Nitartha Digital Library
Tibetan
 
previousརྒྱུད་རྒྱལ་སྒྱུ་འཕྲུལ་གསང་བ་སྙིང་པོ།no next

རྒྱུད་རྒྱལ་སྒྱུ་འཕྲུལ་གསང་བ་སྙིང་པོ།

རྒྱུད་རྒྱལ་སྒྱུ་འཕྲུལ་གསང་བ་སྙིང་པོ་འདི། །ཀུན་སྟོན་པ་བཟང་ཕྱག་རྡོར་སྡུད་པ་པོ་རྒྱལ་པོ་ལས་འཕྲོ་ཅན་ལ་བྱིན་བརླབས་ཛ་ལ་བཤད། །ཀུ་ཀུ་ར་ཛ་ཨནྟྲ་བྷོ་དྷི་དང་། །སྲས་མོ་གོ་མ་སངས་རྒྱས་གསང་ལ་རྒྱུད། །དེའི་སློབ་མ་བྲན་བོད་ཀྱི་ལོ་ཙཱ་བ་ཀ་མུ་རེ་དང་། །མནྫུ་ཤྲི་གཉིས་ལོ་ཙཱ་སྒྲ་སྒྱུར་མཁན། །སངས་རྒྱས་གསང་བས་རྒྱ་གར་གྱི་སློབ་མ་བི་མ་མི་ཏྲ་ལ། །བྲན་ཀ་འཇམ་དཔལ་བི་མ་རྣམ་གསུམ་ལ། །རིན་ཆེན་མཆོག་གིས་ཞུས་ནས་སློབ་མ་ནི། །བཞི་སྟེ་གང་ཡིན་ཞེ་ན། གྱེ་རེ་མཆོག་སྐྱོངས་གཙུག་རུ་གཞོན་ནུ་དང་། །དར་རྗེ་དཔལ་གྲགས་ཞང་རྒྱལ་ཡོན་ཏན་བཤད། །ཞང་གིས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། །ཡེ་ཤེས་དབང་ཕྱུག་བྱང་ཆུབ་རྒྱལ་མཚན་དང་། །སྐོར་ཐུང་ཤེས་རབ་ར་ཐུང་ཚུལ་ཁྲིམས་དང་། །མྱང་ཆེན་ཤེས་རབ་མཆོག་དང་ཡེ་ཤེས་འབྱུང་གནས་དང་། །ཟུར་ཆེན་ཤཱག་འབྱུང་ཤེས་རབ་གྲགས་པ་དང་། །སྐྱོ་སྟོན་ཤཱཀ་ཡེས་གཡུང་དྲུང་རྡོ་རྗེ་དང་། །སྐྱི་ནག་འོད་དཔལ་མཁས་པ་དབུས་གྲུར་རྒྱུད། །དབུས་གྲུའི་མཁས་པ་སྨོན་ལམ་སེང་གེ་ཡིས། །མན་ངག་བཤད་སྲོལ་འཆད་ལ་ཡི་གེར་བྲིས། །གསང་བ་སྒྲོགས་པའི་ཉེས་པ་རྡོ་རྗེར་བཤགས། །བདག་ཀྱང་ཁོང་རང་ཆེ་བར་འབྱིན་པ་ཡི། །དམ་མེད་ལག་ཏུ་དཔེ་འདི་མ་ཕྲད་ཅིག །མོས་གུས་དམ་ཚིག་ལྡན་པའི་གང་ཟག་ལ། །ཡིག་ཆ་འདི་ཡིས་འགྲོ་དོན་བྱེད་པར་ཤོག ༈ །རྒྱ་གར་གྱི་པན་ཏྲི་ཏ་སངས་རྒྱས་གསང་བ་དང་། བོད་ཀྱི་ལོ་ཙཱ་བ་བྷ་མནྫུ་ཤྲཱི་ཝར་རྨ་དང་། བྲན་ཀ་མུ་རི་ཏ་དང་། མྱང་མཆོག་རབ་གཞོན་ནུ་དང་། ཙངས་ཤི་ལེན་ཏྲ་དང་། འཇམ་དཔལ་གོ་ཆ་རྣམས་ཀྱིས་སྒྱུར། ཕྱིས་སངས་རྒྱས་གསང་བའི་སློབ་མ། ཁ་ཆེའི་མཁས་པ་ཆེན་པོ་བྷི་མ་ལ་མི་ཏ་ལ། མཁས་པ་སྣ་ཆ་ཅན་དང་། རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མ་ར་དང་། སོག་པོ་ལྷ་དཔལ་གྱི་ཡེ་ཤེས་དང་རྣམས་ཀྱིས་སྒྱུར་ཞིང་ཞུས། རྨ་རིན་ཆེན་མཆོག་གིས་སྐད་གསར་ཅད་ཀྱིས་བསབས། འགྱུར་ཡང་མཛད་དོ། །ལྷ་དཔལ་གྱི་ཡེ་ཤེས་ཀྱིས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བཤད། དེས་གནུབས་ཡོན་ཏན་རྒྱ་མཚོ་ལ་བཤད། དེས་མྱ་ཤེས་རབ་མཆོག་ལ་བཤད། དེས་མྱང་ཡེ་ཤེས་འབྱུང་གནས་ལ་བཤད། དེས་ཟུར་པོ་ཆེ་ཤཱཀ་འབྱུང་ལ་བཤད། དེས་ཟུར་ཆུང་ཤེས་རབ་གྲགས་པ་ལ་བཤད། དེས་གོང་བུ་བ་སྐྱོ་སྟོན་ཤཱཀ་ཡེས་ལ་བཤད། དེས་སྐྱོ་གཡུང་དྲུང་རྡོ་རྗེ་ལ་བཤད། དེས་སྐྱི་ནག་འོད་གསལ་ལ་བཤད། དེས་མཁས་པ་དབུས་གྲུ་ལ་བཤད། དེས་གནས་སྙིང་བ་ཆེན་པོ་ལ། དེས་སློབ་དཔོན་པ་ལ། སློབ་དཔོན་པས། བདག་འབེའི་སྟོན་པ་ཡེ་ཤེས་རྡོ་རྗེ་ལ་གནང་བའོ། ༈ །གསང་བ་སྒྲུ་འཕྲུལ་གྱི་རྒྱུད་པ་རྐྱང་པར་བགྲངས་ན། དཔལ་ཆོས་ཀྱི་དབྱིངས་ནས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་འོག་མིན་གནས་དཔའ་ལ་བཤད། དེས་བསྡུས་པ་ཅའ་ལོ་ཅན་པོ་ཕྱག་ན་རྡོ་རྗེ་ལ། དེས་རྒྱལ་པོ་ཕོ་བྲང་ཡང་ཐོག་ཏུ་ཡོ་གིའི་ཆར་བབ་ཛ་ལ། དེས་དགེ་སློང་ཀུ་ཀུ་ར་ཛ་ལ། དེས་ཨིན་ཏྲ་བོ་དེ་ལ། དེས་སྲས་མོ་མགོའ་མ་དེ་ཝི་ལ། དེས་སངས་རྒྱས་གསང་བ་ལ། བོད་ཀྱི་རི་བོ་གངས་ཅན་ཞེས་བྱ་སྟེ་གངས་ཏི་རྩེ་ལ། དེས་ཁ་ཆེའི་བི་མ་མི་ཏྲ་ལ། དེས་རྨ་རིན་ཆེན་མཆོག་ལ། འཕན་ཡུལ་གྱི་སྨན་སྣ་ཀི་ཀུ་པ། དེས་ཞང་རྒྱལ་བའི་ཡོན་ཏན་ལ། དེས་གནུབས་སངས་རྒྱས་སྒྲགས་ཡང་རྫོང་བ། ཡེ་ཤེས་ལ། དེས་སོ་ཡེ་ཤེས་དབང་ཕྱུག་རྩང་གི་ལྷན་པ་ལ། དེས་ངབ་ཐུང་བྱང་ཆུབ་རྒྱལ་མཚན་ལ། དེས་སྐོར་ཐུང་ཤེས་རབ་ཡེ་ཤེས་ལ། དེས་ར་ཐུང་ཤེས་རབ་ཚུལ་ཁྲིམས་ལ། དེས་མྱ་ཤེས་རབ་མཆོག་ལ། རོག་ལ་བན་པོ་པ་ལ། དེས་མྱ་ཡེ་ཤེས་འབྱུང་གནས་ལ། ཏག་ཏེ་ཆོས་ལུ་པ། དེས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ། དེས་ཟུར་ཆུང་ཤེས་རབ་གྲགས་པ་ལ། བྲག་རྒྱ་བོ་པ། དེས་གོ་བུའི་སྐྱོ་སྟོན་ཤག་ཡེ་ཤེས་ལ། ཕྱིས་སྐྱེར་མདའ་ན་བཞུགས། དེས་སྐྱོ་གཡུང་དྲུང་གཡོར་པོའི་ཡར་ལུ་པ་ཀྱི་ཕུ་ཐང་གི་རྒྱུ་འཆག་པ། རྡོ་རྗེ་ལ། དེས་སྐྱི་ནག་འོད་དཔལ་ལ། དམྱལ་སྟོད་མེ་རག་གནས་པ། དེས་མཁས་པའི་སློབ་དཔོན་མལ་གྲོ་བྱ་ནོང་པ། དབུས་གྲུ་སྨོན་ལམ་སེང་གེ་གྲུ་གུ་བློ་གྲོས་སེང་གེ་འདིས་རྗེ་ཕག་གྲུའི་སློབ་མ་རིན་པོ་ཆེ་ཤུག་རྩར་བ། ལྷ་ས་པ་དགེ་འདུན་སྐྱབས། གྲུ་གུ་སྟོན་པ་བློ་གྲོས་སེང་གེ། རྒྱན་ཐང་པ་རྣམས་ལ་ཡི་གེ་མ་ཡི་བུ་བཞི་ཟེར་བ་ཡིན་ཅེས་འགོས་ལོ་གཞོན་ནུ་དཔལ་གྱིས་གསུངས་སོ། །ལ་བཤད། དེས་བླ་མ་ཆེན་པོ་ལ། དེས་སློབ་དཔོན་ལ། དེས་འབེའི་སྟོན་པ་ཡེ་ཤེས་རྡོ་རྗེ་བདག་ལ་གནང་བ་ལགས་སོ། །ཞེས་པའི་རྒྱུད་རིམ་དྲངས་པར་འདུག་ལགས། ༈ །རིག་འཛིན་སྡེ་སྣོད་བྱེ་བའི་དགོངས་པའི་བཅུད། །རིག་འཛིན་བརྒྱུད་པ་མ་ཉམས་བཀའ་མའི་གཞུང་། །རིག་འཛིན་མྱུ་གུས་སྤར་དུ་བཏབ་སྤེལ་དགེས། །རིག་འཛིན་ཚོམ་བུས་ས་སྟེང་མཛེས་བྱེད་ཤོག །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག །དགེའོ།། །།

རྡརྙརྟལྕརྒྱ


previousརྒྱུད་རྒྱལ་སྒྱུ་འཕྲུལ་གསང་བ་སྙིང་པོ།no next