོ་པ་རྣམས་ཀྱིས་ཐུན་གསུམ་དུ་ལྷར་དམིགས་ནས་བྱིན་གྱིས་བརླབས་པའི་རིམ་པས་བསྒོམ་པ་རྣམ་པ་གཉིས་ཇི་ལྟ་བ་བཞིན་རྣམ་པར་བསྒོམས་ནས་ཉམས་སུ་བླང་བར་བྱའོ། །བཞི་པ་ནི། ལངས་ཏེ་ལྷའི་གཟུགས་སུ་བཞག་གོ། །བཞེས་གསུངས་ཏེ། སྒོམ་པའི་ཐུན་ལས་ལངས་ཏེ། རང་གི་ལྷའི་གཟུགས་སུ་བཞག་གོ་གསུངས་པས། དེ་ལྟར་བསྒོམ་པ་ལས་ལངས་པའི་ཐུན་མཚམས་སུ་ཞལ་གཅིག་པའི་ལྷའི་གཟུགས་སུ་ལངས་ཏེ་སྤྱོད་ལམ་རྣམས་བྱ་བའམ་སྒྱུ་མ་ལྟ་བུ་གཉིས་སུ་མེད་པ་བདེ་བ་ཆེན་པོའི་རང་བཞིན་གྱི་བདག་ཉིད་ཀྱིས་ཆོས་ཐམས་ཅད་ལྷག་པར་མོས་ཏེ་ཐམས་ཅད་དུ་གནས་པར་བྱའོ། །ཞེས་དཀའ་འགྲེལ་ལས་གསུངས་པ་ལྟར་བསྒོམ་མོ། །འདི་དག་གི་ངེས་


KMC011_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དོན། ཐ་མལ་པའི་སྒོ་གསུམ་རྡོ་རྗེ་གསུམ་དབྱེར་མེད་པའི་ལྷན་སྐྱེས་ཀྱི་རང་བཞིན་མཚན་རྟོག་གི་དྲི་མ་དང་བྲལ་བར་བྱེད་པའོ། །དབང་བདུན་གྱི་ངེས་དོན་རྒྱས་པ་འབུམ་ལྔའི་ལུང་དོན་རྡོ་རྗེ་སྙིང་འགྲེལ་སོགས་ལས་བཤད་པའི་དོན་ནི་དྲི་མེད་འོད་དུ་ཤེས་པར་བྱའོ། །གསུམ་པ་ལེའུའི་མཚན་ནི། དབང་གི་ལེའུ་སྟེ་བཞི་པའོ།། །། ལྷ་རྣམས་ལ་དབང་རྫོགས་པར་བསྐུར་བའི་ལེའུ་སྟེ་བཞི་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།ལྔ་པ་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ། སྔ་ཕྱིའི་འབྲེལ་ནི། བསྐྱེད་པའི་རིམ་པ་ཡན་ལག་བཞི་རྫོགས་པ་དེ་ཡང་རྫོགས་པའི་རིམ་པ་དང་ཟུང་འཇུག་ཏུ་མ་འབྲེལ་ན་དེ་ཁོ་ན་ཉིད་མི་རྟོགས་པས་མཆོག་གི་དངོས་གྲུབ་འགྲུབ་པ་མ་ཡིན་པས་དེའི་དེ་མ་ཐག་ཏུ་འདི་གསུངས་པར་འབྲེལ་ལོ། །མདོར་བསྟན་རྒྱས་བཤད་ཀྱི་འབྲེལ་ནི། ལེའུ་དང་པོར་གནས་དང་ཞེས་གསུངས་པའི་དོན་ལེའུ་འདིས་སེམས་གནས་པར་བྱེད་པའི་ཐབས་རྒྱས་པར་བཤད་པའོ། །བརྗོད་པར་བྱ་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མཚོན་པར་བྱེད་པ་རྫོགས་པའི་རིམ་པའོ། །བརྗོད་པར་བྱེད་པ་ནི། ཕྱག་རྒྱ་བཞིའི་སྒྲ་དང་


KMC011_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་བསྟན་པའི་ངག་གོ། །མངོན་པར་རྟོགས་པ་ནི། རིམ་པ་གཉིས་མཉམ་པར་སྦྱོར་བ་དང་། དེ་ཁོ་ན་ཉིད་བཞི་ལས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །སྦས་དོན་གྱི་འབྲེལ་ནི། བྱང་ཆུབ་ཀྱི་སེམས་དེ་དོན་དམ་པར་མི་རྟོག་ཅིང་མི་བསླུ་བའི་རང་བཞིན་ཡིན་པས་དེའི་དེ་ཁོ་ན་ཉིད་ཤེས་པར་བྱེད་པའོ། །འདི་འཆད་པ་ལ་གསུམ། མཚམས་སྦྱར་བ། ལེའུའི་གཞུང་དེ་ཁོ་ན་ཉིད་དངོས། མཚན་བསྟན་པའོ། །དང་པོ་ནི། དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ། །ཞེས་གསུངས་ཏེ། ལྷའི་རྣལ་འབྱོར་ཡོངས་སུ་རྫོགས་པར་བསྟན་མ་ཐག་པ་དེ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའི་ཐབས་རྫོགས་རིམ་གྱི་ལེའུ་བཤད་པར་བྱའོ་ཞེས་སོ། །གཉིས་པ་ལ་གསུམ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད། ཐབས་གང་གིས་རྟོགས་པར་བྱ་བ། ཐམས་ཅད་ལྷན་ཅིག་སྐྱེས་པར་བསྟན་པའོ། །དང་པོ་ནི། ངོ་བོས་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་


KMC011_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། འདི་ལ་གཉིས། ཚིག་དོན་སྙིང་འགྲེལ་དང་ནཱ་རོ་པའི་དགོངས་པ་ལྟར་བཤད་པ་དང་། ངེས་དོན་རྒྱལ་བ་རང་བྱུང་ཞབས་ཀྱི་བཞེད་པ་བསྐྱར་བའོ། །དང་པོ་ལྟར་ན་ངོ་བོ་ནི་ངང་གིས་རིག་པར་བྱ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ། གཟུང་བ་ཡུལ། འཛིན་པར་བྱེད་པ་དབང་པོ། འཛིན་པ་རྣམ་ཤེས་ཏེ་ཁམས་བཅོ་བརྒྱད་ཀྱི་རྣམ་པར་འགྱུར་བ་དང་བྲལ་བས། དེ་ཁོ་ན་ཉིད་སྒོམ་པའི་རྣལ་འབྱོར་པ་རྣམས་ལ་ཕྱི་རོལ་གྱི་ཡུལ་གཟུགས་མེད། དེ་མེད་པས་དེའི་ཡུལ་ཅན་གཟུགས་མཐོང་བ་པོ་མིག་མེད། ཡང་གི་སྒྲས་མིག་གི་རྣམ་པར་ཤེས་པའང་མེད། དེ་བཞིན་དུ་ཡུལ་སྒྲ་མེད། ཐོས་པ་པོ་རྣ་བ་མེད། རྣ་བའི་རྣམ་པར་ཤེས་པ་མེད། ཡུལ་དྲི་མེད། སྣོམ་པ་པོ་སྣ་མེད། སྣའི་རྣམ་པར་ཤེས་པ་མེད། ཡུལ་རོ་མེད། མྱོང་བ་པོ་ལྕེ་མེད། ལྕེའི་རྣམ་པར་ཤེས་པ་མེད། ཡུལ་རེག་བྱ་མེད། རེག་པ་པོ་ལུས་མེད། ལུས་ཀྱི་རྣམ་པར་ཤེས་པ་མེད། ཡུལ་ཆོས་ཀྱི་ཁམས་མེད། འཛིན་པ་པོ་སེམས་ཏེ་ཡིད་ཀྱི་དབང་པོ་མེད། སེམས་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པའང་མེད་དེ། ཕྱི་དང་ནང་གི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་


KMC011_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་སྤྲོས་བྲལ་སྟོང་པ་ཉིད་དུ་གདོད་ནས་དག་པ་དེ་ལ་མ་དག་པའི་ཁམས་བཅོ་བརྒྱད་མེད་པ་སྟེ། མདོ་སྔགས་ཀྱི་སྤྱི་དོན་ལྟར་བཤད་དོ། །སྦས་དོན་རང་བཞིན་ལྷན་སྐྱེས་ཀྱི་ངོ་བོར་གཟུགས་སོགས་ཁམས་བཅོ་བརྒྱད་མ་དག་པ་མི་དམིགས་པའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་མཚོན་པར་བྱེད་ལ། མཚོན་བྱའི་ཡེ་ཤེས་དང་དེ་གཉིས་དབྱེར་མེད་པས་སངས་རྒྱས་ཀྱི་ཡེ་ཤེས་ཞེས་གསུངས་པ་ཡིན་ནོ། །གཉིས་པ་ལྟར་ན། གཞི་དངོས་པོའི་གནས་ལུགས་ལ། ལུས་སེམས་ཀྱི་དེ་ཁོ་ན་ཉིད་དང་། ལམ་བསྐྱེད་རྫོགས་ཀྱི་རྒྱས་གདབ་དང་དབུགས་དབྱུང་བའི་རིམ་པ་ཉམས་སུ་བླངས་པས། འབྲས་བུ་སྒྲིབ་པ་གཉིས་རྣམ་པར་དག་པ་དེ་ཁོ་ན་ཉིད་དུ་སྦྱར་ནས་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་དམ་བདེ་བ་ཆེན་པོ་ལ་ངོ་བོའི་སྒོ་ནས་གཟུགས་སྣང་ཙམ་ཉིད་ནས་བདེན་པར་གྲུབ་པ་མེད། མ་གྲུབ་བཞིན་དུ་གཟུགས་ལྟར་སྣང་བ། དེ་གཉིས་ཟུང་འཇུག་ཆུ་ཟླ་ལྟ་བུ་ནི་དོན་དམ་པའི་གཽ་རཱི་མ་ཡིན་ཏེ། གཟུགས་ལ་དཀར་མོར་རྟག་ཏུ་བཤད། ཅེས་གཟུགས་ལ་གཽ་རཱིའི་རྒྱས་གདབ་པའོ། །གཟུགས་མཐོང་བ་པོ་མིག་གི་དབང་པོ་ལ་བརྟེན་ནས་སྐྱེས་པའི་


KMC011_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་རྣམ་པར་ཤེས་པ་དང་བཅས་པ་གཟུགས་འཛིན་བྱེད་དུ་བདེན་པར་མ་གྲུབ་བཞིན་དུ་དེར་སྣང་བ་ཟུང་དུ་འཇུག་པ་ནི་དོན་དམ་པའི་གཏི་མུག་རྡོ་རྗེ་མ་སྟེ། མིག་ལ་གཏི་མུག་རྡོ་རྗེ་མ། །ཞེས་སོ། །དེ་དག་ནི་གཞི་ལུས་སེམས་དངོས་པོའི་གནས་ལུགས་དོན་དམ་པའི་སངས་རྒྱས་སུ་བསྟན་པའོ། །དེ་ལྟར་རྟོགས་ནས་སྤང་བླང་མེད་པ་ཆོས་སྐུའི་དགོངས་པ་ཉམས་སུ་མྱོང་བ་ནི་ལམ་གྱི་གཽ་རཱི་དང་གཏི་མུག་རྡོ་རྗེ་མའོ། །དེ་ལྟར་ན་གཟུགས་ཡུལ་ཅན་དང་བཅས་པ་རྣམ་པར་དག་པའི་ངོ་བོ་ནི་རྣམ་པར་སྣང་མཛད་དེ། དེ་ལྟར་རྟོགས་པས་གཟུགས་ལ་རྣམ་སྣང་གི་རྒྱས་གདབ་དང་། གཟུགས་སུ་འཛིན་པའི་མཚན་མ་ལས་ཡིད་སྐྱོབ་ཅིང་དེའི་ངལ་བ་ལས་དབུགས་དབྱུང་ནུས་པས་རྣམ་སྣང་གི་དབུགས་དབྱུང་དུ་གསུངས་ཏེ། སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་སྣང་མཛད་དུ་བརྗོད། །ཅེས་པས་ཤེས་སོ། །དེས་འགྲེས་ཏེ། སྒྲ་ཆོམ་རྐུན་མ། རྣ་བ་ཞེ་སྡང་རྡོ་རྗེ་མ། མི་བསྐྱོད་པའི་དབུགས་དབྱུང་། དྲི་རོ་ལངས་མ། སྣ་སེར་སྣ་རྡོ་རྗེ་མ། རིན་འབྱུང་གི་དབུགས་དབྱུང་། རོ་གྷསྨ་རཱི། ལྕེ་འདོད་ཆགས་རྡོ་རྗེ་མ། འོད་དཔག་མེད་ཀྱི་


KMC011_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་དབྱུང་། རེག་ས་སྤྱོད་མ། ལུས་ཕྲག་དོག་རྡོ་རྗེ་མ། དོན་གྲུབ་ཀྱི་དབུགས་དབྱུང་། ཆོས་ཁམས་མཁའ་སྤྱོད་མ། ཡིད་བདག་མེད་མ། རྡོར་སེམས་ཀྱི་རྒྱས་གདབ་པ་དང་དབུགས་དབྱུང་དུ་སྦྱར་རོ། །དོན་འདིའི་ཕྱིར་འོག་ཏུ། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཅེས་པ་དང་། རིགས་ནི་ལྔ་པོ། དེ་ཉིད་ལས། སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །ཅེས་པ་དག་གི་སྦས་དོན་ཏུ། །དྲུག་གི་གཟུགས་དང་རིགས་དྲུག་ཏུ་འཆད་དགོས་པ་རྗེ་ཕྲིན་ལས་པ་ཆེན་པོས་གསུངས་སོ། །གོང་མ་ཕལ་ཆེར་སེམས་བདེ་གསལ་མི་རྟོག་པ་སྐུ་གསུམ་རང་ཆས་ལ་རྒྱས་གདབ་དང་དབུགས་དབྱུང་གི་དོན་དུ་འཆད་ཀྱང་། ཕུང་པོའམ་ཉོན་མོངས་དྲུག་ནི་སྦྱང་གཞིའི་རྒྱལ་བ་དྲུགདེའི་གནས་ལུགས་དྲུག་ནི་གཞི་འབྲས་དབྱེར་མེད་དོན་དམ་གྱི་རྒྱལ་བ་དྲུགདེ་དག་གི་གློ་བུར་གྱི་དྲི་མ་ལམ་གྱིས་སྦྱངས་ཤིང་མེད་པར་བྱས་ནས་གནས་ལུགས་དྲུག་རྟོགས་པ་མཐར་ཐུག་པ་ནི་སྟོབས་སོགས་ཡོན་ཏན་དང་ལྡན་པ་འབྲས་བུ་ཀུན་རྫོབ་ཀྱི་རྒྱལ་བ་དྲུགདེས་འགྲེ་བས། ཁམས་དྲུག་ཡུམ་དྲུགམིག་སོགས་དབང་པོ་དྲུག་སེམས་དཔའ་དྲུག གཟུགས་


KMC011_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཡུལ་དྲུག་སེམས་མ་དྲུགལས་དབང་དྲུག་ཁྲོ་བོ་དྲུགསྨྲ་བ་སོགས་དེའི་བྱ་བ་དྲུག་ཁྲོ་མོ་དྲུག་ཏུ་རྟོགས་ནས་ཉམས་སུ་བླངས་པས་རྒྱས་གདབ་དྲུག་དང་དབུགས་དབྱུང་དྲུག་སྔར་བཤད་པ་ལྟར་འབྱུང་བ་ནི། བརྟག་པ་དང་པོའི་ལེའུ་དགུ་པ་ཕྱི་མའི་གཉིས་པ་དང་གསུམ་པ་སྟེ། ལེའུ་གསུམ་བསྒྲིགས་ན་གསལ་བར་ཡོད་པས་དེ་ལ་གང་གིས་ཀྱང་བརྩད་པར་མི་བྱའོ་ཞེས་ཀུན་མཁྱེན་རང་བྱུང་ཞབས་ཀྱིས་གསུངས་སོ། །དེ་ལྟར་ལམ་གྱི་མངོན་རྟོགས་མཐར་ཕྱིན་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་གཟུགས་འཛིན་འགགས་པས་ཉོན་མོངས་པ་འགོགདེས་ལས། དེས་སྡུག་བསྔལ་འགོག་པས་ཉོན་མོངས་པའི་ཉེ་བར་ལེན་པ་མི་འབྱུང་བས་ལས་ཀྱི་སྐྱེ་བ་ཟད་ནས་གནས་སྐབས་བཞིའི་རྒྱུ་དང་འབྲས་བུ་འགགས་ནས་སངས་རྒྱས་པའི་འབྲས་བུ་ཐོབ་པ་འགྲེལ་ཆེན་ལས་བཤད་དོ། །གཉིས་པ་ཐབས་གང་གིས་རྟོགས་པར་བྱ་བ་ལ་དྲུགབསྟེན་པར་བྱ་བའི་ཕྱག་རྒྱ། དེ་མ་གསང་བའི་ཉེས་པ། གསང་ནས་བསྟེན་པའི་དགོས་པ། ཕྱག་རྒྱའི་ངེས་ཚིགཕྱག་རྒྱའི་རིགས་ཀྱི་བྱེ་བྲགརིགས་སོ་སོའི་རྒྱས་བཤད་དོ། །དང་པོ་ནི། སྐྱེད་བྱེད་


KMC011_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་སྲིང་མོ་ཉིད། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །གར་མ་ཚོས་མ་རྡོ་རྗེ་མ། །གདོལ་མ་དེ་བཞིན་བྲམ་ཟེ་མོ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །དེ་ཉིད་རིག་པས་རྟག་ཏུ་མཆོད། །ཇི་ལྟར་བྱེ་བར་མི་འགྱུར་བར། །རབ་ཏུ་འབད་པས་བསྟེན་པ་ཉིད། །ཅེས་གསུངས་ཏེ། འདིར་དྲང་དོན་དུ་མ་དང་སྲིང་མོའི་ངོས་བཟུང་གོང་མ་རྣམས་གསང་དབང་གི་རྟེན་གྱི་ཡུམ་ལ་མ་དང་དབང་ལྷན་ཅིག་མནོས་པ་ལ་སྲིང་མོར་མཛད་ཀྱང་། བཤད་རྒྱུད་ཀྱི་དགོངས་པ་འགྲེལ་པ་ཀཽ་མུ་དཱིའི་རྗེས་སུ་འབྲངས་ནས་གར་དབང་ཐམས་ཅད་མཁྱེན་པས། བླ་མའི་ལས་ཀྱི་ཕྱག་རྒྱ་ནི་མར་འགྱུར་ཏེ། ཕ་ནི་བླ་མ་ཡིན་ལ་དེའི་རིག་མ་སློབ་མའི་མར་གྱུར་པས་སོ། །དེ་ལྟ་ནའང་དབང་གི་དུས་སུ་དེ་བསྟེན་དུ་རུང་བར་རྡོ་རྗེ་འཆང་གིས་བཀའ་སྩལ་གྱིས་ཡེ་ཤེས་སྐྱེད་བྱེད་མར་རྗེས་སུ་གནང་བ་དང་། ཚུལ་དེས་བླ་མ་གང་ལས་དབང་བསྐུར་སོགས་ལྷན་དུ་མནོས་པ་ནི་སྲིང་མོ་ཉིད་དུ་འགྱུར་ཏེ། ནང་གི་དབང་བསྐུར་བའི་བླ་མ་ཕ་དང་། དེའི་བུ་དང་བུ་མོར་དེ་དག་གྲུབ་པས་སོ། །ཞེས་ཁྱད་པར་ཕྱེས་ནས་གསུངས་ཤིང་། དེ་ལ་བདེ་སྟོང་གི་ཏིང་ངེ་འཛིན་རིག་པའི་རྣལ་འབྱོར་


KMC011_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པས་དུས་རྟག་ཏུ་དགའ་བཞི་སྐྱེད་ཅིང་མྱོང་བས་མཆོད་པའོ། །དེ་དག་ནི་སྒྲ་ཇི་བཞིན་མ་ཡིན་པས་བཤད་པ་ཡིན་ལ། ལས་རྒྱ་གཞན་དག་འདིར་སྒྲ་ཇི་བཞིན་པས་འཆད་དུ་རུང་བས། གར་མཁན་གྱི་རིགས་ལས་བྱུང་ཞིང་གར་བྱེད་པས་འཚོ་བའི་གར་མཁན་མ་དང་། དེ་བཞིན་དུ། ཚོས་ཀྱི་ལས་བྱེད་པས་ཚོས་མ་དང་། རྡོ་རྗེ་མ་ནི་གཡུང་མོ་རིགས་དམན་པ་དང་། འགྱུར་འདིར་གདོལ་པ་མ་ཞེས་པ་གཞན་དུ་གཏུམ་མོར་འབྱུང་བའི་དོན། དཔལ་ནཱ་རོ་པས། གཏུམ་པའི་ལས་ནི་བྱེད་པའི་ཕྱིར། །གཏུམ་མོ་རུ་ནི་བརྗོད་པར་བྱ། །ཞེས་གསུངས་པས། ཤན་པ་མ་ལྟ་བུ་སྨད་པ་དང་། དེ་བཞིན་དུ་གཙང་སྦྲ་ཅན་གྱི་རིགས་བྲམ་ཟེའི་བུ་མོ་སྟེ། དེ་ཐམས་ཅད་ཐབས་དང་ཤེས་རབ་སྦྱོར་བའི་ཆོ་ག་ཡིས་ནི་སྐྱེས་པའི་བདེ་བའི་དེ་ཁོ་ན་ཉིད་དབང་གི་ཡེ་ཤེས་སུ་རིག་པས་དུས་རྟག་ཏུ་བསྟེན་ཅིང་སྙོམས་འཇུག་གི་དགའ་བས་མཆོད་པར་བྱའོ། །ཐབས་དང་ཤེས་རབ་ཡ་བྲལ་བས་ནི་དངོས་གྲུབ་མི་ཐོབ་སྟེ། བྱེ་བར་མི་འགྱུར་བའོ། །དེའང་ཚུལ་ཇི་ལྟར་བྱ་ན། རབ་ཏུ་འབད་པས་ཟུང་འཇུག་ཏུ་བསྟེན་པ་ཉིད་དོ། །ཞེས་རང་བྱུང་ཞབས་ཀྱི་བཞེད་པའོ། །


KMC011_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱེ་བར་མི་འགྱུར་བའི་དོན། རྒྱ་འགྲེལ་རྣམས་སུ་གཞན་གྱིས་མཐོང་བར་མི་འགྱུར་བར་གསང་བའི་དོན་དུ་འཆད་པས་དེའི་དོན་ནི་ཕྱག་རྒྱའི་སྤྱོད་པ་སྐལ་དམན་གྱིས་ཚོར་ན་འཇིག་རྟེན་གྱིས་སྨོད་པས་སྡང་བར་འགྱུར་ལ། དེས་ལྷན་ཅིག་འདུ་བར་མི་ནུས་ཤིང་སོ་སོར་བྱེ་བར་འགྱུར་བས་དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་ཤིན་ཏུ་གསང་བ་སྲུང་བ་ལ་རབ་ཏུ་འབད་པས་བསྟེན་པར་བྱའོ་ཞེས་སོ། །ངེས་དོན་ནི། རང་གི་ལུས་སྐྱེད་པར་བྱེད་མ་ཞེས་པ་ནི། ཨ་ཐུང་ངུ་ལས་སྐྱེས་པའི་དམ་ཚིག་གི་ཕྱག་རྒྱ་དང་། སྲིང་མོ་ཆོས་ཀྱི་ཕྱག་རྒྱ་ཡུལ་སྒྱུ་མ་ལྟ་བུའི་རྣམ་པས་རྒྱས་གདབ་པའི་དོན་ཏེ། དེ་ལྟ་བུ་རྣལ་འབྱོར་ཅན་གྱིས་སྒོམ་ཞིང་བསྟེན་པར་བྱ་བའི་དོན་དང་། བྱེ་བར་མི་འགྱུར་བ་བྱང་སེམས་བཅིང་བའི་དོན་དུ་གསུངས་སོ། །གཉིས་པ་ནི། མ་གསང་སྦྲུལ་དང་ཆོམ་རྐུན་དང་། །ས་སྤྱོད་མེ་ཡིས་སྡུག་བསྔལ་བྱེད། །ཅེས་གསུངས་ཏེ། ཀུན་རྫོབ་ཏུ་ལས་ཀྱི་ཕྱག་རྒྱ་མ་མ་གསང་ཞིང་འཆོལ་བར་བསྟེན་པས་ནི། ཚེ་འདིར་ཡང་འཇིག་རྟེན་པ་མཆོག་རྣམས་ཀྱིས་སྨོད་ཅིང་བསྟན་པ་དང་འགལ་བས་སྦྲུལ་ལམ་ཀླུ་དང་ཆོམ་རྐུན་དམག་དང་གཅན་གཟན་


KMC011_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསོད་པ་སོགས་འཚེ་བ་དུ་མ་དང་། ཕྱི་མར་ནི་ས་སྤྱོད་ཅེས་པ་རྡོ་རྗེ་དམྱལ་བ་སྟེ་དེར་སྡུག་བསྔལ་ཚུལ་ཀྱང་། དྲག་པོ་གསུམ་འཇོམས་ཀྱི་རྒྱུད་ལས། སྔ་ཕྱི་མེད་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཀྱི་བར་དུ་མེ་ཡིས་བསྲེག་པའི་སྡུག་བསྔལ་བྱེད་པར་བཤད་དོ། །འདིར་ས་སྤྱོད་ཀྱི་དོན་ལ། ཁ་སྦྱོར་དྲི་མེད་ལས། ས་སྤྱོད་ནི་སྟག་ལ་སོགས་པའོ། །ཞེས་དང་། སྙིང་འགྲེལ་དང་ནཱ་རོ་པས་ས་སྤྱོད་ནི་རྒྱལ་པོ་ལ་སོགས་པས་རྣལ་འབྱོར་པ་ལས་དང་པོ་པ་རྣམས་ལ་འཇིགས་པ་སྟེར་བའི་དོན་ཅན་དུ་གསུངས་སོ། །ངེས་དོན་དུ། མ་གསང་བ་ནི་ཁམས་འཛག་པ་ཡིན་ལ། དེས་ནི་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་སྐྱེད་པ་ཡིན་ནོ། །གསུམ་པ་ནི། རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ། །ཐར་པའི་རྒྱུར་ནི་བརྗོད་པར་བྱ། །ཞེས་གསུངས་ཏེ། རིགས་ལྔ་ལས་བྱུང་བའི་ཕྱག་རྒྱ་ཞེས་བྱ་བ་བརྗོད་མ་ཐག་པའི་གར་མ་ཚོས་མ་གཡུང་མོ་གདོལ་མ་བྲམ་ཟེ་མ་བསྟེན་པའི་ཐབས་མཁས་ཀྱིས་ཉོན་མོངས་པ་ལམ་དུ་སློང་བར་ནུས་ན་འདོད་པའི་འདོད་ཆགས་ཉིད་ཀྱིས་འདོད་ཆགས་སྦྱོང་སྟེ་ཐར་པ་བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་


KMC011_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་མྱུར་དུ་འགྲུབ་པའི་རྒྱུར་ནི་བཅོམ་ལྡན་འདས་ཀྱིས་བརྗོད་པར་མཛད་པས་དེས་ན་དེ་རྣམས་ལ་ལོངས་སྤྱོད་པར་བྱ་སྟེ་ལམ་ཁྱད་པར་ཅན་ཡིན་པས་སོ། །བཞི་པ་ནི། རྡོ་རྗེ་འདིས་ནི་གདབ་པ་ཉིད། །དེས་ན་ཕྱག་རྒྱར་བརྗོད་པར་བྱ། །ཞེས་གསུངས་ཏེ། ཕྱག་རྒྱ་ཞེས་པའི་ངེས་ཚིག་ཀྱང་། གཉིས་སུ་མེད་པའི་ཡེ་ཤེས་མི་ཕྱེད་པའི་རྡོ་རྗེ་འདིས་ནི་རྒྱས་གདབ་པའི་ཕྱིར་ཕྱག་རྒྱའམ། ཡང་ན་རིགས་ལྔའི་མཚན་ཉིད་ཅན་གྱི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་བདེ་བ་ཆེན་པོ། ཡུལ་དང་ཡུལ་ཅན་མི་ཕྱེད་པའི་རྡོ་རྗེ་འདིས། རྣལ་འབྱོར་པའི་རྒྱུད་ལ་རྒྱས་གདབ་པ་ཉིད་ཉམས་སུ་མྱོང་སྟེ། རྒྱུ་མཚན་དེས་ན་ཕྱག་རྒྱ་ཞེས་བྱ་བར་བརྗོད་པར་བྱའོ། །ལྔ་པ་ནི། རྡོ་རྗེ་པདྨ་དེ་བཞིན་ལས། །དེ་བཞིན་གཤེགས་དང་རིན་ཆེན་ཉིད། །སྙིང་རྗེ་ཆེན་པོ་དམ་པ་ཡི། །རིགས་ནི་རྣམ་པ་ལྔ་རུ་བརྗོད། །ཅེས་གསུངས་ཏེ། རྡོ་རྗེ་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་དང་། པདྨའི་དང་། དེ་བཞིན་དུ་ལས་ཀྱི་དང་། དེ་བཞིན་གཤེགས་པའི་དང་། རིན་པོ་ཆེའི་ལས་ཀྱི་ཕྱག་རྒྱ་ཉིད། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་བོས་ཏེ། ལས་རྒྱ་རྣམས་ཀྱི་ནང་ནས་མཆོག་ཏུ་བདེ་བ་སྐྱེད་པའི་དམ་པ་


KMC011_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རིགས་ནི་རྣམ་པ་ལྔ་པོ་དེ་རུ་བརྗོད་དོ། །འགྲེལ་མཛད་འགའ་ཞིག་གིས། ཤློཀ་འདི་ཕྱག་རྒྱའི་རིགས་ཁོ་ན་ལ་མི་སྦྱོར་བར་སྤྱིར་རྒྱལ་བའི་རིགས་རྣམ་པ་ལྔ་བསྟན་པར་བཞེད་དོ། །དྲུག་པ་ལ་བཞི། རིགས་བྱེ་བྲག་པ་ངོས་གཟུང་བ། དེ་བཞིན་གཤེགས་པའི་འགྱུར་ཚུལ། རིགས་ཀྱི་དབྱེ་བ། དེའི་ངེས་ཚིག་གོ། །དང་པོ་ནི། རྡོ་རྗེའི་ཕྱག་རྒྱ་གཡུང་མོ་ཉིད། །དེ་བཞིན་པདྨའི་གར་མ་ཉིད། །ལས་ནི་ཚོས་མར་རྟག་ཏུ་བཤད། །དེ་བཞིན་གཤེགས་པའི་བྲམ་ཟེ་མོ། །རིན་ཆེན་གདོལ་མར་ཤེས་པར་བྱ། །ཕྱག་རྒྱ་ལྔར་ནི་རྣམ་པར་ངེས། །འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །ཞེས་གསུངས་ཏེ། འོ་ན་རིགས་གང་གི་ཕྱག་རྒྱ་གང་ཡིན་ཞེ་ན། རྡོ་རྗེ་མི་བསྐྱོད་པ་སྟེ། དེའི་རིགས་ཀྱི་ཕྱག་རྒྱ་ནི་གཡུང་མོ་ཉིད་ཡིན་ལ། དེ་བཞིན་དུ་སྦྱར་ནས། འོད་དཔག་མེད་པདྨའི་རིགས་ཀྱི་ཕྱག་རྒྱ་གར་མ་ཉིད་དང་། དོན་གྲུབ་ལས་ཀྱི་རིགས་ཀྱི་ཕྱག་རྒྱ་ནི་ཚོས་མཁན་མར་རྟག་ཏུ་བཤད་ལ། དེ་བཞིན་གཤེགས་པ་རྣམ་སྣང་གི་རིགས་ཀྱི་ཕྱག་རྒྱ་བྲམ་ཟེ་མོ་དང་། རིན་པོ་ཆེ་རིན་འབྱུང་གི་རིགས་ཀྱི་ཕྱག་རྒྱ་གདོལ་པ་


KMC011_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཤེས་པར་བྱ་བ་ཡིན་ཏེ། ཕྱག་རྒྱ་ལྔ་པོ་འདི་དག་ལས་རང་རང་གི་རྟགས་དང་ལྡན་པ་ནི་རྣལ་འབྱོར་ཅན་གྱི་ལས་ཀྱི་ཕྱག་རྒྱ་ལྔ་པོ་གང་ཡང་རུང་བར་རྣམ་པར་ངེས་ལ། འདི་རྣམས་ཀྱང་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དེ་བཞིན་ཉིད་དེ། དེར་གཤེགས་པའི་ཚུལ་གྱིས་གནས་པས་རིགས་ལྔ་ཆར་ཡང་དེ་བཞིན་གཤེགས་པའི་སྒྲས་བསྡུས་ཏེ། དེའི་རིགས་སུ་གྱུར་པ་མདོར་བསྡུས་པས་ནི་བརྗོད་པར་བྱས་ཀྱི། རྒྱས་པ་ནི་བརྟག་པ་འོག་མའི་ལེའུ་བཅུ་གཅིག་པ་ལས་འཆད་དོ། །འདི་རྣམས་ཀྱི་ངེས་དོན་ཡང་། ནང་གི་ཕྱག་རྒྱའི་བདག་ཉིད་དེ། དེ་བཞིན་གཤེགས་པའི་རིགས་ནི་མ་ཞེས་བྱ་སྟེ། བྲམ་ཟེ་མོ་དང་། སངས་རྒྱས་སྤྱན་དང་། ལྟེ་བའི་པདྨའོ། །སྲིང་མོ་ནི། མཱ་མ་ཀཱི་དང་། རྡོ་རྗེའི་རིགས་དང་། ཌོ་མཱི་ནཱི་དང་སྙིང་ག་ཡིན་ནོ། །བུ་མོ་ནི། མེ་ཁམས་དང་། པདྨའི་རིགས་དང་། གར་མཁན་མ་དང་། ལྐོག་མའོ། །ཚ་མོ་ནི། རླུང་གི་ཁམས་དང་། ལས་ཀྱི་རིགས་དང་། ཚོས་མ་དང་། དཔྲལ་བའོ། །ཆུང་མ་ནི། རྡོ་རྗེའི་རིགས་ཀྱི་དབང་ཕྱུག་མ་དང་། ནམ་མཁའི་ཁམས་དང་། རིན་པོ་ཆེའི་རིགས་དང་། ཙནྜ་ལཱི་དང་། སྤྱི་གཙུག་གོ། །མཐའ་སྐྱེས་མ་ནི། ཡེ་ཤེས་ཀྱི་ཁམས་དང་། རྡོ་རྗེ་སེམས་དཔའི་


KMC011_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དང་། གསང་བའི་པདྨའོ། །ཞེས་འཁོར་ལོ་ལྔ་དང་། ཁམས་ལྔ། རིགས་ལྔ་དག་པས། ཁྱབ་བྱ་ཕྱག་རྒྱ་ལྔ་དང་། ཁྱབ་བྱེད་དྲུག་པ་ཡེ་ཤེས་ཀྱི་ཁམས་ཀྱི་རྣམ་པར་དག་པར་རྡོ་རྗེ་སྙིང་པོ་དང་། ནཱ་རོ་པའི་འགྲེལ་པ་ལས་བཤད་དོ། །རྒྱུ་མཚན་འདིས་ནང་གི་ཕྱག་རྒྱ་རླུང་ལྔ་དང་བྱང་ཆུབ་ཀྱི་སེམས་ལས་སུ་རུང་བ་གཡོ་བ་མེད་པ་ལས་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །གཉིས་པ་ནི། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །འདིས་ནི་ཤེས་རབ་རིགས་པ་ཡིས། །དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །ཞེས་གསུངས་ཏེ། སྒྲ་ཇི་བཞིན་པ་ནི། གཉིས་སུ་མེད་པའི་དཔལ་དང་ལྡན་མ། དེ་བཞིན་ཉིད་ཀྱི་དབྱིངས་སུ་གཤེགས་ཤིང་དེ་བཞིན་དུ་སླར་ཡང་གཤེགས་པ་ཉིད་དེ། རྒྱུ་མཚན་འདིས་ནི་ཤེས་པ་རབ་ཀྱི་མཐར་ཕྱིན་པ་མངའ་བའི་རིགས་པ་འདི་ཡིས་དེ་བཞིན་གཤེགས་པའི་རིགས་ཞེས་བརྗོད་པར་བྱའོ། ངེས་དོན་ནི། སྲིད་པ་དང་ཞི་བའི་དཔལ་དང་ལྡན་པ་རྟེན་ཀུནྡ་དང་བརྟེན་པ་ལྷན་ཅིག་སྐྱེས་པའི་དགའ་བ་ལ་དེ་བཞིན་གཤེགས་པར་བརྗོད་དེ། དེ་ཉིད་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་སྦྱོར་


KMC011_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་རླུང་གི་སྟོབས་ཀྱིས། ཡས་བབ་པའི་དགའ་བཞི་གནས་ཇི་ལྟ་བ་དེ་བཞིན་དུ་རིམ་པས་གཤེགས་ཤིང་དགའ་བ་བཞི་ཉམས་སུ་མྱོང་ནས། ལུགས་འབྱུང་ཇི་ལྟ་བ་དེ་བཞིན་དུ་སླར་ཡང་ལྟེ་བར་རྒྱུ་མཐུན། སྙིང་གར་རྣམ་སྨིན། མགྲིན་པར་སྐྱེས་བུ་བྱེད་པ། སྤྱི་བོར་དྲི་བྲལ་གྱི་འབྲས་བུ་མངོན་དུ་བྱེད་པའི་ཚུལ་གྱིས་རིམ་པས་གྱེན་དུ་ལུགས་ལྡོག་ཏུ་གཤེགས་ནས་བརྟེན་པས་ས་བཅུ་གཉིས་ཐོབ་པ་ཉིད་ཀྱི་ཕྱིར། ཚུལ་འདིས་ནི་ཤེས་རབ་ཕྱག་རྒྱ་བསྟེན་པ་ལས། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་མྱོང་བ་དེ་ལྟར་སྐྱེ་བ་རིགས་པའི་དོན་གྱིས་དེ་བཞིན་གཤེགས་པ་ཞེས་བརྗོད་པར་བྱའོ། །ཡང་ན། དེ་བསྟེན་པ་ལས་སོ་སོ་རང་གི་རིག་པའི་ཤེས་རབ་རྒྱུད་ལ་ལྡན་པ་ཉིད་དེ་བཞིན་གཤེགས་པ་ཞེས་བརྗོད་དེ། ཡེ་ཤེས་དེ་ཁོ་ན་ཉིད་ཇི་ལྟ་བ་རྟོགས་ཤིང་མངོན་སུམ་དུ་བྱས་པའི་ཕྱིར་རོ། འདིར་ཡང་མཁས་གྲུབ་གཞན་གྱི་བཞེད་པ་ལྟར་ན། ཚོགས་གཉིས་ཀྱི་དཔལ་དང་ལྡན་པ་ལས་ཡེ་ཤེས་ཀྱི་མཐུས་ཆོས་སྐུའི་དེ་བཞིན་ཉིད་དུ་གཤེགས་ཤིང་། བསོད་ནམས་ཀྱི་མཐུས་གཟུགས་སྐུའི་དེ་བཞིན་ཉིད་དུ་སླར་ཡང་གཤེགས་ནས་འགྲོ་དོན་མཛད་པ་


KMC011_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྒྱུ་མཚན་འདིས་ཡེ་ཤེས་དང་ཐུགས་རྡོ་རྗེ་དབྱེར་མེད་པའི་ཤེས་རབ་ཀྱི་རིག་པས་དེ་བཞིན་གཤེགས་པ་ཞེས་བརྗོད་པར་བྱ་ཞེས་སྤྱི་དང་མཐར་ཐུག་གི་དོན་དང་། དཔལ་ལྡན་ནི་ཕྱག་རྒྱ་རིགས་ལྔ། དེ་ཉིད་དུ་གཤེགས་པ་ནི་དེ་ལས་དེའི་རིགས་རྟོགས་པ། སླར་ཡང་གཤེགས་པ་ནི་དེ་ལས་ལྷན་སྐྱེས་རྟོགས་པ་སྦས་དོན་དུ་འཆད་ཅིང་། ཚིགས་བཅད་འདིས་དེ་བཞིན་གཤེགས་པའི་ངེས་ཚིག་བསྟན་པར་བཞེད་དོ། །གསུམ་པ་ནི། རིགས་ནི་རྣམ་པ་དྲུག་བརྗོད་ཅིང་། །མདོར་བསྡུས་པས་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་ཏེ། ཡེ་ཤེས་ལྔ་སོ་སོ་དང་ཆ་འདྲ་བ་གོང་གི་རིགས་ལྔ་དང་། ཀུན་དང་ཆ་འདྲ་བ་རྡོ་རྗེ་སེམས་དཔའ་དང་ཡེ་ཤེས་ཀྱི་ཁམས་བསྟན་པས་རིགས་ནི་རྣམ་པ་དྲུག་ཅེས་བརྗོད་ཅིང་། རྡོར་སེམས་དང་མི་བསྐྱོད་པ་དབྱེར་མེད་དུ་མདོར་བསྡུས་པས་ནི་རིགས་རྣམ་པ་ལྔར་གསུངས་པའོ། །ཡང་ན། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས་ཕྱེ་ན། ཕྱི་ནས་རིགས་ནི་རྣམ་པ་གསུམ་དུའང་འགྱུར་རོ།། རིགས་ལྔ་པོ་གསུམ་དུ་བསྡུ་བའི་ཚུལ་ཁ་སྦྱོར་དྲི་མེད་ལས། རྣམ་


KMC011_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་དང་དོན་གྲུབ་ཐབས་ཤེས་ཀྱི་རང་བཞིན་ཡིན་པས་སྐུ་རྣམ་སྣང་ལ་འདུའོ། །དེ་བཞིན་དུ། འོད་དཔག་མེད་དང་རིན་འབྱུང་ཐབས་ཤེས་སུ་བཞག་པས། གསུང་འོད་དཔག་མེད་ཁོ་ནར་བསྡུ་བར་བཤད་ཅིང་། ཐུགས་མི་བསྐྱོད་པ་ཉིད་ལ་རྡོ་རྗེ་སེམས་དཔའ་བསྡུས་པས་རྣམ་པ་གསུམ་དུ་འགྱུར་རོ། །བཞི་པ་ནི། རིགས་དང་འབྱུང་བ་ལྔ་རྣམས་དང་། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་གསུངས་ཏེ། རིགས་ཞེས་བྱ་བའི་ངེས་པའི་ཚིག་ནི། སྦྱང་གཞིའི་སྐབས་སུ་རྡོ་རྗེ་ལ་སོགས་པའི་རིགས་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་སྟེ་འབྱུང་བ་ལྔ་རྣམས་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ་ཕུང་པོ་ལྔ་དང་། ཁམས་ལྔ་ལ་སོགས་པ་ཡོད་པའི་རང་བཞིན་གྱིས་སྦྱོང་བྱེད་ལྷ་རིགས་ལྔ་དང་རྩ་བ་དང་ཡན་ལག་གི་རླུང་ལྔ་ལྔ་དང་། བྱང་ཆུབ་ཀྱི་སེམས་བདུད་རྩི་ལྔ་ལ་སོགས་པ་ལྔ་ཆོས་འདི་རྣམས། དག་བྱ་དག་བྱེད་དང་། སྦྱང་གཞི་སྦྱོང་བྱེད་དུ་སྦྱར་བས་དེ་ཐམས་ཅད་དེ་བཞིན་གཤེགས་པ་


KMC011_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་རང་བཞིན་ཡིན་པས་རིགས་འདྲ་བ་དང་བགྲང་བྱ་ལྔ་ཚན་གྱི་གྲངས་ཀྱིས་ཡོངས་སུ་བཅད་པའི་རྒྱུ་མཚན་འདི་ཡིས་ནི་དེ་རྣམས་ལ་རིགས་ཞེས་མངོན་པར་བརྗོད་པར་བྱའོ་ཞེས་སམ། ཡང་ན། གཞན་དང་མ་འདྲེས་པ་རྡོ་རྗེ་སོགས་སྡེ་ཚན་སོ་སོར་འབྱུང་བས་ཀུ་ལཾ་ཞེས་རིགས་སུ་འདོགས་པ་དང་། མིང་གཞན་གོ་ཏྲ་ཞེས་པ་ཡོན་ཏན་གྱི་དོན་དུ་སྦྱར་ནས། ཤཱནྟི་པའི་དཀའ་འགྲེལ་མུ་ཏིག་ཕྲེང་བར། མ་ཞེས་བྱ་བ་ནི་ཕན་པར་འདོད་པ། སྲིང་མོ་ཞེས་བྱ་བ་ནི་བྱམས་པ་བརྟན་པ། དེ་གཉིས་རྡོ་རྗེ་སེམས་དཔའི་རིགས་ལ་ཕན་པར་བྱེད་པའོ། །གར་མ་ཞེས་པ་ཤེས་རབ་གསལ་བ། ཚོས་མ་སྟེ་ཁྲུས་མཁན་མ་དཀར་པོའི་ཆོས་ལ་དགའ་བ། རྡོ་རྗེ་མ་བསམ་གཏན་ལ་དགའ་བ། གཏུམ་མོ་ང་རྒྱལ་བྲལ་བས་ངང་ཚུལ་ཞི་བ། བྲམ་ཟེ་མ་ཁ་ན་མ་ཐོ་བས་འཇིག་པའོ་ཞེས་པའི་ཡོན་ཏན་བཤད་པ་དང་ལྡན་པས་རིགས་དང་། ཁྱད་པར་དུ་རིགས་ལྔར་ཕྱེ་བ་ཡང་། འབྱུང་བ་ལྔ་དང་ཕུང་པོ་ལྔའི་རང་བཞིན་གྱིས་ལྔར་ངེས་ལ། དེ་ལྟར་རིགས་སོ་སོ་དང་བགྲང་བར་བྱ་བའི་ཚུལ་འདི་ཡིས་ནི་རིགས་ཞེས་གྲུབ་ཅིང་མངོན་པར་བརྗོད་པར་བྱའོ། །


KMC011_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །འདི་དག་ནི་ཐབས་ལམ་ལས་ཀྱི་ཕྱག་རྒྱའི་རིམ་པ་བསྡུས་ཏེ་གསུངས་པ་ཡིན་ནོ། །གསུམ་པ་ཐམས་ཅད་ལྷན་སྐྱེས་སུ་བསྟན་པ་ལ་གསུམ། དོན་དམ་ལྷན་སྐྱེས་ཀྱི་གནས་ལུགས༑བྱེ་བྲག་རྣམ་པ་ཐམས་ཅད་པར་བསྟན་པ། ཐམས་ཅད་དེ་ཉིད་ཡིན་ཚུལ་ལོ། །དང་པོ་ནི། སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་གསུངས་ཏེ། དེ་ལྟ་བུའི་རིགས་དང་ལྷ་དེ་དག་བདེན་དངོས་སུ་གྲུབ་པ་ཡོད་དམ་ཞེ་ན། སྔར། ངོ་བོ་གཟུགས་མེད་མཐོང་བ་པོ། །ཞེས་སོགས་སུ་བསྟན་པ་བཞིན་དུ། ངོ་བོ་ཉིད་ཀྱི་སྒོ་ནས་སྒོམ་པ་པོ་གང་ཟག་མེད་པས་དམིགས་པས་བསྒོམ་པར་བྱ་བའང་མེད་ལ། ཞལ་ཕྱག་གི་རྣམ་པའི་ལྷ་མེད་ཅིང་བཟླ་བྱའི་སྔགས་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ལྷ་ལ་སོགས་པ་ཅིའི་ཕྱིར་བརྗོད་ཅེ་ན། བདེ་བ་ཆེན་པོ་ངོས་བཟུང་དང་མཚན་མ་སོགས་སྤྲོས་པ་མེད་པའི་རང་བཞིན་ཉིད་ལས་ཡིད་སྐྱོབས་པའི་སྔགས་དང་ལྷན་ཅིག་སྐྱེས་པའི་ལྷ་ནི་ཡང་དག་པར་གནས་ཏེ། རྟེན་ཅིང་འབྲེལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་དོན་


KMC011_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་ཚུལ་ཏེ། བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །ཞེས་གསུངས་པ་བཞིན་དུ་རྟོགས་པར་བྱའོ། །འདི་ནི་རྗེ་བཙུན་ནཱ་རོ་དང་མར་པའི་བཞེད་པར་དབང་གོང་མ་ལས་སྐྱེས་པ་ལྷན་སྐྱེས་དགའ་བའི་རང་བཞིན་རྣམ་པར་རྟོག་པའི་རྙོག་པ་མཐའ་དག་ནུབ་པའི་ངོ་བོ་དེ་ཁོ་ན་ཉིད་ཀྱི་ལྟ་བ་ཉིད། སེམས་དངོས་པོའི་གནས་ཐབས་ཀྱི་བསྒོམ་རྒྱུའི་དོན་གྱི་ངོ་བོ་ཤེས་པར་བྱ་བའི་ཕྱིར་དུ་དགོངས་པ་མ་ཡིན་པས་བཤད་པར་གསུངས་སོ། །གཉིས་པ་ལ་ལྔ། དེ་བཞིན་གཤེགས་པ་མདོར་བསྟན། སྐུ་གསུམ་རྒྱས་བཤད། དེ་གང་ལས་བྱུང་ངོས་བཟུང་བ། དེ་རྟོགས་པ་བཅོམ་ལྡན་འདས་སུ་འཐད་པ། ཕྱག་རྒྱ་དང་ཡེ་ཤེས་བསྲེ་བའི་དེ་ཁོ་ན་ཉིད་དོ། །དང་པོ་ནི། རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་སེམས་དཔའ་བོ། །ཞེས་གསུངས་ཏེ། དོན་དམ་པའི་སྣང་བ་ལ་ཤར་བའི་ལྷ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཡང་དག་པར་གཟིགས་པའི་རང་བཞིན་རྣམ་པར་གསལ་ཞིང་སྣང་བར་མཛད་པས་རྣམ་སྣང་ངོ་། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཆོས་


KMC011_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་རང་བཞིན་ཉིད་དུ་ཁྱབ་པར་བཞུགས་པ་ལ་རྣམ་རྟོག་གིས་མི་བསྐྱོད་པ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་འབྲས་བུ་དང་བཅས་པར་སྨིན་པར་མཛད་པས་དོན་ཡོད་གྲུབ་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་འབྱུང་བ་དང་ལྡན་པ་རིན་ཆེན་འབྱུང་ལྡན་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་མ་འདྲེས་པར་རྟོག་ཅིང་བདེ་བ་ཆེན་པོའི་འོད་ཀྱི་སྣང་བས་ནམ་མཁའ་ཁྱབ་པས་འོད་དཔག་ཏུ་མེད་པ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་རྟོགས་པར་གྱུར་པས་སེམས་བརྟན་པ་ཉིད་ཀྱིས་དཔའ་བའོ། །མཚན་གཞན་སྔར་བརྗོད་པའི་ངེས་ཚིག་ཅན་གྱི་རྡོ་རྗེ་སེམས་དཔའ་སྟེ་རིགས་དྲུག་པོ་ཡིན་ནོ། །རྒྱུད་ཚིག་འདིའི་དངོས་བསྟན་རིགས་ལྔའི་རྒྱལ་བ་རྣམས་ཀྱི་མཚན་དོན་ཙམ་བཤད་པ་ཡིག་དོན་ཏེ་དྲང་དོན་དང་། འགྲེལ་ཚིག་བཤད་མ་ཐག་པ་ནི་མཐར་ཐུག་གི་དོན་དང་གཟུགས་སོགས་དང་ཡེ་ཤེས་ཀྱི་ཕུང་པོ་བཅས་ཕུང་པོ་དྲུགས་སོགས་དང་ཡེ་ཤེས་ཀྱི་ཁམས་བཅས་ཁམས་དྲུག །རླུང་ལྔ་ཡེ་ཤེས་ཀྱི་རླུང་


KMC011_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲུག་བདེ་ཆེན་ལྷན་སྐྱེས་ཀྱི་ངོ་བོར་དག་པ་སྦས་དོན་གྱིས་བཤད་པའོ། །གཉིས་པ་ནི། ཚངས་པ་ཁྱབ་འཇུག་ཞི་བ་དང་། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །རྟག་ཏུ་དགེ་བས་ཞི་བ་ཉིད། །ཐམས་ཅད་ཀུན་གྱི་བདག་ཉིད་གནས། །དམ་པའི་བདེ་བས་དེ་ཉིད་དེ། །བདེ་བ་རྟོགས་ཕྱིར་རྣམས་སངས་རྒྱས། །ཞེས་གསུངས་ཏེ། དེ་ཡང་དྲང་བའི་དོན་དུ། མུ་སྟེགས་བྱེད་ཀྱི་ལྷ་ཚངས་པ་དང་ཁྱབ་འཇུག་དང་ཞི་བ་དང་གཞན་རྣམས་ཀྱང་སྟེ། དེ་ཐམས་ཅད་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་ཆ་ཡིན་ལ། རྣལ་འབྱོར་ཅན་གྱིས་ཉམས་སུ་མྱོང་བའི་རིམ་པ་ལའང་དེ་སྐད་བྱ་བ་ཉིད་དུ་བརྗོད་དོ་ཞེས་དྲང་དོན་དུ་བརྗོད་ལ། དེ་དག་ངེས་པའི་དོན་དུ་བཤད་ན། ཚངས་པ་ནི། སྐུའི་རྡོ་རྗེ་སྟེ། སྨིན་མཚམས་ཀྱི་མཛོད་སྤུར་བྱང་ཆུབ་ཀྱི་སེམས་དང་ཡེ་ཤེས་ཀྱི་རླུང་བརྟན་པས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ཉིད་དང་། སྙིང་གར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པས་སེམས་འོད་གསལ་དུ་ཁྱབ་ཅིང་འཇུག་པའི་ཕྱིར་ན། ཐུགས་ཀྱི་རྡོ་རྗེ་ཁྱབ་


KMC011_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཏུ་བརྗོད་པར་བྱའོ། །རྨི་ལམ་གྱི་འཁྲུལ་པ་ཡང་རྣམ་པར་དག་ཅིང་དུས་རྟག་ཏུ་དགེ་བས་རབ་ཏུ་ཞི་བའི་ངག་ཏུ་འགྱུར་བས་ན་དབང་ཕྱུག་གསུང་གི་རྡོ་རྗེ་ཞི་བ་ཉིད་དོ། །ཐམས་ཅད་ཀུན་གྱི་བདག་ཉིད་དུ་གནས་པ་དོན་དམ་པའི་བདེ་བས་ཐ་མལ་གྱི་སྣང་བ་འཇོམས་པ་དེ་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་དེ། དེ་ལྟར་གནས་སྐབས་བཞི་པོ་ལས་དང་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱས་བདེ་བ་ཆེན་པོར་རྟོགས་པའི་ཕྱིར་ན་རྣམ་པར་སངས་རྒྱས་ཞེས་བྱའོ། །གསུམ་པ་ནི། གང་ཕྱིར་ལུས་ལས་བྱུང་བ་ཉིད། །ལྷ་ཞེས་མངོན་པར་བརྗོད་པར་བྱ། །ཞེས་གསུངས་ཏེ། གནས་སྐབས་བཞི་པོ་བདེ་ཆེན་དུ་རྟོགས་པས་སངས་རྒྱས་སུ་འགྱུར་བ་གང་གི་ཕྱིར་ཞེ་ན། ལྷན་ཅིག་སྐྱེས་པའི་ལུས་ལས་བྱུང་བ་ཉིད་ནི་བདེ་བ་ཆེན་པོ་སྦྱིན་པའི་ཕྱིར། ལྷ་ཞེས་མངོན་པར་བརྗོད་པར་བྱའོ། །འདིར་མཁས་གྲུབ་བཀྲས་རྣམ་པས། བཤད་ཚུལ་འདི་གཞུང་དོན་ལས་ཕྱིན་ཅི་ལོག་ཏུ་གོལ་བར་གསུངས་ནས་རང་བཞེད་དུ། ཡེ་ཤེས་དེ་ཉིད་ལ་ཚངས་པ། ཁྱབ་འཇུགཞི་བ། ཐམས་ཅད་པ། སངས་རྒྱས། དམ་པ་དེ་ཉིད་ཅེས་ཕྱི་རོལ་པའི་ལྷ་དྲུག་གི་སྒྲར་ཡང་བརྗོད་པར་བྱ་


KMC011_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཚངས་པར་བརྗོད་པའི་དོན་ནི་ཡེ་ཤེས་དེ་ཉིད་སྒྲིབ་པ་དང་བྲལ་བའི་སངས་རྒྱས་ཉིད་ཡིན་པ་དང་། ཐམས་ཅད་ཀྱི་ངོ་བོར་འཇུག་པས་ཁྱབ་འཇུག་དང་། དུས་རྟག་ཏུ་དགེ་ཞིང་བདེ་བར་བྱེད་པས་ཞི་བ་དབང་ཕྱུག་དང་། ཐམས་ཅད་པ་ནི་ཡེ་ཤེས་དེ་དངོས་པོ་ཀུན་གྱི་བདག་ཉིད་དུ་གནས་པས་དང་། དོན་དམ་པའི་བདེ་བར་གྱུར་པས་དམ་པ་དེ་ཉིད་དང་། བླ་ན་མེད་པའི་བདེ་བ་རྫོགས་པའི་ཕྱིར་རྣམ་མཁྱེན་སངས་རྒྱས་སུ་བརྗོད་པར་བྱ་ཞེས་ཚིག་སྔ་ཕྱི་མདོར་རྒྱས་ཀྱི་ཚུལ་དུ་འབྲེལ་པ་དྲང་དོན་དང་། འཁོར་ལོ་དྲུག་ཡུལ་དྲུག་དབང་ཤེས་དྲུག་སོགས་སྒྲིབ་བྲལ་ལྷན་སྐྱེས་སུ་དག་པ་ངེས་དོན་དུ་བཞེད་དོ། །འདིར་ཤཱནྟི་པས་མུ་ཏིག་ཕྲེང་བར། དེ་ཧ་སམྦྷ་ཝ། ལུས་ལས་བྱུང་བ་ཞེས་པའི་བར་གྱི་ཚིག་བསྡུས་པས། དེ་ཝ་ལྷ་སྟེ་ལུས་ལས་བྱུང་བ་ཉིད་ཀྱིས་ལྷར་བཤད་ལ། དེའི་དོན་ནི། ཟག་པ་དང་བཅས་པའི་ལུས་ཉིད་དྭངས་མའི་ཁམས་སུ་རིམ་པར་སྦྱངས་པ་ལས་ཟག་མེད་ཀྱི་སྐུ་བྱུང་བ་ཉིད་ལ་རྡོ་རྗེའི་སྐུ་ཞེས་བྱ་ཞིང་། དེ་ནས་བྱུང་བ་ལས་ལྷ་ཞེས་མངོན་པར་བརྗོད་པར་བྱ་བར་གསུངས་སོ། །ཚིགས་བཅད་འདིས་ལྷའི་ངེས་ཚིག་སྟོན་


KMC011_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞེད་པ་ལྟར་ན། ཡེ་ཤེས་དེ་ལ་ཅིའི་ཕྱིར་ལྷ་ཞེས་བྱ་ཞེ་ན། དེ་ཉིད་ཕུང་པོ་ལྔའི་བདག་ཉིད་ཀྱིས་ལུས་ལས་བྱུང་བ་ཉིད་དམ། དེ་བརྩེ་བའི་དོན་ལ་སྦྱར་ན་ཞུ་བདེ་ལ་རོལ་པའི་ཕྱིར་ལྷ་ཞེས་མངོན་པར་བརྗོད་པའོ། །བཞི་པ་ནི། སངས་རྒྱས་འདི་ལ་བྷ་ག་མངའ། །བཅོམ་ལྡན་འདས་ཞེས་བརྗོད་པར་བྱ། །བྷ་ག་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད། །ཞེས་གསུངས་ཏེ། འདིའི་དོན་སྒྲ་ཇི་བཞིན་པ་ནི། དེ་ལྟར་ཟག་མེད་ཀྱི་སྐུ་བརྙེས་པ་ལ་སངས་རྒྱས་སུ་བཞག་པའི་ཚེ། དེ་ལ་བཅོམ་ལྡན་འདས་ཞེས་ཅིའི་སླད་དུ་བརྗོད་ཅེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལ། བྷ་གའི་སྒྲ་སྐལ་བ་དང་བཅོམ་པ་གཉིས་ཀ་ལ་འཇུག་པའི་ཡོན་ཏན་མ་ཚང་བ་མེད་པ་མངའ་བས་བཅོམ་ལྡན་འདས་ཞེས་བརྗོད་པར་བྱའོ། །བྷ་གའམ་སྐལ་པ་ནི་རྣམ་པ་དྲུག་ཏུ་བརྗོད་དེ། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་རྣམས་བྷ་ག་ཝཱན་ཞེས་བྱ། །ཞེས་


KMC011_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཡོན་ཏན་ཀུན་དང་ལྡན་པ་ཉིད་དོ། །ཡང་ན། བྷ་ག་ཎ་ནི་བཅོམ་པ་སྟེ། ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུ་དང་ཕུང་པོའི་བདུད་བཞི་པོ་འཇོམས་པའི་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད་པར་བྱ་ཞིང་། འདས་ཞེས་ལོ་ཙཱ་བས་བསྣན་པ་ཁོ་ན་མ་ཡིན་ཏེ། སྲིད་པ་ལས་འདས་པ་ཞེས་འབྱུང་བས་བྷ་བ་སྲིད་པ་དང་། ག་ཏ་འདས་པ་ཡིན་པས། འདིར་ག་ཡིག་གིས་འདས་པའི་སྒྲ་སྟོན་པ་འགོས་ལོ་ཆེན་པོ་སོགས་བཞེད་དོ། །ངེས་དོན་ནི། དོན་གྱི་སངས་རྒྱས་སེམས་ཀྱི་རྡོ་རྗེ་འདི་ལ་བྷ་གའི་ཡོན་ཏན་མངའ་བས་བཅོམ་ལྡན་ཞེས་ཀྱང་བརྗོད་པར་བྱ་སྟེ། བྷ་ག་རྣམ་པ་དྲུག་ནི་དཔྲལ་བ་ལ་སོགས་པའི་འཁོར་ལོ་དྲུག་གི་དབུས་དང་། དེར་ལུས་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་བདག་མེད་མའི་རང་བཞིན་གྱི་ལྷ་དེ་བརྟན་པས། དབང་ཕྱུག་བརྒྱད་ལ་སོགས་པའི་ཡོན་ཏན་དྲུག་པོ་ཀུན་ཐོབ་པའམ། ཡང་ན་དེ་ཉིད་གསང་བ་ལས། ཕྱིར་འགྲོ་བ་མེད་པས་ཉོན་མོངས་པ་ལ་སོགས་པའི་བདུད་ལྡན་པ་མེད་པའི་ཕྱིར་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྣམ་པར་རྟོག་པ་འཇོམས་པའི་ཕྱིར་ན་བཅོམ་ལྡན་འདས་ཞེས་


KMC011_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་སོ། །ལྔ་པ་ནི། གང་ཕྱིར་སྐྱེ་འགྲོ་སྐྱེད་པ་ཡིས། །ཤེས་རབ་མ་ཞེས་བརྗོད་པར་བྱ། །གང་ཕྱིར་སྐལ་པ་སྟོན་པ་ཡིས། །ཤེས་རབ་སྲིང་མོ་ཞེས་བྱ་ཉིད། །བཙོ་བླག་མ་དང་བུ་མོ་དང་། །གར་མཁན་མར་ཡང་བརྗོད་པར་བྱ། །སེམས་ཅན་ཐམས་ཅད་འཚེད་པའི་ཕྱིར། །བཙོ་བླག་མ་ཞེས་དེ་བཞིན་བརྗོད། །ཡོན་ཏན་འཇོ་ཕྱིར་ཤེས་རབ་ནི། །བུ་མོ་ཞེས་ནི་བརྗོད་པར་བྱ། །སྙིང་རྗེ་ཆེན་པོ་གཡོ་བའི་ཕྱིར། །ཤེས་རབ་གར་མར་བརྗོད་པར་བྱ། །གང་ཕྱིར་བཅོམ་ལྡན་མི་རེག་པ། །དེ་ཕྱིར་གཡུང་མོར་བརྗོད་པར་བྱ། །ཞེས་གསུངས་ཏེ། འདི་རྣམས་ཀྱང་དྲང་དོན་དུ། མཱ་ཏྲྀའི་སྒྲ་ལས་སྐྱེད་བྱེད་དེ་མ་དང་། བྷཱ་གི་ནཱི་སྐལ་བ་ཅན་ཏེ་སྲིང་མོ་དང་། པཱ་གི་ནཱི་འཚེད་བྱེད་དེ་བཙོ་བླག་མ་དང་། དུ་ཧི་ནཱི་འཇོ་མ་སྟེ་བུ་མོ་དང་། ནརྟ་ཀཱི་སྤྱོད་མ་སྟེ་གར་མ་དང་། ཌོམྦི་ནཱི་རེག་པར་མི་བྱ་བ་སྟེ་གཡུང་མོ་བཅས་སྔར་གསུངས་པའི་ཕྱག་རྒྱ་དེ་རྣམས་དབང་གི་ཡེ་ཤེས་སྐྱེད་པ་དང་། བདེ་བའི་སྐལ་པ་སྟོན་པ་དང་། རྣམ་པར་རྟོག་པའི་ཁ་དོག་སྒྱུར་བ་དང་། བདེ་བའི་ཡོན་ཏན་འཇོ་བ་དང་། བདེ་བ་ལ་ཡིད་གཡོ་བ་དང་། དོན་དམ་པ་དེ་ལ་འཇིག་རྟེན་པ་རྣམས་ཀྱིས་མི་


KMC011_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པའི་ཕྱིར་ལས་ཀྱི་ཕྱག་རྒྱའི་རྣམ་གྲངས་སུ་བརྗོད་དོ། །ངེས་དོན་དུ། ཕྱག་རྒྱ་འདི་དག་ལུས་ཀྱི་ཁམས་སུ་བརྗོད་དེ། རྒྱུ་མཚན་གང་གི་ཕྱིར་ན་སྐྱེ་འགྲོ་ནི་སེམས་ཅན་གྱི་ཁམས་རྣམས་ཏེ། ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས་པས། རྣམ་པར་རིག་པ་ཙམ་གྱི་སེམས་ཀྱི་ཆའོ། །དེ་ཉིད་ལ་སྲིད་པ་སྐྱེད་པའི་རྐྱེན་དུ་གྱུར་པ་ཁམས་དཀར་དམར་ནི་ཤེས་རབ་མ་ཞེས་བརྗོད་པར་བྱའོ། །གང་གི་ཕྱིར་ན་ལུས་ཀྱི་ཆ་ཤས་ཀྱི་བསྐལ་པ་སྟོན་པའི་ཁམས་ལ་ཤེས་རབ་གསལ་བའི་སྲིང་མོ་ཞེས་བྱ་བ་ཉིད་དོ། །དེ་བཞིན་དུ་བཙོ་བླག་མ་དང་བུ་མོ་དང་གར་མཁན་མར་ཡང་བརྗོད་པར་བྱ་སྟེ། སེམས་ཅན་ཀུན་གྱི་ལུས་ཀྱི་ཁམས་ཐམས་ཅད་འཚེད་ཅིང་མདོག་བསྒྱུར་བའི་ཕྱིར་ཙཎྜ་ལཱི་ལ་བཙོ་བླག་མ་ཞེས་བརྗོད་དོ། །དེས་མིག་ལ་སོགས་པའི་ཡོན་ཏན་གཟུགས་མཐོང་བ་ལ་སོགས་པ་རིམ་གྱིས་འཇོ་བའི་ཕྱིར་རྣམ་པར་འཇོ་བའི་ཤེས་རབ་ནི་བུ་མོ་ཞེས་བྱ་བ་ནི་བརྗོད་པར་བྱའོ། །སྙིང་རྗེ་ཆེན་པོ་ནི་བདེ་བ་ཆེན་པོ་སྟེ། དེ་ཡི་རྟེན་བྱང་ཆུབ་ཀྱི་སེམས་རླུང་གིས་གཡོ་བའི་ཕྱིར་ཤེས་རབ་གར་མཁན་མར་བརྗོད་པར་བྱའོ། །


KMC011_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར་ན་བྷ་གའི་ཁམས་ནི་བཅོམ་ལྡན་ཏེ་ཆགས་པ་དང་བྲལ་བས་མི་རེག་པ་དེའི་ཕྱིར་གཡུང་མོ་ཞེས་བྱ་བར་བརྗོད་པར་བྱ་བ་ཡིན་ནོ། །སྦྱོར་ཚུལ་འདི་ནི་གྲུབ་ཆེན་མཚོ་སྐྱེས་ཀྱི་དཀའ་འགྲེལ་པདྨ་ཅན་དང་། དཔལ་ནཱ་རོ་པ་སོགས་ཀྱིས་ལེགས་པར་བཤད་དོ། །འདི་ལྟར་གཞི་ལ་གནས་པ་ལ་ཐབས་ཀྱི་རིམ་པས་མངོན་དུ་བྱས་པས་འབྲས་བུ་རྟོགས་པར་འགྱུར་བ་ནི་རྒྱུད་ཕན་ཚུན་ནས་གསུངས་སོ། །སྦས་དོན་འཁོར་ལོ་བཞི་ལ་སྦྱར་ན། ལྟེ་བའི་རྩ་ལུས་སྐྱེད་བྱེད་ཀྱི་མ། སྙིང་གའི་རྩ་ཆོས་སྐལ་སྟོན་པ་སྲིང་མོ། མགྲིན་པའི་རྩ་བྱང་སེམས་ཀྱི་རྒྱུ་འཚེད་པ་ཚོས་མ། ལྕེའུ་ཆུང་གི་རྩ་བདུད་རྩི་འཇོ་བ་བུ་མོ། སྤྱི་བོའི་རྩ་བདེ་བ་གཡོ་བ་གར་མ། གསང་གནས་རྩ་སྡུག་བསྔལ་གྱིས་མི་རེག་པས་གཡུང་མོར་བརྗོད་པའོ། །གསུམ་པ་ཐམས་ཅད་དེ་ཁོ་ན་ཉིད་ཡིན་ཚུལ་ལ་ཡང་ལྔ། ངག་སྔགས་སུ་འགྱུར་ཚུལ། རྐང་རྗེས་དཀྱིལ་འཁོར་དུ་འགྱུར་ཚུལ། ལག་བརྡ་ཕྱག་རྒྱར་འགྱུར་ཚུལ། ཡིད་བསམ་གཏན་དུ་འགྱུར་ཚུལ། བདེ་བའི་ཡེ་ཤེས་བསྒོམ་པར་གདམས་པའོ། །དང་པོ་ནི། ཨཱ་ལི་ཀཱ་ལི་རབ་བརྟགས་པས། །བརྗོད་པ་བཟླས་པར་ཡང་དག་བཤད། །ཅེས་


KMC011_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ཚིག་དོན་ནི། ཕྱག་རྒྱ་ཆེན་པོ་བསྒོམ་པས་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་སྐྱེས་པའི་ཚེ། སྤྱོད་ལམ་ཐམས་ཅད་ལྷན་སྐྱེས་ཀྱི་རྣམ་པར་འགྱུར་བ་ཆོས་ཀྱི་ཕྱག་རྒྱ་ཁོ་ནར་ངེས་ཏེ། པདྨ་ཅན་ལས། དཔལ་ཧེ་རུ་ཀའི་རྣལ་འབྱོར་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དབྱེ་བ་དེ་ཐམས་ཅད། ཕྱག་རྒྱ་དང་། སྔགས་དང་། ཏིང་ངེ་འཛིན་གྱི་རང་བཞིན་ཏེ། ཞེས་སོ། །དེ་ལ་ངག་གི་བརྗོད་པ་མ་ལུས་པ་དབྱངས་ཨཱ་ལི་དང་། གསལ་བྱེད་ཀཱ་ལི་ལས་མ་འདས་པར་རྒྱལ་བ་རྣམས་ཀྱིས་རབ་ཏུ་བརྟགས་ཤིང་གསུངས་པས། རྣལ་འབྱོར་པའི་ངག་གི་བརྗོད་པ་ཇི་སྙེད་པ་སྔགས་ཀྱི་བཟླས་པར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བཤད་དེ་སྔགས་ཀྱི་དེ་ཁོ་ན་ཉིད་དུ་དག་པས་སོ། །ངེས་དོན་ནི། ཨཱ་ལི་དང་ཀཱ་ལི་ནི་གཡས་གཡོན་གྱི་རླུང་དེ་དག་གི་རང་བཞིན་དུ་དག་པ་སྟེ་འདི་ནི་དོན་དམ་པའི་རྡོ་རྗེའི་བཟླས་པའོ། །གཉིས་པ་ནི། རྐང་པའི་རྗེས་ནི་དཀྱིལ་འཁོར་ཉིད། །ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ཞེས་གསུངས་ཏེ། རྣལ་འབྱོར་པའི་རྐང་པའི་རྗེས་ནི་སྙིང་པོ་ལེན་པས་ན་དཀྱིལ་འཁོར་ཉིད་ཡིན་ཏེ། དཀྱིལ་འཁོར་གྱི་རྡུལ་


KMC011_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་ཉེད་པ་ལྟར་ཡན་ལག་ཉེད་ཅིང་བསྐྱོད་པ་ལས་བྱུང་བའི་ཕྱིར་དཀྱིལ་འཁོར་དུ་བརྗོད་པར་བྱ་བ་ཡིན་པས་སོ། །དེ་ཉིད་ཡེ་ཤེས་ཀྱི་སྙིང་པོའི་དཀྱིལ་འཁོར་རྣམ་པ་ཐམས་ཅད་པར་འབྱུང་བའི་དོན་ཡིན་པ་ཌྷཾ་ག་ད་ཤས་བཤད་དོ། །ངེས་དོན་ནི། བྱང་སེམས་ཀྱི་རྐང་པའི་རྗེས་ནི་བདེ་ཆེན་གྱི་དཀྱིལ་འཁོར་དུ་འགྱུར་ཏེ། འཁྲུལ་འཁོར་གྱིས་རྩ་མདུད་ཉེད་ཅིང་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པས་སོ། །གསུམ་པ་ནི། ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་ཉེད་པའང་དེ་བཞིན་ནོ། །ཞེས་གསུངས་ཏེ། ལག་པ་བསྒྱུར་བ་དང་དེ་བཞིན་དུ་སོར་མོ་ཉེད་པའང་སྟེ་དེ་དག་བརྐྱང་བསྐུམ་ལ་སོགས་པ་ཐམས་ཅད་ལས་སྒྲུབ་པའི་ཕྱག་རྒྱ་འཆིང་འགྲོལ་ཡིན་ཏེ། ངེས་དོན་ནི། རྣལ་འབྱོར་ཅན་གྱི་ལག་པའི་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་གར་གྱི་འགྱུར་བ་ཡིན་པའོ། །བཞི་པ་ནི། གང་ཕྱིར་རྣམ་སེམས་བསམ་གཏན་ནི། །གང་བསམ་དེ་ནི་བསམ་གཏན་ནོ། །ཞེས་གསུངས་ཏེ། གང་གི་ཕྱིར་ན་རྣལ་འབྱོར་ཅན་དེ་ཁོ་ན་ཉིད་རྣམ་པར་བསམ་ཞིང་རྣམ་རྟོག་སྣང་བ་མེད་པའི་སེམས་ཀྱིས་བསམ་པ་ཐམས་ཅད་གཡོ་མེད་བརྟན་པ་ལྟ་བུར་གྱུར་པས་ནི་གང་


KMC011_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་དེ་ཐམས་ཅད་ནི་གསལ་སྟོང་ཁོ་ནར་སྣང་བས་བསམ་གཏན་གྱི་ཏིང་ངེ་འཛིན་ཡིན་ནོ། །ངེས་དོན་ནི། རྣལ་འབྱོར་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་བསྟན་པའོ། །ལྔ་པ་ནི། ཇི་ལྟར་ཕ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་གིས་བཟའ། །བདེ་བ་གང་གིས་འཆི་བ་འདིར། །དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་གསུངས་ཏེ། དྲང་དོན་དུ་ནི་ཕ་སྟེ་བླ་མ་ལས་ཞུ་བདེ་ལྷན་སྐྱེས་དཔེས་བསྟན་པ་ལས་མྱོང་བ་ཐོབ་པ་ལྟར། རྣལ་འབྱོར་པ་དེ་ཡི་མཉམ་སྦྱོར་ལས་བྱུང་བའི་བདེ་བ་ཡང་རོ་ཞིམ་པོ་ལྟར་མྱོང་བར་བྱ་བ་ཡིན་པས་རང་གིས་བཟའ་བ་སྟེ། རླུང་སེམས་ཐིམ་པའི་བདེ་བ་གང་གིས་ཐ་མལ་པ་རྣམས་སྲོག་དབུ་མར་སྡུད་ཅིང་འཆི་བ་ཡིན་ཀྱང་། འདིར་རྣལ་འབྱོར་པ་ལྷན་སྐྱེས་ཀྱི་དེ་ཁོ་ན་ཉིད་ཤེས་པ་དེའི་བྱང་སེམས་ཞུ་ཞིང་རླུང་ཐིམ་པའི་བདེ་བ་ནི་བསམ་གཏན་དུ་བརྗོད་དེ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་རོ། །ཞེས་སམ། ཡང་ན་སྔར་བཤད་པའི་བསམ་གཏན་དཔེས་མཚོན་པ་སྟེ། ཇི་ལྟར་ན་ཕ་དང་མ་སྦྱར་བའི་དུས་སུ་བདེ་བ་སྐྱེད་པ་ལས་བདེ་བ་གང་ཐོབ་པས་མངལ་གྱི་བྱིས་


KMC011_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཀྱི་ཁམས་འབྱུང་བར་བྱེད་པ་དེའི་བདེ་བ་བྱིས་པ་རང་གིས་ཀྱང་ལོ་བཅུ་དྲུག་གི་མཐར་ཉམས་སུ་མྱོང་བས་བཟའ་བར་འགྱུར་ལ། བདེ་བ་ལྷན་སྐྱེས་འོད་གསལ་བ་གང་གིས་དེ་འཆི་བའི་གནས་སྐབས་འདིར། ཁམས་ཕྲ་རགས་ཐིམ་པའི་རྗེས་སུ་དེའི་བདེ་བ་འཆི་བ་འོད་གསལ་ལ་གནས་པའི་བསམ་གཏན་དུ་བརྗོད་པ་དང་མཚུངས་པར་བསྟན་ཏོ། །ངེས་དོན་དུ་ནི། ཇི་ལྟར་ཕ་ལས་བདེ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་ཐོབ་པ་དེའི་བདེ་བའང་རང་རང་གི་བཟའ་བ་སྟེ་ལོངས་སྤྱོད་དུ་གྱུར་པས་བདེ་བ་ལ་ཆགས་པ་གང་གིས་འཆིང་བར་འགྱུར་བ་དེའི་ཕྱིར། ལས་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་དེའི་བདེ་བ་ལ་བརྟེན་ཏེ་བདེ་སྟོང་ཟུང་འཇུག་ཏུ་བསྒོམ་པ་འདི་ནི་བསམ་གཏན་གྱི་མཆོག་མྱ་ངན་ལས་འདས་པའི་ལམ་ཁྱད་པར་ཅན་དུ་འགྱུར་བ་བརྗོད་དོ། །ཞེས་སོ། །འདིར་འགྱུར་གཞན་རྣམས་སུ་འཆི་བ་ཞེས་འབྱུང་ཡང་། རྗེ་མར་པའི་འགྱུར་དུ་འཆིང་བ་ཞེས་འབྱུང་ཞིང་དེའི་དོན་བཀའ་ཡང་དག་པའི་ཚད་མ་ལས་གསལ་བར་མཛད་པ་ལྟར་དཔལ་རང་བྱུང་ཞབས་ཀྱིས་མར་རྔོག་རྣམས་ཀྱི་གསུང་རྒྱུན་རྩལ་དུ་བཏོན་ཏེ་ལུང་རིག་ཟབ་མོས་ལེགས་


KMC011_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པར་མཛད་དོ། །གསུམ་པ་ལེའུའི་མཚན་ནི། དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ལྔ་པའོ།། །། ཞེས་གསུངས་ཏེ། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཀྱི་རྫོགས་པའི་རིམ་པ་བསྟན་པའི་ལེའུ་སྟེ་ལྔ་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།དྲུག་པ་སྤྱོད་པའི་ལེའུ་འབྱུང་སྟེ། ལེའུ་སྔ་ཕྱིའི་འབྲེལ་ནི། རྫོགས་པའི་རིམ་པ་དེ་ཉིད་བོགས་འདོན་པ་ལ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པར་བྱ་དགོས་པས། དེ་མ་ཐག་ཏུ་ལེའུ་འདི་འཆད་པར་འབྲེལ་ལ། མདོར་བསྟན་རྒྱས་བཤད་ཀྱི་འབྲེལ་ནི། ལེའུ་དང་པོར། དོན་བྱེད་རྣམ་མང་བརྗོད་པ་དང་། །ཞེས་པས་མདོར་བསྟན་པའི་དོན་རང་གཞན་གྱི་དོན་བསྒྲུབ་པའི་སྤྱོད་པ་འདི་ནས་རྒྱས་པར་འཆད་དོ། །འདིའི་བརྗོད་པར་བྱ་བ་ནི། རྫོགས་པའི་རིམ་པ་དེ་ཉིད་བོགས་འདོན་པར་བྱེད་པའི་སྤྱོད་པ་དང་། རྗོད་པར་བྱེད་པ་ནི། ལེའུ་འདིའི་གཞུང་རྣམས་སོ། །མངོན་པར་རྟོགས་པ་ནི། རྫོགས་པའི་རིམ་པའི་བོགས་འདོན་ཞིང་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་བྱེད་པའོ། །མཁས་པ་གཞན་དག་རིམ་པ་གཉིས་ཀ་དང་འབྲེལ་བར་གསུངས་ལ། སྦས་དོན་གྱི་འགྲེལ་ནི། ལྷན་


KMC011_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་རྟེན་ཁམས་བྱང་སེམས་གཡོ་ཞིང་འབྱུང་བ་ནི་སྤྱོད་པ་ཡིན་ལ། དེའི་དོན་ནམ་དེ་ཉིད་རྟོགས་པར་བྱེད་པའོ། །དགོས་པ་ནི། བཀའ་མི་བཅག་པ་དང་། གནས་བཅུ་གཉིས་སུ་བགྲོད་པས་ས་བཅུ་གཉིས་སུ་བགྲོད་པ་དང་། མཁའ་འགྲོ་མས་བྱིན་གྱིས་རློབས་པ་དང་། སངས་རྒྱས་ལ་ཉེ་བ་དང་། དགྱེས་པ་རྡོ་རྗེའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །ཞེས་རྗེ་མར་པས་གསུངས་སོ། །རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་འདིའི་སྔོན་དུ་གསང་སྤྱོད་ལ་སྤྱོད་དགོས་ཀྱང་། དེ་ནི་བརྟག་པ་འོག་མའི་ལེའུ་གཉིས་པ་ལས་གསུངས་པས་དེར་འཆད་དོ། །དེས་ན་འདིར་ནི་བརྟུལ་ཞུགས་ཀྱི་སྤྱོད་པ་དངོས་སྟོན་ཏེ། འདི་ལ་གསུམ། མཚམས་སྦྱར་བ། ལེའུའི་གཞུང་། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་གཞན་ཡང་རབ་བཤད་བྱ། །སྤྱོད་པ་ཕ་རོལ་ཕྱིན་མཆོག་ཉིད། །ཅེས་གསུངས་ཏེ། དེ་ཁོ་ན་ཉིད་བཤད་པ་དེ་ནས། དེ་ལས་གཞན་ཡང་རྫོགས་པའི་རིམ་པའི་བོགས་འདོན་པ། ཐབས་ཤེས་གཉིས་སུ་མེད་པར་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་གཞན་ལས་ཆེས་མཆོག་ཏུ་གྱུར་པ་ཉིད་རབ་ཏུ་བཤད་པར་བྱའོ་ཞེས་སོ། །གཉིས་པ་ལ། བསྟན། བཤད་གཉིས་


KMC011_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ལ་ལྔ། སྤྱོད་པའི་དགོས་པ། དེའི་དུས་ཀྱི་རྒྱན་གོས། བཟའ་བ། ལྷའི་རྣལ་འབྱོར། གྲོགས་སོ། །དང་པོ་ནི། གང་གིས་དངོས་གྲུབ་མཐར་འགྲོ་བ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་རྒྱུས། །ཞེས་གསུངས་ཏེ། སྤྱོད་པ་གང་གིས་སྐལ་པ་དང་ལྡན་པ་ཚེ་གཅིག་ལུས་གཅིག་ལ་སྔགས་སམ་འཇིག་རྟེན་པའི་དངོས་གྲུབ་རྣམས་ལས་འདས་པའི་མཐར་ཐུག་ཏུ་འགྲོ་བ་སྟེ་བགྲོད་པ་བྱེད་ཅིང་། བཅོམ་ལྡན་འདས་སྐུ་བཞིའི་བདག་ཉིད་ཀྱཻ་རྡོ་རྗེའི་མཆོག་གི་དངོས་གྲུབ་ནི་སྤྱོད་པའི་རྒྱུས་མྱུར་དུ་ཐོབ་པར་བྱེད་དོ། །གཉིས་པ་ནི། སྒོམ་པ་པོ་ཡི་རྣམ་འཛིན་པ། །རྣ་བ་དག་ལ་རྣ་ཆ་བཟང་། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་གཉིས། །སྐེད་པ་ལ་ཡང་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་བོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པར་རུས་པའི་ཕྲེང་བ་སྟེ། །བགོ་བ་སྟག་གི་པགས་པ་ཉིད། །ཅེས་གསུངས་ཏེ། ལམ་རིམ་པ་གཉིས་ལ་གནས་ཤིང་རྟོགས་པ་བརྟན་པོར་གྱུར་ནས་སྤྱོད་པ་བྱེད་པར་འདོད་པའི་ཟུང་འཇུག་སྒོམ་པ་པོའི་ཐོག་མར་སྤྱོད་པ་བྱེད་དུས་སུ་མཁོ་བའི་རྒྱན་དང་


KMC011_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བགོ་བ་ཁྱད་པར་ཅན་ཉེར་བསྡོགས་སུ་བྱ་ཞིང་། སྤྱོད་པའི་ཚེ་ལུས་ལ་རྒྱན་དུ་རྣམ་པར་འཛིན་པ་ནི། རྣ་བ་དག་ལ་གདགས་པར་བྱ་བའི་རྣ་ཆ་བཟང་པོ་སྟེ་དབྱིབས་ལེགས་པས་མཛེས་པ་དང་། སྤྱི་བོའི་གཙུག་གི་ནོར་བུའི་འོག་ཏུ་གནས་པའི་འཁོར་ལོ་ལྟེ་བ་མུ་ཁྱུད་རྩིབས་ཅི་རིགས་ཡོད་པ་རྣམ་པར་འཛིན་པ་དང་། ལག་པའི་མཁྲིག་མ་གཉིས་པོ་དག་ལ་འཚམས་པའི་ལག་གདུབ་གཉིས་དང་། རྐེད་པ་ལ་ཡང་སྐ་རགས་མིང་གཞན་འོག་པག་ཅེས་བྱ་བ་འཕྱང་འཕྲུལ་གཡེར་ཁ་ཅན་ཉིད་དང་། རྐང་པར་ཡང་བོལ་གྱི་མཚམས་སུ་གདུ་བུ་གཉིས་ཡོད་པས་དེ་བཞིན་དུ་རྐང་གདུབ་གཉིས་དང་། ལག་ངར་གྱི་རྩ་བའི་དཔུང་པར་དཔུང་རྒྱན་གཉིས་ཉིད་དང་། མགྲིན་པར་མགུལ་རྒྱན་རུས་པའི་ཕྲེང་བ་སྟེ། རྒྱན་དེ་རྣམས་ཀྱི་རྒྱུ་ཡང་མཐའི་གསལ་བྱེད་དུ་བྱུང་བ་ལྟར་མི་ལ་སོགས་པའི་རུས་པ་ལས་གྲུབ་པ་ཡིན་ལ། ལུས་ཀྱི་སྨད་དཀྲིས་སུ་པགས་པ་སྟག་གི་པགས་པ་ཡན་ལག་ཐམས་ཅད་ཚང་བ་ཉིད་ཀྱང་སྟ་གོན་བྱའོ། །རྒྱན་གྱི་ངེས་དོན་རྒྱས་པ་འོག་ནས་འབྱུང་བས་འདིར་མ་སྨོས་ལ། རྣ་ཆ་བཟོད་པ། འཁོར་ལོ་བསམ་གཏན། སྐ་རགས་བརྩོན་འགྲུས། གདུ་བུ་


KMC011_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས། ཕྲེང་བ་སྦྱིན་པའི་ངོ་བོར་རྩ་རྒྱུད་རྒྱས་པ་ལས་བཤད་པ་དང་། སྟག་ལྤགས་ནི་སྲིད་གསུམ་འགྲོ་བ་ཐམས་ཅད་ཉོན་མོངས་པ་སྟག་དང་འདྲ་བས་ཟོས་པ་དེ་ཉིད་འཇོམས་པའི་མཚོན་བྱེད་དུ་ནཱ་རོ་པས་བཤད་ཅིང་། འཇིགས་པ་མེད་ཅིང་རྣམ་རྟོག་བྲལ་བའི་དོན་དུ་རང་བྱུང་ཞབས་བཞེད་དོ། །གསུམ་པ་ནི། བཟའ་བ་མི་འཆི་བཅུ་ཕྱེད་དེ། །དེའི་ཚེ་བཟའ་བ་ནི། མི་འཆི་བ་བཅུ་ཕྱེད་དོ། །ཞེས་རྐང་པ་གཅིག་གསུངས་ཏེ། དེ་ཡང་ཨ་མྲྀ་ཏའི་སྒྲ་ལས། མྲྀ་ཏ་ཞེས་པ་འཆི་བ་ཡིན་ལ། དེ་ཨ་ཐུང་གིས་བཀག་པས་འཆི་མེད་དེ། དེ་ནི་བདུད་རྩིའི་སྐད་དོད་ཡིན་པ་དང་། བཅུའི་ཕྱེད་ནི་ལྔ་ཡིན་ཞིང་། དེས་ན་བདུད་རྩི་ལྔ་ཟས་སུ་བཟའ་ཞེས་པའི་དོན་ནོ། །དེ་དག་རྡོ་རྗེ་ཐོད་སྦྱོར་གྱིས་བྱིན་གྱིས་བརླབས་ཏེ་བཟའ་བར་བྱའོ། །ངེས་དོན་ནི་ཡེ་ཤེས་ལྔ་བསྟེན་པ་མཚོན་ནོ། །བཞི་པ་ནི། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །ཁ་དོག་ལྔ་ལ་རྣམ་པར་གནས། །ཞེས་གསུངས་ཏེ། སྤྱོད་པ་སྤྱད་པ་པོ་ཧེ་རུ་ཀ་བཞི་པོ་གང་ཡང་རུང་བའི་ཏིང་ངེ་འཛིན་ལ་སྦྱོར་བ་རྩེ་གཅིག་ཏུ་གནས་པའི་སྐྱེས་བུ་སྒྲུབ་པ་པོ་དེ་ཉིད་སྤྱོད་ལམ་རྣམ་པ་བཞིས་རྣམ་པར་མི་གཡེང་བར་


KMC011_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཝརྞ་ཞེས་པ་རིགས་དང་ཁ་དོག་གཉིས་ཀར་འཇུག་པ་འགྱུར་འདིར་ཁ་དོག་ཏུ་བསྒྱུར་ཡང་། འགྱུར་གཞན་དང་འཆད་པ་པོ་རྣམས་རིགས་ཞེས་བརྗོད་ཚུལ་གཅིག་པར་མཛད་པས། ཕུང་པོ་ལ་སོགས་པ་ལྔ་པོ་རིགས་རྣམ་པ་ལྔར་གནས་པའི་རང་བཞིན་གྱིས་སྤྱོད་པ་སྤྱད་དོ་ཞེས་པའི་དོན་ཅན་ནོ། །ལྔ་པ་ནི། རིགས་ལྔ་དག་དང་མཉམ་ལྡན་པ། །རིགས་ནི་གཅིག་ཏུ་རྣམ་པར་བརྟག །ཁ་དོག་དུ་མ་ཉིད་ཀྱིས་ནི། །གང་ཕྱིར་དབྱེ་བ་མཚོན་མི་བྱ། །ཞེས་གསུངས་ཏེ། རྣལ་འབྱོར་པ་བྲམ་ཟེ་རྒྱལ་རྗེ་དམངས་མཐར་སྐྱེས་ཏེ་རིགས་ལྔ་པོ་དག་དང་རིགས་གཅིག་མཉམ་པ་ཉིད་དུ་རྟོགས་པ་དང་ལྡན་པས་རྡོ་རྗེ་སེམས་དཔའི་ལྷན་ཅིག་སྐྱེས་པའི་རིགས་ནི་གཅིག་ཉིད་དུ་རྣམ་པར་བརྟག་པར་བྱ་སྟེ། གཟུང་འཛིན་གྱི་རྣམ་པར་ཕྱེ་བའི་རིགས་དང་ཁ་དོག་ལ་སོགས་པ་དུ་མ་ཉིད་ཀྱིས་ནི་ཀུན་རྫོབ་ཙམ་དུ་གནས་པའི་ཕྱིར། རྟོག་པས་སྒྲོ་བཏག་པར་མི་བྱ་སྟེ། གང་གི་ཕྱིར་ཞེ་ན། ཀུན་རྫོབ་ཏུ་ཐམས་ཅད་སེམས་སྣང་ཙམ་ཡིན་པའི་ཕྱིར་དབྱེ་བ་དུ་མས་མཚོན་པར་མི་བྱའོ། །འདིས་ནི་ཕྱག་རྒྱ་སོགས་རིགས་ཐམས་ཅད་ལ་ཤེས་པར་བྱའོ། །དཔེར་ན། ཉོན་


KMC011_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པས་འཕངས་པ་ལས་བྱུང་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཁུ་ཁྲག་གི་ཐིགས་པ་ལས་བྱུང་བའི་ལུས་དང་། སྐད་ཅིག་མ་དང་སྟོང་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་རྣམས་རིགས་ལྔ་གའི་ཐུན་མོང་ངོ་། །དེ་བས་ན་རིགས་གཅིག་པར་རྣམ་པར་བཞག་སྟེ་སྒྱུ་མ་ལྟ་བུར་རྟོགས་པའི་རྣལ་འབྱོར་པས། འཇིག་རྟེན་པའི་ཐ་སྙད་ཀྱི་ལུགས་ཙམ་དུ་ཡང་གནས་པར་མི་བྱ་བས་གང་ལའང་འདམ་ཁ་མེད་པར་བལྟའོ། །གཉིས་པ་རྒྱས་བཤད་ལ་བཞི། སྤྱོད་པའི་སྔོན་འགྲོ། སྤྲོས་བཅས་ཀྱི་སྤྱོད་པ། སྤྲོས་མེད་ཀྱི་སྤྱོད་པ། དམ་ཚིག་དང་སྡོམ་པ་ལས་མི་འདའ་བའི་སྤྱོད་པའོ། །དང་པོ་ནི། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའམ་བས་མཐའ་རུ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ཞེས་གསུངས་ཏེ། ནུས་པ་མ་ཐོབ་པས་སྤྱོད་པ་བྱ་བར་མི་ནུས་པས། དྲོད་ཀྱི་ནུས་པ་ཐོབ་པར་བསྒྲུབ་པའི་དོན་དུ་གནས་གང་དུ་ཤིང་གཞན་གྱི་གྲིབ་མས་མི་ཕོག་པ་གཅིག་པུར་གྱུར་པ་དང་ནི། རོ་སྟོང་ཕྲག་དུ་མ་བཞག་པའི་དུར་ཁྲོད་ཆེན་པོའམ་བཞི་ཡན་ཆད་བཞག་པའི་དུར་ཁྲོད་ཆུང་ངུ་


KMC011_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མ་མོ་དྲག་མོ། ཚངས་མ། ཁྱབ་འཇུག་མ། དབང་མོ། ལུས་ངན་མོ། ཕག་མོ། རྒན་བྱེད་མ་སྟེ། རྣམ་པ་བདུན་གྱི་གཟུགས་ཡོད་པའི་ཁང་པ་ནི་མ་མོའི་ཁྱིམ་དང་། དེ་རྣམས་སུ་རྒྱུན་དུ་འཁོད་པར་མ་ལྕོགས་ཀྱང་མཚན་མོའི་དུས་སུ་གནས་པ་དང་། ཡང་ན། སྐྱེ་བོའི་རྒྱུན་ལུགས་མེད་པས་དབེན་པ་རིའི་བྱ་སྐྱིབས་ལ་སོགས་པའམ། གྲོང་ལས་བར་མཚམས་ཐག་རིང་བ་མི་མེད་པའི་ས་ཕྱོགས་ནི་བས་མཐའ་སྟེ། གྲོང་དང་གྲོང་ཁྱེར་སོགས་ཟད་པའི་མཐའ་ཞེས་པའི་ཐ་ཚིག་གོ། །དེ་འདྲ་བ་ལས་གང་ཡང་རུང་བ་རུ་སྒོམ་པ་བཟང་བར་བརྗོད་པར་བྱ་བ་ཡང་། རྒྱལ་བ་སྒྲུབ་པའི་གནས་སུ་བསྔགས་ཏེ་མྱུར་དུ་ཡོན་ཏན་སྐྱེ་བའི་ཕྱིར་རོ། །འདི་ནི་བརྟུལ་ཞུགས་ཀྱི་སྤྱོད་པའི་སྔོན་དུ་འགྲོ་བ་གསང་བའི་སྤྱོད་པའོ། །ནང་དོན་ནི། ཤིང་གཅིག་ནི་རྩ་དབུ་མ་དང་། དུར་ཁྲོད་ནི། ལུས་དང་དབང་པོའི་སྒོའོ། །མ་མོའི་ཁྱིམ་ནི། རྣལ་འབྱོར་མ་བཅོ་ལྔའི་གནས་ཏེ། རྩ་མ་མོ་དང་མཚན་མོ་ལ་སོགས་པའི་རྩ་སུམ་ཅུ་རྩ་གཉིས་སོ། །དབེན་པ་ནི། རྩ་དེ་རྣམས་སུ་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་དབེན་པ་དབུ་མར་འཇུག་པར་བརྩམས་པ། བས་མཐའ་ནི། དབང་པོའི་སྒོར་སོན་


KMC011_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རླུང་དགག་པར་བྱ་སྟེ། སྒོམ་པ་འདི་ནི་བདེ་སྟོང་འགྱུར་བ་མེད་པས་བཟང་པོར་ཁ་སྦྱོར་དང་ཕྱག་ན་རྡོ་རྗེའི་འགྲེལ་པ་ལས་བརྗོད་དོ། །གཉིས་པ་ལ་དྲུགགང་གིས་སྤྱད་པའི་གང་ཟགསྤྱོད་པའི་གྲོགས། དེ་སྤྱད་ཚུལ། གྲོགས་དེ་བསྟེན་ཚུལ། རྒྱན་གྱི་རྣམ་དགལྷའི་རྣལ་འབྱོར་རོ། །དང་པོ་ནི། ཅུང་ཟད་དྲོད་ནི་ཐོབ་པ་ན། །གལ་ཏེ་སྤྱོད་པ་བྱེད་འདོད་པས། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་ན། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་གསུངས་ཏེ། འདིར་བསྟན་པའི་སྤྱོད་པ་འདི་དག་ཐོག་མ་ཉིད་ནས་བྱའམ་ཞེ་ན། མ་ཡིན་ཏེ། ཅུང་ཟད་དྲོད་ནི་ཐོབ་པ་ནའོ། །དྲོད་དེའི་རྟགས་ཇི་ལྟ་བུ་ཞེ་ན། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བའི་འཚེ་བ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ནི་ཉོན་མི་མོངས། །ཕན་དང་གནོད་པའི་འབྲས་འབྱུང་བ། །ཞེས་བརྟག་པ་ཕྱི་མ་ལས་འཆད་པར་འགྱུར་བ་དང་། བོད་ཀྱི་བླ་མ་དགརབ་བདེན་པ་མཐོང་བ། འབྲིང་ཆོས་བརྒྱད་མགོ་སྙོམས་པ། ཐ་མ་རྫུ་འཕྲུལ་སྟོན་ནུས་པར་བཞེད་དོ། །དེས་ན་དྲོད་ནི་ཞེས་པ་ལ། ཆུང་འབྲིང་ཆེན་པོ་གསུམ་གའམ། ཅུང་


KMC011_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཅེས་པས་བླ་མ་དག་གི་བཞེད་པས་འབྲིང་དང་ཐ་མ་ཙམ་ཐོབ་པ་ན་ཡང་། གལ་ཏེ་སམྦུ་ཊར་བཤད་པ་རྒྱལ་ཚབ་ལ་སོགས་པའི་སྤྱོད་པ་བྱེད་པར་འདོད་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོགགལ་ཏེ་ཚེ་འདི་ལ་མྱུར་དུ་འགྲུབ་པར་འགྱུར་བའི་འདོད་པ་ཡོད་ན། ཚུལ་འདིས་ནི་སྤྱོད་པ་སྤྱད་པར་བྱ་བ་ཉིད་དོ། །དེའི་ཤུགས་བསྟན་གྱིས་ཚེ་འདིར་སྤྱོད་པ་བྱེད་མི་འདོད་པས་ལམ་རྒྱུན་ལྡན་དུ་བསྒོམ་པར་བྱ་ཡི། སྤྱོད་པ་རྣམ་པ་ཀུན་ཏུ་མི་བྱར་མི་རུང་བའང་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །གཉིས་པ་ནི། ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བྱ་བར་རྟོགས་པར་བྱ། །རྡོ་རྗེའི་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷ་ཡི་རིགས་ཀྱིས་བྱ། །ཡང་ན་གཞན་གྱི་རིགས་བྱུང་བ། །ཞེས་གསུངས་ཏེ། སྤྱོད་པའི་རྣལ་འབྱོར་ཅན་དེའི་གྲོགས་ནི་ཤིན་ཏུ་བཞིན་རས་མཛེས་ཤིང་བཟང་ལ་ཕྲག་དོག་མེད་པས་མིག་ཡངས་པ་མ། དེ་ཡང་རྣལ་འབྱོར་པ་རང་གིས་དབང་བསྐུར་ཞིང་སེམས་ཅན་ལ་སྙིང་རྗེ་ཆེན་པོ་དང་ལྡན་པས་རྒྱུད་གང་བ་ཅན་རྡོ་རྗེའི་རིགས་ཀྱི་བུ་མོ་ལུས་ཤིན་ཏུ་


KMC011_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རིང་མིན་ཐུང་བ་མིན། ཞེས་སོགས་འོག་ནས་སྟོན་པར་འགྱུར་བའི་མཚན་ཉིད་དང་ལྡན་པ་འདི་གྲོགས་སུ་ཁྱེར་ནས་སྤྱོད་པ་བྱ་བར་རྟོགས་པར་བྱ་སྟེ། རིག་མ་མཚན་ལྡན་དང་འགྲོགས་པ་འདིས་ནི་ཡོན་ཏན་སྐྱེད་པར་བྱེད་དོ། །འདིས་ནི་རྣལ་འབྱོར་པ་རང་ཉིད་རིགས་གང་ཡིན་ཀྱང་རུང་ཕྱག་རྒྱ་རྡོ་རྗེའི་རིགས་ཅན་མ་མཆོག་ཏུ་བསྟན་ནོ། །དེ་ལྟ་བུའི་རྡོ་རྗེའི་རིགས་ཀྱི་མཚན་ཉིད་དང་ལྡན་པ་དངོས་མེད་ན། རང་འདོད་ལྷའི་རིགས་ནི། སྒྲུབ་པ་པོ་པདྨའི་རིགས་ཅན་གྱིས་ཕྱག་རྒྱ་པདྨ་ཅན་བསྟེན་པ་ལྟ་བུའམ། ཁ་དོག་གིས་རིགས་ངེས་པར་གྱུར་པ་སྒྲུབ་པ་པོ་རྣམ་སྣང་གི་རིགས་ཀྱིས་དཀར་པོ་རྣམ་སྣང་གི་བྲམ་ཟེ་མ་ལྟ་བུ་རྣལ་འབྱོར་པ་གང་གི་རིགས་ཡིན་པ་དེ་དང་མཐུན་པར་བྱ། ཡང་ན། དེ་ལས་གཞན་གྱི་རིགས་ལས་བྱུང་བ་གར་མ་ཚོས་མ་སོགས་མཚན་ལྡན་མའམ། མི་ལས་ཡ་མཚན་ཅན་མ་རྙེད་ན། ལྷའམ་དྲི་ཟ་ལ་སོགས་ཀྱི་རིགས་ལས་བྱུང་བ་ཡང་རུང་སྟེ། རིགས་སུམ་ཅུ་སོ་དྲུག་གི་རྣལ་འབྱོར་མ་ཡ་མི་ནཱི་ལ་སོགས་པ་རྣམས་ཀྱི་མཚན་མ་དང་ལྡན་པ་བསྟེན་པར་བྱ་སྟེ། འདི་དངོས་གྲུབ་མྱུར་བའི་དོན་ཡིན་ནོ། །ཕྱག་རྒྱ་མའི་མཚན་ཉིད་


KMC011_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ངེས་དོན་དང་སྦྱར་བ་ནི། ཌྷཾ་ག་ད་ཤས། བཞིན་བཟང་བ་གསུང་རྡོ་རྗེའི་ངོ་བོ་དང་། མིག་ཡངས་མ་ཤེས་རབ་དང་ལྡན་པས་ཐུགས་རྡོ་རྗེ། དབང་བསྐུར་སེམས་བསྐྱེད་སྐུ་རྡོ་རྗེ། སྙིང་རྗེ་ཅན་བདེན་པ་གཉིས་ཀའི་རང་བཞིན་སོགས་བཤད་དོ། །གསུམ་པ་ནི། བྱང་ཆུབ་ས་བོན་གདབ་པ་དང་། །སྦྱངས་པ་ཡིས་ནི་གཟུང་བར་བྱ། །ཞེས་གསུངས་ཏེ། མཚན་ཉིད་དང་ལྡན་པའི་གྲོགས་རྙེད་ཀྱང་གྱ་ཚོམ་དུ་བསྟེན་པར་མི་བྱ་ཡི་ཐོག་མར་རྒྱུད་སྦྱངས་ནས་ཡོན་ཏན་དང་ལྡན་པར་བྱ་དགོས་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་སྨོན་འཇུག་གི་སེམས་བསྐྱེད་རྒྱུད་ལ་གདབ་པ་དང་། གོང་དུ་གསུངས་པ་ལྟར། དབང་བསྐུར་ནས་བསྐྱེད་རྫོགས་བསྒོམ་པས་སྔོན་དུ་དེ་ཡི་རྒྱུད་སྦྱངས་པ་ཡིས་ནི་ཕྱི་ནས་སྤྱོད་པའི་གྲོགས་སུ་གཟུང་བར་བྱའོ། །འདིའི་ངེས་པའི་དོན། དཔལ་ནཱ་རོ་པས། བྱང་ཆུབ་སེམས་ཀྱི་གནས་ལུགས། ས་བོན་ནི་དེ་རྟོགས་པའི་རྒྱུ་སྐྱེ་བ་གཞན་དུ་བསོད་ནམས་བསགས་པ་དང་བླ་མའི་མན་ངག་གི་རྒྱུད་སྦྱངས་པ་ལས། རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་ཆེན་པོ་མངོན་དུ་རྟོགས་པ་དེ་ཉིན་དང་མཚན་དུ་བསྒོམ་པས་བཟུང་ནས་བཅོས་མིན་གྱི་


KMC011_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་སྤྱད་པའི་དོནདུ་བཤད་དོ། །བཞི་པ་ནི། གལ་ཏེ་དགའ་བས་གླུ་བླངས་ཏེ། །དེ་ཚེ་རྡོ་རྗེ་མཆོག་ལྡན་ནོ། །གལ་ཏེ་དགའ་བ་སྐྱེས་པ་ན། །ཐར་པའི་རྒྱུར་ནི་གར་བྱ་སྟེ། །དེ་ཚེ་རྡོ་རྗེ་རྐང་པས་གར། །ཡོ་གིས་མཉམ་པར་བཞག་པས་བྱེད། །ཅེས་གསུངས་ཏེ། གལ་ཏེ་དེ་ལྟར་ཐབས་ཤེས་ཚོགས་པའི་ཚེ། ཕན་ཚུན་སྤྲོ་བ་སྐྱེད་པའི་ཕྱིར་སེམས་ལྷན་སྐྱེས་ཀྱི་དགའ་བས་ཀོ་ལ་ཨི་རི་སོགས་ཀྱི་གླུ་བླངས་ཏེ། དེ་ཚེ་རྡོ་རྗེ་མཆོག་ལྡན་ཞེས་པའི་དོན་ནི། གྲུབ་ཆེན་མཚོ་སྐྱེས་ཀྱིས། རྡོ་རྗེའི་ཚིག་དང་ལྡན་པ་ཉིད་ཀྱིས་གླུ་བླང་བར་བྱ་སྟེ། གྲོང་གི་གླུ་བྱ་བ་ཡང་མ་ཡིན་ནོ། །ཞེས་ཕལ་པ་སྤངས་པས་མཆོག་ལྡན་ནོ། །གལ་ཏེ། རྣལ་འབྱོར་གྱི་སྟོབས་ཀྱིས་དགའ་བ་སྐྱེས་པ་ན། ཐར་པ་ནི་དཔལ་ནཱ་རོ་པས་མཆོག་ཏུ་མི་འགྱུར་བདེ་བ་ལ་བཤད་པས། དེ་ཉིད་ཐོབ་པའི་རྒྱུར་ནི་གར་གྱི་སྤྱོད་པ་སྣ་ཚོགས་པ་རྒྱལ་བས་བཤད་པ་བཞིན་བྱ་སྟེ། དེ་ཚེ་རྡོ་རྗེ་མི་ཕྱེད་པའི་བདག་ཉིད་ཀྱི་རྐང་པས་གར་གཡས་བརྐྱང་ལ་སོགས། ཡོ་གི་སྟེ་རྣལ་འབྱོར་པས་བདེ་སྟོང་གཉིས་མེད་ཀྱི་ངང་དུ་སེམས་མཉམ་པར་བཞག་པ་ལས་མ་གཡོས་པས་བྱེད་དོ། །འདིའི་ངེས་དོན་


KMC011_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ནཱ་རོ་པས། གང་གི་ཚེ་དགའ་བ་ལ་སོགས་པ་བཞི་པོ་བསྐྱེད་པའི་དོན་དུ་གླུས་བསྐུལ་བ་ནི་ལས་ཀྱི་རླུང་གིས་མངོན་པར་བསྐུལ་ནས། སྣ་གཡས་ནས་རླུང་རྒྱུ་བ་ནི་གཡས་བརྐྱང་། གཡོན་ནས་རྒྱུ་བ་ནི་གཡོན་བརྐྱང་། གཉིས་ཀ་ནས་རྒྱུ་བ་དབུགས་མཉམ་པ་ནི་མཉམ་པའི་སྟངས་སྟབས་དང་། ནམ་མཁའི་རླུང་ནི་ས་ག་སྟེ། སྟང་སྟབས་དེ་རྣམས་ཀྱི་སྦྱོར་བས་ལུས་ཀྱིས་བཏུལ་ཏེ། རྣལ་འབྱོར་ཅན་གྱི་སེམས་མཉམ་པར་འཇོག་པར་བྱེད་དོ་ཞེས་རྒྱས་པར་གསུངས་པའི་དོན་ཏོ། །རྡོ་རྗེའི་བུ་མོ་ནས་འདིའི་བར་སྦས་དོན་ལ་སྦྱར་བ་ནི། རྡོ་རྗེའི་ཕྱག་རྒྱ་མ་ཨ་ཐུང་། རང་འདོད་ལྷའི་རིགས་ཁམས་ལྔ། གཞན་གྱི་རིགས་སྲོག་རྩོལ། བྱང་ཆུབ་ས་བོན་རླུང་སེམས། སྦྱངས་པ་དབུ་མར་གཞུག་པ། གླུ་བླངས་པ་ནི་ལས་རླུང་གིས་བསྐུལ་བ། གར་བྱེད་པ་སེམས་རྩེ་གཅིག་པ། མཉམ་བཞག་ནི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ལྔ་པ་ལ་གཉིས། ལུས་རྒྱན་དང་། ལག་ཆའོ། །དང་པོ་ནི། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་པར་རྣམ་པར་སྣང་མཛད་


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next