Nitartha Digital Library
Tibetan
 
previousདམ་པ་བདེ་གཤེགས་ཀྱིས་མཛད་པའི་ཐེག་དགུ་སྤྱི་བཅིང་གི་འགྲེལ་བཤད་ཉི་མའི་འོད་ཟེར། ཡེ་ཤེས་རྒྱལ་མཚན།no next

དམ་པ་བདེ་གཤེགས་ཀྱིས་མཛད་པའི་ཐེག་དགུ་སྤྱི་བཅིང་གི་འགྲེལ་བཤད་ཉི་མའི་འོད་ཟེར། ཡེ་ཤེས་རྒྱལ་མཚན།

དམ་པ་བདེ་གཤེགས་ཀྱིས་མཛད་པའི་ཐེག་དགུ་སྤྱི་བཅིང་གི་འགྲེལ་བཤད་ཉི་མའི་འོད་ཟེར་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་བཀའ་སྡོད་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཆོས་དབྱིངས་མཉམ་ཉིད་གདལ་ཁྱབ་ཆེན་པོའི་ངང་། །འཁོར་འདས་གཉིས་མེད་རོ་གཅིག་ཀློང་དུ་གྱུར། །མཁྱེན་བརྩེའི་བདག་ཉིད་དཔལ་ལྡན་དབང་ཕྱུག་ཆེ། །ཀུན་བཟང་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །གང་ཞིག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །གང་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །གང་དེར་མཛད་པ་བཅུ་གཉིས་མངོན་སངས་རྒྱས། །བཅོམ་ལྡན་ཐུབ་དབང་ཁྱེད་ལ་ཕྱག་འཚལ་ལོ། །ཀུན་བཟང་ཐུགས་ལས་རྣམ་འཕྲུལ་ཐུགས་ཀྱི་སྲས། །ཐེག་ཆེན་གསང་སྔགས་ཟབ་མོ་འཛིན་བྱེད་ཅིང་། །གདུལ་དཀའི་གདུལ་བྱ་མ་ལུས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །གཏི་མུག་མ་རིག་མུན་པའི་ཀློང་ཆེན་དེར། །ཡེ་ཤེས་སྒྲོན་མེའི་གསལ་རྒྱུན་རབ་ཏུ་བལྟམས། །བདག་བློའི་ཐེ་ཚོམ་དྲ་བ་གཅོད་མཛད་པའི། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་རྒྱལ་བའི་གསུང་རབ་པདྨོའི་ཚལ། །འགྲེལ་བཤད་ཉི་མའི་ཟེར་གྱིས་རྣམ་པར་ཕྱེ། །དད་ལྡན་རྐང་དྲུག་ལྡན་ལ་དགའ་སྟོན་འགྱེད། །ལོ་པཎ་སྐྱེས་མཆོག་ཉིན་བྱེད་རྣམས་ལ་འདུད། །སངས་རྒྱས་བསྟན་པ་གངས་རི་དྲི་མེད་ལ། །ཐོས་བསམ་སྒོམ་གསུམ་སྒྲུབ་ཚུལ་སེང་གེ་འགྱིང་། །ལྟ་ངན་རི་དྭགས་ཐ་དག་འཇོམས་མཛད་པ། །རྒྱ་གར་འཕགས་པའི་མཁས་གྲུབ་རྣམས་ལ་འདུད། །རྒྱ་གར་མཁས་པའི་རིགས་སུ་སྐུ་འཁྲུངས་ཤིང་། །ཁ་བ་ཅན་དུ་ཆོས་ཀྱི་སྒྲོན་མེ་སྦར། །བདེ་བ་ཅན་དེར་བློ་གྲོས་སྙིང་པོར་གྲགས། །བསྟན་པའི་སྲོག་ཤིང་དམ་པ་ཉིད་ལ་འདུད། །ཐོས་བསམ་སྒོམ་པའི་དོན་ལ་ལེགས་སྦྱངས་ནས། །དལ་འབྱོར་ལུས་ལ་བསླབ་གསུམ་རྒྱན་གྱིས་མཛེས། །འཆད་རྩོད་རྩོམ་པའི་དོན་ལ་མ་རྨོངས་པའི། །བསྟན་འཛིན་བོད་ཀྱི་སྐྱེས་མཆོག་རྣམས་ལ་འདུད། །སྡེ་སྣོད་རྒྱ་མཚོའི་དབུས་ནས་ལེགས་སྐྱེས་ཤིང་། །ཉམས་མྱོང་བདུད་རྩིའི་འདབ་མ་མདངས་གསལ་ཅིང་། །བཅུད་འདོད་རྐང་དྲུག་ལྡན་རྣམས་ཚིམ་མཛད་པ། །དྲིན་ཆེན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐུབ་དབང་བསྟན་པ་ལེགས་བཤད་ཆུ་གཏེར་ལས། །དེད་དཔོན་ཆེན་པོ་སངས་རྒྱས་གཉིས་པ་ཡིས། །ལེགས་པར་སྲུབས་ལས་ལེགས་བཤད་རིན་ཆེན་འབྱུང་། །རྣམ་བཤད་འཆད་ཉན་རྒྱལ་མཚན་རྩེ་མོར་ཕྱར། །ལུང་རིག་དུ་མས་བྱི་དོར་བྱེད་ན་སྙམས། །དེ་ཡང་རང་བཟོ་མ་ཡིན་མཁས་པའི་གཞུང་། །ལེགས་བཤད་རྣམས་ལ་ཡང་ཡང་དཔྱད་པ་དང་། །གཞུང་ལུགས་འདི་ཡང་མང་དུ་ཐོས་པ་དང་། །བླ་མ་རྣམས་ཀྱི་མན་ངག་གསུང་སྒྲོས་རྣམས། །ལེགས་པར་སྦྱར་ནས་བན་ཆུང་བདག་གིས་ནི། །འགྲེལ་བཤད་ཉི་མའི་འོད་ཟེར་བརྗོད་པར་བྱ། །འོན་ཀྱང་དུས་ཀྱིས་མནར་བའི་སྐྱེ་བོ་ཕལ་པ་འགས། །ཕྱིན་ཅི་ལོག་རྟོག་མ་དག་སྣང་བ་འཆར། །ལེགས་བཤད་ཟེར་ཡང་ལོག་བཤད་དུ་མ་འབྱུང་། །ཕ་རོལ་འགྲན་དང་གྲགས་པ་འདོད་ཕྱིར་དང་། །ཟས་ནོར་ལོངས་སྤྱོད་འདུ་འཛི་སྤེལ་ཕྱིར་ཕྱུང་། །སྙམ་པའི་བསམ་པས་ཅུང་ཟད་མ་དཔྱད་མཛོད། །འདིར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་སྲོག་ཤིང་ཐེག་པ་མཐའ་དག་གི་ཤན་འབྱེད། ཕྱི་རོལ་པ་དང་ནང་པའི་གྲུབ་མཐའ་མ་འདྲེས་པར་གསལ་བར་བྱེད་པའི་མེ་ལོང་། གཏན་ཚིག་གིས་གཏན་ལ་ཕབ། ལུང་རིག་གིས་གདར་ཤ་བཅད། གྲུབ་མཐའ་མ་ནོར་བར་དམིགས་ནས་བླངས་པའི་མན་ངག་སློབ་དཔོན་ཆེན་པོ་དམ་པ་བདེ་བར་གཤེགས་པས་མཛད་པའི་ཐེག་པ་སྤྱི་བཅིང་འདི་ལ། འཆད་ཉན་ཅི་ལྟར་བྱ་བའི་ཚུལ་དང་། གང་འཆད་པར་བྱ་བ་ཆོས་ཀྱི་རྣམ་བཞག །འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་དང་གསུམ་དུ་གནས་པ་ལས། དང་པོ་ལ་གཉིས་ཏེ། འཆད་པ་པོ་སློབ་དཔོན་གྱི་རྣམ་བཞག །ཉན་པ་པོ་སློབ་མའི་མཚན་ཉིད་དོ། །འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད་ལ་གསུམ་ཏེ། སློབ་དཔོན་དེའི་མཚན་ཉིད་དང་། དེས་ཆོས་བཤད་ཚུལ། ཆོས་བཤད་པའི་ཕན་ཡོན་དང་གསུམ་ཡོད། དང་པོ་ལ་གཉིས་ཏེ། མཚན་ཉིད་ལྟར་ན། ཚུལ་ཁྲིམས་ཀྱིས་ལུས་དག་པ། ཐོས་བསམ་གྱིས་ངག་དག་པ། ཏིང་ངེ་འཛིན་གྱིས་སེམས་དག་པ། བྱམས་སེམས་སྙིང་རྗེ་བྱང་ཆུབ་སེམས་དང་ལྡན་པའི་ཆོས་བཞི་དང་ལྡན་དགོས་ཏེ། ཆོས་རྒྱལ་དྲི་མ་མེད་པའི་མདོ་ལས། །ཚུལ་གནས་ཐོས་དང་ཏིང་འཛིན་གྱིས། །ལུས་གཙང་སྨྲ་མཁས་སེམས་མི་གཡོ། །སེམས་ཅན་ཀུན་ལ་བྱམས་སེམས་ལྡན། །དེ་འདྲ་བཤེས་གཉེན་དམ་པར་མཛོད། །ཅེས་གསུངས་སོ། །གསང་སྔགས་ལྟར་ན། ཆོས་ཀུན་མཉམ་པ་ཉིད་ཀྱི་དོན་ཤེས་པ། །རྒྱུད་གཞུང་ཟབ་མོ་བཤད་པ་ལ་མཁས་པ། སྔགས་ཀྱི་སྦྱོར་བ་སྟེ། དབང་རབ་གནས་སྦྱིན་བསྲེག །དཀྱིལ་ཆོག་ཐ་དག་ལ་མཁས་ཤིང་ཁོང་དུ་ཆུད་པ། བརྒྱུད་པའི་ཟམ་མ་ཆད་པ། དབང་བཞིའི་ཆུ་བོ་མ་ནུབ་པ། བྱིན་རླབས་ཉམས་མྱོང་གི་དྲོད་མ་ཡལ་བ། སྙན་རྒྱུད་དམ་ཚིག་གི་གནད་མ་འཆུག་པ་ཞིག་དགོས་ཏེ། གསང་སྒྲོན་ལས། གཞི་རྩ་སྟོང་པ་ཉིད་དུ་ཤེས། །རྒྱུད་བཤད་སྔགས་ཀྱི་སྦྱོར་བ་མཁས། །ཐུགས་རྗེ་ཆེ་ལ་འདོད་པ་ཆུང་། །དབང་རྣམས་ཐོབ་ཅིང་ཏིང་འཛིན་གསལ། །ཅེས་དང་། གཞན་ཡང་ཤེས་བྱའི་སྡེ་སྣོད་ཐ་དག་ལ་མཁས་ན་ལེགས་མོད་ཀྱིས། འོན་ཀྱང་རང་གི་གཞུང་ལུགས་ཁས་གང་བླངས་པའི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པ་ཞིག་ནམ་ཡང་དགོས་སོ། །གཉིས་པ་དེས་ཆོས་བཤད་པའི་ཚུལ་ནི། དམ་ཆོས་པདྨ་དཀར་པོ་ལས། མཁས་པས་དུས་སུ་སེམས་པར་བྱེད་པ་ནི། །ཁང་བུར་ཞུགས་ཏེ་དེ་བཞིན་སྒོ་བཅད་ནས། །ཆོས་འདོད་ཐམས་ཅད་ལ་ནི་ཚུལ་བཞིན་བལྟ། །ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་ཤོད། །མཁས་པ་བདེ་ལ་རྟག་ཏུ་གནས་པར་འགྱུར། །བདེ་ལ་འདུག་ནས་དེ་བཞིན་ཆོས་ཀྱང་སྟོན། །གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་དེར། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་ནས། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བའི། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །རྔུལ་གཟན་ནག་པོ་དེ་ནི་བཤམས་བྱས་ལ། །ཤམ་ཐབས་ཆ་ཚང་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་བཏིང་པ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་པ། །རྐང་པ་ལེགས་པར་བཀྲུས་ལ་སྟེང་འཛེག་ནས། །གདོང་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང་། །ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །དགེ་སློང་དག་དང་དགེ་སློང་མ་རྣམས་དང་། །དགེ་བསྙེན་དག་དང་དགེ་བསྙེན་མ་དག་དང་། །རྒྱལ་པོ་དགེ་དང་རྒྱལ་བུ་རྣམས་ལ་ཡང་། །མཁས་དེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བའི་རྣམ་པའི་འདུ་ཤེས་བསྐྱེད་མི་བྱ། །མཁས་པ་མི་དགའ་ཐམས་ཅད་རྣམ་པར་སྤངས། །བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཉིན་མཚན་དུ་ཡང་ཆོས་མཆོག་རབ་ཏུ་བསྒོམ། །མཁས་པ་དེ་ནི་བྱེ་བ་ཁྲག་ཁྲིག་གི། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། །ཟས་དང་སྐོམ་དང་བཟའ་བ་བཅའ་བ་དང་། །གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི། །ན་བའི་གསོ་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་བསླང་ངོ་། །གཞན་ཏུ་མཁས་པ་རྟག་ཏུ་བདག་ཉིད་དང་། །སེམས་ཅན་འདི་དག་སངས་རྒྱས་ཐོབ་པར་ཤོག །ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་དེ། །བདག་གི་བདེ་བའི་ཡོ་བྱད་ཀུན་སྙམས་སེམས། །ཅེས་གསུངས་པའི་ལུང་འདི་དག་གི་དོན་ཉམས་སུ་བླངས་ཤིང་ཕྱག་ལེན་ལ་ཐེག་པར་མཛོད། གཞན་ཡང་རྙེད་པ་དང་བཀུར་སྟི་འདོད་པའི་ཕྱིར་བཤད་ན། ལྷའི་བྱར་སྐྱེ་བར་འགྱུར་ལ། གཞན་དང་འགྲན་པ་དང་གྲགས་པ་འདོད་པའི་ཕྱིར་བཤད་ན་ཡུལ་མཐའ་འཁོབ་ཀྱི་རྒྱལ་པོ་གདུག་པ་ཅན་དུ་སྐྱེ་བར་འགྱུར་རོ། །ཅེས་དྲན་པ་ཉེར་བཞག་ལས་གསུངས་སོ། །མདོར་ན་ཚེ་འདིའི་བསམ་པ་ཐ་དག་སྤངས་ནས། ཆོས་ཀྱི་སྦྱིན་པ་འདིས་སློབ་མ་འདི་དག་གིས་ཐོག་དྲངས་ནས་སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་གསུམ་བསྐྱེད་ཅིང་། ཉོན་མོངས་པ་ཐམས་ཅད་བསལ་བ་དང་། མ་འོངས་པ་ན་མངོན་པར་རྫོགས་པ་སངས་རྒྱས་པའི་ཚེ། ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱའོ་སྙམ་པའི་བསམ་པ་རྣམ་པར་དག་པ་དང་། དངོས་གཞི་ལ་ཡང་། ཞི་བ་ལྷས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །ཐེག་པ་དམན་ལ་དཀྲི་མི་བྱ། །དམན་ལ་ཟབ་དང་རྒྱ་ཆེ་དང་། །ཞེས་གསུངས་པའི་ཕྱིར། རང་ཉིད་ཚིག་དང་དོན་ལ་མ་རྨོངས་པ། སློབ་མ་དབང་པོ་རྣོ་རྟུལ་དང་རྗེས་སུ་མཐུན་པའི་ཆོས། མདོ་རྒྱས་རབ་འབྲིང་ཐ་མ་ལ་སོགས་པ་མ་ནོར་བར་བཤད་པའི་དུས་སུ། རང་གི་བརྗོད་བདེ། གཞན་གྱིས་རྟོགས་སླ། གཉིས་ཀའི་རྣ་བར་སྙན་ཅིང་ཡིད་ཆགས་པའི་ཚུལ་དུ་བཤད་ཅིང་། རྗེས་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་དུ་བསྔོ་བས་ཟིན་པར་བྱའོ། །གཞན་ཡང་གསང་སྔགས་ཀྱི་བཤད་ཚུལ་ལ་མཐའ་དྲུག །ཚུལ་བཞི། ལྡེམ་དགོངས་བརྒྱད། བཤད་ཐབས་འདྲེན་པའི་ཚིག་བཅུ་རྣམས་ནི་གཞན་དུ་ཤེས་པར་བྱའོ། །གསུམ་པ་དེ་ལྟར་བཤད་པའི་ཕན་ཡོན་ནི། སྦྱིན་པ་རྣམས་ཀྱི་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག་ཏུ་གསུངས་པས། རང་གཞན་གྱི་ཉོན་མོངས་པ་ཐམས་ཅད་བསལ་བའི་རྒྱུ་ཡིན་པ་དང་། ཚེ་རབས་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པའི་རྒྱུ་ཡིན་པ་དང་། དམ་པའི་ཆོས་དང་ནམ་ཡང་མི་འབྲལ་ཞིང་། མ་འོངས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པར་གསུངས་པ་སྟེ། བྱམས་པ་སེངྒེ་སྒྲས་ཞུས་པའི་མདོ་ལས། །སྟོང་གསུམ་འཇིག་རྟེན་ཁམས་འདི་གསེར་དག་གིས། །བཀང་སྟེ་གཞན་ལ་སྦྱིན་པ་བྱིན་པ་བས། །ཚིག་བཞི་ཚིགས་སུ་བཅད་པ་གཅིག་བརྗོད་ན། །ཅི་ལྟར་ཕན་འདོགས་དེ་ལྟར་འགྱུར་བ་ཡིན། །ཅེས་གསུངས་སོ། །དེས་འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད་དེ་སོང་ནས། གཉིས་པ་ཉན་པ་པོ་སློབ་མའི་མཚན་ཉིད་ལ་གསུམ་སྟེ། ཆོས་ཉན་པ་པོ་སློབ་མའི་མཚན་ཉིད་དང་། དེས་ཉན་པའི་ཚུལ་དང་། ཉན་པའི་ཕན་ཡོན་དང་གསུམ། དང་པོ་ནི། དྲང་ཞིང་གཡོ་སྒྱུ་མེད་པ། བློ་དང་ལྡན་པ། ཆོས་དོན་དུ་གཉེར་བ་དང་གསུམ་ལྡན་པ་ཞིག་དགོས་ཏེ། དབུ་མ་བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། ཉན་པའི་སྣོད་ཀྱིས་བྱ་བར་བརྗོད། གསང་སྔགས་ལྟར་ན། ཀློང་གསལ་ཉི་མའི་རྒྱུད་ལས། །དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ། །གསང་ཐུབ་ཉམས་ལེན་བརྟུལ་ཤུག་སྤྱོད། །སྐྱོ་ངལ་སྡུག་བསྲན་སྙིང་རུས་ཆེ། །དེ་ནི་གསང་སྔགས་གསང་བའི་སྣོད། །ཅེས་གསུངས་སོ། །གཉིས་པ་ཉན་པའི་ཚུལ་ནི། སྐྱེས་རབས་ལས། ཕྲན་བཟང་གིས་རྒྱལ་བུ་ཟླ་བར་ཆོས་ཞུས་པའི་གཏམ་རྒྱུད་འདི་གསུངས་པ། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པས་བསྐྱེད་ཅིང་རྩེ་གཅིག་བཏུང་། །རབ་ཏུ་དང་ལ་དྲི་མེད་ཡིན། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་སྡུད་དང་། །སྐྱོ་བས་ཉན་པའི་དྲི་མ་ཡིན། །ཅེས་པས། དེ་དག་སྤངས་ནས་ཆོས་དང་ཆོས་སྨྲ་བ་ལ་གུས་པར་བྱ་སྟེ། སྡོང་པོ་བཀོད་པའི་མདོ་ལས། བདག་ཉིད་ལ་ནད་པའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང་། ཆོས་ལ་སྨན་གྱི་འདུ་ཤེས་དང་། ནན་ཏན་རྗེས་སུ་བསྒྲུབ་པ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཅེས་པ་བཞིན་ནོ། །དེ་ལ་ཤེས་རབ་གསུམ་གྱིས་སྐྱོན་གསུམ་སྤང་དགོས་ཏེ། ཐོས་པའི་དུས་སུ་སྣོད་ཁ་སྦུབས་ལྟ་བུའི་སྐྱོན་སྤངས་ཏེ་མ་ཡེངས་པར་ཉན། བསམ་པའི་དུས་སུ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་སྤང་དགོས་ཏེ། མི་བརྗེད་པར་སྐྱོང་། སྒོམ་པའི་དུས་སུ་སྣོད་དུག་ཅན་ལྟ་བུའི་སྐྱོན་སྤང་དགོས་ཏེ། ཉོན་མོངས་པའི་གཉེན་པོར་གཏོང་། གཞན་ཡང་དོན་མ་རྟོགས་པར་ཚིག་ཙམ་ཟིན་པ་ལ་བརྟེན་ནས་གཞན་ལ་འཆོལ་བར་སྨྲ་ཞིང་གང་ཟག་དམ་པ་རྣམས་ལ་སྐུར་པ་འདེབས་པ་གཞོག་རལ་ལྟ་བུའི་སྐྱོན་དང་བཞི་སྤངས་ནས་ཉན་དགོས་ཏེ། དགོངས་པ་འདུས་པའི་མདོ་ལས། །བསྟན་པའི་སྣོད་མིན་སྣོད་ངན་དག །རྣམ་པ་བཞིར་བསྡུ་བྱེ་བྲག་རྣམས། །མ་འོངས་རྣམས་ཀྱི་དོན་ཕྱིར་དུ། །བརྟགས་ནས་སྤངས་བར་བྱ་ཕྱིར་བཤད། །ཅེས་སོ། །མདོར་ན་ཆོས་ཉན་པའི་ཚེ་ཡང་། སྲིད་ཞུ་གུས་པའི་ཚུལ་དུ་ཐལ་མོ་སྦྱར་ཅིང་། གཞི་དད་པ་ཆེན་པོས་བཏུད། མོས་གུས་ཆེན་པོས་ཉན། རྣ་བའི་དབང་པོས་ཐོས། རིག་པའི་རྒྱུད་ལ་འདྲེས་པར། སེམས་ཀྱི་དབང་པོ་ཁ་བྱེ། སྙིང་གི་བུམ་པར་བསོགས། དོན་གྱི་སྦྲང་རྩི་མྱོང་དགོས་པར་བཤད་དོ། །གསུམ་པ་དེ་ལྟར་ཉན་པའི་ཕན་ཡོན་ལ་གཉིས་ཏེ། བླ་མ་བསྟེན་པའི་ཕན་ཡོན་དང་། ཆོས་ཉན་པའི་ཕན་ཡོན་གཉིས། དང་པོ་ནི། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། །དགེ་བའི་བཤེས་གཉེན་རྟག་ཏུ་བསྟེན་བྱ་ཞིང་། །སྡིག་པའི་གྲོགས་པོ་རྟག་ཏུ་སྤང་བར་བྱ། །དེ་དག་གིས་ནི་བཟང་ལམ་ཁྲིད་པར་བྱེད། །ངན་འགྲོ་ལས་ཀྱང་རབ་ཏུ་བཟློག་པར་བྱེད། །ཅེས་སོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པར་ནི་ཤེས་མི་འགྱུར། །ཐོས་པ་འདོད་པས་ཐོས་པ་འཕེལ། །ཐོས་པས་ཤེས་རབ་རྣམ་པར་འཕེལ། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་པ་དང་། ཁྱད་པར་སྔགས་ཀྱི་གཞུང་དོན་ཟབ་མོ་ཐོས་བསམ་བྱས་པས་འཆིང་བ་ཐམས་ཅད་ལས་གྲོལ་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་ཅིང་མཐར་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་ཐོབ་པ་ཡིན་ཏེ། ཅན་འཕྲང་ལས། དཔེར་ན་གྱི་ལིང་སྒྲོགས་འགྲོལ་ལྟར། །རྣམ་གྲོལ་ཐོས་བསམ་སྒོམ་པ་ཡིས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །ཅེས་པ་དང་། གསང་སྙིང་ལས། ཐོས་བསམ་སྒོམ་པའི་རྣལ་འབྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་པ་དང་། ལམ་རིམ་ལས། ཐོས་བསམ་བྱས་པས་ལྟ་མཐར་ཕྱིན། །ཅེས་སོ། །འོ་ན་ཐོས་པ་ཁོ་ནས་ཆོག་གམ་ཞེ་ན། མི་ཆོག་སྟེ། ཐོས་པས་ཉོན་མོངས་པ་སུན་ཕྱུང་། བསམ་པས་འགོ་ནོན། བསྒོམ་པས་དྲུང་འབྱིན་པ་ཡིན་པས། བསམ་པ་དང་སྒོམ་པ་དགོས་སོ། །ཐོས་པ་ཁོ་ན་ཉོན་མོངས་པའི་གཉེན་པོར་མ་སོང་བས་རྒྱུད་མི་འདུལ་བ་ཡིན་ཏེ། དཔེར་ན་ལྷས་སྦྱིན་དང་། ཀོ་ཀི་ལ་དང་། ལེགས་སྐར་དང་། མ་སྐྱེས་དགྲའི་གཏམ་རྒྱུད་ལྟ་བུའོ། །རྗེ་བཙུན་གོང་མ་རྣམས་ཀྱིས། །ཐོས་པས་ཕྱིའི་སྒྲོ་འདོགས་གཅོད། །སྒོམ་པས་ནང་གི་སྒྲོ་འདོགས་གཅོད། །ཅེས་གསུངས་པས། སྒོམ་པ་གཙོ་བོར་སྟོན་པ་ནི་འདི་ལྟ་སྟེ། །ཐ་སྙད་གཙོར་བྱེད་བཤད་པའི་དཔེ། །དཔེར་ན་འོན་པ་རོལ་མོ་མཁན། །སིལ་སྙན་གླུ་ལ་དགའ་བྱེད་ཀྱང་། །བདག་ཉིད་འོན་པས་མ་ཐོས་ལྟར། །མ་སྒོམ་ཆོས་ཀྱང་དེ་དང་འདྲ། །དཔེར་ན་རྐྱལ་མཁན་ཆུ་ཡིས་ཁྱེར་བ་བཞིན། །རྐྱལ་བའི་ལོ་རྒྱུས་སེམས་ལ་ཡོད་གྱུར་ཀྱང་། །མ་རྐྱལ་བར་དུ་ཐར་བར་མི་འགྱུར་བ། །ཤེས་ནས་མ་བསྒོམ་ཆོས་ཀྱང་དེ་དང་མཚུངས། །ཞེས་གསུངས་པས། དེ་ཡང་ད་རེས་ཀྱི་སྐྱེ་གནས་བར་དོ་འདིར། ཐོས་བསམ་སྒོམ་གསུམ་ལ་བློ་འཇུག་ནས་ཐར་པའི་གཞུང་ལམ་ཆེན་པོར་སླེབས་དགོས་ཏེ། ཨུ་རྒྱན་པདྨས། ཨེ་མ་བདག་ལ་སྐྱེ་གནས་བར་དོ་ཤར་དུས་འདིར། །ཚེ་ལ་ལོང་མེད་ལེ་ལོ་སྤངས་བྱས་ལ། །ཐོས་བསམ་སྒོམ་གསུམ་དོན་ལ་མ་ཡེངས་འཇུག །སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་བྱའོ། །ཞེས་དང་། རྫོགས་ཆེན་གསང་སྒྲོན་ལས། །དང་པོ་ཐོས་པའི་ཤེས་རབ་ཀྱིས། །ཕྱི་ནང་ཆོས་ལ་སྒྲོ་འདོགས་གཅོད། །བར་དུ་བསམ་པའི་ཤེས་རབ་ཀྱིས། །དེ་དོན་རྒྱུད་ལ་འདྲེས་པར་བྱེད། །ཐ་མ་སྒོམ་པའིཤེས་རབ་གྱིས། །བདག་ཏུ་འཛིན་པའི་ཉོན་མོངས་ཞི། །ཅེས་གསུངས་པ་ལྟར་དུ་ཉམས་སུ་བླང་བར་བྱའོ། །ཆོས་རང་རྒྱུད་དུ་སོང་ན། ཐོས་པ་རྒྱ་ཆེ་ན་ཡང་རུང་མོད་ཀྱིས། ཚེ་དང་ལྡན་པ་ལམ་ཕྲན་བརྟན་དང་། གླེན་པ་སྟེང་རྒྱས་འོད་སྲུང་ལ་སོགས་པ་རྣམས་ཚིག་རྐང་རེ་རེའི་ཐོག་ནས་གྲོལ་བར་གསུངས་སོ། །དེས་འཆད་ཉན་ཅི་ལྟར་བྱེད་པའི་ཚུལ་དེ་སོང་ནས། གཉིས་པ་གང་འཆད་པར་བྱ་བ་དམ་ཆོས་ཀྱི་རྣམ་བཞག་ལ་གསུམ་སྟེ། གང་ཟག་འཇུག་ངོ་ཤེས་པར་བྱ་བའི་ཕྱིར་དམ་པའི་ཆོས་ངོས་བཟུང་བ་དང་དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར་བཤད་པའི་ཐབས་བསྟན་པ་དང་། བཤད་བྱ་གཞུང་དོན་དངོས་དང་གསུམ་དུ་གནས་པ་ལས། དང་པོ་ལ་གཉིས་ཏེ། རྟོགས་པ་བརྗོད་བྱ་དོན་དང་། ལུང་བརྗོད་བྱེད་ཚིག་གཉིས་ཡིན་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པར་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཅེས་གསུངས་པས། ལུང་ཆོས་ལ་བཀའ་བསྟན་གཉིས་ཡོད་དེ། ལྷས་བུའི་ཞུས་པའི་མདོ་ལས། །བཀའ་དང་བསྟན་ཆོས་གཉིས་སུ་ཆོས་རྣམས་འདུས། །ལེགས་པར་གསུངས་པ་དེའི་དགོངས་འགྲེལ་དང་། །ཅེས་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་བཀའ་དང་། དེའི་དགོངས་པ་འགྲེལ་པ་བསྟན་བཅོས་གཉིས་སུ་བཤད་པ་ལས། དེ་ལ་བཀའི་མཚན་ཉིད། སྒྲ་དོན། དབྱེ་བ་གསུམ་མོ། །དང་པོ་ནི། དེ་གང་ཞིག་དངོས་ཀྱི་བདག་རྐྱེན་སངས་རྒྱས་ལས་བྱུང་བའོ། །གཉིས་པ་ནི། ཆེན་པོ་གོང་ན་ཡོད་པ་ཡ་གི་ནས་མར་གསུངས་པའི་ཕྱིར་བཀའ་ཞེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་སྐྱེ་འཕགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར། དཔེར་ན་འཇིག་རྟེན་གྱི་ཁམས་ན་རྒྱལ་པོའི་བཀའ་ཞེས་པ་ལྟ་བུའོ། །གསུམ་པ་དབྱེ་བ་ལ་དྲུག་སྟེ། དུས་དང་། བརྗོད་བྱ་དང་། བརྗོད་བྱེད་དང་། གཉེན་པོ་དང་། གདུལ་བྱ་དང་། བདག་རྐྱེན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། ཡུལ་ཝཱ་ར་ནཱ་སི་ན་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བར་དུ་བྱ་རྒོད་ཕུང་པོའི་རི་བོ་ལ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐ་མ་གྲོང་ཁྱེར་ཡངས་པ་ཅན་ན་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །གཉིས་པ་བརྗོད་བྱའི་སྒོ་ནས་དབྱེ་བ་ནི། ཀུན་རྫོབ་སྟོན་པ་དྲང་དོན་དང་། དོན་དམ་སྟོན་པ་ངེས་དོན་དུ་བསྡུ་བ་ཡིན། སངས་རྒྱས་རྣམས་ཀྱི་ཆོས་གསུངས་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཅེས་གསུངས་སོ། །གསུམ་པ་བརྗོད་བྱེད་ཀྱི་སྒོ་ནས་དབྱེ་བ་ནི། བརྒྱད་སྟོང་འགྲེལ་ཆེན་ལས། །མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོག་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པ་དག །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཅེས་གསུངས་སོ། །བཞི་པ་གཉེན་པོའི་སྒོ་ནས་དབྱེ་ན། དེ་ཡང་གདུལ་བྱ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དུག་གསུམ་ཆ་མཉམ་པ་དང་བཞི་པོ་རེ་རེ་ལ་ཡང་ཉི་ཁྲི་ཆིག་སྟོང་རེ་རེ་ཡོད་པ་ཚོགས་པས་བརྒྱད་ཁྲི་བཞི་སྟོང་དུ་འགྱུར་ལ། དེའི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པར་འདོད། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པས་མཚོན་ནོ། །ལྔ་པ་གདུལ་བྱའི་སྒོ་ནས་དབྱེ་བ་ནི། གདུལ་བྱ་དབང་པོ་རྣོ་རྟུལ་གྱི་སྒོ་ནས་ཐེག་པ་ཆེ་ཆུང་གཉིས་སུ་བསྟེན་པའོ། །དྲུག་པ་བདག་རྐྱེན་གྱི་སྒོ་ནས་དབྱེ་བ་ལ་བཞི། ཞལ་ནས་གསུངས་པའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་དང་། ལུང་བསྟན་པའི་བཀའོ། །དང་པོ་སྟོན་པའི་བདག་རྐྱེན་གྱིས་ཚད་མ་ཞལ་ནས་གསུངས་པ་སྟེ། སྡུད་པ་ཚིགས་སུ་བཅད་པ་ལྟ་བུའོ། །བྱིན་གྱིས་བརླབས་པའི་བཀའ་ལ་གསུམ་སྟེ། དེ་ལ་སྐུའི་བྱིན་གྱིས་བརླབས་པ་ནི། སྟོན་པའི་ཕྱག་བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཀུན་ཏུ་བཟང་པོ་གཉིས་ཀྱི་སྤྱི་བོར་བཞག་ནས་བྱམས་པས་མདོ་སྡེ་ས་བཅུ་པ་གསུངས་པ་དང་། ཀུན་ཏུ་བཟང་པོས་མདོ་སྡེ་ཕལ་པོ་ཆེ་གསུངས་པ་ལྟ་བུའོ། །གསུང་གི་བྱིན་གྱིས་བརླབས་པའི་བཀའ་ནི། འཕགས་པ་བརྒྱད་སྟོང་པ་ལས། རབ་འབྱོར་ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བརྩམ་སྟེ་སྤོབ་པར་བྱོས་ཤིག །ཅེས་གསུངས་པས། རབ་འབྱོར་གྱིས་བརྒྱ་བྱིན་ལ་བཤད་པ་བཞིན་ནོ། །ཐུགས་ལའང་། མཁས་པ་འགའ་ཞིག་གིས་གསུམ་དུ་དབྱེ་སྟེ། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ་ནི། སྟོན་པ་ཉིད་ཞལ་བཞུགས་པའི་རིང་ལ། ཤིང་བུ་དང་། རྡིལ་བུ་དང་། ནམ་མཁའ་སྟོང་པ་དང་། ལྷ་ཆའི་སྒྲ་ལས་ཀྱང་ཆོས་སྒྲ་འབྱུང་ཞིང་དོན་དུ་འགྱུར་བར་བཤད། ཐུགས་བདེན་སྟོབས་ཀྱི་བྱིན་གྱིས་བརླབས་པའི་བཀའ་ནི། སྟོན་པ་ཉིད་ཀྱི་རིང་ལ་ལྷ་དང་ཀླུ་དང་། གནོད་སྦྱིན་ལ་སོགས་པ་རྣམས་ཀྱིས་ཆོས་གསུངས་ནས་དོན་དུ་འགྱུར་བར་བཤད། ཐུགས་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་བཀའ་ནི། བཅོམ་ལྡན་འདས་ཟབ་མོའི་ཏིང་ངེ་འཛིན་ལ་བཞུགས་པའི་བྱིན་རླབས་སྤྱན་རས་གཟིགས་དབང་ཕྱུག་དང་ཤཱ་རིའི་བུ་ལ་ཤར་ནས། སྤྱན་རས་གཟིགས་ཀྱིས་ཤཱ་རིའི་བུ་ལ་ཤེས་རབ་སྙིང་པོ་བཤད་པ་ལྟ་བུའོ། །རྗེས་སུ་གནང་བའི་བཀའ་ནི། གླེང་བཞི་དང་། མཚམས་སྦྱོར། ཞབས་སྡུད་རྣམས་ཡིན་ནོ། །སྙིང་རྗེ་པདྨ་དཀར་པོ་ལས། ང་མྱ་ངན་འདས་རྟིང་ལ། ངས་གསུངས་པའི་ཆོས་ཐམས་ཅད་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པའི་གླེང་གཞི་འཁོད། སྐབས་སུ་མཚམས་སྦྱོར་གྱི་ཚིག་ཆུག །ཐ་མ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཅེས་པས་ཞབས་བསྡུས་ཤིག །ཅེས་གནང་བ་བྱིན་པ་ལྟ་བུའོ། །ལུང་བསྟན་གྱི་བཀའ་ནི་གསང་སྔགས་ཡིན་ཏེ། མདོ་སྡེ་གདམས་ངག་འབོགས་པ་ལས། འཇམ་དཔལ་གྱིས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་འདས་ཀྱིས་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་དུ་སྤྱོད་ཅིང་། །སངས་རྒྱས་གཞན་དུ་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ལན་དུ། བཅོམ་ལྡན་འདས་ཀྱིས། །རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་པ་དང་། དགོངས་པ་འདུས་པའི་མདོ་ལས། །ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་བར་གྱུར། །ཅེས་གསུངས་པས་གསང་སྔགས་ཕལ་ཆེ་བ་ནི། སྤྲུལ་སྐུ་ཤཱཀྱ་སེང་གེ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ་དར་བ་བྱུང་། །འདི་ལ་རྒྱུད་སྡེ་བཞིའི་དབྱེ་བ། རྒྱུད་སྡེ་བཞིར་འཇོག་པའི་རྒྱུ་མཚན། འོག་རང་རང་གི་ཐེག་པའི་སྐབས་སུ་བཤད་པས་དེར་ཤེས་པར་བྱའོ། །དེ་ལ་གཞུང་ལུགས་འདི་ཉིད་བཀའ་མ་ཡིན་ཅིང་། དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཡིན་ནོ། །འདི་ལ་གསུམ་སྟེ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། རྩོམ་པ་པོས་བཀའ་ལ་བརྟེན་ནས་བརྗོད་བྱ་གསལ་བར་བྱེད་པ་སྟེ། རྒྱུད་བླ་མ་ལས། ཅི་ལྟར་སྒྲོན་གློག་ཉི་ཟླ་ནོར་བུ་ལ། །བརྟེན་ནས་མིག་དང་ལྡན་པས་བལྟ་བ་བཞིན། །དེ་བཞིན་དོན་ཚིག་ཆོས་སྤོབ་འོད་མཛད་པ། །ཐུབ་ལ་བརྟེན་ནས་ངས་འདིར་ཡང་དག་བཤད། །ཅེས་སོ། །གཉིས་པ་སྒྲ་དོན་ནི། རྒྱུ་ཉོན་མོངས་པ་དུག་གསུམ་ལ། གཉེན་པོ་བསླབ་པ་གསུམ་ལྡན་དུ་འཆོས་ཞིང་འབྲས་བུ་ངན་སོང་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པས་ན་བསྟན་བཅོས་ཏེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབས་བྱེད་གང་ཡིན་པ། །འཆོས་སྐྱོབས་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་སོ། །དམ་པ་ཆེན་པོས་ནི། སྟོན་པའི་བསྟན་པ་རྟོགས་སླའི་ཕྱིར། །ཚིག་ཟུར་བཅོས་ཕྱིར་ངེས་ཚིག་འགྲུབ། །འདི་ནི་སྒྲ་དོན་ནོ། །གསུམ་པ་དབྱེ་བ་ལ། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང་། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་འབྱིན། །བསྟན་ཆོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པས། དེ་ལ་བརྗོད་བྱའི་དོན་མེད་པ་དང་བརྗོད་བྱ་དོན་དུ་གཉེར་བྱ་མ་ཡིན་པ་གཉིས་དང་། བྲམ་ཟེའི་གསང་ཚིག་དང་། མུ་སྟེགས་བྱེད་ཀྱི་རྟོག་གེ་སྡེ་བཞི་དང་། དུག་སྦྱོར་ལ་སོགས་པ་ངན་གཡོ་དང་། འཚེ་བ་ཆོས་སུ་སྨྲ་བ་སྟེ། དྲུག་པོ་འདི་དག་ལ་བསྟན་བཅོས་ཀྱི་སྒྲ་འཇུག་ཀྱང་སྤང་བྱའོ། །བརྗོད་བྱ་སྤང་དོར་གྱི་དོན་དང་ལྡན་པ་དང་། ཡང་དག་པའི་རྟོགས་པ་བསྐྱེད་པའི་སྒྲུབ་པ་ལྷུར་ལེན་པ་དང་། ངན་སོང་དང་འཁོར་བའི་སྡུག་བསྔལ་འབྱིན་པར་བྱེད་པ་སྟེ། གསུམ་པོ་ནི་ཆོས་འདིའི་ལུགས་ཀྱི་བླང་བྱ་བཀའ་ལ་བ རྟེན་པའི་བརྗོད་བྱ་ཐར་པའི་ལམ་དང་རྗེས་སུ་མཐུན་པའི་བསྟན་བཅོས་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ནི་དྲང་སྲོང་གསུང་བཞིན་སྤྱི་བོར་བླངས། །ཅེས་པ་བཞིན་ནོ། །འདི་ལ་དབྱེ་ན། ཕལ་པ་དང་ཁྱད་པར་གཉིས་སོ། །ཕལ་པའི་བསྟན་བཅོས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛོད་བརྟག་དུས་མཚོ་ཆེ་ཆུང་། །སྐྱེ་བོ་རྣམས་ལ་སྐྱེ་བོ་གསོ་ཐིག །བློན་པོ་རྣམས་ལ་ཤེས་རབ་བརྒྱ་པ། །བཙུན་མོ་རྣམས་ལ་གཡོས་སྦྱོར་བརྒྱ་པ། དཀོན་གཉེར་རྣམས་ལ་སྤོས་སྦྱོར་བརྒྱ་པ། ཀ་ལེན་ཀའི་མདོ་དང་། ཚིགས་སུ་བཅད་པའི་མཛོད། ས་པཎ་གྱི་ལེགས་བཤད་ལ་སོགས་པ་རྣམས་ཡིན་ནོ། །འདི་རྣམས་མངོན་མཐོའི་རྒྱུ་ཡིན་ཞིང་ངེས་ལེགས་ཀྱི་བརྟེན་དུ་འགྱུར་སྲིད་དེ། ཤེས་རབ་བརྒྱ་པ་ལས། །མིའི་ཆོས་ལུགས་ལེགས་སྦྱང་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །བགྲོད་ན་ཐར་པ་གམ་དུ་འདུག །ཅེས་གསུངས་སོ། །ཁྱད་པར་གྱིས་བསྟན་བཅོས་ལ། བཀའ་སྤྱིའི་དགོངས་པ་འགྲེལ་པ་དང་། བྱེ་བྲག་ཏུ་འགྲེལ་པའོ། །དང་པོ་ནི། རིག་པའི་བསྟན་བཅོས་ནི། སྒྲ་ཚད་གཉིས་ཡིན་ལ། ཞར་ལ་བཟོ་གསོ་གཉིས་ཀྱང་ཤེས་པར་བྱའོ། །དང་པོ་སྒྲའི་བསྟན་ཆོས་ལ་གསུམ། སྒྲ་དང་། སྙན་ངག་དང་། ལྡེབ་སྦྱོར་རོ། །སྒྲའི་བསྟན་ཆོས་ནི། བརྒྱ་བྱིན་གྱིས་མཛད་པའི་ཨིནྡྲ་བྱཱ་ཀ་ར་ན་དང་། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སྒྲ་ཙནྡྲ་པ་དང་། སྒྲ་མདོ་བཞི་པ་དང་། སྒྲ་མཚམས་སྦྱོར་ལྔ་པ་དང་། སྨྲི་ཏིས་མཛད་པའི་སྨྲ་སྒོ་མཚོན་ཆ་དང་། བྱིས་སྦ་བདེ་བླག་དང་། བོད་ཀྱི་ལོ་ཙཱ་བ་ཀ་ཅོག་དག་ཡིག་དང་། དགེ་སློང་རྡོ་རྗེ་དབང་ཕྱུག་གི་དཀར་ལིད་དང་། མཁན་པོ་གྲགས་པ་སེངྒེའི་གངྒའི་ཆུ་རྒྱུན་དང་། ས་སྐྱ་བའི་རིན་ཆེན་སྒྲོམ་བུ་ལ་སོགས་པ་རྣམས་ཡིན་ནོ། །སྙན་ངག་ལ་སློབ་དཔོན་དགའ་བྱེད་ཀྱི་སྙན་ངག་མེ་ལོང་དང་། ཚངས་པའི་མགུལ་རྒྱན། དཔག་བསམ་ཁྲི་ཤིང་། མཁས་པ་བདེ་བློས་མཛད་པའི་གཞོན་ནུ་ལྔ་པ། ས་སྐྱ་པཎ་ཆེན་གྱིས་མཛད་པའི་མཁས་པ་འཇུག་པའི་སྒོ་དང་། ཚིག་གཏེར་དང་། རོལ་མོའི་བསྟན་བཅོས་དང་། ངག་ལམ་བཞི་པ་ལ་སོགས་པ་རྣམས་ཡིན་ནོ། །སྡེབ་སྦྱོར་ལ་ཕྱི་རོལ་པའི་དམར་སེར་རྒྱལ་བའི་ལྷས་བྱས་པ་དང་། སློབ་དཔོན་ཤན་ཏི་བས་བྱས་པའི་རིན་ཆེན་འབྱུང་གནས་དང་། སློབ་དཔོན་དཔའ་བོས་བྱས་པའི་བཀྲ་ཆེན་དང་བཀྲ་ཆུང་རྣམས་ཡིན་ནོ། །ཚད་མའི་སྐོར་ལ། སློབ་དཔོན་དབྱིག་གཉེན་གྱི་རིག་པའི་སྒྲོམ་དང་། ཕྱོགས་གླང་གི་ཚད་མ་ཀུན་ལས་བཏུས་པ་དང་། དེ་ཉིད་ཀྱི་འགྲེལ་པ་སློབ་དཔོན་ཆོས་ཀྱི་གྲགས་པས་སྡེ་བདུན་མཛད་པ་ལས། གཙོ་བོ་ལུས་ལྟ་བུའི་བསྟན་ཆོས་ནི། ཤིན་ཏུ་རྒྱས་པ་རྣམ་འགྲེལ་དང་། ཅུང་ཟད་བསྡུས་པ་རྣམ་ངེས་དང་། ཤིན་ཏུ་བསྡུས་པ་རིག་ཐིག་དང་གསུམ་མོ། །འཁོར་ཡན་ལག་ལྟ་བུའི་བསྟན་ཆོས་ནི། རྒྱུད་གཞན་སྒྲུབ་པ་དང་། འབྲེལ་བ་བརྟག་པ། རྩོད་པ་རིག་པ། གཏན་ཚིགས་ཐིག་པ་དང་བཞིའོ། །བཟོའི་རིག་པ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསེར་འགྱུར་རྩིའི་བསྟན་ཆོས། སྐུ་རྟེན་ཅི་ལྟར་བྱེད་པའི་ཚུལ་འདུལ་བ་ལུང་ལས་བཤད་པའི་ཁྱམས་སུ་སྐྱེས་རབས་ལ་སོགས་པའི་བཞེངས་ལུགས་མདོ་རྩ་སོགས་སུ་སྣང་བས་གཞན་དུ་ཤེས་པར་བྱའོ། །གསོ་བ་རིགས་པའི་སྐོར་ལ། འདུལ་བ་སྨན་གྱི་གཞི། གསེར་འོད་དམ་པའི་མདོ། དྲང་སྲོང་ཉི་ཤུ་རྩ་གཅིག །སློབ་དཔོན་ཀླུ་གྲུབ་ཀྱི་རིག་པ་རྩ་བའི་མདོ། འཚོ་བ་ཟས་ཀྱི་མདོ། གཏར་བསྲེག་གལ་གྱི་མདོ། ཡན་ལག་བཞིའི་མདོ་དང་བཞི་བརྒྱད་དོ། །སངས་རྒྱས་ཀྱི་བཀའ་གཞུང་ཡན་ལག་བརྒྱད་པ་ལ་སོགས་པ་རྣམས་ཡིན་ནོ། །གཉིས་པ་བྱེ་བྲག་གི་དགོངས་པ་འགྲེལ་བའི་བསྟན་བཅོས་ནི། བཀའ་དང་པོའི་དགོངས་འགྲེལ་ལ་ལྟ་བའི་ཆ་གསལ་བར་སྟོན་པ་དང་། སྤྱོད་པའི་ཆ་གསལ་བར་སྟོན་པའོ། །དང་པོ་ནི། ཐེག་ཆུང་གི་མངོན་པ་སྡེ་བདུན་ཏེ། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་འབྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །ཅེས་པ་ལྟར་རོ། །དེ་རྗེས་དགྲ་བཅོམ་པ་ཆོས་སྐྱོབས་ཀྱིས་སངས་རྒྱས་འདས་ནས་ལོ་བརྒྱའི་དུས་སུ། མངོན་པ་སྡེ་བདུན་གྱི་དོན་བསྡུས་ནས་བྱེ་བྲག་དུ་སྨྲ་བའི་བཤད་མཛོད་ཆེན་པོ་མཛད། དེའི་དོན་བསྡུས་པ་དབྱིག་གཉེན་གྱིས་མཛོད་ཀྱི་གནས་བརྒྱད། སློབ་དཔོན་ཐོགས་མེད་ཀྱིས་མངོན་པ་ཀུན་ལས་བཏུས་པ་མཛད་དོ། །སྤྱོད་པའི་ཆ་གསལ་བར་སྟོན་པ་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་དང་། ཀརྨ་ཤ་ཏམ་དང་། ཤཱཀྱ་འོད་ཀྱི་དགེ་ཚུལ་གྱི་ཀ་རི་ཀ་སུམ་བརྒྱ་པ་དང་། དེའི་འགྲེལ་པ་འོད་ལྡན་དང་། དགྲ་བཅོམ་པ་ས་ག་ལྷས་བྱས་པའི་འདུལ་བ་མེ་ཏོག་འཕྲེང་བརྒྱུད། སློབ་དཔོན་དུལ་བའི་ལྷས་མཛད་པའི་ཀ་རི་ཀ་ལྔ་བཅུ་པ་དང་། དེའི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པའི་སྒོ་བརྒྱད་མ་ལྟ་བུའོ། །བཀའ་བར་པའི་དགོངས་འགྲེལ་ལ། ལྟ་བའི་ཆ་གསལ་བར་སྟོན་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིག་པའི་ཚོགས་དྲུག །དབུ་མ་རྩ་བ་ཤེས་རབ། རིག་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག །རྩོད་པ་བཟློག་པ། ཐ་སྙད་གྲུབ་པ་དང་དྲུག །རྗེ་བཙུན་བྱམས་པས་བྱས་པའི་མངོན་རྟོག་རྒྱན་ལྟ་བུའོ། །སྤྱོད་པའི་ཆ་གསལ་བར་སྟོན་པ་ནི་མདོ་ཀུན་ལས་བཏུས་པ་དང་སྤྱོད་འཇུག་ལྟ་བུའོ། །བཀའ་ཐ་མའི་དགོངས་འགྲེལ་ལ། ལྟ་བའི་ཆ་གསལ་བར་སྟོན་པ་ནི། མདོ་སྡེ་རྒྱན་དང་། དབུས་མཐའ་རྣམ་པར་འབྱེད་པ་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ། རྒྱུད་བླ་མ། ཐོགས་མེད་ཀྱི། ས་སྡེ་ལྔ་དང་། སྡོམ་རྣམ་གཉིས། དབྱིག་གཉེན་གྱི། པྲ་ཀ་ར་ཎ་སྡེ་བརྒྱད་རྣམས་ཡིན་ནོ། །སྤྱོད་པའི་ཆ་གསལ་བར་སྟོན་པ་ནི། ཙནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པ་ལྟ་བུའོ། །དེ་ཡན་ཆད་ཀྱིས་སྡེ་སྣོད་གསུམ་ལ་བརྟེན་པའི་བསྟན་བཅོས་ཀྱིས་རྐང་བཟུང་མདོ་ཙམ་གཅིག་ཡིན་ལ། རྒྱུད་སྡེ་བཞི་ལ་བརྟེན་པའི་མན་ངག་རྣམས་ནི་ལོགས་སུ་ཤེས་པར་བྱའོ། །འདིར་ཡི་གེས་འཇིགས་པའི་ཕྱིར་མ་བཀོད་དོ། །ཐེག་པ་སྤྱི་བཅིང་འདི་ཉིད་ནི། དེ་རྣམས་ཀྱི་ནང་ནས་སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་ཡིན། བརྗོད་བྱའི་དོན་ལ་ཐེག་པ་རིམ་པ་དགུ་ཡོད་པ་ཀུན་གྱི་དོན་སྟོན་པ་ཡིན་པས་འདི་ཉིད་ཐེག་པ་སྤྱི་ལ་འཇུག་པའི་བསྟན་བཅོས་ཡིན། འོ་ན་ཕྱོགས་གསང་སྔགས་ནང་པ་རྣམ་གསུམ་དུ་ངོས་བཟུང་བ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ཐེག་པ་འོག་མ་རྣམས་གསང་སྔགས་པའི་ལམ་སྟེགས་སུ་བཤད་པ་དང་། ཁྱད་འདོན་པའམ། ཡར་ལྡན་གྱི་ཚུལ་དུ་གསང་སྔགས་ནང་པ་བཤད་པའི་ཞོར་ལ་ཐེག་པ་འོག་མ་རྣམས་ཀྱི་གྲུབ་མཐའི་འདོད་སོ་ཀུན་རྒྱས་པར་འབྱུང་བ་ཡིན། དེ་ལྟར་ཡང་འདི་ཉིད་ཀྱི་རྒྱུད་ཀྱི་ཁུངས་ནི་དགོངས་འདུས་ལས། སངས་རྒྱས་ཐམས་ཅད་ཀྱི་སྤྱི་མདོ་དགོངས་པ་འདུས་པ་ཞེས་པ་དང་། གསང་སྙིང་ལས། སྤྱི་ལུང་གསང་བའི་སྙིང་པོ་ཞེས་པ་དང་། མཚན་བརྗོད་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་པས་འགལ་བ་མེད་དོ། །གཉིས་པ་དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར། བཤད་པའི་ཐབས་བསྟན་པ་ལ་གསུམ་སྟེ། སེངྒེའི་འགྲོས་ཀྱིས་སྤྱི་དོན་གྱི་ཁོག་དབུབ་པ་དང་། སྟག་མོའི་འགྲོས་ཀྱིས་གཞུང་དོན་གྱི་ས་བཅད་པ་དང་། རུས་སྦལ་འགྲོས་ཀྱིས་ཚིག་དོན་གྱི་འབྲུ་གཉེར་བའོ། །དང་པོ་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་འཆད་པ་ཡིན་ཀྱང་། འདི་ཉིད་བཀའ་ལ་རྟེན་པའི་བསྟན་བཅོས་སམ། མན་ངག་ཡིན་པས་རྩིས་འགོ་ལྔས་འཆད་པར་བྱེད་དེ། ལུང་མཆོག་བླ་མ་ལས། །ཐོས་ཆུང་གསར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། །མན་ངག་སྤྱི་དོན་རྩིས་འགོས་གླད་ནས་གཞོམ། །ཅེས་འབྱུང་བ་ལྟར། ཁུངས་བཙུན་ཞིང་ཡིད་ཆེས་པར་བྱ་བའི་ཕྱིར། སློབ་དཔོན་གང་གིས་མཛད་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར། རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པ་དང་། བསྟན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཅིག་རྟོགས་པར་བྱ་བའི་ཕྱིར། མཚན་ཅི་ལ་བཏགས་པ་དང་། བརྩམ་པ་ལ་དོན་ཡོད་པར་བྱ་བའི་ཕྱིར། དགོས་ཆེད་གང་གི་དོན་དུ་མཛད་པ་དང་། དབུ་ཞབས་གྱི་དོན་ཤེས་ཤིང་ཁུང་དུ་ཆུད་པར་བྱ་བའི་ཕྱིར། དབུ་ཞབས་སུ་དོན་བསྟན་པ་དང་ལྔའོ། །དང་པོ་ནི་སྤྱིར་བསྟན་བཅོས་རྩོམ་པའི་ཚད་ལ། རབ་ཆོས་ཉིད་བདེན་པའི་དོན་མཐོང་བ། འབྲིང་ཡི་དམ་ལྷའི་ཞལ་མཐོང་ཞིང་ལུང་བསྟན་ཐོབ་པ། ཐ་མ་བཀའི་གཞུང་དོན་ཁྲོལ་ཞིང་ཐེག་པའི་ཤན་འབྱེད་ཅིང་ལ་ཟློས་པ། ཚིག་དོན་མཁས་ཤིང་བྱེ་བྲག་ཕྱེད་པ་གཅིག་གིས་བརྩམ་དགོས་པར་འབྱུང་བ་ཡིན། རྒྱན་ལས། ཆོས་ཉིད་མངོན་དུ་རྟོགས་པ་རབ། །བླ་མ་ཡི་དམ་མཁའ་འགྲོ་ཡིས། །ལུང་བསྟན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཅེས་གསུངས་པ་ལྟར་དུ། གཞུང་འདི་ཉིད་ཀྱི་རྩོམ་པ་པོ་དམ་པ་བདེ་བར་གཤེགས་པ་ནི། སྔོན་སྦྱངས་པ་ཡུན་རིང་ལ་དར་དྲག་པའི་སྟོབས་ཀྱིས་གཞུང་འདི་ལས། དཀྱིལ་འཁོར་གསུམ་པོ་དབྱེར་མེད་ཅིང་། །ཤེས་བྱ་ཀུན་གྱི་གཞིར་གནས་ལ། །ཐམས་ཅད་ངོ་བོ་མཉམ་པ་ཡིན། །ཅེས་འབྱུང་བ་ལྟར། གསང་སྔགས་ཐུན་མོང་མ་ཡིན་པའི་གྲུབ་མཐའ་འཁོར་འདས་དབྱེར་མེད་མཉམ་པ་ཉིད་ཀྱི་དོན་ཡུལ་བྲལ་གྱི་ཡེ་ཤེས་ཆེན་པོ་མངོན་དུ་གྱུར་པ་ཡིན་ཏེ། དྲོད་རྟགས་ཀྱི་ཡེ་ཤེས་འཆར་ཚུལ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལས། འདིར་ཆ་ཤས་ཙམ་ཞིག་སྨོས་ན། སྔོན་གྱི་གནས་དྲན་པའི་མངོན་པར་ཤེས་པ་དང་། ཕ་རོལ་གཞན་གྱི་སེམས་རྒྱུད་ཤེས་པའི་མངོན་པར་ཤེས་པ་དང་ལྡན་པ་དང་། སངས་རྒྱས་འོད་དཔག་ཏུ་མེད་པའི་སྟོན་འཁོར་ཞིང་ཁམས་དང་བཅས་པ་དང་། མི་བསྐྱོད་པའི་སྟོན་འཁོར་ཞིང་ཁམས་དང་བཅས་པ་དང་། སྐྱེ་རབ་མང་པོའི་གོང་རོལ་དུ་དབྱེར་མེད་དམ་མཛད་པའི་འཕགས་པ་འཇམ་དཔལ་དང་འདུ་འབྲལ་མེད་པར་ཞལ་གཟིགས་ཤིང་ལུང་བསྟན་ཐོབ་པ་དང་། བརྒྱུད་པའི་གྲུབ་ཐོབ་རྣམས་དང་ཐུགས་དམ་གྱི་ལྷ་བཞི་བཅུ་རྩ་གཉིས་དང་། ཁྲོ་བོ་དང་བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་ལྷ་ཚོགས་མང་པོ་དང་། ཆོས་སྐྱོང་མ་མགོན་ལ་སོགས་པ་རྣམས་དུས་རྒྱུན་ཆད་མེད་པར་ཞལ་མངོན་སུམ་དུ་གཟིགས་པ་དང་། རྒྱུ་འབྲས་ཀྱི་ཐེག་པ་བསམ་གྱིས་མི་ཁྱབ་པའི་བརྗོད་བྱ་ཤན་འབྱེད་ཅིང་། ལ་ཟློས་པའི་ཚིག་དོན་ལ་ནོར་འཁྲུལ་དང་ལྷག་ཆད་མི་མངའ་བས། རྩོམ་ཚད་རབ་འབྲིང་ཐ་གསུམ་ག་དང་ལྡན་པའི་སློབ་དཔོན་དེས་མཛད་དོ། །ཡང་འཆད་སྲོལ་གཅིག་ལ། རྩོམ་པའི་ཚད་རབ་འབྲིང་གཉིས་གོང་དང་འདྲ་ལ། ཐ་མ་རིག་པའི་གནས་ལ་མཁས་པ་ཞིག་དགོས་ཅེས་བྱ་བར་ཡང་སྣང་། དེ་ལྟར་ཡིན་ཡང་། བླ་མ་དེ་ཉིད་གདུལ་བྱའི་དབང་གིས་བོད་ཀྱི་དགེ་བའི་བཤེས་གཉེན་དུ་བྱོན་ནས། སྐུ་སྐྱེ་བ་འདི་ལ་རིག་པའི་གནས་ལྔ་ཞལ་གྱིས་མི་བཞེས་ཀྱང་སྐྱེས་རབས་སྔ་མ་རྣམས་སུ་རྒྱ་གར་གྱི་པཎྜི་ཏ་མཁས་གྲུབ་འཛོམ་པ་མང་པོར་སྐུ་འཁྲུངས་པའི་ཕྱིར་རྩོམ་ཚད་དེ་ཉིད་ཀྱང་དོན་གྱིས་ཚང་བ་ཡིན། གཉིས་པ་བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར་རྒྱུད་གང་ནས་བཏུས་ཤིང་། ཕྱོགས་གར་གཏོགས་པ་ནི། འདི་ཉིད་ཀྱི་སྐབས་སུ། ཀུན་བཟང་ལ་སོགས་རྒྱལ་བ་རྒྱ་མཚོ་ཡི། །བསྟན་པ་དམ་ཆོས་རྒྱ་མཚོ་ཇི་སྙེད་རྣམས། །ཅེས་འབྱུང་བ་བཞིན་དུ། སྤྱིར་རྒྱུ་འབྲས་ཀྱི་ཐེག་པ་ཀུན་ནས་བཏུས་ཤིང་། ཁྱད་པར་དུ་གསང་སྔགས་ནང་པ་རྣམ་གསུམ་ལ་བརྟེན་པའི་མན་ངག་ཡིན། བྱེ་བྲག་དུ་རྒྱུད་ནི། མདོ་དགོངས་པ་འདུས་པ་དང་། རྩ་རྒྱུད་གསང་བའི་སྙིང་པོ་ལ་བརྟེན་པ་ཤས་ཆེ་བ་ཡིན། འདི་ཡི་དང་པོ་ལུས་རྣམ་བཞག་གི་སྐབས་སུ་ལྡོག་ཕྱོགས་ལྔས་ཆོས་ཐམས་ཅད་གཏན་ལ་དབབ་པ་དང་། དོན་མཛད་ཚུལ་གྱི་སྐབས་སུ་གདུལ་བྱ་འདུལ་ཐབས་ཐེག་པ་ཡང་རེ་རེའི་གསུམ་གསུམ་དུ་གནས་པ་ཡིན། ཅེས་གདུལ་བྱ་གསུམ་འདུལ་ཐབས་གསུམ། ཐེག་པ་གསུམ་དུ་བཞེད་པ་དང་། དོན་དམ་ངེས་པའི་ཐེག་པའི་སྐབས་སུ། གོལ་བཞི་ཐེག་པ་དགུ་དང་། གོལ་བ་མུ་སྟེགས་དགུ་ཕྱི་ནང་ཤན་འབྱེད་པ་དང་། ཐེག་པ་རང་ལ། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་ཡིན། ཅེས་ཀུན་འབྱུང་བ་འདྲེན་པའི་ཐེག་པ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་དུ་བསྡུས་པར་བཞེད་པ་རྣམས། མདོ་དགོངས་འདུས་ཉིད་ཀྱི་གཞུང་ལུགས་ཡིན་ལ། གཞུང་འདི་ཉིད་ནས་འབྱུང་བའི་ཤེས་བྱེད་ཀྱི་ལུང་རྣམས་ཀྱང་དགོངས་འདུས་ཀྱི་ནང་ནས་འབྱུང་བ་མང་བ་ཡིན་ནོ། །གསང་བའི་སྙིང་པོའི་ལེའུ་བཅུ་གསུམ་པ་ཤིན་ཏུ་གསང་བ་མན་ངག་གི་ལེའུ་ལས། མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ཏེ། །ཅེས་འབྱུང་བ་ལ། དོན་དམ་ངེས་པའི་ཐེག་པའི་ཁོག་དབུབ་པའི་ཚིག་བྱས་ཤིང་། སླར་ཡང་དེ་ཉིད་ཀྱི་གཞུང་བསྡུ་བ་ནི། གསང་སྙིང་གི་རྗེས་འབྲང་ཡིན། གཏན་ཚིགས་དེ་གཉིས་ཀྱི་ཕྱིར། ཕྱོགས་བསྐྱེད་རྫོགས་གཉིས་ཀར་གཏོགས་པ་གྲུབ་ཅིང་། རྫོགས་པ་ཆེན་པོ་ནི་ཐམས་ཅད་ཀྱི་ལ་བཟླ་ཡིན་པ་དང་། ཐམས་ཅད་དེ་ལས་འཕྲོས་ཞིང་དེར་འདུས་པ་དང་། ཡང་ན། ནང་པ་རྣམ་གསུམ་ཡ་བཀར་མ་ཡིན་པ་དང་། གཅིག་གིས་གཅིག་འབྱིན་པར་གསུངས་པ་ཡིན། བདུད་རྩི་ཆེན་པོའི་རྒྱུད་ལས་ཀྱང་། །རྒྱུད་དང་ལུང་དང་མན་ངག་ཀྱང་། །འབངས་དང་རྗེ་དང་རྒྱལ་པོའི་ཚུལ། །ཁྱད་པར་རྩལ་འཕང་ཐག་རིང་ཡང་། །གཅིག་ལ་གཅིག་བརྟེན་གཅིག་གི་ངང་། །ཅེས་གསུངས་པ་ལྟར། གཞུང་འདི་ཉིད་རྒྱུད་ལུང་གཉིས་ཀྱིས་ཁོག་དབུབ་ཅིང་། འདི་ཉིད་རྫོགས་པ་ཆེན་པོར་ལ་བཟླ་སྟེ། ཐམས་ཅད་རྫོགས་པ་ཆེན་པོར་གཏན་ལ་འབེབས་ཅིང་བསྟན་པའི་ཕྱིར། ཕྱོགས་རྫོགས་པ་ཆེན་པོར་གཏོགས་པ་ངེས་པར་གྲུབ་པ་ཡིན། གསུམ་པ་མཚན་ཅི་ལ་བཏགས་པ་ནི། སྤྱིར་མཚན་གྱི་འདོགས་ལུགས་ལ་ལྔ་ལས། བཅོམ་ལྡན་འདས་ཀྱི་ཕྱག་ཏུ་འབྲས་ས་ལུ་ལྗང་པ་ཉག་མ་གཅིག་བསྣམས་པ་ལ་དཔེར་མཛད་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་གསུངས་པ་ལ། ས་ལུ་ལྗང་པའི་མདོ་ཅེས་པ་ལྟ་བུ་དཔེ་ལ་བཏགས་པ་དང་། ཤྭ་ལོ་ཀའི་གྲངས་ལ་བཏགས་པ་ཕ་རོལ་དུ་ཕྱིན་པ་འབུམ་ཞེས་པ་དང་། ལེའུའི་གྲངས་ལ་བཏགས་ལ་སྒྱུ་འཕྲུལ་རྒྱས་པ་བརྒྱད་ཅུ་པ་ཞེས་པ་ལྟ་བུ་རྣམས་གྲངས་ལ་བཏགས་པ་དང་། ལྷའི་བུས་ཞུས་པའི་མདོ། ཞེས་པ་ལྟ་བུ་གང་ཟག་ལ་བཏགས་པ་དང་། བཅོམ་ལྡན་འདས་སྲིན་ཡུལ་ལང་ཀ་པུ་རིར་གཤེགས་ནས་གསུངས་པ་ལ། ལང་ཀར་གཤེགས་པའི་མདོ་ཅེས་པ་ལྟ་བུ་ཡུལ་ལས་བཏགས་པ་དང་། དོན་ལས་བཏགས་པ་དང་ལྔ་ལས། འདི་ནི་དོན་ལས་བཏགས་པ་ཡིན། འདི་ལའང་བཞི་སྟེ། རྡོ་རྗེ་སེམས་དཔའི་ཞུས་ལེན་ཅེས་པ་ལྟ་བུ་དོན་གྱི་གཙོ་བོ་ལ་བཏགས་པ་དང་། ཆུ་གཏོར་ཅེས་པ་ལྟ་བུ་རྒྱུའི་གཙོ་བོ་ལ་བཏགས་པ་དང་། དེ་གཉིས་ནི་གཙོ་བོ་ལས་བཏགས་པ་ཡིན་ཅིང་། རིམ་གསུམ་ཅེས་པ་ལྟ་བུ་དོན་གྱི་རྣམ་གྲངས་ལ་བཏགས་པ་དང་། དོན་བསྡུས་ཅེས་པ་ལྟ་བུ་དོན་མདོར་བསྡུས་པ་ལས་བཏགས་པ་དང་། སྤྱི་མདོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ལྟ་བུ་དོན་རང་གི་ངོ་བོ་ལ་བཏགས་པ་དང་བཞི་ལས། འདི་ཉིད་དོན་རང་གི་ངོ་བོ་ལ་བཏགས་པ་ཐེག་པ་ཀུན་གྱི་སྤྱི་བཅིང་ཅེས་བྱ་བ་ཡིན། དེ་ལ་ཐེག་པ་ནི་འདེག་པར་བྱེད་པ་ཡིན་ལ། ཀུན་གྱི་སྤྱིར་འཁོར་ལོ་རྒྱུན་དང་། དོན་དམ་ངེས་པ་དང་། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་གསུམ། བྱེ་བྲག་ཏུ་ཐེག་པ་དགུ་ཞར་བྱུང་མུ་སྟེགས་དང་བཅས་པ་ཀུན་སྟེ། མ་ལུས་པ་ཡིན་ལ། དེ་དག་གི་དོན་མ་ལུས་པ་འདིར་འདུས་པ་ལ་ནི་སྤྱི་བཅིང་ཞེས་བརྗོད་པ་ཡིན། བྱེ་བྲག་ཏུ་དོན་དམ་ངེས་པའི་ཐེག་པའི་དོན་འཆད་ན། འདི། འདིས། འདི་ལས་འདིར་ཐེག་པའི་དོན་གྱིས་ན་ཐེག་པ་སྟེ། ཡར་ལྡན་གླང་ཆེན་གྱི་དཔེ། སྐས་ཀྱི་གདང་བུའི་དཔེ། ཁང་པ་སྒོ་མང་གི་དཔེ་ལ་སོགས་པ་མང་ཡང་། འདིར་རེ་ཞིག་གྲུ་གཟིང་གི་དཔེས་མཚོན་སྟེ། འབྲུ་ཅུང་ཞིག་གཉེར་ན། ཉན་ཐོས་ཀྱི་ཐེག་པའི་སྒོར་འཇུག་པའི་གང་ཟག་ནི། འདི་ཐེག་པ་སྟེ་མི་ལྟ་བུ། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ནི། འདིས་ཐེག་པ་སྟེ་གྲུ་གཟིང་ལྟ་བུ། ཁམས་གསུམ་གྱི་ཆོས་རྒྱུ་དང་འབྲས་བུར་བཅས་པ་ནི། འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །དགྲ་བཅོམ་པ་སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་ནི་འདིར་ཐེག་པ་སྟེ་སྐམ་ས་ལྟ་བུའོ། །དེ་བཞིན་དུ་ཐེག་པ་གོང་མ་རྣམས་ཀྱི་སྒོར་འཇུག་པའི་རྟེན་གྱི་གང་ཟག་ནི་འདི་ཐེག་པ་སྟེ་མི་ལྟ་བུ། ཐེག་པ་གོང་མ་གོང་མ་རྣམས་ཀྱི་གཞུང་ལུགས་ཅི་ལྟ་བའི་དོན་སྟོན་པའི་ལུང་དང་རྟོགས་པའི་ཆོས་རྣམས་ནི་འདིས་ཐེག་པ་སྟེ། གྲུ་གཟིང་ལྟ་བུ། ཁམས་གསུམ་གྱི་སྡུག་བསྔལ་རྒྱུ་དང་འབྲས་བུར་བཅས་པའི་སྟེང་དུ། ཐེག་པ་འོག་མ་འོག་མའི་རྒྱུ་འབྲས་བུ་དང་བཅས་པ་བཞག་པ་ནི། འདི་ལས་ཐེག་པ་སྟེ་ཆུ་ལྟ་བུ། ཐེག་པ་གོང་མ་གོང་མ་རྣམས་ཀྱི་འབྲས་བུ་མཐར་ཐུག་པ་ནི་འདིར་ཐེག་པ་སྟེ་སྐམ་ས་ལྟ་བུ་ཡིན་པའི་ཕྱིར་ཐེག་པ་སྟེ། དེ་ཉིད་དོན་དམ་ངེས་པའི་ཐེག་པའི་སྒྲ་དོན་གཙོ་བོར་འཆད་པ་ཡིན་ལ། ཐེག་པ་གཉིས་པོ་ནི་དོན་འགྱུར་ཆ་ཤས་ཙམ་འབྱུང་བ་ལ་བཞག་གསུངས། བཞི་པ་དགོས་ཆེད་གང་གི་དོན་དུ་མཛད་པ་ནི། བཤད་པ་དམ་བཅའ་བའི་སྐབས་སུ། ཤེས་ལྡན་ཀུན་ལ་ཕན་གདག་ཕྱིར། ཅེས་པས། མ་འོངས་པའི་གང་ཟག་གཞུང་འདི་ཉིད་ཀྱི་དོན་གོ་ཞིང་བདེ་བླག་ཏུ་རྟོགས་ནུས་པ་རྣམས་ཀྱི་དོན་དུ་མཛད་པ་ཡིན། དེ་ལ་ཡང་རང་བཟོ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། གཞུང་གི་ཞབས་དོན་གྱི་སྐབས་སུ། ཀུན་བཟང་ལ་སོགས་རྒྱལ་བ་རྒྱ་མཚོ་ཡི། །བསྟན་པ་དམ་ཆོས་རྒྱ་མཚོ་ཇི་སྙེད་རྣམས། །ཅེས་འབྱུང་བས། གཞུང་ལུགས་རྒྱ་མཚོ་ཙམ་ལ་བརྟེན་པའི་མན་ངག་ཡིན། འོ་ན་མདོ་རྒྱུད་རྒྱ་མཚོ་ཙམ་ལས་འབྱུང་བ་ཉིད་ཀྱིས་ཆོག་སྟེ། གཞུང་འདི་ཉིད་བརྩམ་པ་བལྡབ་པར་འགྱུར་བས་དགོས་པ་མེད་དམ་སྙམ་ན། དེ་མ་ཡིན་ཏེ། གཞུང་གི་ཞབས་དོན་གྱི་སྐབས་སུ། རྒྱ་ཆེ་རྒྱ་མཚོ་ཆུ་ལས་ངང་པས་འོ་མའི་བཅུད་བླང་ཅི་བཞིན་ཏུ། ཐེག་པའི་བྱེ་བྲག་ཕྱོགས་དང་མིན་དེས་གྲུབ་འདི་བསྡུས། ཞེས་འབྱུང་བ་ལྟར། མདོ་རྒྱུད་རྒྱ་མཚོ་ཙམ་དུ་རྒྱ་ཆེ་ཞིང་གྲངས་མང་བ་རྣམས་སུ་འཐོར་ཞིང་ཚིག་ཚོགས་རྒྱ་ཆེ་བས་སྡུད་ཤིན་ཏུ་དཀའ་བར་གནས་པ་ལས། ཕྱི་རབས་པ་ཚིག་ཚོགས་མང་པོས་འཇིགས་པ་རྣམས་ཀྱི་དོན་དུ། གཞུང་ཚོགས་ཉུང་ངུས་དོན་རྒྱ་ཆེན་པོ་བསྡུས་ནས་བསྟན་པའི་ཕྱིར། བལྡབ་པར་མི་འགྱུར་ཞིང་། འདི་ལ་བརྟེན་ཏེ་ཕྱི་རབས་པ་རྣམས་ཀྱིས་རྒྱ་ཆེན་པོའི་དོན་བདེ་བླག་ཏུ་རྟོགས་པར་འགྱུར་བའི་དགོས་པ་ཡོད་པས། དགོས་པ་མེད་པའི་སྐྱོན་མེད་དེ། བྱམས་མགོན་གྱིས། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་བརྩམ་པའི་དགོས་པ་ཡིན། །ཅེས་གསུངས་པ་ལྟར་ཡིན། འོན་ཀྱང་ལྷག་ཆད་ཅན་དུ་འགྱུར་སྙམས་ན། བཤད་པར་དམ་བཅའ་བའི་སྐབས་སུ། ཚད་མ་གསུམ་དང་མི་འགལ་བར་ཞེས་འབྱུང་བ་ལྟར་ཡིན་པས། ལྷག་ཆད་དུ་འགྲོ་བའི་སྐྱོན་མེད་དོ། །ལྔ་པ་དབུ་ཞབས་སུ་དོན་བསྟན་པ་ནི། ཀླད་དང་གཞུང་དང་། ཞབས་གསུམ་དུ་ཤེས་པར་བྱས་ཤིང་དེ་ཉིད་ལ་ཡང་། སྤྱི་དོན་ལྔས་བསྟན་པ་ཡིན། ཆོས་ཉིད་ཡེ་ནས་གནས་པའི་གནས་ལུགས་དང་། དེ་མ་རྟོགས་པ་སེམས་ཀྱི་འཁྲུལ་ཚུལ། འཁྲུལ་པ་དེ་ཉིད་ལ་ཡེ་ཤེས་ཀྱིས་གཟིགས་ཚུལ། གཟིགས་ནས་ཐུགས་རྗེ་སྐྱེས་ཚུལ། སྐྱེས་ནས་དོན་མཛད་ཚུལ་ལོ། །དེ་ལ་གསུམ། འཁོར་ལོ་རྒྱུན་གྱི་ཐེག་པ་དང་། ཆོ་འཕྲུལ་མངོན་བྱུང་གི་ཐེག་པ་དང་། དོན་དམ་ངེས་པའི་ཐེག་པས་དོན་མཛད་ཚུལ་ལོ། །དོན་དམ་ངེས་པའི་ཐེག་པ་ལ་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའ་གཉིས། ནང་པ་ལ་ཡང་ཐེག་པ་རིམ་པ་དགུ། ཐེག་པ་རེ་རེ་ལ་དོན་བདུན་བདུན་སྟེ། འཇུག་སྒོ་ལྟ་བ་ཏིང་འཛིན་དང་། སྤྱོད་པ་ཚུལ་ཁྲིམས་ལམ་གྱི་ཡུན། འབྲས་བུ་དག་དང་བདུན་བདུན་དུ་ཤེས་པར་བྱའོ། །དེས་སྤྱི་དོན་གྱིས་ཁོག་ཕུབ་པ་དེ་སོང་ནས། གཞུང་དོན་གྱིས་ས་བཅད་པ་དང་། ཚིག་དོན་གྱིས་འབྲུ་གཉེར་བ་གཉིས། བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་དང་སྦྱར་བ་ཡིན་ནོ། །ཚུལ་འདི་ལྟ་བུ་ནི། བསྟན་པའི་སྲོག་ཤིང་ཡིན་ལ། དེའང་འཆད་པ་པོས་ལེགས་པར་བཤད་ཅིང་། ཉན་པ་པོའི་རིམ་གྱིས་གཞན་ལ་སྤེལ་བས། དམ་པའི་ཆོས་མི་ནུབ་ཅིང་དར་ཞིང་རྒྱས་པར་བྱ་བའི་ཕྱིར། དཔོན་སློབ་གཉིས་ཀས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེན་པོ་བྱས་པ་ཡིན་ནོ། །གཞན་ཡང་དཔོན་སློབ་རང་རང་གིས་གཞུང་དོན་ཁོང་དུ་ཆུད་ཅིང་རྟོགས་པ་འཕེལ་བ་དང་། མཐར་ཐུག་རྣམ་མཁྱེན་ཐོབ་པའི་དགོས་པ་ཡོད་དོ། །ལམ་རིམ་ལས། ལྟ་བ་ལྟ་བ་གཙོར་བརྗོད་མོད། །དོན་དུ་ཤེས་རབ་ཀུན་མཉམ་ཉིད། །དེད་དཔོན་རིན་ཆེན་ཅི་བཞིན་ཏུ། །གདོད་མཐའི་བྱེ་བྲག་འདིར་ཤེས་དགོས། །ཞེས་སོ། །གཞན་ལས་ཆོས་ཉན་པའི་ཕན་ཡོན་ནི། །བྱམས་པ་སེངྒེའི་སྒྲས་ཞུས་པའི་མདོ་ལས། །འཁོར་ཚོགས་རྣམས་ལ་ཆོས་བསྟན་དུས། །རྔའམ་གྷནྚའི་བརྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷག་པ་སྨོས་ཅི་དགོས། །ཅེས་སོ། །འདི་ཡང་སངས་རྒྱས་ཀྱི་བཀའ་ཡིན་པས་ཐེ་ཚོམ་དང་སོམ་ཉི་མི་བྱའོ། །ཐེག་པ་སྤྱི་བཅིང་གི་འཆད་ཉན་བཀོད་པ་མུ་ཏིག་འཕྲེང་ཆུང་ཅེས་བྱ་བ་རེ་ཞིག་རྫོགས་སོ།། །།སྤྱི་དོན་གསུམ་པ་བཤད་བྱ་གཞུང་དངོས་ཀྱི་དོན་ལ་གསུམ་སྟེ། སྔོན་འགྲོ་བསྟན་བཅོས་ཀྱི་འབྲེལ་བཙལ་བ་ཀླད་ཀྱི་དོན་དང་། དངོས་གཞི་བསྟན་བཅོས་ཀྱི་ལུས་བཞག་པ་གཞུང་གི་དོན་དང་། མཇུག་བརྩམ་ཚུལ་དགེ་བ་བསྔོ་བ་ཞབས་ཀྱི་དོན་དང་གསུམ། དང་པོ་གཉིས་ཏེ། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བ་གཉིས། དང་པོ་ལ་གསུམ་སྟེ། བགྲང་ཆོས་ཀྱི་ཁ་བྱང་ཐུན་མོང་གི་མཆོད་པར་བརྗོད་པ་དང་། དྲངས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་བཤད་པའི་གཞིར་དྲང་། དེའི་ཁྱད་པར་གྱི་ཆོས་ལ་ལྔ། གང་གིས་ན། སྔོན་བྱུང་གི་དུས་ན། སློབ་དཔོན་ཆེན་པོ་དམ་པས། རྗེས་འཇུག་ཏུ་ཆོས་འཆད་ཉན་པ་རྣམས་ཀྱིས། གང་ལ་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ། དེ་ཡང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་བཤད་ན། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བར་དུ་བསྐལ་པ་གྲངས་མེད་གསུམ་ལ་ལམ་རིམ་གྱིས་སྦྱངས་ནས། མཛད་པ་བཅུ་གཉིས་ཀྱི་ཚུལ་དུ། ཉོན་མོངས་པ་ཤེས་བྱ། སྙོམ་འཇུག་གི་སྒྲིབ་པ་གསུམ་ལས་གྲོལ་ནས། ཆོས་ཉིད་ལ་མཐའི་སྐྱོན་དང་སྒྲིབ་པའི་ཟུག་རྔུ་མི་མངའ་བས་འཇམ་ཞེས་བྱ་བ་ཡིན། དེས་སྤངས་པ་བསྟན་ལ། རྟོགས་བྱ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་། དེ་ཉིད་རྟོགས་པའི་ཡེ་ཤེས་དབྱེར་མེད་པ་ནི་ཆོས་ཀྱི་སྐུ་སྟེ་རྟོགས་པ་བདག་གི་དཔལ་དེས་རང་དོན་ཕུན་སུམ་ཚོགས་པ་བསྟན་ལ། དེ་ཉིད་གཟུགས་སྐུར་སྣང་ནས་གདུལ་བྱ་ཉེ་རིང་རྣམས་ཀྱི་མགོན་དང་དཔལ་དུ་གྱུར་པ་ནི། ཐུགས་རྗེས་གཞན་གྱི་དཔལ། དེས་གཞན་དོན་ཕུན་སུམ་ཚོགས་པ་བསྟན་ཅིང་། དེ་གཉིས་ཀྱིས་རྟོགས་པ་ཕུན་སུམ་ཚོགས་པ་བསྟན་ལ། ཆོས་སྐུའི་ངོ་བོ་ལ་བསྒྲེས་རྒུད་མེད་པ་དང་། ཚངས་སྤྱོད་དགེ་བ་སྤྱོད་པ་མཐར་ཕྱིན་ཅིང་། གཞོན་ནུ་ལོ་བརྒྱད་པའམ་བཅུ་དྲུག་པ་ལྟ་བུའི་ཆ་ལུགས་འཛིན་པས། གཞོན་ནུ་ཞེས་བྱ་བ་ཡིན། དེ་ལྟ་བུའི་སྤངས་རྟོགས་ཕུན་སུམ་ཚོགས་པ་དེ་མངོན་དུ་གྱུར་པ་ཡིན། མཚན་ཉིད་ཐེག་པའི་ལུགས་ལ་སངས་རྒྱས་པའི་དུས་སུ་སྤངས་རྟོགས་མཐར་ཕྱིན་པ་གཅིག་ལ་བཞེད། ཡུལ་དེ་ལ། སྔགས་ལྟར་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་སྤང་གཉེན་རོ་གཅིག་པ་སྟེ། གཟུང་འཛིན་གྱི་དྲི་མ་ཀ་ནས་དག་པས་འཇམ། བདེ་ལེགས་ཡོན་ཏན་ཐམས་ཅད་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པས་ན་དཔལ་སེམས་ཉིད་སྐྱེ་འཇིག་དང་བྲལ་བས་གཞོན་ནུ། དེ་ལྟ་བུའི་དོན་དེ་མངོན་དུ་རྟོགས་པར་གྱུར་པ་སྟེ། འཇམ་དཔལ་བཤེས་གཉེན་གྱིས། །འཇམ་པ་རྡུལ་བྲལ་དྲི་མ་མེད། །དཔལ་ནི་ཀུན་སྐྱོབས་ཡེ་ཤེས་ཡིན། །བསྒྲེས་རྒུད་བྲལ་བས་གཞོན་ནུར་གྱུར། །གཞོན་ནུར་གྱུར་པས་ཡིད་བློ་གྲོས། །ཞེས་གསུངས་སོ། །དུས་ནམ་འཚལ་ན། སྔོན་བྱུང་སློབ་དཔོན་ཆེན་པོ་དམ་པས་བསྟན་བཅོས་བརྩོམ་པའི་ཐོག་མར། རྗེས་འཇུག་ཏུ་འཆད་ཉན་པ་རྣམས་ཀྱིས་ཉན་བཤད་བྱེད་པའི་ཐོག་མར། ཚུལ་ཇི་ལྟར་དུ་འཚལ་ན། སྤྱོད་པ་ཡ་རབས། སྒྲུབ་པ་ཐབས། མི་ཕྱེད་འདྲེས་པའི་ཕྱག་གོ། །དགོས་ཆེད་ཅིའི་ཕྱིར་འཚལ་ན། འོག་སྐུ་ལྔའི་མཆོད་བརྗོད་ཀྱི་སྐབས་སུ་འཆད་དོ། །ཁྱད་པར་གྱི་མཆོད་པར་བརྗོད་པ་དང་། དྲངས། མཉམ་པ་ཉིད་ཀྱི་སྐུ་ནི། འཁོར་འདས་ཐམས་ཅད་སེམས་ཉིད་ཀྱི་ངང་ལ་དབྱེར་མེད་རོ་གཅིག་པར་གྱུར་པ་ཡིན། དཔེར་ན་བུ་རམ་ལས་བཟོས་པའི་གཟུགས་འགྲོས། ཅི་ལྟར་སྣང་ཡང་མངར་བ་ལ་རོ་གཅིག་པ་ལྟ་བུའོ། །འདི་ནི་ཁྱད་པར་གསང་སྔགས་ཀྱི་ཆོས་ཀྱི་སྐུ་ཡིན་ནོ། །ཆོས་སྐུ་ནི་དེ་ཉིད་གཟུང་འཛིན་གྱི་དྲི་མ་ཀ་ནས་དག་པ་ལ་བྱའོ། །གདུལ་བྱའི་ངོ་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་ཞེས་ཟེར་རོ། །གསང་བའི་སྐུ་ནི་གསང་སྔགས་བླ་མེད་ཀྱི་དགོངས་པ། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཆགས་རྟོག་ལམ་ཁྱེར་མཐར་ཕྱིན་པ་ལ་བྱའོ། །དེ་ཉིད་གདུལ་བྱའི་ངོ་ལ། ཡབ་ཡུམ་འཁྲིལ་སྦྱོར་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་ཆེན་པོའི། ལོངས་སྤྱོད་རྫོགས་སྐུ་ནི་ཐུན་མོང་གི་ལོངས་སྐུ་ཡིན་ཏེ། མ་འགག་པ་འཁོར་བ་ལ་ལོངས་སྤྱོད། མི་དམིགས་པ་འདས་པ་ལོངས་སྤྱོད་པ་སྟེ། གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་དང་སྟོང་པ་སྐྱེ་མེད་ཀྱི་གནས་ལུགས་གཉིས་དབྱེར་མེད་དུ་ལམ་ཁྱེར་བྱས་པས། དབུ་རྒྱན་སྙན་ཆ་ལ་སོགས་པ། མཚན་དཔེས་སྤྲས་པ་ལོངས་སྐུ་རྣམ་པར་སྣང་མཛད་ལྟ་བུ། གདུལ་བྱ་ས་བཅུ་པའི་བྱང་སེམས་རྣམས་ཀྱི་ངོར་ཤར་བའོ། །སྤྲུལ་པའི་སྐུ་ནི་གདུལ་བྱའི་རྒྱུད་ལ་བྱམས་སོགས་སྙིང་རྗེ་འགག་མེད་དུ་ཅིར་ཡང་འཆར་བ་དང་། དེ་ཉིད་གནས་ལུགས་ཀྱི་ངང་ལ་ཁྱེར་བས་མཐར་ཕྱིན་པ་སངས་རྒྱས་པའི་དུས་སུ་སྤྲུལ་སྐུ་ཟེར། འདི་ལ་དབྱེ་ན། མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་དང་། དམན་པ་ལ་ཐུབ་པ་ལྔ་པོ་དང་། བཟོའི་རྒྱལ་པོ་ཀརྨ་བི་ཤྭ། མགར་གྱི་རྒྱལ་པོ་མགར་ལྷ་ཡུག་པ། སྨན་གྱི་རྒྱལ་པོ་འཚོ་བྱེད་གཞོན་ནུ་ལ་སོགས་པ་རྣམས་ཀྱི་སྐུར་སྣང་ནས་གདུལ་བྱ་མོས་པ་སྤྱོད་པའི་ས་ཏེ། ཚོགས་སྦྱོར་མན་ཆད་མནར་མེད་དམྱལ་བ་ཡན་ཆད་ཀྱི་དོན་བྱེད་པའོ། །མདོ་ལམ་རིམ་ལས། དེ་བཞིན་ཉིད་དུ་སོན་པ་དང་། །སྣ་ཚོགས་ཞེན་པ་གྲོལ་བར་ཟད། །གདོད་ནས་མ་བསླད་ཀུན་གྱི་གནས། །རང་བཞིན་བརྗོད་འདས་ཆོས་ཀྱི་སྐུ། །ངོ་བོ་བསྟན་དཀའ་ཡོན་ཏན་གཞི། །གསང་བའི་སྐུ་ཞེས་ང་ཡིས་བརྗོད། །ངོ་བོ་གཉིས་ཀྱི་ལོངས་སྤྱོད་ལ། །མི་འཛིན་པ་ལྟར་དབང་ཕྱུག་ཆེ། །མ་བྱུང་མ་མྱོང་རྒྱུན་མི་འཆད། །ཅིར་ཡང་འཆར་བ་སྤྲུལ་པའི་སྐུ། །ཞེས་གསུངས་སོ། །སྐུ་དེ་རྣམས་གོ་བདེ་བའི་ཕྱིར་ཐེག་པ་ཡར་འཛེག་གམ། ལམ་རྟོགས་ཚུལ་གྱི་སྒོ་ནས་ངོ་སྤྲོད་ནས་འབྲུ་གནོན་པ་ཡིན། སྤྲུལ་པ་མར་འགྱེད་ཀྱི་དབང་དུ་ཡིན་ན། ཀུན་བཟང་དགོངས་པ་ཆོས་ཉིད་ལས་མ་གཡོས་པ་བཞིན་དུ་གདུལ་བྱ་དག་མ་དག་གི་སྣང་ངོར་སྤྲུལ་པ་སྣ་ཚོགས་སྟོན་པའོ། །དཔེར་ན་ཟླ་བའི་དཀྱིལ་འཁོར་གཅིག་ལས་མ་གཡོས་བཞིན་དུ་ཆུ་རྫིང་ཐ་དག་གི་ནང་དུ་ཟླ་བའི་གཟུགས་དུ་མར་སྣང་བ་ལྟ་བུའོ། །རིག་པ་སྐད་ཅིག་མའི་ཐོག་ཏུ་སྐུ་ལྔ་པོ་ངོ་སྤྲོད་རྒྱུ་ཡོད་པ་བླ་མའི་ཞལ་ལས་ཤེས་པར་བྱའོ། །འདིར་གཞུང་བཤད་ཀྱི་དབང་དུའོ། །སྐུ་ལྔ་དངོས་སུ་བསྟན་པ་ཡིན་ལ་དེའི་ཤུགས་ལ་ལུང་གྲ་ཆད་ལ་ཉལ་བ་ཟུར་ལ་བསླང་བ་འཆད་པ་པོས་གཉེར་བྱ་ཡིན་པས། བརྡའ་སྤྲོད་པའི་ངོས་ནས་གསུང་ལྔ། དགོངས་པ་ཟབ་པའི་ངོས་ནས་ཐུགས་ལྔ། དགོས་འདོད་འབྱུང་བའི་ངོས་ནས་ཡོན་ཏན་ལྔ། བྱ་བ་བྱེད་པའི་ངོས་ནས་ཕྲིན་ལས་ལྔ་སྟེ། སྐུ་རིགས་རྒྱན་འཁོར་ལོ་ཉི་ཤུ་རྩ་ལྔ། མ་འདྲེས་ལ་ཡོངས་སུ་རྫོགས་པའི་དོན། ཀུན་ཏུ་བཟང་པོའི་དགོངས་པ་ལ་རྫོགས་པའམ། སེམས་ཉིད་རང་བྱུང་གི་ཡེ་ཤེས་གནས་ལུགས་ཀྱི་དོན་ལས་མ་གཡོས་པས་བདག་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཞེས་པའི་དོན་ལ་ཐེག་པ་དགུ་ལ་བཅོམ་ལུགས་དགུ་ཡོད་ཀྱང་། ད་རེས་འདིར་གསུམ་གྱི་འདོད་པ་བཤད་དོ། །དེ་ཡང་མཚན་ཉིད་ལྟར་ན། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བར་དུ་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས་ནས་མཐར་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བདུད་བཞི་བཅོམ་ནས་སངས་རྒྱས་པ་ཡིན། བཅོམ་ལྡན་འདས་ཆུ་བོ་ནཻ་ར་ཛ་ནའི་འགྲམ་དུ་དཀའ་ཐུབ་དཀའ་སྤྱད་མཛད་པའི་རྗེས་ལ། བུ་མོ་ལེགས་སྐྱེས་མས་འོ་ཐུག་དྲངས་པས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་དུ་གྱུར་པས་ནི། ཕུང་པོའི་བདུད་བཅོམ་མོ། །ལོ་བརྒྱད་ཅུ་ལ་གཤེགས་ཆིས་མཛད་པ་ལས། ལྕགས་མགར་གྱི་བུའི་དོན་དུ་ལོ་གཉིས་བཞུགས་པས། འཆི་བདག་གི་བདུད་བཅོམ་མོ། །བདུད་དགའ་རབ་དབང་ཕྱུག་གི་བུ་མོ་རྣམས་ཀྱིས་བསླུ་བྲིད་བྱས་པ་ལ་སེ་གོལ་བཏོག་པས་རྒན་མོ་བདུན་དུ་གྱུར་པས་ནི། ཉོན་མོངས་པའི་བདུད་བཅོམ་མོ། །བྱང་ཆུབ་ཀྱི་ཤིང་དྲུང་ན་སྲོད་ལ་བདུད་ཐམས་ཅད་ཀྱི་བདུད་དམག་བྱེ་བ་དུང་ཕྱུར་རྣམས་ལྷག་ནས། མཚོན་ཆའི་ཆར་ཕབ་མི་སྙན་པ་སྣ་ཚོགས་བསྒྲགས་པའི་དུས་སུ། བཅོམ་ལྡན་འདས་བྱམས་སྙིང་རྗེའི་ཏིང་ངེ་འཛིན་ལ་ཞུགས་པས་ཕྱི་རོལ་གྱི་མཚོན་ཆ་རྣམས་པདྨའི་ཚོགས་སུ་གྱུར། སྒྲ་མི་སྙན་པ་རྣམས་ཆོས་ཀྱི་སྒྲ་དང་། བསྟོད་པ་དུ་མའི་ཚོགས་སུ་བྱུང་བ་ནི། ལྷའི་བུའི་བདུད་བཅོམ་པའི་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་ཀུན། །དེ་བཅོམ་པས་ན་བཅོམ་ཞེས་བྱ། །ཅེས་སོ། །ཆེ་བའི་ཡོན་ཏན་དྲུག་དང་ལྡན་པས་ལྡན་ཞེས་བྱ་སྟེ། དེ་ཉིད་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཅེས་སོ། །དབང་ཕྱུག་ནི་ཚོགས་གཉིས་མཐར་ཕྱིན་པའི་དབང་གིས་འཁོར་འདས་ལ་མངའ་མཛད་ཅིང་བསྒྱུར་བའོ། །གཟུགས་བཟང་བ་ནི་མཚན་དཔེས་སྤྲས་པའོ། །དཔལ་ནི་བདག་དོན་གཞན་དོན་གྱི་དོན་གཉིས་ཕུན་སུམ་ཚོགས་པའོ། །གྲགས་པ་ནི་ཆེ་བའི་ཡོན་ཏན་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གནས་ཐམས་ཅད་དུ་ཁྱབ་པའོ། །ཡེ་ཤེས་ནི་ཇི་ལྟར་ཇི་སྙེད་གཉིས་སོ། །བརྩོན་འགྲུས་ནི་འབད་པ་མེད་པའི་བརྩོན་འགྲུས་ཀྱིས་སྐད་ཅིག་ཙམ་ཡང་མ་ཡེངས་པར་གདུལ་བྱའི་རེ་བ་སྐོང་བའོ། །སྲིད་ཞིའི་མཐར་མི་གནས་པས་འདས་ཞེས་བྱ་སྟེ། ཀླུ་སྒྲུབ་ཀྱིས། ཤེས་པས་སྲིད་ལ་མི་གནས་དང་། །སྙིང་རྗེས་ཞི་ལ་མི་གནས་དང་། །འཁོར་དང་མྱ་ངན་འདས་མི་གནས། །མི་གནས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །གསང་སྔགས་མ་ཧཱ་ཡོ་ག་ལྟར་ན་བཅོམ་ཞེས་པ་ཕྲིན་ལས་ཀྱི་མཚན་ཏེ། ཉོན་མོངས་པ་ལྔ་མ་སྤངས་ཡེ་ཤེས་ལྔའི་ངོ་བོར་གྱུར་པ་ནི། ཉོན་མོངས་པའི་བདུད་བཅོམ། ཕུང་པོ་ལྔ་ཉིད་མ་སྤངས་རིགས་ལྔའི་ངོ་བོར་གྱུར་པ་ནི། ཕུང་པོའི་བདུད་བཅོམ། སེམས་ཉིད་སྐྱེ་འཇིག་མེད་པའི་དོན་མངོན་དུ་གྱུར་པ་ནི། འཆི་བདག་གི་བདུད་བཅོམ། ལྷ་རྟོག་རོ་གཅིག་དུ་གྱུར་པ་ནི། ལྷ་བུའི་བདུད་བཅོམ་པ་ཡིན་སྟེ། རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེང་གིས་བཅོམ། །ཞེས་གསུངས་སོ། །ལྡན་ཞེས་པ་ཡོན་ཏན་གྱི་མཚན་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ། ཉི་ཤུ་རྩ་ལྔ་ལ་སོགས་པ་ཐུགས་རང་རིག་པའི་ཡེ་ཤེས་ལ་རང་བཞིན་གྱིས་ལྡན་པ་སྟེ། རྡོ་རྗེ་ལས་རིམ་ལས། སྐུ་ལྔ་སོགས་ཡོན་ཏན་བརྗོད་ལས་འདས། །ཅེས་གསུངས། འདས་ཞེས་པ་མཚན་ཉིད་ཀྱི་མཚན་སྟེ་གོང་གི་ཡོན་ཏན་དེ་དག་ཐམས་ཅད་ཀྱང་ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པ་ཡིན་ཏེ། རྡོ་རྗེ་ལས་རིམ་ལས། རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་སོ། །མན་ངག་ལྟར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀུན་ཏུ་བཟང་མོའི་མཁའ་ཀློང་ཡངས་པའི་ངང་དུ་ཆུབ་པས་བཅོམ། ཀུན་བཟང་རོལ་པ་འགག་པ་མེད་པར་ཤར་བས་ལྡན། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་མཐའ་ཐམས་ཅད་མ་སྤངས་དག་པས་འདས་ཞེས་པའོ། །དཔལ་ཞེས་པའི་དོན་ལ་གསུམ་སྟེ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ནི། གཞི་མཉམ་པ་ཉིད་ཀྱི་གནས་ལུགས་ལ་བྱའོ། །རིག་པ་རང་སྣང་བའི་དཔལ་ནི། གཞི་དེ་ཉིད་རྟོགས་པའི་ལམ་ལ་བྱའོ། །ཐུགས་རྗེ་ཆེན་པོ་ཞར་ལས་བྱུང་བའི་དཔལ་ནི། དེ་ཉིད་རྟོགས་པ་མཐར་ཕྱིན་ཅིང་གདུལ་བྱའི་ཡུལ་ལ་གཟུགས་སྐུ་རྣམ་གཉིས་ཀྱིས་དོན་མཛད་པ་ལ་བྱའོ། །ལྡན་ཞེས་པ་ནི། དུང་དང་དཀར་བ། ཆུ་དང་གཤེར་བ། མར་དང་སྣུམ་པ་ལྟ་བུ། ངོ་བོ་ཉིད་ཀྱིས་ལྡན་པ་ཡིན་ཏེ། གོང་དུ་བཤད་པའི་དཔལ་གསུམ་པོ་དེ་དང་། རིག་པ་གཉིས་ཡེ་ནས་དབྱེར་མེད་པ་ལ་ལྡན་ཞེས་བྱའོ། །ཀུན་བཟང་ཞེས་པའི་དོན་ལ་བཞི་སྟེ། རང་བཞིན་ཀུན་ཏུ་བཟང་པོ་ནི། གཞིའི་དོན་ལ་བྱའོ། །རྟོགས་པ་ཀུན་ཏུ་བཟང་པོ་ནི། དེ་ཉིད་རྟོགས་པའི་ལམ་ལ་བྱའོ། །སྤྱོད་པ་ཀུན་ཏུ་བཟང་པོ་ནི། དེ་ཉིད་སྤྱོད་ལམ་རྣམ་བཞིར་ཁྱེར་ཐབས་ལ་བྱའོ། །དུས་དང་གནས་སྐབས་ཀུན་ཏུ་བཟང་པོ་ནི། རེས་འགའ་ཡོད། རེས་འགའ་མེད་པ་ལྟ་བུ་མ་ཡིན་པར། སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ་རྩོལ་མེད་ཆོས་སྐུའི་འཁོར་ཡུག་ལ་བྱའོ། །སྤྱོད་ལམ་ཐམས་ཅད་དུ་སྐུ་དང་ཡེ་ཤེས་སུ་རྒྱས་པ་དེ་ལ་ཕྱག་འཚལ་ལོ། །དུས་ནམ་འཚལ་ན། དམ་པས་བསྟན་བཅོས་བརྩམ་པའི་ཐོག་མར། འཆད་ཉན་པ་རྣམས་ཀྱིས་འཆད་ཉན་བྱེད་པའི་ཐོག་མར། ཚུལ་ཅི་ལྟར་ན་གསུམ་སྟེ། སྤྱོད་པ་ཡ་རབས་ཀྱི་ཕྱག་ནི། ལུས་གུས་པ་དང་བཅས་པས་མལ་ལྔ་ས་ལ་གཏུག །ངག་དྭངས་བ་དང་དད་པས་བསྟོད་པའི་དབྱངས་སུ་བཅས། ཡིད་ཏིང་ངེ་འཛིན་གྱིས་ཕྱག་འཚལ་བ་ཡིན་ཏེ། བཟང་སྤྱོད་ལས། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཅེས་གསུངས་སོ། །སྒྲུབ་པ་ཐབས་ཀྱི་ཕྱག་ནི། གཞུང་འདི་ཉིད་ཀྱི་དོན་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་དོན་རྣམས་བདེ་བླག་ཏུ་རྟོགས་ཤིང་། ཉམས་སུ་ལེན་པ་ནི་སྒྲུབ་པ་ཐབས་ཀྱི་ཕྱག་ཡིན་ཏེ། ཇི་སྐད་དུ། གང་གིས་རྟོགས་ནས་འཇུག་པ་ཡིས། །ཞུགས་པ་གང་ཡིན་འདིར་ཕྱག་འཚལ། །ཅེས་སོ། །དེ་ལྟར་སྟོན་པ་ཁྱད་པར་ཅན་གཉིས་ཀྱི་ཐུགས་ཀྱི་དགོངས་པ་དང་། སློབ་དཔོན་ཆེན་པོ་དམ་པ་བདེ་བར་གཤེགས་པའི་ཐུགས་ཀྱི་དགོངས་པ་གཉིས་ཤར་ནུབ་ཀྱི་ནམ་མཁའ་ལྟར་དབྱེར་མེད་པའི་ངང་དུ་རྟོགས་པ་ནི་མི་ཕྱེད་འདྲེས་པའི་ཕྱག་ཡིན་ཏེ། པན་ཙ་ཀྲ་མ་ལས། ཅི་ལྟར་ཆུ་ལ་ཆུ་བཞག་དང་། །ཅི་ལྟར་མར་ལ་མར་བཞག་བཞིན། །རང་གི་ངང་གི་ཡེ་ཤེས་དང་། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཅེས་སོ། །དགོས་པ་གང་གི་ཆེད་དུ་འཚལ་བ་ལ། དངོས་བརྩམ་པ་པོ་གཉིས་ལས། དངོས་ལ་སྤྱི་དང་བྱེ་བྲག་གཉིས། སྤྱི་ལ་སློབ་དཔོན་ཉིད་ཀྱི་མཆོད་པར་བརྗོད་པ་དང་། ཡི་གེའི་དཀྱུས་སུ་བཀོད་པའི་དགོས་པ་གཉིས། དེ་ལ་དང་པོ་ནི། སྤྱིར་སྐྱེས་བུ་ཡ་རབས་པ་རྣམས་ཀྱིས། བྱ་བ་གང་ལ་འཇུག་ཀྱང་། རང་མོས་པའི་ལྷ་ལ་མཆོད་པར་བརྗོད་ནས་འཇུག་པ་ཡིན་ཏེ། བྱེ་བྲག་ཏུ་རྒྱ་གར་གྱི་ཡི་གེ་པ་རྣམས་ཀྱི་ཡི་གེའི་ཀླད་དུ། ན་མ་ཤྲི་ངྷཾ་ཞེས་པ་བྲིས་ལ། དེ་ལྟར་དུ་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱིས། བསྟན་བཅོས་བརྩམ་པའི་ཀླད་དུ། བརྗོད་བྱ་དང་མཐུན་པའི་མཆོད་པར་བརྗོད་ཅིང་། དེ་བཞིན་དུ་འདིར་ཡང་སློབ་དཔོན་ཆེན་པོས་སྟོན་པ་ཁྱད་པར་ཅན་གཉིས་ལ། མཆོད་པར་བརྗོད་པས། སྒྲིབ་པ་བྱང་། ཚོགས་རྫོགས་ཅིང་བར་ཆད་བརྒྱུད་ནས་དག་སྟེ། བརྩམ་པ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །ཡི་གེར་བཀོད་པའི་དགོས་པ་ནི། སྟོན་པ་ཁྱད་པར་ཅན་གཉིས་ལ་མཆོད་པར་བརྗོད་པས། མ་འོངས་པའི་གང་ཟག་ཤེས་རབ་དང་ལྡན་པ་རྣམས། གཞུང་འདི་ཉིད་དུ་འཇུག་པའི་དགོས་པ་ཡོད། བྱེ་བྲག་ཏུ་འཚལ་བའི་དགོས་པ་ནི། འཇམ་དཔལ་ལ་ཕྱག་འཚལ་བའི་དགོས་པ་ནི། སྐྱེ་བ་མང་པོའི་གོང་ནས་ཐུགས་དམ་གྱི་ལྷ་ཡིན་པ་དང་། སྐུ་སྐྱེ་བ་འདིར་ཡང་། ཞལ་གཟིགས་ཤིང་ལུང་བསྟན་ཐོབ་པ་དང་། གདུལ་བྱ་རྣམས་ཀྱི་ཤེས་རབ་ཀྱི་ལྷར་གྱུར་པའི་ཕྱིར། མཆོད་པར་བརྗོད་པ་ཡིན་ལ། ཀུན་ཏུ་བཟང་པོ་ནི་ནང་པ་རྣམ་གསུམ་གྱི་རྒྱུད་ཀྱི་སྟོན་པ་ཡིན་པའི་ཕྱིར། མཆོད་པར་བརྗོད་པའོ། །དེ་ལྟར་བརྗོད་པ་ལ། ཡོན་ཏན་ཅི་ཡོད་ན། ཆེད་དུ་བརྗོད་པའི་ཚོམ་ལས། །བསོད་ནམས་བསགས་པའི་མི་དག་ལ། །གཞན་ལས་གྱུར་པའི་གནོད་པའམ། །ལྷའམ་བདུད་ཀྱི་རིགས་རྣམས་ཀྱིས། །བར་ཆད་བྱ་བར་མི་ནུས་སོ། །ཞེས་གསུངས་སོ། །གཉིས་པ་དགོས་ཆེད་ཙམ་པོ་པ་ལ་གཉིས་ཏེ། ཆོས་ཀྱི་ཁ་བྱང་དང་། གཞུང་མཛེས་པའི་དགོས་ཆེད་གཉིས། དང་པོ་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་སྣང་ན། དེའི་འོག་ཏུ་འདུལ་བ་འཆད་པར་མངོན། དེ་བཞིན་དུ་འཇམ་དཔལ་ལ་མངོན་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ན། མདོ་སྡེའོ། །རིགས་གསུམ་མགོན་པོ་ལ་ན། བྱ་བའི་རྒྱུད། རིགས་བཞི་རྡོ་རྗེ་འཆང་ལ་ན། སྤྱོད་པ། རྣམ་པར་སྣང་མཛད་ལ་ན། རྣལ་འབྱོར་ཡོ་ག ། རྡོ་རྗེ་སེམས་དཔའ་ལ་ན། མ་ཧཱ་ཡོ་ག །བཅོམ་ལྡན་འདས་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ལ་ཕྱག་འཚལ་ལོ་བྱས་ན། ཨ་ནུ། ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ་བྱས་ན། རྫོགས་པ་ཆེན་པོ་འཆད་པར་མངོན་ནོ། །འདིར་སྡེ་སྣོད་ཤས་འགའ་སྟོན་པས། འཇམ་དཔལ་ལ་ཕྱག་འཚལ་བའོ། །ཐེག་པ་ཐམས་ཅད་སྟོན་ཅིང་། མཐར་རྫོགས་པ་ཆེན་པོར་ལ་བཟླ་བ་ཡིན་པས། ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་བའོ། །གཉིས་པ་གཞུང་མཛེས་པའི་དགོས་པ་ནི། གླིང་བཞིའི་རྒྱན་ཉི་མ། ཡུལ་གྱི་རྒྱན་ནི་རི་བོ། མིའི་རྒྱན་རྒྱལ་པོ་ཡིན་པ་བཞིན་དུ། སྟོན་པ་ཁྱད་པར་ཅན་གཉིས་ལ་ཕྱག་འཚལ་བས། བསྟན་པ་མཛེས་པའི་རྒྱན་དུ་བཞག་པ་ཡིན་ནོ། །སྐྱབས་གནས་ཀྱི་དགེ་འདུན་ལ་མཆོད་པར་བརྗོད་པའོ། །གྲངས་འཕགས་པ་ཞེས་པ་ནི་ཁྱད་ཞུགས་པའི་སྒྲ་ཡིན་ཏེ། གང་དང་ཁྱད་ཞུགས་ན། སོ་སོའི་སྐྱེ་བོ་ཚོགས་སྦྱོར་པ་ལས་འཕགས་ཏེ། ཐེག་པ་རང་རང་གི་བདག་མེད་ཉིད་ཀྱི་དོན་རྟོགས་པའོ། །ཚོགས་ཞེས་པ། དགེ་འདུན་དང་མིང་ཐ་དད་སྟེ་སྟོང་ཆེན་རབ་འབྱམས་ལས། ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པས། དགེ་འདུན་ཕྱག་འཚལ་ཅེས་གསུངས་པ་ལྟར་རོ། །འདི་ཡི་ཞོར་ལ་བཤད་ན། མཆོད་འོས་ཀྱི་དགེ་འདུན་ནི། ཐེག་དམན་ཉན་རང་གི་དགེ་འདུན་དང་། ཐེག་ཆེན་ལ་ཞུགས་ཀྱང་སྨོན་འཇུག་གི་སེམས་བསྐྱེད་མ་སྐྱེས་པ་ནི། མཆོད་འོས་ཀྱི་དགེ་འདུན་ཡིན་ཏེ། འདུལ་བ་ལུང་ལས། གང་ལ་ཕུལ་ན་དོན་ཆེ་བ། དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་གསུངས། ཐེག་ཆེན་ལ་ཞུགས་ན་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་ལེགས་པོར་སྐྱེས་པ་ནི། ཕྱག་འོས་ཀྱི་དགེ་འདུན་ཡིན་ཏེ། སྤྱོད་འཇུག་ལས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་པ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ལོ། །ཞེས་སོ། །སྐྱབས་ཡུལ་གྱི་དགེ་འདུན་ནི། ཐེག་ཆེན་མཐོང་ལམ་པ་ཡན་ཆད། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ། དེ་ཉིད་ལས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར་རོ། །ཀུན་ལ་ཞེས་པ་མ་ལུས་པའི་སྒྲ་ཡིན་ཏེ། ཐེག་པ་དགུའི་འཕགས་པའི་ཚོགས་ཀུན་ལའང་། ཚུལ་གོང་མ་བཞིན་དུ་ཕྱག་འཚལ་བའོ། །ནས་ཞེས་པ་འབྲེལ་མཚམས་སྦྱར་བའི་ཚིག་ཡིན་ཏེ། གང་དུ་མཆོད་པར་བརྗོད་པའི་མཐའ་སྡུད། འོག་ཏུ་བཤད་པ་དམ་བཅའ་བའི་མགོ་འདྲེན་པའོ། །དགོས་འབྲེལ་གྱི་སྒོ་ནས་བཤད་པར་དམ་བཅའ་བའོ། །དྲངས། དེ་ལ་སྤྱིར་ནང་པའི་བསྟན་བཅོས་ཐ་དག་ལ་དགོས་འབྲེལ་བཞི་ཚང་དགོས་ལ། སྒོས་སུ་ཐེག་པ་སྤྱི་བཅིང་གི་བརྗོད་བྱེད་ཀྱི་ཚིག་ཚོགས་འདི་ཉིད་ལ་དགོས་འབྲེལ་བཞི་ཚང་བ་ཡིན་ཏེ། དེ་ཡང་དགོས་འབྲེལ་བཞི་ངོས་བཟུང་བ་དང་། དགོས་འབྲེལ་བཞི་གྲངས་ངེས་པའི་རྒྱུ་མཚན་དང་། གཞུང་དོན་དགོས་འབྲེལ་བཞི་དངོས་བསྟན་པ་དང་གསུམ། དང་པོ་ངོས་བཟུང་བ་ནི། བརྗོད་བྱའི་དོན། དགོས་པ། ཉིང་དགོས། འབྲེལ་པ་དང་བཞིའོ། །དགོས་འབྲེལ་བཞིར་གྲངས་ངེས་པའི་རྒྱུ་མཚན་ནི། ཁ་ཅིག་གིས་བསྟན་བཅོས་འདི་ལ་འཇུག་པར་མི་བྱ་སྟེ། བརྗོད་བྱའི་དོན་མེད་པའི་ཕྱིར། དཔེར་ན་བྱ་རོག་སོ་རྟོག་གི་བསྟན་བཅོས་བཞིན། ཅེས་པའི་ལོག་རྟོག་གི་གཉེན་པོར་བརྗོད་བྱ་དོན་དང་ལྡན་པར་བསྟན་ནོ། །ཁ་ཅིག་གིས་བསྟན་བཅོས་འདི་ལ་བརྗོད་བྱའི་དོན་དང་ལྡན་ཡང་། དོན་དེ་ཉམས་སུ་བླང་བྱ་མ་ཡིན་ཏེ། དཔེར་ན་སོག་པོ་བར་རྩི་ཀའི་ཡུལ་ནམ་བག་མར་ལེན་པའི་བསྟན་བཅོས་བཞིན། ཅེས་པའི་ལོག་རྟོག་གི་གཉེན་པོར་དགོས་པ་བསྟན་ནོ། །ཁ་ཅིག་གིས་བསྟན་བཅོས་འདི་ལ་བརྗོད་བྱའི་དོན་དང་དགོས་པ་གཉིས་ཡོད་ཀྱང་། མཐར་ཐུག་གི་འབྲས་བུ་ཐོབ་པའི་ནུས་པ་མ་ཡིན་ཏེ། ཀླུ་འཇོག་པོའི་གཙུག་གི་ནོར་བུ་ལེན་པའི་བསྟན་བཅོས་ལྟ་བུའོ། །ཞེས་པའི་ལོག་རྟོག་གི་གཉེན་པོར་ཉིང་དགོས་བསྟན་ལ། ཁ་ཅིག་གིས་བསྟན་བཅོས་འདི་ལ་བརྗོད་བྱའི་དོན་དང་། དགོས་པ་དང་། ཉིང་དགོས་གསུམ་ཡོད་ཀྱང་། ཐབས་བསྟན་བཅོས་འདི་དང་མ་འབྲེལ་སྟེ། སེ་བཅུའི་ངག་ལྟ་བུའོ། །སྐམ་ལུང་ཆུ་ཕྱར་གོང་མ་ན། རབས་ཆད་བུ་དགུ་ཕ་དང་བཅུ། །མདའ་ལྔ་མདུང་གཅིག་འཕང་དང་དྲུག །ཨ་རུ་ར་ནི་ཚ་བའི་ནད་ལ་ཕན། །ཅེས་པ་ལྟ་བུ་ཡིན་ཅེས་པའི་ལོག་རྟོག་གི་གཉེན་པོར་འབྲེལ་པ་བསྟན་པ་ཡིན་ནོ། །གཞུང་དོན་དགོས་འབྲེལ་བཞི་དངོས་སུ་བསྟན་པ་ནི། ཐེག་པ་ཀུན་གྱི་སྤྱི་བཅིང་བརྗོད་ཅེས་པ་ནི་བརྗོད་བྱའི་དོན་ཡིན་ལ། ཤེས་ལྡན་ཀུན་ལ་ཕན་གདག་ཕྱིར། ཅེས་པས་དགོས་པ་བསྟན། འཕགས་ཚོགས་ཀུན་ལ་ཞེས་པས་གནས་སྐབས་ཀྱི་ཉིང་དགོས་བསྟན། འཇམ་དཔལ་ཅེས་པ་དང་། སྐུ་ལྔའི་བདག་ཉིད་བཅོམ་ལྡན་འདས། །ཞེས་པས་མཐར་ཐུག་གི་ཉིང་དགོས་བསྟན། དེ་ཡང་བརྗོད་བྱེད་ཀྱི་ཚིག་ལ་བརྟེན་ནས། བརྗོད་བྱའི་དོན་རྟོགས། དེ་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐོབ་པ་ནི། འབྲེལ་པ་བསྟན་པ་ཡིན་ནོ། །དེ་རྣམས་ནི་སྤྱི་དོན་གྱི་བཤད་པ་ཡིན་ལ། ད་ནི་གཞུང་དོན་གྱི་འབྲུ་གཉེར་ན། མ་འོངས་པའི་གང་ཟག་ཤེས་རབ་དང་ལྡན་པ་ཀུན་ལ་ཤེས་རབ་གསུམ་བསྐྱེད་དེ། ཕན་གདགས་པའོ། །དེ་ཡང་ཚུལ་ཇི་ལྟར་དུ་ཕན་གདགས་ཞེས་ན། བརྗོད་བྱའི་དོན་མི་གསལ་བ་གསལ་བར་བྱེད་པ་དང་། རྒྱ་ཆེན་པོ་མདོར་བསྡུས་པ་དང་རྒྱུད་འཁྲུགས་པ་ལྡེབ། ལུང་གཅུས་པ་བསྲང་། མན་ངག་གབ་པ་མངོན་སུམ་དུ་ངོ་སྤྲོད་ནས། དོན་ཕྱིན་ཅི་མ་ལོག་པ་བདེ་བླག་ཏུ་རྟོགས་པར་བྱེད་པ་ནི། བསྟན་བཅོས་བརྩམ་པའི་དགོས་པ་ཡིན་པའི་ཕྱིར། མངོན་རྟོགས་རྒྱན་ལས། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་བརྩམ་པའི་དགོས་པ་ཡིན། །ཅེས་གསུངས་པ་བཞིན་ནོ། །དེ་ཡང་རང་བཟོ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྒྱལ་བའི་བཀའ་དང་། བླ་མ་དམ་པའི་མན་ངག་དང་། རང་གི་ཉམས་མྱོང་གིས་རྟོགས་པའི་ཚད་མ་གསུམ་དང་ནམ་ཡང་མིའགལ་བར་བརྗོད་བྱའི་དོན་མངོན་སུམ་དུ་གཏན་ལ་ཕབ་པ་སྟེ། གསལ་སྒྲོན་ལས། དེ་བཞིན་བདེ་བར་གཤེགས་པའི་རྒྱུད། །བླ་མ་མཁས་པའི་མན་ངག་དང་། །རང་གི་ཉམས་ཀྱི་བྱེ་བྲག་རྣམས། །ཚད་མ་གསུམ་ལ་བརྟེན་ནས་ནི། །ཞེས་གསུངས་པ་བཞིན་ནོ། །ཐེག་པ་ནི་འདེག་པར་བྱེད་པ་སྟེ། ཐེག་པ་དགུ་པོའི་རྟེན་གྱི་གང་ཟག་གང་ཡིན་པ་དེ་ཐེག་པ་དེ་ཉིད་ཀྱི་སྒོར་ཞུགས་ཏེ། བར་དུ་ཆུད་མ་ཟོས་ཤིང་མཐར་རང་རང་གི་འབྲས་བུ་ལ་སྦྱོར་ཞིང་སྐྱོལ་བར་བྱེད་པས་ན་ཐེག་པ་ཅེས་བྱའོ། །དེ་ལ་འདིར་ཡར་ལྡན་གླང་པོའི་དཔེ། ཁང་པ་སྒོ་མང་གི་དཔེ། སྐས་ཀྱི་གདང་བུའི་དཔེ། གྲུ་དང་རྐྱལ་གྱི་དཔེ། ལ་སོགས་པ་རྣམས་ཀྱི་སྒོ་ནས་ཐེག་པའི་སྒྲ་དོན་བཤད་དུ་ཡོད་པ་རྣམས་འོག་འཇུག་སྒོ་ཐེག་པའི་སྐབས་སུ་བཤད་པར་བྱའོ། །ཀུན་གྱི་ཞེས་པ་ནི། སྤྱིར་ཐེག་པ་གསུམ་སྟེ། འཁོར་ལོ་རྒྱུན་དང་། ཆོ་འཕྲུལ་མངོན་འབྱུང་དང་། དོན་དམ་ངེས་པའི་ཐེག་པ་ཀུན་དང་། བྱེ་བྲག་ཏུ་ཐེག་པ་རིམ་པ་དགུ། ཞར་བྱུང་མུ་སྟེགས་དང་བཅས་པའི་དོན་འདིར་འདུས་པས་ན། སྤྱི་བཅིང་ཅེས་བྱའོ། །བརྗོད་ཅེས་བྱ་བ་ནི། སྐྱེས་བུ་ཡ་རབས་རྣམས་ཀྱིས་བྱ་བ་ཅི་བྱེད་ཀྱང་དམ་བཅའ་བ་ལས་མི་འདའ་བ་བཞིན་དུ། དམ་པ་ཆེན་པོས་ཀྱང་། ཐུགས་ཀྱི་དགོངས་པ་ཞལ་དུ་བྱུང་སྟེ། བསྟན་བཅོས་འདི་ཉིད་བརྩམ་པར་དམ་བཅའ་བའོ། །འགྲེལ་པ་ཚིག་གསལ་ལས། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་ཚད་ལྷོད་པར་མི་བྱ་སྟེ། །སྐྱེས་བུ་དམ་པའི་ཁུར་ལྕི་ཁུར་བ་དག །ཉམས་ངའི་ལམ་དུ་ནམ་ཡང་འདོར་མི་བྱེད། །ཅེས་གསུངས། གཞུང་གི་དོན་ལ་གཉིས་ཏེ། བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། ལྡོག་ཕྱོགས་ལྔས་ལུས་བཞག་པ་དངོས་དང་། དྲངས། ཆོས་རྣམས་ཅེས་པའི་སྐབས་འདིར་མཁས་པ་འགའ་ཞིག་གིས། ཆོས་ཀྱི་མཚན་ཉིད། སྒྲ་དོན། དབྱེ་བ་བྱེད་འདུག་སྟེ། དེ་ནི་ཧ་ཅང་ཐལ་དྲག་པ་ཡིན་ཏེ། བང་མཛོད་ལས། མི་གོ་བར་ཡང་མི་བཤད་ཅིང་། །ཐལ་དྲག་པར་ཡང་བཤད་མི་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཤེས་བྱ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཀུན་གྱི་གནས་ཚུལ་ནི། ཐེག་པ་རེ་རེ་ལ་ཡང་འདོད་ལུགས་རེ་རེ་ཡོད་ཀྱང་། ད་རེས་འདིར་མདོ་དགོངས་པ་འདུས་པའི་ལུགས། ལུང་ཨ་ནུ་ཡོ་གའི་བཞེད་ཀྱིས་ཆོས་ཉིད་ངོ་བོ་གཅིག་ལ་ལྡོག་ཕྱོགས་མི་འདྲ་བ་རྣམ་པ་ལྔ་རུ་འགྱུར་བ་ཡིན། དེ་ཡང་ཆོས་ཉིད་ཡེ་ནས་གནས་པའི་ཚུལ་དང་། དེ་མ་རྟོགས་སེམས་ཅན་གྱི་འཁྲུལ་ཚུལ་དང་། འཁྲུལ་བ་དེ་ཉིད་ལ་ཐུགས་རྗེའམ་ཡེ་ཤེས་ཀྱིས་གཟིགས་ཚུལ་དང་། གཟིགས་ནས་ཐུགས་རྗེའི་སྐྱེ་ཚུལ། སྐྱེས་ནས་གདུལ་བྱའི་དོན་མཛད་ཚུལ་དང་ལྔའོ། །དེ་ཉིད་མ་འདྲེས་ཡོངས་རྫོགས་མཉམ་པ་ཆེན་པོར་བསྟན་པའོ། །དྲངས། དེ་ལྟར་མཚོན་ཚུལ་ལྔ་པོ་བརྗོད་དེ་རིམ་པར་བསྟན་ཅིང་ཐ་དད་པ་ལྟར་སྣང་ཡང་བདག་ཉིད་ཆེན་པོ་སྟེ། སེམས་ཀྱི་གནས་ལུགས་སམ་རང་བྱུང་ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་ཀྱི་རྩ་བ་ཐམས་ཅད་དེ་ལས་འཕྲོས་ཤིང་དེའི་ངང་ལས་ལོགས་སུ་མ་གཡོས་པ་ཡིན་ནོ། །གཏན་ཚིགས་དེ་བས་ན། འགག་མེད་སྣང་ལུགས་ཀྱི་ངང་དུ་མ་འདྲེས་ལ། སྐྱེ་མེད་གནས་ལུགས་ཀྱི་ངང་དུ་ཡོངས་སུ་རྫོགས་པས་ན། ལྔ་པོ་དེ་ལ། དུས་ལ་སྔ་ཕྱི་དོན་ལ་ཐ་དད་ངོ་བོ་ལ་བཟང་ངན་མེད་པར་རང་བྱུང་ཡེ་ཤེས་ཀྱི་གནས་ལུགས་ཀྱི་ཐོག་ན། མཉམ་ཞིང་རྫོགས་པ་ཡིན་ནོ། །རྒྱས་པར་བཤད་པ་ལྔ་སྟེ། གཞི་ཆོས་ཉིད་ཡེ་ནས་གནས་པའི་ཚུལ་ལྔ་པོ་དེ་མ་རྟོགས་ཏེ་འཁྲུལ་ཚུལ་དང་། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་གཟིགས་ཚུལ་དང་། གཟིགས་ནས་ཐུགས་རྗེའི་སྐྱེས་ཚུལ་དང་། སྐྱེས་ནས་དོན་མཛད་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། ཉེ་བར་བསྟན་པ་དང་། དྲངས། ལུས་རྣམ་བཞག་གི་སྐབས་སུ་ལྡོག་ཕྱོགས་ལྔས་བསྟན་པའི། ཐོག་མ་གཞི་ཡེ་ནས་གནས་པའི་གནས་ཚུལ་བསྟན་པའི་དོན་ཉིད་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། དོན་རྒྱས་པར་བཤད་པའོ། །དྲངས། དཀྱིལ་འཁོར་ཅེས་པ་ནི། སྐྱེ་བ་མེད་པ་དཀྱིལ་ཡིན། འགག་པ་མེད་པ་འཁོར་གྱིས་བསྐོར་བའོ། །གསུམ་པོ་ཞེས་པ་ནི། གཞི་ཇི་བཞིན་པའི་དཀྱིལ་འཁོར་སྐྱེ་བ་མེད་པ་དབྱིངས་དང་། འགག་པ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡེ་ཤེས་དང་། དེ་གཉིས་སུ་མེད་པ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབྱེར་མེད་ཅིང་། ཤེས་བྱ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཀུན་གྱི་གཞིར་གནས་པས་ཐམས་ཅད་ངོ་བོ་མཉམ་ཉིད་རོ་གཅིག་པའི་དོན་ཡིན་ནོ། །འདི་ལྟ་བུ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་མཐར་ཐུག་སངས་རྒྱས་ཐོབ་པ་ལས་མི་འདའ་བ་ཡིན་ནོ། །དཀྱིལ་འཁོར་གསུམ་དུ་སངས་རྒྱས་ལུགས་ནི། གཞི་ཅི་བཞིན་པ་བཅོས་སླད་དང་བྲལ་བ་ཆོས་སྐུར་སངས་རྒྱས་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པ་རྩོལ་བ་མེད་པར་རང་སྣང་བ་འགག་མེད་སྤྲུལ་སྐུར་སངས་རྒྱས་པ་དང་། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི་གཉིས་སུ་མེད་པར་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པ་ཡིན་ནོ། །དགོངས་འདུས་ལས། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་སྟེ། །བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །དེ་ཡང་གདུལ་བྱ་རྣམས། སྣ་ཚོགས་ཞེན་བཅས་ཀྱི་རྟོག་པའི་མཚན་མ་ཅན་ཡོད་པས། དེ་དགྲོལ་བའི་ཕྱིར་སེམས་ཅན་ཐམས་ཅད་དང་གཞི་ཅི་བཞིན་པའི་དཀྱིལ་འཁོར་དུ་ངོ་སྤྲད། སངས་རྒྱས་བྱ་བ་བཟང་པོ་གཅིག་ལོག་ན་ཡོད་པར་འཛིན་པའི་རྟོགས་པ་ཡོད་པས། དེ་གྲོལ་བའི་ཕྱིར་སེམས་ཅན་དང་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ངོ་སྤྲད། སྣ་ཚོགས་གཉིས་འཛིན་གྱི་རྟོག་པ་ཡོད་པས་དེ་གྲོལ་བའི་ཕྱིར་སེམས་ཅན་དང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲད་པ་ཡིན་ནོ། །འཁྲུལ་ཚུལ་ལ་ལྔ་སྟེ། བགྲང་། འཁྲུལ་པ་འཁོར་བའི་རྒྱུ་དཔེའི་དང་བཅས་པ། དྲངས། སྐབས་འདིར་འབྲུའི་འདུག་ས་བསྒྱུར། དོན་གྱི་རོ་རིམ་བསྡེབ། ཅེས་བྱ་བ་ཡིན་པས། ལྷན་ཅིག་སྐྱེས་པའི་མ་རིག་པའི་མཐུས་མ་རྟོགས་པ་ཡིན། གཞི་ཡེ་ཤེས་རང་བྱུང་སངས་རྒྱས་སུ་གནས་ཀྱང་ངེས་པའི་ཤེས་པ་མ་སྐྱེས་པ་ནི། རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན་ཏེ། རང་ངོ་རང་གིས་མ་ཤེས་པའོ། །དཔེར་ན་རྒྱལ་པོའི་ཕྲུ་གུ་འབངས་སུ་འཁྱམས་པ་བཞིན་ནོ། །སྤོད་པ་རྡོ་རྗེ་ལས། སེམས་ཉིད་ཡེ་ནས་སངས་རྒྱས་ཀྱང་། །མུན་པས་བསྒྲིབས་པས་དེ་མ་ཤེས། །ཞེས་གསུངས་སོ། །དེ་ལྟར་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་རང་གིས་མ་ཤེས་པ་དེ་དག་སེམས་བླུན་ནེ། རྨུག་སེ། མོག་གེ། ཐིབས་སེ། སྡོད་དམ་ཞེ་ན་མི་སྡོད་སྟེ། རྐྱེན་ཉེ་བར་ལེན་པའི་མ་རིག་པའི་མཐུས་ཡེ་ཤེས་ལོག་པར་རྟོག་སྟེ་གཟུང་འཛིན་སྣ་ཚོགས་སུ་སྣང་ནས་འཁྲུལ་ལོ། །དཔེར་ན་རྒྱལ་པོའི་ཕྲུག་གུ་དེ་ཡང་རང་ངོ་མ་ཤེས་པ་ཙམ་ནས་སྡོད་དམ་ཞེ་ན། མི་སྡོད་དེ། ཟས་སུ་ཤ་རྗེན་ཟ། གོས་སུ་རེ་བ་གྱོན། ལག་ན་ཁྱི་གསོད་ཀྱི་བེར་རྒ་ཐོགས་ནས། འབངས་ཕལ་པའི་སྤྱོད་ངན་སྣ་ཚོགས་བྱེད་དོ། །སྒྱུ་འཕྲུལ་རྒྱས་པ་ལས། ཕྱིན་ཅི་ལོག་ལ་འཆོལ་ཉོག་སྤྱོད། །གཟུང་འཛིན་དོན་ལ་རབ་ཏུ་ཆགས། །དེས་ནི་འཁོར་བས་རྟག་ཏུ་འཁྱམས། །ཞེས་གསུངས་པ་བཞིན་ནོ། །འཁྲུལ་པའི་རྐྱེན་དང་། དྲངས། ཉོན་མོངས་པ་དུག་གསུམ་གྱིས་བསྐྱེད་པའི་ལས་དགེ་སྡིག་གཉིས་ཀྱིས་མཐོ་རིས་དང་ངན་སོང་དུ་འཕེན་པ་དེ་རྐྱེན་བཞི་དག་གིས་འཁྲུལ་པའི་སྟོབས་རྒྱས་པར་བྱེད་དོ། །དེ་ལ་རྐྱེན་བཞི་ནི། རྒྱུའི་རྐྱེན་ཀུན་གཞི་ལ་ཡོད་པའི་བག་ཆགས། དམིགས་པའི་རྐྱེན་གཟུགས་ལ་སོགས་པ། དེ་མ་ཐག་པའི་རྐྱེན་དབང་ཡུལ་རྣམ་ཤེས་ཚོགས་པའི་སྐད་ཅིག་མ་བདག་པོའི་རྐྱེན་ཡིད་ཀྱིས་ཤེས་པའོ། །སྐབས་འདིར་རིག་པ་སྐད་ཅིག་མའི་ཐོག་ནས་འཁྲུལ་ལུགས། འབངས་འཁྱམས་སྟོངས་ཐུན་གྱིས་ངོ་སྤྲད་ཅིང་རྒྱས་པར་བཤད་པ་ནི་བླ་མའི་ཞལ་ལས་ཤེས་སོ། །འགྲོ་བ་ནི། རྒྱུད་དྲུག་ལས་ཀྱིས་འགྲོ་བ་དང་། ཡེ་ཤེས་དབྱིངས་སུ་འགྲོ་བ་གཉིས་ཡོད་པ་ལས། འདིར་རྒྱུད་དྲུག་ལས་ཀྱིས་འགྲོ་བ་ཡིན་ཏེ། རྒྱུད་ལྔའི་ལམ་དུ་དུག་ལྔ་སྟེ། །ཞེས་གསུངས་པ་བཞིན་ནོ། །དྲུག་ནི་མཐོ་རིས་ཀྱི་གནས་གསུམ་དང་ངན་སོང་གནས་གསུམ་མོ། །འཁྲུལ་པ་ནི་དེ་མ་ཡིན་ལ་དེར་འཛིན་པའོ། །སྣང་བ་ནི་ལས་དང་ལོག་རྟོག་གི་བློ་ངོར་འཁྲུལ་གཟུགས་རྣམས་ཤར་བ་ནི་མེད་བཞིན་དུ། བདེན་པར་ཞེན་པའི་མཐུས་རྨི་ལམ་གྱི་མཐུ་བརྟས་པ་བཞིན་ཡིན་ཏེ། དཔེར་ན་ཟླ་གྲགས་ཀྱི་ཨ་ཕ་བཞིན་ཡིན་ནོ། །ལུང་དོན་ལ་གཉིས་ཏེ། བགྲང་། མཉམ་པ་ཉིད་བདེ་གཤེགས་སྙིང་པོ་ལས་འཁྲུལ་ཚུལ་དང་། དྲངས། གསང་བའི་སྙིང་པོ་ལས། ཨེ་མ་ཐོག་མ་མེད་པའི་དུས་ན། བདེ་བར་གཤེགས་པའི་སྙིང་པོ་སྟེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་ལས་རང་ངོ་རང་གིས་མ་ཤེས་ཏེ། རང་གི་རྣམ་རྟོག་ལས་གསུམ་བསགས་པའི་སྟོབས་ཀྱིས་དོན་ལ་འཁོར་བ་མེད་བཞིན་ཏུ་སྣང་བ་སྤྲུལ་པ་དང་སྒྱུ་མ་བཞིན་ནོ། །དེ་ཡང་མཐོ་རིས་ཀྱི་བདེ་བ་དང་ངན་སོང་གི་སྡུག་བསྔལ་དང་། ཡུལ་ཏེ་གནས་མཐོ་དམན་དང་དུས་སྔ་ཕྱི་དང་ལུས་བཟང་ངན་ལས་སོགས་ཀྱི་སྒྲས་ཆེ་ཆུང་རྣམས་ལ་ནང་དུ་བདག་དང་ཕྱི་རོལ་ལ་བདག་གིར་སོ་སོར་འཛིན་ནོ། །འཁོར་བ་དོན་ལ་མེད་ཀྱང་འཁྲུལ་བའི་སྟོབས་ཀྱིས་ཕུང་ཁམས་སྐྱེ་མཆེད་ལ་སྣང་ཚུལ་ལོ། །དྲངས། གོང་དུ་གསང་བའི་སྙིང་པོའི་ལུང་སོང་ནས། འདིར་ནམ་མཁའ་ཆེའི་ལུང་དྲངས་འདོད་པས། ཡང་ཅེས་བྱའོ། །སྲིད་པ་ནི་ཁམས་གསུམ་འཁོར་བའི་ཆོས་མིང་ཙམ་ལས་དོན་དུ་མེད་ཀྱང་ལོག་པའི་སྟོབས་ཙམ་གྱིས་སྣང་བ་ཡིན་ཏེ། གཏན་ཚིགས་དེ་བས་ན་ཏིང་ངེ་འཛིན་མཉམ་པ་ཉིད་ཀྱི་དོན་དང་བྲལ་བའོ། །མཉམ་པ་ཉིད་ཀྱི་དོན་དང་བྲལ་བ་དེ་ལ་སྐྱོན་ཅི་ཡོད་སྤྱོད་ལམ་དུ་ཅི་ཤར་ན་འཁྲུལ་གཟུགས་ཤར་བ་ལས་མི་འདའ་བས་ཐ་ཚིག་གམ་དམ་ཚིག་གིས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་གཉིས་སོ། །དེ་ལས་ཀྱང་བྱེད་པ་མེད་པར་རང་བཞིན་གྱིས་ཕུང་པོ་ལྔ་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་པོ་ཅི་ལྟ་བ་བཞིན་དུ་གནས་སོ། །སྡུག་བསྔལ་འཁོར་ཚུལ་དང་བཅས་པའོ། །དྲང་། ནང་བཅུད་ཀྱི་སེམས་ཅན་རྣམས། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་དང་བཞི། ཕྱི་སྣོད་ཀྱི་འཇིག་རྟེན་ལ། འཇིག་པ་དང་། ཆགས་པ་དང་། སྟོང་པ་དང་། གནས་པ་དང་། བཞི་པོ་དེ་དག་ནི་འཁོར་བའི་འབྲས་བུའོ། །འཁོར་ཚུལ་ནི། རྒྱུ་སྔ་མ་ལ་བརྟེན་ཅིང་འབྲས་བུ་ཕྱི་མ་དང་འབྲེལ་བས་རྟེན་འབྲེལ་ཅེས་བྱའོ། །བཅུ་གཉིས་ཞེས་བཤད་པ་ལ། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལས། ཕྱི་རྟེན་ཅིང་འབྲེལ་བ་འབྱུང་བ་བཅུ་གཉིས་ནི། རྒྱུ་དང་འབྲེལ་བ་དྲུག །རྐྱེན་དང་འབྲེལ་བ་དྲུག་དང་བཅུ་གཉིས་སོ། །ནང་རྟེན་ཅིང་འབྲེལ་བ་བཅུ་གཉིས་ནི། མ་རིག་པ་ལ་སོགས་པ་བཅུ་གཉིས་ཀྱི་ཚུལ་དག་ཏུ། ཕྱི་རྟེན་ཅིང་འབྲེལ་བ་བཅུ་གཉིས་ཀྱིས་ཕྱི་སྣོད་འཁོར་བ་དང་། ནང་རྟེན་ཅིང་འབྲེལ་པ་བཅུ་གཉིས་ཀྱིས་ནང་བཅུད་ཀྱི་སེམས་ཅན་གཉིས་ག་ལུས་ཅན་རྣམས་ལ་དངོས་སུ་འཁོར་ལ་ལུས་མེད་རྣམས་ལ་བག་ཆགས་ཀྱི་ཚུལ་འཁོར་བའོ། །རྟེན་འབྲེལ་བཅུ་གཉིས་ཀྱི་དོན་རྒྱས་པར་བཤད་རྒྱུ་ཡོད་ཀྱང་འོག་རང་སངས་རྒྱས་ཀྱི་ཐེག་པའི་སྐབས་སུ་འཆད་པར་བྱའོ། །འཁྲུལ་ཚུལ་འདི་རྣམས་ཀྱི་དོན་བཤད་པ་ལ་འཁོར་བའི་བརྒྱུད་རྒྱུ་བའི་བདེ་བར་གཤེགས་པའི་སྙིང་པོ་ཡིན། ལྷན་ཅིག་སྐྱེས་པའི་རྒྱུ་ལྷན་སྐྱེས་མ་རིག་པ་དང་། ཉེར་ལེན་མ་རིག་པ། རྐྱེན་ནི། གསུམ་གཉིས་བཞིའི་རྐྱེན་དག་གིས། ཞེས་གསུངས་པས། ལས་ཉོན་གཉིས་དུས་ནི་ཐོག་མ་མེད་པའི་དུས་ནས། ངོ་བོ་ནི་གཟུང་འཛིན་གྱི་མཐུ་བརྟས་པ་ཡིན་ཏེ། རྫོགས་ཆེན་ཀློང་ལྔའི་རྒྱུད་ལས། གཞི་ནི་ཆོས་སྐུ་དྲི་བཅས་ཡིན། །དུས་ནི་ཐོག་མ་མེད་ནས་འཁྲུལ། །རྐྱེན་ནི་གཉིས་འཛིན་ཤེས་བྱ་སྟེ། །འཁྲུལ་བ་རང་གི་ངོ་བོ་ནི། །ནང་དུ་ངར་འཛིན་ཕྲ་ཞིང་རློམ། །ཕྱིར་ནི་གཟུང་འཛིན་རྟོག་པ་རྒྱས། །ཞེས་གསུང་པས། འདི་རྣམས་ཀྱི་དོན་རྒྱས་པར་བླང་ངོ་། །གཟིགས་ཚུལ་ལ་གསུམ་སྟེ། བགྲང་། དབྱེར་མེད་མཁྱེན་པས་མ་འདྲེས་ཡོངས་སུ་གཟིགས་ཚུལ་དང་། དྲངས། ཤེས་བྱའི་ཆོས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཡུལ་གདུལ་བྱ་གཟིགས་ཤིང་མཁྱེན་པར་མཛད་པ་དེ་ཡང་། ཡུལ་ཡུལ་ཅན་གྱི་རྣམ་པར་རྟོག་པ་མི་མངའ་བར་ཡུལ་བྲལ་གཉིས་མེད་ཀྱི་ངང་དུ་ས་ལེར་མཁྱེན་ནོ། །དེ་ཡང་གཏན་ཚིག་ཅིའི་ཕྱིར་ནི། ཅི་སྙེད་མཁྱེན་པའི་ཡེ་ཤེས་མ་འདྲེས་པར་ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ངང་དུ་ཡོངས་སུ་རྫོགས་པས་ནི་མཁྱེན་པའོ། །ཡིད་སྐྱོབས་ལས། རྣམ་རྟོག་མི་མངའ་དུས་གསུམ་ས་ལེར་མཁྱེན། །དེ་ནི་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཡིན། །རྡོ་རྗེ་སེམས་དཔའ་མཁྱེན་པའི་མཆོག་ཏུ་གསུངས། །ཞེས་གསུངས་པའོ། །ཅི་སྙེད་མཁྱེན་པས་མ་འགག་པར་གཟིགས་ཚུལ་དང་། དྲངས། གཟུང་འཛིན་གཉིས་ཀྱིས་ལོག་པར་རྟོག་ཅིང་དེར་བཏགས་པའི་ཀུན་བཏག་རྣམ་པར་དག་ཅིང་མཐར་ཕྱིན་པས་ཡེ་ཤེས་ལ་སྣང་ཞིང་མཁྱེན། དེ་གཏན་ཚིག་ཅིའི་ཕྱིར་ན་དེ་བཞིན་མཉམ་པ་ཉིད་ཀྱི་གནས་ལུགས་ལས་མི་གཞན་པའི་ཕྱིར་དང་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་གདུལ་བྱའི་སྨོན་ལམ་དང་འབྲེལ་པ་ཡོད་པས་ན་འགྲོ་བ་དྲུག་ཏུ་གཟིགས་ནས་མཐོ་དམན་མ་ལུས་པར་སྣང་ཞིང་མཁྱེན་པའོ། །ལ་ཤན་ལས། ཆོས་ཀུན་མ་ལུས་བདག་གསལ་ཕྱིར། །ཡེ་ཤེས་རྣམ་གྲངས་བསམ་མི་ཁྱབ། །ཅེས་གསུངས་སོ། །ཅི་ལྟ་བས་སྐྱེ་མེད་དུ་གཟིགས་ཚུལ་ལོ། །དྲངས། དེ་ལྟར་དུ་མཁྱེན་ཡང་ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་ཏེ། ཆོས་ཀྱི་དབྱིངས་སུ་དབྱེར་མེད་ཀྱང་། དེ་ནས་ཀྱང་གསུམ་ལ། བསྟན་བྱ་ལྷག་མ་ཅན་གྱི་ཚིག་དང་། སྐྱོན་ཅན་གྱི་ཚིག་གཉིས་ཡོད་པ་ལས། འདིར་སྐྱོན་ཅན་གྱི་ཚིག་ཡིན་ནོ། །གཟུང་འཛིན་དང་བྲལ་བའི་རིག་པ་དེ་ཉིད་ལ་ཡེ་ཤེས་ཡུལ་བྲལ་དུས་གཅིག་ཏུ་འཆར་ཡང་གཟུང་འཛིན་དང་མ་བྲལ་ན་མི་འཆར་ལ་དེ་བཞིན་ཉིད་ལས་མ་གཡོས་པ་དང་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པས་མི་ཕན་ནོ་ཟེར་བ་ལྟ་བུའོ། །ནམ་མཁའ་མཐའ་མཉམ་ལས། །མཁྱེན་ལྡན་ཡེ་ཤེས་སྙིང་པོ་ཡི། །གང་ཡང་མི་མཁྱེན་རང་གསལ་མཁྱེན། །མཐའ་དང་དབུས་སུ་མི་དམིགས་པས། །ཞེས་གསུངས་སོ། །མཁྱེན་པའི་ཡེ་ཤེས་ཀྱི་སྐབས་འདིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མཁྱེན་པའི་ཡུལ་དུ་བྱས་ནས་མཁྱེན་ནམ་ཡུལ་མེད་དུ་མཁྱེན། ཡུལ་དུ་མཁྱེན་ན་སངས་རྒྱས་ཀྱི་དགོངས་པ་གཟུང་འཛིན་ཅན་དུ་འགྲོ་བའི་སྐྱོན་ཡོད། ཡུལ་མེད་དུ་མཁྱེན་ན་དབུ་མ་ཡེ་ཤེས་མེད་པར་སྨྲ་བ་ལྟར། སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་ཆད་པར་འགྱུར་བའི་སྐྱོན་ཡོད། དབྱེར་མེད་དུ་མཁྱེན་ན། མཁྱེན་ཞིང་གཟིགས་པ་དང་མི་འཐད་ཞེ་ན། དེའི་ལན་འདེབས་ལུགས་འདི་ལྟ་སྟེ། ཐུགས་རྗེའི་ཡུལ་ཡོད་པའི་སྒྲོ་མི་འདོགས་ཏེ། ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་དྲི་མ་ཀ་དག་མངོན་དུ་གྱུར་པའོ། །མེད་པར་སྐུར་པ་མི་འདེབས་ཏེ། ཅི་སྙེད་མཁྱེན་པའི་ཡེ་ཤེས་ནི། ཅི་ལྟ་མཁྱེན་པའི་ཡེ་ཤེས་ཀྱི་རང་རླབས་ལས་མ་གཡོས་བཞིན་དུ། ཤེས་བྱ་ཤྭ་མང་གི་སུལ་བཞིན་དུ་མཁྱེན་པ་སྟེ། ཕྱོགས་བཅུ་དུས་བཞིའི་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞོན་ནུ་མ་ལ་པྲ་ཕབ་པ་བཞིན་དུ་རྟོག་མེད་རང་གསལ་དུ་མཁྱེན་ཏོ། །གཞན་ཡང་ཡུལ་དུ་བྱས་ནས་ཡང་མཁྱེན་སྟེ། ཡུལ་ཡུལ་ཅན་དུ་མ་འགག་ལ། མཐར་མ་རེག་པའི་ཚུལ་དུ་མཁྱེན་ཏེ། དེ་ཡང་གཉིས་སུ་མ་འགག་ལ། གཉིས་ཀྱི་མཐར་མ་ལྷུང་བས་སྐྱོན་ལས་གྲོལ་ལོ། །ཡུམ་རྒྱས་པ་ལས་ཀྱང་། དུས་གསུམ་མཉམ་ཉིད་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། ད་ལྟ་བ་མི་དམིགས་ཞེས་པ་དང་། ཡང་དུས་གསུམ་མི་དམིགས་པའི་ཚུལ་གྱིས་དུས་གསུམ་མི་ཤེས་པ་མེད་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཅེས་གསུངས་པ་ལ་སོགས་གསུངས་སོ། །ཐུགས་རྗེ་སྐྱེས་ཚུལ་ལ་གསུམ་སྟེ། ཉེ་བར་བསྟན་པ་དང་། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ཉེ་བར་བསྟན་པ་ནི། དྲངས། དེ་ལྟར་གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་ནི། ཐུགས་སྤྲོས་པ་ཐམས་ཅད་བྲལ་བར་རྗེ་དགོས་བསྒོས་པ་མེད་པར་ཀུན་ལ་ཁྱབ་པ། ཆེན་པོ་གོང་ན་མེད་པ་དེ་ལྟ་བུའི་སངས་རྒྱས་ཀྱི་དགོངས་པ་ལ་སྤྲོ་བསྡུ་དང་འབྱུང་འཇུག་མི་མངའ་ཡང་གདུལ་བྱའི་ངོ་ལ་སྐྱེ་ཚུལ་བཞིའི་ཚུལ་དུ། འབྱུང་ཚུལ་ནི་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། གཉིས་པ་མདོར་བསྟན་པ། དྲངས། རྟག་པ་རྒྱུན་གྱི་ཐུགས་རྗེ་སྐྱེ་ཚུལ་ཆུ་ཆེན་པོའི་གཞུང་ལྟ་བུ་ནི་དཔེར་ན་ཆུ་བོ་ཆེན་པོའི་གཞུང་ལ་དབྱར་དགུན་སྟོན་དཔྱིད་མེད་པར་རྒྱུན་བྲེང་ངེ་འབྱུང་བ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུགས་རྗེ་སྐྱེས་པ་ན་རྒྱུན་ཆད་མེད་པའོ། །རང་བཞིན་ཤུགས་ཀྱིས་སྐྱེ་ཚུལ་ཉི་མའི་འོད་ཟེར་ལྟ་བུ་ནི། དཔེར་ན་ཉི་མ་ནམ་མཁའི་མཐོངས་སུ་ཤར་བའི་འོད་ཟེར་དྲོ་འཇམ་རྩོལ་མེད་དུ་ངང་ངམ་ཤུགས་ཀྱིས་འབྱུང་བ་བཞིན་དུ། རྒྱལ་བའི་ཐུགས་རྗེ་ལ་རྩོལ་རྟོག་དང་སྐྱོ་དུབ་མེད་པར་ངང་ངམ་ཤུགས་ཀྱིས་འབྱུང་བའོ། །དང་ཅེས་པ་ནི་འོག་མ་སྡུད་པའི་ཚིག་ཡིན་ནོ། །ཡུལ་དང་འཕྲད་ནས་ཐུགས་རྗེ་སྐྱེ་བའི་ཚུལ་ལོང་སྤྲང་གི་སྨྲེ་སྔགས་འདོན་པ་བས་ཀྱང་། མཛེ་ནད་གདུག་ཅན་གྱིས་ཟིན་པའི་མཛེ་ཕོ་ལ་ལྷག་པར་སྟེར་བ་ལྟ་བུ་ནི། དཔེར་ན་སྤྱིར་སྡུག་ཕོང་ཐམས་ཅད་སྙིང་རྗེའི་ཡུལ་ཡིན་ཀྱང་། ཁྱད་པར་དུ་མཛེ་ཕོ་རྐང་ཆད་ལག་རྡུམ་དང་འཕྲད་ན་བཟོད་ཐབས་མེད་པའི་སྙིང་རྗེ་སྐྱེ་བ་བཞིན། སྤྱིར་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་སྙིང་རྗེའི་ཡུལ་ཡིན་ཀྱང་། ཁྱད་པར་དུ་རུ་ཏྲཱ་ཐར་པ་ནག་པོ་ཉོན་མོངས་པ་དུག་གསུམ་རགས་པར་སྨིན་པ་ལ། ཐུགས་རྗེ་ཁྱད་པར་ཅན་སྐྱེ་བ་ཡིན་ནོ། །དང་ཞེས་པ་ནི་གཞན་རྣམས་སྡུད་པའི་ཚིག་ཡིན་ནོ། །བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་སྐྱེ་ཚུལ་སྡུད་པའོ། །བསྐུལ་ཞིང་གསོལ་བ་བཏབ་པའི་རྐྱེན་ནམ་ཤུགས་ཀྱིས་ཐུགས་རྗེ་སྐྱེ་ཚུལ་སྡུག་ཕོང་སློང་བ་ལ་སྟེར་བ་ལྟ་བུ་ནི། དཔེར་ན་སྤྲང་པོ་རྣམས་ཀྱིས་སྨེ་སྔགས་ཀྱི་འོ་དོད་བོད་པ་དང་། ཕ་འབབ་བསྡུས་ནས་སྟེར་བ་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་། བསྐུལ་ཞིང་གསོལ་བ་གདབ་ན་ཐུགས་རྗེ་ཁྱད་པར་ཅན་སྐྱེས་པའོ། །རྒྱས་པར་བཤད་པ་ནི། དེ་ལ་བཞི་སྟེ། རྟག་པ་རྒྱུན་གྱི་ཐུགས་རྗེ་སྐྱེ་བ་དང་། རང་བཞིན་ཤུགས་ཀྱི་ཐུགས་རྗེ་སྐྱེ་བ་དང་། ཡུལ་དང་འཕྲད་ནས་ཐུགས་རྗེ་སྐྱེ་བ་དང་། བསྐུལ་ཞིང་གསོལ་བ་གདབ་ནས་ཐུགས་རྗེ་སྐྱེས་པའོ། །དང་པོ་ལ་བཞི་སྟེ། བགྲང་། རང་བཞིན་ཐུགས་རྗེའི་རྒྱུན་དང་། དྲངས། ཁྱབ་བྱེད་སངས་རྒྱས་ཀྱི་དགོངས་པ་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱིས། ཁྱབ་བྱ་འབྱུང་བཞི་ལྟ་བུའི་གདུལ་བྱ་སེམས་ཅན་རྣམས་ལ་ཁྱབ་ཚུལ་ནམ་མཁས་འབྱུང་བ་བཞི་ལ་ཁྱབ་བྱ་ཁྱབ་བྱེད་ཀྱིས་བྱ་རྩོལ་མེད་པར་བདའ་ཁྱབ་པ། དེ་དཔེ་ཡིན་ལ། དོན་རང་བྱུང་གི་ཡེ་ཤེས་ཀྱི་གདུལ་བྱ་སེམས་ཅན་ཐམས་ཅད་ལ་མཐའ་ངན་པ་བྲི་བ་མེད་པ་དབུས་བཟང་པོ་བཀོལ་བ་མེད་པའི་ཚུལ་དུ་ཁྱབ་ཅིང་རྒྱུན་ཆད་མེད་པའོ། །ཐུགས་རྗེ་འདི་ནི་རང་བཞིན་དབང་བཙན་སྟེ། ཐུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྗེ་བསྒོས་པ་མེད་པར་ཁམས་གསུམ་སེམས་ཅན་ཀུན་ལ་སྟོར་བྲལ་མེད་པར་ཁྱབ་པའོ། །རིམ་དྲུག་ལས། སྤྲོས་བྲལ་ཐུགས་ཀྱི་ཆོས་ཉིད་དེ། ཀུན་ལ་ཁྱབ་པའི་རྗེ་ཉིད་དོ། །ཞེས་གསུངས་སོ། །འབྱུང་བ་ཐུགས་རྗེའི་རྒྱུན་དང་། དྲངས། གང་ལ་འཆར་ན་འགྲོ་དྲུག་གདུལ་བྱ་ཐམས་ཅད་ལ། གང་འཆར་ན་འབྱུང་ཆེན་ལྔ་ཁམས་གསུམ་སེམས་ཅན་ཡོངས་ལ་ཉེ་རིང་མེད་པར་སྙོམས་པའི་ཐུགས་རྗེའི་ཚུལ་ཅི་ལྟར་ན་སངས་རྒྱས་ཀྱི་ཐུགས་རྗེ་འབྱུང་བ་ཆེན་པོ་ལྔ་ཡོངས་ལ་སྙོམས་པས་གདུལ་བྱ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་བསྐྱེད་པའི་རྒྱུ་འཚོ་བའི་ཟས་བརྟེན་པའི་གནས་སོགས་ཁོང་དུ་མཐུན་པའི་གྲོགས་ལ་སོགས་པའི་བྱ་བ་བྱེད་པ་རྣམས་ཀྱི་སྒོ་ནས་ངན་པ་སྤངས་བཟང་པོ་ལེན་པ་མེད་པར་རྒྱུན་དུ་འཆར་བའོ། །ཐུགས་རྗེ་འདི་ནི་གནས་ལུགས་ཀྱི་དོན་ངོ་མ་ཤེས་པའི་སེམས་ཅན་རྣམས་ལ་འབྱུང་བ་ལྔས་དོན་བྱེད་ཚུལ་ཡིན་ནོ། །དོན་ལ་ཐེག་པ་ལ་མ་ཞུགས་ཤིང་རིགས་སད་པའི་གདུལ་བྱ་རྣམས་ཡིན་ནོ། །ཡེ་ཤེས་ཐུགས་རྗེའི་རྒྱུན་ལ་གཉིས་ཏེ། བགྲང་། དངོས་དང་། དྲངས། དཔེར་ན་ཉི་མ་ལྟ་བུའི་ཐུགས་རྗེའི་ཡེ་ཤེས། གླིང་བཞིར་གནས་པའི་སྣང་བ་ཀུན་ལ་མཐའ་ངན་པ་དབྲི་བ་དང་དབུས་བཟང་པོ་བཀོལ་བ་མེད་པར་ཁྱབ་པ་ཅི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྗེས་གདུལ་བྱ་ངན་པ་སྤངས་བ་དང་བཟང་པོ་ལེན་པ་མེད་པའི་ཚུལ་དུ་ཐུགས་རྗེ་འཆར་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཉི་མའི་འོད་ཟེར་གཅིག་བཏང་བས། །ཞེས་གསུངས་པ་བཞིན་ནོ། །དེ་ཉིད་ལུང་གིས་གསལ་བར་བསྟན་པའོ། །དྲངས། དེས་གཞུང་དོན་སོང་ནས་ཀུན་འདུས་རིག་པའི་མདོ་ལས་ལུང་དྲངས་འདོད་པས་ཡང་ཅེས་བྱའོ། །སྐུ་དང་ཡེ་ཤེས་དབྱེར་མེད་པའི་ཕྱིར་སྐུའི་མཆོག་བཅོས་བསླད་ཐམས་ཅད་དང་བྲལ་བས་ན། རང་བཞིན་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ཟླ་བ་ཉ་རྒྱས་པ་ལྟ་བུར་ཡུལ་ཡུལ་ཅན་དང་གཟུང་འཛིན་གྱི་སྤྲོས་པ་མི་མངའ་ཡང་། ཐུགས་རྗེ་ཉི་ཤར་བཞིན་དུ་གདུལ་བྱ་ཉེ་རིང་མེད་པར་སྙོམས་པར་མཛད་པའོ། །ཞེས་ཀུན་འདུས་རིག་པའི་མདོ་ལས་དེ་ལྟར་གསུངས་པའི་ཕྱིར། ལུང་དེ་དག་གིས་གཞུང་འདིར་ཚུར་བགྲོད་ཅིང་དྲངས་པར་གྱིས་དང་གོ་ཞིང་རྟོགས་པར་ཡང་སླ། ཐེ་ཚོམ་གཅོད་པར་སླའོ། །ཡེ་ཤེས་ཐུགས་རྗེའི་རྒྱུད་འདི་ནི་ཐམས་ཅད་མཁྱེན་པའི་དགོངས་པ་ཡེ་ཤེས་ལ་རྒྱུན་ཆད་མེད་པའི་ཆ་ལ་བྱའོ། །སྤྲུལ་པ་ཐུགས་རྗེའི་རྒྱུན་ལ་གཉིས་ཏེ། སྤྲུལ་པ་ཐུགས་རྗེའི་རྒྱུན་དངོས་དང་། ཡེ་ཤེས་ཐུགས་རྗེའི་རྒྱུན་དུ་གཟིགས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། གཞུང་དོན་དངོས་དང་། དྲངས། གོང་དུ་ཡེ་ཤེས་ཐུགས་རྗེའི་རྒྱུན། ནང་དགོངས་པའི་ཆ་གཙོར་སྟོན་པ་དེ་སོང་ནས། །དེའི་ཕྱི་རོལ་ན་དེ་ཉིད་སྤྲུལ་པའི་སྐུར་དག་མ་དག་གི་ཁམས་སུ་ཐུགས་རྗེའི་འཆར་ཚུལ་བཤད་པས་ན། ཡང་ན་ཅེས་བྱའོ། །འཁོར་བ་མ་སྟོང་གི་བར་དུ་སྤྲུལ་པའི་སྐུ་རྟག་པ་རྒྱུན་དུ་ཐུགས་རྗེ་འབྱུང་བ་ནི་འདི་ལྟ་སྟེ། གདུལ་བྱའི་སེམས་ཅན་གྱི་ཁམས་རྣམས་མ་ལུས་པར། དག་དང་ཅེས་པ་དག་ལ་མ་གྲགས་པ་འོག་མིན་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ཞིང་ཁམས་ལྔ་ལ་བཞུགས་པའི་ལོངས་སྐུ་ཕལ་པ་ལྔ་ནི་སྤྲུལ་སྐུ་མཚན་ཉིད་པ་ལོངས་སྐུ་བཏགས་པ་དང་། སུམ་ཅུ་རྩ་གསུམ་དུ་བརྒྱ་བྱིན་ལྷའི་བླ་མར་གྲགས་པ་དང་། དག་ལ་གྲགས་པ་ཞིང་ཁམས་དང་མདོ་རྒྱུད་རྣམས་སུ་གྲགས་པའི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་སྟོང་དང་། མ་དག་ལ་གྲགས་པ་ཞིང་ཁམས་མདོ་རྒྱུད་རྣམས་སུ་གྲགས་པའི་ཐུབ་པ་ལྔ་པོ་དང་། མ་དག་ལ་མ་གྲགས་པ་སྟག་དང་རི་བོང་། གྲུ་དང་གཟིང་ལ་སོགས་པའོ། །སྤྲུལ་པའི་སྐུ་ནི་འཁོར་ལོ་བསྐོར་བའི་ཚུལ་ལྟར་རྒྱུན་མི་ཆད། ཡང་ན་གདུལ་བྱ་ལས་དང་སྨོན་ལམ་དག་པ་རྣམས་ལ་དག་པ་གྲག་པ་ཞིང་ཁམས་མདོ་རྒྱུད་རྣམས་སུ་གྲགས་པའི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལ་སོགས་པའི་སངས་རྒྱས་སྟོང་ལ་སོགས་པ་རྣམས་རྒྱུན་མི་ཆད་དེ། རྒྱུད་བླ་མ་ལས། གང་ཞིག་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་གཅིག་ཅར་འཆར། །ཅེས་གསུངས་སོ། །གདུལ་བྱ་ལས་དང་སྨོན་ལམ་མ་དག་པ་རྣམས་ལ། སངས་རྒྱས་སྤྲུལ་པའི་སྐུ་དངོས་སུ་མི་སྣང་སྟེ། མ་དག་པ་ལ་གྲགས་པའི་ཐུབ་པ་ལྔ་པོ་དང་སྟག་དང་རི་བོང་གྲུ་དང་གཟིངས་ལ་སོགས་རྒྱུན་མི་འཆད་དེ། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུའི་སྣོད་ཆགས་ན། །ཟླ་བའི་གཟུགས་བརྙན་མི་སྣང་ངོ་། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཅེས་པ་དང་། མངོན་རྟོག་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མ་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་པ་ངན་པས་བཟང་མི་མྱོང་། །ཅེས་སོ། །འོ་ན་འགྲོ་དོན་ཡེ་མི་འབྱུང་བ་ཡིན་ནམ་ཟེར་ན། དེ་ཡང་མ་ཡིན། ཅི་སྲིད་འཁོར་བ་མ་སྟོང་གི་བར་དུ། སྟོན་པ་ལ་སོགས་སངས་རྒྱས་ཀྱི་ཕྲིན་ལས་འདུག་པ་ཡིན་ཏེ། རྒྱུད་བླ་མ་ལས། སྲིད་པ་ཅི་སྲིད་གནས་ཀྱི་བར། །སྟོན་པ་ལ་སོགས་མཛད་པ་འཇུག །ཅེས་གསུངས་པ་བཞིན་ནོ། །གཞན་ཡང་ཐུགས་རྗེའི་ཕྲིན་ལས་ཀྱི་སྐབས་འདིར། ཐུགས་རྗེ་ཕྲིན་ལས་རྒྱ་ཆེ་བ། རྒྱུན་མི་འཆད་པ། སྣ་ཚོགས་སུ་འབྱུང་བ་དང་། ལྷུན་གྱིས་གྲུབ་པ་བཞིའི་སྒོ་ནས་ཤེས་བྱའི་གཏིང་མཐའ་རིག་པར་བྱའོ། །ལུང་གིས་གསལ་བར་བསྟན་པའོ། །དྲངས། དགོངས་པ་འདུས་པའི་ལུང་ལས་ཀྱང་ནི་འདི་སྐད་གསུངས། སྔར་སྤྲུལ་པ་ནི་མ་བྱུང་མ་མྱོངས་ལ་ད་ཡང་རྒྱུན་དུ་འབྱུང་བའོ། །འདིར་འབྲུའི་འདུག་ས་བསྒྱུར། དོན་གྱི་གོ་རིམ་བསྡེབ་བྱ་བ་ཡིན་པས། འཁྲུགས་སྡེབ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ནི་གནས་ལུགས་དེ་བཞིན་ཉིད་ལས་མ་གཡོས་པར། སེམས་ཅན་གྱི་ཁམས་མཐའ་ཐུག་པ་མེད་པ་རྣམས་སུ་འདུ་ཤེས་མི་མཁྱེན་པ་གང་ཡང་མེད་དོ། །དེ་བཞིན་གཤེགས་པ་རྣམས་ནི་གནས་དེ་བཞིན་ཉིད་ལས་མ་གཡོས་པར། སེམས་ཅན་གྱི་ཁམས་མཐའ་ཐུག་པ་མེད་པ་རྣམས་སུ་གཟུགས་མི་གཟིགས་པ་གང་ཡང་མེད་དོ། །སྒྲ་མི་གསན་པ་དང་སྤྱོད་པ་མི་འགྲེལ་པ་ནི་གང་ཡང་མེད་དོ། །གཞུང་དངོས་དང་། དྲངས། དགོངས་འདུས་ལས། ཀུན་བཟང་གིས་དེ་སྐད་གསུངས་པ་ཀུན་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡུལ་གདུལ་བྱར་གྱུར་པ་ཐམས་ཅད་ཀུན་མི་མཁྱེན་པ་གང་ཡང་མེད་དེ། དེ་གཏན་ཚིག་ཅིའི་ཕྱིར་མཁྱེན་ན་རང་བཞིན་མཉམ་ཉིད་ཀྱི་གནས་ལུགས་ལ་འཁོར་འདས་དབྱེ་བ་མེད་པའི་ཕྱིར་དང་། གཟུང་འཛིན་གྱི་ཞེན་པ་གཉིས་དག་པའི་ཕྱིར་དང་། སངས་རྒྱས་ཀྱི་ཐུགས་རྗེ་དང་གདུལ་བྱའི་སྨོན་ལམ་གྱི་འབྲེལ་བ་ཡོད་པའི་ཕྱིར། ཡུལ་ཡུལ་ཅན་གྱི་ཞེན་པ་མི་མངའ་བར་ཡུལ་བྲལ་གཉིས་མེད་ཀྱི་ངང་དུ་ས་ལེར་མཁྱེན་ནོ། །རང་བཞིན་ཤུགས་ཀྱིས་སྐྱེ་བ་ལ་གཉིས་ཏེ། བགྲང་། ཉེ་བར་བསྟན་པ་དང་། དྲངས། སྐྱེ་ཚུལ་གཉིས་པ་བྱ་སྩོལ་མེད་པར་རང་བཞིན་ཤུགས་ཀྱིས་སྐྱེ་བ་ཉི་མའི་དཀྱིལ་འཁོར་ལྟར་བཤད་པ་ནི་འདི་ལྟ་སྟེ། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། བགྲང་། རང་བཞིན་ཤུགས་ཀྱིས་སྐྱེ་བའི་རྒྱུ་མཚན་དང་། དྲངས། འདས་མ་འོངས་ད་ལྟ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ནི། དཔེར་ན་ཉི་མའི་དཀྱིལ་འཁོར་ཐམས་ཅད་ལ་མུན་པ་ཀ་ནས་དག་པ་ལྟར་གཟུང་འཛིན་གྱི་ཞེན་པ་གཉིས་ཀྱི་མུན་པ་དངས་པས་ཐམས་ཅད་མཁྱེན་རུང་བ་ཡིན། གདུལ་བྱ་འགྲོ་དྲུག་གི་སེམས་ཅན་རྣམས་ནི་མུན་པ་སྟེ་ལས་དང་ཉོན་མོངས་པ་གཉིས་ཀྱིས་སྒྲིབ་པའོ། །དེའི་དཔེ་དང་། དྲངས། གཉིད་སད་པ་ཡི་སྐྱེས་བུའི་དྲུང་། གཉིད་ཀྱིས་ནོན་པ་ཅི་ལྟ་བཞིན། ཅེས་པའི་དོན། དཔེར་ན་སྐྱེས་བུ་མངོན་ཤེས་ཅན་གྱི་དྲུང་ན་སྐྱེས་བུ་གཞན་ཞིག་གཉིད་དུ་སོང་བའི་རྨི་ལམ་དུ། རྣག་མཛེ་རབ་ཏུ་འབར་བས། ལུས་སེམས་སྡུག་བསྔལ་བར་གྱུར་པ་ལས། སྐྱེས་བུ་མངོན་ཤེས་ཅན་དེའི་ཐུགས་ཡུལ་ན། གཉིད་དུ་སོང་བའི་སྐྱེས་བུ་དེ་ལ། མཛེ་མ་བྱུང་བ་ཡང་མཁྱེན། མཛེ་མ་བྱུང་བ་བཞིན་དུ་ཁོ་ལ་མཛེ་ནད་བྱུང་བའི་སྣང་བས་ཉམ་ཐག་པར་ཡང་མཁྱེན། དེ་ལས་གྲོལ་བར་བྱེད་པའི་ཐབས་གཉིད་སད་པར་བྱེད་པ་ཡང་མཁྱེན་པ་བཞིན་ནོ། །ཞེས་རྗེ་བཙུན་གོང་མ་རྣམས་ཀྱིས་གསུངས་སོ། །ཚུལ་འདི་དག་མ་གོ་བ་ཁ་གཅིག་གིས་སངས་རྒྱས་ཀྱི་ཡེ་ཤེས་དང་། སེམས་ཅན་གྱི་འཁྲུལ་རྟོག་གཉིས་འདྲེས་ཟེར་རོ། །འོ་ན་སངས་རྒྱས་པའི་དུས་སུ་ཉན་ཐོས་ཀྱི་དགྲ་བཅོམ་པ་ལྟ་བུ་འགོག་པར་ཐལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟེར་མི་རུང་ངོ་། །འདི་ཡི་ཞབས་དོན་སྐབས་ལ། །དམ་པ་རྣམས་ཀྱི་ཐུགས་རྗེ་ཡིས། །མི་གཟིགས་མི་མཁྱེན་གང་ཡང་མེད། །ཅེས་གསུངས་པ་ལྟར། ཡང་དག་པའི་གོ་བ་བླང་བར་བྱའོ། །ཡུལ་དང་འཕྲད་ནས་ཐུགས་རྗེ་སྐྱེ་བ་ལ་གསུམ་སྟེ། བགྲང་། ཉེ་བར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དཔེའི་སྒོ་ནས་ཞབས་བསྡུ་བའོ། །དང་པོ་ནི། གདུལ་བྱེད་ཀྱི་སངས་རྒྱས་རྣམས་ཡུལ་གདུལ་བྱ་སེམས་ཅན་རྣམས་དང་། འཕྲད་ནས་ཐུགས་རྗེ་སྐྱེ་བ་ལ། སྤྱི་དང་བྱེ་བྲག་མང་ཡང་གཞུང་འདིར་ཕྱོགས་གཅིག་ཉེ་བར་མཚོན་པ་ནི་འདི་ལྟ་སྟེ། རྒྱས་པ་ལ་གསུམ་སྟེ། བགྲང་། སྔོན་བྱུང་གོལ་གཞི་ལོ་རྒྱུས་དང་བཅས་པ་དང་། དྲངས། འདིར་བཤད་གཞི་གཅིག་བརྒྱབ་ན་གོ་བདེ་བ་ཡིན། ལོག་ཅེས་པ་བཤད་པའི་གཞིར་དྲངས་དེའི་ཁྱད་པར་གྱི་ཆོས་ལ་བཞི། གང་ལོག་ན་རུ་ཏྲ་ཐར་པ་ནག་པོ་སོགས་ཀྱི་སྒྲས་འཁོར་རྣམས་བསྡུ་བའོ། །གང་ལས་ལོག་ན། རྡོ་རྗེ་ཐེག་པ་ལ་བརྟེན་ནས་ལོག་སྟེ། ཅེས་པས། གསང་སྔགས་རྡོ་རྗེ་ཐེག་པ་མ་ཧཱ་ཡོ་གའི་སྦྱོར་སྒྲོལ་གྱི་དོན་ལས་ལོག །དུས་ནམ་ལོག་ན། སྔོན་འབྱུང་ཅེས་པས། སྔོན་བསྐལ་པའི་མིང་ནི་ཀུན་བཀོད། སངས་རྒྱས་མངོན་བྱུང་གི་རྒྱལ་པོའི་བསྟན་པའི་དུས། ཚུལ་ཅི་ལྟར་དུ་ལོག་ན། ཁྱད་པར་ལས་ཀྱི་སྦྱོངས་པའི་ས་ཅེས་གསང་སྔགས་སྒྲ་ཅི་བཞིན་པར་སྤྱད་པས་ལས་ངན་པ་སྣ་ཚོགས་ལ་འཇུག་གོ། །དེ་ཡང་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ། བསྐལ་པའི་མིང་ནི་ཀུན་བཀོད། སངས་རྒྱས་མངོན་ཕྱུང་རྒྱལ་པོའི་བསྟན་པའི་དུས་སུ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་ཆོས་དར་ཞིང་ཡོད་པ་དེའི་དུས་སུ་ཁྱིམ་བདག་ཀོའུ་འདི་ན་ཡ་ཞེས་བྱ་བ་གཅིག་ཡོད་དོ། །དེའི་བུ་ཐར་པ་ནག་པོ་ཞེས་བྱ་བ་གཅིག་ཡོད་དེ། དེའི་ཡུལ་ཁམས་དེ་ན། དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ་གཅིག་ཡོད་པ། ཐུགས་འཇམ་ཞིང་གསུང་དྲང་པོར་སྨྲ་བ། མཚན་ཉིད་གསུམ་དང་རྒྱུད་སྡེ་བཞིའི་ཆོས་ལ་མཁས་ཤིང་། སེམས་ཅན་རང་རང་གི་ལས་དང་མཐུན་པའི་ལམ་སྟོན་པ་ལ་མཁས་པ་གཅིག་ཡོད་པ་ལ་ཐར་པ་དད་ནས། དན་ཕག་གཡོག་དུ་ཁྲིད་ནས་སོང་བ་ལ། ཁོ་རང་དགེ་སློང་བྱས། དན་ཕག་དགེ་བསྙེན་བྱས་ནས་འདུལ་བ་གནང་བཀག་གི་ཆོས་བསྟན་པ་ལ། ཁོ་ཁྱིམ་བདག་གི་རིགས་ཡིན་པས་བསྲུང་མ་ཐུབ། དགེ་སློང་དག་སེམས་ཅན་རང་རང་གི་སྤྱོད་པ་དང་མཐུན་པའི་ལམ་སྟོན་པ་ལ་མཁས་པ་ཡིན་ཅེས་ཟེར་བ་བདེན་ནམ། དགེ་སློང་གིས། དེ་ཡང་སྲིད་གསུངས་པ་ལས། འོ་ན་ང་རང་གི་སྤྱོད་པ་མཐུན་པའི་ཆོས་གཅིག་སྟོན་པར་ཞུ། ཞེས་ཞུས་པ་ལས། ཐུབ་དཀས། ཅི་བཞིན་པ་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཅེས་གསུངས་པ་ལས། ཐར་པས་གསང་སྔགས་གཉིས་མེད་ཀྱི་དོན་ནི་མ་རྟོགས། དངོས་རང་རྒྱུད་པའི་དངོས་པོ་བཞི་ལ་སྤྱད་པར་བྱས། དན་ཕག་གིས། གསང་སྔགས་གཉིས་མེད་ཀྱི་དོན་རྟོགས་ཅིང་། དངོས་པོ་བཞི་ལ་མ་སྤྱོད་པས། དེ་གཉིས་མ་མཐུན་ཏེ། སློབ་དཔོན་ལ་ཞུས་པ་ལས་སློབ་དཔོན་ནི་ཐུགས་དྲང་པོར་གནས་ཅིང་། ངོ་རུ་ངོ་དགའ་མེད་པར། དེ་ནི་དན་ཕག་ལྟར་རོ། །ཅེས་གསུངས་པ་ལ། ཐར་པ་མ་དད་ནས་ཁོ་འཁྲུགས་ཤིང་དཔོན་སློབ་གཉིས་ཀ་ཡུལ་ཁམས་འདི་ནས་བུད་ཅེས་ཟེར་ནས། སྐྱེ་བ་མང་པོར་མི་འཕྲད་པའི་སྨོན་ལམ་བཏབ། དེའི་རྗེས་ལ་ཁོ་རང་གི་དངོས་པོ་བཞི་ལ་གནས་སྤྱད་ནས། ཕོ་ཐམས་ཅད་བསྒྲལ། མོ་ཐམས་ཅད་སྦྱོར། རྫུན་དང་ཚིག་རྩུབ་ཐམས་ཅད་སྨྲས། ཁོ་རང་གིས་གང་སོད་ཐམས་ཅད་བསད། རང་གིས་མ་སོད་པ་ཡང་བྱ་གཅན་ལ་སོགས་གསོས་ནས་བསད་དེ། ལས་ངན་པ་ཁྱད་པར་ཅན་ལ་སྦྱངས་པའི་ཚུལ་གྱིས་ལོག །འབྲས་བུ་རང་གཞན་ལ་གནོད་པ་དང་། དྲངས། གནོད་ཅེས་པ་བཤད་པའི་གཞིར་དྲངས། དེའི་ཁྱད་པར་གྱི་ཆོས་ལ་བཞི་གང་གིས་གནོད་ན་གོལ་ས་རྣམས་སུ་སོང་བས་རུ་ཏྲ་ཐར་པ་ནག་པོ་འཁོར་དང་བཅས་པས་གནོད་པ་ལ་དག་ཅེས་བྱའོ། །གང་ལ་གནོད་ན། བདག་གཞན་ཀུན་ལ་གནོད་པ་ལ་ཞེས་པས་བདག་ངན་སོང་གསུམ་དང་འཁོར་བའི་ཁ་བརྒྱུད་གཞན་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལ་བསྐྱུར་བའོ། །དུས་ནམ་གནོད་ན་དགེ་སློང་ཐུབ་དཀའ་གཞོན་ནུ་ལ་བསྟེན་པ་ལོག་པའི་རྗེས་ཐོག་ནས། ཚུལ་ཅི་ལྟར་དུ་གནོད་ན། ཐར་པ་རྟེན་དེ་འཆི་འཕོས་ནས། དུག་སྦྲུལ་གཅན་གཟན་གྱི་རིགས་རྣམས་སུ་སྐྱེ་བ་ལྔ་བརྒྱར་སྐྱེས་ཞིང་། བྱེད་པ་རྒྱུ་མཐུན་གྱིས་ཐོག་མར་རང་གིས་གཞན་གསོད། མྱོང་བ་རྒྱུ་མཐུན་གྱིས་མཐར་གཞན་གྱིས་རང་གསོད་པའི་སྡུག་བསྔལ་མྱོང་ཞིང་། དེ་ནས་དམྱལ་བར་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་སྐྱེས་ནས། ཚ་གྲང་གི་སྡུག་བསྔལ་མྱོང་། དེ་ནས་ཡི་དྭགས་སུ་བསྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་ནས་སྡུག་བསྔལ་མྱོང་། དེ་ནས་དུད་འགྲོར་བསྐལ་པ་ཆེན་པོ་གསུམ་དུ་སྐྱེས་ནས་སྡུག་བསྔལ་མྱོང་། དེ་ནས་སྲིན་པོ་གཉའ་ཅན་ཅེས་བྱ་བའི་སྲུལ་པོ་རྟོག་འདོད་ཅན་ཅེས་བྱ་བར་སྐྱེ་བ་བླངས། སྐྱེ་བ་དེའི་ཕྱི་མ་ལ། སྲིན་ཡུལ་ལང་ཀ་པུ་རིར། སྲིན་མོ་སྨད་འཚོང་མའི་བུར་སྐྱེས་ཏེ། དེར་སྐྱེས་པ་ལ། ཞག་གསུམ་ནས་ཁོའི་མ་ཤི་ནས་མཚན་ངན་པར་ཡོངས་སུ་གྲགས་ནས་ཁོ་རང་གི་མའི་རོ་དང་ལྷན་གཅིག་དུ། དུག་ཤིང་ནལ་བྱི་ཞེས་བྱ་བའི་རྩ་བ་ན་དུར་ཕག་གཏི་མུག་གི་ཚང་བཅའ་བའི་བར་ན། དུག་སྦྲུལ་ཞེ་སྡང་གི་ཚངས་བཅས་པ། མཁའ་ལ་འདོད་ཆགས་ཀྱི་དུག་བྱ་ལྡིང་བའི་རྩར་བསྐྱལ་བའོ། །དེར་དང་པོ་མའི་ནུ་མ་ནུས་པས་འཚོའོ། །དེ་ནས་ཆུ་སེར་དང་ཁྲག་གིས་འཚོས། དེ་ནས་མའི་རོ་དང་། མི་རོ་གཞན་དང་། དེར་རོ་བསྐྱེལ་མི་དང་བཅས་པ་ཟོས། དེ་ནས་གཞན་ཞག་བཅུར་གསོས་པ་པས། ཁོ་ཞག་གཅིག་གི་སྐྱེད་ཆེ་བར་སོང་ནས། སྔོན་གསང་སྔགས་ལས་གོལ་བ་དང་། ཤ་ཆེན་ཟོས་པའི་སྟོབས་ཀྱིས་ལུས་སྔོ་སྐྱ་ཐལ་བའི་མདོག་ཅན་དུ་གྱུར། བྱ་ཤ་ཟན་གྱི་གཤོག་པ། གཅན་ཁྲག་འཐུང་གི་མཆུ་སྡེར་སྐྱེས་ཏེ། དུར་ཁྲོད་དེའི་མ་མོ་དང་། མཁའ་འགྲོ་དང་། གཞན་ཡང་རྒྱ་གར་སོ་ས་གླིང་ལ་སོགས་པ་དུར་ཁྲོད་ཆེན་པོའི་གནས་བརྒྱད་ཀྱི་མ་མོ་དང་མཁའ་འགྲོ་ཐམས་ཅད་འདུས་ཤིང་། དེ་ནས་འཛམ་བུའི་གླིང་གི་དྲེག་བྱེད་རྣམས་དང་། དེ་ནས་སྲིན་ཡུལ་པ་རྣམས་དང་། དེ་ནས་རྒྱལ་པོ་མ་ཏང་ཀ་རུ་ན་བསྒྲལ་ནས་རོ་འཛམ་བུའི་གླིང་དུ་འཕང་བ་ལ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ་གྱུར། དེ་ནས་འབྲས་བུ་ཆེ་བའི་ལྷ་མན་ཆད་དབང་དུ་བསྡུས་ནས། སྲིན་ཡུལ་དུ་ཕོ་བྲང་བཅས་སོ། །དུར་ཁྲོད་ཀྱི་གཞལ་ཡས་ཁང་བརྩིག །ད་རུ་ཀད་ཀྱི་མདའ་ཡབ་དང་། ཞིང་ལྤགས་ཀྱི་གདུག་རྒྱལ་མཚན་བླ་རེ་རྣམས་བྱས་སོ། །འཕགས་པའི་གནས་ལྔ་དང་། སྐྱེ་མཆེད་མུ་བཞི་མ་གཏོགས་པ། སྲིད་གསུམ་ལོག་པའི་ལམ་དུ་བཀོད་དེ། ཚུལ་དེ་ལྟར་དུ་གནོད། ཐམས་ཅད་མཁྱེན་པས་གཟིགས་ཏེ་བཏུལ་ནས་ཟག་མེད་ལ་བཀོད་པའོ། །དྲངས། ཀུན་མཁྱེན་རྒྱལ་བ་རྒྱ་མཚོ་རྣམས་ཀྱི་ཐུགས་རྗེས་རུ་ཏྲ་ཐར་པ་ནག་པོ་འདུལ་བའི་དུས་ལ་བབ་པར་ཡོངས་སུ་གཟིགས་ནས་དེང་སང་གི་ཤཱཀྱ་ཐུབ་པ་འདིས་སེམས་བསྐྱེད་སའི་ཤཱཀྱ་ཐུབ་པ་ལ་ཞི་བས་ཐུལ་ཅིག་གསུངས་ནས། ལུང་བསྟན་པས་བཏུལ་ཀྱང་མ་ཐུལ་སྟེ། བུ་ཆུང་ཁྱོད་ཀྱིས་བདག་ཐུལ་བ་མ་ཡིན། སྔོན་ང་གནོད་བྱིན་གྱི་སྡེ་དཔོན་དྲག་པོ་ཞེས་བྱ་བར་གྱུར་པ་ན་ཁྱོད་ཁོ་ན་ཉིད་ལྟ་བུ་མང་པོ་བྱུང་ནས། ངའི་བསྟན་པ་ལ་ཞུགས་ཤིག་ཟེར་བ་ལས་ཀྱང་མ་ཉན་ན། ད་ཁྱོད་ཀྱི་དབང་དུ་བདག་ག་ལ་འགྱུར། གོ་ཟུ་སེར་མོ་དེ་གཟོར་ལ། རང་གི་དཀའ་ཐུབ་ལ་ལེགས་པར་མནོས་ཤིག །ཅེས་ཟེར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་མང་པོའི་གདུང་དང་སྡེའི་སྤྲུལ་པ་སངས་རྒྱས་སྤྱན་རས་གཟིགས་དབང་ཕྱུག་ཁྲོས་པའི་རྟ་མགྲིན་ལ་ལུང་བསྟན་ནས་ཐུལ་གཅིག་གསུངས་ནས། རྟ་མགྲིན་གྱིས་ཧུ་ལུ་ཧུ་ལུ་ཧཱུྃ་ཅེས། ལྷང་ལྷང་། རྩེར་རྩེར་རྟ་སྐད་དྲག་པོའི་སྒྲ་ཕྱུང་བ་ལས། ཁོ་ཡང་ཞུམ་ཞིང་བག་འཁུམ་པར་གྱུར་ཏེ། ཁོས་ང་རྒྱལ་སྐད་དུ། རུ་ཏྲ་མ་ཏྲང་མ་རུ་ཏྲ། ཞེས་བསྒྲགས་ནས་ང་རྒྱལ་ཕྱུང་སྟེ། མགྲིན་བུ་ཁྱོད། སྔོན་ཡང་ཁྱོད་ལྟ་བུས་བདག་མ་ནོན་པས། ཁྱོད་ཀྱིས་བདག་ཅི་ལ་ཐུལ། ཉིད་ཀྱི་གནས་གང་ཡིན་པར་བདེ་བར་མནོས་ཤིག །ཅེས་ཟེར་རོ། །དེ་ནས་རྟ་མགྲིན་ཁོའི་ཁོང་པའི་ནང་དུ་ཞུགས་ནས་དབུ་ཁོའི་གཙུག་དུ་ཕྱུང་། ཞབས་ཁོའི་མཐིལ་དུ་ཕྱུང་། ངག་དུ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། ཁོས་མ་བཟོད་པས་འོ་དོད་ཀྱི་སྒྲས་འབོད་པ་ནི། ཨ་ཙ་མའོ། །ཅི་མཛད་མྱུར་དུ་མཛོད། ཅེས་བཏོན་ནོ། །རྟ་མགྲིན་ཁོའི་སྤྱི་གཙུག་དུ་ཕྱུང་སྟེ་ནམ་མཁའ་ལ་རྟའི་བཤུག་གླུ་ལེན་ནས། ཁོ་ལ་ལུང་བསྟན་པ་ནི། ལྷ་ནི་རྡོ་རྗེ་ཧཱུྃ། ཕྲིན་ལས་བཞི་ལས་དྲག་པོས་འདུལ་བར་འགྱུར་རོ་གསུངས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྔོན་ཡོད་སྡིག་ཅན་འདིས་བདག་གཞན་ཀུན་ལ་གནོད་པར་བྱས་པས་ད་ཡང་མ་བསྒྲལ་ན་བདག་གཞན་ཀུན་ལ་གནོད་པའོ་གསུངས་ནས། བཀའི་ཆད་པའི་མདོ་འདི་གསུངས་སོ། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་བསྒྲལ་ནུས་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །གདུལ་དཀའ་མ་ལུས་འདུལ་བ་དང་། །དམ་ཚིག་ལ་སྡང་རྣམ་སྤྱོད་ཕྱིར། །འབར་བ་ཆེན་པོའི་གར་དགུ་ལས། །དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད། །ཞེས་དྲག་པོས་གདུལ་བ་ཐག་བཅད་དོ། །སྔོན་དྲང་སྲོང་ཐུབ་དཀའ་གཞོན་ནུ་གནས་སུ་གྱུར་པ་ནི་དཔལ་ཆེར་པོར་གྱུར་ཏོ། །གཡོག་པོ་དན་ཕག་གནས་གྱུར་པ་རྡོ་རྗེ་སྲིན་པོ་ཡིན། ཐར་པ་ནག་པོ་ནི་ལས་ངན་གྱིས་རུ་ཏྲ་ར་སྨིན་པའོ། །དེ་ཡང་དཔལ་ཆེན་པོས་རུ་ཏྲ་ལྟ་བུའི་རྒྱན་ཆ་ལུགས་སྐུ་གཟི་བརྗིད་དང་ལྡན་པ་གཅིག་ཏུ་སྤྲུལ་ནས་རུ་ཏྲའི་ཐོད་མཁར་བརྩིགས་པའི་ནང་ནས་ཆུང་མ་ཉེ་གནས་ཀྲོ་ཏི་ཤྭ་རི་མ་དང་སྦྱོར་ཏེ། རྡོ་རྗེ་སྲིན་པོ་ཧཱུྃ་གཅིག་ཏུ་སྤྲུལ་ནས་ཁོ་བཏུལ་བའོ། །དེ་ཡང་དཔལ་ཆེན་པོ་ཉིད་ཐུགས་ཆོས་སྐུ་ཞི་བའི་དབྱིངས་ལས་མ་གཡོས་པར། སྐུ་འབར་བ་ཆེན་པོའི་ཆ་ལུགས་ཀྱིས། ཞེས་པས། ཁྲོ་བོ་དབུ་གསུམ་ཕྱག་དྲུག་པ་དང་། དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས་དང་། དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ་ལ་སོགས་པར་སྣང་ནས་རུ་ཏྲ་འཁོར་བཅས་ཏེ། དབང་མོ་ཉི་ཤུ་རྩ་བརྒྱད་དང་བཅས་པས་ཕོ་ཐམས་ཅད་བསྒྲལ་བའི་ཚུལ་དུ་དུག་གསུམ་སྤངས་པ་མེད་པར་གནས་སུ་སྦྱངས་ནས་སེམས་རྣམ་པར་ཤེས་པ་མཐོང་བའི་ལམ་ལ་སོགས་པ་ཟག་པ་མེད་པའི་དབྱིངས་སུ་བསྒྲལ། མོ་ཐམས་ཅད་སྦྱོར་བའི་ཚུལ་གྱིས་འདོད་ཆགས་སྤངས་པ་མེད་པར་ཟག་པ་མེད་པའི་མཐོང་ལམ་ལ་སྦྱོར་བའོ། །དེ་ཡང་དཔལ་ཆེན་པོས་རུ་ཏྲ་བསྒྲལ་ནས་མི་གཙང་བའི་འདམ་རྫབས་སུ་བཙུད་པའི་དུས་སུ། སྨེ་སྔགས་འདི་བླང་ངོ་། །ཨེ་མའོ། །ཨེ་མའོ། །ཨེ་མའོ། །དཔའ་བོ་ལྷ་རྗེ་ཐུགས་རྗེ་ཆུང་། །ད་ཡང་ཅི་མཛད་མྱུར་དུ་མཛད། །མྱུར་དུ་བསྒྲལ་ན་ཡུན་དུ་བདེ། །མ་སྲིང་བུ་མོ་ཆུང་མ་རྣམས། །འབངས་སུ་མཆི་ན་བདག་གི་ལུས་འབུལ་ལོ། །དབུས་སུ་མཆི་སྐལ་མི་ལྡན་གྱིས། །དཀྱིལ་འཁོར་མུ་རན་མཐའ་ལ་འཁོད། །ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མ་ཁ་ཆུས་བྲན་ལ་རྩོལ། །ཅེས་བྲན་འཁོར་དུ་ཁས་བླངས་ནས། སྔར་གྱི་ལས་ངན་དྲན་ནས་འདི་ལྟ་སྟེ། །ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཉི་ཟླ་འབུམ་བརྡལ་བཞིན། །དཔའ་བོ་འོད་ཟེར་སྟོང་ཁམས་ལྷམ་མེ་བ། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ། །བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ངན་སྡིག་པ་སྦྱང་པས་གནོང་། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་དེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་ལྟར་འཐིབས་པས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་འདམ་དུ་རྣམ་ཤེས་བྱིང་། །ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན། །འཕྲག་དོག་རླུང་དམར་འཚུབས་མས་འཁོར་བར་གཡེང་། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིང་།སྡུག་བསྔལ་མི་ཟད་དྲག་པོ་ཆར་དུ་འབབ། །འདི་འདྲའི་སྡུག་བསྔལ་ཤིན་ཏུ་མི་བཟོད་ན། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་འདོད་ཁམས་རུ་ཏྲར་སྐྱེས། །སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད། །ཡིད་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག །རྣམ་སྨིན་ཐམས་ཅད་རང་གི་ལས་ལ་བྱུང་། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །བསྐལ་པ་གྲངས་མེད་སྐྱེ་བ་ཅི་སྙེད་དུ། །གདོས་བཅས་ལུས་བླང་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལོང་། །ཁམས་གསུམ་བགྲང་ཞིང་སྐྱེ་ཤིའི་ཁ་བརྒྱུད་ཅིང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །ཞེས་པ་ལ་སོགས་པ་གདུང་བ་དུ་མ་བཏོན་ནོ། །དཔལ་ཆེན་པོས་དེའི་ལེན་དུ། །སྡིག་ཅན་ལོག་པའི་སྟོབས་ལྡན་ཁྱོད། །ཐོག་མ་མེད་པའི་དུས་མཐའ་ནས། །སྲིད་པའི་འཁོར་ལོར་འཁྱམས་པ་དེ། །སུས་ཀྱང་མ་བྱས་རྩ་བ་རང་ལས་བྱུང་། །བསྐལ་པ་གྲངས་མེད་དེ་སྙེད་དུ། །སྐྱེ་བ་མང་པོའི་ལུས་བླངས་ནས། །གཟུགས་ཕུང་གྲངས་མེད་ཞིག་འགྱུར་ཅིང་། །ཤ་རུས་སྟོང་གསུམ་འཇིག་རྟེན་ཙམ། །རྣག་ཁྲག་རྒྱ་མཚོར་འཁྱིལ་གྱུར་ཀྱང་། །དོན་མེད་པར་ནི་ཆུད་ཟོས་པ། །སུས་ཀྱང་མ་བྱས་རང་གི་ལས། །དེ་ཙམ་ཆ་གཅིག་དོན་སྤྱོད་ན། །ད་ཙམ་དོན་གྱིས་སངས་རྒྱས་ཟིན། །རང་གིས་མནར་བའི་རུ་ཏྲ་ཁྱོད། །དང་པོ་བཀའ་བགོ་ལོག་པར་བྱས། །དེ་ནས་མངོན་པའི་རི་བོ་བརྩེགས། །དེ་ནས་ཡིད་བཞིན་ནོར་བུ་བསྲེག །ཐ་མར་དངོས་པོ་བཞི་སྤྱད་པས། །རྣལ་འབྱོར་ཐེག་པ་ཆེན་པོའི་དོན། །མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཅི་བཞིན་མ་སྦྱང་འཕྲ་མེན་གྱིས། །སྲིད་པ་ལོག་པའི་འབྲས་བུར་སྨིན། །ཨེ་མའོ་ལས་ངན་སྙིང་རེ་རྗེ། །ཅེས་རྒྱུད་ཡོངས་སུ་སྦྱང་བའི་ཆོས་དུ་མ་བཤད་དོ། །དེ་ནི་བར་སྐབས་ལ་མཚར་ཆོས་སུ་བྲིས་པའོ། །རུ་ཏྲ་དེ་ཉིད་ཕུང་པོ་བསྒྲལ་ཞིང་། སེམས་ཟག་མེད་སངས་རྒྱས་ཀྱི་ས་ལ་བཀོད་ནས། གསང་མཚན་ཡང་རྡོ་རྗེ་རོ་ལང་ཚོགས་ཀྱི་བདག་པོར་མིང་བཏགས་པའོ། །དབང་བསྐུར་དམ་ལ་བཞག་ཅིང་། སངས་རྒྱས་བསྟན་པ་བསྲུང་བར་ཁས་བླངས་པ་དང་། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་བསྲུངས་མར་མངའ་གསོལ་ནས། ད་ལྟ་མགོན་པོ་ལེགས་ལྡན་དུ་གྲགས་པའོ། །སྔགས་འཆང་རྣམས་ཀྱི་བསྲུང་མར་བསྐོས་པ་ཡིན་ནོ། །མ་འོངས་པའི་དུས་ན་ཞིང་ཁམས་ཐལ་བས་ཁེབ་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བར་དཔལ་ཆེན་པོས་ལུང་བསྟན་པའོ། །རུ་ཏྲའི་རྣམ་ཐར་རྒྱས་པར་བཤད་འདོད་ན། མདོ་དགོངས་པ་འདུས་པའི་ལེའུ་ཉི་ཤུ་པ་མ་དག་སྐྱེ་རྒྱུད་བསྟན་པའི་ལེའུ་ནས་བཟུང་སྟེ་ལེའུ་སུམ་ཅུ་སོ་གཅིག་གི་བར་ལེའུ་བཅུ་གཅིག་གིས་སྟོན་པ་ཡིན་པས་ཞིབ་པར་དེར་གཟིགས་མཛོད། དཔེའི་སྒོ་ནས་ཞབས་བསྡུ་བའོ། །དྲངས། དཔེར་ན་སྦྱིན་བདག་ཕྱུང་པོ་ཡིས། །ལོང་སྤྲང་མཐོང་བར་གྱུར་པའི་ཚེ། །སྙིང་རྗེའི་ཟས་ཀྱིས་ཚིམ་བྱས་ནས། །བཀྲེས་པའི་སྡུག་བསྔལ་བསལ་བཞིན་ནོ། །ཅེས་པ་འདི་དག་གོ་སླའོ། །འགྲེལ་པ་མཁས་པའི་དབྱེ་ལུགས་ལ། གང་དཀའ་བ་ཐམས་ཅད་རྒྱུས་པ་བསེད་བསེད་བྱེད་དགོས་པ་ཡིན་ལ། སླ་བ་རྣམས་ནི་ཡི་གེ་མང་དོགས་པའི་ཕྱིར་མི་འགྲེལ་བ་ཡིན་ནོ། །བསྐུལ་ཞིང་གསོལ་བ་གདབ་ནས་ཐུགས་རྗེ་སྐྱེ་ཚུལ་ལ་གསུམ་སྟེ། ཉེ་བར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། དྲངས། གདུལ་བྱེད་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཡུལ་གདུལ་བྱ་རྣམས་ཀྱིས་བསྐུལ་ཞིང་གསོལ་བ་བཏབས་པས་ན་ཐུགས་རྗེ་སྐྱེ་བ་ལ་སྤྱི་བྱེ་བྲག་མང་ཡང་། གཞུང་འདིར་ཕྱོགས་གཅིག་ཉེ་བར་མཚོན་ནས། རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི། འདི་ལྟ་སྟེ། རྒྱས་པར་བཤད་པ་ལ་གཉིས། སྔོན་བྱུང་དུ་གསོལ་བ་གདབ་པའི་ཆོས་བྱུང་ཚུལ། རྗེས་འཇུག་གིས་གསོལ་བ་གདབ་པས་གནས་སྐབས་མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ལུང་གི་ཆོས་བྱུང་ཚུལ་དང་རྒྱུད་ཀྱི་ཆོས་བྱུང་ཚུལ་ལོ། །དང་པོ་ལ་ལྔ་སྟེ། བགྲང་། དམ་པའི་རིགས་ཅན་ལྔས་རྒྱལ་བ་རྣམས་ལ་གསོལ་བ་གདབ་པ་དང་། དྲངས། སྟོན་པ་མྱ་ངན་འདས་རྗེས་ནས། ཞེས་པ་ནི། སྟོན་པ་དབྱེ་ན་བཞི་སྟེ། འདྲེན་པ་རང་བྱུང་གི་སྟོན་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། རྒྱལ་ཚབ་བརྒྱུད་ཀྱི་སྟོན་པ་ནི་མི་ཕམ་མགོན་པོ། བྱིན་རླབས་ཀྱིས་སྟོན་པ་ནི་ཐུབ་པ་ལྔ་པོ། བསོད་ནམས་ཀྱིས་སྟོན་པ་ལ་གསུམ་སྟེ། སྐུའི་སྟོན་པ་དེ་གཟུགས་བརྙན་གྱི་ལྷ་སྐུ། གསུང་གི་སྟོན་པ་དེ་པོ་ཏི་གླེགས་བམ། ཐུགས་ཀྱི་སྟོན་པ་གང་ཟག་ཆོས་ཀྱི་མིག་ཅན་མན་ངག་དང་ལྡན་པ་རྣམས་ཡིན། འདིར་ནི་འདྲེན་པ་རང་བྱུང་གི་སྟོན་པ་ཤཱཀྱ་སེང་གེ་མྱ་ངན་ལས་འདས་ཁར་ཡུལ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ། འཁོར་མང་པོ་དང་དབྱར་ཟླ་གསུམ་ལ་བཞུགས། སྟོན་ར་བའི་ཉ་ལ་འཁོར་གྱི་ནང་ན་མོའུ་འགལ་གྱི་བུ་རྫུ་འཕྲུལ་ཆེར་སྤྱོད་ལ་བཀའ་སྩལ་པ། རྫུ་འཕྲུལ་ཆེན་སྤྱོད་ཁྱོད་སོང་ལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ངའི་སློབ་མ་གང་དག་འཁོད་ཅིང་ཅི་སྙེད་པ་རྣམས་སྡུས་ཤིག །གདམས་ངག་ངེས་པར་བཞག་པར་བྱ་བ་དག་ཡོད་དོ། །ཅེས་གསུངས་པས། རྫུ་འཕྲུལ་ཅན་དེས་ཐམས་ཅད་བསྡུས་ནས་འདི་སྐད་བསྒྲགས་ཏེ། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདི་བར་ངེས་ཞིང་ཕྱོགས་པ་ཀུན་ཉོན་ཤིག །དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །དེ་སྐད་ཅེས་བསྒྲགས་པས། དམ་པའི་རིག་ཅན་ལྔ་མ་གཏོགས་གཞན་ཀུན་འདུས་པ་ལ་བཅོམ་ལྡན་འདས་ཀྱིས། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་མི་རྟག་པའོ། །འབྱོར་པ་ཐམས་ཅད་ནི་མཐར་རྒུད་པའོ། །དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པའོ། །གང་ཟག་སྲོག་གི་དབང་པོ་ལ་སྐྱེ་ཤི་ཡོད་པའི་ཕྱིར། ང་ཡོངས་སུ་མྱ་ངན་ལ་འདའ་བས། སུ་དག་ཐེ་ཚོམ་མ་ཆོད་པ་རྣམས་ཀྱིས་དྲི་བར་གྱིས་ཤིག །དེ་སྐད་ཅེས་གསུངས་པ་དང་། འཁོར་གྱི་ནང་ནས་འཇམ་དབྱངས་ཀྱིས། །འདྲེན་པ་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །བྱང་ཆུབ་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་ཆེན་ཡོངས་མ་གསུངས། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་དེའི་ལན་དུ། གསང་སྔགས་འབྱུང་བར་ལུང་བསྟན་པ་ནི། མྱ་ངན་ལས་འདས་པའི་མདོ་དང་། དགོངས་པ་འདུས་པའི་ལེའུ་གཉིས་པ་ལྟར་ཤེས་པར་བྱའོ། །ལོ་བརྒྱད་དང་བཅུ་ཚོ་གཉིས་ཏེ་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་ན། ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དང་། སོགས་ཀྱི་སྒྲས་བཞི་བསྡུས་ཏེ་གང་ཞེ་ན། ལྷ་ཚངས་པ། ཀླུ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་དང་། སྲིན་པོ་བློ་གྲོས་ཐབས་ལྡན་དང་། དམ་པའི་རིགས་ཅན་རྣམ་པ་ལྔ་པོ་དེ་ཏིང་ངེ་འཛིན་ལས་ལངས་ཏེ། ལང་ཀའི་ཡུལ་གྱི་གྲོང་བརྡལ། མཚོ་ཀོ་ཀ །ཐང་དམར་རྒྱ་མཚོའི་གླིང་། བྱན་ལག་མཆོང་གི་རི་མ་ལ་ཡ་དྲག་ཤུལ་གནམ་ལྕགས་ཡོད་པའི་རྩེ་ལ་ལྷག་ནས་འདུས་པའོ། །གང་གི་ཕྱིར་ན། བདག་ཅག་དམ་པའི་རིགས་ཅན་ལྔ་དང་གཞན་གསང་སྔགས་ཀྱི་སྣོད་དུ་རུང་བ་ཀུན་གྱི་དོན་གྱི་ཕྱིར། མགྲིན་གཅིག་ཏུ་ཤིན་ཏུ་ཉམས་ཐག་པའི་ང་རོས་སྨྲེ་སྔགས་ཀྱི་གདུང་ཚིག་ཉི་ཤུ་རྩ་གསུམ་གྱིས། ཕྱོགས་བཅུའི་རྒྱལ་བ་ལ་གསོལ་བ་གདབ་པ་འདི་ལྟ་སྟེ། དང་པོ་ཨེ་མའོ་ཀྱི་ཧུད་ཀྱེ་མ་བློང་། །སྟོན་པ་སྒྲོན་མའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །གཉིས་པ། ཚད་མའི་ཞལ་དེ་མི་བཞུགས་པས། །ཚད་མས་གསུངས་པའི་བསྟན་པ་ལ། །འཇུག་པར་འཚལ་བའི་འགྲོ་བ་རྣམས། །ལོག་པར་འཇུག་པར་མི་འགྱུར་རམ། །ཚད་མར་དམ་བཅས་གང་ཟག་གིས། །དེས་མ་རྙེད་པའི་གང་ཟག་ལ། །ཕན་པར་བྱ་ཕྱིར་བཀའ་བགྲོས་པ། །གཏན་ལ་ཕེབ་པར་འགྱུར་ཞིག་གུ། །གསུམ་པ། ལེགས་ཉེས་འབྱེད་པའི་སྤྱན་གཟུམ་པས། །བཀའ་ཉིད་ཁྱད་དུ་གསོད་པ་ཡི། །སྐྱོན་གྱིས་སྤྱི་གཙུག་མཐར་ཕྱིན་པ། །ལོག་རྟོག་འཕེལ་བར་མི་འགྱུར་རམ། །བཞི་པ། ལོག་པའི་བསྟན་པའི་སྤྲིན་འཁྲིགས་པས། །བདེན་པ་གཉིས་ཀྱི་ཉི་ཟླ་ནུབ། །འགྲོ་བ་གང་ཞིག་ལམ་ཚོལ་བ། །མུན་པར་འཁྱམས་པར་མི་འགྱུར་རམ། །ལྔ་པ། སྟོན་པ་མྱ་ངན་འདས་འོག་ན། །བདུད་དང་སྲིན་པོ་མུ་སྟེགས་དང་། །གནོད་སྦྱིན་འབྱུང་པོ་མི་མ་ཡིན། །མ་རུང་གདུག་པ་སུས་བཏུལ་འགྱུར། །དྲུག་པ། དྲི་མེད་བསྟན་པའི་བདུད་རྩི་འདི། །ནུབ་ན་ཤིན་ཏུ་མ་རུང་ན། །རྩལ་དང་ལྡན་པ་སུ་ཞིག་གིས། །འབར་ཞིང་སྣང་བར་བྱེད་པར་འགྱུར། །བདུན་པ། བསླབ་པ་དམ་པ་རིན་པོ་ཆེ། །དྲལ་ན་ཤིན་ཏུ་མ་རུང་ན། །སྐྱེས་བུ་དམ་པ་གང་ཞིག་གིས། །ཚུལ་རྣམས་འཛིན་པར་བྱེད་པར་འགྱུར། །བརྒྱད་པ། སྟོན་པ་མི་བཞུགས་དེ་རྗེས་ན། །སྟོན་པའི་སློབ་མ་ཅི་སྙེད་པ། །འཕགས་དང་གང་ཟག་ཐ་དད་པ། །ལུང་བསྟན་འབྱུང་བ་གང་སུ་ཞིག །དགུ་པ། བསྟན་པ་ནམ་མཁའ་འདྲ་བ་ལ། །མོས་པས་ཐ་དད་པར་བཟུང་ནས། །ཡིན་དང་མ་ཡིན་ཆ་འཛིན་ཅིང་། །རྩོད་པ་འཕེལ་བར་མི་འགྱུར་རམ། །བཅུ་པ། དེ་ཉིད་ངེས་པར་རིགས་གཅིག་ལ། །ལུང་མི་མཐུན་པར་ཐ་དད་སྤྱོད། །རིགས་རྣམས་ཐ་དད་རིགས་རྣམས་སུ། །བསླད་ཅིང་བཅོས་པར་མི་འགྱུར་རམ། །བཅུ་གཅིག་པ། རིན་ཐང་མེད་པའི་རིན་པོ་ཆེ། །མི་མཁས་གང་ཟག་ཐ་དད་པས། །ཉོན་མོངས་འདོད་པས་ཁྲིད་དབང་གིས། །དུག་དང་བརྗེ་བར་མི་འགྱུར་རམ། །བཅུ་གཉིས་པ། ཆོས་ཀྱི་རྒྱལ་པོ་བསྟན་པ་དེ། །འདི་སྔོན་ཕན་ཆད་ཞལ་བཞུགས་ཏེ། །མ་རུང་པ་རྣམས་འཆོས་བགྱིད་ན། །གདུག་པ་དད་པར་མི་འགྱུར་རམ། །བཅུ་གསུམ་པ། གང་དེར་སངས་རྒྱས་བསྟན་པའི་ཡུན། །ཅི་སྲིད་གཅིག་ཏུ་གནས་པར་འགྱུར། །བཅུ་བཞི་པ། གང་དེར་སྔོན་བྱུང་གང་ལྟར་བྱུང་། །ཕྱི་འབྱུང་དུས་འདིར་ཅི་ལྟར་འགྱུར། །བཅོ་ལྔ་པ། སྟོན་པའི་བསྟན་པ་ཐ་མའི་ཚེ། །ངེས་པར་བསྟན་པ་གྱུར་ཞིག་གུ། །བཅུ་དྲུག་པ། བསླབ་པ་འཛིན་པའི་སློབ་མ་རྣམས། །ཐ་མར་ཅི་ལྟར་འགྱུར་ཞིག་གུ། །བཅུ་བདུན་པ། འདི་ནས་མྱ་ངན་འདས་འོག་ཏུ། །གང་ལྟར་སུ་ཡི་བསྟན་པར་གཤེགས། །ཞིང་ཁམས་ཕྱོགས་ནི་གང་ན་བཞུགས། །དེ་ནས་བསྟན་པ་ཅི་ཞིག་སྒྲོགས། །བཅོ་བརྒྱད་པ། ད་ཡང་འཇིག་རྟེན་མགོན་མེད་རྣམས། །མགོན་གཅིག་སྐྱབས་སུ་གང་ཞིག་འགྱུར། །བཅུ་དགུ་པ། འཕྲུལ་གྱི་བློ་དང་གྲོས་སྟོར་ན། །བློ་དང་གྲོས་ནི་གང་ནས་བརྩལ། །ཉི་ཤུ་པ། ངེས་པའི་དོན་འདི་མ་རྙེད་ན། །ད་ཡང་ངེས་དོན་གང་ལས་བཟུང་། །ཉེར་གཅིག་པ། མཆོད་གནས་ཡིད་བརྟན་མི་བཞུགས་ན། །སྐུ་གདུང་ཅི་ལྟར་འགྱུར་ཞིག་གུ། །ཉེར་གཉིས་པ། སླད་ཀྱི་མཆོད་གནས་ཅི་ལ་བགྱིས། །ཉེར་གསུམ་པ། དེ་ལྟ་སྟོན་པ་འདས་འོག་ཏུ། །གདུང་འཚོབ་སྐྱེས་བུ་བྱུང་འགྱུར་རམ། །ཨེ་མ་ཧོ་ཀྱེ་ཧུད་ཀྱེ་མ་བློང་། །ཅེས་ཡོངས་སུ་གདུང་བ་བཏོན། །དེའི་དེ་ལྟར་ཉི་ཤུ་རྩ་གསུམ་ཡང་དགོངས་འདུས་ནང་ན་ཡོད་དོ། །བསྐུལ་པ་གསན་ནས་ལྕང་ལོ་ཅན་དུ་འདུས་ཏེ་གསང་བདག་ལ་བཀའ་བསྒོ་མཛད་པ་དང་། དྲངས། གསོལ་བས་གདབ་པའི་རྗེས་ཐོག་ནས། ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་དམ་པའི་རིགས་ཅན་ལྔས་བསྐུལ་ཞིང་གསོལ་བས་གཏབ་པ། དེ་ཐུགས་རྗེས་དགོངས་ནས་དེ་དག་གིས་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའི་ཆ་ལུགས་སུ་ཆོས་སྐུ་གཟུགས་སྐུར་བཞེངས་ནས། གསང་བདག་གི་གནས་རི་རབ་ཀྱི་བྱང་ཕྱོགས་སུ་ལྕང་ལོ་ཅན་གྱི་ཕོ་བྲང་ཡང་དག་དོན་གྱི་འོག་མིན་ཆེན་པོ་དེར་འདུས་ནས། ལུང་ཆེན་མདོ་དགོངས་འདུས་ལ་སོགས་པ་རྣམས་ཀྱི་ཚིག་གིས་བགྲོ་བ་བྱས་ཤིང་བསྐུལ་བ་ནི་འདི་ལྟ་སྟེ། ཀྱེ་ཧོ་གསང་བའི་བདག་པོ་ཁྱོད། །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །འཇིག་རྟེན་སྡུག་བསྔལ་མི་ཤེས་སམ། །སྙིང་རྗེས་ས་ལ་བབ་ནས་ཀྱང་། །འཇིག་རྟེན་གདུང་བ་བསལ་བར་རིགས། །གསང་བདག་གིས་ཞལ་གྱིས་བཞེས་པ་དང་། དྲངས། གསང་བདག་ཕྱག་ན་རྡོ་རྗེ་རྒྱལ་ཚབ་ཆེན་པོ་དེ་ཡིས། བཀའ་བསྒོ་བའི་རྗེས་ཐོག་ནས་དམ་པའི་རིགས་ཅན་ལྔའི་གདུང་བ་བསལ་བར་ཞལ་གྱིས་བཞེས་པའོ། །ཚུལ་ཅི་ལྟར་དུ་བཞེས་ན། ཐོག་མ་ཐ་མ་མེད་པ་ནས། །བསྐུལ་བའི་དུས་ན་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཅེས་གསུངས་སོ། །མ་ལ་ཡར་བྱོན་ནས་གསང་སྔགས་གསུངས་པ་དང་། དྲངས། གསང་བདག་ཕྱག་ན་རྡོ་རྗེ་རི་མ་ལ་ཡའི་རྩེ་ལ་བྱོན་ནས་དམ་པའི་རིགས་ཅན་ལྔ་ལ་ཆོས་བཤད་པའི་དུས་སུ་འཁོར་རྣམས་ཐེ་ཚོམ་སྐྱེས་ཏེ་དྲི་བ་བྱས་པ་ནི་འདི་ལྟ་སྟེ། ཨེ་མ་ཧོ་ངོ་མཚར་སྙིང་རེ་རྗེ། །སྐྱེས་བུ་ཆེན་པོ་ཁྱོད་སུ་ཞིག །གང་ནས་བྱུང་སྟེ་གང་ལྟར་བྱུང་། །གང་ལ་བརྟེན་ནས་གང་དུ་བྱོན། །དོན་གྱི་ཆེད་ཀ་ཅི་ཞིག་དྲིས། །གསང་བདག་གིས་ལན་དུ། ང་ནི་ཅིས་ཡང་མི་བསྐྱོད་དེ། །མི་འཁྲུག་རྡོ་རྗེ་སེམས་དཔའ་ཡིན། །སྙིང་རྗེས་གཡོ་ཞིང་བསྐྱོད་པས་ན། །སྲིད་པ་གསུམ་གྱི་གཉེན་གཅིག་པོ། །སྟོང་པ་ཆེན་པོ་ང་ཡི་ཡུལ། །རྡོ་རྗེའི་རིགས་ཅན་ང་ཡི་གདུང་། །ཕ་ནི་ཐབས་མཆོག་དཔག་ཏུ་མེད། །མ་ནི་ཤེས་རབ་བརྗོད་ལས་འདས། །ཞེས་པ་ལ་སོགས་པ་ལན་དུ་མ་གསུངས་སོ། །འདི་རྣམས་ཀྱི་དོན་རྒྱས་པར་ཤེས་འདོད་ན། དགོངས་འདུས་ལེའུ་ལྔ་པའི་ནང་དུ་ཞིབ་བོ། །དེ་ནས་དུས་དེར་གསང་བདག་ཕྱག་ན་རྡོ་རྗེས་དམ་པའི་རིགས་ཅན་ལྔ་ལ་གསང་སྔགས་རྡོ་རྗེ་ཐེག་པ་སྟེ། ལུང་ཨ་ནུ་ཡོ་གའི་ཆོས། མདོ་སྔ་མ་བདུན་དང་ཕྱི་མ་བདུན་ཆར་བཞིན་དུ་ཕབ་པའོ། །དེ་ལ་མདོ་སྔ་མ་བདུན་ནི། ཆོས་ཉིད་ནམ་མཁའ་མཛོད་ཀྱི་མདོ་དང་། བདུད་རྩི་འབྱུང་བའི་མདོ་དང་། ཀུན་འདུས་རིག་པ་ཡང་དག་གི་མདོ། སེམས་ལུང་ཆེན་མོ་རྫོགས་ཆེན་གྱི་མདོ། རྔམ་པ་གློག་ཕྲེང་སྒྱུ་འཕྲུལ་གྱི་མདོ། ཁུ་བྱུག་རོལ་པ་ཕུར་པའི་མདོ། འཇིག་རྟེན་འདས་པའི་མདོའོ། །ཕྱི་མ་བདུན་ནི། དབང་བསྐུར་རྒྱལ་པོའི་མདོ། རིག་འཛིན་དྲུག་གི་མདོ། ཏིང་འཛིན་མཆོག་གི་མདོ། གསང་སྒོ་འགྲེལ་པའི་མདོ། རྡོ་རྗེ་མ་གོལ་བའི་མདོ། སྒྲོན་མ་བརྩེགས་པའི་མདོ། སྤྱི་སྡོམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་དང་བཅུ་བཞིའོ། །གནས་ཐ་དད་དུ་གདུལ་བྱ་སོ་སོའི་མོས་པ་བཞིན་དུ་གསང་སྔགས་བཤད་ཚུལ་ལོ། །དྲངས། དེ་ཡང་གནས་རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་ན། སྟོན་པ་རྣམ་པར་སྣང་མཛད་དང་། ཕྱག་ན་རྡོ་རྗེའི་སྐུར་སྣང་ནས། འཁོར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ། བསྟན་པ་ཡོ་ག་འབུམ་སྡེ་དང་། ཕྱག་ན་རྡོ་རྗེའི་རྒྱུད་ལ་སོགས་པ་རྣམས་དུས་དེ་ཉིད་དུ་བཤད་དོ། །དེ་ཡང་ཡོ་གའི་རྒྱུད་ལ། རྩ་རྒྱུད་དེ་ཉིད་འདུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། དཔལ་མཆོག་དུམ་བུ་བཞི་པ། བྱིན་རླབས་སྟོན་པ་ངན་སོང་སྦྱོང་རྒྱུད། ངན་སོང་སྦྱོང་རྒྱུད་ལ་དཀྱིལ་འཁོར་བཅུ་གཉིས་ཡོད་པ་ལས། ཀུན་རིག་རྩ་བའི་དཀྱིལ་འཁོར་ནི་རྣམ་སྣང་གིས་གསུངས། དཀྱིལ་འཁོར་བཅུ་གཅིག་དེ་ཕྱག་ན་རྡོ་རྗེས་གསུངས་སོ། །དང་ཞེས་པ་ནི་འོག་མ་སྡུད་པའི་ཚིག་ཡིན་ནོ། །ཨུ་རྒྱན་གྱི་གནས་སུ། སྟོན་པ་མ་རྒྱུད་ཀྱི་ལྷ་ཀྱེའི་རྡོ་རྗེ། བདེ་མཆོག་ལ་སོགས་པ་རྣམས་ཀྱི་སྐུར་སྣང་ནས། འཁོར་མཁའ་འགྲོ་མ་རྣམས་ལ་བསྟན་པ་བདེ་མཆོག་སྡོམ་འབྱུང་གི་རྒྱུད་དང་། དགྱེས་པའི་རྡོ་རྗེའི་རྒྱུད་གསུམ་སྟེ། རྡོ་རྗེ་གུར། སམ་བུ་ཏྲི། བརྟག་གཉིས་དང་། གཞན་ཡང་མ་ཧཱ་མ་ཡ། གདན་བཞི་ལ་སོགས་པ་རྣམས་དུས་དེ་ཉིད་དུ་བཤད་པའོ། །གནས་ལྷ་མིན་དབང་པོའི་ཁང་བཟང་དང་། ཞེས་པ་ནི་རི་རབ་ཀྱི་ཁོང་གསེང་དུ། སྟོན་པ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐུར་སྣང་ནས། འཁོར་ལྷ་མ་ཡིན་རྣམས་ལ་སྟོན་པ་གཤིན་རྗེ་གཤེད་ཀྱི་སྐོར་ལ། དགྲ་ནག །འཇིགས་བྱེད། གཤེད་དམར། གདོང་དྲུག་སྟེ་གསར་མ་སྐོར་བཞི་ཡིན། རྙིང་མ་སྐོར་བཞི་ལ། འཇམ་དཔལ་ཚེ་བདག །ཁ་ཐུན། རྫས་བཟློག །ཁྲོ་འདུས་དང་བཞིའོ། །འདི་རྣམས་ཀྱི་རྒྱུད་རྐང་བཟུང་ཅིག་སྨོས་ན། འཇམ་དཔལ་གསང་བ་གྲུབ་པའི་རྒྱུད་མེ་ལྕེ་འབར་བ་འཕྲེང་བའི་རྒྱུད་གཞོན་ནུ་གདོང་དྲུག་གི་རྒྱུད་ཁྲོ་བོ་སྨེ་བརྩེགས་ཀྱི་རྒྱུད་ཟླ་གསང་ནག་པོའི་རྒྱུད། བཟློག་བྱེད་འཆར་ཁ་ནག་པོ་རྒྱུད། མན་ངག་རྩ་བའི་རྒྱུད། རྡོ་རྗེ་ཐོག་འབེབས་ཀྱི་རྒྱུད། རྟོག་བདུན་རྟོག་གསུམ་གྱི་རྒྱུད། བསད་པ་ལས་བཅུའི་རྒྱུད། །དགྲ་ནག་འཁོར་ལོའི་རྒྱུད། གཤིན་རྗེའི་ལས་ཀྱི་རྒྱུད་ལ། ཉི་མ་བཞི་པ། གཤིན་རྗེ་གཤེད་ནག་པོ་བསད་པའི་རྒྱུད། དགོངས་པ་ཁྲོ་བོ་འདུས་པའི་སྤྱི་དྲིལ་གྱི་རྒྱུད། གཤིན་རྗེ་དམར་ནག་གི་རྒྱུད། བསད་པ་འཁོར་ལོའི་རྒྱུད། ཤན་པ་དམར་ནག་གསོད་བྱེད་ཀྱི་རྒྱུད། འཁོར་ལོ་ནག་པོ་འཆིང་བྱེད་ཀྱི་རྒྱུད། རཀྴ་གླང་མགོ་གཏུབ་བྱེད་ཀྱི་རྒྱུད། ཟང་ཁ་དམར་པོ་སྦྱིན་བསྲེག་གི་རྒྱུད། ཕྲིན་ལས་རྣམ་བཞི་མནན་པའི་རྒྱུད། བླ་མཚོ་ནག་པོ་བསྲུང་འཁོར་གྱི་རྒྱུད། མྱུར་དུ་བསད་པ་དྲག་པོའི་རྒྱུད། རྒྱུ་མཆོག་རོལ་པ་བསྐང་བའི་རྒྱུད། མངོན་ཤེས་བསྒྲུབ་པ་པྲ་ཕབ་ཀྱི་རྒྱུད། མ་རུ་རྩི་བཞི་སྔགས་ཀྱི་རྒྱུད། ཨུར་མོ་རྟོག་པ་བཅོ་བརྒྱད་པའི་རྒྱུད་ལ་སོགས་པ་རྣམས་ཡིན་གནས་ནི་གནོད་སྦྱིན་རྒྱལ་པོའི་ཕོ་བྲང་དང་། ཞེས་པ་ནི། རི་རབ་ཀྱི་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། སྟོན་པ་རྡོ་རྗེ་ཕུར་པའི་སྐུར་སྣང་ནས། འཁོར་གནོད་སྦྱིན་རྣམས་ལ་བསྟན་པ་རྡོ་རྗེ་ཕུར་པའི་རྒྱུད་ལ་སོགས་པ་རྣམས་དུས་དེ་ཉིད་དུ་བཤད་དོ། །དེ་ཡང་ཕུར་པའི་རྒྱུད་ལ། བྱི་ཏོ་ཏ་མ་འབུམ་སྡེའི་རྒྱུད། རྣལ་འབྱོར་དམ་པ་གསང་ཆེན་གྱི་རྒྱུད། ཀི་ལ་ཡ་འབྲུ་བཅུ་གཉིས་ཀྱི་རྒྱུད། གབ་པ་འཁོར་ལོའི་རྒྱུད། མདུང་རྩེ་དམར་པོའི་རྒྱུད། བཟློག་ཕུར་བཅུ་གཉིས་ཀྱི་རྒྱུད། རྡོ་རྗེ་ཕུར་པ་ཉི་མའི་འོད་ཟེར་གྱི་རྒྱུད། ཕྲིན་ལས་རྣམ་བཞི་རྒྱུད་དོ། །བྱི་ཏོ་ཏ་མ་ལས་ཀྱི་རྒྱུད་ལ། རྩ་བའི་རྒྱུད་ལྔ། སྙིང་པོའི་རྒྱུད་གསུམ། ཡན་ལག་གི་རྒྱུད་བཅུ། ལོ་མའི་རྒྱུད་བཞི། མེ་ཏོག་གི་རྒྱུད་བཅུ། འབྲས་བུའི་རྒྱུད་བཞི། མ་ཚངས་བ་ཁ་སྐོང་བའི་རྒྱུད་ལྔའོ། །དང་པོ་རྩ་བའི་རྒྱུད་ལྔ་ནི། ཡེ་ཤེས་འཁོར་ལོ་སྐུའི་རྒྱུད། པདྨ་གསང་བ་གསུང་གི་རྒྱུད། རྡོ་རྗེ་གསང་བ་ཐུགས་ཀྱི་རྒྱུད། རཏྣ་འབར་བ་ཡོན་ཏན་གྱི་རྒྱུད། རལ་གྲི་འབར་བ་ཕྲིན་ལས་ཀྱི་རྒྱུད་དོ། །སྙིང་པོ་རྒྱུད་གསུམ་ནི། ཕུར་པ་མྱ་ངན་ལས་འདས་པའི་རྒྱུད། སངས་རྒྱས་པའི་རྒྱུད། རཏྣ་ཕུང་པོའི་རྒྱུད་དོ། །ཡན་ལག་གི་རྒྱུད་བཅུ་ནི། ཁྲོ་བོ་རྣམ་རྒྱལ་ལ་སོགས་ཁྲོ་བོ་རྣམས་ལ་རྒྱུད་རེ་གསུངས་སོ། །ལོ་མའི་རྒྱུད་བཞི་ནི། རྣལ་འབྱོར་བླ་མ། བླ་ན་མེད་པ། བླ་མའི་མན་ངག་འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་དོ། །མེ་ཏོག་གི་རྒྱུད་བཅུ་ནི། འཁོར་ལོ་གསང་བའི་རྒྱུད། འཇིག་རྟེན་རབ་ཏུ་གསང་བའི་རྒྱུད། རྡོ་རྗེ་འཕྲེང་བའི་རྒྱུད། རྡོ་རྗེ་བཀོད་པའི་རྒྱུད། གསང་བ་སྲོག་ལེན་གྱི་རྒྱུད། ཡེ་ཤེས་རྩེ་མོའི་རྒྱུད། མྱ་ངན་འདས་པ་ཕྱི་མའི་རྒྱུད། སངས་རྒྱས་གསང་བའི་རྒྱུད། རྡོ་རྗེ་གསང་བའི་རྒྱུད། དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱུད་དོ། །འབྲས་བུའི་རྒྱུད་བཞི་ནི། མ་དྲུག་བརྩེགས་པའི་རྒྱུད། བསེ་རྒྱུད་དམར་པོའི་རྒྱུད། ཤྭ་ན་དམར་ནག་གི་རྒྱུད། རྩ་བ་འབུམ་པའོ། །མ་ཚང་པ་ཁ་བསྐོངས་པའི་རྒྱུད་ལྔ་ནི། གསང་བ་གཏེར་གྱི་རྒྱུད། གབ་པ་གཏེར་གྱི་རྒྱུད། ཕྲིན་ལས་གཏེར་གྱི་རྒྱུད། མན་ངག་གཏེར་གྱི་རྒྱུད། ཀི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་དོ། །མཁའ་འགྲོ་ཕོ་མོའི་གནས་རྣམས་སུ། །ཅེས་པ་ནི། གནས་ཕྲན། མཁར་ཆུ་རྟ་གདོང་དཀར་མོ་གནས། །ཙ་རི་ཕག་གདོང་སེར་མོའི་གནས། །སྟག་ཚང་ཉི་ཟླ་དམར་མོའི་གནས། །ཏིལ་གྲོ་ཐལ་བྱེད་དྲིལ་བུའི་གནས། །ཞེས་གསུངས་པས་འདི་བཞི་ནི་བོད་ཡུལ་ན་ཡོད་ལ། རྒྱ་གར་གྱི་གནས་ཕྲན་རྣམས་སུ། གསང་སྔགས་མ་རྒྱུད་ཀྱི་སྟོན་པ་རྣམས་སུ་སྣང་ནས། འཁོར་མཁའ་འགྲོ་ཕོ་མོ་རྣམས་ལ། བསྟན་པ་མ་རྒྱུད་ཀྱི་འཕྲོས་རྒྱུད་རྣམས་དུས་དེ་ཉིད་དུ་བཤད་དོ། །གདུལ་བྱ་སོ་སོའི་མོས་པ་བཞིན། །བསྟན་པའི་སྙིང་པོ་གསང་སྔགས་བཤད། །ཅེས་པ་ནི། གོང་དུ་བཤད་པའི་ལྷ་དང་། མི་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། འཁོར་མཁའ་འགྲོ་མ་རྣམས་དང་། འདི་རྣམས་ལ་ལ་ནི་སྤྲུལ་པ་ཡིན་ལ། ལ་ལ་ནི་རང་རྒྱུད་པ་ལྟར་དུ་གསང་སྔགས་ཕྱི་ནང་གི་ཆོས་བཤད་དོ། །གཞན་ཡང་བདུད་སྟོབས་ཆེན་གྱི་གནས་སུ། སྟོན་པ་དཔལ་པདྨ་དབང་ཆེན་གྱི་སྐུར་སྣང་ནས། འཁོར་བདུད་རྣམས་ལ། བསྟན་པ་དཔལ་པདྨ་དབང་ཆེན་གྱི་རྒྱུད་ལ་སོགས་པ་དུས་དེ་ཉིད་དུ་བཤད་དོ། །དེ་ཡང་དབང་ཆེན་གསུང་གི་རྒྱུད་ལ། རྟ་མཆོག་རོལ་པའི་རྒྱུད། རྔོག་མ་ལེབ་རྒན་གྱི་རྒྱུད། དབང་རྒྱས་གཉིས་མེད་ཀྱི་རྒྱུད། དབང་ཆེན་འདུས་པའི་རྒྱུད། རྟ་མགྲིན་ཁྲོས་པའི་རྒྱུད། དྲེག་པ་ཀུན་འདུལ་གྱི་རྒྱུད། དྲེགས་པ་ཚར་གཅོད་ཀྱི་རྒྱུད་དྲེགས་པ་དབང་ཆེན་དབང་སྡུད་ཀྱི་རྒྱུད། དྲེགས་པ་ཀླུ་འདུལ་གྱི་རྒྱུད། རྟ་མགྲིན་རྩ་བའི་རྒྱུད། ན་ག་ཀླུ་འདུལ་གྱི་རྒྱུད། དབང་ཆེན་རྔམ་བརྗིད་ཀྱི་རྒྱུད་ལ་སོགས་པ་རྣམས་གསུངས་སོ། །གཞན་ཡང་ཀླུ་དུག་ཅན་གྱི་གནས་སུ། སྟོན་པ་སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེ་དང་། ཕྱག་རྡོར་བྱ་ཁྱུང་ལ་སོགས་པའི་སྐུར་སྣང་ནས་འཁོར་ཀླུ་རིགས་རྣམས་ལ་བསྟན་པ་ཕྱག་ན་རྡོ་རྗེའི་རྒྱུད་དང་། བྱ་ཁྱུང་གི་རྒྱུད་དང་། སྤྱན་རས་གཟིགས་ཀྱི་རྒྱུད་ལ་སོགས་པ་རྣམས་གདུལ་བྱ་སོ་སོའི་མོས་པ་བཞིན་དུ་བསྟན་པ་ཐ་དག་གི་བཅུད་འདུས་པའི་སྙིང་པོ་ཟབ་ཅིང་རྟོགས་པར་དཀའ་བའི་གསང་བ་དེ་ཉིད་རྟོགས་ན་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པའི་སྔགས་ཞེས་བྱ་བ་དེ་ཉིད་དུ་བཤད་དོ། །རྒྱུད་ཀྱི་ཆོས་བྱུང་ཚུལ་ལོ། །དྲངས། སྤྲུལ་སྐུ་ཤཱཀྱ་སེང་གེ་འདས་ནས། ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ། དམ་པའི་རིགས་ཅན་ལྔས་ཕྱོགས་བཅུའི་སངས་རྒྱས་ལ་གསོལ་བ་གདབ། ཕྱོགས་བཅུའི་སངས་རྒྱས་ཀྱིས་གསང་བདག་ལ་བཀའ་བསྒོ་མཛད། གསང་བདག་གིས་མ་ལ་ཡའི་རྩེ་ལ་བྱོན་ནས། དམ་པའི་རིགས་ཅན་ལྔ་ལ་ལུང་ཨ་ནུ་ཡོ་གའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་དང་དུས་མཉམ་དུ་རྒྱལ་པོ་ཛའི་ཁང་ཐོག་ན་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་ཆར་ཕབ་ནས། རྒྱལ་པོ་འཁོར་དང་བཅས་པ་གྲོལ་ལུགས་འདི་ལྟ་སྟེ། ཚུལ་ཅི་ལྟར་དུ་གྲོལ་ན། མྱ་ངན་འདས་མདོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུ། །མི་ལས་སྐལ་ལྡན་རིགས་ཅན་སྟེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་གྱི་ལྟས་རྣམས་སྣང་བར་འགྱུར། །ཅེས་གསུངས་པ་ལྟར། རྒྱལ་པོ་ཛ་ལ་རྨི་ལྟས་བདུན་བྱུང་སྟེ། དེ་ཡང་རྨི་ལྟས་བདུན་ནི། །རི་མ་ལ་ཡ་དེའི་ཤར་ལྷོ་ན། །ཏྲི་ཤང་ཨ་སུ་རའི་བྲག་ཕུག་ཞེས་བྱ་བ་ན། ཕུག་ན་རིན་ཆེན་ཟུར་བརྒྱད་དོད་པ། སྒོ་རིན་པོ་ཆེ་ཟླ་གམ་དུ་དོད་པ། ལོགས་ལ་ངོ་མཚར་གྱི་རི་མོ་འབྱུང་བ། ལོགས་བྲག་སེང་གེ་དཀར་མོ་ལྟ་བུ་ཁྱི་ཚུགས་ལྟ་བུ་ཡོད་པ། མཁར་ཡང་ཐོག་གསུམ་རིམ་དང་བཅས་པ། སྟེང་ན་བྱ་ཀ་ལེན་ཏ་ཀའི་ཚང་བཅས་ནས། ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་སྒྲོག་ནས་ཡོད་པ། རྩ་བ་བདུད་རྩིའི་ཆུ་མིག་རང་རྡོལ་དུ་ཡོད་པ། མདུན་ན་མེ་ཏོག་གི་སྣམ་བུ་ཡོད་པ། ཤིང་ཡལ་ག་ཕྱོགས་བཞིར་གྱེས་པས། དུས་བཞིའི་དགྲ་ལས་སྐྱོབས་པ་ལྟར་ཡོད་པ། ཤིང་དེའི་མེ་ཏོག་དང་འབྲས་བུ་སྨན་དུ་འགྱུར་ཏེ། ཟོས་པས་ནད་སྣ་ཚོགས་སོས་པ། དེ་ལྟ་བུའི་ཉམས་དགའ་བའི་གནས་དེར། ལས་དང་སྐལ་བར་ལྡན་པ་རྣམས་བགྲོད་དུས་ཐར་ལ། ལས་དང་སྐལ་བར་མི་ལྡན་པ་རྣམས་ནི་མི་ཐར་པའི་གནས་ཁང་དེ་ན། སྐལ་ལྡན་རྒྱལ་པོ་ཛ་གསང་སྔགས་ཕྱི་རྒྱུད་ལ་སྒྲུབ་པ་མཛད་ཅིང་བཞུགས་པ་ལས། རྨི་ལྟས་བདུན་ཞག་རེ་ལ་རྨི་ཡང་སྐད། ཞག་གཅིག་ལ་རྨི་ཡང་སྐད། རྨི་ལྟས་དང་པོ་ནི། ཕྱག་ན་རྡོ་རྗེ་མདུན་གྱི་ནམ་མཁའ་ལ་བྱོན་ནས། སྐུའི་གནས་ནས་འོད་ཟེར་འཕྲོས་ཏེ། གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས། གསུང་གི་གནས་ནས་བསྟན་པ་དང་ཐེག་པའི་སྒྲས་བསྒྲགས་པས་གདུལ་བྱ་ཐམས་ཅད་ཀྱིས་གོ་བར་མཛད། ཐུགས་ཀྱི་གནས་ནས་རྡོ་རྗེ་འོད་འབར་བ་བྱུང་ནས་རྒྱལ་པོའི་ཐུགས་ཀར་ཐིམ། སྤྱི་བོའི་གཙུག་ནས་ཉི་མ་བྱུང་ནས། རྒྱལ་པོའི་གཙུག་ཏུ་ཐིམ་པ་རྨིས་སོ། །དེ་ཡང་དགོངས་འདུས་ཀྱི་འགྲེལ་པ་ལུང་བསྟན་རྡོ་རྗེ་ལས། །སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ཅེས་པའི་དོན་ནོ། །རྨི་ལྟས་གཉིས་པ་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་ཉི་མ་དང་ཟླ་བ་ལ་བཅིབས་ནས། ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས་ནས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྨིས་སོ། །དེ་ཡང་ཆོས་ཀྱི་བགྲོ་བ་མཛད་པ་དང་། ཅེས་པའི་དོན་ནོ། །རྨི་ལྟས་གསུམ་པ་ནི། ནམ་མཁར་སྤྲིན་གསེར་གྱི་ཁ་དོག་ཅན་ཆགས། སྣང་སྲིད་གསལ་བའི་གློག་འགྱུ། ཆོ་འཕྲུལ་གྱི་འབྲུག་སྒྲ་ལས་དམ་པ་ཆོས་ཀྱི་སྒྲ་འུར་ཏི་རི་རི་སྒྲོགས་པར་རྨིས་ཏེ། དེ་ཡང་ཆོས་སྒྲ་ཆེན་པོ་སྒྲོགས་པ་དང་། ཅེས་པའི་དོན་ནོ། །རྨི་ལྟས་བཞི་པ་ནི། ནམ་མཁའི་སྤྲིན་གསེབ་ནས་བདུད་རྩིའི་ཆུ་རྒྱུན་བབ་སྟེ་ས་ཕྱོགས་ཐམས་ཅད་ཆག་ཆག་གདབ། གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས་ནས། ཀུན་ཀྱང་རྡོ་རྗེ་རྣལ་འབྱོར་ཞེས་གསང་སྔགས་ཀྱི་སྒྲ་འུར་ཏི་རི་རི་གྲགས་པ་རྨིས་སོ། །དེ་ཡང་བདུད་རྩི་ཆར་དུ་བབ་པ་དང་། ཅེས་པའི་དོན་ནོ། །རྨི་ལྟས་ལྔ་པ་ལ། ནམ་མཁའི་སྤྲིན་གསེབ་ནས་རིན་པོ་ཆེའི་སྒྲོམ་གྱི་ནང་ནས། རིན་པོ་ཆེ་མཐིང་གི་ཤོག་གུ་ལ། གསེར་གྱི་རྒྱ་རང་ནན་དུ་བྲིས་པའི་པོ་ཏི་གླེགས་བམ་རྣམས་སྐར་མདའ་ཐང་ལ་བབ་པ་ལྟ་བུ་རྨིས་སོ། །དེ་ཡང་། རིན་ཆེན་ཆར་དུ་ཕབ་པ་དང་། ཅེས་པའི་དོན་ནོ། །རྨི་ལྟས་དྲུག་པ་ལ། པོ་ཏི་གླེགས་བམ་དེ་རྣམས་ལ། རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལས་ནི་མཆོད་པ་ཕུལ། ལ་ལས་ནི་བསྐོར་བ་བྱེད། ལ་ལས་ནི་བསྟོད་པ་བྱེད་པའི་སྒྲ་སྒྲོགས་པ་རྨིས་སོ། །དེ་ཡང་། པཱུ་ཙ་རྒྱ་ཆེན་བྱས་པ་དང་། ཅེས་པའི་དོན་ནོ། །རྨི་ལྟས་བདུན་པ་ནི། ནམ་མཁའི་མཐོངས་ནས་གཟུགས་སུ་མ་གྲུབ་པའི་ལུང་བསྟན་པའི་སྒྲ། ལས་དང་སྐལ་བར་རབ་ལྡན་ཅིང་། །བསོད་ནམས་ཆེན་པོ་དྲ་མ་ཁྱོད། །སྤྲུལ་པ་ཅི་ལྟར་ལུང་བསྟན་ཞིང་། །རྒྱལ་བ་འབྱུང་བར་ལུང་བསྟན་པས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་སྒྲོགས་པར་བྱའོ། །ཅེས་པ་རྨིས་པས། དེར་རྒྱལ་པོ་མནལ་སད་དེ། མཁར་གྱི་ཡང་ཐོག་དུ་སྐུ་འཆག་དུ་བྱོན་པས། གསང་བདག་ཕྱག་ན་རྡོ་རྗེའི་སྐུ། རྒྱུ་རིན་པོ་ཆེ་སྨུག་པོ་ལས་གྲུབ་པ་ཁྲུ་གང་གཅིག་བཞུགས་གྱིན་གདའ་སྐད་དེ་ལ་ཕྱག་ལན་གསུམ་འཚལ། བསྐོར་བ་ལན་གསུམ་བྱས། ཞབས་སྤྱི་བོའི་གཙུག་ཏུ་བླངས་ཏེ། །ཨེ་མའོ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་མཆོག་གི་དཔལ་ལགས་གང་། །མོས་པའི་ཡིད་ཀྱི་ལྷ་མཆོག་ཁྱོད། །སྔོན་ཚེ་གོང་ནས་བསྒྲུབ་པ་ཡིས། །ལས་ཀྱིས་འབྲེལ་བའི་ལྷ་མཆོག་ཁྱོད། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །གསུངས་ཏེ། ཡི་དམ་གྱིས་ལྷར་བཟུང་ནས་ཟླ་བ་བདུན་དུ་བསྒྲུབ་པ་མཛད་པས། པོ་ཏི་དང་གླེགས་བམ་དེ་རྣམས་མངོན་སུམ་དུ་བབ་ཅིང་། དེའི་བྱིན་རླབས་ཀྱིས་སྣང་བ་དཔེ་ཆ་ཤར་བ་ཡིན་སྐད། དེར་རྒྱལ་པོས་པོ་ཏི་དང་གླེགས་བམ་དེ་རྣམས་ལ་བརྟགས་པས། རྟོགས་པར་འདུག་ཀྱང་གདུལ་བྱ་གཟུ་ལུམ་དང་རས་ཆོ་ཅན་དགག་པར་བྱ་བའི་ཕྱིར། མ་རྟོགས་པ་ལྟར་དུ་གནང་ནས། འཇིག་རྟེན་གྱི་ཁམས་ན་མཁྱེན་པ་སུ་ཆེ། ཞེས་དྲིས་པས། ཟ་ཧོར་གྱི་ཡུལ་ན་རྒྱལ་པོ་ཨུ་པ་ར་ཛ་ཞེས་བྱ་བ་མཁྱེན་པ་ཆེ་ཟེར། སྤྱན་འདྲེན་དུ་བཏང་བས། ཁོང་ཉིད་ཀྱིས་ཀྱང་། རྒྱལ་པོའི་ཐུགས་ཀྱི་རྟོག་པ་མ་ཆོད་ཀྱིས་དོགས་ནས་བྱོན་དུ་མ་བཞེད་སྐད། པོ་ཏི་དང་གླེགས་བམ་རྣམས་རྟ་དང་གླང་པོ་ཆེ་ལ་ཁོལ་ལ་ཐོངས་ཤིག་དང་བས་བརྟག་གོ་ཟེར་ནས། པོ་ཏི་དང་གླེགས་བམ་རྣམས་སྟག་སྒྲོ་དང་གཟིག་སྒྲོའི་ནང་དུ་བཅུག་ནས། ཨ་ག་རུ་དང་། དུ་རུ་ཀ་ལ་སོགས་པའི་སྤོས་སྣ་ཚོགས་དང་། གདུགས་དང་། རྒྱལ་མཚན་ལ་སོགས། པུ་ཙ་སྣ་ཚོགས་དང་བཅས་ཏེ་སྤྱན་དྲངས་ནས། ཁོང་གིས་བརྟགས་པས་ཚིག་གཅིག་ཀྱང་བརྡ་མ་མཇལ་སྐད། སྔོན་གྱི་མཚན་རྟགས་དང་སྦྱར་ན་རྒྱལ་པོ་ཉིད་རང་གིས་རྟོགས་པར་འགྱུར་རོ། །གསུང་ནས་ཚུར་སྤྱན་དྲངས་སྐད། ཡང་རྒྱལ་པོ་ཉིད་ཀྱིས་བརྟག་པས་རྟོགས་པར་འདུག་ཀྱང་། མ་རྟོགས་པ་ལྟར་བྱས་ནས། ཡང་འཇིག་རྟེན་ན་མཁྱེན་པ་སུ་ཆེ་དྲིས་པས་སངས་རྒྱས་རིན་ཆེན་མང་གི་སྤྲུལ་པ་དགེ་སློང་ཀུ་ཀུ་ར་ཛ་མཁྱེན་པ་རྒྱ་ཆེའོ་ཞེས་ཟེར་ནས། སྤྱན་འདྲེན་དུ་བཏང་པས། རྒྱལ་པོའི་ཐུགས་ཀྱི་རྟོག་པ་མ་ཆོད་ཀྱིས་དོགས་ནས་བྱོན་དུ་མ་གནང་པར། པོ་ཏི་དང་གླེགས་བམ་རྣམས་སྟག་སྒྲོ་དང་གཟིག་སྒྲོའི་ནང་དུ་བཅུག །ཨ་རུ་ར་དང་། དུ་རུ་ཀ་ལ་སོགས་སྤོས་སྣ་ཚོགས་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་པའི་བྱེ་བྲག་སྣ་ཚོགས་པས་སྤྱན་དྲངས་ནས། དགེ་སློང་ཀུ་ཀུ་ར་ཛ་ཉིད་ཀྱིས་བརྟགས་པས་སྒྱུ་འཕྲུལ་དྲ་བའི་རྒྱུད་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་བྱ་བ་དེའི་ནང་ནས། རྡོ་རྗེ་སེམས་དཔའི་ཐུགས་སྒྲུབ་ཀྱི་ལེའུ་འམ། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ཏེ། ཟླ་བ་བདུན་དུ་སྒྲུབ་པ་མཛད་པས་རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་གྱི་ངོ་ཁ་ལ་བྱོན་ནས་རིགས་ཀྱི་བུ་སིདྡྷི་ཅི་འདོད། ཅེས་གསུངས་པ་ལ། བསྟན་པ་དང་ཐེག་པ་ཐ་དག་རྟོགས་པའི་དངོས་གྲུབ་ཞུ། ཞེས་ཞུས་པས། ཕྱག་ན་རྡོ་རྗེས་ལུང་བསྟན་པར་འགྱུར་གྱིས་གསུངས་ནས་མི་སྣང་བར་སོང་སྐད། ཡང་ཟླ་བ་བདུན་བསྒྲུབ་པ་མཛད་པས། ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས་རྡོ་རྗེ་ལན་གསུམ་བསོར་ནས། སྤང་ལེན་བརྟུལ་ཤུགས་སྤྱོད་པའི་དབང་། །དགེ་བར་བསྐུར་བས་སྡིག་པ་མེད། །ཅེས་གསུངས་སོ། །རྩོལ་བ་དང་བཅས་པ་མཚན་ཉིད་ཐེག་པ་སྤངས་ནས། རྩོལ་བ་མེད་པ་གསང་སྔགས་ཀྱིས་ཐེག་པ་ཉམས་སུ་ལེན་པ་ཁྱོད་ལ། དོན་གྱིས་བསྟན་པ་དང་། ཐེག་པ་ཐམས་ཅད་རྫོགས་པར་དབང་བསྐུར་རོ། །ཚིག་གི་བསྟན་པ་དེ། དགེ་བསྙེན་ལི་ཙ་བྱི་དྲི་མ་མེད་པ་ལ་ཞུས་གཅིག་པར་ལུང་བསྟན། ཀུ་ཀུ་རཱ་ཛས་གསང་བའི་བདག་པོའི་བཀའ་བཞིན་དུ་བསྒྲུབ་ཅིང་། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བརྒྱ་བའི་རྒྱུད་ལས། ཏནྟྲ་སྡེ་ཆེན་བཅོ་བརྒྱད་དུ་བྱས་ནས། སྐལ་ལྡན་རྒྱལ་པོ་ཛ་ལ་གསུངས། ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་ལ། སྐུའི་རྒྱུད་གསུམ་ནི། སངས་རྒྱས་མཉམ་སྦྱོར། གླང་པོ་ཆེ་རབ་འབོག །གླང་ཆེན་ཆུར་ཞུགས། གསུང་གི་རྒྱུད་གསུམ་ནི། ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པ། དུ་མ་ལས་འཕྲོས་པ། ཐུགས་ཀྱི་རྒྱུད་གསུམ་ནི། གསང་བ་འདུས་པ། རི་བོ་བརྩེགས་པ། རྩེ་གཅིག་འདུས་པ། ཡོན་ཏན་གྱི་རྒྱུད་གསུམ་ནི། དཔལ་མཆོག་དང་པོ། བདུད་རྩིའི་མཆོག་དང་པོ། ཡིད་བཞིན་ནོར་བུའི་རྒྱུད། འཕྲིན་ལས་ཀྱི་རྒྱུད་གསུམ་ནི། ཀརྨ་མ་ལེ། སྒྲོན་མ་འབར་བ། ཀི་ལ་ཡ་འབྲུ་བཅུ་གཉིས་ཀྱི་རྒྱུད། སྤྱི་རྒྱུད་གསུམ་ནི། དེ་དག་ཐམས་ཅད་ཀྱི་སྤྱི་རྒྱུད། སྒྱུ་འཕྲུལ་དྲ་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པའི་རྒྱུད། རྡོ་རྗེ་ཐབས་ཀྱི་ཞགས་པའི་རྒྱུད། དེ་ལྟར་ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་པོ་རྒྱལ་པོ་ཛས་སེང་ཧ་རཱ་ཛ་ལ། དེས་སྲས་མོ་གོ་མ་ལ། དེས་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ། དེས་རོ་ལང་བདེ་བའི་དངོས་གྲུབ། དེས་རྡོ་རྗེ་བཞད་པ་ལ། དེས་ཟ་ཧོར་གྱི་རྒྱལ་པོ་པྲ་ཆེན་ཧ་སྟི་ལ། དེས་སློབ་དཔོན་སངས་རྒྱས་གསང་བ་ལ། དེས་སློབ་དཔོན་བི་མ་མི་ཏྲ་ལ་སོགས་པའི་པཎྜི་ཏ་ལྔ་བརྒྱ་ལ་གསུངས། དེ་ནས་རིམ་བཞིན་བརྒྱུད་ནས་རྩ་བའི་བླ་མའི་བར་དུའོ། །ད་ནི་གཞུང་དོན་ངོ་བོ་འབྲུ་གཉེར་ན། གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་སྒྱུ་འཕྲུལ་གྱི་སྒོ་ནས་ཚོམ་བུ་ཚོགས་ཀྱིས་སྒྲུབ་པའི་བྱིན་རླབས་ཀྱི་རྐྱེན་གྱིས་རྒྱལ་པོ་ཛ་ཞེས་ཀྱང་བྱ། དྷ་ཧེ་ཏའོ་ཞེས་ཀྱང་བྱ། །ལུང་བསྟན་རྡོ་རྗེ་ཞེས་ཀྱང་བྱ། ཨིནྡྲ་བོ་དྷི་ཞེས་ཀྱང་བྱ་བ་འདི་ནི་སངས་རྒྱས་ཐུབ་པའི་དབང་པོ་རང་གི་ཞལ་སློབ་ཡིན་པར་སྣང་། འདི་ཚོམ་བུ་འབུམ་དང་བཅས་དབྱིངས་སུ་གཤེགས་པའོ། །སོགས་ཀྱི་སྒྲས་ཀུ་ཀུ་ར་ཛ་དང་། དགེ་སློང་ཨུ་པ་ར་ཙ་དང་། སྲས་ར་ཛ་ཧ་སྟི། སྲས་མོ་གོ་མ་དེ་བི་ལ་སོགས་པའི་སྐལ་ལྡན་སྒྲུབ་པ་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཚེ་གཅིག་ལུས་གཅིག་གིས་དབང་པོ་རབ་དོན་གཉིས་ཡོངས་སུ་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཐོབ་པར་གྱུར་སྟེ། དེ་ཡང་དབང་འབྲིང་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་ལྷུན་གྲུབ་རིག་འཛིན། དབང་པོ་ཐ་མ་རྣམ་སྨིན་རིག་འཛིན་དང་ཚེ་དབང་རིག་འཛིན་ནམ་ཡང་ཐོབ་ངེས་སོ། །འཁོར་བཅས་ཞི་བ་ཆེན་པོར་གཤེགས། ཞེས་པ་ནི། གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱིས་ཚོམ་བུ་ཚོགས་བསྒྲུབས་ནས། འཁོར་ཡང་འཁོར་དང་བཅས་པ་གྲོལ་བར་བཤད་དོ། །དགེ་སློང་ཀུ་ཀུ་རཱ་ཛའི་གཙོར་བྱས་པའི་ཚོམ་བུ་ཁྲི། སེང་ངའི་ཡུལ་གྱི་དགེ་སློང་ཨུ་པ་ར་ཛའི་གཙོ་བྱས་པའི་ཚོམ་བུ་སྟོང་། སྲས་རཱ་ཛ་ཧ་སྟི་གཙོར་བྱས་པའི་ཚོམ་བུ་ལྔ་བརྒྱ། སྲས་མོ་གོ་མ་དེ་བིའི་གཙོར་བྱས་པའི་ཚོམ་བུ་བརྒྱ་ལ་སོགས་པ་སྐལ་ལྡན་སྒྲུབ་པ་པོ་རྣམས་འཁོར་བཅས་ཞིང་ཆེན་པོ་ཆོས་སྐུར་གཤེགས་པའོ། །དེ་ཡན་ཆད་ནི་ལུང་ཨ་ནུ་ཡོ་ག་དང་རྒྱུད་མ་ཧཱ་ཡོ་གའི་ཆོས་ཀྱི་བྱུང་ཚུལ་ཡིན་ལ། འོ་ན་བཀའ་རྫོགས་པ་ཆེན་པོ་དུས་ནམ་གྱི་ཚེ་ན་བྱུང་ཅེ་ན། དེ་རྣམས་དང་དུས་མཚུངས་པར་ཐུབ་པ་མྱ་ངན་ལས་འདས་རྗེས། ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ། རྒྱུ་འབྲས་ཀྱི་ཆོས་རྣམས་རྫོགས་ནས། སུམ་ཅུ་རྩ་གསུམ་དུ་ཀུན་དགའ་སྙིང་པོ་ལ་རྨི་ལྟས་བཞི་བྱུང་སྟེ། ཐུབ་དྲུག་གིས་བསྐོར་བ་བྱས་ཏེ་རང་ཐིམ་པ་དང་། བདུད་དང་ཁྱབ་འཇུག་དང་གུ་ལང་གསུམ་ཇུར་མིད་བྱས་པ་དང་། ཕྱག་ཏུ་ཉི་ཟླ་ཐོགས་ཏེ་འཇིག་རྟེན་གྱི་མུན་པ་བསལ་བ་དང་། ནམ་མཁའ་ལ་སྤྲིན་རིན་པོ་ཆེའི་ཁ་དོག་ལྟ་བུ་ལས་ཆར་བབ་སྟེ། རྩི་ཐོག་རྒྱས་པ་རྨིས་ནས། ལྷའི་དབང་པོ་ལ་བཤད་པས་ལྷའི་དབང་པོས་རྩོལ་མེད་ཀྱི་ཐེག་པ་འབྱུང་བར་ཤེས་ཏེ། རྒྱལ་བ་ཐམས་ཅད་ལ་རྩོལ་བ་མེད་པའི་ཐེག་པ་གསུང་དུ་གསོལ། ཞེས་གསོལ་བ་གདབ་སྟེ། ནམ་མཁའ་མཐའ་མཉམ་ལས། །ཀྱེ་དུས་གསུམ་གཤེགས་པའི་རྒྱལ་བ་ཡིས། །རྩོལ་བཅས་ཐེག་པ་མཐར་བསྟན་ནས། །རྩོལ་མེད་ཐེག་པ་བསྟན་དུ་གསོལ། །ཞེས་གསོལ་བ་གདབ་པས་རྒྱལ་བ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་བསྐུལ། རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་ཐུགས་ཀ་ནས་བཏོན་ནས། འཆད་པའི་སྐྱེས་བུ་གསང་བའི་བདག་པོར་དབང་བསྐུར་སྟེ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །གསང་བའི་འཁོར་ལོའི་གཏེར་འཛིན་ཅིང་། །སྐུ་གསུང་ཐུགས་ཀྱི་གསང་བ་འཆང་། །ཁྱེད་ནི་སྨྲ་བའི་སེང་གེ་སྟེ། །རྩོལ་མེད་འདུལ་བའི་གང་ཟག་ལ། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་བསྐུལ་བས། ཕྱག་རྡོར་གྱིས་རྒྱལ་བ་རིགས་ལྔ་ལས་གཞི་འབྲས་ཀྱི་ཐེ་ཚོམ་བཅད་ནས། ལྷ་གནས་གསུམ་དུ་རྩོལ་མེད་ཀྱི་བསྟན་པ་གསུངས་ཚུལ་དང་། དེ་ནས་གསང་བདག་ཕྱག་ན་རྡོ་རྗེས་སྤྲུལ་སྐུ་དགའ་རབ་རྡོ་རྗེ་གསང་བ་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོར་དབང་བསྐུར་ནས། ཨུ་རྒྱན་གྱི་ཡུལ་དྲི་མེད་དྷ་ན་ཀོ་ཤའི་མཚོ་གླིང་དུ། འཇམ་དཔལ་བཤེས་གཉེན་ལ་སོགས་པ་རྣམས་ལ། བརྗོད་བྱ་ཀློང་དགུ་རྗོད་བྱེད་ཤོ་ལ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དུས་སྐད་ཅིག་མ་གཅིག་དུ་གསུངས་པའོ། །དེ་ཡང་སེམས་སྡེའི་སྐོར་ལ་འབུམ་ཕྲག་ཉི་ཤུ་རྩ་གཅིག་ཀློང་སྡེ་ལ་ཉི་ཤུ་རྩ་གཉིས། མན་ངག་སྐོར་ལ་ཉི་ཤུ་རྩ་གཅིག་གོ། །སེམས་སྡེ་ལ་ཡང་། ལ་བཟླ་རྒྱལ་པོའི་སྐོར། ཤན་འབྱེད་བྲམ་ཟེའི་སྐོར། རང་གྲོལ་མངོན་སུམ་དུ་བསྟན་པ་མན་ངག་གི་སྐོར་དང་གསུམ། ཀློང་སྡེ་ལ། ཕྱི་རྩིས་རྒྱའི་སྐོར། ནང་གསང་རྒྱའི་སྐོར། གསང་བ་རྒྱས་འདེབས་ཀྱི་སྐོར། ཡང་གསང་རྒྱལ་བུ་ཆུང་གི་སྐོར་དང་བཞི། མན་ངག་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་ན་མེད་པའི་སྐོར་དང་བཞིའོ། །དེ་ལ་སོགས་རྫོགས་ཆེན་གྱི་སྐོར་ལ། རྒྱུད་སྡེ་མང་དུ་ཡོད་ཀྱང་གཞན་དུ་ཤེས་པར་བྱའོ། །འདིར་ཡི་གེ་མང་དོགས་པའི་ཕྱིར་མ་བྲིས་སོ། །རྗེས་འཇུག་གིས་གསོལ་བ་བཏབ་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་ལོ། །དྲངས། སླད་ནས་ཏེ་རྒྱལ་པོ་ཛ་དང་དམ་པའི་རིགས་ཅན་ལྔ་ལ་སོགས་པ་རྣམས་ཀྱི་རྗེས་སུ་འཇུག་ཅིང་འགྲོ་བར་བྱེད་པའི་རྒྱ་གར་དང་བོད་ཀྱི་སྐལ་ལྡན་སྒྲུབ་པ་པོ་འཁོར་དང་བཅས་པ་རྣམས་ཀྱིས་རྩེ་གཅིག་མོས་པའི་དབང་གིས་ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་བཙལ་ནས་དབང་བཞི་ཡོངས་སུ་རྫོགས་པར་ཞུས་ཏེ། འདིར་འབྲུའི་འདུག་པས་བསྒྱུར་ན། རྒྱུད་གསང་བའི་སྙིང་པོ་ལ་སོགས་པ་ལ་ཐོས་བསམ་བྱས་ནས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་ལས་སྒྲུབ་པའི་ལས་རིམ་དང་། །སྔགས་དང་ཕྱག་རྒྱ་མཆོད་པ་བཅུ། །ཅེས་གསུངས་པ་ལྟར། འཕང་ལྟ་བས་བཅད། ལ་སྤྱོད་པས་དོར། བཀོད་པས་དཀྱིལ་འཁོར། གོ་འཕང་བསྒྲོད་པ་དབང་། མི་འདའ་བར་བྱེད་པ་དམ་ཚིག །དོན་གཉིས་སྒྲུབ་པར་བྱེད་པ་ཕྲིན་ལས། ཉམས་སུ་ལེན་པ་སྒྲུབ་པ། འཆིང་བ་ཕྱག་རྒྱ། བཟླས་པ་སྔགས། གནས་སུ་སྟོབས་པ་མཆོད་པ་སྟེ། རྒྱུད་ཀྱི་དངོས་པོ་བཅུའི་དོན། མ་ནོར་བར་ཤེས་པར་བྱས་ཏེ་བསྙེན་པ་དང་། ཉེ་བསྙེན་གྱི་ཡན་ལག །བསྒྲུབ་པ། བསྒྲུབ་པ་ཆེན་པོ་དང་བཞིའི་ཡན་ལག་གཞུང་བཞིན་དུ་སྤྱད་ནས། རང་རང་གི་ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས་དོན་གཉིས་འགྲུབ་པའོ། །སྐབས་འདིར་བསྙེན་བསྒྲུབ་བཞིའི་སྟོངས་ཐུན་བརྗོད་པར་བྱའོ། །དེ་ལ་སྤྱིར་གསང་སྔགས་ཀྱི་སྒོར་འཇུག་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་གྱི་གཞི་མ་བསྙེན་བསྒྲུབ་བཞི་ཡིན་ནོ། །དེ་ཡང་གླང་པོ་ཆེ་རབ་འབོག་གི་རྒྱུད་ལས། བསྙེན་བསྒྲུབ་རྣམ་པ་བཞིའི་སྒོར་འཇུག་པའི་རྣལ་འབྱོར་པ་རྣམས་ཀྱིས་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དཀྱིལ་འཁོར་ལ་བརྟེན་པའི་བསྙེན་བསྒྲུབ་བཞི། ལམ་རིམ་འཇུག་གི་བསྙེན་སྒྲུབ་བཞི། བསྒྲུབ་པའི་བསྙེན་སྒྲུབ་བཞི། དབང་གི་བསྙེན་སྒྲུབ་བཞི། གསང་བའི་བསྙེན་སྒྲུབ་བཞིའོ། །དང་པོ་དཀྱིལ་འཁོར་གྱི་བསྙེན་བསྒྲུབ་བཞི་ནི། གསང་སྔགས་མ་ཧཱ་ཡོ་གའི་ལྟ་བ་ལེགས་པར་རྟོགས་པ་བསྙེན་པ། དེ་ཏིང་ཀུན་ཏིང་རྒྱུའི་ཏིང་ངེ་འཛིན། ལྷ་ཕྱག་རྒྱ་གཅིག་པ་ཡབ་རྐྱང་དུ་སྒོམ་པ་ཉེ་བསྙེན། ཡུམ་སྒོམ་པ་སྒྲུབ་པ། ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ནས་སྲས་ཀྱི་དཀྱིལ་འཁོར་བསྒོམ་སྟེ། ཕྱི་རོལ་དཀྱིལ་འཁོར་དུ་བཀོད་པ་སྒྲུབ་པ་ཆེན་པོའོ། །ལམ་རིམ་འཇུག་གི་བསྙེན་སྒྲུབ་བཞི་ནི། གསང་སྔགས་མ་ཧཱ་ཡོ་གའི་ལྟ་བ་རྟོགས་ནས། དེ་ཏིང་ཀུན་ཏིང་སྒོམ་པ་ཚུན་ཆད་བསྙེན་པ། རྒྱུའི་ཏིང་ངེ་འཛིན། ཕྱག་རྒྱ་གཅིག་པ་ཡན་ལག་གི་ལྷ་ཉི་ཁྲི་བཞི་སྟོང་ཚུན་ཆད་ཉེ་བསྙེན། ཚོམ་བུ་ཚོགས་སྒྲུབ་སྒྲུབ་པ། ཚོགས་སྒྲུབ་ཀྱི་ཐ་མར་དངོས་གྲུབ་བླངས་པས། རིག་འཛིན་བཞི་གང་ཡིན་པ་གཅིག་ཐོབ་པ་སྒྲུབ་པ་ཆེན་པོའོ། །སྒྲུབ་པའི་བསྙེན་བསྒྲུབ་བཞི་ནི། གྲོགས་ཤོམ་ར། གནས་ཁང་བརྩིགས་པ། ས་གཞིའི་ཆོ་ག །ཕྱི་རྒྱུད་ལ་དཀར་གཏོར་བཀའ་བསྒོ་བྱེད་པ་ཚུན་ཆད་བསྙེན་པ། ཞག་གྲངས་ཅི་ཙམ་བྱེད་པའི་ཚུན་ཆད་ལ་འོད་ཟེར་དཀར་པོ་ཕྱིར་བཀྱེས་ནས་ཕྱི་སྣོད་ཀྱི་སྒྲིབ་པ་སྦྱངས་བ་ཉེ་བསྙེན། ཕྱེད་ཕྱིན་ཆད་ལ་ཞག་ཐ་མ་མ་གཏོགས་འོད་ཟེར་དམར་པོ་བཀྱེ་ནས་ནང་བཅུད་ཀྱི་སྒྲིབ་པ་སྦྱངས་བ་བསྒྲུབ་པ། ནུབ་ཐ་མ་ལ་འོད་ཟེར་མཐིང་ཀ་བཀྱེ་ནས། སྣོད་བཅུད་གཉིས་ཀའི་སྒྲིབ་པ་སྦྱངས་ནས་དངོས་གྲུབ་བླང་བ་ནི། སྒྲུབ་པ་ཆེན་པོའོ། །དབང་གི་བསྙེན་བསྒྲུབ་བཞི་ནི། ནུབ་དང་པོ་སའི་ཆོ་ག་བསྙེན་པ། ནུབ་གཉིས་པ་སྟ་གོན་གྱི་ཆོ་ག་ཉེ་བསྙེན། ནུབ་གསུམ་པ་དངོས་གཞིའི་ཆོ་ག་ལ་སློབ་དཔོན་དང་སློབ་མ་འཇུག་པ་བསྒྲུབ་པ། དབང་བཞི་ཡོངས་རྫོགས་དངོས་སུ་བསྐུར་པ་ནི་བསྒྲུབ་པ་ཆེན་པོའོ། །གསང་བའི་བསྙེན་སྒྲུབ་བཞི་ནི། ཡུམ་གཟུང་མ་མཚན་ཉིད་དང་ལྡན་པ་བཙལ་ནས། ཁྲུས་བྱེད་རྒྱན་འདོག །ཟས་བསྲུང་ཚུན་ཆད་བསྙེན་པ། དབང་བསྐུར་དམ་ཚིག་འབོག་པ། འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱེད་པ་ནི་ཉེ་བསྙེན། ཕྱག་རྒྱ་བཞིས་རོལ་པ་བསྒྲུབ་པ། ཡུམ་གྱི་མཁར་ཐིག་ལེ་དབབ་བཟློག་བསྐྱིལ་དགྲམ་བྱེད་པ་ནི་བསྒྲུབ་པ་ཆེན་པོའོ། །བསྙེན་སྒྲུབ་ཡན་ལག་གཞུང་བཞིན་སྤྱོད་ཅིང་། བསྐྱེད་རྫོགས་ཀྱིས་བསམ་གཏན་ལ་བརྩོན་འགྲུས་དང་ལྡན་ནས་རང་གི་ཡི་དམ་གྱི་ལྷ་ཞི་བ་དང་། ཁྲོ་བོ་གང་ཡིན་དེ་ལ་གསོལ་བ་བཏབ་པ་མཐར་ཕྱིན་པས། དག་བྱ་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་གཉིས་དག་པར་འགྱུར་སྟེ། འདོད་པར་བྱ་བ་རང་གི་ཡི་དམ་གྱི་ལྷ་ཞི་བ་དང་ཁྲོ་བོ་གང་ཡིན་པ་དེའི་ཞལ་མངོན་སུམ་དུ་གཟིགས་ཤིང་། གནས་སྐབས་ལམ་འགྱུར་གྱི་རིག་འཛིན་ཐོབ་ཅིང་། མཐར་ཐུག་བྱང་ཆུབ་ཏུ་ལུང་སྟོན་པ་དང་འབྲས་བུ་སངས་རྒྱས་པ་རྣམས་མངོན་སུམ་དུ་བྱས་སོ། །དོན་བསྡུ་བའོ། །དྲངས། དེ་དག་ཅེས་པ་ནི་གོང་དུ་སྙེགས་པ་དང་སྡུད་པའི་ཚིག་ཡིན་ཏེ། གོང་དུ་བཤད་པའི་རྒྱ་བོད་ཀྱི་སྐལ་ལྡན་སྒྲུབ་པ་པོ་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མངོན་དུ་བྱས་པ་དང་། རྒྱལ་པོ་ཛ་ལ་སོགས་པའི་སྐལ་ལྡན་སྒྲུབ་པ་པོ་རྣམས་ཞིང་ཆེན་པོ་ཆོས་ཀྱི་སྐུར་གཤེགས་པ་དང་དམ་པའི་རིགས་ཅན་ལྔ་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། མདོ་དགོངས་པ་འདུས་པ་དངོས་སུ་བཤད་པ་དེ་དག །སངས་རྒྱས་ཀྱི་ཐུགས་རྗེ་གདུལ་བྱ་སེམས་ཅན་རྣམས་ཀྱིས་བསྒྲུབ་པ་དང་དེའི་འབྲས་བུ་གདུལ་བྱ་ལ་ཐུགས་རྗེ་སྐྱེ་བ་ནི། སྒྲིབ་པ་གཉིས་དག་ཅིང་འབྲས་བུ་མངོན་སུམ་དུ་ཐོབ་པ་ནི་བསྐུལ་ཞིང་གསོལ་བ་གདབ་པའི་ཐུགས་རྗེས་སྐྱེ་ཚུལ་ཡིན་པར་རྒྱལ་བ་ཀུན་ཏུ་བཟང་པོས་གསུངས་སོ། །ཐུགས་རྗེས་སྐྱེས་ནས་དོན་མཛད་ཚུལ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བགྲང་ངོ་བོ་མདོར་བསྟན་པ་དང་། དྲངས། སངས་རྒྱས་ཀྱི་ཐུགས་རྗེ་སྐྱེས་ནས་གང་ལ་གང་འདུལ་གྱིས་དོན་མཛད་ཚུལ་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། འཁོར་ལོ་རྒྱུན་དང་། ཆོ་འཕྲུལ་མངོན་འབྱུང་། དོན་དམ་ངེས་པའི་ཐེག་པ་དང་རྣམ་པ་གསུམ་དུ་གདུལ་བྱའི་དོན་མཛད་ཚུལ་ཤེས་པར་བྱ་སྟེ། དེ་ཡང་གདུལ་བྱ་གསུམ་འདུལ་ཐབས་གསུམ་ཐེག་པའང་གསུམ་སྟེ་དེ་རེ་རེ་ལ་ཡང་གསུམ་གསུམ་དུ་གནས་པ་ཡིན་ནོ། །དབྱེ་བ་མདོར་བསྟན་པའོ། །དེ་ལ་གསུམ་སྟེ། བགྲང་། གདུལ་བྱ་དང་། དྲངས། གདུལ་བྱ་གསུམ་ནི། འདོད་ཡོན་ལ་ཞེན་པའི་གདུལ་བྱ་དང་། འཁོར་བ་ལས་ངེས་པར་འབྱུང་བའི་གདུལ་བྱ་དང་། ཤིན་ཏུ་གདུལ་དཀའ་དྲག་པོའི་གདུལ་བྱ་དང་གསུམ་ལ། ཐེག་པ་དང་། དྲངས། འཁོར་ལོ་རྒྱུན་གྱི་ཐེག་པ་དང་དོན་དམ་ངེས་པའི་ཐེག་པ་དང་ཆོ་འཕྲུལ་མངོན་འབྱུང་བའི་ཐེག་པ་གསུམ་ཡིན་ནོ། །གདུལ་ཐབས་དང་། དྲངས། འདོད་ལ་ཞེན་པའི་གདུལ་བྱ་དེ་ལ། འཁོར་ལོ་རྒྱུན་གྱི་ཐེག་པ་དེས། རང་བཞིན་ཤུགས་ཀྱིས་འདུལ་བ་དང་། ངེས་པར་འབྱུང་བའི་གདུལ་བྱ་དེ་ལ། དོན་དམ་ངེས་པའི་ཐེག་པ་དེས། གཉེན་པོ་ཐབས་ཀྱིས་འདུལ་བ་དང་། གདུལ་དཀའ་དྲག་པོའི་གདུལ་བྱ་དེ་ལ། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་དེས། ལས་ངན་ལས་རྒྱུན་གཅོད་པས་འདུལ་བ་དང་གསུམ་མོ། །དེ་ལྟར་གདུལ་བྱ་དང་ཐེག་པ་དང་འདུལ་ཐབས་སུ་བསྟན་པ་ཡིན། དེ་ཡང་མདོ་དགོངས་པ་འདུས་པ་ལས་རྒྱས་པར་བཤད་ཅིང་རྒྱ་ཆེ་ལ་གྲངས་མང་བར་ཡོད་ཀྱང་གཞུང་འདིར་རྒྱ་ཆེ་གྲངས་མང་རྣམས་མདོར་བསྡུས་ནས་བསྟན་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། བགྲང་། ཉེ་བར་བསྟན་པ་དང་། དྲངས། གོང་དུ་བཤད་པའི་གདུལ་བྱ་གསུམ་འདུལ་ཐབས་གསུམ། ཐེག་པ་དང་གསུམ་པོའི་དོན་དེ་དག་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། རྒྱས་བཤད་དངོས་དེ་ལ་གསུམ་སྟེ། འདོད་ལ་ཞེན་པའི་གདུལ་བྱ་འཁོར་ལོ་རྒྱུན་གྱི་ཐེག་པས་གདུལ་བ་དང་། གདུལ་དཀའ་དྲག་པོའི་གདུལ་བྱ་ཆོ་འཕྲུལ་མངོན་འབྱུང་གི་ཐེག་པས་འདུལ་བ་དང་། ངེས་པར་འབྱུང་བའི་གདུལ་བྱ་དོན་དམ་ངེས་པའི་ཐེག་པས་འདུལ་བའོ། །དང་པོ་ལ་གསུམ། བགྲང་། གདུལ་བྱ་དང་། གྲངས། བསྐལ་པའི་འཁོར་ལོ་བསྐལ་ཕྲན་ཉི་ཤུའི་བར་ལ་མི་ཆད་པར་རྒྱུན་གྱི་ཐེག་པའི་གདུལ་བྱ་ནི་འོག་ནས་འབྱུང་བ་འདི་རྣམས་ཡིན་ནོ། །འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་དང་ཁམས་གསུམ་དུ་གནས་པའི་འགྲོ་བ་རྣམས་ནི། འདོད་ཁམས་པ་འདོད་ཡོན་ལ་ཞེན། གཟུགས་ཁམས་པ་གཟུགས་དང་དགའ་བ་ལ་ཞེན། གཟུགས་མེད་ཁམས་པ་སྙོམ་འཇུག་གི་ཏིང་ངེ་འཛིན་ལ་ཞེན་པ་དང་། ཡང་ན་འཚོ་བའི་ཟས། བརྟེན་པའི་གནས། མཐུན་པའི་གྲོགས་ཀྱི་ཞེན་པ་གསུམ་གྱི་འདོད་པ་དང་མ་བྲལ་བའི་ཕྱིར། འདོད་ལ་ཞེན་པའི་གདུལ་བྱ་ཞེས་བརྗོད་དེ། ཐེག་པ་དང་། དྲངས། འཁོར་ལོ་རྒྱུན་གྱི་ཐེག་པ་དེ་ཡང་། ཡེའམ་ཐོག་མ་མེད་པའི་དུས་ནས་སངས་རྒྱས་པས་ཞེས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་གྲགས་པ་ཡིན། གསང་སྙིང་ལས། ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབྱིངས་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཅེས་གསུངས་པས། འབྱུང་བ་ཆེན་པོ་ལྔར་སྣང་བ་གང་ཡིན་པ་འདི་དག །ཐུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྗེ་བསྒོ་བ་མེད་པར་ཀུན་ལ་ཁྱབ་པའི་དོན་འགྱུར་མེད་རྟག་པའི་སངས་རྒྱས་ཡིན་ཏེ། དགོངས་འདུས་ལས། འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས། །མ་བཅོས་རྟོག་བྲལ་ཡེ་ནས་དག །ཞེས་པ་ནི། འབྱུང་ཆེན་པོ་ལྔའི་ངོ་བོ་སུས་ཀྱང་མ་བཅོས། རྟོག་པ་ཐམས་ཅད་དང་བྲལ་བ་ཡེ་ནས་ཆོས་ཀྱི་དབྱིངས་སུ་དག་པས་ན་སངས་པའམ། བཅོམ་པ་ཡིན་ལ། གཞན་དོན་དུ་སངས་རྒྱས་ཀྱི་ཐུགས་རྗེ་འབྱུང་བ་ཆེན་པོ་ལྔས་ཟས་སྐོམ་ལ་སོགས་པ་དུས་རྟག་པ་རྒྱུན་དུ་འབྱུང་བའི་ཕྱིར་ན་རྒྱས་པའམ། ལྡན་པ་ཡིན་ལ། སྣང་སྟོང་གི་མཐར་མི་གནས་པས་ན། འདས་ཞེས་བྱའོ། །དགོངས་འདུས་ལས། དེ་ཉིད་ཡེ་ནས་སངས་རྒྱས་ནི། །ནམ་མཁའ་རྣམ་པར་སྣང་མཛད་དང་། །ས་ནི་མི་གཡོ་རྡོ་རྗེ་ཡིན། །ཆུ་ནི་རིན་ཆེན་འབྱུང་ལྡན་ཉིད། །མེ་ནི་སྣང་བ་མཐའ་ཡས་ཡིན། །རླུང་ནི་ཀུན་བྱེད་གདོན་མི་ཟ། །ཐམས་ཅད་སྟོང་པར་ཡེ་སངས་རྒྱས། །དེས་ཁྱབ་མ་འདྲེས་རྒྱས་པ་ནི། །མ་བཅོས་ཡེ་ནས་སངས་རྒྱས་པ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཞེས་གསུངས་སོ། །འདུལ་ཐབས་དང་གསུམ་མོ། །དེ་ལ་གཉིས་ཏེ། བགྲང་། དངོས། དྲངས། འཁོར་ལོ་རྒྱུན་གྱི་ཐེག་པ་འབྱུང་བ་ལྔ་པོ་དེས། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དང་པོ་སྐྱེ་བའི་རྒྱུ་བྱེད་པ་དང་། བར་དུ་འཚོ་བའི་ལོངས་སྤྱོད་ཀྱིས་རྐྱེན་བྱེད་པ་དང་། རྟེན་བྱེད་པའི་གནས་ལ་སོགས་པས་དོན་ཅི་ལྟར་མཛད་ན་ཡང་། འབྱུང་བ་ལྔའི་ངོ་བོ་ལ་རྟོག་པ་མི་མངའ་བས་མི་རྟོག་ཅེས་བྱ། དེའི་ངང་ལ་རང་ཤུག་གིས་སྐྱེ་འཚོ་རྟེན་གསུམ་གྱི་དགོས་འདོད་ཀུན་འབྱུང་བས་ན། ངང་ངམ་ཤུགས་ཀྱིས་རྒྱུན་ཆད་མེད་པའི་ཚུལ་གྱིས་བསྐལ་པའི་འཁོར་ལོར་གནས་པའོ། །བརྒྱུད་པའི་འབྲས་བུའོ། །དྲངས་གོང་དུ་བསྟན་པ་དེ་ལྟར་འཁོར་ལོ་རྒྱུན་གྱི་ཐེག་པ་ཡིས། རང་བཞིན་ངང་ངམ་ཤུགས་ཀྱིས་གདུལ་བར་བྱ་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀུན་གྱི་སྐྱེ་བར་བྱེད་པའི་རྒྱུ། འཚོ་བར་བྱེད་པའི་རྐྱེན། བརྟེན་པར་བྱེད་པའི་གནས་ལ་སོགས་པའི་སྒོ་ནས། ནམ་ཡང་འདུལ་བ་ནི་འདི་ལྟ་སྟེ། དང་པོ་ཕལ་པའི་སེམས་བརྒྱད་སྐྱེས། མཐར་ཐེག་ཆེན་ལ་ལེགས་པར་འཇུག་པའི་དཔེ་ནི། ས་བོན་ལྟ་བུའི་སེམས་དང་གཅིག །མྱུ་གུ་ལྟ་བུའི་སེམས་དང་གཉིས། སྡོང་བུ་ལྟ་བུ་དང་གསུམ། ཡལ་ག་ལྟ་བུ་དང་བཞི། ལོ་མ་ལྟ་བུ་དང་ལྔ། མེ་ཏོག་ལྟ་བུ་དང་དྲུག །འབྲས་བུ་ལྟ་བུ་དང་བདུན། གསོས་སུ་གྱུར་པ་ལྟ་བུའི་སེམས་དང་བརྒྱད་དོ། །དང་པོ་འདུན་པའི་ཤེས་པ་སོ་སོའི་སྐྱེ་བོའི་ས་ནས་འཁོར་བ་ལ་སྐྱོ་བ་སྐྱེ་ཞིང་མྱང་འདས་བྲོད་ནས་ཆོས་བྱེད་དགོས་སྙམས་པ་ནི་ས་བོན་ལྟ་བུའོ། །རང་གི་ཕ་མ་དང་མཛའ་བཤེས་ལ་སྦྱིན་པ་གཏོང་བ་ནི་མྱུ་གུ་ལྟ་བུའོ། །ཕྱོགས་རིས་མི་བྱེད་པར་གཏོང་བ་ནི་སྡོང་བུ་ལྟ་བུའོ། །དགེ་སྦྱོང་ལ་སོགས་པའི་ཡུལ་ཐམས་ཅད་ནས་གཏོང་བ་ནི་ཡལ་ག་ལྟ་བུའོ། །དེས་ལག་པ་བརྐྱང་ནས་གཏོང་ཞིང་སྤྲོ་བ་བསྐྱེད་པ་ནི་ལོ་མ་ལྟ་བུའོ། །ལྷུག་པར་གཏོང་ཞིང་སྤྲོ་བ་ཆེར་བསྐྱེད་པ་ནི་མེ་ཏོག་ལྟ་བུའོ། །བསྙེན་གནས་ལ་སོགས་པའི་སྡོམ་པ་སྣ་རེ་བསྲུང་བ་ནི་འབྲས་བུ་ལྟ་བུའོ། །མོས་པའི་ལྷ་དཀོན་མཆོག་གསུམ་མཆོད་པ་ནི་གསོས་སུ་གྱུར་པ་ལྟ་བུའོ་སེམས་སོ། །དེ་ཡང་ལམ་རིམ་ལས། །ཕལ་པའི་སེམས་བརྒྱད་མཐར་གནས་ཚེ། །སྙིང་པོ་རང་བཞིན་མཚུངས་པ་དང་། །བཤེས་གཉེན་མགོན་ལ་ལུང་གཉིས་ཐོབ། །ཅེས་གསུངས་པ་ལྟ་བུ་ཡིན་ནོ། །འཁོར་ལོ་རྒྱུན་གྱི་ཐེག་པ་དེས་གདུལ་བྱ་ལ་ཕན་ཅི་ལྟར་ཐོགས་ན། དང་པོ་སྐྱེ་འཚོ་རྟེན་གསུམ་གྱི་བྱ་བ་བྱས་པ་དང་། བར་དུ་ཕལ་པའི་སེམས་བརྒྱད་སྐྱེ་བ་དང་། མཐར་དོན་དམ་ངེས་པའི་ཐེག་པའི་སྣོད་དུ་རུང་བ་ནི། འདི་ལྟར་ཡིན་ཏེ། དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དོན་དམ་ངེས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱས་ནས། ཆོས་ཉམས་སུ་བླངས་པ་ཀུན་ཀྱང་མཐར་ཟག་པ་མེད་པའི་དབྱིངས་སུ་འཕགས་པའི་ལམ་ལ་བཀོད་དོ། །ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་ལ་བཞི་སྟེ། ཉེ་བར་བསྟན་པ་དང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ཉེ་བར་བསྟན་པ་ནི། སངས་རྒྱས་ཀྱི་ཐུགས་རྗེའི་ཆོ་འཕྲུལ། ཕྱི་མེ་ཆུ་རླུང་གསུམ་ནང་ནད་མུག་མཚོན་གསུམ་གྱི་བསྐལ་པས་གདུལ་བྱ་འདུལ་བར་དཀའ་བ་རྣམས་ཀྱི་ངོར་མངོན་སུམ་པར་འབྱུང་བའི་ཚུལ་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དོན་དམ་ངེས་པའི་ཐེག་པས་དངོས་སུ་འདུལ་བའི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། གཏན་ཚིག་ཅིའི་ཕྱིར་ན། ཤིན་ཏུ་དུག་གསུམ་བདོ་བའི་ཕྱིར། དེ་ཡང་འདོད་ཆགས་ཆུ་ལྟར་ཁོལ། ཞེ་སྡང་མེ་ལྟར་དུ་འབར། གཏི་མུག་མུན་ལྟར་དུ་འཐིབ་པའི་དོན་གྱིས་འདུལ་བར་དཀའ། གང་གིས་འདུལ་བར་དཀའ་ན། འཁོར་ལོ་རྒྱུན་གྱི་ཐེག་པ་དང་། དོན་དམ་ངེས་པའི་ཐེག་པས་འདུལ་བར་དཀའ་བའི་སྙིགས་མ་ལྔའི་སེམས་ཅན་རྣམས་ལ། ཐེག་པ་དང་། དྲངས། ཕྱི་མེ་ཆུ་རླུང་གསུམ། ནང་ནད་མུག་མཚོན་གསུམ་གྱི་བསྐལ་པའི་འཁོར་ལོས་གདུལ་བྱ་དེའི་རྒྱུད་ལ་ཟས་སྐོམ་ལ་ཞེན་ཅིང་ཆགས་པ་ལ་མུག་གེའི་བསྐལ་པ་དང་། གཏི་མུག་ཅན་གྱི་ངོར་དྲན་པ་ཉམས་ཤིང་རྨོངས་པར་བྱེད་པ་ནད་ཀྱི་བསྐལ་པ་དང་། ཞེ་སྡང་ཅན་གྱི་ངོར་འཁྲུགས་པར་བྱེད་པ་མཚོན་གྱི་བསྐལ་པ་ཡིས། འདུལ་ཐབས་དང་། དྲངས། ལས་ངན་པ་མི་དགེ་བ་བཅུའི་རྒྱུན་གཅོད་ཅིང་འདུ་ཤེས་ངན་པ་རྣམས་ཀྱི་འཕྲོ་བསྒྱུར་བའི་ཕྲིན་ལས་ནི། དམ་པ་རྒྱལ་བས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་འཁོར་ལོ་བསྐོར་བར་བྱས་ནས་ཀྱང་། སངས་རྒྱས་ཀྱིས་འདུལ་བར་མ་གྱུར་པ་དེ་དག་ལ་ཕྱི་ནང་གི་བསྐལ་པའི་འཁོར་ལོས་ལས་ངན་པའི་རྒྱུན་གཅོད་པར་བྱེད་པའོ། །རྒྱས་བཤད་ལ་གཉིས་ཏེ། བར་གྱི་བསྐལ་པ་དང་། ཕྱིའི་བསྐལ་པ་ཆེན་པོའོ། །དང་པོ་ལ་གསུམ་སྟེ། བགྲང་། མུག་གེའི་བསྐལ་པས་ཟས་སྐོམ་གྱི་ཞེན་པ་གཅོད་པ་དང་། དྲངས། འདི་རྣམས་ལ་བཤད་གཞི་གཅིག་བརྒྱབ་ན་གོ་བདེ་བ་ཡིན་པས། གཅོད་ཅེས་པ་བཤད་པའི་གཞིར་དྲང་། དེའི་ཁྱད་པར་གྱི་ཆོས་ལ་བཞི། གང་གིས་ན། གདུལ་བྱ་འདུལ་བར་དཀར་བ་འདོད་ཆགས་ཅན་རྣམས་ཀྱི་ངོ་བོར། པདྨ་ཧེ་རུ་ཀ་ཉིད་མུ་གེའི་བསྐལ་པར་སྣང་ནས་གཅོད་སྟེ། ཞི་ཁྲོའི་ལྷ་རྒྱུད་ལས། འདམ་སྐྱེས་པད་ལྟར་འཁོར་བར་སྐུ་འཁྲུངས་ཤིང་། །ལྷག་མཐོང་མེ་ཆེན་བསྐལ་པས་ཐམས་ཅད་བསྲེག །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་མ། །འདོད་ཆགས་འཇོམས་མཛད་པདྨ་ཧེ་རུ་ཀ །ཅེས་སོ། །གང་གཅོད་ན། ཟས་སྐོམས་ལ་སོགས་པའི་འདོད་ཡོན་ལ་ཞེན་ཅིང་ཆགས་པའི་སེམས་རྣམ་པར་ཤེས་པའི་ཚོགས་དྲུག་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ལས་ངན་པ་སྣ་ཚོགས་བསགས་པའི་རྒྱུན་དེ་དབང་མེད་དུ་གཅོད་པར་བྱེད་དོ། །དུས་ནམ་གྱི་ཚེ་གཅོད་ན། ད་ལྟ་ནི་གནས་པའི་བསྐལ་པ་ཡིན་ལ། དེ་ཡང་ཚེ་ལོ་བརྒྱད་ཁྲིའི་དུས་སུ་སངས་རྒྱས་རྣམ་གཟིགས་བྱོན། དེ་ནས་ལོ་གཉིས་བརྒྱ་རེ་ཞིང་རེ་རེ་འགྲིབ་པ་བདུན་ཁྲིའི་དུས་སུ་གཙུག་ཏོར་ཅན་བྱོན། དྲུག་ཁྲིའི་དུས་སུ་ཐམས་ཅད་སྐྱོབ་བྱོན། དེ་གསུམ་གྱི་དུས་བསྟན་པ་མཚན་ཉིད་སྡེ་གསུམ་དར། བཞི་ཁྲིའི་དུས་སུ་འཁོར་བ་འཇིག །ཀྲི་ཡ་གསུམ་ཁྲིའི་དུས་སུ་གསེར་ཐུབ། སྤྱོད་པའི་རྒྱུད། ཉི་ཁྲིའི་དུས་སུ་འོད་སྲུང་། རྣལ་འབྱོར་གྱི་རྒྱུད། དེ་ནས་བརྒྱ་རེ་ཞིང་རེ་རེ་འགྲིམ་པའི་ཚེ་ལོ་བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པས་བླ་མེད་དར་བར་བྱས་སོ། །ཐུབ་པ་ཆེན་པོ་འདི་ཡི་བསྟན་པ་ནི། སྐལ་བཟང་ལས་ལོ་སྟོང་གནས་པར་གསུང་ཞིང་། ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། ལོ་ཉིས་སྟོང་གནས་པར་གསུངས་སོ། །འདུལ་བ་ལུང་ཕྲན་ཚེགས་ལས། ལོ་བདུན་སྟོང་གནས་པར་གསུངས་པ་ལས། སྲུ་སྐྱེ་དགུའི་བདག་མོ་ལ་སོགས་པ་བུད་མེད་རབ་ཏུ་བྱུང་བས་ལོ་ཉིས་སྟོང་འགྲིབ་སྟེ། སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་གནས་ཞེས་བཤད་དོ། །དེའི་ལྔ་བརྒྱ་ཕྲག་བཅུ་ལ། འབྲས་བུའི་དུས་གསུམ། སྒྲུབ་པའི་དུས་གསུམ། ལུང་གི་དུས་གསུམ། རྟགས་ཙམ་འཛིན་པའི་དུས་ལ་གཅིག་གོ། །དང་པོ་ལ་གསུམ། དགྲ་བཅོམ་པ། ཕྱིར་མི་འོང་བ། རྒྱུན་དུ་ཞུགས་ཀྱི་ལེའུ་ཞེས་བྱའོ། །སྒྲུབ་པའི་གསུམ་ལ། ལྷག་མཐོང་། ཏིང་ངེ་འཛིན་ཚུལ་ཁྲིམས་ཀྱི་ལེའུ་ཞེས་ཟེར་རོ། །ལུང་གི་གསུམ་ལ། མངོན་པ་མདོ་སྡེ། འདུལ་བའི་ལེའུ་ཞེས་ཟེར་རོ། །རྟགས་ཙམ་འཛིན་པ་ནི་ལྔ་བརྒྱ་ཐ་མ་ཡིན་ནོ། །འདི་ནི་ཚེ་ལོ་བཞི་བཅུའི་དུས་སུ་རྒྱལ་པོ་དཔུང་དམར་ཅན་གྱི་རིང་ལ་འོང་བ་ཡིན། དེའི་གཏམ་རྒྱུད་རྒྱས་པར་བཤད་རྒྱུ་ཡོད་ཀྱང་ཡི་གེ་མང་གིས་དོགས་པའི་ཕྱིར་མ་བྲིས་སོ། །དེ་ནས་ལོ་བརྒྱ་རེ་ཞིང་རེ་རེ་འགྲིམ་པས། ཚེ་ལོ་སུམ་ཅུའི་དུས་སུ་ཚུལ་ཅི་ལྟར་དུ་གཅོད་ན། ཟས་སྐོམས་ཀྱི་སྲེད་པ་ཞི་བར་བྱེད་པ། ལུས་སྲོག་འཚོ་བའི་ཟས་སྐོམས་དང་བྲལ་བ་མུག་གེའི་ཆོས་བཞི་དང་ལྡན་པའི་བསྐལ་པ་ཡིས་ལོ་བདུན། ཟླ་བ་བདུན། ཞག་བདུན། ཟ་མ་བདུན་ལ་འབྱུང་སྟེ་དབང་མེད་པའི་ཚུལ་དུ་གཅོད་པར་བྱེད་དོ། །དེ་ཡང་ད་ལྟ་དགེ་འདུན་ལ་ཚོགས་སོག་བྱེད། སེམས་ཅན་ལ་སྦྱིན་པ་གཏོང་། རང་རང་གིས་ཀྱང་སེམས་བསྐྱེད་ནས་ཕྱི་དྲོའི་ཟས་བཅད་ཙམ་དང་། ཆོས་ཕྱིར་དཀའ་བ་སྤྱད་ན་དེ་ལྟ་བུའི་བསྐལ་པ་ལས་གྲོལ་ཞིང་ཐར་བར་འགྱུར་རོ་གསུངས། ནད་ཀྱི་བསྐལ་པས་ལུས་ཀྱི་ཞེན་པ་གཅོད་པ་དང་། དྲངས། གཅོད་ཅེས་པ་ལ་བཞི། གང་གིས་ན། གདུལ་བྱ་འདུལ་དཀའ་བའི་གཏི་མུག་ཅན་གྱི་ངོར། བུདྡྷ་ཧེ་རུ་ཀ་ཉིད་ནད་ཀྱི་བསྐལ་བར་སྣང་ནས་གཅོད། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམ་མཛད་པ། །གཏི་མུག་འཇོམ་མཛད་བུདྡྷ་ཧེ་རུ་ཀ །ཅེས་སོ། །གང་གཅོད་ན། གཏི་མུག་གིས་ལུས་མི་གཙང་བར་ཞེན་ཅིང་བདག་ལ་ཆགས་པའི་ལས་ངན་པའི་རྒྱུན་དེ་དབང་མེད་དུ་གཅོད་པར་བྱེད་དོ། །དུས་ནམ་གྱི་ཚེ་གཅོད་ན། ཚེ་ལོ་སུམ་ཅུའི་དུས་སུ་མིའི་ས་བོན་ཙམ་ཅིག་ལས་མ་ལུས་པ་ལས། ལོ་ཇེ་འགྲིབ་དུ་སོང་བས་ཚེ་ལོ་ཉི་ཤུ་པའི་དུས་སུའོ། །ཚུལ་ཅི་ལྟར་དུ་ན། སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་ལྡན་པར་བྱེད་པ་དྲན་པ་ཉམས་ཤིང་རྨོངས་པར་བྱེད་པའི་ནད་ཀྱི་བསྐལ་པ་ཡིས། ཟླ་བ་བདུན། ཞག་བདུན། ཟ་མ་བདུན་དུ་འབྱུང་སྟེ་དབང་མེད་པའི་ཚུལ་དུ་གཅོད་པར་བྱེད་དོ། །དེ་ཡང་ད་ལྟ་ནད་པའི་ནད་གཡོག་བྱེད། སེམས་ཅན་ལ་གནོད་འཚེ་སྤང་། དགེ་འདུན་ལ་སྨན་གྱི་དངོས་པོ་ཨ་རུ་ར་ཙམ་ཕུལ་ན་དེ་ལྟ་བུའི་བསྐལ་པ་ལ་གྲོལ་ཞིང་ཐར་བར་འགྱུར་རོ་གསུངས། མཚོན་གྱི་བསྐལ་པས་གཉེན་འདུན་གྱི་ཞེན་པ་གཅོད་པའོ། །དྲངས། གཅོད་ཅེས་པ་ལ་བཞི། གང་གིས་ན་གདུལ་བྱ་འདུལ་བར་དཀའ་བ་ཞེ་སྡང་ཅན་གྱི་ངོར། ཞེ་སྡང་འཇོམས་པར་བྱེད་པའི་ཐབས་འཛིན་པ་སྟེ། བཛྲ་ཧེ་རུ་ཀ་ཉིད་མཚོན་ཆ་དར་བའི་བསྐལ་པར་སྣང་བ་ཡིས། དངོས་པོར་གྱུར་ཚད་མཚོན་ཆ་སྣང་ནས་གཅོད་པར་བྱེད་དོ། །ཐབས་འཛིན་མཚོན་ཆའི་བསྐལ་པས་དངོས་པོ་འཇིག །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམ་མཛད་པ། །ཞེ་སྡང་འཇོམ་མཛད་བཛྲ་ཧེ་རུ་ཀ །ཅེས་སོ། །གང་གཅོད་ན། ཉེ་དུ་གཉེན་འབྲེལ་ལ་སོགས་པ་བདག་གཞན་གྱི་དངོས་པོ་ཐམས་ཅད་གཅོད་པའོ། །དུས་ནམ་གྱི་ཚེ་ན། ཚེ་ལོ་ཉི་ཤུའི་དུས་སུ་མིའི་ས་བོན་ཙམ་ལས་མ་ལུས་པ་ལས། མི་ཇེ་འཕེལ་ལོ་ཇེ་འགྲིབ་དུ་སོང་བས། ཚེ་ལོ་བཅུ་པའི་དུས་སུ་གཅོད། ཚུལ་ཅི་ལྟར་དུ་ན། གཅིག་གིས་གཅིག་ལ་གནོད་སེམས་སྐྱེས་ནས། དངོས་པོ་གྱུར་ཚད་མཚོན་ཆར་སྣང་ནས་ལག་ཏུ་འཛིན་པ། ཞག་བདུན་དང་། ཟ་མ་བདུན་ལ་འབྱུང་སྟེ། མིའི་ས་བོན་ཙམ་ལས་མ་ལུས་པར། དབང་མེད་དུ་གཅོད་པར་བྱེད་དོ། །དེ་ཡང་ད་ལྟ་གཞན་ལ་སྲོག་གཅོད་མི་བཅོལ། རང་གིས་ཀྱང་སྲོག་གཅོད་སྤངས་ནས། དེ་ལྟ་བུའི་བསྐལ་བ་ལས་གྲོལ་ཞིང་ཐར་བར་འགྱུར་རོ། །ཅེས་གསུངས་སོ། །མཚོན་གྱི་བསྐལ་པ་ཡན་ཆད་ཡ་ཐོག་རིང་མོ་ཡིན་ལ། མཚོན་གྱི་བསྐལ་པའི་རྗེས་སུ་མིའི་ས་བོན་ཙམ་ལས་མ་ལུས་ལ། བོང་གི་རིང་བ་ལ་ཁྲུ་གང་ངམ། རྐང་གང་ཐུང་བ་ལ་མཐོ་གང་ངམ་ཆག་གང་ཙམ་ཚེ་རིང་བ་ལ་ལོ་བཅུ། ཐུང་བ་ལ་ངེས་པ་མེད་རྟ་སྦང་ལ་རྐུབ་སྐྱག །ལུག་རིལ་གྱིས་རྟེན་མ་བྱེད། ནུབ་མོ་སྐྱེས་པ་ནང་པར་མེ་སློང་བགྱིད་པ་ཡོད། དེའི་ཚེ་བྱམས་པའི་སྤྲུལ་པ་ལུས་ཁྲུ་དོ་ཡོད་པ་ཚེ་ལོ་ཉི་ཤུ་པ་གཅིག་བྱོན་ནས། ཁྱེད་རྣམས་ཀྱི་མི་དགེ་བ་སྲོག་གཅོད་པ་སྤོངས་དང་། ཚེ་ལོ་དང་པོར་ལུས་ང་དང་མཉམ་པར་འགྱུར་རོ། །གསུངས་པ་ལ་བརྟེན་ནས། སེམས་ཅན་རྣམས་ཀྱིས་སྲོག་གཅོད་པ་སྤངས་ནས་རིམ་གྱིས། ལུས་ཁྲུ་དོ་པ། ལོ་ཡང་ཉི་ཤུ་ཐུབ་པར་འགྱུར་རོ། །དེ་བཞིན་དུ་བྱམས་པའི་སྤྲུལ་པ་རིམ་བཞིན་དུ་བྱོན་ནས། མི་དགེ་བ་བཅུ་སྤངས་བཅོལ། ཕ་རོལ་དུ་ཕྱིན་པ་བཅུ་རྫོགས་པར་བྱས་ནས། ལོ་ལྔ་བཅུ་རེ་ཞིང་རེ་རེ་འཕེལ་བས། བརྒྱད་ཁྲིར་ཕྱིན་པའི་དུས་ན། བྱམས་པ་བྱོན་ནས། དེ་ནས་ལྔ་བཅུ་རེ་ཞིང་རེ་རེ་འགྲིབ་པས་ཚེ་ལོ་སུམ་ཅུ་པའི་དུས་ན། མུ་གེ། ཉི་ཤུ་ན་ནད། བཅུ་པ་ན་མཚོན་གྱི་བསྐལ་པ་འབྱུང་ལ། དེ་ནི་བར་ཁུག་གཅིག་ཡིན་ཅིང་། དེ་འདྲའི་ཁུག་པ་བཅོ་བརྒྱད་ལ་སངས་རྒྱས་སྟོང་ལ་བཞི་ཆག་པ་འབྱུང་ལ། ཐ་མ་མ་ཐོག་ཐུང་ངུ་ལ་ལོ་བརྒྱ་རེ་ཞིང་རེ་རེ་འཕེལ་བའི་བརྒྱད་ཁྲིར་ཕྱིན་པའི་ཚེ། གནས་པའི་མཇུག་རྫོགས། འཇིག་པའི་འགོ་བརྩམས། མཐར་མནར་མེད་དུ་འཆི་བ་ཡོད་ཀྱང་སྐྱེ་བ་མེད་པ་དུས་མཉམ་པ་ཡིན་ནོ། །ཕྱིའི་བསྐལ་པ་ལ་བཞི་སྟེ། བགྲང་། མེའི་བསྐལ་པས་དངོས་འཛིན་འཇོམས་པ་དང་། དྲངས། གཅོད་ཅེས་པ་བཤད་པའི་གཞིར་གྲངས། དེའི་ཁྱད་པར་གྱི་ཆོས་ལ་གསུམ། གང་གིས་གཅོད་ན། སངས་རྒྱས་ཀྱི་ལྷག་མཐོང་ངམ་སོ་སོར་རྟོག་པའི་ཡེ་ཤེས་སམ། ཡང་ན་པདྨ་ཧེ་རུ་ཀ་ཉིད་མེའི་བསྐལ་པར་སྣང་བ་ཡིས་གཅོད་པར་བྱེད་དེ། ཞི་ཁྲོའི་ལྷ་རྒྱུད་ལས། ལྷག་མཐོང་མེ་ཆེན་བསྐལ་པས་ཐམས་ཅད་བསྲེག །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམ་མཛད་པ། །འདོད་ཆགས་རྡོ་རྗེ་པདྨ་ཧེ་རུ་ཀ །ཅེས་སོ། །གང་གཅོད་ན་དངོས་པོ་གཟུང་འཛིན་གཅིག་ནས་གཅིག་ཏུ་འབྲེལ་བའི་དྲ་བ་མ་ལུས་གཅོད་དོ། །ཚུལ་ཅི་ལྟར་དུ་གཅོད་ན། བཅུད་འཇིག་པ་དང་། སྣོད་འཇིག་པ་གཉིས་ལས། བཅུད་འཇིག་པ་ནི། ཐོག་མར་དམྱལ་ཁམས་བཅུ་དྲུག་འོག་མ་ནས་རིམ་པ་ལྟར་ཡར་འཕོ། དེ་ནས་ཡི་དྭགས། དེ་ནས་དུད་འགྲོ་རྣམས་འཕོ། དེ་ནས་གླིང་བཞི་པ་རྣམས་འཕོ་སྟེ། བྱང་སྒྲ་མི་སྙན་པའི་མི་རྣམས་རྒྱལ་ཆེན་རིགས་བཞིའི་གནས་སུ་འཕོ། ཤར་ནུབ་གཉིས་འཛམ་བུའི་གླིང་དུ་འཕོ་ནས་བདུད་རྩིས་ཞག་ཟོས་པ་དང་། བསམ་གཏན་དང་པོ་རྒྱུད་ལ་སྐྱེ་ཏེ། ནམ་མཁའ་ལ་སྒྲ་གྲགས་པ་ལ། ཀྱེ་གྲོགས་པོ་དག །དབེན་པ་ལ་གནས་པ་རྣམས་ནི། དགའ་བ་དང་བདེ་བའི་རང་བཞིན་ཅན་ཡིན་ནོ། །ཅེས་གསུངས་པས། སེམས་ཅན་རྣམས་ལ་ལས་དབང་གིས་བསམ་གཏན་སྐྱེས། བསམ་གཏན་དང་པོའི་གནས་སུ་སོང་། དེ་ནས་ལྷ་མ་ཡིན་ནས་འདོད་ལྷ་རིགས་དྲུག་པོ་ལ་སོགས་པ་རྣམས་བསམ་གཏན་དང་པོའི་གནས་སུ་འཕོ། བསམ་གཏན་དང་པོའི་ལྷ་རྣམས་ཀྱང་བསམ་གཏན་གཉིས་པའི་གནས་སུ་འཕོ་སྟེ། དེ་རྣམས་ལ་བར་བསྐལ་བཅུ་དགུའི་ཡུན་དུ་ཐོགས། དེ་ནས་སྣོད་འཇིག་པ་ནི། ད་ལྟའི་ཉི་མ་འདི་བས་ཀྱང་བདུན་འགྱུར་གྱིས་ཚ་བ་གཅིག་ནས་དྲུག་གི་བར་དང་། དེ་བས་ཀྱང་བདུན་འགྱུར་གྱིས་ཚ་བ་གཅིག་སྟེ་བདུན་གྱིས་རིམ་པ་བཞིན་དུ་རྩི་ཤིང་དང་། ཆུ་ཕྲན་དང་། གང་ག་ལ་སོགས་པ་ཆུ་ཆེན་དང་། མཚོ་མ་དྲོས་པ་དང་། མ་ཕམ་དང་། ཕྱིའི་རྒྱ་མཚོ་པུས་ནུབ་ཙམ་དང་། ལྷག་མ་མེད་པ་དང་། རི་དང་གླིང་ལ་སོགས་བསྲེགས་ནས་མཐར་མ་དེ་ཉིད་ཀྱང་མེད་ནས་སྟོང་པ་ཡིན། དེ་ལ་བར་བསྐལ་གཅིག་ཡིན་ཏེ། འཇིག་པ་ལ་བར་བསྐལ་ཉི་ཤུའོ། །དེ་ནས་བར་བསྐལ་ཉི་ཤུ་ལ་སྟོང་། དེ་ནས་ཆགས་པ་ལ་སྣོད་ཆགས་པ་དང་། བཅུད་ཆགས་པ་གཉིས། སྣོད་ཆགས་པ་ལ། འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་གསེར་གྱི་ས་གཞི། དེའི་སྟེང་དུ་རི་རབ་གསེར་རི་བདུན། གླིང་བཞི་ལྕགས་རི་བཅས་པ་ཆགས་པ་ལ་བར་བསྐལ་གཅིག་གི་ཡུན་ཐོགས། བཅུད་ཆགས་པ་ལ། བསམ་གཏན་གཉིས་པ་ནས་ཚང་ཆེན་གྱི་ལྷ་ཆགས། དེ་ནས་རིམ་པ་བཞིན་དུ་འདོད་ལྷ་རིགས་དྲུག །ལྷ་མ་ཡིན་དང་། གླིང་བཞི་བའི་མི་ཆགས། དེ་ཡང་འཛམ་བུ་གླིང་པའི་མིས་མི་དགེ་བ་བཅུ་ཆུང་ངུ་སྤྱད་པས་དུད་འགྲོར་སྐྱེས། འབྲིང་དུ་སྤྱད་པས་ཡི་དྭགས། ཆེར་སྤྱང་པས་དམྱལ་བར་སྐྱེས། དེ་ནས་མཚམས་མེད་ཀྱང་བྱས་པས། མནར་མེད་དུ་སེམས་ཅན་གཅིག་སྐྱེས། ཚེ་ལོ་བརྒྱད་ཁྲིར་ཕྱིན། ཆགས་པའི་མཇུག་རྫོགས། གནས་པའི་འགོ་བརྩམ་པ་རྣམས་དུས་མཉམ་མོ། །ཆུའི་བསྐལ་པས་འཛིན་པའི་བག་ཆགས་ཐམས་ཅད་བཀྲུ་བ་དང་། དྲངས། འཁྲུ་ཅེས་པ་བཤད་པའི་གཞིར་དྲངས། དེའི་ཁྱད་པར་གྱི་ཆོས་ལ་གསུམ། གང་གིས་འཁྲུ་ན། སངས་རྒྱས་ཀྱི་ཞི་གནས་ཀྱི་ཏིང་འཛིན་ནམ། མཉམ་པ་ཉིད་ཀྱི་ཡེ་ཤེས་སམ། རཏྣ་ཧེ་རུ་ཀ་ཉིད་ཆུའི་བསྐལ་པར་སྣང་བ་ཡིས་འཁྲུ་བ་ཡིན། །བདག་མེད་མི་གནས་ཆུའི་བསྐལ་པས་འཁྲུ། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམ་མཛད་པ། །ང་རྒྱལ་རྡོ་རྗེ་རཏྣ་ཧེ་རུ་ཀ །ཅེས་གསུངས་སོ། །གང་འཁྲུ་ན། སེམས་ཀྱི་རྟོག་དཔྱོད་ཀྱི་འཛིན་པའི་བག་ཆགས་ཐམས་ཅད་འཁྲུ་བར་བྱེད་དོ། །ཚུལ་ཅི་ལྟར་དུ་འཁྲུ་ན། བཅུད་འཇིག་པ་དང་། སྣོད་འཇིག་པ་གཉིས་སོ། །བཅུད་འཇིག་པ་ནི་གོང་དང་འདྲ་ལ། སྣོད་འཇིག་པ་ནི། བསམ་གཏན་གསུམ་པའི་ཞབས་ནས་ཆར་ཤིང་རྟའི་འཕང་ལོ་ཙམ་བབས་ནས་སྣོད་ཀྱི་འཇིག་རྟེན་ལན་ཚ་ཆུར་ཞིག་པ་བཞིན་དུ་ཞིག་གོ། །རླུང་གི་བསྐལ་པས་ཤེས་བྱ་ཀུན་དུ་བསྐྱོད་པ་དང་། དྲངས། བསྐྱོད་ཅེས་པ་བཤད་པའི་གཞིར་དྲངས། དེའི་ཁྱད་པར་གྱི་ཆོས་ལ་གསུམ་གང་གིས་བསྐྱོད་ན་སངས་རྒྱས་ཀྱི་ཕྲིན་ལས་སམ། བྱ་བ་གྲུབ་པའི་ཡེ་ཤེས་སམ། ཀརྨ་ཧེ་རུ་ཀ་ཉིད་གང་དུ་ཡང་ཐོགས་ཆགས་མེད་པ་རླུང་གི་བསྐལ་པར་སྣང་བ་ཡིས་བསྐྱོད་དེ། ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་ཅིང་། །ཤེས་བྱ་ཐོགས་མེད་རླུང་གི་བསྐལ་པས་འཐོར། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམ་མཛད་པ། །ཕྲག་དོག་རྡོ་རྗེ་ཀརྨ་ཧེ་རུ་ཀ །ཅེས་སོ། །གང་བསྐྱོད་ན། ཤེས་བྱའི་དངོས་པོ་གང་སྣང་བ་ཐམས་ཅད་ཐོགས་པ་མེད་པར་ཀུན་ཏུ་བསྐྱོད་ཅིང་གཏོར་བར་བྱེད་དོ། །ཚུལ་ཅི་ལྟར་དུ་བསྐྱོད་ན། བཅུད་འཇིག་པ་དང་། སྣོད་འཇིག་པ་གཉིས་སོ། །བཅུད་འཇིག་པ་གོང་དང་འདྲ་བ་ལ། ཁྱད་པར་དུ་བསམ་གཏན་གསུམ་པ་མན་ཆད་འཇིག་དགོས་སོ། །སྣོད་འཇིག་པ་ནི། བསམ་གཏན་བཞི་པའི་ཞབས་ནས་རླུང་ལངས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་རས་བལ་རླུང་གིས་གཏོར་བ་ལྟར་བྱེད་དོ། །སྟོང་པའི་བསྐལ་པས་མཚན་འཛིན་འཇོམས་པའོ། །དྲངས། སྟོང་ཅེས་པ་བཤད་པའི་གཞིར་དྲང་། དེའི་ཁྱད་པར་གྱི་ཆོས་ལ་གསུམ་གང་གིས་སྟོང་ན། སངས་རྒྱས་ཀྱི་ཐུགས་ཤེས་རབ་སྟེ་ཆོས་དབྱིངས་ཡེ་ཤེས་སམ། ཡང་ན་བུདྡྷ་ཧེ་རུ་ཀ་ཉིད་ནམ་མཁའི་བསྐལ་བར་སྣང་བ་ཡིས་སྟོང་པ་ཡིན་ཏེ། འགྲོ་རྣམས་ཅི་ལྟར་འདུལ་ཅིང་གཤེགས་མཛད་པ། །ཤེས་རབ་ནམ་མཁའི་བསྐལ་པས་ནས་རྦུད་སྟོང་། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་རྡོ་རྗེ་བུདྡྷ་ཧེ་རུ་ཀ །ཅེས་སོ། །གང་སྟོང་ན། དངོས་པོར་སྐྱེས་པའི་མཚན་མའི་རྒས་རྒུད་སྟེ། སྐྱེ་རྒས་ན་འཆི་ཐམས་ཅད་སྟོང་པར་བྱེད་པའོ། །དེ་ལ་དགོས་ཆེད་ཅི་ཡོད་ན། སྔར་གྱི་ལས་ངན་པའི་དྲི་མ་དག་ནས། ཕྱིས་ནས་འཇིག་རྟེན་ཆགས་ནས་སངས་རྒྱས་ཀྱི་གདུལ་བྱར་གྱུར་ནས་དོན་དམ་ངེས་པའི་ཐེག་པའི་སྣོད་དུ་རུང་བའོ། །ཡུན་ཇི་སྲིད་དུ་སྟོང་ན། འཇིག་པ་ལན་དྲུག་ཅུ་རྩ་བཞིའི་འོག་ཏུ་བར་བསྐལ་ཉི་ཤུའི་ཡུན་དུ་སྟོང་པས་སོ། །དེ་ཡང་མེའི་བདུན་ཚན་བརྒྱད་ཅུའི་བདུན་ཚན་གཅིག །རླུང་གཅིག་དང་དྲུག་ཅུ་རྩ་བཞི་ལ་འཇིག་ཆགས་ཀྱི་འཁོར་ལོ་ཆེན་པོ་གཅིག་ཞེས་བྱ་སྟེ། མཛོད་ལས། མེའི་བདུན་དང་ཆུའི་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེའི་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་སྡུད་པར་བྱེད། །ཅེས་སོ། །དེ་ཡང་བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ་ཡོད་པས་མེས་འཇིག །གཉིས་པ་ན། དགའ་བདེ་ཆུ་ལྟ་བུ་ཡོད་པས་ཆུས་འཇིག །བསམ་གཏན་གསུམ་པ་ན། དབུག་འབྱུང་རྔུབ་རླུང་ལྟ་བུ་ཡོད་པས་རླུང་གིས་འཇིག་པ་ཡིན་ཏེ། བསམ་གཏན་དེ་དང་ཆོས་མཐུན་ཕྱིར། །མེ་ཆུ་རླུང་གིས་འཇིག་པར་བྱེད། །ཅེས་སོ། །བསམ་གཏན་བཞི་པ་ལ། ཚོར་བ་བདེ་སྡུག་གཉིས་ལ་སོགས་པ་བསམ་གཏན་གྱི་སྐྱོན་བརྒྱད་དང་བྲལ་བས་མེ་ཆུ་རླུང་གསུམ་གྱིས་མི་འཇིག །འོ་ན་ཡེ་མི་འཇིག་པ་ཨེ་ཡིན་ན། དེ་མ་ཡིན་ཏེ། མཛོད་ལས། མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་དང་བཅས་འབྱུང་འཇིག་བྱེད། །ཅེས་གསུངས་པར་ལྟར། ལྷ་རེ་རེ་སྐྱེ་བ་ན། གཞལ་ཡས་ཁང་དང་ས་གཞི་དང་བཅས་པ་འབྱུང་ཞིང་། ལྷ་དེ་འཆི་བ་དང་གཞལ་ཡས་ཁང་ས་གཞི་དང་བཅས་པ་དུས་གཅིག་ཏུ་འཇིག་གོ། །དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། འཇིག་དུས་དུས་གཅིག་འཇིག །ཆགས་དུས་གཅིག་ཆགས་པ་ཡིན་ན་དེ། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཅེས་སོ། །བསྡུ་བ་ལ་གཉིས་ཏེ། བགྲང་། དུས་གང་གི་ཚེ་གདུལ་བྱ་གང་ལ་ཅི་ལྟར་སྣང་བ་དང་། དྲངས། སྙིགས་མ་ལྔར་གྱུར་པའི་སྐབས་རྣམས་སུ་ནི་འདི་ལྟ་སྟེ། དུས་དང་སེམས་ཅན་དང་། ཚེ་དང་། ལས་དང་། ཉོན་མོངས་པའི་སྙིགས་མའོ། །དེ་ཡང་དུས་ཀྱི་སྙིགས་མ་ནི། དུས་ངན་རྩོད་པའི་དུས་དང་ལྡན་ནོ། །ཚེའི་སྙིགས་མ་ནི། ཚེ་ལོ་བརྒྱ་པ་མན་ཆད་དོ། །ལས་ཀྱི་སྙིགས་མ་ནི་མི་དགེ་བ་བཅུ་ལ་ལོངས་སྤྱོད་པའོ། །སེམས་ཅན་གྱི་སྙིགས་མ་ནི། དེའི་དུས་སྐྱེས་པའི་སེམས་ཅན་རྣམས་སོ། །ཉོན་མོངས་པའི་སྙིགས་མ་ནི། ཉོན་མོངས་པ་སྐྱེ་སླ་ལ་འཇིག་དཀའ་བ་ཡིན་ཏེ། གཉེན་པོས་མི་ནོན་པའོ། །དེའི་ཚེ་འདུལ་བ་རྣམ་གཉིས་ནི་མདོ་སྔགས་གཉིས་ཡིན། ཡང་ན་འཁོར་ལོ་རྒྱུན་གྱི་ཐེག་པ་དང་། དོན་དམ་ངེས་པའི་ཐེག་པ་གཉིས་ཡིན་པ་ནུབ་པས་ན། བསྟན་པ་དུང་ཕྱིས་པ་བཞིན་དུ་གྱུར་པའི་དུས་ན། ནད་མུག་མཚོན་གསུམ་གྱི་བསྐལ་པ་དང་། སོགས་ཀྱི་སྒྲས་མེ་བདུན་ཆུ་གཅིག་གི་བསྐལ་པ་རྣམས་བསྡུ་བ་ཡིན། དེ་ཡང་སངས་རྒྱས་ཀྱི་ཐུགས་རྗེས་པོ་དེ་ཉིད་ཀྱི་མཛད་པར་བསྟན་པ་སྟེ། སེམས་ཅན་གྱིས་ལས་ངན་པ་སྣ་ཚོགས་སྤྱོད་པ་དེའི་ལས་རྒྱུན་གཅོད་དགོས་པའི་ཕྱིར། དཔེར་ན་ལྕགས་རྒོང་དང་འདྲ་བར་འདུལ་དཀའ་ཉོན་མོངས་པའི་དབང་དུ་སོང་བའི་གདུལ་བྱ་དམུ་རྒོད་ལ། ལྕགས་ལ་བཞུ་བཏུལ་བྱེད་པ་དང་འདྲ་བའི་གཉེན་པོ་ནད་མུག་མཚོན་གསུམ་འཇིག་ཆགས་སྟོང་གནས་ཀྱི་བསྐལ་པས་འདུལ་བའོ། །དེ་ལ་དགོས་ཆེད་ཅི་ཡོད་ན། སྡུག་བསྔལ་རྣམས་ཀྱི་རྣམ་པར་སྣང་ནས། གདུལ་བྱའི་ལས་ངན་པའི་རྒྱུན་ཡོངས་སུ་སྤྱོད་པར་བྱེད་ནས་དོན་དམ་ངེས་པའི་ཐེག་པའི་སྣོད་དུ་རུང་བར་བྱེད་དོ། །དེ་ཉིད་གསང་སྔགས་ཐུན་མོང་མ་ཡིན་པའི་ཐུགས་རྗེ་ཐབས་ཀྱི་ཐེག་པ་ཐ་མའི་ཐ་མར་བསྟན་པའོ། །དེ་ལ་གཉིས་ཏེ། བརྒལ་བ་དང་། ལན་ནོ། །དང་པོ་ནི། དྲངས། ཐེག་པ་འོག་མ་པ་རྣམས་ཀྱི་ནད་མུག་མཚོན་གསུམ་གྱི་བསྐལ་པ་ལ་སོགས་དེ་དག་སངས་རྒྱས་ཀྱི་མཛད་པ་ཡིན་པ་ལ། ཡིན་པར་མ་ཤེས་ནས་བློ་ཕྱོགས་གཅིག་ཏུ་ཞེན་པ་དག་ན་རེ། སྟོན་པ་སངས་རྒྱས་ནི་འདས་ནས་བསྟན་པའི་ཆོས་ནི་ནུབ་པའོ་ཞེས་བསྟན་པས་འདུལ་བའི་ཐབས་མེད་དོ། །ཞེས་ཟེར་བས་ན། གཉིས་པ་ལན་ནི། དྲངས། ཐེག་པ་ཆེན་པོ་བ་རྣམས་ཀྱི་དུས་དེ་དག་ལ་གསང་སྔགས་ཀྱི་ཐུགས་རྗེ་ལ་ཤར་ནུབ་མེད་པས་སངས་རྒྱས་དང་ཆོས་ལ་འབྱུང་འཇིག་དང་དར་རྒུད་མེད་ཅིང་སྟོན་པ་མ་འདས་བསྟན་པ་ནི་ནུབ་སྟེ་མེ་ཆུ་རླུང་གསུམ་ནད་མུག་མཚོན་གསུམ་གྱི་བསྐལ་པ་དེ་ཉིད་སྟོན་པ་དང་བསྟན་པ་ཡིན་པར་བཤད་དེ། གསང་སྙིང་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོོན། །ཅེས་པ་དང་། དགོངས་འདུས་ལས། འཁོར་བ་ཇི་སྲིད་ཡོད་པར་དུ། །བསྟན་པའི་སྙིང་པོ་ཉི་མ་ཤར། །རང་བཞིན་ཆོས་ཉིད་འཁོར་ལོ་འདི། །མི་ནུབ་རྒྱུན་མི་ཆད་པར་བསྐོར། །ཅེས་སོ། །སྙིགས་མ་ལྔའི་དུས་འདིར་སངས་རྒྱས་ཀྱི་ཐུགས་རྗེའི་ཕྲིན་ལས་ནད་མུག་མཚོན་ལ་སོགས་པའི་བསྐལ་པར་སྣང་ནས་གདུལ་བྱ་དྲག་པོ་རྣམས་ངང་ངམ་ཤུགས་ཀྱིས་འདུལ་བ་ཡིན་ནོ། །འོན་ཀྱང་སངས་རྒྱས་ཀྱི་འདུལ་བའི་ཐབས་དང་ཐེག་པ་གང་དག་ལ། སྤྱིར་བསམ་གྱིས་མི་ཁྱབ་པ་གཅིག་ཡོད་པ་ལ། འཁོར་ལོ་རྒྱུན་གྱི་ཐེག་པ་ཐ་མ་ཡིན་པར་བསྟན་པ་ལ། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་ནི། དེ་བས་ཀྱང་གདུལ་བྱ་ཆེས་འདུལ་བར་དཀའ་བ་རྣམས་ཀྱི་ངོར་ཤིན་ཏུ་རྩུབ་པར་སྣང་བས་ན་ཐ་མ་ཡིན་པར་མདོ་དགོངས་འདུས་ལས་བཤད་པ་ཡིན་ནོ། །ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་འདི་ཡང་དོན་ལ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་ལ། མ་རྟོགས་པའི་སེམས་ཅན་གྱིས་དངོས་པོ་ཨ་འཐས་སུ་ཞེན་ཅིང་ཕྱིན་ཅི་ལོག་གི་གདུལ་བྱ་རྣམས་ལ། དབྱིངས་མ་འགག་པ་དེ་ཉིད་ཀྱི་ངང་ལས་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་སྟོན་ཅིང་འདུལ་བའི་ཐབས་ཡིན་ཏེ། དགོངས་འདུས་ཀྱི་ཆོ་འཕྲུལ་མངོན་འབྱུང་གི་ཐེག་པའི་ཞབས་བསྡུ་བའི་སྐབས་ན། ལང་ཀའི་བདག་པོ་དེ་ལྟར་ན། །འདི་ཀུན་གསང་བ་དམ་པ་ཡི། །དབྱིངས་ལས་གར་ཡང་མ་གཡོས་ཏེ། །སྟོང་པ་ཁོ་ནའི་དབྱིངས་ཉིད་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །སྟོང་ཉིད་གསང་བ་དེ་ཁོ་ན། །ཐེག་ཆེན་གསང་བ་དེ་ཉིད་དོ། །ཅེས་གསུངས་སོ། །དོན་དམ་ངེས་པའི་ཐེག་པ་ལ་ལྔ་སྟེ། ཉེ་བར་བསྟན་པ་དང་། སྤྱིར་བསྟན་པ་དང་། ལུང་གིས་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དང་པོ་ལུང་དེ་ཉིད་ཀྱིས་མཐར་དབྱུང་ཞིང་དོན་བསྡུ་བའོ། །དང་པོ་ཉེར་བསྟན་ནི། མདོར་བསྟན་གྱི་སྐབས་སུ། །འཁོར་ལོ་རྒྱུན་དང་དོན་དམ་ངེས། །ཆོ་འཕྲུལ་མངོན་པར་འབྱུང་བ་གསུམ། །ཅེས་འབྱུང་བས། གོང་མ་འཁོར་ལོ་རྒྱུན་གྱི་ཐེག་པ་དང་། འོག་མ་ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་གཉིས་ཀྱི་དོན་རྒྱས་པར་བཤད་པ་གོང་དུ་སོང་ནས་འདིར་བར་མ་དོན་དམ་ངེས་པའི་ཐེག་པ་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། སྤྱིར་བསྟན་པ་ནི། སྲིད་པ་སྟེ་ཁམས་གསུམ་འཁོར་བས་བསྡུས་པའི་ཆོས་རྣམས་ནི། གཟུང་འཛིན་གཉིས་ཀྱིས་ང་བདག་ཏུ་འཛིན་པས་སྡུག་བསྔལ་སྟེ། དེ་ལས་ཐར་བར་འདོད་པའི་གང་ཟག་ལས་འཕྲོ་དང་། སྐལ་བ་ཅན་ལ། ལམ་འགྱུར་མེད་དོན་དམ་ངེས་པའི་ཐེག་པ་དེ་ཡང་སྤང་བྱའི་གཉེན་པོའི་ཐབས་ཀྱི་འདུལ་ཐབས་ཀྱིས། ཉོན་མོངས་པ་སྲིད་པ་ཁམས་གསུམ་འཁོར་བའི་ཆོས་སྡུག་བསྔལ་བ་རྣམས། དཔེར་ན་སྐྲ་ཤད་ཀྱི་འཁོར་ལོ་བཞིན་རབ་ཏུ་བསལ་བར་བྱས་ཏེ་ཟག་པ་མེད་པའི་དབྱིངས་འཕགས་པའི་ལམ་ལ་བཀོད་པ་རྣམས་ལ། འདི་ལ་མིང་ཅི་བཏགས་ན་དོན་དམ་ངེས་པའི་ཐེག་པ་ཞེས་བྱ་བར་བརྗོད་པ་སྟེ། དོན་དམ་ངེས་པའི་ཐེག་པ་དེ་ལའང་རྣམ་པ་གཉིས་ཡིན་ཏེ། ཞར་ལས་བྱུང་བ་འཇིག་རྟེན་པའི་ལྟ་བ་ཕྱལ་བ་དང་རྒྱང་འཕེན་པ་གཉིས་མུ་རྟུག་པ་དང་མུ་སྟེགས་གཉིས་དང་བཞིའི་འདོད་པ་བསྟན་པ་དེ་དང་འཇིག་རྟེན་ལ་འདས་པའི་ལྟ་བ་ཐེག་པ་རིམ་པ་དགུའི་འདོད་པ་བསྟན་པའོ། །ལུང་གིས་མདོར་བསྟན་པ་ནི། དྲངས། དེ་སྐད་དུའང་གསང་བའི་སྙིང་པོའི་རྒྱུད་ལེའུ་བཅུ་གསུམ་ལས་ཀྱང་། དོན་དམ་ངེས་པའི་ཐེག་པའི་གཞུང་བསྲང་བ་ནི་འདི་ལྟ་སྟེ། མ་རྟོགས་པ་ཕྱལ་བ་དང་རྒྱང་འཕེན་གཉིས་ཡིན་པ་དང་ལོག་པར་རྟོག་པ་མུ་རྟུག་དང་མུ་སྟེགས་གཉིས་ཕྱོགས་ཙམ་རྟོགས་པ་ཉན་རང་གཉིས། གསང་སྔགས་ལ་ལྟོས་ན་ཡང་དག་ཉིད་མ་རྟོགས་ཏེ་དབུ་མ་དང་སེམས་ཙམ་གཉིས་ཡིན། འདུལ་བ་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གཙོར་བྱེད་པས་ཀྲི་ཡ་དང་ཨུ་པ་གཉིས་ཡིན། དགོངས་པ་ནི་ཏིང་འཛིན་གཙོར་བྱེད་པས་ན་ཡོ་ག་ཡིན། གསང་བ་དང་ཞེས་པ་ནི་ལྟ་བ་ཟབ་མོ་དང་སྤྱོད་པ་བརླང་པོ་གཙོར་བྱེད་པས་མ་ཧཱ་ཡོ་ག་ཡིན། རང་བཞིན་བཅོས་བསླད་དང་བྲལ་བ་ཨ་ནུ་ཡོ་ག་ཡིན། གསང་བའི་དོན་རྣམས་ཞེས་པ་ནི་ཨ་ཏི་ཡོ་ག་ཡིན། དེ་རྣམས་ཡིན་པའི་རྒྱུ་མཚན་ཞིབ་ཏུ་ངོ་སྤྲད་རྒྱུ་ཡོད་ཀྱང་ཡི་གེ་མང་གིས་དོགས་པའི་ཕྱིར་མ་བྲིས། བླ་མའི་ཞལ་ལས་ཤེས་པར་བྱའོ། །ཏེ་ཞེས་པའི་དོན་ནི་ད་རེས་འདིར་བསྟན་བྱ་ལྷག་མ་ཅན་གྱི་ཚིག་ཡིན། ལུང་དེ་ལ་རྩ་ཚིག་གིས་མདོར་བསྟན་པ་འོག་ནས་རྒྱས་པར་འགྲེལ་འདོད་པའོ། །བྱེ་བྲག་རྒྱས་པར་བཤད་པ་ལ་གཉིས་ཏེ། ཞར་བྱུང་ཕྱི་པ་དང་། དོན་དམ་ངེས་པའི་ཐེག་པ་ནང་པ་རྣམས་སོ། །དང་པོ་ལ་གཉིས་ཏེ། མདོ་དང་། རྒྱས་པའོ། །མདོ་ནི། དྲངས། ཞེས་དེ་ལྟར་ལུང་ལས་གསུངས་པའི་ཕྱིར་ན་བྱེ་བྲག་ཏུ་ཕྱེ་སྟེ་རྒྱས་པར་བཤད་ན། མ་རྟོགས་པ་ལ་ཕྱལ་བ་དང་རྒྱང་འཕེན་གཉིས་ཡིན་ཏེ། ལོག་པར་རྟོག་པ་ལ་མུ་རྟུག་པ་དང་། མུ་སྟེགས་པ་གཉིས། བཞི་པོ་འདི་དག་སྲིད་པ་སྟེ་ཁམས་གསུམ་འཁོར་བའི་ཆོས་ཡིན་པས་འཇིག་རྟེན་པ་ཞེས་བྱ་སྟེ། དོན་དམ་ངེས་པའི་ཐེག་པ་ཡིན་པར་མི་བརྗོད་སྟེ། ཅིའི་ཕྱིར་ན། དེའི་ཞར་ལས་བྱུང་བའི་ལྟ་བའོ། །རྒྱས་པར་བཤད་པ་དེ་ལ་གཉིས་ཏེ། མ་རྟོགས་པ་དང་། ལོག་པར་རྟོག་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། ཤིན་ཏུ་རྒྱས་པར་བཤད་པའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། བགྲང་། ཕྱལ་པ་དང་། དྲངས། མ་རྟོགས་པ་ཕྱལ་བ་དང་རྒྱང་འཕེན་གཉིས་ཀྱི་འདོད་པ་ནི་འདི་ལྟ་སྟེ། དང་པོ་ཕྱལ་བ་པའི་འདོད་པ་ནི་ཁམས་གསུམ་གྱི་སེམས་ཅན་འདི་དག་རྣམས་ལ་རྒྱུ་དགེ་བ་ལ་འབྲས་བུ་མཐོ་རིས་ཀྱི་བདེ་བ་དང་མི་དགེ་བའི་ཆོས་རྣམས་ལས་ངན་སོང་གསུམ་གྱི་སྡུག་བསྔལ་དག་ཡོད་པ་དང་མེད་པ་གང་དུའང་མི་རྟོག་ཅིང་བློ་མི་འཇུག་པའོ། །དེ་བཞིན་དུ་དུས་གསུམ་གྱིས་བསྡུས་པའི་སྐྱེ་བ་སྔ་མ་དང་ཕྱི་མ་དག་ཀྱང་ཡོད་པ་དང་མེད་པར་ཡང་མི་རྟོག་སྟེ། སོ་སོའི་སྐྱེ་བོ་དུད་འགྲོ་བ་གླང་ལྟ་བུ་སྟེ་ཤིན་ཏུ་དམན་པའོ། །འོན་ཀྱང་ཚེ་འདི་ལ་དང་པོ་སྐྱེ་བར་ཤེས་བར་དུ་འཚོ་བའི་ཟས་ཚོལ་མཁས་བརྟེན་པའི་གནས་དང་ལས་འགུལ་ཤེས་པ་ཅན་ཡིན་སྟེ། ལྟ་བ་དང་གྲུབ་མཐའ་འདི་ཡིན་མེད་པས་ཕྱལ་པ་ཞེས་བྱའོ། །རྒྱང་འཕེན་ནོ། །དྲངས། རྒྱང་འཕེན་གྱི་ལྟ་བ་ཕལ་ཆེར་ཕྱལ་བ་པ་དང་། དགེ་སྡིག་དང་ལས་རྒྱུ་འབྲས་ངོ་མ་ཤེས་པས་དེར་མཚུངས་ལ། དགེ་སྡིག་མི་ཤེས་ཀྱང་ཚེ་འདི་ཡི་ཕན་བསོད་དང་། ཁྱད་པར་དུ་ཁེ་གྲགས་དང་བཙན་ཕྱུག་ཁོ་ན་དོན་དུ་གཉེར་ཞིང་ཚེ་འདི་བསྒྲུབ་པའི་ཕྱིར། མཆོད་སྦྱིན་ཕྲ་མོ་གཏོང་བ་དང་། ལས་ཀྱི་གཙང་སྦྲ་ལ་སོགས་སྤྱད་པར་བྱེད་ཅིང་། འཇིག་རྟེན་པའི་ལྷའི་གསང་ཚིག་གི་ལོ་མ་ཅན་གྱི་གསང་སྔགས་ཏེ། གར་ཤའི་ངན་སྔགས་དང་། མོ་བོན་དང་ཕན་པའི་ཕྱིར་ས་བདག་མཆོད་པ་དང་། ཕྱུག་པའི་ཆེད་དུ་གཡང་བླན་པ་དང་། རིགས་བརྒྱུད་འཕེལ་བའི་ཆེད་དུ་སེལ་བྱེད་པ་དང་། སྡེ་བཙུག་པ་དང་དེ་རྣམས་ཡིན་ནོ། །དེ་ཡང་རང་གི་ཤེས་ན་བྱེད། གཞན་ལ་བཅོལ་ན་ཚེ་འདིའི་འབྲས་བུ་སྒྲུབ་པའི་བརྟེན་ས་བཙལ་བའོ། །དེའི་དོན་གྱིས་ཚེ་འདི་ལ་བཙན་པ་ནི་ཁེ་དྲག་པའོ། །ཕྱུག་པ་ནི་ནོར་མང་ཞིང་ལོངས་སྤྱོད་ཆེ་བ། འཕན་པ་ནི་མི་ནོར་གཉིས་ཀ་དར་ཞིང་ཚེ་འདི་ལ་ཅི་བསམ་འགྲུབ་པའོ། །དེ་ལྟ་བུའི་མཐུ་སྟོབས་འདོད་པའི་ཕྱིར་ཚེ་འདིའི་བདེ་བ་ལ་དམིགས་པ་དང་དེའི་ཆེད་དུ་སྤྱོད་པའི་ཁྱད་པར་ཅན་དེས་ནི་ཐར་པ་ཡང་དག་པའི་དོན་ལས་གོལ་བ་དང་། ཚེ་འདིའི་ཕན་བསོད་ཙམ་སྒྲུབ་པ་མ་གཏོགས་པ་ཐར་པ་ལ་རྒྱང་རིང་བའི་ཕྱིར་རྒྱང་འཕེན་པ་ཞེས་ཐོགས་པ་ཡིན་ནོ། །ཤིན་ཏུ་རྒྱས་པ་ལ་གཉིས་ཏེ། ཕྱལ་བ་ཤིན་ཏུ་རྒྱས་པ་དང་། རྒྱང་འཕེན་ཤིན་ཏུ་རྒྱས་པའོ། །དང་པོ་ལ་གཉིས་ཏེ། བགྲང་། མདོ་དང་། དྲངས། ཡང་ན་དགེ་སྡིག་དང་། ལས་རྒྱུ་འབྲས་མི་ཤེས་པ། དེ་ཉིད་ལས། ཕྱལ་བ་པ་ལ་གཉིས། རྒྱང་འཕེན་པ་ལ་གཉིས་དང་། བཞིར་སྨྲ་བ་ནི། ཕྱལ་བ་ལ་དམན་རིགས་དང་། རིགས་མ་ངེས་པ་གཉིས། རྒྱས་པའོ། །དེ་ལ་གཉིས་ཏེ། བགྲང་། དམན་རིགས་དང་། དྲངས། དམན་རིགས་ནི་བློ་ཤིན་ཏུ་དམན་པ་ཐར་ལམ་སྟོན་པའི་རྐྱེན་དགེ་བའི་བཤེས་གཉེན་དང་མི་འཕྲད། གལ་ཏེ་འཕྲད་ཀྱང་བློ་འཇུག་པའི་སྐལ་བ་གཏན་ནས་མེད་དེ། དཔེར་ན་ཤེས་རིགས་མེད་པའི་དུད་འགྲོ་བ་གླང་དང་མཚུངས་སོ། །རིགས་མ་ངེས་པའོ། །དྲངས། ལོག་ལྟ་ཅན་ཕལ་ཆེར་རིགས་མ་ངེས་པ་ནི་སྐལ་པ་ཅུང་ཟད་ཡོད་ཀྱང་རྐྱེན་དགེ་བའི་བཤེས་གཉེན་བླ་མ་དམ་པ་དང་མ་འཛོམ་པས། དལ་བ་བརྒྱད་རང་འབྱོར་དང་བཅས་པ་ཡོད་ཀྱང་གཞན་འབྱོར་ལྔ་མེད་པ་དང་མཚུངས་སོ། །དེ་ལ་དལ་འབྱོར་བཅོ་བརྒྱད་ནི། དེ་ཡང་དལ་བ་ནི་མི་ཁོམ་པའི་གནས་བརྒྱད་སྤངས་པ་ཡིན་ཏེ། འཕགས་པ་སྡུད་པ་ལས། མི་ཁོམ་བརྒྱད་སྤངས་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཞེས་གསུངས་སོ། །དེ་ལ་མི་ཁོམ་པ་བརྒྱད་ནི། ངན་སོང་གསུམ། ལྷ་ཚེ་རིང་པོ་དང་། མི་མ་ཡིན་གྱི་འགྲོ་བ་དང་བཞི། མཐའ་འཁོབ་ཀླ་ཀློར་སྐྱེས་པ། ལོག་ལྟ་ཅན་དེ་ཕྱི་པ་མུ་སྟེགས་པ་ལྟ་བུ་སངས་རྒྱས་ཀྱི་བསྟན་པ་མེད་པ་མུན་པའི་འཇིག་རྟེན་དུ་སྐྱེས་པ། གླེན་ཅིང་ལྐུག་པ་དང་བཞི་སྟེ་བརྒྱད་དོ། །མཛོད་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུག་པ་འདི་དག་མི་ཁོམས་བརྒྱད། །ཅེས་སོ། །འབྱོར་པ་ལ། རང་འབྱོར་ལྔ་ནི། མཛོད་ལས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས། མི་ལུས་ཐོབ་པ་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་ཚང་བ་དང་། སངས་རྒྱས་ཀྱི་བསྟན་པ་དར་བའི་གནས་ལ་དད་པ་དང་། ལོག་ལྟ་མ་སྐྱེས་པས་ལས་ཀྱི་མཐའ་མ་ལོག་པའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། བསྟན་པ་ཡུན་རིང་དུ་གནས་པ་དང་། རང་ཉིད་དེའི་བསྟན་པ་ལ་ཞུགས་པ་དང་། གཞན་གྱི་ཕྱིར་སྙིང་བརྩེ་བ་ཡོད་པ་རྣམས་ཡིན་ནོ། །རང་འབྱོར་ལྔ་དང་མི་ཁོམས་པ་བརྒྱད་སྤངས་པ་ངོ་བོ་གཅིག་སྟེ། མི་ལུས་ཐོབ་པ་དང་། མི་མ་ཡིན་གྱི་འགྲོ་བ་སྤངས་པ་ངོ་བོ་གཅིག་ལ། གནས་ལ་དད་པ་དང་། ཞིང་སྟོང་པར་མ་སྐྱེས་པ་ངོ་བོ་གཅིག་ལ། ཡུལ་དབུས་སུ་སྐྱེས་པ་དང་། ཀླ་ཀློར་མ་སྐྱེས་པ་ངོ་བོ་གཅིག་ལ། དབང་པོ་ཚང་པ་དང་། མ་ཚང་བ་སྤངས་པ་ངོ་བོ་གཅིག །ལས་ཀྱི་མཐའ་མ་ལོག་པ་དང་། ལོག་ལྟ་སྤངས་པ་ངོ་བོ་གཅིག་པས། དལ་འབྱོར་ངོ་བོ་གཅིག་ཡིན་ནོ། །འོན་ཀྱང་དལ་བ་ནི་བྲལ་བའི་ཆ་ཡིན་ལ། འབྱོར་པ་ནི་ལྡན་པའི་ཆ་ཡིན་པས། ལྡོག་པ་ཐ་དད་པ་ཡིན་ནོ། །དེ་ལྟ་བུའི་དལ་འབྱོར་རྙེད་པར་དཀའ་སྟེ། གང་ལས་རྙེད་པར་དཀའ་ན་མི་ཁོམ་པའི་གནས་ལས་རྙེད་པར་དཀའ་སྟེ། སྤྱོད་འཇུག་ལས། ངན་སོང་ལས་ནི་མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་སོ། །རྒྱུ་གང་གིས་རྙེད་པར་དཀའ་ན། དགེ་བ་ཕུན་སུམ་ཚོགས་པའི་རྒྱུ་ལས་བྱུང་བ་ཡིན་ལ། མི་ཁོམ་པའི་གནས་ན་དགེ་བ་སྤྱོད་པའི་སྐབས་མེད་པས། འབྲས་བུ་དལ་འབྱོར་རྙེད་པར་དཀའ་བ་ཡིན་ནོ། །རྒྱང་འཕེན་ཤིན་ཏུ་རྒྱས་པ་ལ་གཉིས་ཏེ། མདོ་དང་། རྒྱས་པའོ། །དང་པོ་ནི། མདོའི་ཆོས་སྐད་ལ་རྒྱང་འཕེན་ལ་གཉིས་སུ་ཕྱེ་བ་ཡིན་ཏེ། རིགས་ཆད་དང་འདུ་ཤེས་ཅན་གཉིས་ཡིན་ནོ། །སྒྱུ་འཕྲུལ་གྱི་ཆོས་སྐད་ལ། མ་རྟོགས་པ་ཕྱལ་བ། རྒྱང་འཕེན་གཉིས། ལོག་པར་རྟོག་པ་མུ་རྟུག་དང་། མུ་སྟེགས་གཉིས་དང་བཞིའི་བཤད་པ་བས་མེད་ལ། དེ་བཞིའི་ནང་ཚན་དུ་དབྱེ་བ་རྒྱས་པར་ཕྱེ་བ་རྣམས་མདོ་དགོངས་འདུས་ཀྱི་ཆོས་སྐད་ཡིན་པར་ཤེས་པར་བྱའོ། །རྒྱས་པའོ། །དེ་ལ་གཉིས་ཏེ། རིགས་ཆད་ཅན་དང་། འདུ་ཤེས་ཅན་ནོ། །དང་པོ་ནི། རིགས་ཆད་བྱ་བ་ནི། རང་བཞིན་གནས་པའི་རིགས་ཁམས་བདེ་གཤེགས་སྙིང་པོ་ཆད་པ་མ་ཡིན། དེ་ཆད་ན། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ་ཟེར་བ་དང་འགལ། འདིར་ནི་མངོན་སུམ་དུ་རྟོགས་པ་རྒྱས་འགྱུར་གྱི་རིགས་ཆད་པ་ཡིན་ཏེ། འཁོར་བ་སྤྱི་བཙན་ལ་གཏན་དུའང་སངས་རྒྱས་མི་སྲིད་པ་ཡོད་པའི་ཕྱིར། གཏན་ཚིག་དེ་བས་ན་རྒྱུ་རང་བཞིན་ལ་རྟོགས་པའི་ཤེས་རབ་དང་བློ་ཆོས་ལ་འཇུག་པ་གཏན་ནས་མེད། རྐྱེན་དགེ་བའི་བཤེས་གཉེན་དང་ཡང་མི་འཕྲད། གལ་ཏེ་འཕྲད་ཀྱང་མི་གོ། དཔེར་ན་བྱང་ཆུབ་ཀྱི་མྱུ་གུ་ཚིག་པའམ། དམུས་ལོང་གི་སྔོན་ལ་ཁ་དོག་དཀར་དམར་བསྟན་པ་དང་འདྲ་སྟེ། ལམ་ལ་འཇུག་པའི་སྐལ་བ་མེད་དེ། སྒྱུ་འཕྲུལ་རྒྱས་པ་ལས། ཆོས་ཀྱི་དབྱིངས་ཀྱི་ཀུན་ལ་ཁྱབ་གྱུར་ཀྱང་། །རང་རིག་རྟོགས་པའི་སྐལ་དང་མི་ལྡན་ན། །ཅི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་པ་ཡིན་ནོ། །ཅེས་སོ། །འདུ་ཤེས་ཅན་ནོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འདུ་ཤེས་ཅན་ལའང་རྣམ་པ་བཞི་སྟེ། ཞེས་པ་ནི། ཡ་ང་ཅན་དང་། རྣམ་གཡེང་ཅན་དང་། ཞེན་པ་ཅན་དང་། མོས་པའི་འདུ་ཤེས་ཅན་ཉིད་དང་བཞི་ཡོད་དོ། །རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། ཡ་ང་བའི་ལས་ཅན་དང་། དྲངས། དེ་ལ་དང་པོ། རྒྱུ་ལ་ཡ་ང་བའི་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླང་ཞིང་སྲོག་གཅོད་པའི་མཆོད་སྦྱིན་གཏོང་བ་ལ་སོགས་པ་མི་དགེ་བའི་རྣམ་སྨིན་དྲག་པོ་སྤྱད་པ་ཡིས། འབྲས་བུ་ཡ་ང་བ་ནི་ངན་སོང་གསུམ་གྱི་ནང་ནས་ཀྱང་། ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པའི་སྡུག་བསྔལ་གཏིང་ཟབ་པར་འཕེན་པར་བྱེད་པས། དེ་དག་ལ། ལས་རྒྱུ་འབྲས་ལ་མཁས་པ་ཤེས་རབ་དང་ལྡན་པའི་སྐྱེས་བུས་བལྟས་ན་སྐྱི་གཡའ་བས་ཡ་ང་ཅན་ཞེས་གྲགས་པ་ཡིན་ནོ། །གཡེང་བ་ཅན་དང་། དྲངས། གཡེང་བའི་འདུ་ཤེས་ཅན་རྣམས་ཀྱིས་ཚེ་གཅིག་པོ་འདི་ཉིད་ཀྱི་ཆེད་ཕྱིར་དུ་ཁེ་དང་གྲགས་པས་བློ་འཕྲོག་པ་ཡིན་སྟེ། ཚེ་འདི་ཡི་ཆེ་བཙན་གྲགས་པ་སྒྲུབ་པའི་ཕྱིར་ང་རྒྱལ་དང་ཞེ་སྡང་གི་སྒོ་ནས་དམག་འདྲེན་པ་དང་། གཡུལ་འགྱེད་པ་དང་། རྟ་རྒྱུག་པ་དང་། ཤག་ཤིང་གཉེན་གསུམ་ལ་སོགས་པ་གཡེང་བའི་བྱ་བླག་སྣ་ཚོགས་བྱེད་པའོ། །ཞེན་པའི་འདུ་ཤེས་ཅན་དང་། དྲངས། ཞེན་པའི་འདུ་ཤེས་ཅན་གྱི་མཚན་ཉིད་ནི། ཟས་དང་ནོར་ལ་ཞེན་པ་དང་རིགས་དང་རྒྱུད་ལ་ཞེན་པ་དང་། གཉེན་དང་ཆུང་མ་ལ་ཞེན་པ་དང་། དེའི་ཆེད་ཕྱིར་དུ་བརྩོན་འགྲུས་དང་ལྡན་པའི་སྒོ་ནས་འཇིག་རྟེན་གྱི་ལྷ་དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་དང་། ཕྲ་མེན་ལ་སོགས་པའི་ནོར་ལྷའི་རིགས་ལ་སོགས་པ་རྣམས་ལ་བློ་བརྟན་བཅའ་ནས་བསྒོམ་བསྙེན་མཆོད་བསྟོད་བྱེད་པའོ། །གཞན་ཡང་འཇིག་རྟེན་པའི། རྫས། སྔགས། སྒྱུ་མ་གསུམ་ལ་བརྟེན་ནས་ཕ་རོལ་པོ་གཞན་གྱི་མིག་འཕྲུལ་པར་བྱེད་ནས་ནོར་དང་རྫས་སྒྲུབ་པར་བྱེད་ཅིང་གང་ཟག་ཕལ་པ་གཞན་གྱི་འདུ་ཤེས་བསྒྱུར་བར་བྱེད་ཅིང་མི་མགོ་བསྐོར་ནས་ཚེ་ཕྱི་མ་ཡལ་བར་དོར་བའོ། །མོས་པའི་འདུ་ཤེས་ཅན་ཉིད་དོ། །དྲངས། བཞི་པ་མོས་པའི་འདུ་ཤེས་ཅན་གྱི་མཚན་ཉིད་ནི། ལྟ་བ་ལ་གཏད་སོ་མེད་པས་ཕྱལ་བར་གནས་པ་ལ། འོན་ཀྱང་དཀོན་མཆོག་གསུམ་ལ་སྐུར་བར་མི་བྱེད་པ་དང་། སྡིག་པའི་ལས་ལ་ཡ་ང་ཞིང་ལས་མི་དགེ་བ་མི་བྱེད་པ་དེ་ནི། ཅུང་ཟད་དཀར་པོའི་ས་བོན་དང་ལྡན་པ་ཡིན་ཏེ། དེ་ལ་བརྒྱུད་ནས་སྦྱངས་པའི་ལས་ཡོད་པའོ། །དཔེར་ན་ཁྱིམ་བདག་དཔལ་སྐྱེས་ཀྱི་གཏམ་རྒྱུད་ལྟ་བུ་ཡིན་ནོ། །ལོག་པར་རྟོག་པ་ལ་གཉིས་ཏེ། མདོ་དང་། རྒྱས་པའོ། །དང་པོ་ནི། དྲངས། ལོག་རྟོག་ཅན་ལའང་གཉིས་ཡོད་དེ། ལྟ་བ་ཕྱིན་ཅི་ལོག་ལ་མུར་བཟུང་ནས་ཤེས་པར་བྱ་བའི་ཡུལ་ལ་རྟུག་པའི་ཕྱིར། མུ་རྟུག་པ་ཞེས་བྱ་བ་དང་རྟག་ཆད་གཉིས་ལ་མུར་བཟུང་ནས་ཕྱིན་ཅི་ལོག་གི་ལྟ་བ་ལ་སྟེགས་བཅས་པའི་ཕྱིར་ན་མུ་སྟེགས་པ་ཞེས་བྱ་བ་དང་གཉིས་ཡིན་ནོ། །རྒྱས་པའོ། །དེ་ལ་གཉིས་ཏེ། མུ་རྟུག་པ་དང་། མུ་སྟེགས་པའོ། །དང་པོ་ལ་གསུམ་སྟེ། མདོ་དང་། རྒྱས་པ་དང་། མུ་རྟུག་གི་ངེས་ཚིག་གོ། །དེ་ལ་དང་པོ་ནི། དྲངས། མུ་རྟུག་པ་རང་ལ་ཡང་རྣམ་པ་གཉིས་ཡོད་དེ་སྟོན་བྱེད་ཀྱི་མཁན་པོ་སློབ་དཔོན་མེད་པར་རང་བཞིན་གྱིས་ལོག་པ་དང་། གཞན་གྱིས་རྐྱེན་གྱིས་ལོག་པ་དང་གཉིས་སོ། །བར་མ་ལ་གཉིས་ཏེ། བགྲང་། རང་བཞིན་གྱིས་ལོག་པ་དང་། དྲངས། དང་པོ་རང་བཞིན་གྱིས་ལོག་པར་དེ་ཡང་མི་དགེ་བ་བསྐུལ་པའི་སྐྱོན་མེད་ཀྱང་སྔོན་གྱི་ལས་མི་དགེ་བ་བྱེད་པའི་རྒྱུ་མཐུན་གྱི་སྦྱངས་པས་ཡང་དག་པའི་ལྟ་བ་ལས་ལོག་པར་འཛིན་པ་སྟེ། དགེ་སྡིག་གི་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱིར་སྣང་བ་དེ་དག་ཐམས་ཅད་གདོད་མ་ནས་མེད་པ་ལྟ་ལ། ད་ལྟར་གྱི་སྣང་བ་འདི་ནི་གློ་བུར་བ་ཤོ་མང་སྤང་ལ་རྡོལ་བ་ལྟར་རྒྱུ་རྐྱེན་མེད་པར་རང་ཤུགས་ཀྱིས་སྣང་བར་འདོད་ལ། དེ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཀུན་ལ་ཡང་རྒྱུན་མེད་པར་དེ་ལྟར་རྟོག་པའོ། །རྐྱེན་གྱིས་ལོག་པའོ། །དྲངས། གཉིས་པ་རྐྱེན་གྱིས་ལོག་པ་ནི། མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་རྣམས་ཡིན་ཏེ། དེ་ཡང་རྟོག་གེ་པ་དྲུག །རྗེས་སུ་སྒྲོགས་པ་དྲུག །སྙོམས་པར་འཇུག་པ་དྲུག་དང་བཅོ་བརྒྱད་དོ། །དེ་ཡང་གྲངས་སུ་སྦྱར་ན། འོད་སྲུངས་རྫོགས་བྱེད་དང་། ལ་སོགས་ཀྱི་སྒྲས་སྟོན་པ་གཞན་བསྡུ་བ་ནི། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལྭ་བ་ཅན་དང་། ཀ་ཏ་ཡིའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་སྟེ་རྟོག་གེ་བ་དྲུག་དང་། བྲམ་ཟེ་བསྒྱུར་རྒྱལ་དང་། རྣམ་བདེན་དང་། བཟང་ལྡན་དང་། ཚང་པའི་ཚེ་དང་། པདྨའི་སྙིང་པོ་དང་། བྲམ་ཟེ་དམར་པོ་སྟེ། བྲམ་ཟེའི་རྗེས་སུ་སྒྲོགས་པ་དྲུག་དང་། ལྷག་སྤྱོད་དང་། རིང་འཕུར་དང་། ཀུན་ཏུ་རྒྱུ་རབ་བཟང་དང་། ཁྱེའུ་ཀུན་རྒྱལ་དང་། དྲང་སྲོང་ཉོན་མོངས་མེད་དང་། ལྟེང་རྒྱས་འོད་སྲུངས་ཏེ་སྙོམས་པར་འཇུག་པ་དྲུག་དང་བཅོ་བརྒྱད་དོ། །མུ་སྟེགས་ཀྱི་སྟོན་པ་འདི་རྣམས་ནི། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་རྒས་ཀའི་དུས་ཀྱི་མུ་སྟེགས་པ་རྣམས་ཡིན་ནོ། །མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་པོ་འདི་དག་གི་རྗེས་སུ་འབྲང་ནས་ལྟ་བ་ངན་པ་ཆད་ལྟ་ནག་འབྱམས་ཡོངས་སུ་འཛིན་པ་སྟེ། དེ་ཡང་རྒྱུ་དཀར་པོ་དགེ་བ་དང་། ནག་པོ་མི་དགེ་བ་ལ་རྣམ་སྨིན་གྱི་འབྲས་བུ་མེད་པར་སྨྲ་ཞིང་ད་ལྟའི་སྣང་བ་རྒྱུ་རྐྱེན་མེད་པར་གློ་བུར་དུ་སྐྱེས་ལ། ཤི་ནས་ཀྱང་གློ་བུར་དུ་ཐིམ་སྟེ། ཕྱི་མ་མེད་པའི་ཆད་པར་ལྟ་བའོ། །ཕུར་བུས་བསྟན་པའི་མདོ་ལས། བཟང་མོ་མ་ཤི་བར་དུ་བདེ་བར་མཛོད། ཤི་ནས་དེའི་སྤྱོད་ཡུལ་མིན། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་ལྟ་ག་ལ་ཡོད། །ཅེས་སོ། །སྐྱེ་བ་ཕྱི་མ་ཡོད་ཟེར་བ་རྫུན་སྟེ་མི་བདེན། སྐྱེ་བ་ཕྱིས་ལེན་པར་བརྗོད་པ་ནི། དཔེར་ན་ཐང་པོ་ཆེ་ལ་སྤྱང་ཀུའི་རྗེས་བཅད་པ་དང་མཚུངས་ཏེ། རྩར་ཕྱིན་པ་སུ་ཡང་མེད་ཟེར་ནས། །མང་སྟོན་པས་ནི་མང་བསྟན་པ། །སྤྱང་ཀུ་དག་གི་རྗེས་བཅད་འདྲ། །ཅེས་བརྗོད། མང་སྟོན་ཅེས་པ་ནི་སངས་རྒྱས་ཡིན་ལ། མང་བསྟན་ཞེས་པ་ནི་ལས་རྒྱུ་འབྲས་ཚེ་སྔ་ཕྱི་ཡོད་ཟེར་བ་རྫུན་ཡིན། མ་མཐོང་སྨྲ་བ་སྤྱང་ཀུའི་རྗེས་དང་འདྲ། འདི་ཡི་གཏམ་རྒྱུད་ནི། སྔོན་འཚོ་བ་མ་རྙེད་པའི་མི་གཡོ་ཅན་གཅིག་གིས་གྲོང་ཁྱེར་གཅིག་གི་སྲང་མདོ་ན། སྤྱང་ཀུའི་རྗེས་ཆེན་པོ་མང་དུ་བྲིས་ནས་མི་སྡེ་རྣམས་ལ་སྲིན་པོ་སྤྱང་ཀུའི་ལུས་ཅན་ཞེས་བྱ་བ་འོང་ནས་མི་ཀུན་ཟ་བར་བྱེད་དོ། །དེ་བཟློག་པའི་རིམ་གྲོ་ལ་ཟས་ནོར་རྣམས་སྒོ་རྒྱབ་ཏུ་བོར་ལ་ཞག་བདུན་ལ་ཕྱི་རོལ་དུ་མ་ལྟ་བར་ནང་དུ་གབ་པར་གྱིས་ཤིག་ཅེས་སྨྲས་ནས་གཞན་གྱིས་དེ་བཞིན་དུ་བྱས་པའི་རྗེས་ལ་ཁོ་ཟས་ནོར་ཐམས་ཅད་ཕྱོགས་གཞན་དུ་ཁྱེར་ནས་སོང་ངོ་། །ས་ཕྱོགས་དེ་ན་སྤྱང་ཀུ་བས་སྤྱང་ཀིའི་རྗེས་ཀྱང་ཡོད་པ་མ་ཡིན་པ་ལྟར། དགེ་སྦྱོང་ག་ཏ་མས་བསྙེན་བཀུར་འདོད་ནས་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ཡོད་དོ་ཞེས། ཁྱིམ་བདག་ལ་སོགས་པ་འཁོར་རྣམས་སྐྲག་པར་བྱས་ནས། བསྙེན་བཀུར་ལེན་པར་བྱེད་པ་ཡིན་ནོ། །ལས་རྒྱུ་འབྲས་ཚེ་སྔ་ཕྱི་ཡོད་པ་མ་ཡིན་ཞེས་བརྗོད་དོ། །སེམས་ནི་འབྱུང་བའི་དངས་མ་ཡིན་པར་འདོད་དོ། །གཏན་ཚིག་དེའི་ཕྱིར་ན་ཡང་སྐྱེ་བ་སྔ་མ་དང་ཕྱི་མ་མེད་པར་སྨྲ་བ་དེ་ཉིད་རང་གི་གྲུབ་མཐའ་ཡིན་པར་འདོད་དོ། །མུ་རྟུག་གི་ངེས་ཚིག་གི། དྲངས། མུ་རྟུག་པ་དེའི་སྒྲ་དོན་ནི། ཕྱི་མ་མེད་ཕྱིར་མུ་རྟུག་སྟེ། ཞེས་པ་ནི། ཚེ་སྔ་ཕྱི་ལས་རྒྱུ་འབྲས་ཐམས་ཅད་མེད་པར་འདོད་པ་ནི། ལོག་ལྟའི་ནང་ནས་ཆད་ལྟ་ནག་འབྱམས་སུ་སྨྲ་བ་ཡིན། དཔེར་ན་ས་བརྐོས་པ་བྲག་ལ་ཐུག་པ་བཞིན་དུ་སླར་བརྐོས་པས་མི་ཐུབ་པས་ཚེ་སྔ་ཕྱི་ལས་རྒྱུ་འབྲས་མཐོ་རིས་དང་ངན་སོང་ཐམས་ཅད་ཀྱང་། འདིར་སྣང་བ་མ་གཏོགས་པ་གཞན་མེད་དོ་ཟེར་ནས་ཕྱོགས་གཅིག་པར་བལྟ་བའོ། །མུ་སྟེགས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དྲངས། མུ་སྟེགས་པའི་ལྟ་བ་ནི་མདོའི་ཆོས་སྐད་དུ་བྱེ་བྲག་ནང་ཚན་བཞི་རུ་ཤེས་པར་བྱ་སྟེ། གང་ཞེ་ན་ཕྲ་མེན་སྤྱོད་པའི་མུ་སྟེགས་པ་ནི། མཐོ་རིས་བཞེད་ཕྱིར་མི་དགེ་བ་བསྒྲུབ་ནས་མི་འཚམས་པའི་བྱ་བ་བྱེད་པའོ། །དཔེར་ན་མགོ་ལུས་མི་མཚུངས་པས་ཕྲ་མེན་མ་ཟེར་བ་ལྟ་བུའོ། །དང་ཞེས་པ་ནི་འོག་མ་སྡུད་པའི་ཚིག་གོ། །རྟེན་ལོག་འཆལ་བའི་མུ་སྟེགས་ནི་ཕྱ་དང་དབང་ཕྱུག་ལ་རྟེན་བཅས་ནས་སྲོག་གི་མཆོད་སྦྱིན་བྱེད་པའོ། །རྟགས་ཙམ་འཛིན་པའི་མུ་སྟེགས་ནི། སངས་རྒྱས་ཀྱི་བསྟན་པ་རྒས་པའི་དུས་ལ། ནང་དུ་ཆོས་ལུགས་བཞིན་མི་སྤྱོད། ཕྱི་ན་ཚུལ་སྤྱོད་གཟབ་པ་ལ་ཟེར་རོ། །དང་ཞེས་པ་ནི་ལུང་ཕྱོགས་བརྟེན་པའི་མུ་སྟེགས་སྡུད་འདོད་པའོ། །མུ་སྟེགས་འདི་ནི་ཐེག་པ་རིམ་དགུའི་ལུང་ཕྱོགས་ཕྲ་མོ་ཙམ་ཅིག་འཛིན་པར་བྱེད། ལྟ་བ་རྟག་ཆད་ཀྱི་མཐར་སོང་བའི་མུ་སྟེགས་དགུ་ཡིན་ནོ། །གོང་དུ་བཤད་པའི་བྱེ་བྲག་བཞི་པོ་འདི་དག་གིས་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ཡོད་པར་འདོད་པ་དང་། ངན་སོང་གསུམ་གྱི་འཇིགས་པ་ལས་ཐར་བར་འདོད་པ་དང་མཐོ་རིས་ཀྱི་བདེ་འབྲས་རྣམས་ཐོབ་པར་འདོད་ཀྱང་ཐར་པ་ལ་བདག་མེད་རྟོགས་དགོས་པ་ལ་ལྟ་བ་ལོག་པ་རྟག་ཆད་དུ་སོང་ནས་ལྟ་བ་ཕྱིན་ཅི་ལོག་དང་། སྤྱོད་པ་ནི་སྲོག་གི་མཆོད་སྦྱིན་ལ་སོགས་པ་བྱེད་པས་ལྟ་སྤྱོད་ཡ་ཆར་གྱུར་རོ། །འབྲས་བུ་སངས་རྒྱས་པའི་སྐུ་ཐོབ་སྙམ་པའི་ཞེ་འདོད་དང་མ་བྲལ་སྟེ། ཀུན་ཏུ་ཚོལ་བའི་ལམ་དུ་ཞུགས་ནས་འབྲས་བུ་ཐོབ་པར་རེ་བའོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། ལོག་ལྟའི་རྣམ་གྲངས་དང་། བསམ་གཏན་ལས་གོལ་བ་འབྲས་བུ་དང་བཅས་པ་དང་། ཁ་ཅིག་ལམ་ཚོལ་བ་ལ་ཞུགས་པ་བརྒྱུད་ནས་ནང་པའི་ལམ་གྱི་རྒྱུད་གྱུར་པའོ། །དང་པོ་ལ་བཞི་སྟེ། འཕྲ་མེན་སྤྱོད་པ་དང་། རྟེན་ལོག་འཆལ་བ་དང་། རྟགས་ཙམ་འཛིན་པ་དང་། ལུང་གི་ཕྱོགས་ཙམ་བརྟན་པའོ། །དང་པོ་འཕྲ་མེན་སྤྱོད་པ་ནི། དྲངས། འཕྲ་མེན་སྤྱོད་པའི་མུ་སྟེགས་པའི་མཚན་ཉིད་ནི་འདི་ལྟ་སྟེ། འབྲས་བུ་ཐར་བ་འདོད་ཅིང་ལྟ་བ་གང་ཟག་གི་བདག་ཏུ་ལྟ་བ་ཡིན། མཐོ་རིས་བཞེད་པའི་ཕྱིར་སྲོག་གཅོད་པ་ལ་སོགས་པའི་མཆོད་སྦྱིན་གྱིས་མི་དགེ་བ་བསྒྲུབ་པའོ། །ཁྱད་པར་དུ་ཕྱིན་ཅི་ལོག་པ་བཞི་ལ་གནས་ཏེ། གང་ཞེ་ན། ལུས་མི་གཙང་བ་ལ་གཙང་བ། ཚོར་བ་སྡུག་བསྔལ་བ་ལ་བདེ་བ། སེམས་འདུས་བྱས་མི་རྟག་པ་ལ་རྟག་པ། ཆོས་བདག་མེད་པ་ལ་བདག་ཏུ་བལྟ་ཞིང་། དེ་བཞིན་དུ་སྣོད་བཅུད་འདི་དག་ཀུན་ལའང་དངོས་པོར་སྨྲ་བ་ཡིན་ནོ། །དོན་ལ་འཕྲ་མེན་སྤྱོད་པ་འདི་རྟག་པར་ལྟ་བ་ཡིན། འདོད་པ་ཐར་བ་འདོད་པ་དང་ལྟ་བ་བདག་ལྟ་སྤྱོད་པ་སྲོག་གི་མཆོད་སྦྱིན་བྱེད་པ་རྣམས། མི་མཚུངས་པས། རྒྱུ་འབྲས་བསྣོལ་མར་སོང་བའི་ཕྱིར། འཕྲ་མེན་སྤྱོད་པའི་མུ་སྟེགས་ཞེས་དེ་ལ་བྱའོ། །རྟེན་ལོག་འཆལ་བ་ལ་བཞི་སྟེ། བགྲང་། བྱང་ཆུབ་སེམས་དཔའ་ལ་ལོག་པར་རྟོག་ཅིང་འཛིན་པ་དང་། དྲངས། རྟེན་ལོག་འཆལ་བའི་མུ་སྟེགས་པའི་མཚན་ཉིད་ནི། རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། ཚངས་པ་དང་ལ་སོགས་ཀྱི་སྒྲས་དབང་ཕྱུག་དང་ཁྱབ་འཇུག་དང་བརྒྱ་བྱིན་ལ་སོགས་པའི་ལྷ་ཆེན་དག་ནི་བསོད་ནམས་བསགས་པ་དང་ལམ་སྦྱངས་པའི་སྟོབས་ལས་བྱུང་སྟེ། སྦྱང་སྟོབས་ཆེ་བས་འཇིག་རྟེན་ལ་མངའ་དབང་བརྙེས་ཤིང་དབང་བསྒྱུར་བའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་ནི་ས་ལྔ་པ་མན་ཆད་དམ་ཁ་ཅིག་གིས་ས་བརྒྱད་པ་མན་ཆད་དུའང་འདོད། མཐོང་ལམ་ཡན་ཆད་ནམ་ཡང་ཡིན་པས། འགྲོ་བའི་དོན་ལ་བྱང་ཆུབ་སེམས་དཔའ་དེ་རྣམས་འཇིག་རྟེན་པ་ཀུན་གྱི་གཙོ་བོར་གྱུར་པའི་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེའི་ཚུལ་འཛིན་པས་བཞུགས་པ་སྟེ། ལོག་ལྟ་ཅན་གྱིས་མུ་སྟེགས་པས་མ་ཤེས་ཏེ། འདི་དག་ནི་ཕྱྭ་དང་དབང་ཕྱུག་ཡིན་ཞེས་མིང་དུ་བཏགས་ནས་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་དེ་དག་བྱང་ཆུབ་སེམས་དཔའ་འ མ་འགྲོ་དོན་ལ་བཞུགས་པ་མ་གོ་ནས་དེ་དག་རང་རྒྱུད་དུ་ཡེ་ནས་གྲུབ་ཟིན་ཡིན་པར་སྨྲ་ཞིང་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོ་བསྐོས་པ་པོ་ཡིན་ཏེ། འདི་བས་ལྷག་པ་ནི་མེད་ཅེས་བསྐུར་འོས་དང་མཆོད་པའི་གནས་བྱེད་པའོ། །འབྲས་བུ་ལ་རེ་བས་ལོག་པར་སྤྱོད་པ་དང་། དྲངས། ཕྱྭ་དང་དབང་ཕྱུག་དེའི་གོ་འཕང་ཐོབ་པར་འདོད་པའི་ཕྱིར་མེ་ལྔ་བསྟེན་དང་དབྱུ་གུ་དང་། ཞེས་པ་ནི། སྔོན་མི་གཅིག་གིས་བ་སྟོར་ནས་འབྲོག་དགོན་པ་གཅིག་ཏུ་འཁྱམས་ནས་ཕྱིན་པ་ལ་ཁོ་འཁྱག་པའི་དབང་གིས། ཕྱོགས་བཞིར་མེ་དཔུང་བཞི་བྱས། སྟེང་དུ་ཉི་མ་ཤར་ནས་ཉལ་བ་ལ། ཁོ་ལ་ནད་ཚ་བ་དྲག་པོ་གཅིག་ཕོག་ནས་ཁོ་ཤི། དེའི་རྣམ་ཤེས་སུམ་ཅུ་རྩ་གསུམ་ན་ལྷའི་བུར་སྐྱེས་པ་དེ། མུ་སྟེགས་ཀྱི་སྟོན་པས་ཟག་བཅས་ཀྱི་མངོན་ཤེས་ཀྱིས་ཤེས་ནས། ཁོས་ཀྱང་མེ་ལྔ་བརྟེན་པའི་དཀའ་ཐུབ་བྱས་ནས་དེའི་གོ་འཕང་ཐོབ་འདོད་པའི་ཆེད་དུ་དེ་ལྟར་དུ་བྱས་སོ། །སྔོན་དྲང་སྲོང་སྒོམ་ཆེན་གཅིག་གིས་གྲོང་ཁྱེར་དུ་ལྡོམ་བུ་ལ་སོང་བའི་ཚེ་ཁ་ཊྭཾ་རྩེ་གསུམ་ཅིག་འཆང་ནས་མགུར་བྱས་པ་ལ། བྱིས་པ་ཕྲུ་གུ་ཞིག་ཕྱམ་ཁ་ནས་བྲུལ་བའི། ཁ་ཊྭཾ་གི་རྩེ་ལ་ཕོག་ནས་བསད་པ་དེ་ཡང་སུམ་ཅུ་རྩ་གསུམ་ན་ལྷའི་བུར་སྐྱེས། དེའི་གོ་འཕང་ཐོབ་པའི་དོན་དུ་དབྱུག་གུ་རྩེ་གསུམ་དང་རྩེ་གཅིག་པའི་དཀའ་ཐུབ་བྱས་སོ། །ཁྱིའི་དཀའ་ཐུབ་ཞེས་པ་ནི། སྔོན་ཁྱི་གཅིག་ལྕགས་ཐག་གིས་བསྐོར་ནས་ཤི་བ་དེ་ཡང་ལྷ་དབང་ཕྱུག་ཆེན་པོ་ལ་སྐྱེས། ཁོས་ཀྱང་དེ་ལྟར་དུ་དཀའ་ཐུབ་བྱས་སོ། །སོགས་ཀྱིས་སྒྲས་བ་ལང་གི་དཀའ་ཐུབ་དང་། གྲོགས་མཁར་བ་དང་། རྐང་མིག་པ་ལ་སོགས་པའི་དཀའ་ཐུབ་ལུས་སུན་བྱུང་བ་ལོག་པའི་བརྟུལ་ཤུགས་མི་འདྲ་བ་སྣ་ཚོགས་བྱེད་དོ། །འདི་རྣམས་ཀྱི་གཏམ་རྒྱུད་ནི་ཡི་གེ་མང་དོགས་པའི་ཕྱིར་མ་བྲིས་སོ། །རྟེན་ལོགས་འཆོལ་བའི་མུ་སྟེགས་གྲངས་ཅན་པ་འདི་རྣམས་ལ་ཟག་བཅས་ཀྱི་མངོན་ཤེས་ཡོད་པའི་རྒྱུ་མཚན་ནི། དུག་གསུམ་ཆ་མཉམ་པ་ཡིན་ཏེ། གཙོ་བོ་བེམ་པོ་ལ་ཐིམ་པའི་ཕྱིར། རེ་ཞིག་གང་ཟག་གི་བདག་མངོན་འགྱུར་དག་པ་དང་། ལོ་མ་དང་ལྡུམ་བུ་ཙམ་ལ་བརྟེན་ཏེ། རི་བྲག་གམ་གཙང་ས་ལ་གནས་བཅའ་བ་དང་། སྲོག་གཅོད་པ་མ་གཏོགས་པའི་མི་དགེ་བ་དགུ་པོ་དང་། གསང་བའི་ཚིག་ཙམ་ལ་བརྟེན་ནས་སྒྲུབ་པའི་སྟོབས་ཀྱིས། ཟག་བཅས་ཀྱི་མངོན་ཤེས་འཆར་སྟེ། ངན་སོང་མཐོ་རིས་སུ་འཕོ་བ་དང་། མཐོ་རིས་ངན་སོང་དུ་འཕོ་བ་མཐོང་། དེ་དག་དཀར་ནག་གི་ལས་ཀྱི་འཕེན་པ་ནི་མི་ཤེས་པས། འདི་ལ་བྱེད་པོ་པོ་གཅིག་ཡོད་ཞེས་རྟོགས་སྟེ། སློབ་དཔོན་དགའ་རབ་ལ་དྲིས་པས་འཇིག་རྟེན་ན་དབང་སུ་ཆེ་བ་ཡོད་བྱས་སོ། །དེས་ཀྱང་འཇིག་རྟེན་ན་དབང་ཆེ་བ་ནི། དབང་ཕྱུག་དང་། ཚངས་པ་དང་། ཁྱབ་འཇུག་དང་། བརྒྱ་བྱིན་ལ་སོགས་པ་ཡོད་དོ། །ཅེས་ཟེར་ནས། དེ་དག་གི་གོ་འཕང་ཐོབ་པར་འདོད་པའི་ཆེད་དུ་མེ་ལྔ་བསྟེན་པ་ལ་སོགས་པའི་བརྟུལ་ཤུགས་སྣ་ཚོགས་སྤྱོད་པ་ཡིན་ནོ། །རྒྱུ་འབྲས་ལོག་པར་ལྟ་བ་དང་། དྲངས། ལྟ་བ་ནི་དུག་གསུམ་ཆ་མཉམ་པ་ཡིན། དུག་གསུམ་ནི་རྡུལ་ལས་གྱུར་པ་འདོད་ཆགས་དང་། མུན་པ་ལས་གྱུར་པ་གཏི་མུག་དང་། སྙིང་སྟོབས་ལས་གྱུར་པ་ཞེ་སྡང་དག་གི་བྱེ་བྲག་ལས། དེ་གསུམ་པོ་ཆ་མཉམ་ན་གཙོ་བོ་བེམ་པོ་ལ་ཐིམ་པས་སྐྱེ་བ་མི་ལེན་ཏེ། མཐར་ཐུག་གི་འབྲས་བུ་ཡིན་པར་སྨྲ། ཆ་མི་མཉམ་ན་རྒྱུ་སེམས་ཅན་དུ་འགྲོ་བར་འདོད་པ་ཡིན་ཏེ། དེ་ཡང་དེ་གསུམ་ཆ་མཉམ་ན་བདག་དག་སྟེ། ཆ་མི་མཉམ་པའི་དབང་གིས་བདག་དག་པར་མ་ནུས་པས། སླར་ཁམས་གསུམ་སེམས་ཅན་དུ་སྣང་བ་ནི། སྙིང་སྟོབས་ཤས་ཆེ་ན་དམྱལ་བ། མུན་པ་ཤས་ཆེ་ན་བྱོལ་སོང་། རྡུལ་ཤས་ཆེ་ན་ཡི་དྭགས། ཡང་རྡུལ་ཆུང་བས་མི། སྙིང་སྟོབས་ཆུང་བས་ལྷ། མུན་པ་ཆུང་བས་ལྷ་མིན་དུ་སྣང་སྟེ། འཁོར་བའི་རྒྱུ་བྱེད་པར་འདོད་དོ། །དོན་ལ་དུག་གསུམ་ཆ་མཉམ་པ་འདི། མ་དག་པ་ཀུན་གྱི་ལྷན་ཅིག་སྐྱེས་པའི་མ་རིག་པ་གཏི་མུག་ལུང་མ་བསྟན་པ་ཡིན་ལ། མུ་སྟེགས་གྲངས་ཅན་པ་དེས་འདིའི་ངོ་བོ་ལ་གཟུང་འཛིན་མངོན་འགྱུར་མི་སྣང་སྙམ་ནས་མཐར་ཐུག་གི་འབྲས་བུ་ཆོས་སྐུ་ཡིན་པར་འདོད་པའོ། །འདིའི་དོན་རྒྱས་པར་བཤད་ན། གྲངས་ཅན་པའི་སྟོན་པ་ཞེས་ཀྱང་བྱ། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲང་བ་ཆོས་ཐམས་ཅད་དེ་ཙམ་ཉི་ཤུ་རྩ་ལྔར་འདོད་པ་དང་། དེ་ཤེས་པས་གྲོལ་བའི་ཚུལ་ལོ། །དང་པོ་ལ་དབྱེ་བའི་དངོས་པོ་དང་། རྣམ་བཞག་གོ། །དང་པོ་ནི་གཙོ་བོ། ཆེན་པོ། ང་རྒྱལ་གསུམ། དབང་པོ་བཅུ་གཅིག །འབྱུང་བ་ལྔ། དེ་ཙམ་ལྔ་སྟེ་ཉེར་བཞི། བདག་རྟག་པ་ཤེས་རིག་གི་སྐྱེས་བུ་སྟེ་ཉེར་ལྔའོ། །གཙོ་བོ་ནི། རྡུལ། མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པའོ། །དེ་གསུམ་ཆ་མི་མཉམ་པ་ལས་རྣམ་འགྱུར་ཏེ། དེ་ལ་ཆེན་པོ་ཞེས་བྱ་བ་ནི། ཤེལ་གྱི་ཁང་པ་ལྟར་གཟུགས་བརྙན་འཆར་བའི་གཞི་ཡིན་ཏེ། ཕྱི་ནས་གཟུགས་སྒྲ་ལ་སོགས་པ་རྣམ་འགྱུར་གྱི་གཟུགས་བརྙན་འཆར་ལ། ནང་ནས་གཙོ་བོའི་གཟུགས་བརྙན་འཆར་བའོ། །དེ་གཉིས་འདྲེས་པ་ལས། བདག་ཡུལ་ལ་ལོངས་སྤྱོད་ཅེས་སྨྲ་བའོ། །རྡུལ་མུན་པ་སྙིང་སྟོབས་གསུམ་ལས་གྱུར་པ་ལ། ང་རྒྱལ་ཅེས་བྱ་སྟེ། རྡུལ་ཞེ་སྡང་ལས་གྱུར་པ་དབང་པོ་བཅུ་གཅིག་སྟེ། མིག །རྣ་བ། སྣ། ལྕེ། ལྤགས་པ་སྟེ། བློའི་དབང་པོ་ལྔ་དང་། མགོ། ལག་པ། རྐང་པ། གཤང་ལམ། ཆུ་སོ་སྟེ་ལས་དབང་ལྔ་དང་། ཐུན་མོང་དུ་གྱུར་པའི་ཡིད་དོ། །སྙིང་སྟོབས་ལས་གྱུར་པ་བཅུ་སྟེ། ས་ཆུ་མེ་རླུང་ནམ་མཁའ་སྟེ། འབྱུང་བ་ལྔ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་དང་། དེ་ཙམ་ལྔ་སྟེ་བཅུའོ། །མུན་པ་ལས་གྱུར་པ་ནི་དེ་གཉིས་ཀྱི་གྲོགས་བྱེད་པ་ལས་འབྲས་བུ་ལོགས་སུ་མི་བསྐྱེད་པར་འདོད། དེ་ཡང་རྣམ་འགྱུར་གྱི་ཆོས་རྣམས་གཙོ་བོའི་རང་བཞིན་གཅིག་ཏུ་ཡོད་པས། རྒྱུ་ལ་འབྲས་བུ་གནས་ཞེས་བྱ་སྟེ། རྒྱུ་འཇིམ་པ་ལས་འབྲས་བུ་བུམ་པ་གྲུབ། རྩ་མཆོག་ལ་གླང་གྲུབ་ཟེར་རོ། །དེ་ཡང་མེད་པ་ལ་མི་འབྱུང་བ་ཡིན་པ་ལ་རྒྱུ་རྐྱེན་གྱིས་འབྲས་བུ་འབྱུང་གི་འདུག་པའི་ཕྱིར། དེའང་རྣམ་འགྱུར་གྱི་དངོས་པོ་རྣམས་གཙོ་བོའི་རང་བཞིན་དུ་ཡོད་པ་ལ། དེ་མི་གསལ་བ་གསལ་བར་བྱེད་པས་རང་ལས་རང་སྐྱེ་ཞེས་བྱའོ། །རྣམ་འགྱུར་གྱི་དངོས་པོ་འཇིག་པའང་། གཏན་ནས་འཇིག་པ་མེད་དེ། གཙོ་བོའི་རང་བཞིན་དུ་ཐིམ་སྟེ་མི་གསལ་བར་འགྱུར་བའོ། །དེའང་དབང་ཕྱུག་ནག་པོའི་རྒྱུད་ལས། རང་བཞིན་ལས་ཆེན་དེ་ལ་ང་རྒྱལ་སྟེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་བྱུང་། །དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་བྱུང་། །ཅེས་སོ། །རྣམ་འགྱུར་གྱི་ཆོས་ཉི་ཤུ་རྩ་གཅིག་ལ་ལོངས་སྤྱོད་པ་ནི། བདག་རྟག་པ་ཤེས་རིག་གི་སྐྱེས་བུ་ཡིན། དེའང་བདག །རྟག་པ། གཅིག་པུ། རིག་པ། དེ་ཡང་འགྲོ་བའི་སྤྱོད་ཡུལ་དུ་མ་གྱུར་པས་དངོས་སུ་མི་སྣང་ཞེས་བྱའོ། །སློབ་དཔོན་དགའ་རབ་ཀྱི་ཞལ་ནས། །ལ་ལ་ཡོན་ཏན་གསུམ་རང་བཞིན། །རྟག་ལ་རྒྱུ་དུས་འབྲས་རྫོགས་འདོད། །ཅེས་སོ། །རྣམ་བཞག་བཞི་སྟེ། ཤེས་པ་དང་། ཤེས་བྱའི་སྒོ་ནས་རྣམ་པར་བཞག་པ་དང་། རང་བཞིན་དང་རྣམ་འགྱུར་གྱིས་དང་། རྒྱུ་དང་འབྲས་བུས་དང་། དོན་དམ་ཀུན་རྫོབ་ཀྱིས་སོ། །དང་པོ་ནི། བདག་ནི་ཤེས་པ་ཁོ་ན་ལ། །གཞན་རྣམས་ཤེས་པར་བྱ་བའོ། །གཉིས་པ་ནི། མུ་བཞི་སྟེ། གཙོ་བོ་ནི་རང་བཞིན་ཁོ་ནའོ། །ཆེན་པོ་ང་རྒྱལ། དེ་ཙམ་ལྔ་སྟེ་བདུན་ནི། གཉིས་ཀའོ། །དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔ་སྟེ་བཅུ་དྲུག་ནི་རྣམ་འགྱུར་རོ། །བདག་ཤེས་རིག་གི་སྐྱེས་བུ་ནི། གཉིས་ཀ་མ་ཡིན་པའོ། །དེ་ལ་དབང་ཕྱུག་ཆེན་པོའི་གཞུང་ལས། གཙོ་བོ་རང་བཞིན་ཉིད་དང་ནི། །ཆེན་པོ་བདུན་སོགས་རང་བཞིན་དང་། །འགྱུར་བ་བཅུ་དྲུག་འགྱུར་བ་ཉིད། །སྐྱེས་བུ་རང་བཞིན་འགྱུར་བ་མིན། །ཅེས་སོ། །གསུམ་པ་ནི། གཙོ་བོ་ནི་རྒྱུ་ཡིན་ལ། རྣམ་འགྱུར་གྱི་ཆོས་རྣམས་འབྲས་བུའོ། །བདག་ནི་གཉིས་ཀ་མ་ཡིན་ཅིང་ལོངས་སྤྱོད་པའོ། །བཞི་པ་ནི། བདག་དང་གཙོ་བོ་དོན་དམ་དང་། གཞན་རྣམས་ཀུན་རྫོབ་པའོ། །དེ་ཉིད་ལས། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །ཅེས་སོ། །གཉིས་པ་ནི། དེ་ཙམ་ཉི་ཤུ་རྩ་ལྔའི་དོན་ཤེས་ན་གྲོལ་བར་འདོད་པ་སྟེ། དེ་ཙམ་ཉི་ཤུ་ལྔ་ཤེས་ན། །རལ་པའམ་སྤྱི་བོ་ཅོད་པན་ནམ། །ཆ་ལུགས་གང་ལྟར་གནས་ཀྱང་རུང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་འབྱུང་ངོ་། །ནང་པའི་གསང་སྔགས་ཕྱི་ནང་ལ་གོལ་བ་དང་། ཆོས་ཐམས་ཅད་སེམས་ཉིད་རང་སྣང་ལས་བྱུང་བ། ཆོས་དང་རྒྱུ་འབྲས་གཉིས་སུ་མེད་ཅིང་། རང་རིག་མཐའ་དབུས་ཕྱི་ནང་མེད་པར་བསྟན་པ་མ་གོ་བར་ཐམས་ཅད་སེམས་ལས་བྱུང་བ་དང་། སེམས་འབྲས་བུ་ཡིན་པ་དང་། རྟོག་པ་གནས་འགྱུར་བ་དང་། རིག་པ་ཡེ་ཤེས་ཡིན་པའི་ལུང་ཕྱོགས་རེ་ལ་དམ་པར་བཟུང་ནས་གོང་ལྟར་ལོག་པར་གོ་བ་ནི་ཞར་བྱུང་གི་མུ་སྟེགས་པའོ། །རྟེན་ལོག་འཆལ་བའི་ངེས་ཚིག་གོ། །དྲངས། དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། སྐྱབས་གནས་མ་བྱས་ཤིང་། རྟེན་ལོག་པ་ནི་འཇིག་རྟེན་གྱི་ཕྱྭ་དང་དབང་ཕྱུག་ལ་བྱས་ནས། དངོས་པོར་བརྟག་པའི་འཇིག་རྟེན་གྱི་ལྷར་སྐྱབས་ཚོལ་སྟེ་རྟེན་འཆའ་བས་དེ་དག་མཆོད་པར་བྱ་བའི་ཕྱིར། སྐྱེ་འགྲོ་དུ་མའི་སྲོག་གཅོད་པའི་མཆོད་སྦྱིན་སྟེ། འཆལ་བའི་སྤྱོད་པ་སྣ་ཚོགས་བྱེད་པའོ། །དེ་ལ་འདིར་གསང་སྔགས་པས་ལྷ་ལ་བརྟེན་ནས་རིག་པའི་རྩལ་སྤྱོད། སྐྱེ་མེད་དུ་ངོ་སྤྲོད། གཉིས་མེད་རང་གྲོལ་དུ་རྟོགས་པར་བྱ་བའི་ཐབས་ལ། དེ་ལྟར་མ་གོ་བར་ལྷ་རང་རྒྱུད་དངོས་པོར་བཟུང་ནས། གོང་ལྟར་གོལ་པ་ཡང་ཡོད་དོ། །དེ་ཡང་མུ་སྟེགས་པ་དེས་ཐོབ་བྱའི་འབྲས་བུ་མཐོ་རིས་ཀྱི་ཐར་པ་མི་ཐོབ་སྟེ། ངན་སོང་གསུམ་གྱི་སྡུག་བསྔལ་ཅན་དུ་ཕལ་ཆེར་གཞོལ་བ། དེ་ལ་ནི་རྟེན་ལོག་འཆལ་བའི་མཚན་ཉིད་བྱ་བ་ཡིན་ནོ། །རྟགས་ཙམ་འཛིན་པ་ལ་དྲུག་སྟེ། བགྲང་། གོལ་གཞི་གཟུགས་བརྙན་གྱི་ཆོས་དང་། དྲངས་། རྟགས་ཙམ་འཛིན་པ་མུ་སྟེགས་པའི་མཚན་ཉིད་ནི་འདི་ལྟར་ཡིན་ཏེ། སྤྲུལ་པའི་སྐུ་སྔ་མ་སངས་རྒྱས་འོད་སྲུངས་འདས་པ་དེའི་བསྟན་པའི་སྙིགས་མར་བབ་ཅིང་གྱུར་པའི་ཚེ། བསྟན་པ་དེའི་གཟུགས་བརྙན་གྱི་ཆོས་ལ། དེ་ཡང་རང་དགར་ཞུགས་པས་ལྟ་བ་སྣ་ཚོགས་བྱུང་བ་དང་། དྲངས། བླ་མ་དང་སློབ་དཔོན་མི་བསྟེན་པར་རང་དགར་འཇུག་འདོད་གཡོ་ཅན་རློམ་བཅས་ཀྱི་བློ་ཅུང་ཟད་ཡོད་པའི་ཕྱིར་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་ལ་མ་སྦྱངས་པས་སྟེ། དེ་ཡང་ཐོས་པས་ཕྱིའི་སྒྲོ་འདོག་མ་བཅད། བསམ་པས་ནང་གི་འཁྲུལ་པའི་རྩ་བ་མ་བཅད། བསྒོམ་པས་བདེ་བར་གཤེགས་པའི་དགོངས་པ་མ་ལོན་པའོ། །བསྟན་པ་ཡི་ཟབ་དོན་གྱི་ཆོས་ལ་རང་བཟོའི་རྟོག་དཔྱོད་བྱས་ནས། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་ཀྱི་བརྗོད་བྱའི་དོན་དེ་རྟོག་དཔྱོད་ཀྱིས་མ་ཕིག་པས། ཟབ་མོའི་བཀའ་ལ་རང་གི་ཞེ་འདོད་ཀྱིས་ཞེན་ཕྱོགས་སུ་ལུང་དྲངས་ཤེས་པའོ། །དེ་གང་ཡིན་ཞེ་ན། རིང་བྱེད་ཀྱི་བུ་ལྷག་སྤྱོད་དང་སྒྱུ་རྩལ་ཤེས་ཀྱི་བུ་རིང་ཕུར་ལ་སོགས་པའི་མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ཞེས་བྱ་བ་ལྟ་བ་དང་གྲུབ་མཐའ་ལོག་པར་སྨྲ་བ་མང་དུ་བྱུང་ངོ་། །བསྡུས་ན་རྟག་ཆད་གཉིས་སུ་འདུས་པ་དང་། དྲངས། ཅི་འདྲ་བ་བྱུང་ན། ལ་ལ་རྒྱུ་འབྲས་འགོག་པ་ཡིས་ཞེས་པ་ནི། ལས་རྒྱུ་འབྲས་ཚེ་སྔ་ཕྱི་ཐམས་ཅད་འགོག་ནས་མེད་པ་སྟེ། ཉི་ཚེའི་སྟོང་པ་ཆད་ལྟ་ཁོ་ནར་བལྟས་སོ། །ལ་ལས་ཡོད་པར་རྣམ་པར་བརྟག་པ་ཡིས་འབྲས་བུ་རྟག་པར་རྟོག་པའི་བལྟ་བས་རང་རྒྱུད་དངོས་པོ་མཚན་མར་སྨྲ་བ་སྟེ་འདི་རྟག་ལྟ་བའི་འདོད་པའོ། །ལོག་རྟོག་གི་དཔྱོད་པས་བཀའི་དོན་མི་ཕིག་པའི་ཕྱིར། ལྟ་བ་ངན་པ་འཛིན་པ་དང་། དྲངས། དེ་དག་གིས་བཀའི་དོན་ཅིའི་ཕྱིར་མ་རྟོགས་ཞེ་ན་བདེ་བར་གཤེགས་པའི་བསྟན་པའི་གསུང་རབ་འདི་རྣམས་ནི་རྒྱ་མཚོ་ལྟར་དགོངས་པའི་གཏིང་ཟབ་ཅིང་ས་གཞི་ལྟར་སྤྱོད་པ་རྒྱ་ཆེ། དགོངས་པ་སྣ་ཚོགས་སྟོན་པས་ན་གང་ཟག་གིས་མི་རིག་སྟེ་དཔག་དཀའ་བས་རང་གིས་ཡིན་སྙམ་གྱི་དཔྱོད་པས་བཀའ་ཟབ་མོའི་དོན་མ་ཕིག་སྟེ་ལོག་པའི་ལྟ་བ་རྟག་ཆད་སྣ་ཚོགས་འཛིན་པའོ། །རྟགས་ཙམ་འཛིན་པའི་ངེས་ཚིག་དང་། དྲངས། རྟགས་ཙམ་འཛིན་པའི་མུ་སྟེགས་པ་དེའི་སེམས་ནི་ལོག་པའི་ལམ་དུ་ཞུགས་ཏེ། རྟག་ཆད་ཀྱི་དོན་ལ་གནས་ཤིང་ཉོན་མོངས་པ་རང་ཁར་སྤྱོད་པར་བྱེད་པའོ། །ཆོས་གོས་རྣམ་གསུམ་ལ་སོགས་པ་ལུས་ཀྱིས་སངས་རྒྱས་ཀྱི་ཚུལ་རྟགས་འཛིན་པས། རྟགས་ཙམ་འཛིན་པའི་མུ་སྟེགས་པ་ཞེས་དེ་ལ་བྱ། བསྟན་པ་འཇིག་པའི་ཚེ་རྟགས་ཙམ་འཛིན་པ་རང་གི་ཕྱོགས་ལ་ཡོད་པ འོ། །དྲངས། སྤྲུལ་སྐུ་ཤཱཀྱ་སེངྒེའི་བསྟན་པ་རྒས་ཏེ་འཇིག་ལ་ཉེ་བས། སྙིགས་མ་ལྔའི་དུས་དེང་སང་ལ་བབ་སྟེ། གང་གིས་རྟགས་ཙམ་འཛིན་པའི་འགྲོ་བ་དེ། དེང་སང་ནང་པ་སངས་རྒྱས་པའི་ནང་ན་ཤིན་ཏུ་མང་བར་གསུངས་སོ། །དེ་ཡང་ལང་ཀར་གཤེགས་པ་ལས། ང་ཡི་བསྟན་པ་སུམ་འབྱིན་པ། །ངུར་སྨྲིག་གི་ནི་གོ་བགོས་ཤིང་། །འབྲས་བུ་ཡོད་དང་མེད་སྨྲ་བ། །བྱིས་སྦའི་གཟུགས་ཅན་རང་བཞིན་འབྱུང་། །འབྲས་བུ་མེད་སྨྲའི་ལྟ་ངན་གྱིས། །སྐྱེ་བོ་མང་པོ་བརླག་པར་བྱེད། །ཅེས་སོ། །ལུང་གི་ཕྱོགས་ཙམ་འཛིན་པ་ལ་གསུམ་སྟེ། བཀའ་ལས་གོལ་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་བཞིས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དྲངས། བདེ་བར་གཤེགས་པའི་གསུང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ལུང་གི་ཕྱོགས་ཕྲ་བ་ཙམ་ཅིག་འཛིན་པར་བྱེད་ཅིང་ལྟ་བ་རྟག་ཆད་ཀྱི་མཐར་སོང་བའི་མུ་སྟེགས་པ་དེ་དག་གི་མཚན་ཉིད་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། རྒྱལ་བ་སངས་རྒྱས་ཀྱི་བཀའི་སྒྲའི་རྗེས་སུ་འབྲང་པའི་ཞོར་བྱུང་གི་ཐེག་པ་ཡིན་པའི་ཕྱིར། ཕྱོགས་ནི་ཅུང་ཟད་མཐུན་པ་ཙམ་གྱི་ལྟ་བ་ལོག་པ་སྟེ་ཐེག་པ་དགུའི་གྲངས་དང་མཐུན་པ་ཙམ་ལས་དོན་ནོར་བར་སོང་ནས། རང་གི་འདོད་པའི་ཞེན་ཕྱོགས་ཀྱིས་འཁྲུལ་པའི་ལམ་དུ་ཞུགས་ནས་དེའི་ང་རྒྱལ་གྱིས་སྙེམས་པས་དེ་ལས་བཟློག་པར་དཀའ་བའོ། །གཉིས་པ་མདོར་བསྟན་པ་ནི། དྲངས། ལུང་གི་ཕྱོགས་ཙམ་འཛིན་པའི་མུ་སྟེགས་པ་དེ་ལ་ཡང་མདོ་སྐད་ཀྱིས་བྱེ་བྲག་རྣམ་པ་བཞི་སྟེ་གང་ཞེ་ན། ཉན་རང་གཉིས་ལ་གོལ་བ་ཕྱི་རོལ་པ་དང་། བྱང་སེམས་ལ་གོལ་བ་ཡང་དག་པ་དང་། ཕྱི་རྒྱུད་གསུམ་ལ་གོལ་བ་གསང་སྔགས་པ་དང་ནང་པ་རྣམ་གསུམ་ལ་གོལ་བ་གསང་ཆེན་པ་དང་བཞི་སྟེ། འདི་དག་རེ་རེ་ལའང་བྱེ་བྲག་གསུམ་གསུམ་དུ་ཕྱེ་སྟེ། ཐེག་པ་དགུ་ལ་གོལ་བའི་མུ་སྟེགས་དགུ་ཡིན་ནོ། །རྒྱས་བཤད་ལ་བཞི་སྟེ། གང་ཟག་གསུམ་གོལ་གཞི་གསུམ་ལས་ཆ་མཐུན་ལོག་པར་རྟོགས་པ་ཕྱི་རོལ་པ་རྒྱས་པ་དང་། ཡང་དག་པ་དང་། གསང་སྔགས་པ་དང་། གསང་ཆེན་པ་རྒྱས་པའོ། །དང་པོ་ནི། དྲངས། ཕྱི་རོལ་པ་ལའང་རྣམ་པ་གསུམ་སྟེ། གང་ཞེ་ན་འདི་ལྟ་སྟེ། འདིར་བཤད་གཞི་ཅིག་དྲང་ན་གོ་བདེ་བ་ཡིན་པས། ལོག་པར་སོང་ཅེས་པ་བཤད་པའི་གཞིར་དྲངས། དེའི་ཁྱད་པར་གྱི་ཆོས་ལ་གསུམ། གང་ལོག་པར་སོང་ན། མུ་སྟེགས་པ་བྱེ་བྲག་པ་དང་། ཐ་སྙད་པ། རང་སྣང་ཕྱོགས་གཅིག་པ་ཞེས་བྱ་བ་དེ་གསུམ་ལོག་པར་སོང་། གང་ལས་ལོག་པར་སོང་ན། ཉན་ཐོས་བྱེ་བྲག་པ་དང་། མདོ་སྡེ་པ་དང་རང་སངས་རྒྱས་ཀྱི་ལྟ་བ་ལས་ལོག་པར་སོང་ཚུལ་ཅི་ལྟར་དུ་ལོག་པར་སོང་ན་ཆ་མཐུན་ཙམ་ལས་ལོག་པར་སོང་བའོ། །འདི་དག་གི་དོན་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ལ། མུ་སྟེགས་བྱེ་བྲག་པའི་ལྟ་བ་ནི། ཡུལ་སེམས་གཉིས་ལ་འབྲེལ་བ་མེད་པས་བྱེ་བྲག་ཏུ་སྨྲ་བ་ཡིན། ཕྱི་བཟུང་བའི་ཡུལ་རྡུལ་ཕྲ་རབ་སིལ་བུ་དུས་གསུམ་རྫས་ཡོད་དུ་རྟག་པར་འདོད། ནང་འཛིན་པའི་སེམས་སྐད་ཅིག་ཆ་ཤས་དང་བྲལ་བ་ལ་གོལ་ནས། བདག་རྟག་པ་ཤེས་རིག་གི་སྐྱེས་བུ་ཞེས་བྱ་བ་ཞིག་འདོད་དོ། །ཐ་སྙད་པའི་ལྟ་བ་ནི། གཞལ་བྱ་གཞལ་བྱེད་ཀྱིས་འབྲེལ་བའི་ཕྱིར་ཉན་ཐོས་མདོ་སྡེ་པ་ལས་གོལ་སྟེ། ཕྱི་བཟུང་བའི་ཡུལ་ནི་རྡུལ་འདུས་པའི་རང་བཞིན་པོ་ཏིའི་གྲས་ཁ་ལྟར་རྟག་པར་འདོད། ནང་གི་སེམས་ནི་བྱེ་བྲག་པ་དང་མཐུན་ནོ། །འདི་གཉིས་ཀྱི་སྤྱོད་པ་ནི། དགེ་བཅུ་དང་། དཀའ་ཐུབ་བྱེ་བྲག་པ་རྣམས་དང་། ལུས་བ་གླང་གི་ལྕི་བས་བྱུག་ཅིང་འདག་ཆལ་གྱིས་ཁྲུས་བྱེད་པ་དང་། རྫས་ཅན་གྱི་གསེར་དངུལ་ལ་སོགས་པ་ལ་གཅོད་པ་དང་རེག་པར་མི་བྱེད་དོ། །སྒོམ་པ་ནི། བདག་དེ་དག་པར་བྱ་བའི་ཕྱིར། །ཤེས་པ་ཡུལ་ལ་མི་སྤྲོ་ཞིང་། །དེ་ཉིད་ལ་ནི་བརྟན་པའོ། །རང་སྣང་ཕྱོགས་གཅིག་པ་ནི། རང་སངས་རྒྱས་ཀྱི་ལྟ་བ་ཕྱིའི་ཡུལ་མ་གྲུབ་ཅིང་ནང་འཛིན་པའི་སེམས་སྐད་ཅིག་རང་གསལ་དེ་ལས་གོལ་སྟེ། ཕྱི་ཡུལ་ལ་རྟོག་དཔྱོད་མི་བྱེད་ནས་སྟོང་པ་ཕྱང་ཆད་དུ་འདོད་དོ། །ནང་འཛིན་པའི་སེམས་རིག་པ་རྫས་གྲུབ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་གཅིག་ཏུ་འདོད། སྤྱོད་པ་ནི་གོང་མ་གཉིས་དང་མཐུན། ཁྱད་པར་དུ་གཅིག་པུར་གནས་པའོ། །ཡང་དག་པ་ལ་གཉིས་ཏེ། བགྲང་། གང་ཟག་གསུམ་གོལ་གཞི་གསུམ་ལས་ཆ་མཐུན་ལོག་པར་རྟོག་པ་དང་། དྲངས། གོང་གི་ཕྱི་རོལ་པ་ལས་ལྷག་པར་འདོད་པས་ན་ཡང་དག་པ་ཞེས་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། ལོག་ཅེས་པ་བཤད་པའི་གཞིར་དྲངས། དེའི་ཁྱད་པར་གྱི་ཆོས་ལ་བཞི་སྟེ། གང་ལོག་ན། མུ་སྟེགས་ཕྲ་བ་པ་དང་ཟ་བ་པ་དང་རྒྱ་ཆེ་ཡང་པ་གསུམ་པོ་འདི་དག་ལོག །གང་ལས་ལོག་ན། སེམས་ཙམ་རྣམ་བདེན་པ་དང་། རྣམ་རྫུན་པ་དང་དབུ་མ་ཆེན་པོའི་ལྟ་བ་ལས་ལོག་པར་སོང་། ཚུལ་ཅི་ལྟར་དུ་སོང་ན། སྤྱོད་པ་ཕྱོགས་མཐུན་ཙམ་དུ་ཞུགས། ལྟ་བ་ཆ་མཐུན་ཙམ་གྱིས་ལོག་པར་སོང་། འདི་དག་གི་དོན་ནི། ཕྲ་བ་ནི་རྣམ་བདེན་པ་ལས་གོལ་བ་ཡིན་ཏེ། སེམས་ནང་གི་བདག་རྟག་པས་ཡུལ་བྱེད་པ་བྱེད་མཁན་གྱི་ངོ་བོར་བདེན་པར་འདོད། གཞན་ཡང་ཡུལ་དུ་སྣང་བ་ཤིང་ལ་སོགས་པ་རྣམས་ལ་སེམས་ཡོད་པ་ཡིན་ཏེ། ལྤགས་པ་བཤུས་ན་སྐམ་པ་དང་། ཉིན་མོ་ལོ་འདབ་འཛུམ་པ་དང་། མཚན་མོ་ལོ་འདབ་འཁུམ་ཞིང་འདུག་པའི་ཕྱིར་ཅེས་ཟེར་རོ། །ཟ་བ་པ་ནི། རྣམ་རྫུན་པ་ལས་གོལ་བ་ཡིན་ཏེ། ཕྱི་ཡུལ་གྱི་རྣམ་པ་རྫུན་ཏེ་ཆད་ལྟ་ལ་ཤོར་བའོ། །ནང་འཛིན་པའི་སེམས་རང་རིག་རང་གསལ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་སེམས་ཅན་གྱི་ལུས་དང་སྦྱར་བ། ཆེ་བ་སྲན་རྡོག་ཙམ། ཆུང་བ་ཏིལ་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་དུ་ཡོད་པར་འདོད། རྒྱ་ཆེ་ཡང་པ་ནི། དབུ་མ་ཆེན་པོའི་ལྟ་བ་ལས་གོལ་བ་ཡིན་ཏེ། འགྲོ་བ་སེམས་ཅན་གྱི་ཤེས་རྒྱུད་བདག་ཆེན་པོ་གཅིག་ཡིན་གྱིས། དེ་ཡང་རིག་པ་མུ་མཐའ་མེད་ཅིང་དངོས་པོ་ཡོད་མེད་ལས་གྲོལ་བ། འགྲོ་བ་ཀུན་ལ་གཉིས་སུ་མེད་པར་ཁྱབ་པའི་བདག་རྟག་པ་ཆེན་པོ་གཅིག་ཡིན་ལ། སེམས་རྒྱུད་ཐ་དད་པར་སྣང་བ་ནི། སྲོག་ལུས་དུ་མ་འཁྲུལ་བའི་དབང་གིས་བདག་གཞན་ཐ་དད་དུ་བཟུང་བའོ། །དེ་ཡང་དཔེར་ན་ཕྱིའི་ནམ་མཁའ་ཆེན་པོ་དེ། བུམ་པ་ལ་སོགས་སྣོད་ཐ་དད་པའི་རྐྱེན་གྱིས། ནམ་མཁའ་ཆུང་ངུར་བཀོལ་ལིང་དུ་ཆད་ལ། དེ་ཡང་བུམ་པ་ཆགས་ནས་ནམ་མཁའ་ཆེན་པོར་ཐིམ་པའོ། །དེ་བཞིན་དུ་རྣལ་འབྱོར་པས་ལམ་བགྲོད་པས་བདག་ཐ་དད་དུ་འཛིན་པ་ཟད་པས་སྲོག་གི་དབང་པོ་འགགས་པ་དང་། དངོས་པོ་ཡོད་མེད་ལས་གྲོལ་བའི་བདག་གཅིག་ཏུ་ཐིམ་ནས་ཐར་བར་འདོད་པའོ། །འདིའི་འདོད་པ་ནི་འོག་རྒྱལ་ཐོབ་པའི་སྐབས་སུ་སྦྱོར། དེ་ནི་ཆ་མཐུན་ཙམ་གྱི་ལྟ་བ་ལོག་ལུགས་ཡིན། སྤྱོད་པ་ཕྱོགས་མཐུན་ནི། སེམས་ཅན་ལ་བྱམས་སྙིང་རྗེ་ཅུང་ཞིག་བསྒོམ་ནས། སེམས་ཅན་ལ་གནོད་འཚེ་སྤང་བའོ། །བདག་ཉིད་མ་སྤངས་པའི་སྐྱོན་ནོ། །དྲངས། མུ་སྟེགས་དེ་རྣམས་ཀྱི་ལྟ་བ་ཅི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། ཕྲ་བ་ཆོས་ཀྱི་བདག་དང་། རགས་པ་གང་ཟག་གི་བདག་འཛིན་གཉིས་པོ་མ་སྤངས་པས་བསྒོམ་པ་བསམ་གཏན་ནོར་བའི་ལམ་དུ་ཞུགས་ཏེ་མཐོ་རིས་ཐོབ་སྟེ་ཐར་པ་བྱང་ཆུབ་མི་ཐོབ་པའོ། །རྩ་བ་དྲུག་པོ་འདི་ལས་གྱེས་པའི་རྒྱུའི་ཐེག་པ་རྣམས་དང་ཆ་མཐུན་ཙམ་གྱི། ལོག་པའི་ལྟ་བ་དུ་མ་སྣ་ཚོགས་འབྱུང་བར་བཤད་དོ། །གསང་སྔགས་ལ་གཉིས་ཏེ། བགྲང་། གང་ཟག་གསུམ་གྱིས་ཕྱི་རྒྱུད་གསུམ་ལ་ཆ་མཐུན་ལོག་པར་རྟོག་པ་དང་། དྲངས། འདི་ནི་གསང་སྔགས་ལས་གོལ་བས་གསང་སྔགས་པ་ཞེས་བྱའོ། །དེའང་རྣམ་པ་གསུམ་སྟེ། ལོག་ཅེས་པ་བཤད་པའི་གཞིར་དྲངས། དེའི་ཁྱད་ཆོས་ལ་གསུམ། གང་ལོག་ན། མུ་སྟེགས་རིག་བྱེད་པ་དང་། རིག་སྤྱོད་པ་དང་། རིག་སྦྱོར་བ་དང་གསུམ་ལོག །གང་ལས་ལོག་ན། བྱ་བ་སྤྱོད་པ་རྣལ་འབྱོར་ལས་ལོག །ཚུལ་ཅི་ལྟར་དུ་ལོག་ན། ལྟ་བ་སྤྱོད་པ་བསམ་གཏན་དག་བྱ་སྤྱོད་རྣལ་འབྱོར་གསུམ་དང་ཆ་ཙམ་མཐུན་སྟེ་དོན་ལས་ལོག །འདི་དག་དོན་ནི། དེ་ལ་རིག་བྱེད་པའི་ལྟ་བ་ནི་ཀྲི་ཡ་ལྷ་དྲུག་བསྐྱེད་པ་ལས་གོལ་ཏེ། འཇིག་རྟེན་གྱི་བྱེད་པ་པོ། རྒྱུ་རྐྱེན་ལས་འདས་པའི་ཡེ་གྲུབ་རྟག་པ་ཆེན་པོ་དེ་ནི་ཚངས་པ་ཡིན་ཏེ། འཇིག་རྟེན་འདི་དག་མེད་པའི་དུས་ན། ཚངས་པ་ཆེན་པོས་སྤྲུལ་པའི་སྒོ་ང་ཞིག་བྱུང་། དེ་བཅག་པའི་ནང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཕྱི་ནང་སྣོད་བཅུད་ཐམས་ཅད་བྱུང་བར་འདོད་པའི་རྟག་ལྟ་ཆེན་པོ་གཅིག་ཏུ་འདོད་དོ། །རིག་སྤྱོད་པ་ནི། སྤྱོད་པའི་རྒྱུད་ལས་གོལ་ཏེ། འཇིག་རྟེན་འདི་དག་ཁྱབ་འཇུག་གིས་བྱས་པའི་རྟག་པ་གཅིག་ཏུ་འདོད་དོ། །དེ་ཡང་མཛད་པ་བཅུར་སྣང་བས་ཀུན་ལ་ཁྱབ་སྟེ། གསེར་གྱི་རུ་སྦལ་དུ་སྣང་བས། སྣོད་བཅུད་རྟེན་དང་བརྟེན་པའི་གཞི་བྱས། ཕག་ཏུ་སྣང་བས་འཇིག་རྟེན་གྱི་མི་གཙང་བའི་ལྗན་ལྗིན་ཐམས་ཅད་དག་པར་བྱས། རྨ་བྱར་སྣང་ནས་སྨན་གྱི་ནུས་པ་བསྐྱེད་པ་དང་། དུག་གི་ནུས་པ་སེལ་བར་བྱས། ནེ་ཙོར་སྣང་བས་བེམ་རིག་ཐམས་ཅད་ཀྱི་གྲགས་པ་སྒྲའི་ནུས་པ་དང་བྱེ་བྲག་ཐམས་ཅད་བྱས་སོ། །མདུང་ཐུང་དུ་སྣང་ནས་བསད་ཅིང་མེད་པའི་ལས་ཐམས་ཅད་བྱས། སྐྱེས་བུར་སྣང་བ་ཤཱཀྱ་ཐུབ་པ་ཉིད་ཀྱང་ཡིན། གཞན་ཡང་མུན་པར་སྣང་བ་དང་། སེང་གེར་སྣང་བས་ཁ་ནས་འོད་ཟེར་སྤྲོས་ཞིང་ཉི་ཟླ་གསལ་བར་ཐམས་ཅད་བྱས། ཐོ་བ་མཚོན་ཆའི་མཛད་པས་ལྷ་མ་ཡིན་གྱི་གཡུལ་ངོ་བཟློག་པར་བྱས། རྟག་པ་ཆེན་པོ་འདིས་ནི་ཀུན་ལ་ཁྱབ་སྟེ། འདི་ཐོབ་པར་བྱ་བའི་ཕྱིར་དེ་ཉིད་ཀྱི་བཟླས་སྒོམ་མཆོད་བསྟོད་ལ་བརྩོན་པར་བྱའོ། །གཞན་ཡང་ཁྱབ་འཇུག་གི་སྤྲུལ་པ་བཅུ་ནི། འདི་ལྟར་དུ་འདོད་པའང་ཡོད། །ཉ་དང་རུ་སྦལ་ཕག་རྒོད་དང་། །མིའི་སེང་གེ་མིའུ་ཐུང་། །ར་མ་གཉིས་དང་ནག་པ་དང་། །སངས་རྒྱས་ཀར་ཀོ་ཙེ་དང་བཅུ། །ཅེས་སོ། །འདི་རྣམས་ཀྱི་གཏམ་རྒྱུད་རྒྱས་པར་བཤད་རྒྱུ་ཡོད་ཀྱང་། དོན་ཆུང་བས་མ་བྲིས་སོ། །རིག་སྦྱོར་བའི་ལྟ་བ་ནི། རྒྱུ་རྐྱེན་དང་བྲལ་བའི་ཡེ་གྲུབ་ཆེན་པོ་དེ་ནི། ཁ་ཅིག་བརྒྱ་བྱིན། ཁ་ཅིག་དགའ་རབ་དབང་ཕྱུག་ཡིན་ཏེ། སྣོད་བཅུད་འདི་དག་དེས་བྱས་སོ། །དེ་ཡང་ལོ་ཐོག་སྐྱེ་འཁྲུངས་དང་། སས་བརྟན། ཆུས་བསྡུས། མེས་སྨིན། རླུང་གིས་གཡོས། དུས་ཀྱིས་འགྱུར། ནམ་མཁས་གོ་སྐབས་འབྱེད་པོར་བྱེད་པའོ། །དེའི་གོ་འཕང་འཐོབ་པར་འདོད་པའི་ཕྱིར། རིག་བྱེད་ཀྱི་སྨྲང་བཞི་འདོན་ཞིང་ཁྲུས་དང་། གཙང་སྦྲ་དང་། དཀའ་ཐུབ་དཀའ་སྤྱད་ལ་བརྩོན་པའོ། །ལྟ་བ་སྤྱོད་པ་དེ་ལྟར་བྱས་ཀྱང་འཁོར་བ་ལས་མི་འདའ་འོ། །དྲངས། བདག་ཏུ་འཛིན་པ་ལ་ཞེན་ཅིང་དེའི་དབང་གིས་གཟུང་འཛིན་གྱི་འཁྲུལ་པའི་མཐའ་ལ་ཞེན་པ་རྣམས་ཀྱི་བདེ་གཤེགས་སྤྲུལ་སྐུའི་རྣམས་རིགས་ལྔ་ཐུབ་དྲུག་རིགས་གསུམ་མགོན་པོ་སྐུར་སྣང་བ་ལས། དེ་ལྟར་མ་ཤེས་པས། ཐམས་ཅད་ཀྱི་བྱེད་པ་པོ་ཕྱྭ་དང་དབང་ཕྱུག་དག་ཏུ་འཁྲུལ་ནས། དེ་ཐོབ་པའི་ཐབས་ལ་རིག་བྱེད་ཀྱིས་སྨྲ་བ་བཞི་འདོད་པའོ། །དེ་གང་ཞེ་ན། ངེས་བརྗོད་ཀྱི་རིག་བྱེད་དང་། སྙན་ངག་གི་རིགས་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་བཞིའོ། །ལ་སོགས་པའི་སྒྲས། དུས་ཚིག་གཟའ་སྐར་ཁྲུས་གཙང་སྦྲ་ལ་བརྩོན་པའོ། །དེ་ལྟར་དཀའ་ཐུབ་དཀའ་སྤྱད་ཅི་བསྒྲུབ་ཀྱང་། སྐྱོན་ནི་བདག་འཛིན་ལ་ཞེན་པའི་མུན་པ་མ་དངས་པས་བདག་མེད་མ་རྟོགས་པའི་ཕྱིར། འཁོར་བ་ཉིད་དུ་སྐྱེ་བ་མང་པོར་བརྒྱུད་དེ་ཐར་པ་མི་ཐོབ་པའོ། །ལྟ་བ་འདི་ལ་གྱེས་པའི་ལོག་ལྟའི་ལྟ་བ་དུ་མ་བྱུང་ལུགས་ནི། མདོ་དགོངས་པ་འདུས་པ་ལས་བཤད་དོ། །རྣམ་དབྱེ་དེ་རྣམས་དོན་ཆུང་བའི་ཕྱིར་མ་བྲིས་སོ། །གསང་ཆེན་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། གང་ཟག་གསུམ་ནང་པ་གསུམ་ལས་གོལ་བ་དང་། དྲངས། མུ་སྟེགས་གསང་ཆེན་པ་ལའང་རྣམ་གསུམ་སྟེ། འཁྲུལ་ཅེས་པ་བཤད་པའི་གཞིར་དྲངས། དེའི་ཁྱད་པར་གྱི་ཆོས་ལ་གསུམ་སྟེ། གང་འཁྲུལ་ན། བརྟུལ་ཤུགས་ཆེར་སྤྱོད་པ་དང་། རྒྱལ་དཔོག་པ་དང་རྒྱལ་ཐབས་བ་དང་གསུམ་པོ་དེ་འཁྲུལ། གང་ལས་འཁྲུལ་ན། བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་པ་ཨ་ནུ་ཡོ་ག་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལས་འཁྲུལ། ཚུལ་ཅི་ལྟར་དུ་འཁྲུལ་ན། ལྟ་བ་སྤྱོད་པ་ཏིང་འཛིན་དག་ལ་འདྲ་མཐུན་ཙམ་གྱིས་ལྟོས་པས་འཁྲུལ་པ་ཡིན་ཏེ། འདི་དག་གི་དོན་རྒྱས་པར་བཤད་པ་འོག་ནས་འཆད་དོ། །ལོངས་སྐུའི་སྤྱོད་པ་ལ་ལོག་པར་རྟོག་པའོ། །དྲངས་། བདེ་བར་གཤེགས་པ་ལོངས་སྐུའི་གཟུགས་བརྙན་ནི་གང་ལ་གང་འདུལ་གྱིས། རྟ་མགྲིན་ལ་རྟ་དབུ། རྡོ་རྗེ་ཕག་མོ་ལ་ཕག་ཞལ། འཇིགས་བྱེད་ལ་གླང་མགོ། གཞན་ཡང་འཕྲ་མེན་མ་ལ་སོགས་པའི་མགོ་བརྙན་ལས་གོལ་གཞི་བྱས་ནས། ཁྱབ་འཇུག་ལ་སེང་གེའི་མགོ་ཡོད་པས་སེངྒེ་ཞེས་བྱ། དང་ནི་ཞེས་པ་ནི་འོག་མ་སྡུད་པའི་ཚིག་ཡིན། མ་ཧཱ་དེ་བས་འཇིག་རྟེན་འཇིགས་པར་བྱེད་པས་འཕྲོག་བྱེད། ཚངས་པས་ནི་འཇིག་རྟེན་ཐམས་ཅད་བསྐྱེད་པར་འདོད་པས་དབྱིག་གི་སྙིང་པོ་ཞེས་བྱ་བ་དེ་ལྟ་བུ་དག་ཏུ་འཁྲུལ། གསང་སྔགས་ནང་པ་དང་འདྲ་མཐུན་སྦྱོར་སྒྲོལ་ལ་སོགས་པའི་སྤྱོད་པ་ཅི་ལྟར་སྤྱོད་ཀྱང་བདག་མེད་པ་ལ་བདག་ཏུ་སྒྲོ་འདོགས་པའི་དབང་གིས་གཟུང་འཛིན་གྱི་ཞེན་པ་མ་སྤངས་པས་མཐོ་རིས་དང་ཐར་པའི་འབྲས་བུ་མི་མྱོང་སྟེ། འདི་ནི་ཕལ་ཆེར་ངན་སོང་དུ་འགྲོའོ། །ལྟ་སྤྱོད་ལོག་པའི་དཀའ་ཐུབ་ཅན་དེ་དག་ནི་རང་གི་བསམ་པའི་འབྲས་བུ་དག་པར་བཞེད་ནས་དེ་དག་སྒོམ་སྟེ། མཆོད་བསྟོད། བསྙེན་བསྒྲུབ་བྱས་ནས། དེ་མཆོད་པའི་ཕྱིར་སྦྱོར་སྒྲོལ་ལ་སོགས་པ་རང་རྒྱུད་དུ་སྤྱོད་པ་ཡང་སྣ་ཚོགས་སྤྱད་དོ། །དེ་ལྟར་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པར་བསྙེན་བསྒྲུབ་མཆོད་གསུམ་བྱས་པས། ནད་སེལ་ནོར་འཕེལ། ཆུ་ལ་མི་བྱིང་བ་ལ་སོགས་པ་དངོས་གྲུབ་ཕྲ་མོ་འདི་དག་འབྱུང་བས་མུ་སྟེགས་པ་ཁོ་རང་རྣམས་དང་། གཞན་གྱི་གང་ཟག་ཕལ་པ་རྣམས་ཀྱི་ངོར་ཡ་མཚན་ཅན་ཞེས་གྲགས་པའོ། །བྱེ་བྲག་ཏུ་དབྱེ་བ་ལ་གཉིས་ཏེ། དབྱེ་གཞི་དང་། དངོས་སོ། །དང་པོ་ནི། དྲངས། གསང་ཆེན་པ་ལའང་རྣམ་པ་གསུམ་ཡོད་པའི་མུ་སྟེགས་པ་དེ་དག་སོ་སོའི་དབྱེ་བ་དེ་ཡང་མདོ་ཙམ་ཅིག་རབ་ཏུ་བརྗོད་པར་བྱ་སྟེ། གཉིས་པ་དངོས་ལ་གསུམ་སྟེ། བརྟུལ་ཤུགས་པ་དང་། རྒྱལ་དཔོག་པ་དང་། རྒྱལ་ཐབས་པའོ། །དང་པོ་ལ་གསུམ་སྟེ། བགྲང་། གོལ་གཞི་དང་། དྲངས། མུ་སྟེགས་བརྟུལ་ཤུགས་པ་ནི་གསང་སྔགས་ཀྱི་ཐབས་ཀྱིས་ཟིན་པའི་སྤྱོད་པ་ཡིས་བདག་གཞན་གཉིས་ཀའི་དོན་དུས་གཅིག་ཏུ་བསྒྲུབ་པ་དེ་ལས་གོལ་གཞི་བྱས་ནས། རྟག་པ་ཡེ་གྲུབ་ཆེན་པོ་འདི་ནི། དབང་ཕྱུག་ཆེན་པོ་ཡབ་ཡུམ་ཡིན་ཏེ། སྣོད་བཅུད་འདི་དག་གི་བྱེད་པ་པོ། དབང་ཕྱུག་ཆེན་པོ་ཡབ་ཡུམ་ཡིན། ཕོར་སྣང་བ་ཐམས་ཅད་ཡབ་ཀྱི་བྱིན་རླབས། མོར་སྣང་བ་ཐམས་ཅད་ཡུམ་གྱི་བྱིན་རླབས། སྐྱེ་གནས་བཞིའི་སེམས་ཅན་རྣམས་ནི་གཉིས་ཀའི་བྱིན་རླབས་ཡིན་ཏེ། ཡབ་ཡུམ་རྒྱུན་ཆད་མེད་པར་འདོད་པ་སྤྱོད་པ་ལས་ནི། བུ་ཆེ་བ་རྣམས་ནི་ལྷ་ཆེན་པོ་རྣམས་དང་། འབྲིང་བ་གཟའ་སྐར་རྣམས་དང་། ཆུང་བ་ཚྭ་དང་སྒོག་པ་ལ་སོགས་པའི་བེམ་པོ་ནུས་པ་ཅན་ཐམས་ཅད་དུ་སྣང་བས། འཇིག་རྟེན་འདི་དག་ཐམས་ཅད་ནི་རྟག་པ་ཆེན་པོ་ལས་བྱུང་བའི་རྟག་པ་ཉིད་དོ། །ཅེས་རྟག་པར་སྨྲ་བའོ། །སྤྱོད་པ་ནི་འོག་མ་དང་མི་འདྲ་སྟེ། འདིར་བརྟུལ་ཤུགས་ཆེན་པོའི་སྤྱོད་པ་སྟེ་སྦྱོར་བའི་མཆོད་པ་ཕོ་མོ་མང་པོ་འགྲོགས་པ་དང་། སྒྲོལ་བའི་མཆོད་པ་སེམས་ཅན་མང་པོའི་སྲོག་གཅོད་ནས། ཤ་ཁྲག་གིས་དབང་ཕྱུག་ཆེན་པོ་མཆོད། ཏིང་ངེ་འཛིན། རྩ་གསུམ་འཁོར་ལོ་བཞི་དང་། རླུང་ཐིག་ལེ་རྣམས་རང་རྒྱུད་དུ་བསྒོམས་ནས། བདག་རྟག་པ་མངོན་དུ་གྱུར་སྟེ། དབང་ཕྱུག་ཆེན་པོའི་འཁོར་དུ་སྐྱེ་བར་འདོད་པའོ། །གསང་སྔགས་མ་ཧཱ་ཡོ་ག་དེའི་རྒྱུད་གཞུང་ལས་ཀུན་བཟང་ཡབ་ཡུམ་དབྱེར་མེད་པའི་ཁྱད་པར་ལས། ལྷ་ཡབ་ཡུམ་གཙོ་འཁོར་ཐམས་ཅད་སྣང་ཞེས་བྱ་བ་དང་། ཆ་མཐུན་ཙམ་ལས་ལོག་པར་འཁྲུལ་བ་ཡིན་ནོ། །གོལ་བའི་ངོ་བོ་ལོག་པའི་ལྟ་སྤྱོད་བདག་གཞན་ལ་གནོད་པ་དང་། དྲངས། ཆོས་ཉིད་མཉམ་པ་ཆེན་པོའི་ལྟ་བ་རོ་གཅིག་པ་ནི་མ་རྟོགས་ཤིང་། སྦྱོར་སྒྲོལ་ལ་སོགས་བརྟུལ་ཤུགས་ཀྱི་སྤྱོད་པ་རླངས་པོ་ཆ་མཐུན་ཙམ་དུ་སྤྱོད་པས་བདག་གཞན་གཉིས་ཀ་ཆུད་གསན་ཏེ། ཕལ་ཆེར་མཐོ་རིས་ཀྱི་བདེ་བ་མྱོང་ཞིང་མི་ཐོབ་ན་ཐར་པའི་འབྲས་བུ་ག་ལ་སྲིད་དེ་ངན་སོང་གསུམ་དུ་ལྟུང་བའོ། །ལོག་ཞེན་གྱི་ནུས་པ་ཕྲ་མོ་ལ་བདེན་པར་ཞེན་པའོ། །དྲངས། གོང་ལྟར་བདེ་གཤེགས་ལོངས་སྐུའི་གཟུགས་བརྙན་ལ། ཁྱབ་འཇུག་ལ་སོགས་པ་ལོག་པར་བརྟགས་ཤིང་། ཞེན་པ་དེའི་སྒོ་ནས་ཁྱབ་འཇུག་དབང་ཕྱུག་ལ་སོགས་རྣམས་མཆོད་བསྟོད་སྒོམ་གསུམ་བྱེད་པའི་མཐུ་བརྟས་པས། ནད་སེལ། ནོར་འཕེལ། ཆུ་ལ་མི་བྱིང་བ་ལ་སོགས་པ་འཇིག་རྟེན་གྱི་དངོས་གྲུབ་ཕྲ་མོ་དག །འབྱུང་བར་འགྱུར་ཞིང་དེ་ལ་མུ་སྟེགས་པ་དང་། སྐྱེ་བོ་ཕལ་པ་རྣམས་ཡ་མཚན་སྐྱེ་བའོ། །རྒྱལ་དཔོག་པ་ལ་ལྔ་སྟེ། བགྲང་། གོལ་གཞི་དང་། དྲངས། གང་འཁྲུལ་ན། མུ་སྟེགས་རྒྱལ་དཔོག་པ་འཁྲུལ། གང་ལས་འཁྲུལ་ན། རྗེས་སུ་རྣལ་འབྱོར་སྟེ་ལུང་ཨ་ནུ་ཡོ་ག་ལས། ཚུལ་ཇི་ལྟར་དུ་འཁྲུལ་ན། ཆ་མཐུན་ཙམ་གྱིས་འཁྲུལ་པ་ཡིན་ཏེ། གོལ་བའི་ལོག་པར་རྟོག་པ་དང་། དྲངས། ལུང་ཨ་ནུ་ཡོ་གའི་ལྟ་བ་ཆོས་དབྱིངས་ནམ་མཁའ་མུ་མེད་ལས་གོལ་གཞི་བྱས་ནས། གཙོ་བོ་བེམ་པོ་ཞེས་མིང་དུ་བཏགས་ནས་ཅི་ཡང་མི་རུང་བའི་སྟོང་པ་ཕྱང་ཆད་ཉིད་དུ་འཁྲུལ། སེམས་མཚན་ཉིད་མེད་ལས་མི་ཟད་པའི་ཡེ་ཤེས་ལ་ནང་གི་སྐྱེས་བུ་ཞེས་མིང་བཏགས་ནས་བྱེད་པ་པོ་རྟག་པ་བརྟན་པ་མི་འགྱུར་བ་གཅིག་ཏུ་འཁྲུལ་ལོ། །གོལ་བའི་སྐྱོན་དང་། དྲངས། གཙོ་བོ་དང་སྐྱེས་བུ་དབྱེར་མེད་ཞེས་ཟབ་པའི་ཚུལ་དུ་སྨྲ་བར་བྱས་ཀྱང་མ་ཕན་ཏེ། ཡང་དག་པ་དབྱིངས་ཡེ་ཤེས་དབྱེར་མེད་ཀྱི་དོན་ཆེན་མ་རྟོགས་པས། སྲིད་པ་འཁོར་བའི་གནས་སུ་འཁྱམས་པའོ། །གོལ་བའི་རྣམ་གྲངས་མང་པོ་སྔོན་དུ་བྱུང་བ་དང་། དྲངས། ལྟ་བ་འདིའི་བྱེ་བྲག་ལས་ཟབ་མོར་བཅོས་པའི་ལྟ་བ་གྲངས་མང་པོ་བྱུང་བ་སྟེ། ད་ལྟ་ནང་པའི་སྒོམ་ཆེན་པ་ལའང་ཡོད་པར་བསྟན་པའོ། །དྲངས། དེ་ཡང་རྒྱལ་དཔོག་པའི་ལྟ་བ་འཛིན་པའི་མུ་སྟེགས་པ་ནི། ཕལ་ཆེར་ད་ལྟའི་རྣལ་འབྱོར་པ་སྒོམ་ཆེན་རྣམས་ཀྱི་ནང་ན་ཤིན་ཏུ་མང་ངོ་། །རྒྱལ་ཐབས་པ་ལ་གསུམ་སྟེ། གོལ་གཞི་དང་། ལྟ་བ་དང་། འབྲས་བུའོ། །དང་པོ་ནི། དྲངས། གང་འཁྲུལ་ན་མུ་སྟེགས་རྒྱལ་ཐབས་པ་འཁྲུལ། གང་ལས་འཁྲུལ་ན། ཤིན་ཏུ་རྣལ་འབྱོར་ཏེ་ཨ་ཏི་ཡོ་ག་ལས་འཁྲུལ། ཚུལ་ཅི་ལྟར་དུ་འཁྲུལ་ན། ཨ་ཏི་ཡོ་གའི་ལྟ་སྒོམ་སྤྱོད་གསུམ་དང་ཆ་མཐུན་ཙམ་ལས་ཕྱོགས་གཅིག་ཏུ་འཁྲུལ་བ་སྟེ་ལྟ་བ་ལ་གསུམ། བགྲང་། བདེན་པ་གཉིས་ལོག་པར་རྟོག་ཅིང་བདག་གསང་བར་སྨྲ་བ་དང་། དྲངས། མུ་སྟེགས་རྒྱལ་ཐབས་པ་དེ་དག་ཀུན་གྱི་ལྟ་བ་ནི་འདི་ལྟར་ཡིན་ཏེ། ཀུན་རྫོབ་སྒྱུ་མ་ཟེར་ཡང་རང་རྒྱུད་དུ་སོང་། ཀུན་རྫོབ་དེའི་རྟེན་འབྲེལ་རང་རྒྱུད་ཐ་མལ་དུ་འདོད་པ་ཡིན་ཏེ། རྫོགས་ཆེན་ལས། སོ་མ་མ་བཅོས་དེ་དག་ཡིན། །ཟེར་བའི་དོན་ལས་གོལ་བ་དང་། །དོན་དམ་ལ་ཀུན་རྫོབ་གྱི་རྟེན་མེད། དོན་དམ་ཡང་ལ་རང་བཞིན་བརྟེན་པ་མེད་དེ་སྟོང་པ་ཕྱལ་ཆད་དུ་སོང་བའོ། །གང་ཟག་སོ་སོའི་སེམས་ཀྱི་རང་བཞིན་ལ་བདག་བྱ་བ་གཅིག་ཡོད་དེ་ད་རུང་མངོན་སུམ་དུ་མ་གྱུར། བདག་དེ་འདི་ཡིན་ཞེས་བྱ་བའི་ཁས་ལེན་མེད་དེ། སེམས་ཀྱི་ངོ་བོ་ཁ་དོག་དབྱིབས་གཟུགས་གང་དུའང་མ་གྲུབ་པ་ལ་གོལ་གཞི་བྱས་སོ། །དེས་ཁམས་གསུམ་ཀུན་ལ་དཔག་པ་དང་། དྲངས། ཁམས་གསུམ་སེམས་ཅན་འདི་དག་རྣམས། ཀུན་རྫོབ་དོན་དམ་རྟེན་དང་བརྟེན་པ་མེད་དེ། གོང་མ་བཞིན་དུ་འདོད་དེ། ཀུན་གྱི་སེམས་ཀྱི་རང་བཞིན་ལ། བདག་བྱ་བ་རེ་རེ་ཡོད་དེ་མངོན་དུ་མ་གྱུར་པས་བདག་གསང་བར་སྨྲ་བའོ། །ལས་ཀྱི་རྣམ་པར་སྨིན་པ་འདོད་ཚུལ་ལོ། །དྲངས། དཀར་ནག་ལས་ཀྱི་རྣམ་སྨིན་དག །ཡོད་པར་འདོད་ན་ཡོད། ཡོད་པར་མི་འདོད་ན་མེད་དེ། འདི་ནི་རྫོགས་ཆེན་གྱིས་འཛིན་པ་ཡོད་ན་ལས་རྒྱུ་འབྲས་བདེན། འཛིན་པ་དག་ནས་ལས་རྒྱུ་འབྲས་མེད་ཟེར་བ་ལ་གོལ་གཞི་བྱས་སོ། །འབྲས་བུ་ལ་གཉིས་ཏེ། འབྲས་བུ་ཆོས་སྐུ་ལ་ལོག་པར་རྟོག་པ་དང་། དྲངས། གང་ཟག་གི་སེམས་ཀྱི་རང་བཞིན་བདག་ཅེས་བྱ་བ་དེ་དཔེར་ན་བུམ་པའི་ནམ་མཁའ་བཞིན། བུམ་པ་ཆགས་ན་བུམ་པའི་ནམ་མཁའ་ནམ་མཁའ་ཆེན་པོ་ལ་ཐིམ་པ་ལྟར། མཐར་ཕྱིན་འབྲས་བུ་མངོན་དུ་ཐོབ་པའི་ཚེ། རིག་པ་མེད་པས་ན་ཡེ་ཤེས་ཡང་མེད། དངོས་པོ་མེད་པས་དྭངས་པ་སྟེ་སྟོང་པ་ཕྱལ་ཆད་ཡིན་ནོ། །དཔེར་ན། བཅུད་མེད་ནམ་མཁའ་དྭངས་པར་ལྟར། གྱུར་ན་ཆོས་སྐུ་ཡིན་ཞེས་སྨྲ་བའོ། །ཐུགས་རྗེ་དང་གཟུགས་སྐུ་ལ་ལོག་པར་རྟོག་པའོ། །དྲངས། བདེ་གཤེགས་ཐུགས་རྗེའི་མཛད་པ་རྣམས་ཀྱང་ནང་གི་རིག་པ་མེད་པས་ན་ཐུགས་རྗེ་ཡང་མེད། སྣང་ཉིད་སྒྱུ་མའི་སྐྱེས་བུར་མཚུངས་ཏེ་དཔེར་ན་སྒྱུ་མའི་སྐྱེས་བུ་སྟོང་གིས་དེང་སང་གི་སྐྱེས་བུ་གཅིག་ལ་མི་དོ་བ་ལྟ་བུའོ། །ཕལ་ཆེར་གདུལ་བྱ་རང་གིས་བརྟག་པར་སྣང་། དེ་འདྲ་བའི་ལྟ་བའི་འདོད་ལུགས། འབྲས་བུས་འདོད་ལུགས། ལས་དཀར་ནག་ཡོད་མེད་ཀྱི་འདོད་ལུགས་ལ་སོགས་པ་ལྟ་བའི་བྱེ་བྲག་རྣམས་རྫོགས་ཆེན་དང་ཕྱོགས་རེ་ནས་ཆ་མཐུན་པའི་ལྟ་བ་ལོག་པ་མང་པོ་བྱུང་ངོ་། །བསམ་གཏན་ལ་གོལ་བ་འབྲས་བུ་དང་བཅས་པ་ལ་གསུམ་སྟེ། ལོག་ལྟའི་རྣམ་གྲངས་དང་། བསམ་གཏན་ལ་གོལ་བ་འབྲས་བུ་དང་བཅས་པ་དང་། མུ་སྟེགས་པའི་གྲུབ་མཐའ་མང་པོ་མདོ་རྒྱུད་ལས་བཤད་པ་འདིར་བསྡུས་པའི་གཏན་ཚིག་དང་བཅས་པའོ། །དང་པོ་ལོག་ལྟའི་རྣམ་གྲངས་ལ་ལྔ་སྟེ། བགྲང་། རྣམ་གྲངས་དང་། དྲངས། དེ་ཡང་ཆད་ལྟ་བ་ལ་ཚེ་སྔ་ཕྱི་མེད་པར་འདོད་པ་དང་། ལས་རྒྱུ་འབྲས་མེད་པར་འདོད་པ་དང་། མ་མཐོང་བའི་འགྲོ་བ་གཞན་མེད་པར་འདོད་པ་དང་། ཐམས་ཅད་མཁྱེན་པའི་སངས་རྒྱས་མེད་ཟེར་བ་དང་བཞིའོ། །རྟག་ལྟ་ལ་བཞི་སྟེ། རང་བཞིན་ནམ་རིག་པ་རྟག་པར་འདོད་པ་གྲངས་ཅན་པ་དང་། བྱེད་པ་པོ་རྟག་པར་འདོད་པ་དབང་ཕྱུག་པ་ལ་སོགས་ལྔ་དང་། རྡུལ་ཕྲན་རྟག་པར་འདོད་པ་བྱེ་བྲག་པ་དང་། རིག་པ་རྟག་པར་བཞི་འདོད་པ་ཚངས་པ་ལ་སོགས་པའོ། །དེ་ཡང་ཆད་པར་ལྟ་བའི་རྣམ་གྲངས་ནི། ཚེ་སྔ་མ་མེད། ད་ལྟ་གློ་བུར་དུ་སྣང་བ་སྟེ། མུ་རྟུག་པའི་འདོད་པ་རྒྱུ་ཉིད་ཆད་པར་རྟོགས་པ་དང་། ཚེ་སྔ་མའི་ལས་ལ་འབྲས་བུ་ཡོད། ད་ལྟའི་ལས་ལ་འབྲས་བུ་མེད་ཟེར་བ་རྒྱུའི་ཕྱོགས་གཅིག་ཆད་པར་རྟོག་པ་དང་། སྟོང་པ་ལ་སྟོང་པ་ཐིམ་པའམ། བཅུད་མེད་ནམ་མཁའ་དངས་པ་ལྟར་འདོད་པ་ནི་འབྲས་བུ་ཆད་པར་རྟོག་པ་དང་། ཞེས་པ་ནི་གོང་དུ་བཤད་པའི་རྒྱལ་ཐབས་པའི་འདོད་པ་ཡིན། སངས་རྒྱས་ལ་ཆོས་སྐུ་ཐོབ་རྒྱུ་ཡོད་ལ། ཡེ་ཤེས་དང་གཟུགས་སྐུ་ཐོབ་རྒྱུ་མེད་ཟེར་བ་ནི་འབྲས་བུ་ཕྱོགས་གཅིག་ཆད་པར་རྟོག་པའོ། །ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་དང་མཐོ་རིས་དང་ངན་སོང་གང་ཡང་མེད་ཟེར་བ་ནི་རྒྱུ་འབྲས་ཀུན་ཏུ་ཆད་པར་རྟོག་པའོ། །དེ་རྣམས་ནི་ཆད་པར་ལྟ་བའི་རྣམ་གྲངས་ཡིན། རྟག་པར་ལྟ་བའི་རྣམ་གྲངས་ནི། དྲངས། གཙོ་བོ་དང་སྐྱེས་བུ་དང་རྡུལ་ཕྲན་རྟག །ཕྱི་སྣོད་ངོ་བོ་ཉིད་ཀྱིས་རང་བྱུང་དུ་འབྱུང་སྟེ། ཉི་ཤར་ཆུ་བོ་མཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིང་རིང་རྣོ་བ་དང་། །རྨ་བྱའི་མདོངས་དབྱིབས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། །ཅེས་སོ། །འདི་ལྟ་བུ་ནི། རྒྱུ་ཉིད་རྟག་པར་རྟོག་པ་དང་། ཅེས་བྱའོ། །གཙོ་བོ་དང་སྐྱེས་བུ་རྟག་རྣམ་འགྱུར་གྱི་ཆོས་རྣམས་མི་རྟག་ཟེར་བ་ནི། རྒྱུའི་ཕྱོགས་གཅིག་རྟག་པར་རྟོག་པའོ། །ཆོས་སྐུ་བེམ་པོ་ལོངས་སྐུ་གུ་ལང་ལ་སོགས་པ་དང་། སྤྲུལ་སྐུ་ཕྱྭ་དང་དབང་ཕྱུག་ལ་སོགས་མི་འགྱུར་བའི་འབྲས་བུ་རྟག་པར་རྟོག་པ་དང་། ཅེས་བྱའོ། །ཚེ་སྔ་མའི་ལས་ལ་འབྲས་བུ་ཡོད་ལ། ད་ལྟར་གྱི་ལས་ལ་འབྲས་བུ་མེད་ཟེར་བ་དང་། ཡང་ན་ཆོས་སྐུ་མི་གསལ་བས་རྣམ་པ་མེད། ལོངས་སྤྲུལ་རྟག་ཟེར་བ་ནི་འབྲས་བུའི་ཕྱོགས་གཅིག་རྟག་པར་རྟོག་ཅེས་བྱའོ། །མི་ཤི་བ་མིར་སྐྱེ། རྟ་ཤི་བ་རྟར་སྐྱེ་ཟེར་བ་ལྟ་བུ་ནི། རྟག་ལྟ་ལ་ཞེན་པའི་རྒྱུ་འབྲས་ཐམས་ཅད་གཏན་དུ་མི་འགྱུར་བ་རྒྱུ་འབྲས་ཀུན་དུ་རྟག་པར་རྟོག་པའོ། །དེ་རྣམས་ནི་རྟག་པར་ལྟ་བའི་རྣམ་གྲངས་ཡིན། ལོག་པར་ལྟ་བའི་གཞི་དང་། དྲངས། རྟག་དང་ཆད་པའི་བྱེ་བྲག་རྣམས་ནི། མུ་སྟེགས་ལོག་ལྟ་ཅན་གྱི་རྣམ་གྲངས་ཡིན་ཏེ། དེ་རྣམས་ནི་བླ་མེད་ཐེག་པ་ལས་ལོག་པ་ཡིན། ནང་པ་ལའང་ལྟ་ངན་ཡོད་པར་བསྟན་པ་ནི། དྲངས། ལྟ་བའི་བྱེ་བྲག་གོང་མ་མུ་སྟེགས་པ་འདི་དག་ནི་ད་དུས་སྙིགས་མའི་དེང་སང་ལ་གསང་སྔགས་ཐེག་པར་ཁས་འཆེ་བའི་རྣལ་འབྱོར་པ་ཐོས་བསམ་གྱི་ཤེས་རབ་གཉིས་ལ་མ་སྦྱངས་པའི་སྒོམ་ཆེན་པ་དེ་དག་ཀུན་གྱི་ནང་ན་མང་ངོ་། །ལོག་ལྟ་དེ་དག་ཟབ་པ་ལྟར་བཅོས་ཀྱང་འཁོར་བ་ལས་མི་འདའ་བའོ། །དྲངས། ལོག་པར་ལྟ་བ་ཟབ་མོ་དག་ཤིན་ཏུ་ཟབ་པའི་ཚུལ་དུ་སྨྲས་ཀྱང་མི་ཕན་སྟེ། ཞེན་པའི་མཐའ་གཉིས་འཛིན་པ་མ་སྤངས་པས་སྲིད་པའི་གནས་སུ་ཡང་ཡང་ཟོ་ཆུའི་འཁྱུད་མོ་ལྟར་འཁོར་བའོ། །བསམ་གཏན་ལ་གོལ་བ་འབྲས་བུ་དང་བཅས་པ་དང་། དྲངས། གོང་དུ་ལྟ་བའི་གོལ་ལུགས་སོང་ནས། ད་ནི་སྒོམ་པའི་གོལ་ལུགས་བསྟན་པ་ནི། བསམ་གཏན་གྱི་བྱེ་བྲག་ནང་ཚན་མི་འདྲ་བ་བཞི་ཡོད་དེ། གང་ཞེ་ན། ལས་ཀྱི་བསམ་གཏན་དང་། གོལ་བའི་བསམ་གཏན་དང་། ལམ་སྟེགས་ཀྱི་བསམ་གཏན་དང་། ལམ་ངོ་བོའི་བསམ་གཏན་དང་བཞིའོ། །དེའི་ནང་ནས་གོལ་བའི་བསམ་གཏན་ཁ་གཅིག་གིས་འདི་ལྟར་དུ་སྨྲ། དྲན་པ་རྒྱུན་འགོག་འདུ་ཤེས་མེད་པའི་སྙོམས་འཇུག་ལ་ཞུགས་པ་དང་། ལྷག་མཐོང་ལ་གོལ་བ་སྐྱེ་མཆེད་མུ་བཞི་ཡིན་ཏེ། གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། སེམས་ནམ་མཁའ་སྟོང་པ་དང་འདྲ་སྙམས་པའི་འདུ་ཤེས་ཕྲའུ་ཡོད་པའོ། །དེ་ཡང་སེམས་ཡིན་སྙམ་པའི་སྒོམ་པ་ནི། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་གོལ། སེམས་དེའི་མཚན་ཉིད་ཅི་ཡང་མེད་དོ་སྙམ་པར་བྱེད་ཅིང་སྒོམ་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ། དེ་ལྟར་རགས་པ་དེ་ཙམ་ཆོད་ཀྱང་ཕྲ་བའི་སྐབས་ན་ཡོད་པ་ཡང་མིན་མེད་པ་ཡང་མིན་སྙམ་པའི་སྒོམ་པ་ནི། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་གོལ་བའོ། །སོགས་ཀྱི་སྒྲས་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་བསམ་གཏན་ཞི་གནས་ལ་གོལ་བ་རྣམས་བསྡུ་བའོ། །སྐྱེས་ནས་ནི་ཞེས་པ་ལྷག་མཐོང་དང་ཞི་གནས་ལ་གོལ་བ་རྣམས། ཁམས་གོང་མ་གཉིས་སུ་སྐྱེ་བའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་བླ་མ་རྟོགས་ལྡན་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་གཞན་གྱི་རྒྱུད་ཚོད་དང་དབང་པོ་མཐོ་དམན་གྱི་བྱེ་བྲག་གིས་བློ་ལ་སྦྱར་མཁས་པ་གཅིག་ལ་མ་བསྟེན་པས་ན་ཏིང་ངེ་འཛིན་གྱི་བྱེ་བྲག་ཕྲ་བ་དང་། དྲོད་རྟགས་ལ་སོགས་པ་དང་ཁྱད་པར་དུ་དྲན་པ་རྒྱུན་འགོག་འདུ་ཤེས་མེད་པའི་སྙོམས་འཇུག་ལ་བློ་ཞེན་ནས། འབྲས་བུ་ཆོས་སྐུ་དེ་ཉིད་ཡིན་སྙམ་དུ་ཡང་དག་པར་རློམ་པའི་ང་རྒྱལ་གྱིས་གནས་པ་ལ། སྔོན་དུ་སེམས་གཞི་མེད་རྩ་བྲལ་དུ་མ་རྟོགས་པས་ལས་ཀྱི་བག་ཆགས་ནི་མ་ཟད་པས། བར་སྐབས་ཀྱི་ཏིང་ངེ་འཛིན་དེ་དག་ལ་ཞེན་པ་དེ་ནུས་པའི་ཚེ་ཟད་ནས་འཆི་འཕོ་བའི་འདུ་ཤེས་འབྱུང་བ་ན་དགྲ་བཅོམ་ཐོབ་པ་རྫུན་དུ་འདུག །དགྲ་བཅོམ་ཐོབ་པ་མི་བདེན་པར་འདུག་སྙམ་ནས་དཀོན་མཆོག་གསུམ་ལ་སྐུར་བ་བཏབ་པ་ཡིན་ཏེ། སངས་རྒྱས་མི་བདེན་པ་ནི་དགྲ་བཅོམ་ཐོབ་པ་མི་བདེན་པའི་ཕྱིར་དང་། ཆོས་མི་བདེན་པ་ནི་ཆོས་ཉམས་སུ་བླངས་པ་དོན་མེད་དུ་ཐལ་བའི་ཕྱིར་དང་། དགེ་འདུན་མི་བདེན་པ་ནི་བླ་མ་དགེ་འདུན་གྱིས་ངོ་སྤྲད་པ་དོན་མེད་དུ་ཐལ་ཟེར་ནས་སྐུར་བ་འདེབས་པའོ། །དེའི་དོན་གྱིས་ཚེ་འཕོས་ནས་མནར་མེད་གནས་སུ་ལྟུང་བའང་མང་། མནར་མེད་དུ་ལྟུང་བའི་རྐྱེན་ནི། སེམས་གཞི་མེད་རྩ་བྲལ་དུ་མ་རྟོགས་པས་དཔེར་ན་དགུན་རྩྭ་བསྲེག་ན་དབྱར་ཆར་བབ་པའི་དུས་སུ་སྔོ་ཧྲུག་གིས་རྡོལ་བ་བཞིན་ཡིན་ཏེ། མདོ་ལས། བསམ་གཏན་མེ་ཡིས་ཡང་དང་ཡང་དུ་ནི། །ཉོན་མོངས་ཚང་ཚིག་བསྲེག་པར་གྱུར་ན་ཡང་། །བདག་ལྟའི་རྩ་བ་བརྟན་པོ་མ་སྤངས་པས། །ཆར་གྱིས་བརླན་བཞིན་མོད་ལ་རབ་ཏུ་སྐྱེ། །ཅེས་སོ། །འང་གིས་སྒྲས་དཀོན་མཆོག་གསུམ་ལ་བསྐུར་པ་མ་གཏབ་ན་མི་ལྟུང་བ་ཡང་ཡོད་དོ། །མུ་སྟེགས་ཀྱི་གྲུབ་མཐའ་མང་པོ་མདོ་རྒྱུད་ལས་བཤད་པ་འདིར་བསྡུས་པ་གཏན་ཚིག་དང་བཅས་པའོ། །དྲངས། གོང་དུ་བཤད་པའི་མུ་སྟེགས་པ་འདི་དག་ཀུན་གྱི་བྱེ་བྲག་ནི་རྒྱས་པར་མདོ་རྒྱུད་ཀུན་ལ་རྒྱ་ཆེ་བར་བསྟན་ཡང་མདོ་རྒྱུད་གང་གི་ནང་ནས་བསྟན་ཞེ་ན། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་དང་། ཡེ་ཤེས་རྒྱ་མཚོ་དང་། ཕྱི་རྒྱུད་ལ་སོགས་པ་ཀུན་ནས་རྒྱ་ཆེ་ལ་གྲངས་མང་བར་གསུངས་ཡང་། གཞུང་འདིར་མདོར་བསྟན་པ་ཙམ་ལས་མ་བརྗོད་དོ། །གཏན་ཚིག་ཅིའི་ཕྱིར་མ་བརྗོད་ན། ཚིག་ཚོགས་མང་པོས་འཇིགས་པའི་ཕྱིར་རོ། །ལམ་ཚོལ་བ་ལ་ཞུགས་པ་བརྒྱུད་ནས་ནང་པའི་ལམ་གྱི་རྒྱུར་འགྱུར་བ་ལ་གསུམ་སྟེ། བགྲང་། འཁོར་ལོ་རྒྱུན་གྱི་ཐེག་པ་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཚོལ་བའི་འདུན་པ་བྱུང་བ་དང་། དྲངས། ཕྱི་རོལ་མུ་སྟེགས་པའི་ལྟ་བ་དེ་དག་རྣམས་འཁོར་ལོ་རྒྱུན་གྱི་ཐེག་པའི་གདུལ་བྱ་འདུལ་བའི་ཐབས་ཙམ་སྟེ། སེམས་རྒྱུད་ལ་རྟོག་པ་དང་དཔྱོད་པ་ཐོབ་པའི་ཡོན་ཏན་འབྲས་བུ་ཚོལ་བའི་ཞེན་ཕྱོགས་ཅན་ཡིན་པར་འདོད་དོ། །ཁ་ཅིག་གཟུགས་བརྙན་གྱི་ཆོས་ལ་རྟོག་དཔྱོད་བྱས་པས་ལམ་ཚོལ་བ་ལ་ཞུགས་པ་དང་། དྲངས། མུ་སྟེགས་ཁ་ཅིག་སངས་རྒྱས་མར་མེ་མཛད་དང་། འོད་སྲུང་ལ་སོགས་པ་སངས་རྒྱས་སྔ་མ་ཡི་བསྟན་པའི་ཆོས་འགྲིབ་ལ་ཁད་ཅིང་རྒས་པར་གྱུར་པའི་ཚེ། བླ་མ་སློབ་དཔོན་ལ་མི་བསྟེན་པར་བསྟན་པའི་ཆོས་ལ་རང་དགར་ཞུགས་པ་དང་། ལྟ་བ་རང་བློས་གཞལ་བ་དང་། རྟོག་དཔྱོད་བྱས་པས་ལོག་པར་འཁྲུལ་པ་དེ་དག་དང་། ཁ་ཅིག་སངས་རྒྱས་ཀྱི་སློབ་མ་ཐབས་མཁས་པས་དམན་པ་གཞུག་པའི་ཕྱིར་བསྟན་པ་ཞར་བྱུང་དང་ཉེ་གནས་ཅེས་པའི་གཏན་ཚིག་ལུང་དང་བཅས་པ་ནི། དྲངས། ལོག་པར་གྱུར་པ་མུ་སྟེགས་པའི་གྲུབ་མཐའ་འགའ་ཞིག་ནི། སངས་རྒྱས་ཀྱི་སློབ་མ་ནི་བྱང་ཆུབ་སེམས་དཔའ་ཡིན་ཅིང་ཐབས་མཁས་པས་སྐལ་དམན་གྲུབ་མཐའ་མེད་པ་རྣམས་ཐབས་ཀྱིས་ཐར་པའི་ལམ་ལ་དྲང་པའི་ཕྱིར་ལམ་ཚོལ་ཡིན་པའི་ཐབས་སུ་བསྟན་པའི་ཕྱིར་ཐེག་པ་དགུའི་ཞར་ལས་བྱུང་བ་ཞེས་ཀྱང་བྱ། ནང་པ་སངས་རྒྱས་ལ་ཉེ་བས། སངས་རྒྱས་ཉེ་གནས་ཞེས་ཀྱང་བྱ། རྣམ་སྣང་མངོན་བྱང་གི་རྒྱུད་ཀྱི་ལུང་ལས་ཀྱང་ནི་འདི་སྐད་དུ། མུ་སྟེགས་ཅན་ལ་སྨད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་སྣང་མཛད་ཀྱི་རིང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་ལུང་ལས་དེ་སྐད་གསུངས་པའི་ཕྱིར་ན་ཐེག་པ་དགུའི་ཞར་ལས་བྱུང་ངོ་། །ཡང་དག་པའི་ལམ་བསྟན་པ་འདིའི་སྐབས་སུ། མུ་སྟེགས་པའི་ལྟ་བ་དེ་དག་བསྟན་པ་ལ་དགོས་པ་ཅི་ཡོད་ཅེས་ན། དཔེར་ན་ཟས་ཁ་བ་མ་ཟོས་ན། མངར་བའི་རི་མོ་ཚོར་བ་དང་འདྲ་སྟེ། ལྟ་བ་ངན་པ་འདི་དག་བསྟན་པས་ཡང་དག་པའི་ལམ་ལ་ངེས་ཤེས་སྐྱེ་བ་དང་། སངས་རྒྱས་གསང་བས། ཆ་ཡོད་དུག་ལ་མི་རེག་བཞིན། །གང་གིས་ཤེས་ན་དེར་མི་གནས། །ཞེས་གསུངས་པ་དང་། བསླབ་པའི་མཐའ་བཅུའི་ནང་ནས། སྒོ་ཀུན་ནས་བསྡུ་བ་བུང་བ་ཚང་ཚོལ་བ་ལྟ་བུ་གཅིག་དགོས། ཞེས་གསུངས་པས་འཇིག་རྟེན་པའི་ལྟ་བ་དེ་དག་ལེགས་པར་ཤེས་ན་དེ་དག་ལ་འཇུག་པར་མི་འགྱུར་བ་དང་། སྐྱེས་བུ་ལམ་ལ་མཁས་ན་ལམ་གྱི་གོལ་ས་ལ་མཁས་དགོས་པའི་ཕྱིར། འཇིག་རྟེན་པའི་ལྟ་བ་དེ་དག་གལ་ཆེ་བར་གདམས་སོ། །ཐེག་པ་ཕྱི་ནང་གི་ཤན་ཕྱེ་བ་ལ། གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གྱི་སྒོ་ནས་དབྱེ་བ། ལྟ་བ་ལ་གང་ཟག་གི་བདག་ཡོད་མེད་ཀྱི་སྒོ་ནས་དབྱེ་བ། ལྟ་བ་བཀའ་བརྟག་གི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱི་སྒོ་ནས་དབྱེ་བ། སྤྱོད་པ་གནང་བཀག་ཡོད་མེད་ཀྱི་སྒོ་ནས་དབྱེ་བ། སྐྱེ་འཕགས་ཀྱི་སྒོ་ནས་དབྱེ་བ། སྐྱབས་གནས་ཀྱི་སྒོ་ནས་དབྱེ་བའོ། །ནང་པ་སངས་རྒྱས་པ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས། འདི་གཉིས་ཀྱི་གོ་དོན་ནི། སེམས་ཅན་ལ་སངས་རྒྱས་ཀྱི་རྒྱུ་ཡོད་པར་འདོད་ནས། རྒྱུ་མཚན་ཞིབ་མོའི་སྒོ་ནས་ལམ་དུ་ཁྱེར་བ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཟེར། སེམས་ལས་ལོགས་ན་བཙལ་མི་དགོས་པར་སངས་རྒྱས་ལྷུན་གྲུབ་ཏུ་འདོད་པ་ནི། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་སྟེ། རྡོ་རྗེ་ནི། བདེན་གཉིས་དབྱེར་མེད་དམ། སྣང་སྟོང་གཉིས་མེད་ཀྱི་དོན་མཚན་པ་ལ་བྱའོ། །དོན་དམ་ངེས་པའི་ཐེག་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ལ་བཞི་སྟེ། བགྲང་། ཐེག་པ་དང་། དྲངས། འཁོར་ལོ་རྒྱུན་གྱི་ཐེག་པ། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ། དོན་དམ་ངེས་པའི་ཐེག་པ་དང་གསུམ་ལས། དོན་དམ་ངེས་པའི་ཐེག་པ་ཁྱད་པར་འཕགས་པས་དམ་པ་ཞེས་བྱའོ། །དོན་དམ་ངེས་པའི་ཐེག་པ་ལ་ཡང་། ནང་པ་སངས་རྒྱས་པ་དང་། ཕྱི་པ་མུ་སྟེགས་པས་གཉིས་ཏེ། དེ་ལ་ཕྱི་པ་མུ་སྟེགས་པ་སོང་ནས། ནང་པ་སངས་རྒྱས་ཀྱི་ཐེག་པ་དངོས་བསྟན་པ་དམ་པའི་དམ་པ་སྟེ། དེ་ཉིད་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་འདི་ལྟ་སྟེ། དོན་དམ་ངེས་པའི་ཐེག་པ་འདི་ལ་ཡང་བྱེ་བྲག་དབྱེ་ན་རྣམ་པ་གསུམ་ཡིན་ཏེ། གང་ཞེ་ན། སྤྲུལ་སྐུའི་ཞིང་ཁམས་ཀུན་དུ་འབྱུང་བའི་དྲང་དོན་གྱི་ཆོས་གསུངས་པ་ངེས་དོན་དུ་འདྲེན་པའི་ཕྱིར་རྒྱུའི་ཐེག་པ་དང་། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཁྲུས་དང་གཙང་སྦྲ་དཀའ་ཐུབ་དཀའ་སྤྱད་ཀྱིས་དོན་རིག་པར་བྱེད་པ་ཕྱི་རྒྱུད་སྡེ་གསུམ་དང་། ཉོན་མོངས་པ་ལྔ་མ་སྤངས་པར་གནས་ལུགས་རང་རིག་པའི་ཡེ་ཤེས་ཀྱི་ངང་དུ་དབང་བསྒྱུར་ཞིང་། ཐབས་མཁས་པ་དང་མང་བ་སོགས་ཀྱི་ཕྱིར་ཐབས་ཀྱི་ཐེག་པ་ཞེས་བྱ་སྟེ། ནང་པ་རྣམ་གསུམ་ཡིན་ནོ། །གདུལ་བྱ་དང་། དྲངས། གདུལ་བྱའི་ཕྱོགས་ཀྱང་གསུམ་ཉིད་དོ། །གང་ཞེ་ན་སྤྱིར་བློ་ཡི་རིམ་པ་དང་སྐལ་པ་ཆེ་ཆུང་གི་ཁྱད་པར་ལས་བློ་དམན་པ་དང་བློ་འབྲིང་པོ་དང་བློ་རབ་ཆེན་པོ་གསུམ་ཡིན་ནོ། །གདུལ་ཐབས་དང་། དྲངས། དེའི་འདུལ་ཐབས་ཀྱང་དེ་བཞིན་དུ་གསུམ་དུ་ཕྱེ་བ་ཡིན་ཏེ། གང་ཞེ་ན། སྡེ་སྣོད་གསུམ་གྱིས་ཉོན་མོངས་པ་གཉེན་པོས་སྤོང་བ་དང་། གསང་སྔགས་ཕྱི་རྒྱུད་པ་གསུམ་གྱིས་དག་བྱ་དག་བྱེད་དང་། སྤྱད་བྱ་སྤྱོད་བྱེད་ཀྱི་སྒོ་ནས་དུག་ལ་སྔགས་ཀྱིས་བཏབ་པ་ལྟར་ཐབས་ཀྱིས་བསྒྱུར་བ་དང་། དཔེར་ན་ཆབ་རོམ་ཆུ་ཡིན་པ་ལྟར། ཉོན་མོངས་པ་མ་སྤངས་ཡེ་ཤེས་ཆེན་པོའི་གནས་སུ་དག་པ་སྟེ། ནང་པ་རྣམ་གསུམ་མོ། །དེ་དག་སྦྱར་བའོ། །དྲངས། སྡེབ་པར་བྱ་ཞེས་པ་བཤད་པའི་གཞིར་དྲངས། དེའི་ཁྱད་པར་གྱི་ཆོས་ལ་གསུམ། གང་སྡེབ་ན། གདུལ་བྱ་གསུམ་གདུལ་ཐབས་གསུམ་ཐེག་པ་གསུམ་དེ་དག་སྡེབ་པར་བྱ། གང་དུ་སྡེབ་པར་བྱ་ན། གདུལ་བྱ་སོ་སོའི་རྒྱུད་ལ་སྡེབ་པར་བྱ། ཚུལ་ཅི་ལྟར་ན་སོ་སོར་སྤྲད་དེ་སྡེབ་ལ་བཤད་པར་བྱའོ། །བྱེ་བྲག་རྒྱས་པ་ལ་གཉིས་ཏེ། རྒྱས་པ་དང་ཤིན་ཏུ་རྒྱས་པའོ། །དང་པོ་ལ་གསུམ་སྟེ། བགྲང་། ཐེག་པ་དགུར་དབྱེ་བ་དང་། དྲངས། གོང་གི་དེ་དག་རྣམས་བྱེ་བྲག་རྒྱས་པར་བཤད་པ་ནི་འདི་ལྟ་སྟེ། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་རེ་རེའང་གསུམ་གསུམ་དུ་ཕྱེ་བ་ཡིན་ཏེ། གང་ཞེ་ན། ཐ་མ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་འདྲའི་ཀྲྀ་ཡ་ཨུ་པ་ཡོ་ག་དང་། མཆོག་གི་ཚུལ་ནི་མ་ཧཱ་ཨ་ནུ་ཨ་ཏི་གསུམ་མོ། །དེས་ན་ཐེག་པ་དགུ་ཞེས་གྲགས་པའོ། །གདུལ་བྱ་རབ་འབྲིང་དགུར་དབྱེ་བ་དང་། དྲངས། གདུལ་བྱ་རིག་པ་མཆོག་ལ་གསུམ། འབྲིང་ལ་གསུམ། ཐ་མ་ལ་གསུམ་ཡོད་པའི་ཕྱིར། དེས་ན་གདུལ་བྱ་གསུམ་ལའང་གསུམ་གསུམ་སྟེ། སྣོད་ཀྱི་བྱེ་བྲག་ནང་ཚན་མི་འདྲ་བ་རྣམ་པ་དགུའོ། །གཏན་ཚིག་དེ་བས་ན་གདུལ་བྱ་དགུ་ཞེས་རབ་ཏུ་གྲགས་པའོ། །གདུལ་ཐབས་ཀྱང་དགུར་དབྱེ་ཞིང་དེ་དག་སྦྱར་བའོ། །དྲངས། འདུལ་ཐབས་ཀྱང་དེ་བཞིན་བྱེ་བྲག་ནང་ཚན་མི་འདྲ་བ་དགུ་ཡོད་པ་ཤེས་པར་བྱའོ། །དེ་ཡང་གདུལ་བྱ་སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡོད་ཀྱང་ཚུར་བསྡུ་ན་ཉོན་མོངས་པ་དུག་ལྔ། མ་རིག་པ་དང་དྲུག་ལ་མ་འདུས་པ་མེད་དོ། །དེའི་གཉེན་པོར་སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་། ཚུར་བསྡུ་ན་ཐེག་པ་རིམ་པ་དགུ་ལ་མ་འདུས་པ་མེད་དོ། །དེ་ཡང་སངས་རྒྱས་ཀྱིས་གསུངས་པ་ལ་ཉོན་མོངས་པ་སྤོང་ཐབས། འགོག་ཐབས། སྦྱངས་ཐབས། བསྒྱུར་ཐབས། ཉོན་མོངས་པར་རང་བཞིན་ཤེས་པ་དང་ལྔར་གསུངས་པའོ། །དེ་ཡང་ཉོན་མོངས་པ་སྤོང་ཐབས་ནི། ཉན་ཐོས་ཀྱི་ཐེག་པ་ཡིན་ལ། འགེག་ཐབས་རང་སངས་རྒྱས། སྦྱངས་ཐབས་བྱང་ཆུབ་སེམས་དཔའ། བསྒྱུར་ཐབས་ཕྱི་རྒྱུད་སྡེ་གསུམ། ཉོན་མོངས་པའི་རང་བཞིན་ཤེས་པའམ། མ་སྤངས་གནས་དག་རང་རིག་དུ་བསྒྱུར་བ་ནང་པ་རྣམ་གསུམ་མོ། །འདི་རྣམས་ཡིན་པའི་རྒྱུ་མཚན་ཞིབ་ཏུ་ངོ་སྤྲད་རྒྱུ་ཡོད་པ་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཐེག་པ་དགུ། གདུལ་བྱ་དགུ། གདུལ་ཐབས་དགུ་སྟེ། དགུ་གསུམ་ཉི་ཤུ་རྩ་བདུན་དུ་སྡེབ་པའོ། །སྡེབ་པའི་རྒྱུ་མཚན་ཅི་ཡིན་ན། སེམས་ཀྱི་གནས་ལུགས་འདི་མ་རྟོགས་པའི་ཕྱིར། དེ་རྟོགས་པའི་ཐབས་ལ་དགུར་དགུར་བསྟན་དགོས་པ་ཡིན་ཏེ། བང་མཛོད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་དེ། །ཡིན་ནི་ཅི་ཡང་མ་ཡིན་ལ། །བྱུང་ནི་སྲིད་པ་ཀུན་ཏུ་བྱུང་། །བསྟན་ནི་ཐེག་པ་དགུ་རུ་བསྟན། །ཅེས་སོ། །ཤིན་ཏུ་རྒྱས་པ་ལ་གསུམ་སྟེ། ཀུན་འབྱུང་འདྲེན་པའི་ཐེག་པ་ལ་ཤིན་ཏུ་རྒྱས་པ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་ཤིན་ཏུ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དང་པོ་ནི། དྲངས། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་ཡང་འདི་ལྟ་སྟེ། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་གསུམ་མོ། །འདི་རྣམས་ཀྱི་མཚན་ཉིད། སྒྲ་དོན། དབྱེ་བ་རྣམས་འབྱེད་རྒྱུ་ཡོད་ཀྱང་འོག་ཐེག་པ་རང་རང་གི་སྐབས་སུ་འཆད་དོ། །གདུལ་བྱ་དབང་པོ་ཐ་མ་ཡིན་པ་དེ་ལའང་རབ་འབྲིང་ཐ་མ་གསུམ་དབྱེ་སྟེ། བློ་དམན་ནི་ཉན་ཐོས་ཀྱི་གདུལ་བྱ་དང་། འབྲིང་པོ་རང་རྒྱལ་གྱི་གདུལ་བྱ་དང་། དེ་བཞིན་མཆོག་ནི་རབ་ཡིན་ཏེ། བྱང་ཆུབ་སེམས་དཔའི་གདུལ་བྱ་ཡིན་པའི་དབང་གི་བྱེ་བྲག་གིས་ཉན་ཐོས་ཀྱིས་ཉོན་མོངས་པ་སྤོང་བ་དང་། རང་རྒྱལ་གྱིས་འགེག་པ་དང་། བྱང་ཆུབ་སེམས་དཔས་སྦྱོང་བའོ། །དེ་ལྟར་དུ་གདུལ་ཐབས་གསུམ་དུ་རྣམ་པར་བཤད་པ་ཡིན་ནོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་འོ། །དང་པོ་ཉན་ཐོས་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ལུང་གི་དོན་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི། དྲངས། ཐེག་པ་གསུམ་གྱི་ཐ་མ། ཀུན་འབྱུང་འདྲེན་པའི་ཐེག་པ་ཡིན་ལ། དེའི་ཐ་མ་ཉན་ཐོས་ཀྱི་ཐེག་པ་གསལ་བར་བསྟན་ཅིང་རྒྱས་པར་བཤད་པ་ནི་འདི་ལྟ་སྟེ། དེ་ལ་སྐབས་འདིར་ཉན་ཐོས་ཀྱི་མཚན་ཉིད་སྒྲ་དོན། དབྱེ་བ་གསུམ་བཤད་པར་བྱའོ། །མཚན་ཉིད་ནི། ལྟ་བ་གང་ཟག་གི་བདག་མེད་རྟོགས་པས་རང་ཉིད་ཁམས་གསུམ་འཁོར་བ་ལས་ཐར་བར་འདོད་པའི་སེམས་བསྐྱེད་དང་བཅས་པའི་སྒོ་ནས་འབྲས་བུ་སྐྱེས་བུ་ཟུང་བཞི་དང་། གང་ཟག་ཡ་བརྒྱད་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་ཐོབ་པར་འདོད་པའི་མཚན་ཉིད་དང་། སྒྲ་དོན་ནི། སྲིད་པ་ཐ་མ་པ་དགྲ་བཅོམ་ཐོབ་ཀའི་སྐྱེ་བ་དེ་ལ་རྐྱེན་དགེ་བའི་བཤེས་གཉེན་ལ་ཆོས་སྒྲ་བཅས་སུ་ཉན་ཅིང་། གཞན་ལ་ཡང་སྒྲ་བཅས་སུ་སྒྲོགས་པས་ན། ཐོས་སྒྲོགས་སམ་གཞན་བརྟེན་ཞེས་བྱ་བ་ཡིན། མདོ་ལས། ཉན་ཐོས་རྣམས་ནི་སྒྲ་ཕྱིར་འབྲང་། །ཅེས་སོ། །གཞན་ཡང་ཐེག་ཆེན་གྱི་ཆོས་ཐོས་པ་སྒྲོགས་པར་བྱེད་པས་ཐོས་སྒྲོགས་བྱ་བ་ཡིན་ཏེ། དམ་ཆོས་པདྨ་དཀར་པོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་འགྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་དམ་པའི་སྒྲ་ཡང་བསྒྲགས་པར་བགྱི། །གཞན་ལ་དེ་བས་བདག་ཅག་ཉན་ཐོས་མི་འཐད་འདྲ། །ཅེས་སོ། །དབྱེ་བ་ལ་བཞི། སྤྲུལ་པའི་ཉན་ཐོས་ནི། ཀུན་དགའ་བོ་ཕྱག་རྡོར་གྱི་སྤྲུལ་པར་བཤད་པ་ལ་སོགས་པའོ། །ལྟ་བ་ཁས་ལེན་གྱི་ཉན་ཐོས་ནི། ཐེག་ཆེན་སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པ་ནི་ལྟ་བ་ནི་ཁས་ལེན་གྱི་ཉན་ཐོས་སོ། །ཚུལ་རྟགས་འཛིན་པའི་ཉན་ཐོས་ནི། ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཉན་ཐོས་ཀྱི་ཚུལ་རྟགས་འཛིན་ཅིང་སྡོམ་པ་གསུམ་དང་ལྡན་པའོ། །གྲུབ་པ་མཐར་འཛིན་གྱི་ཉན་ཐོས་ནི། ལམ་ཐམས་ཅད་ནི་ཉན་ཐོས་ཀྱི་ལམ་བགྲོད་ནས་འབྲས་བུ་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་ཐོབ་པ་ཡིན་ནོ། །ཡང་ན་གྲུབ་པ་མཐར་འཛིན་གྱི་ཉན་ཐོས་ནི། སྡེ་པ་བཅོ་བརྒྱད་དུ་འདོད་དོ། །དེ་ལ་རྩ་བའི་སྡེ་བཞི་ལ། གྱེས་པ་བཅོ་བརྒྱད་ནི། རྒྱལ་རིགས་སྒྲ་གཅན་འཛིན་གྱི་རྗེས་སུ་འབྲངས་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་ལས། གྱེས་པ་བདུན་ནི། གཞི་ཡོད་དང་ནི་འོད་སྲུངས་དང་། །མང་ཐོས་དང་ནི་གོས་དམར་ཅན། །མང་སྟོན་སྡེ་དང་ཆོས་སྲུང་དང་། །རྣམ་པར་དབྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་སྨྲའི་སྡེ་པ་ཡིན། །ཅེས་སོ། །ཀ་ཏ་ཡ་ནའི་རྗེས་སུ་འབྲངས་པའི་གནས་བརྟན་སྡེ་པ་ལས་གྱེས་པ་གསུམ་སྟེ། རྒྱལ་བྱེད་ཚལ་དང་འཇིག་བྱེད་རི། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ཅེས་སོ། །ཉེ་བ་འཁོར་གྱི་རྗེས་སུ་འབྲང་བ་མང་པོས་བཀུར་བའི་སྡེ་པ་ལས་གྱེས་པ་ནི་གསུམ་སྟེ། ས་སྒྲོགས་རི་དང་སྲུངས་བ་དང་། །གནས་མ་བུའི་སྡེ་པ་རྣམས། །ཀུན་གྱིས་བཀུར་བའི་སྡེ་པ་གསུམ། །ཅེས་སོ། །འོད་སྲུང་གི་རྗེས་སུ་འབྲང་པ་ཕལ་ཆེན་སྡེ་པ་ལས་གྱེས་པ་ལྔ་སྟེ། ཤར་དང་ནུབ་དང་གངས་རི་དང་། །འཇིག་རྟེན་འདས་པར་སྨྲ་བ་དང་། །རྟག་པར་སྨྲ་བའི་སྡེ་པ་རྣམས། །ལྔ་ཚན་དེ་ཀུན་ཕལ་ཆེན་སྡེ། །ཡུལ་འདོད་དབང་པོའི་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །སྟོན་པ་ཐ་དད་ཡོད་མ་ཡིན། །ཅེས་སོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ནི། ཐོག་མར་འཇུག་པའི་སྒོ་དང་། རྟོགས་པའི་ལྟ་བ་དང་། སྒོམ་པའི་ཏིང་ངེ་འཛིན་དང་། ཉམས་སུ་ལེན་པའི་སྤྱོད་པ་དང་། བསྲུང་བའི་ཚུལ་ཁྲིམས་དང་། བགྲོད་པའི་ལམ་གྱི་ཡུན་དང་། ཐོབ་པའི་འབྲས་བུ་དག་དང་བདུན་དུ་ཤེས་པར་བྱའོ། །རྒྱས་བཤད་ལ་བདུན་སྟེ། བགྲང་། འཇུག་སྒོ་ལ་གཉིས་ཏེ། ཐེག་པ་སྤྱིའི་འཇུག་སྒོ་དང་། བྱེ་བྲག་ཏུ་ཐེག་པ་ཆུང་ངུའི་འཇུག་སྒོའོ། །དང་པོ་ནི། དྲངས། འདུས་བྱས་ཐམས་ཅད་མི་རྟག་པ་དང་། སྲིད་པར་སོང་བ་ཐམས་ཅད་སྡུག་བསྔལ་བ་དང་། ཁམས་གསུམ་ཐམས་ཅད་སྟོང་པ་དང་། ཆོས་ཐམས་ཅད་བདག་མེད་དང་བཞི་སྟེ། བཀའ་བརྟགས་ཀྱི་ཕྱག་རྒྱ་བཞི་ཡང་ཟེར། ཆོས་བརྟགས་ཀྱི་ཕྱག་རྒྱ་བཞི་ཡང་ཟེར། ཆོས་ཀྱི་སྤྱི་སྡོམ་ཆེན་པོ་བཞི་ཡང་ཟེར། འདི་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཞུགས་པ་ཙམ་གྱི་ཉམས་ལེན་ཡིན་པ་དེ་ལ། ཕྱི་རོལ་མུ་སྟེགས་པས་བདག་མེད་པ་ལ་གང་ཟག་གི་བདག་ཏུ་བཟུང་། ཕུང་པོ་མི་གཙང་བ་ལ་གཙང་བར་འཛིན། ཚོར་བ་སྡུག་བསྔལ་བ་ཐམས་ཅད་ལ་སྐྱིད་པར་འཛིན་འདུས་བྱས་ཐམས་ཅད་མི་རྟག་པ་ལ་རྟག་པར་འཛིན་པ་དེ་ལས་བཟློག་པ་ནི་ནང་པ་སངས་རྒྱས་པ་སྟེ། ཉན་ཐོས་ཡན་ཆད་རྫོགས་ཆེན་མན་ཆད་ཀྱི་ཐེག་པ་སྤྱིའི་འཇུག་སྒོ་ཡིན་ནོ། །དེ་ལ་འདིར་ཐེག་པའི་སྒྲ་བཤད་ཅིག་བྱེད་ན། ཡར་ལྡན་གླང་པོ་ཆེའི་དཔེ་དང་། ཁང་པ་སྒོ་མང་གི་དཔེ་དང་། སྐས་ཀྱི་གདང་བུའི་དཔེ་དང་། གྲུ་དང་རྐྱལ་གྱི་དཔེའོ། །དེ་ལ་གྲུའི་དཔེ་ནི། འདི་ཐེག་པ་སྟེ། མི་ལྟ་བུའོ། །འདིས་ཐེག་པ་སྟེ། གྲུ་གཟིངས་ལྟ་བུའོ། །འདི་ལས་ཐེག་པ་སྟེ་ཆུ་ལྟ་བུའོ། །འདིར་ཐེག་པ་སྟེ་སྐམ་ས་ལྟ་བུའོ། །གཏན་ཚིག་དེ་བས་ན། ཐེག་པ་ནི། བཀྱག་པའམ། བཏེགས་པ་ཡིན་ཏེ། ཐེག་པ་དགུ་པོ་དེས། གདུལ་བྱ་དགུ་པོ་དེ། འཁོར་བ་ལས་ཐེག་ཅིང་། རང་རང་གི་འབྲས་བུ་ལ་སྦྱོར་བར་ཤེས་པར་བྱའོ། །ཡར་ལྡན་གླང་པོའི་དཔེ་ནི། མི་ཁུར་རྒྱབ་ཁལ་དང་བཅས་པ་བཅུ་གླང་པོ་ཆེ་ཕྲའུ་གཅིག་གི་རྒྱབ་ན་ཤོང་པ་ལ། དེ་ནས་སྨུག་གླང་དང་། བ་གླང་དང་། སྤོས་གླང་དང་། གངས་གླང་དང་། ཐལ་དཀར་ལ་སོགས་པ་རྣམས། འོག་མ་འོག་མའི་རྒྱལ་ཁལ་དང་བཅས་པ་བཅུ་བཅུ་གོང་མ་རེ་རེའི་ཁལ་ལ་རྫོགས་སོ། །དཔེ་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་རྒྱུ་དང་འབྲས་བུར་བཅས་པ་རང་རྒྱལ་ལ་རྫོགས། དེ་རྒྱུ་དང་འབྲས་བུར་བཅས་པ་རྣམས་བྱང་ཆུབ་སེམས་དཔའ་ལ་རྫོགས། དེ་རྒྱུ་དང་འབྲས་བུར་བཅས་པ་རྣམས་ཀྲི་ཡ་ལ་རྫོགས། དེ་རྒྱུ་དང་འབྲས་བུར་བཅས་པ་རྣམས་ཨུ་པ་ཡ་ལ་རྫོགས། དེ་རྒྱུ་དང་འབྲས་བུར་བཅས་པ་རྣམས་ཡོ་ག་ལ་རྫོགས། དེ་བཞིན་དུ་ནང་པ་རྣམ་གསུམ་ཡང་རྒྱུ་འབྲས་བུ་དང་བཅས་པ་རྣམས་རིམ་པ་བཞིན་དུ་རྫོགས་པ་ཆེན་པོ་ལ་རྫོགས་ཏེ། དཔེར་ན་གསང་སྔགས་ནང་པ་ལྟ་བུ་ཅིག་ཏུ་ཞུགས་ཀྱང་ཡོ་ག་མན་ཆད་རྣམས་སྤང་ནས་བཞག་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་གོང་མ་ལ་ལྷུན་གྱིས་རྫོགས་ལ། འོག་མ་ལ་མ་བརྟེན་པར་གོང་མ་མི་མཐོང་བ་ནི་ཐེག་པ་དགུ་རིམ་པ་བཞིན་དུ་སྐས་ཀྱི་དཔེས་བསྟན་ནོ། །ཁང་པ་སྒོ་མང་གི་དཔེས་བསྟན་པ་ནི། ཁང་པ་སྒོ་མང་པོ་ཡོད་པ་གང་དུ་ཞུགས་ཀྱང་ནང་དུ་ཕྱིན་པ་དང་འདྲ་བར། ཐེག་པ་དགུ་གང་གི་སྒོ་ནས་ཞུགས་ཀྱང་འབྲས་བུ་མཐར་ཐུག་མངོན་དུ་མ་བྱས་ཀྱི་བར་དུ་ལམ་གྱི་ངོ་བོ་གཅིག་ཡིན་པས་དུས་ཉེ་རིང་ཙམ་མིན་པ་བར་མ་དོར་འདའ་བ་མེད་པའི་ཕྱིར་རོ། །དེ་ནི་ཁང་པ་སྒོ་མང་གི་དཔེའོ། །འོན་ཀྱང་ཐད་སོར་འཇུག་པའི་དུས་སུ་གདུལ་བྱའི་བློ་ཚོད་དང་སྦྱར་བ་རྟའི་དཔེས་བསྟན་པ་ནི། རྟ་མགྱོགས་པ་ཞིག་ལ་སྐྱེས་བུ་རྩལ་དང་ལྡན་པ་ཞིག་གིས་ཞོན་ན་ཐོགས་པ་མེད་པར་གནས་སུ་ཕྱིན་ལ། རྩལ་ཆུང་བ་ཞིག་གིས་ཞོན་ན་གནས་སུ་མི་ཕྱིན་པའི་ཐོག་ཏུ་བར་མ་དོར་ལྟུང་ནས་ཆུད་ཟ། དེ་བཞིན་དུ་ཐེག་པའི་མཐར་ཐུག་པ་ཨ་ཏི་ལྟ་བུ་གཅིག་ལ། དབང་པོའི་བྱེ་བྲག་དགུར་བསྟན་པའི་བློ་ཡང་རབ་ལྟ་བུ་ཞིག་གིས་ཉམས་སུ་བླངས་ན་རྟོགས་པའི་རིག་པ་སྐད་ཅིག་ལ་འབྲས་བུ་སངས་རྒྱས་སུ་སྣང་ལ། རྩལ་ཆུང་བ་དང་འདྲ་བའི་ཉན་ཐོས་དང་རང་རྒྱལ་གྱི་གང་ཟག་ཅིག་ཞུགས་ན། ཤེས་རབ་ཀྱི་སྣོད་བཅུད་མི་འཛོམ་པའི་དབང་གིས་ཉན་ཐོས་ཀྱི་འབྲས་བུའང་མེད་ལ། ཨ་ཏིའི་དོན་ཡང་མི་སྣང་བར་བར་མ་དོར་ཆུད་ཟ་བ་ལྟ་བུའོ། །རྟ་བུལ་བ། མི་རྩལ་ཅན་གྱིས་ཞོན་ན། གནས་སུ་མྱུར་དུ་མི་ཕྱིན་པ་ལ་རྩལ་ཆུང་གིས་ཞོན་ན་རྐྱེན་དུ་འཛོམ་པས་བར་མ་དོར་ཆུད་མི་ཟ་ཞིང་དལ་བུས་གནས་སུ་སྐྱོལ་བར་བྱེད་པ་དང་འདྲ་བར། ཉན་ཐོས་ཀྱི་ཐེག་པ་ལྟ་བུ་ལ་དབང་པོ་རབ་ཀྱི་ཡང་རབ་ཅིག་ཞུགས་ན། བཅུད་དང་སྣོད་མི་འཚམས་པའི་དབང་གིས་འབྲས་བུ་སངས་རྒྱས་སུ་མྱུར་དུ་མི་སྣང་ལ། རྩལ་ཆུང་དང་འདྲ་བའི་ཉན་ཐོས་ཀྱི་གང་ཟག་གིས་ཉམས་སུ་བླངས་ན་དེ་ཉིད་ཀྱི་འབྲས་བུ་སྣང་བའི་སྣོད་བཅུད་འཛོམ་སྟེ་ཆུད་མི་ཟ་བའོ། །དེས་ན་ཐེག་པ་དགུ་པོ་ཀུན་གྱི་གོང་འོག་རིམ་པ་བཞིན་དུ་སྦྱོར་རོ། །བརྩོན་འགྲུས་ཀྱི་དཔེ་རྐྱལ་གྱིས་བསྟན་པ་ནི། ཆུ་ལ་རྐྱལ་བ་ལ་བརྩོན་འགྲུས་དྲག་པོས་རྐྱལ་ན་ཐད་དུ་གཅོད་ལ། བརྩོན་འགྲུས་ཞན་པས་རྐྱལ་ན་གཞོལ་ཕྱོགས་སུ་གཅོད་པ་བཞིན་དུ། རྟེན་གྱི་གང་ཟག་ཐེག་པ་གང་གི་སྒོར་ཞུགས་ཀྱང་སོ་སོའི་གཞུང་བཞིན་བརྩོན་འགྲུས་དྲག་པོས་ཉམས་སུ་བླང་ན་འབྲས་བུ་ལ་མྱུར་དུ་སྦྱོར་ལ། བརྩོན་འགྲུས་ཞན་པར་གྱུར་ན། ལམ་མྱུར་བར་མི་ཆོད་ཅིང་འབྲས་བུ་ལ་མྱུར་བར་མི་སྦྱོར་བས། བརྩོན་འགྲུས་ཀྱི་དཔེ་རྐྱལ་གྱིས་བསྟན་པའོ། །ཐེག་པ་ཆུང་ངུའི་འཇུག་སྒོ་ནི། དེ་སྔ་གནས་ཁམས་གསུམ་དུ་སྐྱེས་ཟིན་པ། ཕྱིན་ཆད་སྐྱེ་བར་འགྱུར་བ་དང་། ད་ལྟ་སྐྱེས་པའི་ཟག་བཅས་ཀྱི་ཕུང་པོ་ལྔས་བསྡུས་པ་ཐམས་ཅད་ནི་འབྲས་བུ་སྡུག་བསྔལ་གྱི་བདེན་པ་ཡིན། དེ་ནི་ཤེས་པར་བྱ་བ་ཡིན་ཏེ། དཔེར་ན་ནད་ལྟ་བུ། རྒྱུ་ཀུན་འབྱུང་གི་བདེན་པ་ནི་ལས་ཀྱི་ཀུན་འབྱུང་གི་མི་དགེ་བ་བཅུ། ཉོན་མོངས་པའི་ཀུན་འབྱུང་དུག་ལྔ་པོ་འདི་རྣམས་སྤང་བར་བྱ་བ་ཡིན་ཏེ། དཔེར་ན་ནད་ཀྱི་རྒྱུ་ལྟ་བུ་ཡིན། འདི་གཉིས་འཁོར་བའི་རྒྱུ་འབྲས་སུ་བདེན་ལ། ཉོན་མོངས་པ་དང་ལས་ཀྱི་ཀུན་འབྱུང་སྡུག་བསྔལ་དང་བཅས་པ་འགོག་ནས་དགྲ་བཅོམ་ཐོབ་པ་ནི། འགོག་པའི་བདེན་པ་ཐོབ་པར་བྱ་བ་ཡིན་ཏེ། དཔེར་ན་ནད་ལ་ཕན་པ་ལྟ་བུའོ། །ལམ་ལྔ་ས་བཅུ་ཕྱོགས་མཐུན་སོ་བདུན་སོགས་ནི། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། སྨན་ནི་བསྟན་བྱ་ནད་མེད་པ་ནི་ཐོབ་བྱ་སྟེ། ཞེས་པ་དང་། འདུལ་བ་ལུང་ལས། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤངས་པར་བྱ། འགོག་པ་མངོན་དུ་བྱ། ལམ་རྒྱུད་ལ་བརྟེན་ཅིང་བསྒོམ་པར་བྱ། ཞེས་སོ། །ལམ་བདེན་དང་འགོག་བདེན་གཉིས་མྱ་ངན་ལས་འདས་པའི་རྒྱུ་འབྲས་སུ་བདེན་ནོ། །འདི་རྣམས་ལ་སྐད་ཅིག་བཅུ་དྲུག་གིས་ཞིབ་གསེས་ཡོད་པ་གཞན་དུ་ཤེས་པར་བྱའོ། །ལྟ་བ་དང་། དྲངས། སྣོད་བཅུད་རྡུལ་ཕྲན་སིལ་བུ་དང་། སྐད་ཅིག་ཆ་མེད་ནང་གི་སེམས། ཞེས་པ་ནི། ཕྱི་གཟུང་ཡུལ་རགས་པ་འདི་ལྟར་སྣང་བ་དང་། ནང་འཛིན་པའི་སེམས་ལ་བདག་ཏུ་ཞེན་པ་ནི་མི་བདེན་འཁྲུལ་པ་ཀུན་རྫོབ་པ་ཡིན་ལ། དོན་དམ་པ་ནི་སྣང་བ་འདི་རྡུལ་ཕྲན་ཆ་མེད་འདུས་པའི་ཕུང་པོ་ཡིན་ཅིང་། སེམས་ཀྱི་ཤེས་པ་སྐད་ཅིག་ཆ་མེད་སེ་གོལ་གཅིག་གི་ཡུན་ལ་བརྒྱ་ཉི་ཤུར་དབྱེ་བའི་ཆ་གཅིག་ཙམ་པ་རྒྱུན་ཆགས་པར་འདོད་པའོ། །རྡུལ་ཕྲན་ལ་འདོད་ཚུལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་གཉིས་ཏེ། སྣང་བ་བཅུ་བདུན་པ་ལས། །ཆོས་ཙམ་སྨྲ་བའི་ཉན་ཐོས་ལ། །བྱེ་བྲག་པ་དང་མདོ་སྡེ་པ། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བ་མཐུན། །ཅེས་སོ། །བྱེ་བྲག་པས། དོན་དམ་རྡུལ་ཕྲན་ཆ་མེད་ཉི་ཟེར་གྱི་རྡུལ་གཅིག་གི་བཞི་བཅུ་རྩ་དགུའི་ཆ་གཅིག་ཙམ་པ་ཁོ་ན་ཡིན་ལ། ཕྱོགས་གཅིག་ཏུ་འདུས་ནས་ཀུན་རྫོབ་རགས་པར་སྣང་བའི་དུས་ཀྱང་གཅིག་ལ་གཅིག་མ་འབྱར་བ་རྩ་ནེ་འུ་སེང་ལྟ་བུར་འདོད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་གཡུ་ཐང་ལས། །ཀུན་རྫོབ་བྱེ་བྲག་འདོད་གཞུང་ཉིད། །སྣོད་ཀྱི་རྫས་རྣམས་དངོས་པོ་འདི། །རྡུལ་ཕྲན་སིལ་བུ་ཕན་ཚུན་བར། །མ་འདྲེས་ནེའུ་སེང་ལྟ་བུར་འདོད། །ཅེས་སོ། །ཡུལ་སེམས་གཉིས་ཀྱང་འབྲེལ་བ་མེད་དེ་བློ་རྣམ་མེད་ཀྱིས་གཅེར་འཕྲད་ཉ་དང་ལྕགས་ཀྱུ་ལྟར་དུ་འདོད། མདོ་སྡེ་པས། རྡུལ་ཕྲ་རབ་འབྱར་ལ་མ་འདྲེས་པ་བྱེ་མའི་ཕུང་པོ་ལྟ་བུ་ཡིན་ལ། དོན་དམ་པར་ལྐོག་གྱུར་མུན་རྫས་ལྟ་བུར་འདོད་པའོ། །སྔ་མ་ལས། མདོ་སྡེ་ཀུན་རྫོབ་ཕྲ་རབ་རྣམས། །འདུས་བྱས་རྣམ་པ་གཅིག་ཏུ་འདོད། །ཅེས་སོ། །ཡུལ་གཞལ་བྱ་ལ་སེམས་གཞལ་བྱེད་ཀྱི་འབྲེལ་པ་ཙམ་ཅིག་ཡོད་པར་འདོད་པའོ། །དེ་ལྟར་བྱེ་མདོ་གཉིས་ཀྱི་ལྟ་བ་དེས་གཟུང་འཛིན་རགས་པ་མེད་ལ། གང་ཟག་གི་བདག་མེད་རྟོགས་པས། སོ་སོའི་སྐྱེ་བོ་མ་རྟོགས་པ་དང་། མུ་སྟེགས་ལོག་པར་རྟོག་པའི་གཟུང་འཛིན་རང་ཁ་མ་ལས་དཔག་ཅིང་འཁོར་བ་ལས་གྲོལ་ཐར་ཡང་། ཕྲ་བ་དོན་དམ་པར་ཡོད་པར་འདོད་པས་གོང་མ་ལས་དམན་པའོ། །རིན་ཆེན་ཕྲེང་བ་ལས། ཅི་ལྟར་སྐད་ཅིག་མཐའ་མེད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །ཅེས་སོ། །དེ་ལ་སོགས་པའི་བྱེ་བྲག་ནི། ཞེས་པ་ནི། དུས་གསུམ་རྫས་ཡོད་དང་། གཞི་ལྔ་རྫས་གྲུབ་ཡིན་ཏེ། དེ་ལ་གཞི་ལྔ་རྫས་གྲུབ་ནི། སྣང་བ་གཟུགས་ཀྱི་གཞི་ལ། གཟུགས་ཅན་བཅོ་ལྔ་དང་། གཟུགས་དབྱེ་ཉི་ཤུ་ཡིན་ནོ། །གཙོ་བོ་སེམས་ཀྱི་གཞི་ལ་རྣམ་ཤེས་ཚོགས་དྲུག་གོ། །འཁོར་སེམས་བྱུང་གི་གཞི་ལ་སེམས་བྱུང་ལྔ་བཅུ་རྩ་གཅིག །ལྡན་མིན་འདུ་བྱེད་ཀྱི་གཞི་ལ་བཅུ་བཞི། ལྡན་པ་མ་ཡིན་པ་འདུས་མ་ཀྱི་གཞི་ལ་ནམ་མཁའ་འགོག་པ། དེ་བཞིན་ཉིད་དང་གསུམ། འགོག་པ་ལ་སོ་སོར་བརྟགས་པ་འགོག་པ་དང་། སོ་སོར་བརྟག་མིན་གྱི་འགོག་པ་གཉིས། འདི་རྣམས་ཀྱི་དོན་རྒྱས་པར་བཤད་རྒྱུ་ཡོད་ཀྱང་ཡི་གེ་མང་གི་དོགས་པས་མ་བྲིས་སོ། །ཤེས་པར་འདོད་ན་ཁོ་བོས་བྱས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་སྟོང་ཐུན་ནང་དུ་ཞིབ་ཏུ་བཤད་པ་ཡོད་པས་དེར་གཟིགས་མཛོད། འདི་རྣམས་མདོ་སྡེ་པས་བཏགས་ཡོད་དུ་འདོད། བྱེ་བྲག་པས་རྫས་ཡོད་དུ་འདོད། འདི་རྣམས་ནི་ཉན་ཐོས་ཐེག་པའི་ལྟ་བ་ཡིན་ནོ། །ཏིང་ངེ་འཛིན་དང་། དྲངས། བདེན་པ་བཞི་དང་དབུག་བགྲངས་དང་། ཞེས་པ་ནི། རབ་སྐད་ཅིག་རང་གསལ་དང་བདེན་པ་བཞིའི་དོན་ལ་གོམས་པ། འབྲིང་དབུགས་འབྱུང་རྔུབ་ལ་སེམས་གཏད་པ། ཐ་མ་མི་སྡུག་པ་བསྒོམ་པ་སྟེ། བང་མཛོད་ལས། སྒོམ་པ་རབ་ཀྱིས་སྙོམས་པར་ཞུགས། །འབྲིང་གིས་དབུགས་དང་རྩོལ་བ་བགྲངས། །ཐ་མས་ཀེང་རུས་ལ་སོགས་བསྒོམ། །ཅེས་སོ། །རབ་ཀྱིས་སྐད་ཅིག་རང་གསལ་བདེན་བཞིའི་དོན་ཏིང་ངེ་འཛིན་བསྒོམ་པ་ནི་འབྲས་བུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་བདེན་པ་དང་། རྒྱུར་གྱུར་པའི་ལས་དང་ཉོན་མོངས་པ་ཀུན་འབྱུང་གི་བདེན་པ་དང་། དེ་སྤངས་པ་མངོན་དུ་བྱས་པ་འགོག་པའི་བདེན་པ་དང་། གཉེན་པོ་ཡེ་ཤེས་བསམ་གཏན་བསྒོམ་པ་ལམ་གྱི་བདེན་པ་དང་བཞི་སྦྱོང་བའོ། །འབྲིང་དབུགས་བགྲང་གིས་རླུང་ལ་བསླབ་པ་ནི། དེ་ཡང་དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུའམ། སེ་གོལ་གཅིག་གི་ཡུན་དང་མཉམ་པ་དེ་ལ་ནི་ད་ལྟའི་སྐད་ཅིག་མ་ཟེར། དེ་འདྲ་བ་དྲུག་ཅུ་ལ་ཐང་གཅིག་ཟེར། དེ་འདྲ་བ་སུམ་ཅུ་ལ་ཡུད་ཙམ་གཅིག་ཟེར། དེ་འདྲ་བ་སུམ་ཅུ་ལ་ཉིན་ཞག་གཅིག་ཟེར། ཞག་གཅིག་ལ་ཡུད་ཙམ་སུམ་ཅུ་ཡོད། དབྱུག་གུ་དྲུག་ཅུ་ཡོད། དབྱུག་གུ་རེ་རེའི་ནང་དུ་རླུང་སུམ་བརྒྱ་དྲུག་ཅུ་རྒྱུ་བ་ལས། ཞག་གཅིག་གི་ནང་དུ་རླུང་གི་འགྱུ་བ་རྣམ་རྟོག་ལ་ཟེར་བ་ཉི་ཁྲི་དང་གཅིག་སྟོང་དྲུག་བརྒྱ་རྒྱུ་བ་ལས། ཕྱེད་དེའི་ཉིན་པར་ལ་རྣམ་རྟོག་གི་རླུང་ཟེར། ཕྱེད་དེའི་མཚན་མོ་ཡིན་པས་ཡེ་ཤེས་ཀྱི་རླུང་རྒྱུ་བ་ལ་ཤེས་པ་གཏད་དོ། །ཅེས་ལོ་ཙ་བ་ཐང་སྟོན་གྱིས་ལུང་བཏུས་ནང་དུ་དེ་འདྲ་གཅིག་བཀོད་འདུག །ཟས་པ་བརྒྱད་དང་། ཞེས་པ་ནི། བསམ་གཏན་བཞི་པ་ལ་བརྟེན་ནས་ཟད་པར་ས་དང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་སྟེ་འབྱུང་བ་བཞིའི་ཏིང་ངེ་འཛིན་དང་། ཟད་པར་སྔོན་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་སྟེ་ཁ་དོག་བཞིའི་ཏིང་ངེ་འཛིན་དང་བརྒྱད་ལ་གོམས་པར་བྱེད་ལ་ཉན་ཐོས་ཀྱིས་འདོད་ན་ཁམས་གསུམ་གྱི་ནམ་མཁའི་མཐའ་ཀླས་པ་ཙམ་ཁྱབ་པའོ། །ཟད་པར་བརྒྱད་ཀྱི་སྟེང་དུ། མཁའ་དང་རྣམ་པར་ཤེས་པ་གཉིས་བསྣན་པས་ཟད་པར་བཅུའོ། །སངས་རྒྱས་ཀྱིས་བཞེད་ན་ཤེས་བྱ་སྲིད་ཙམ་ལ་ཁྱབ་པའོ། །ཟད་པར་དེ་དག་གིས་བྱེད་ལས་ནི། གསེར་གྱི་ས་གཞི་ལ་བཻཌཱུརྱས་མིག་མང་རིས་སུ་བྲིས་པ་དང་། ཆུའི་དཀྱིལ་འཁོར་ལ་ཐམས་ཅད་གཤེར་བ་དང་། མེའི་འོད་ཟེར་ལ་རེག་ན་བསྲེག་པ་དང་། རླུང་གི་དཀྱིལ་འཁོར་ལ་ཡང་ཞིང་གཡོ་ནུས་པའི་ཏིང་ངེ་འཛིན་གྱིས་རྫུ་འཕྲུལ་སྟོན་པའོ། །ཀེང་རུས་ལ་སོགས་ཞེས་པ་ནི། ཀེང་རུས་རུས་པའི་མཁར་བུ། ཆུ་རྒྱུས་ཀྱིས་འདམ་ཆགས། ཤ་ཡི་ཞ་ལ། རྩའི་དྲྭ་བ། ལྤགས་པའི་ཐུམ་པོ། སྒོ་དགུའི་སྐར་ཁུང་། སྤུའི་ཁ་བརྒྱན། སྒོ་དགུ་ནས་མི་གཙང་བའི་རྫས་དགུ། རུལ་མྱག་གི་རང་བཞིན། ཁྲག་དང་ཆུ་སེར་འཛག་པ། དབང་པོ་དྲུག་གི་ཡུལ་དྲུག་ལ་ཉོན་མོངས་པ་རྒྱུན་དུ་བསགས་པ། རུལ་བ། མྱག་པ། རྣམ་པར་བམ་པ། རྣམ་པར་སུབ་པ་ཡང་ཡང་དུ་བསྒོམ་པ་གོམས་པའི་མཐུ་ལས་ཆགས་པ་མེད་པར་མངོན་དུ་འགྱུར་རོ། །རྒྱས་པར་འབུམ་གྱི་དུར་ཁྲོད་ལེའུ་རུ་ལྟོས། སོགས་ཀྱི་སྒྲས་རྣམ་ཐར་བརྒྱད་དང་། ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ལ་བློ་སྦྱང་ཞིང་སྒོམ་པའོ། །གོང་གི་དེ་དག་ཉན་ཐོས་ཀྱི་བསམ་གཏན་བྱེ་བྲག་ཡིན་ནོ། །སྤོང་བ་དང་། དྲངས། ཤིན་ཏུ་ཡ་ང་བའི་ལས། མི་དགེ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་པ་ལ་སོགས་པ་ཕྲ་ཞིང་ཕྲ་བ་ཐམས་ཅད་སྤང་བར་བྱ་སྟེ། འདི་རྣམས་ཀྱི་དོན་རྒྱས་པར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དགེ་སྡིག་བཅུའི་གཞུང་ལས་ཤེས་པར་བྱའོ། །ལས་མི་དགེ་བ་འདི་རྣམས་ཀྱི་རྩ་བ་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡིན། ཉེ་བའི་ཉོན་མོངས་པ་ང་རྒྱལ། ཕྲག་དོག །སེར་སྣ་གསུམ་ཡིན་ལ། དེ་ལ་སྤྱད་པའི་འབྲས་བུ་ནི། ངན་སོང་གསུམ་དང་། མི་ཁོམ་པའི་གནས་བརྒྱད་བཤད་དོ། །དེ་ཡང་། རྒྱུ་འབྲས་ས་བོན་དཀར་ནག་འབྲས། །སོ་སོར་སྨིན་པར་རྒྱལ་བས་གསུངས། །ས་བོན་མངར་བ་རྣམས་ལ་ནི། །འབྲས་བུ་མངར་བ་འབྱུང་བར་འགྱུར། །ས་བོན་ཁ་བ་རྣམས་ལ་ནི། །འབྲས་བུ་ཁ་བ་འབྱུང་བར་འགྱུར། །ཅེས་པ་དང་། ལུས་ཅན་རྣམས་ཀྱིས་རྣམ་སྨིན་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཞེས་དང་། སྡིག་པ་ཆུང་ཡང་འཕེན་ཆེ་བ་ཡུང་ཞི་ཡུང་རྡོག་འདྲ། །དགེ་བ་ཆུང་བ་ལས་འཕེལ་བ་ཤིང་ནྱ་གྲོ་ཏའི་འབྲས་བུ་དང་འདྲ། །ཅེས་གསུངས་པས། ལས་རྒྱུ་འབྲས་ཀྱི་ཉེས་མིག་ཕྲ་ཞིང་ཕྲ་བ་ཐམས་ཅད་ལ་མིག་འབྲས་བཙའ་བའམ། རྨ་སར་གྱི་ཤ་འུ་བཙའ་བ་ལྟར་འཛེམ་མོ། །ཞེན་པའི་དགེ་བ་ཕུན་སུམ་ཚོགས་ཞེས་པ་ནི། གོང་གི་མི་དགེ་བ་སྤངས་ཞིང་རང་དོན་དུ་དམིགས་པའི་དགེ་བ་བཅུ་ལ་སོགས་པ་ཕུན་སུམ་ཚོགས་པར་སྤྱད་དེ། གང་ཞེ་ན། ལུས་ཀྱི་སྒོའི་དགེ་བ་གསུམ་ནི་སེམས་ཅན་གྱི་སྲོག་སྐྱོབ་པ་དང་། འགྲོ་བ་མ་ནུས་པ་ལ་སྦྱིན་པ་བཏང་བ་དང་། ཚངས་སྤྱོད་ཀྱི་ཉོན་མོངས་པའི་དཀའ་ཐུབ་བསྲུང་བའོ། །ངག་གི་སྒོ་ནས་དགེ་བ་བཞི་ནི། ཚིག་ཐམས་ཅད་དྲངས་ཞིང་བདེན་བར་སྨྲ་བ་དང་། ཚིག་རྩུབ་མེད་ཅིང་འཇམ་པོར་སྨྲ་བ་དང་། ཕྱིན་ཅི་ལོག་མེད་པར་ཆོས་སུ་ཅི་འགྲོ་བར་སྨྲ་བ་དང་། གཞན་བསྡུམ་པ་དང་། མི་མཐུན་པ་རྣམས་མཐུན་པར་གཞུག་པའོ། །ཡིད་ཀྱི་སྒོའི་དགེ་བ་གསུམ་ནི། ཕྱོགས་རིས་མེད་ཅིང་མཉམ་པར་བཞག་པ་དང་། གནོད་སེམས་མེད་ཅིང་ཕན་སེམས་བསྐྱེད་པ་དང་། ཐེ་ཚོམ་མེད་ཅིང་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་པ་དང་གསུམ་སྟེ། དགེ་བ་བཅུ་སྤྱད་པའོ། །གཞན་ཡང་གོང་གི་མི་དགེ་བའི་ལས་རྒྱུ་འབྲས་ཉོན་མོངས་པ་དུག་གསུམ་དུག་ལྔའི་གཉེན་པོ་སྒོམ་པ་ནི། གཏི་མུག་གཉེན་པོར་ཤེས་རབ་བསྐྱེད། འདོད་ཆགས་གཉེན་པོར་མི་སྡུག་པ། ཞེ་སྡང་གཉེན་པོར་སྙིང་རྗེ། ང་རྒྱལ་གྱི་གཉེན་པོར་བྱམས་པ། ཕྲ་དོག་གི་གཉེན་པོར་བཏང་སྙོམས། སེར་སྣའི་གཉེན་པོར་ཡར་དཀོན་མཆོག་གསུམ་ལ་མཆོད་པ། མར་འགྲོ་བ་ལ་སྦྱིན་པ་གཏོང་བའོ། །ལུས་ཀྱི་སྒོ་ནས་ཁྲུས་བྱེད་པ་དང་གཙང་སྦྲ། ཟས་ཤ་ཆང་སྒོག་གསུམ་ལ་སོགས་པ་སྤངས་ནས། དཀར་གསུམ་མངར་གསུམ་ཟ་བ་དང་། ལ་སོགས་པའི་སྒྲས་སྦྱངས་པའི་ཡོན་ཏན་བཅུ་གཉིས་བསྡུས་པ་ཡིན་ཏེ། གང་ཞེ་ན། བསོད་སྙོམས་པ། གདན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་གསུམ་སྟེ། ཟས་ཀྱི་ཞེན་པ་དགག་པའི་ཕྱིར་བཤད་དོ། །ཆོས་གོས་གསུམ་པ། ཕྱིང་བ་པ་དང་། ཕྱག་དར་ཁྲོད་པ་དང་གསུམ་གོས་ཀྱི་ཞེན་པ་དགག་པའི་ཆེད་དུ་སྤྱོད། དགོན་པ་པ། ཤིང་དྲུང་པ། དུར་ཁྲོད་པ། བླ་གབ་མེད་པ་པ་གཞི་ཅི་བཞིན་པར་གནས་པ་དང་ལྔ་སྟེ། གནས་ཀྱི་ཞེན་པ་དགག་པའི་ཆེད་དུ་སྤྱོད། སྤྱོད་ལམ་ཅོག་པུ་པ་ནི། སྤྱོད་ལམ་གྱི་མཐའ་ཅན། ཉལ་བ་དང་། སྔས་པ་ལ་སོགས་ཏེ། སྤྱོད་ལམ་བདེ་མོ་ལ་ཞེན་པ་དགག་པའི་ཆེད་དུ་སྤྱོད། སྤྱོད་ལམ་དེ་དག་ཀྱང་གང་ཡང་ཀུན་རྫོབ་མཚན་མ་དང་བཅས་པའི་ཚུལ་དུ་སྤྱོད་ཅིང་ཁམས་གསུམ་འཁོར་བའི་ཉེས་སྐྱོན་ལ་སོགས་པ་ཐམས་ཅད་སྤངས། མྱ་ངན་ལས་འདས་པའི་སྤྱོད་པ་ཐམས་ཅད་བླང་། སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་གཉིས་དགག །འགོག་བདེན་དང་ལམ་བདེན་གཉིས་སྒྲུབ་པར་བྱེད་པ་ནི་ཉན་ཐོས་ཐེག་པའི་སྤྱོད་པ་ཡིན་ནོ། །ཚུལ་ཁྲིམས་དང་། དྲངས། སོ་སོར་ཐར་པའི་རིགས་བདུན་ནི། དགེ་བསྙེན་ཕོ་མོ་གཉིས། དགེ་ཚུལ་ཕོ་མོ་གཉིས། དགེ་སློང་ཕོ་མོ་གཉིས། བར་སློབ་མ་དང་བདུན་ཡིན་ཏེ། བསྙེན་གནས་ཡན་ལག་བརྒྱད་པ་བསྣན་ནས་བརྒྱད་དུ་བརྩི་བ་ཡང་ཡོད། སྡོམ་པའི་རྩ་བ་བཅུ་གསུམ་ཞེས་པ་ནི། ཀཱ་རི་ཀ་སུམ་བརྒྱ་པ་ལས། །ཁྱིམ་པའི་རྟགས་སྤངས་རབ་བྱུང་རྟགས་ལེན་དང་། །མཁན་པོར་གསོལ་གདབ་མཁན་པོ་ལས་ཐོབ་དང་། ཆོས་གསུམ་དང་ཕོར་ལྡན་པར་ཤེས་པར་བྱ། དེ་ནི་མཁན་པོ་ལས་ཐོབ་པ་གསུམ་ཡིན་ནོ། །སློབ་དཔོན་ལས། ཐོབ་པ་བཅུ་ནི། རྩ་བ་བཞི། ཡན་ལག་དྲུག་དང་བཅུ་སྟེ། །གང་ཞིག་སྲོག་གཅོད་གཞན་གྱི་ནོར་ཕྲོག་དང་། །མི་གཙང་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་བསྟན་ཆེ་མཐོ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤངས། །ཞེས་གསུངས་སོ། །དགེ་སློང་གི་བསྲུང་བྱ་ཉིས་བརྒྱ་ལྔ་བཅུ་ནི། ལྟུང་བ་སྡེ་ལྔ་ཡིན་ཏེ། སྡོམ་པ་རྩ་བ་ནས་གཅོད་པ་ཕམ་པའི་སྡེ་ལ་བཞི། གསོ་བ་དགེ་འདུན་ལ་རག་ལས་པ་ལྷག་མའི་སྡེ་ལ་བཅུ་གསུམ། ལྟུང་བྱེད་ཀྱི་སྡེ་ལ་བརྒྱ་དང་ཉི་ཤུ། དེ་ལ་བྱེ་བྲག་ཏུ་དབྱེ་ན། སྤང་ལྟུང་གི་སྡེ་ལ་སུམ་ཅུ་ལྟུང་བྱེད་འབའ་ཞིག་གི་སྡེ་ལ་དགུ་བཅུ། ཉེས་བྱས་ཀྱི་སྡེ་ལ་བརྒྱ་དང་བཅུ་གཉིས། དེའི་སྟེང་དུ་སོ་སོར་བཤགས་པར་བྱ་བ་བཞི་བསྟན་པས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་ཡིན་ནོ། །འདི་རྣམས་ཀྱི་རྩིས་གྲངས་ཞིབ་ཏུ་ཤེས་འདོད་ན། འདུལ་བའི་སྡོམ་གྱི་ནང་དུ་ཤེས་པར་བྱའོ། །དགེ་སློང་མོ་ལ་ལྔ་བརྒྱ་དག་སྨན་མདོའི་དགོངས་པ་ཡིན་ལ། མདོ་རྩ་ནས་སུམ་བརྒྱ་དྲུག་ཅུ་བཤད་དོ། །དགེ་བསྙེན་ཕོ་མོའི་བསྲུང་བྱ་ནི། བསླབ་པའི་གཞི་རྩ་བ་བཞི་ཆང་དང་ལྔ་རྫོགས་པར་སྤང་བ་ཡིན། དེ་ལ་དབྱེ་ན་དྲུག་སྟེ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང་། སྣ་གཅིག་སྤྱོད་པ་དང་། སྣ་འགའ་སྤྱོད་པ་དང་། ཕལ་ཆེར་སྤྱོད་པ་དང་། ཡོངས་སུ་རྫོགས་པའི་དགེ་བསྙེན་དང་། ཚངས་སྤྱོད་ཀྱི་དགེ་བསྙེན་དང་དྲུག་གོ། །བར་སློབ་མའི་བསྲུངས་བྱ་ནི་ཉི་ཤུ་རྩ་གཉིས་དང་། བཅུ་གཉིས་དང་། བརྒྱ་བདུན་ཅུའི་བཤད་པ་འདུག་གོ། །དེ་རྣམས་ནི་ཉན་ཐོས་ཀྱི་ཐེག་པའི་བསྲུང་བའི་ཚུལ་ཁྲིམས་ཡིན་ནོ། །ལམ་གྱི་ཡུན་དང་། དྲངས། དང་པོ་བདེན་པ་བཞིའི་སྒོ་ནས་འཇུག་པ་ནས་མཐར་སྲིད་པ་མ་ཟད་ཀྱི་བར་དུ་ཡུན་ཅི་ཙམ་ཐོགས་ཞེ་ན། འཇིག་ཆགས་སྟོང་གནས་ཀྱི་བསྐལ་ཕྲན་བརྒྱད་ཅུ་གཅིག་ཏུ་བསྡོམས་པ་ལ་བསྐལ་པ་ཆེན་པོ་གཅིག་ཟེར་རོ། །དབང་པོ་རབ་ལ་དེ་འདྲ་བ་བརྒྱ་དགོས་སོ། །སོགས་ཀྱི་སྒྲས། འབྲིང་ལ་ཉིས་བརྒྱ། དབང་པོ་ཐ་མ་ལ་སུམ་བརྒྱའི་ཡུན་ཐོགས་པ་ཡིན་ནོ། །འབྲས་བུའོ། །དྲངས། དགྲ་བཅོམ་པ་ལ་སོགས་འབྲས་བུ་ཐོབ་ནས། སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཟད་ནས་དགྲ་བཅོམ་སྐྱེས་བུ་ཟུང་བཞི་ལ་གང་ཟག་ཡ་བརྒྱད་ཡིན་ཏེ། གང་ཞེ་ན། རྒྱུན་ཞུགས་ལ་ཞུགས་འབྲས་གཉིས། ཕྱིར་འོང་ལ་ཞུགས་འབྲས་གཉིས། ཕྱིར་མི་འོང་པ་ལ་ཞུགས་འབྲས་གཉིས། དགྲ་བཅོམ་པ་ལ་ཞུགས་འབྲས་གཉིས་དང་བརྒྱད་ཡིན། དེ་ལ་རྒྱུན་ཞུགས། ཞུགས་པས་མཐོང་ལམ་བར་ཆད་མེད་ལམ་སྐད་ཅིག་བཅོ་ལྔས་མངོན་དུ་བྱེད་པ་ཡིན་ཏེ། མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཅེས་སོ། །སྐད་ཅིག་བཅུ་དྲུག་པ་མངོན་དུ་གྱུར་པ་ནི། འབྲས་གནས་སུ་བརྩི་བ་ཡིན་ཏེ། བཅུ་དྲུག་པ་དེ་ལ་འབྲས་གནས། ཞེས་སོ། །དེས་མཐོང་སྤང་མ་ལུས་སྤངས། སྒོམ་སྤང་ཡེ་མ་སྤངས་པ་ལྷ་མིའི་སྐྱེ་བ་བདུན་ནམ་བཞིའི་ནང་ནས་ཅིས་ཀྱང་དགྲ་བཅོམ་ཐོབ་པ་ཡིན་ཏེ། འབྲས་གནས་སྒོམ་སྤང་བྱ་མ་ཟད། རེ་ལྟར་ཐོག་ན་ལན་བདུན་པའོ། །ཅེས་སོ། །ལྷ་མིའི་སྐྱེ་བ་རིགས་ནས་རིགས་སྐྱེས་པ་དེ་གཉིས་སམ་གསུམ་ཕྱི་ནང་དུ་འདོད་ཁམས་ཀྱི་སྒོམ་སྤང་ཆེ་བ་གསུམ་འབྲིང་པོའི་ཆེ་བ་དང་བཞི་སྤངས་ཏེ། མཐོང་ལམ་རྣམ་གྲོལ་གྱི་ལམ་ཡིན་ཏེ། མཛོད་ལས། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་ནས་རིགས་ནས་རིགས། །ཅེས་སོ། །ཕྱིར་འོང་ཞུགས་པ་ནི། འདོད་ཁམས་ཀྱི་སྒོམ་སྤང་ལྔ་པ་སྤངས་པ་ནི་ཕྱིར་འོང་ལ་ཞུགས་པ་ཡིན་ཏེ། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པ་ཡིན། །ཅེས་སོ། །འབྲས་བུ་ལ་གནས་པ་ནི། སྒོམ་སྤང་དྲུག་པ་སྤངས་ཏེ། །རྣམ་པ་དྲུག་པོ་ཟད་གྱུར་པ། །དེ་ནི་ལན་གཅིག་ཕྱིར་འོང་བ། །ཞེས་སོ། །ལྷ་མིའི་སྐྱེ་བ་རིགས་འདྲ་བ་གཅིག་གི་ནང་དུ་ཉོན་མོངས་པ་བདུན་པ་དང་བརྒྱད་པ་སྤངས་པ་ནི། ཕྱིར་འོང་འབྲས་གནས་ཁྱད་པར་ཅན། རྣམ་གྲོལ་གྱི་ལམ་ཡིན་ཏེ། །ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །ཅེས་སོ། །ལྷ་མིའི་སྐྱེ་བ་རིགས་མི་འདྲ་གཅིག་གི་ནང་དུ་ཉོན་མོངས་བརྒྱད་སྤངས་ཚར། དགུ་པ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ན་ཕྱིར་མི་འོང་གི་ཞུགས་པ་བར་ཆད་མེད་ལམ་ཡིན། འདོད་ཁམས་ཀྱི་སྤང་བྱ་དགུ་པ་སྤངས་པ་ནི་ཕྱིར་མི་འོང་གི་འབྲས་གནས་ཙམ་པོ་ཡིན་ཏེ། རྣམ་དགུ་ཟད་པས་ཕྱིར་མི་འོང་། །ཅེས་སོ། །ཕྱིར་མི་འོང་གི་འབྲས་གནས་ཁྱད་པར་ཅན་དེས་གཟུགས་ཁམས་ཀྱི་སྒྲིབ་པ་དགུ་སྤངས་པ་ནི་རྣམ་གྲོལ་གྱི་ལམ་ཡིན་ནོ། །གཟུགས་མེད་ཀྱི་སྤང་བྱ་བརྒྱད་སྤངས་པ་ནི་དགྲ་བཅོམ་འབྲས་ཞུགས་ཡིན་ཏེ། སྲིད་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །ཅེས་སོ། །དགུ་པ་སྤངས་པ་ནི་དགྲ་བཅོམ་གྱི་འབྲས་གནས་ཙམ་པོ་ཡིན་ལ། ཁམས་གསུམ་གྱི་སྤང་བྱ་མ་ལུས་པ་སྤངས་པ་ནི། དགྲ་བཅོམ་མི་སློབ་པ་རྣམ་གྲོལ་གྱི་ལམ་ཡིན་ཏེ། དེ་ཟད་ཐོབ་དང་དེ་ཟད་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཅེས་སོ། །དེ་ཡང་འདོད་གཟུགས་གཉིས་སུ་ཐོབ་ན་ལྷག་བཅས་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། མ་འགག་པ་ཡི་ལུས་ཀྱིས་སུ། །ཚོར་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ནི་རྣམ་པར་གྲོལ། །ཞེས་སོ། །བར་དོ་དང་གཟུགས་མེད་དུ་ཐོབ་ན་ལྷག་མེད་ཡིན་ལ། ལྷག་བཅས་དེས་ཀྱང་མཐར་ལྷག་མེད་བསྒྲུབས་ནས་ལུས་དེ་ཞི་བའི་དབྱིངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། གང་ན་ལུས་ཞིག་ཚོར་བ་འགག །འདུ་ཤེས་ཐམས་ཅད་བྲལ་གྱུར་ཞིང་། །འདུ་བྱེད་ཉེ་བར་ཞི་བ་དང་། །རྣམ་པར་ཤེས་པ་ནུབ་གྱུར་པ། །དེ་འདྲ་དེ་ནི་སྡུག་བསྔལ་མཐའ། །ཅེས་འདོད་ཀྱང་། མཁས་པ་དག་གིས་འདོད་ཁམས་པའི་ལུས་ཐོག་འདི་ལས་ལྷག་བཅས་ལྷག་མེད་དུ་འདོད་དོ། །དེ་ཡང་ཤེས་རབ་ཀྱི་ཆ་ནས་གྲོལ་བ་ནི་རྒྱན་མེད་དོ། །སྙོམས་འཇུག་གི་ཆ་ལས་གྲོལ་བ་ནི་རྒྱན་ཅན་ནོ། །མངོན་རྟོགས་རྒྱན་ལས། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་ཀྱང་། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་དང་ཕྱེད་འཕར་ཀུན་ཏུ་འཕར། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསྭེ་རུ་དང་ནི་ཉི་ཤུའོ། །ཅེས་སོ། །ཉན་ཐོས་ཀྱི་སའི་རྣམ་བཞག་ནི། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་བརྒྱད་པའི་ས་དང་། མཐོང་བའི་ས་དང་། སྲབ་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། ཅེས་སོ། །དེ་དག་ལུང་གིས་དོན་བསྡུ་བའོ། །དྲངས། དགོངས་པ་འདུས་པའི་ལུང་ལས་ཀྱང་ནི་འདི་སྐད་དུ། སྤྱོད་པ་ཤིན་ཏུ་ཡ་ངའི་ལས་མཚམས་མེད་པ་ལ་སོགས་པ་སྤངས་ཏེ་གདུལ་བྱའི་ཡིད་དུ་འོང་བ་འདུལ་བའི་ཚུལ་ཁྲིམས་ཀྱིས་གཞི་བཟུང་བའོ། །ནས་ཞེས་པའི་དོན་ནི། ལྟ་བ་དང་། ཏིང་ངེ་འཛིན་ལ་སོགས་པ་རྣམས་ཉམས་སུ་བླང་ནས། མཐར་འབྲས་བུ་རང་གིས་བསམ་པ་དེ་བསྐྲུན་པས་དགྲ་བཅོམ་ཐོབ་པའོ། །དེ་ནི་འཁོར་བ་ལས་སོ་སོར་ཐར་བ་སྟེ་ཉན་ཐོས་པ་ཞེས་པའི་ལམ་དུ་སྣང་བ་ཡིན་ནོ། །ཞེས་དེ་ལྟ་བུ་གསུངས་པའི་ཕྱིར་ལུང་དེ་དག་གིས་གཞུང་འདིར་ཚུར་བསྒྲོད་ཅིང་དྲངས་བར་གྱིས་དང་ཉན་ཐོས་ཀྱི་ཐེག་པའི་དོན་ཐམས་ཅད་གསལ་བའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་གཉིས་ཏེ། བཤད་པ་དང་། ལུང་གིས་དོན་བསྡུ་བའོ། །དང་པོ་ལ་བདུན་ཏེ། བགྲང་། འཇུག་སྒོ་དང་། དྲངས། རང་སངས་རྒྱས་ཀྱི་ཐེག་པ་བཤད་པ་ནི་འདི་ལྟ་སྟེ། མཚན་ཉིད། སྒྲ་དོན། དབྱེ་བ་གསུམ་མོ། །མཚན་ཉིད་ནི། ལྟ་བ་གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་ལས་ཕྱི་གཟུང་ཡུལ་སྟོང་པར་རྟོགས་པའི་སྒོ་ནས་རང་ཉིད་ཁམས་གསུམ་འཁོར་བ་ལས་ཐར་ནས་འབྲས་བུ་དགྲ་བཅོམ་ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་པར་འདོད་པའོ། །སྒྲ་དོན་ནི། སྲིད་པ་ཐ་མ་དགྲ་བཅོམ་ཐོབ་ཀའི་སྐྱེ་བ་ལ་རྐྱེན་དགེ་བའི་བཤེས་གཉེན་ལ་མ་ལྟོས་པར་རང་གི་རྟོགས་པའི་ཤེས་རབ་ཀྱིས་རང་བྱང་ཆུབ་ཐོབ་པར་འདོད་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་སོ། །དབྱེ་བ་ལ་གཉིས་ཏེ། བསེ་རུ་ལྟ་བུ་གཅིག་པུར་གནས་པ་དང་། ནེ་ཚོ་ལྟ་བུར་ཚོགས་ན་སྤྱོད་པ་གཉིས་སོགས། རང་སངས་རྒྱས་ཀྱི་ཐེག་པའི་འཇུག་སྒོ་ནི། རྒྱུ་སྔ་མ་ལ་བརྟེན་ཅིང་འབྲས་བུ་ཕྱི་མ་དང་འབྲེལ་བས་རྟེན་འབྲེལ་ཅེས་བྱའོ། །བཅུ་གཉིས་ནི་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་དང་། ནང་རྟེན་ཅིང་འབྲེལ་བར་བཅུ་གཉིས་ཡིན་ཏེ། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ནི། ས་བོན། མྱུ་གུ། སྡོང་བུ། ཡལ་ག །མེ་ཏོག །འབྲས་བུ་དང་དྲུག་གོ། །དེ་ནི་འབྲས་བུ་དང་འབྲེལ་བའོ། །དེ་ཡང་སས་རྟེན་བྱས། ཆུས་བསྡུས། མེས་སྨིན། རླུང་གིས་གཡོས། ནམ་མཁས་གོ་འབྱེད། དུས་ཀྱིས་འགྱུར་བ་དང་དྲུག་སྟེ། རྒྱུ་དང་འབྲེལ་བ་དྲུག་དང་བཅུ་གཉིས་སོ། །ནང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲིད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་དང་བཅུ་གཉིས་ཡིན། འདི་རྣམས་ནི་ལུགས་འབྱུང་གི་སྒོ་ནས་ཤེས་པར་བྱེད་ཅིང་། ལུས་ལྡོག་གི་སྒོ་ནས་དགག་པར་བྱེད་པ་ཡིན་ཏེ། དེ་ལ་ལུགས་འབྱུང་འཁོར་བའི་རྒྱུ་འབྲས་སུ་བདེན། ལུགས་ལྡོག་མྱ་ངན་ལས་འདས་པའི་རྒྱུ་འབྲས་སུ་བདེན་པ་ཡིན་པས་དེ་ལྟ་བུའི་བདེན་བཞིའི་དོན་ལ་འཇུག་པ་རང་སངས་རྒྱས་ཀྱི་ཐེག་པའི་འཇུག་སྒོ་ཡིན་ནོ། །ནང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་སྤྱི་དོན་རྒྱས་པར་བཤད་ན། དགུ་སྟེ། ངོ་བོ། དབྱེ་བ། བྱེད་ལས། རྒྱུ་འབྲས་ཚར་གཉིས་སུ་བསྡུ་བ་དང་། ཚེ་དུ་ལ་རྫོགས་པ་དང་། ཉོན་མོངས་པ་གསུམ་གྱིས་བསྡུ་བ་དང་། ཐོག་མཐའ་མེད་པའི་ཚུལ་དང་། བྱེད་པ་པོ་མེད་པའི་དཔེ་དང་། རྟག་ཆད་བྲལ་བས་ཟབ་ཅིང་། རྟོག་པར་དཀའ་བར་བརྟན་པའོ། །དང་པོ་ནི། གང་ཞིག་གང་ལ་བརྟེན་ནས་འབྱུང་བའོ། །གཉིས་པ། དབྱེ་བ་ལ་བཅུ་གཉིས་ཏེ། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་གཟུགས། སྐྱེ་མཆེད་དྲུག་དང་། རེག་པ། ཚོར་བ། སྲིད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །དེ་ལ་མ་རིག་པ་ནི། ཀུན་ཏུ་བརྟགས་པ་མངོན་སུམ་གྱི་སྤང་བྱར་གྱུར་པ་སྟེ། ལས་རྒྱུ་འབྲས་ལ་རྨོངས་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའོ། །འདུ་བྱེད་ནི་མ་རིག་པས་ཀུན་ནས་བསླང་པའི་ལས་དངོས་སུ་ལོག་པར་བྱེད་པ་སྟེ། མི་དགེ་བ་བསོད་ནམས་མ་ཡིན་པའི་འདུ་བྱེད་དང་། དགེ་བ་བསོད་ནམས་ཀྱི་འདུ་བྱེད་དང་། བཏང་སྙོམ་མི་གཡོ་བའི་འདུ་བྱེད་དོ། །རྣམ་པར་ཤེས་པ་ནི་ལས་དེ་དག་གིས་རྣམ་པར་ཤེས་པ་སྐྱེ་བའི་གནས་སུ་འཕང་བའོ། །མིང་དང་གཟུགས་ནི། རྣམ་ཤེས་ཀྱི་རྒྱུ་ལས་མངལ་གྱི་གནས་སྐབས་སུ་ཕུང་པོ་ཐོབ་ཙམ་མོ། །སྐྱེ་མཆེད་དྲུག་ནི། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྫོགས་པའོ། །རེག་པ་ནི། ཡུལ་དང་དབང་པོ་དང་། རྣམ་པར་ཤེས་པ་གསུམ་འདུས་པ་ལས་ཡུལ་ཡོངས་སུ་གཅོད་ཅིང་ཚོར་བ་སྐྱེད་པར་བྱེད་པའོ། །ཚོར་བ་ནི་དེ་ལས་སྐྱེས་པའི་བདེ་སྡུག་བཏང་སྙོམས་ཉམས་སུ་མྱོང་བའོ། །སྲིད་པ་ནི་ཡུལ་བདེ་ལ་ཆགས་པའོ། །ལེན་པ་ནི་ཡུལ་དོན་དུ་གཉེར་བའོ། །སྲིད་པ་ནི་དེ་དག་གིས་ཀུན་ནས། བསླང་ནས་སྐྱེ་བ་ཕྱི་མ་འགྲུབ་པའི་ལས་སོག་པའོ། །སྐྱེ་བ་ནི། མིང་གཟུགས་སྔར་མེད་གསར་དུ་སྐྱེས་པའོ། །རྒ་ཤི་ནི། སྐྱེ་མཆེད་དྲུག་རྫོགས་པའི་ཚེ་མཐར་ཕྱིན་ནས་གནས་སྐབས་གཞན་དུ་འགྱུར་བའོ། །གསུམ་པ་ནི། མ་རིག་པས་དེ་ཁོ་ཉིད་མཐོང་བ་ལས་སྒྲིབ་པར་བྱེད། འདུ་བྱེད་ཀྱིས་ཀུན་གཞི་ལ་ལས་ཀྱི་ས་བོན་འདེབས་པར་བྱེད། རྣམ་པར་ཤེས་པས་སྐྱེ་གནས་སུ་འཁྲིད་པར་བྱེད། མིང་དང་གཟུགས་ཀྱིས་ལུས་འཛིན་པར་བྱེད། སྐྱེ་མཆེད་དྲུག་གིས་ལུས་ཡོངས་སུ་རྫོགས་པར་བྱེད། རེག་པས་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པར་བྱེད། ཚོར་བས་ཡུལ་ལ་ཉེ་བར་ལོངས་སྤྱོད་པར་བྱེད། སྲེད་པས་ལས་ཀྱི་ས་བོན་སྲིད་པའི་རྒྱུ་སྡུད་པར་བྱེད། ལེན་པས་རྣམ་པར་ཤེས་པ་དང་མཐུན་པའི་སྐྱེ་བ་ལེན་པར་བྱེད། སྲིད་པས་ལས་ནུས་པ་ཐོགས་མེད་དུ་གྱུར་པས་སྲིད་པ་ཕྱི་མ་མངོན་དུ་བྱེད། སྐྱེ་བ་དང་རྒ་ཤི་གཉིས་སྡུག་བསྔལ་གྱི་ཐོག་མཐའ་ཡིན་པས། དེ་ལྟར་རྟེན་འབྲེལ་བཅུ་གཉིས་ཀྱིས་སེམས་ཅན་རྣམས་ཉོན་མོངས་པ་བྱེད་པ་ཡིན་ཏེ། སྒྲིབ་པའི་ཕྱིར་དང་འདི་པའི་ཕྱིར། །ཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་ཀུན་གཅོད་ཕྱིར། །ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར། །སྦྱོར་བས་ཕྱིར་དང་མངོན་དུ་ཕྱིར། །སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས། །ཅེས་སོ། །བཞི་པ་རྒྱུ་འབྲས་ཚར་གཉིས་སུ་བསྡུ་བ་ལ། གཉིས་ལས། སྡེབ་པས་རྒྱུ་འབྲས་ཚར་གཉིས་སུ་བསྡུ་བར་འདོད། སྐྱེ་བ་སྔ་མའི་མ་རིག་པ་ཉོན་མོངས་པ་དང་། འདུ་བྱེད་ལས་ཡིན་ཏེ། དེ་གཉིས་རྒྱུའི་ཡན་ལག་ཡིན་ལ། དེ་གཉིས་ལས་སྐྱེ་བ་འདིའི་རྣམ་པར་ཤེས་པ་དང་། མིང་དང་གཟུགས། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་ལྔ་སྐྱེ་སྟེ། དེ་ལྔ་ནི་འབྲས་བུའི་ཡན་ལག་ཡིན་པས་རྒྱུ་འབྲས་ཚར་གཅིག་ཡིན་ནོ། །ཚེ་འདིའི་སྲེད་པ་དང་། ལེན་པ་གཉིས་ཉོན་མོངས་པ་དང་། སྲིད་པ་ལས་ཡིན་ཏེ། དེ་གསུམ་ནི་ཚེ་ཕྱི་མའི་རྒྱུའི་ཡན་ལག་ཡིན་ལ། དེ་དག་ལ་སྐྱེ་བ་ཕྱི་མའི་སྐྱེ་བ་དང་། རྒ་ཤི་འབྱུང་བ་ནི་འབྲས་བུའི་ཡན་ལག་ཡིན་པས་རྒྱུ་འབྲས་ཚར་གཅིག་ཡིན། དེ་ལྟར་རྒྱུ་འབྲས་ཚར་གཉིས་ཀྱིས་བསྡུས་པར་འདོད་དོ། །ཐེག་པ་ཆེན་པོ་པས། མ་རིག་པ། འདུ་བྱེད། སྲེད་པ། ལེན་པ། སྲིད་པ་ལྔ་རྒྱུ་ཡིན་ལ་ལྷག་མ་བདུན་ནི་འབྲས་བུའི་ཡན་ལག་ཡིན་ཏེ། རྒྱུ་འབྲས་ཚར་གཅིག་གིས་བསྡུས་པར་འདོད་དོ། །ལྔ་པ་ཚེ་དུ་ལ་རྫོགས་པ་ནི། སྡེབ་པས་ཚར་གསུམ་གྱིས་བསྡུ་བར་འདོད་དེ། མ་རིག་པ་དང་འདུ་བྱེད་གཉིས། སྐྱེ་བ་སྔ་མས་བསྡུས་ཏེ། རྒྱུའི་ཡན་ལག་ཡིན་ལ། རྣམ་པར་ཤེས་པ་ནས་ཚོར་བའི་བར་ལྔ་ནི། ཚེ་འདིས་བསྡུས་ཏེ། འབྲས་བུའི་ཡན་ལག་གོ། །སྲེད་པ་དང་། ལེན་པ་དང་། སྲིད་པ་གསུམ་ཡང་ཚེ་འདིས་བསྡུ་སྟེ། ཕྱི་མར་སྐྱེ་བའི་རྒྱུ་ཡན་ལག་གོ། །སྐྱེ་བ་དང་རྒ་ཤི་གཉིས་ནི། ཚེ་ཕྱི་མ་བསྡུ་སྟེ། འབྲས་བུའི་ཡན་ལག་ཡིན་ལ། རྟེན་འབྲེལ་བཅུ་གཉིས་ཚེ་གསུམ་ལ་རྫོགས་པར་འདོད། ཐེག་པ་ཆེན་པོ་པས། ཚེ་གཉིས་ལ་རྫོགས་པར་བཞེད་དེ། ཚེ་སྔ་མ་ནས་འདིར་འཇུག་ན་སྔར་བཤད་པའི་རྒྱུའི་ཡན་ལག་ཚེ་སྔ་མ་ལ་ཡོད་ལ། འབྲས་བུའི་ཡན་ལག་ཚེ་འདི་ལ་ཡོད་དོ། །འདི་ནས་ཕྱི་མར་འཇུག་ན་རྒྱུའི་ཡན་ལག་ཚེ་འདིར་ཡོད་ལ། འབྲས་བུའི་ཡན་ལག་ཚེ་ཕྱི་མར་ཡོད་དོ། །དྲུག་པ་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་ཚུལ་ནི། དང་པོ་མ་རིག་པ་དང་། བརྒྱད་པ་སྲེད་པ། དགུ་པ་ལེན་པ་གསུམ་ནི། ཉོན་མོངས་ཀྱིས་ཉོན་མོངས་པ་ཡིན་ལ། གཉིས་པ་འདུ་བྱེད་དང་། བཅུ་པ་སྲིད་པ་གཉིས་ནི། ལས་ཀྱིས་ཉོན་མོངས་པ་ཡིན་ཅིང་། རྣམ་པར་ཤེས་པ་ལ་སོགས་པ་ལྷག་མ་བདུན་ནི་སྡུག་བསྔལ་གྱིས་ཉོན་མོངས་པ་ཡིན་ཏེ། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །བཅུ་གཉིས་ཆོས་ནི་གསུམ་དུ་འདུས། །ཅེས་སོ། །བདུན་པ་དེ་དག་ཐོག་མཐའ་མེད་པར་འཇུག་པའི་ཚུལ་ནི། མ་རིག་པ། སྲིད་པ། ལེན་པ་གསུམ་གྱིས་རྒྱུ་བྱས་པའི་འདུ་བྱེད་སྲིད་པ་གཉིས་ཀྱིས་ལས་སོག་ཅིང་། ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་ཤེས་པ་སོགས་བདུན་འབྱུང་ཞིང་། དེ་དག་ལས་ཀྱང་སྔ་མ་གསུམ་སྐྱེ་བས་རྒྱུན་ཆགས་སུ་འབྱུང་བ་ཡིན་ཏེ། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་པས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་ནས་ཡང་དུ་འཁོར། །ཅེས་སོ། །བརྒྱད་པ་བྱེད་པ་པོ་མེད་པའི་དཔེ་ནི། དེ་ལ་གང་ཟག་ལ་སོགས་པ་བྱེད་པོ་མེད་དེ། རང་བཞིན་གྱི་བདག་མེད་པར་རྒྱུ་དང་། རྐྱེན་ཚོགས་པ་དེ་ལས་བདག་མེད་པའི་ཆོས་རྣམས་འབྱུང་བ་རྟེན་འབྲེལ་ཡིན་ཏེ། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་སྒྲ་བཞིན། །ཕུང་པོའི་ཉིང་མཚུམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོག་བྱ། །ཚེ་འདི་ནས་ཕ་རོལ་ཏུ་ཉིང་འཚམས་སྦྱོར་བ་ལ་རྟག་ཆད་དང་བྲལ་བ་ཡིན་ཏེ། དེ་ཡང་། བླ་མའི་ཁ་ཏོན་ལས་སློབ་མས་དོན་གོ་བ་ལྟར། འདིའི་རྒྱུ་ནི་མི་འཕོ་བ་དང་། ཕྱི་མ་རྒྱུ་མེད་པར་མི་འབྱུང་བ་དང་། མེ་ལོང་དང་བཞིན་གྱིས་ཚེ་འདི་ཡོད་པས་ཕ་རོལ་ཡོད་ཅིང་འཕོ་བ་ཡང་མ་ཡིན་པ་དང་། རྒྱ་དང་འབུར་ལས་མཐུན་པའི་སྐྱེ་བ་ལེན་པ་དང་། མེ་ཤེལ་དང་མེ་ལས་རྒྱུ་འབྲས་རིགས་མཉམ་པ་འབྱུང་བ་དང་། ས་བོན་དང་མྱུ་གུས་ཚེ་འདི་འགག་ན་ཕ་རོལ་མེད་པར་མི་འགྱུར་བ་དང་། སྐྱུར་དང་འགྲམ་ཆུ་ལྡང་བ་དེས་སྔོན་མྱོང་བའི་ལས་ཀྱི་སྐྱེ་བ་ལེན་པ་དང་། སྒྲ་དང་བྲག་ཆའི་མཐུན་རྐྱེན་འཚོགས་ཤིང་འགལ་རྐྱེན་མེད་ན་འབྱུང་བས་གཅིག་དང་ཐ་དད་ལས་གྲོལ་བའོ། །དགུ་པ་དེ་ལྟར་ཚེ་འདིའི་ཕུང་པོ་ཕྱི་མར་མི་འཕོ་བས་རྟག་པ་མ་ཡིན་པ་དང་། འདི་ལ་མ་བརྟེན་པར་ཕྱི་མ་མི་འབྱུང་བས་ཆད་པ་མ་ཡིན་པ་དང་། འགྲོ་བ་རིགས་མི་འདྲ་བ་གཞན་དང་གཞན་འབྱུང་བས་སྔ་མ་འཕོ་བ་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བས་འདྲ་བ་མ་ཡིན་པ་དང་། ལས་དགེ་སྡིག་ལ་འབྲས་བུ་བདེ་སྡུག་མ་འཆོལ་བར་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཏེ། དེ་ལྟར་རྟག་ཆད་ཀྱི་མཐའ་དང་བྲལ་བས་ཟབ་པ་དང་། དེ་ཉིད་ངང་གཞན་དུ་བརྗོད་དུ་མེད་པས་རྟོགས་དཀའ་བ་ཡིན་ཏེ། སྟོང་པ་ཁོ་ནའི་ཆོས་རྣམས་ལ། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །ཅེས་པ་དང་། ཤིན་ཏུ་ཕྲ་བའི་དངོས་རྣམས་ལ། །གང་གིས་ཆད་པར་རྣམ་བརྟག་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་འབྱུང་བའི་དོན་མ་མཐོང་། །ཅེས་སོ། །གཉིས་པ་ལུགས་ལས་བཟློག་པ་ནི། མ་རིག་པ་ཀུན་ཏུ་བརྟག་པའི་གང་ཟག་གི་བདག་ཏུ་འཛིན་པ་ཡིན་ལ། དེ་ནི་བདག་མེད་པ་ལ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་སྤངས་ཏེ། དངོས་འགལ་ཡིན་པའི་ཕྱིར། མ་རིག་པ་འགག་པས་སྲིད་པར་སྐྱེ་བའི་རྒྱུ་ལས་མངོན་པར་འདུ་བྱེད་པ་འགག །དེ་འགག་པས་ལས་ཀྱིས་འཕངས་པའི་རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་རྣམས་འགག་ཅིང་། དེ་དག་འགག་ན། ལས་ནས་སློང་བའི་སྲེད་པ་དང་། ལེན་པ་འགག་ཅིང་། དེ་འགག་ན། ཕྱི་མའི་ཕུང་པོ་འགྲུབ་པའི་ལས་མཐུ་ལྡན་གྱི་སྲིད་པ་འགག་པའོ། །དེ་འགག་ན་དེས་འཕངས་པའི་སྐྱེ་བ་དང་། རྒ་ཤི་འགག་ཅིང་སྡུག་བསྔལ་གྱི་ཕུང་པོ་མ་ལུས་པ་འགག་པའོ། །གསུམ་པ་དེ་ལྟར་རྟེན་འབྲེལ་ལུགས་འབྱུང་ནི། ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་འཁོར་བའི་རྒྱུ་འབྲས་ཡིན་ལ། ལུགས་བཟློག་ནི། ལམ་དང་འགོག་པའི་བདེན་པ་མྱ་ངན་ལས་འདས་པའི་རྒྱུ་འབྲས་ཡིན་ཏེ། དེ་ལྟར་རྟེན་འབྲེལ་གྱིས་ནི་འཁོར་འདས་ཀྱི་ཆོས་མ་ལུས་པ་བསྡུས་པ་ཡིན་ནོ། །བལྟ་བ་དང་། དྲངས། རང་སངས་རྒྱས་ཀྱི་ལྟ་བ་ནི་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་རྡུལ་ཕྲན་འདུས་པའི་ཕུང་པོ་ཡིན་པ་ལ་ཕྱོགས་ཆར་གཞིག་ན་མ་གྲུབ་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་བཟློག་གི་སྒོ་ནས་ནམ་མཁའ་སྟོང་པ་ལ་གཏུག་ནས་གཟུགས་ཀྱི་ཕུང་པོ་བདག་མེད་དུ་རྟོགས་པའོ། །ནང་འཛིན་པའི་སེམས་ནི། སྐད་ཅིག་ཆ་མེད་ཉན་ཐོས་དང་འདྲ་སྟེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོགས་པ་སྤངས་ཕྱིར་དང་། །འཛིན་པ་མི་སྤངས་ཕྱིར་དང་ནི། །རྟེན་གྱི་བསྭེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལྟར་རང་སངས་རྒྱས་ཀྱི་ལྟ་བ་དེའང་གཟུང་བའི་ཡུལ་རང་བཞིན་མེད་ཅིང་། ནང་འཛིན་སེམས་རགས་པ་མེད་པས་བདག་མེད་ཕྱེད་དང་གཉིས་རྟོགས་པས་འོག་མ་ལས་འཕགས་ཀྱང་། ཆུ་ཕར་ཁ་མེད་པའི་ཚུར་ཁ་བཞིན་སེམས་སྐད་ཅིག་ཆ་མེད་དོན་དམ་དུ་འདོད་པས་གོང་མ་ལས་དམན་པའོ། །ཏིང་ངེ་འཛིན། དྲངས། རང་སངས་རྒྱས་ཀྱི་སྒོམ་པའི་བསམ་གཏན་ནི། དཔེར་ན། མར་མེ་མར་ཁུ་ཟད་ན་དེ་ལས་བྱུང་བའི་མེ་ཟད། དེ་ནས་དེ་ལས་འབྱུང་བའི་གསལ་བའི་རྒྱུན་ཟད་པ་ལྟ་བུ་ནི། མ་རིག་པའི་གཉེན་པོར་ཤེས་པ་གསལ་ལ་གོ་མ་འགག་པ་དེས་མ་རིག་པ་དག་པ་ལ་ཟད་ཅེས་བྱའོ། །དེའི་དབང་གིས་དེ་ལས་བྱུང་བའི་འདུ་བྱེད་ཟད། དེ་ནས་རྒ་ཤིའི་བར་དུ་ཟད་པར་ཤེས་པར་བྱ་སྟེ། དེ་ལྟར་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་སྒོ་ནས་ལུགས་ལས་བཟློག་པས་ཕྱི་བཟུང་བའི་ཡུལ་གྱི་ཞེན་པ་དགག་པ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་ལས་བཟློག་པས་ནང་འཛིན་སེམས་ཀྱི་ཞེན་པ་གཉིས་དགག་པ་ནི་རང་སངས་རྒྱས་ཀྱི་བསམ་གཏན་ཡིན་པར་ཀུན་ཏུ་བཟང་པོ་དང་། རྣམ་པར་སྣང་མཛད་ཤཱཀྱ་ཐུབ་པ་ལ་སོགས་པའི་རྒྱལ་བ་རྣམས་ཀྱིས་གསུངས་སོ། །སྤྱོད་པ་ཚུལ་ཁྲིམས་ཉན་ཐོས་དང་ཚུལ་མཐུན་པའོ། །དྲངས། རང་སངས་རྒྱས་ཀྱི་སྤྱོད་པ་དང་ཚུལ་ཁྲིམས་རྣམས་ཉན་ཐོས་དང་མཐུན་པར་འཇུག་ལ། ཁྱད་པར་གྱི་སྤྱོད་པ་དང་། དྲངས། ཁྱད་པར་དུ་གཅིག་པུ་བསྭེ་རུ་ལྟར་གནས་པར་སྒྲུབ་པར་བྱེད་པའོ། །ཡུན་ནི། དྲངས། བསེ་རུ་ལྟ་བུས་འཇིག་ཆགས་སྟོང་གནས་ཀྱི་བསྐལ་ཕྲན་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཏུ་བྱས་པའི་བསྐལ་པ་ཆེན་པོ་བརྒྱའི་བར་དུ་རྒྱལ་བའི་བཀའ་ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས་ནས་ཚོགས་ལམ་བཞི་གསུམ་བཅུ་གཉིས་ཀྱིས་སེམས་རབ་དུ་སྦྱངས་ནས་ཚོགས་ལམ་ཆེན་པོར་ཕྱིན་པ་ན་ཕྱི་མ་གང་དུ་སྐྱེ་བ་མངོན་ཤེས་ཀྱིས་གཟིགས་ནས། སྨོན་ལམ་འགྲུབ་པར་བྱ་བའི་ཆེད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་བྱས་ནས་མཁས་པའི་དངོས་པོ་དྲུག་ལ་མཁས་པར་བྱས་ཏེ། དེ་ཡང་ཕུང་པོ་ལ་མཁས་པ་ཕུང་པོ་ལྔ། ཁམས་ལ་མཁས་པ། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་ལ་མཁས་པ། སྐྱེ་མཆེད་བཅུ་གཉིས། བདེན་པ་ལ་མཁས་པ། བདེན་པ་བཞི། རྟེན་འབྲེལ་ལ་མཁས་པ་རྟེན་འབྲེལ་བཅུ་གཉིས། གང་ཟག་ལ་མཁས་པ། དབང་པོ་རྣོ་རྟུལ་དེ་ཡང་དབང་རྟུལ་དད་པའི་རྗེས་སུ་འབྲང་བ་དང་། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བ་ལ་མཁས་པ་སྟེ། དངོས་པོ་དྲུག་ལ་མཁས་པར་བྱས་ནས་སྨོན་ལམ་བཏབ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་བཞུགས་པའི་ཞིང་སྟོང་པར་སྐྱེ་བར་གྱུར་ཅིག །དེར་སྐྱེས་པ་ན་ཡང་རྐྱེན་དགེ་བའི་བཤེས་གཉེན་ལ་མི་ལྟོས་པར་རང་གིས་རྟོགས་པའི་ཤེས་རབ་ཀྱིས་རང་བྱང་ཆུབ་ཐོབ་པར་གྱུར་ཅིག །རང་བྱང་ཆུབ་ཐོབ་ནས་ཀྱང་གདུལ་བྱ་སེམས་ཅན་ལའང་ལུས་ཀྱིས་སྙིང་བརྩེ་བར་བྱེད་ཀྱིས། ངག་གིས་སྙིང་བརྩེ་བར་མ་གྱུར་ཅིག་ཅེས་དེ་ཙམ་སྨོན་ལམ་རྒྱ་ཆེན་པོ་མ་བཏབ་པས་ལམ་ལྔ་གདན་ཐོག་གཅིག་ཏུ་བསྐྱེད་ནས་ཆོས་ཉིད་གཅིག་ཆར་དུ་རྟོགས་ཀྱང་ཞིང་སྟོང་པར་སྐྱེས་ནས་ངག་གིས་ཆོས་མི་སྟོན་ཏོ། །ཚོགས་སྤྱོད་ཆེན་པོ་བསྐལ་པ་ཆེན་པོ་བརྒྱའི་སུམ་གཉིས་ཀྱི་བར་དུ་ཉན་ཐོས་ཀྱི་སྡེ་སྣོད་ལ་སྦྱངས་པས་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞིའི་ཆོས་ཉིད་རིམ་གྱིས་རྟོགས་ནས་ཕྱི་མ་གོང་དུ་མངོན་ཤེས་ཀྱིས་གཟིགས་ནས་གོང་བཞིན་སྨོན་ལམ་རྒྱ་ཆེན་པོ་མ་བཏབ་བོ། །ཚོགས་སྤྱོད་ཆུང་ངུ་བས་བསྐལ་པ་བརྒྱའི་སུམ་ཅུའི་ཆའི་བར་དུ་ཉན་ཐོས་ཀྱི་སྡེ་སྣོད་ལ་སྦྱངས་པས་སྦྱོར་ལམ་ངེས་འབྱེད་ཆ་བཞིའི་དོན་མཐོང་ལམ་ཆོས་ཉིད་རིམ་གྱིས་རྟོགས་པར་གྱུར་ཀྱང་། སྨོན་ལམ་གོང་མ་བཞིན་དུ་རྒྱ་ཆེན་པོ་མ་བཏབ་པས་ཕྱི་མ་ཞིང་སྟོང་དུ་སྐྱེ་བའོ། །འབྲས་བུ་ལ་གཉིས། འབྲས་བུ་ཐོབ་ཚུལ་དང་། གཞན་དོན་བྱེད་ཚུལ་ལོ། །དང་པོ་ནི། དྲངས། འབྲས་བུ་ཐོབ་ཁའི་སྐྱེ་བ་དེ་ལ། དགེ་བའི་བཤེས་གཉེན་མ་བསྟེན་པར། ཆུ་ཟླ་འམ་དུར་ཁྲོད་ཀྱི་རོ་ལ་སོགས་པའི་རྐྱེན་རྣམས་ཀྱིས་རྟེན་འབྲེལ་གྱི་དོན་རྟོགས་པ་ཡིན་ཏེ། དུར་ཁྲོད་ཀྱི་རོ་ལ་བརྟག་ནས་འདི་གང་ནས་བྱུང་། རྒ་ཤི་ལ་བྱུང་། དེ་སྐྱེ་བ་ལས་བྱུང་། དེ་སྲིད་པ་ལས་བྱུང་། དེ་ལེན་པ་ལས་བྱུང་། དེ་སྲེད་པ་ལས་བྱུང་། དེ་ཚོར་བ་ལས་བྱུང་། དེ་རེག་པ་ལས་བྱུང་། དེ་སྐྱེ་མཆེད་དྲུག་ལས། དེ་མིང་གཟུགས་ལས། དེ་རྣམ་པར་ཤེས་པ་ལས། དེ་འདུ་བྱེད་ལས། དེ་མ་རིག་པ་ལས་བྱུང་། མ་རིག་པ་སྐད་ཅིག་རང་གསལ་དུ་རྟོགས་པས་དེའི་དོན་ཚིག་ཉམས་སུ་བླང་བའི་ཚེ་བདེན་བཞིའི་དོན་མཐོང་ཞིང་སྲིད་པའི་སྡུག་བསྔལ་མེད། ཚིག་ཏུ་མ་སྨྲས་ཀྱང་གཞན་ལ་ཕན་གདག་པར་ནུས་པས་རང་སངས་རྒྱས་ཀྱི་ཐོབ་པའི་འབྲས་བུ་འདི་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེན་དང་འདྲའོ། །འཁོར་བ་ལ་ཟག་པ་མེད་པའི་དོན་མངོན་སུམ་དུ་རྟོགས་པས་བདེ་མཆོག་ས་ལ་གནས་ཅེས་བྱའོ། །གཞན་དོན་བྱེད་ཚུལ་ནི། དྲངས། སླད་ཀྱིས་ཞེས་པ་ནི་ཡིད་བཞིན་བདེ་མཆོག་གིས་དགྲ་བཅོམ་ཐོབ་པའི་རྗེས་ཐོག་ནས་འགྲོ་དོན་མཛད་པའི་ཚེ་ན་ལུས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས་དོན་མཛད་པ་སྟེ། རང་བྱུང་གི་འབྲས་བུ་དཔའ་བོ། །འཇིགས་མེད། ཤེས་རབ་མགྱོགས་ཅན། རྫུ་འཕྲུལ་ཐོགས་མེད་སོགས། སྟོད་ན་མེ་འབར། སྨད་ན་ཆུ་འབྲུབ་པའི་རྩལ་དང་ལྡན་པ་དེས་སྐབས་གོང་དུ་དོན་མཛད་ན། སངས་རྒྱས་བྱང་ཆུབ་མི་བཞུགས་པའི་བར་སྐབས་དག་ཏུ་དོན་མཛད་པ་སྟེ། དེ་ཡང་གཡས་སུ་རྟེན་འབྲེལ་ལ་མོས་པ་ལ་རྟེན་འབྲེལ། གཡོན་དུ་བདེན་བཞི་ལ་མོས་པ་ལ་བདེན་བཞི། མདུན་དུ་དགེ་བཅུ་ལ་མོས་པ་ལ་དགེ་བཅུའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་འགྲོ་བའི་དོན་མཛད་དེ། དེ་ལ་ནང་ཕྲ་བ་ཆོས་ཀྱི་བདག་མེད་མ་རྟོགས་པས་གསུང་གིས་ཆོས་འཆད་མི་མཁྱེན་པས་སྤྲུལ་པའི་ཐབས་ཀྱིས་དོན་མཛད་པའོ། །ཡང་ན་ཆོས་འཆད་པ་སྤྲོས་པའི་རྒྱུར་མཐོང་བ་དང་། ནང་གི་ཏིང་འཛིན་འཁྲུགས་དོགས་ནས་མི་འཆད་ཞེས་ཀྱང་བརྗོད། དེ་ཡང་མངོན་རྟོགས་རྒྱན་ལས། གང་གང་དོན་ཉིད་གང་གང་ལ། །ཅི་ལྟར་ཅི་ལྟར་ཉན་འདོད་ན། །དེ་དེ་ལ་དོན་དེ་དང་ནི། །སྒྲ་མེད་ཀྱང་ནི་དེ་ལྟར་སྣང་། །ཅེས་སོ། །དེ་ལྟ་བུ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་ཞེས་སུ་བཀའ་མདོ་རྒྱུད་ཀུན་ཏུ་རྣམ་པར་གྲགས་པའོ། །ལུང་གིས་དོན་བསྡུས་པའོ། །དྲངས། དགོངས་པ་འདུས་པའི་ལུང་ལས་ཀྱང་ནི་འདི་སྐད་དངོས་པོ་ཕྱི་ནང་གི་ཆོས་འདི་དག་ཀུན་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཡིན་པས་ལུགས་འབྱུང་གི་སྒོ་ནས་ཤེས་པར་བྱས་ལ་ལུགས་ལྡོག་གི་སྒོ་ནས་གང་ཟག་གི་བདག་མེད་པར་རྟོགས་པའི་སྟེང་དུ་ཕྲ་བ་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་མཐོང་བས་ངག་གིས་ཆོས་བརྗོད་དུ་མེད། ལུས་ཀྱི་རྫུ་འཕྲུལ་སངས་རྒྱས་མི་བྱོན་པའི་སྐབས་སུ་སྤྲུལ་པས་ཆོས་རྣམས་སྟོན་པའོ། །ཞེས་གསུངས་ཕྱིར་ན་ལུང་གིས་གསལ། ཞེས་གོང་དང་མཐུན་ནོ། ༈ །དེ་ལ་ཐེག་པ་ཆེ་ཆུང་གི་ཁྱད་པར་ནི། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་ཆེན་པོ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་སུ་བརྗོད་པ་ཡིན། །ཅེས་པས། སེམས་ཅན་གྱི་དོན་དུ་ཟབ་མོའི་ཆོས་རྒྱ་ཆེན་པོ་ལ་དམིགས་པ་དང་། སྙིང་རྗེ་ཆེན་པོས་བདག་གཞན་གྱི་དོན་ཆེན་པོ་བསྒྲུབ་པ་དང་། བདག་མེད་གཉིས་ཀྱི་དོན་རྒྱ་ཆེན་པོ་ཡང་དག་པར་རྟོགས་པ་དང་། དཀའ་བ་དཔག་ཏུ་མེད་པའི་བརྩོན་འགྲུས་ཆེན་པོ་བརྩམས་པ་དང་། སྟོང་པ་ཉིད་དང་སྙིང་རྗེས་སྲིད་ཞིའི་མཐའ་ལ་མི་གནས་པས་ཐབས་མཁས་པ་དང་། རྣམ་མཁྱེན་སངས་རྒྱས་ཐོབ་ཅིང་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་། འཁོར་བ་མ་སྟོང་གི་བར་དུ་མཛད་པ་སྣ་ཚོགས་པའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པའོ། །མདོར་བསྡུས་ན། མཚན་བརྗོད་ལས། སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །ཅེས་སོ། །ཐེག་པ་ཆེན་པོ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་སོ། །དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ། ཡུལ་སེམས་སུ་འདོད་པའི་སེམས་ཙམ་པ་དང་། སེམས་མཐའ་དང་བྲལ་བ་དབུ་མའི་འདོད་པ་བསྟན་པའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ངེས་པར་བྱ་བའི་ཕྱིར་ལུང་གིས་དོན་བསྡུ་བའོ། །དང་པོ་ནི། རྒྱུ་མཚན་ཉིད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་སྐུ་གསུམ་གྱི་གླིང་དུ་འདེགས་པར་བྱེད་པའི་དོན་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། དེ་ཡང་སྐབས་འདིར་བྱང་ཆུབ་སེམས་དཔའི་མཚན་ཉིད། སྒྲ་དོན། དབྱེ་བ་གསུམ་བཤད་ན་མཚན་ཉིད་ནི། ལྟ་བ་གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་རྟོགས་པའི་སྒོ་ནས་གཞན་དོན་དུ་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་ནས་སྲིད་ཞིའི་མཐར་མི་གནས་པའི་དོན་གཉིས་ལྷུན་གྲུབ་ཀྱི་སངས་རྒྱས་ཐོབ་པར་འདོད་པ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ཤེས་པས་སྲིད་ལ་མི་གནས་དང་། སྙིང་རྗེས་ཞི་ལ་མི་གནས་ཕྱིར། །འཁོར་དང་མྱ་ངན་འདས་མི་གནས། །མི་གནས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །སྒྲ་དོན་ནི། སྒྲིབ་གཉིས་བག་ཆག་དང་བཅས་པ་བྱང་བས་ན་བྱང་། ཅི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པས་ན་ཆུབ། དེ་ལྟ་བུའི་དོན་ལ་སེམས་པས་ན་སེམས། བདག་དོན་དུ་སྟོང་ཉིད་ལ་མི་སྐྲག་ཅིང་། གཞན་དོན་དུ་མགོ་དང་རྐང་ལག་གཏོང་བ་ལ་མི་སྐྲག་ཅིང་དཔའ་བ་ཡིན་ཏེ། ཅི་སྐད་དུ། སྒྲིབ་གཉིས་སྤངས་པས་རྣམ་པར་བྱང་། །ཤེས་བྱ་རྟོགས་པས་ཡེ་ཤེས་ཆུབ། །བདག་དང་གཞན་གྱི་དོན་ལ་སེམས། །རིག་པའི་རྩལ་དང་བློ་རྟོགས་དཔའ། །ཅེས་གསུངས་པ་ལྟར་རོ། །ཡང་ན་མདོ་སྡེ་རྒྱན་ལས། །དེ་ཉིད་བཟང་རྟོགས་དོན་ཆེན་ལེགས་རྟོགས་དང་། །དོན་ཀུན་རྟོགས་དང་རྟག་ཏུ་རྟོགས་པ་དང་། །ཐབས་རྣམས་རྟོགས་པར་གྱུར་པའི་ཁྱད་པར་དུ། །དེ་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཅེས་སོ། །དབྱེ་བ་ལ། ཚོགས་སྦྱོར་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ལྷག་བསམ་རྣམ་པར་དག་པའི་བྱང་སེམས་གཉིས་ནས་བདུན་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། མཚན་མ་ལ་སྤྱོད་པའི་བྱང་སེམས། བདུན་པ་མཚན་མ་མེད་པའི་བྱང་སེམས། དག་པ་ས་གསུམ་ནི། མངོན་པར་འདུ་བྱེད་པ་ལ་མི་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། མདོ་སྡེ་རྒྱན་ལས། གཅིག་ནི་མོས་དང་ལྡན་པ་དང་། །ལྷག་པའི་བསམ་པ་དག་པ་གཞན། །མཚན་བཅས་དང་ནི་མཚན་མེད་དང་། །མངོན་པར་འདུ་བྱེད་མི་སྤྱོད་པ། །ལྔ་པ་འདི་ནི་ས་ཀུན་ལ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཅེས་བྱའོ། །གོང་དུ་བཤད་པའི་ཐེག་པ་གསུམ་པོ་ལ། ཀུན་འབྱུང་འདྲེན་པའི་ཐེག་པས་གདུལ་བྱ་ཡིན་པ་ལ་དབང་པོ་ཐ་མ་ཞེས་བྱའོ། །དེའི་ནང་ཚན་ལ་གསུམ་ཡོད་པ་ལས་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇུག་སྒོ་གང་ཡིན་ཞེ་ན། བར་པ་རྒྱས་པར་བཤད་པ་ལ་བདུན་ཏེ། བགྲང་། འཇུག་སྒོ་དང་། དྲངས། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ནི། འཇུག་པའི་སྒོ་ཡིན་ནོ། །དེ་ལ་འདིར་བདེན་གཉིས་ངོས་བཟུང་བ་དང་། དེ་ཉིད་མཐའ་བྲལ་དབུ་མའི་དོན་ཡིན་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། བདེན་གཉིས་ཀྱི་མཚན་ཉིད། མཚོན་བྱའི་སྒྲ་དོན། མཚན་གཞིའི་དབྱེ་བའོ། །དང་པོ་མ་བརྟགས་མ་དཔྱད་པའི་བློ་ངོར་སྣང་བ་ནི་ཀུན་རྫོབ། དཔྱད་པའི་བློ་ངོར་མ་གྲུབ་པ་ནི་དོན་དམ་སྟེ། རང་རང་གི་བློ་ངོར་བདེན་པའོ། །དེ་ཡང་། དབུ་མ་བྱང་ཆུབ་སེམས་འགྲེལ་ལས། །ཀུན་རྫོབ་ཅི་ལྟར་སྣང་བ་ནི། །རིག་པས་བརྟགས་ན་འགའ་མ་རྙེད། །མ་རྙེད་པ་ནི་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དེ། །ཅེས་སོ། །གཉིས་པ་སྒྲ་དོན་ནི། ཡང་དག་པའི་དོན་ལ་སྒྲིབ་བྱེད་དུ་གྱུར་པས་ཀུན་རྫོབ། མ་དཔྱད་པའི་བློ་ངོར་སྣང་ནས་དོན་བྱེད་ནུས་པས་ན་བདེན་པ་སྟེ། བདེན་གཉིས་ལས། གང་ཞིག་གིས་སེམས་གང་ཞིག་ལ། ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོ། །གང་ཟག་དམ་པ་རྣམས་ཀྱི་དོན་དུ་གཉེར་བྱ་ཡིན་ཞིང་བསླུ་བ་མེད་པས་དོན་དམ་པ། བློ་རིག་ཤེས་སམ། འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པས་བདེན་པ་སྟེ། དེ་ཉིད་ལས། བསླུ་བ་མེད་པར་རིག་པ་ནི། །དོན་དམ་ཡིན་ཅིང་ཀུན་རྫོབ་མིན། །ཅེས་སོ། །གསུམ་པ་མཚན་གཞིའི་དབྱེ་བ་ལ་བཞི་སྟེ། དབྱེ་གཞི། དབྱེ་བའི་ངོ་བོ། གཅིག་དང་ཐ་དད། གྲངས་ངེས་པའོ། །དང་པོ་ནི་བློའི་ཡུལ་དུ་བྱར་རུང་ཙམ་ཞིག་བདེན་གཉིས་ཀྱི་དབྱེ་གཞི་ཡིན་ཏེ། བློ་འཁྲུལ་མ་འཁྲུལ་གཉིས་ལ་ལྟོས་ནས་བདེན་པ་གཉིས་སུ་དབྱེ་བའི་ཕྱིར་ཏེ། རིག་པ་དྲུག་ཅུ་པའི་འགྲེལ་པར། བདེན་པ་གཉིས་སུ་འཇོག་པ་དེ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ཏེ་འཇོག་གོ། །ཞེས་གསུངས་སོ། །གཉིས་པ་ནི། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་ཏེ། ཀུན་རྫོབ་ལ་ཡང་དོན་བྱེད་ནུས་པའི་དངོས་པོར་སྣང་བ་ནི། ཡང་དག་པའི་ཀུན་རྫོབ་ཡིན་ཅིང་། དོན་བྱེད་མི་ནུས་པའི་ཟླ་གཉིས་དུང་སེར་ལ་སོགས་ནི་ལོག་པའི་ཀུན་རྫོབ་ཡིན་ཏེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱིས་ནི་དབྱེ་བ་བྱས། །ཅེས་སོ། །དོན་དམ་ལ་ཡང་རིག་ཤེས་ཀྱིས་དཔྱད་པས་རང་བཞིན་མེད་པར་ངེས་པ་ནི། རྣམ་གྲངས་ཀྱི་དོན་དམ་ལ་བཏག་པ་བ་ཡིན་ཏེ། །སྐྱེ་སོགས་དགག་པ་དོན་དམ་དང་། །མཐུན་པའི་ཕྱིར་ཡང་འདོད་པ་ཡིན། །ཅེས་སོ། །འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཆོས་ཉིད་སྤྲོས་བྲལ་ནི་དོན་དམ་བདེན་པ་མཚན་ཉིད་པ་ཡིན་ཏེ། རྩ་ཤེས་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཅེས་སོ། །གསུམ་པ་གཅིག་དང་ཐ་དད་ལ། ཤིང་དང་ལྗོན་པ་ལྟར་གཅིག་ཉིད་ལ་མིང་གི་རྣམ་གྲངས་ཐ་དད་པའམ། བུམ་པ་དང་སྣམ་བུ་ལྟ་བུ་དངོས་པོ་ཐ་དད་དང་། བྱས་པ་དང་མི་རྟག་པ་ལྟ་བུ་ལྡོག་པ་ཐ་དད་དམ། དངོས་པོ་དང་དངོས་མེད་ལྟ་བུ་གཅིག་ལ་གཅིག་གི་ཐ་དད་ལས། འདི་གང་ཡིན་ཞེས་ན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་སྟེ། འདི་ལ་གསུམ། གཞན་ལུགས་དགག །རང་ལུགས་བཞག །རྩོད་པ་སྤངས་པའོ། །དང་པོ་ནི། ཁ་ཅིག་གིས་ཀུན་རྫོབ་དེ་ཉིད་ཀྱང་དོན་དམ་མ་ཡིན་ལ། དེ་ལས་གཞན་དུའང་བརྗོད་དུ་མེད་པ་ཡིན་ཟེར་བ་མི་འཐད་དེ། ཀུན་རྫོབ་སྣང་ཙམ་པོ་འདི་ཉིད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ཉིད་དོན་དམ་མ་ཡིན་པར་ཐལ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་གཞན་ཡང་ཆོས་ཅན་དང་ཆོས་ཉིད་མ་ཡིན་པར་ཐལ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། གཉིས་པ་རང་ལུགས་ནི། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། ཆོས་ཅན་དང་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་མེ་དང་ཚ་བ་བཞིན་ནོ། །བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཅེས་སོ། །གསུམ་པ་རྩོད་པ་སྤངས་བ་ནི། བདེན་གཉིས་ངོ་བོ་གཅིག་པ་མི་འཐད་དེ། དོན་དམ་བདེན་པ་ལ་ངོ་བོ་མེད་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། ངོ་བོ་མེད་པ་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོའམ་རང་བཞིན་ཡིན་ཏེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །ཡབ་སྲས་མཇལ་བ་ལས། མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་ཏུ་བསྟན། །འདི་ལྟར་མཚན་མ་མེད་པ་ཡིན་རིག་བྱ། །ཅེས་སོ། །ངོ་བོ་གཅིག་ན། ཀུན་རྫོབ་ལས་དོན་དམ་གཞན་དུ་བཙལ་མི་དགོས་པའི་སྐྱོན་ནི་འདིར་མི་འཇུག་སྟེ། སྔོན་པོ་དང་སྐད་ཅིག་མ་ངོ་བོ་གཅིག་ཀྱང་སྐད་ཅིག་རྗེས་དཔག་གིས་ངེས་དགོས་པས་མི་འགལ་བ་བཞིན་ནོ། །བཞི་པ་གྲངས་ངེས་པ་ནི། ཡུལ་ཅན་བློ་ལ་འཁྲུལ་མ་འཁྲུལ་གཉིས་སུ་ངེས་པས་དེ་ལ་ལྟོས་ནས་ཡུལ་དཔྱད་བཟོད་མི་བཟོད་གཉིས་སུ་ངེས་ཏེ། དཔྱད་མི་བཟོད་པ་ཀུན་རྫོབ་བདེན་པ་དང་། དཔྱད་བཟོད་པ་དོན་དམ་ཡིན་པས་བདེན་པ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། འཇུག་པ་ལས། ཅི་ལྟར་འཁྲུལ་དང་མ་འཁྲུལ་ཤེས་ངོ་ནས། །རྟེན་འབྱུང་གདོད་ནས་ཞི་བ་བདེན་པ་གཉིས། །ཞེས་སོ། །གཉིས་པ་དེ་ཉིད་མཐའ་བྲལ་དབུ་མའི་དོན་ཡིན་པར་བསྟན་པ་ནི། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་འབྱུང་གི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོད་པས། མེད་པ་བསྐུར་འདེབས་ཀྱི་མཐའ་དང་བྲལ་བ་ཡིན་ལ། དོན་དམ་པར་སྤྲོས་པའི་མཚན་མ་ཅི་ཡང་མེད་པས། ཡོད་པ་སྒྲོ་འདོགས་གི་མཐའ་དང་བྲལ་བ་ཡིན་ཏེ། ལང་གཤེགས་ལས། ཡོད་ཅེས་བྱ་བའང་མཐའ་ཡིན་ཏེ། །དེ་བཞིན་མེད་ཅེས་བྱ་བའང་མཐའ། །ཡོད་མེད་གཉིས་ཀྱི་མཐའ་སྤངས་ནས། །མཁས་པས་དབུས་ལ་གནས་མི་བྱེད། །ཅེས་སོ། །ཡང་ཀུན་རྫོབ་རྟེན་འབྲེལ་ནི་རྒྱུ་འབྲས་རྫས་གཅིག་ཏུ་མ་གྲུབ་པས་རྟག་མཐའ་དང་བྲལ་ལ། རྒྱུ་འབྲས་རྫས་གཞན་དུ་མ་གྲུབ་པས་ཆད་མཐའ་དང་བྲལ་སྟེ། གང་ལ་བརྟེན་ཏེ་གང་བྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པ་ཡང་མ་ཡིན་ཏེ། །དེ་ཕྱིར་རྟག་མིན་ཆད་པའང་མིན། །ཅེས་སོ། །དོན་དམ་པར་རང་བཞིན་གྱིས་སྟོང་པ་ཉིད་ལ་ཁྱད་པར་གྱི་གཞི་མ་གྲུབ་པས་ཁྱད་པར་གྱི་ཆོས་རྟག་ཆད་ཐམས་ཅད་དང་བྲལ་བ་སྟེ། རང་བཞིན་གྱིས་ནི་སྟོང་དེ་ལ། །རྟག་པ་ཅི་ཞིག་མི་རྟག་ཅི། །རྟག་དང་མི་རྟག་གཉིས་ཀ་ཅི། །གཉིས་ཀ་མིན་པའང་ཅི་ཞིག་ཡོད། །ཅེས་སོ། །ལྟ་བ་ལ་གསུམ་སྟེ། ལུང་གིས་གཏན་ཚིག་གིས་མདོར་བསྟན་པ་དང་། བྱེ་བྲག་རྒྱས་པར་བཤད་པ ། ལྟ་བ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། དྲངས། བྱང་ཆུབ་སེམས་དཔའི་ཐེག་པ་འདི་དག་གིས་རྟོགས་པའི་ལྟ་བ་ནི་འདི་ལྟ་སྟེ། ལང་ཀར་གཤེགས་པའི་མདོ་ལས་ཀྱང་འདི་གསུངས། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་ས་ས་སོ་སོར་རབ་ཏུ་འབྱེད་ཅིང་མཐར་ལྟ་བ་སྤྲོས་བྲལ་གྱི་དོན་ལ་བློ་མཉམ་པར་བཞག་པས་ན་དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱ་བ་དང་། ཆོས་སྤྱི་དང་རང་གི་མཚན་ཉིད་ས་ས་སོར་སོར་འབྱེད་མི་དགོས་པར་ཆོས་ཉིད་དེ་བཞིན་ཉིད་སྟོང་ཉིད་སྤྲོས་བྲལ་ལ་བློ་མཉམ་པར་བཞག་ཅིང་སྒོམ་པ་ནི་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ཞེས་བྱ་བ་དང་གཉིས་ཡོད་དེ། དེ་ལྟར་ལུང་གི་གཏན་ཚིག་གིས་བྱང་སེམས་ཐེག་པའི་ལྟ་བ་ལ་རིམ་ཅིག་ཆར་གཉིས་བཤད། ཡང་ན་ལུང་འདི་དག་སྒོམ་པའི་རིམ་གཅིག་ཆར་ཡིན་ལ། ལྟ་བ་ལ་རིམ་གཅིག་ཆར་མེད་ཞེས་ཟེར་རོ། །བྱང་སེམས་ཐེག་པ་སྤྱིའི་བཞེད་པ་ལས། རྒྱུ་རིགས་གཉིས་ཤེས་པར་བྱ། །བལྟ་བ་བདེན་པ་གཉིས་ཀྱིས་གཏན་ལ་དབབ། །ལམ་ཚོགས་གཉིས་བསགས། འབྲས་བུ་སྐུ་དང་ཡེ་ཤེས་ཐོབ་པར་འདོད་དོ། །འཁྲུལ་ངོ་ལ་སྒྱུ་མ་རྨི་ལམ་ལྟར་ཀུན་རྫོབ་ཙམ་དུ་འཇིག་རྟེན་ཡོད་པར་འདོད། །དོན་དམ་དུ་ནི་རང་བཞིན་མེད་པར་འདོད་དོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། དོན་རབ་འབྱེད་པའི་བསམ་གཏན་རིམ་གྱིས་པའི་ལྟ་བ་དང་། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ཅིག་ཆར་བའི་ལྟ་བའོ། །དང་པོ་ལ་གསུམ་སྟེ། བགྲང་། སེམས་ཅན་དང་། དྲངས། ཕྱི་རོལ་གྱི་འབྱུང་བ་ལྔ་ལ་སོགས་པ་གནས་འདི་རྣམས་དང་། ནང་གི་ལ་སོགས་པ་ཕུང་པོ་ཁམས་འདི་དག་ཀུན་ཡུལ་དུ་གྲུབ་པ་མེད་དེ། ཡུལ་རྣམས་སེམས་ཡིན་པར་འདོད་དེ། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་པོ་དག །ཁམས་གསུམ་པོ་དེ་ནི་སེམས་ཙམ་མོ། །ཅེས་སོ། །འོ་ན་སེམས་ཡིན་ན། ཡུལ་དུ་སྣང་བ་འདི་ཅི་ཡིན་ན་ཞེ་ན། ཀུན་བརྟགས་ཀྱིས་མེད་བཞིན་སྣང་བ་འཁྲུལ་པའི་དབང་གིས་སྣང་བ་ཡིན་ཞེས་སྨྲ་ཞིང་། དཔེར་ན་བྱིས་པས་ཐག་པ་སྦྲུལ་དུ་བཟུང་བ་ལྟ་བུ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཅི་ལྟར་ཐག་པར་མ་ཤེས་པའི། །བྱིས་པས་སྦྲུལ་དུ་བཟུང་བ་ལྟར། །ནང་གི་སེམས་དོན་མ་མཐོང་བས། །ཕྱི་རོལ་གྱི་ནི་དོན་དུ་རྟོག། །ཅེས་སོ། །དེ་ལ་ཡང་དོན་དུ་སྣང་བ་སེམས་སུ་བདེན་པར་འདོད་པ་རྣམ་བདེན་པ་དང་། དོན་དུ་སྣང་བའི་རྣམ་པར་སྒྲོ་བཏགས་པར་འདོད་པ་རྣམ་རྫུན་པ་གཉིས་ཡིན་ཏེ། འཇམ་དབྱངས་ཤཱཀྱ་གཞོན་ནུས། ཡུལ་དུ་སྣང་བ་སྣ་ཚོགས་འདི། །སེམས་སུ་འདོད་པ་རྣམ་བདེན་ཡིན། །སྒྲོ་བཏགས་འདོད་པ་རྣམ་རྫུན་ཡིན། །ཅེས་གསུངས་སོ། །དེ་ཡང་རྣམ་བདེན་པ་ལ། འདོད་ལུགས་གསུམ་ཡོད་དེ། སྣང་དུ་མར་སྣང་ཡང་བདེན་ཤེས་པ་གཅིག་གི་ངོ་བོར་བདེན་པར་འདོད་པ་དང་། སྣང་བའི་གྲངས་ཅི་སྙེད་པ་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་བདེན་པར་འདོད་པ་དང་། རྣམ་པ་དང་ཤེས་པ་དུས་མཉམ་དུ་སྒོ་ང་བཀས་པ་ལྟར་འདོད་པ་དང་གསུམ་མོ། །དང་པོ་ནི་ཡུལ་དཀར་དམར་སྣ་ཚོགས་སུ་སྣང་ཡང་། ཤེས་པ་གཅིག་གི་ངོ་བོ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་གཅིག་བྱུང་ཡང་ཤེས་པ་གཅིག་གི་ངོ་བོར་བདེན་པ་བཞིན་ནོ། །གཉིས་པ་ནི་རྣམ་པའི་གྲངས་ཅི་སྙེད་པར་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་བདེན་པ་ཡིན་ཏེ། རྣམ་པ་མ་འདྲེས་པ་གསལ་བའི་ཕྱིར་རོ། །གསུམ་པ་ནི། ཕྱི་ཡུལ་དང་ནང་ཤེས་པ་གཉིས་ཕན་ཚུན་དུ་བདེན་པས་ན་གཟུང་འཛིན་དུས་མཉམ་པའོ། །དེ་གསུམ་ཡང་ངོ་སྐད་ཅིག་རང་གསལ་དང་ཕྱི་རོལ་གྱི་རྣམ་པ་སེམས་ཡིན་པར་མཐུན་ནོ། །དེ་ཡང་མདོ་སྡེ་ནས་དོན་མཐུན་པར་གསུངས་ཏེ། སྣང་ཚད་སེམས་སུ་གཅིག་པའི་ཆ་ནས་གཅིག་ཏུ་བདེན། དེ་ཉིད་མ་འདྲེས་པར་སྣ་ཚོགས་སུ་སྣང་བའི་ཆ་ནས་རྣམ་པ་དང་ཤེས་པའི་གྲངས་མཉམ་པ་ཡང་བདེན་ལ་དེ་ཉིད་ཡུལ་ཤེས་གཉིས་སུ་བཟུང་བའི་ཆ་ནས་རྣམ་པ་དང་ཤེས་པ་སྒོ་ང་བཀས་པ་ལྟར་ཡང་བདེན་གསུངས་སོ། །རྣམ་རྫུན་པ་ནི། མིག་ནད་ཅན་ལ་སྐྲ་ཤད་ཀྱི་འཁོར་ལོ་འཛག་པའམ། མཁྲིས་ནད་ཅན་གྱི་ངོར་དུང་སེར་པོར་མཐོང་བ་ལྟ་བུའོ། །དེ་ལ་ཡང་དྲི་བཅས་པ་དང་། དྲི་མེད་པ་གཉིས་སོ། །དྲི་བཅས་པས་གསེར་དང་གཡའི་ཚུལ་དུ་འདོད་དེ། བདེན་པས་སྟོང་པའི་སྣང་བ་ཡོད་དེ་སངས་རྒྱས་ཀྱི་ཐུགས་རྗེ་དང་འཕྲིན་ལས་འཇུག་པའི་ཡུལ་ཡིན་པར་འདོད་པས་དྲི་བཅས་པ་དང་གསེར་སྦྱངས་ནས་གཡའ་མེད་པ་དང་། མིག་ནད་སོས་ནས་སྐྲ་ཤད་ཀྱི་འཁོར་ལོ་མེད་པ་དང་། མཁྲིས་ནད་སོས་ནས་དུང་དཀར་པོ་མཐོང་བ་བཞིན། ནང་གི་འཁྲུལ་པ་ཟད་ནས་ཕྱིའི་ཡུལ་མེད་པར་འདོད་པ་ནི་དྲི་མེད་པའོ། །ནང་གི་སེམས་ཉིད་དུས་མཐའི་སྐད་ཅིག་མ་དེ་དོན་དམ་པར་ནི། མྱོང་བ་གཉིས་མེད་ཀྱི་རང་རིག་རང་གསལ་ཤེས་ལྟར་དག་ཅིང་བརྟག་པར་དཀའ་བར་འདོད་པ་ནི་སེམས་ཙམ་གཉིས་ཀ་མཐུན་ཏེ། གཡུ་ཐང་ལས། རང་རིག་གཉིས་མེད་ཤེལ་ལྟར་དག །དེ་ཉིད་དོན་དམ་བདེན་པར་སྨྲ། །ཞེས་སོ། །སྐད་ཅིག་མ་མི་རྟག་པ་འཁྲུལ་པའི་འཁོར་ལོར་རྒྱུན་གྱིས་གནས་པ་ནི་ཀུན་རྫོབ་བདེན་པ་ཡིན་ཏེ། གོང་གི་སེམས་ཉིད་དུས་མཐའི་སྐད་ཅིག་མ་མྱོང་བ་གཉིས་མེད་རང་རིག་རང་གསལ་ནི་དོན་དམ་བདེན་པ་ཡིན་པས། གང་ཡང་བདེན་པ་གཉིས་སྨྲ་བ་ནི་རྣམ་རིག་སྟེ་སེམས་ཙམ་རྣམ་བདེན་རྫུན་གཉིས་ཀྱི་རྟོགས་པའི་ལྟ་བ་ཡིན་ནོ། །ཡང་ན། གང་ཡང་ཅེས་པ་སྤྱིའི་སྒྲ་ཡིན་ལ། འདིར་སེམས་ཙམ་སྟོན་པའི་སྐབས་ཡིན་པས། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་ལ་འཇུག་པ་སྟེ། སེམས་ཙམ་པ་སྤྱིའི་བཞེད་དུ་བཤད་པར་བྱའོ། །དེ་ཡང་གསེར་འོད་ལས། །ཀུན་དུ་བརྟག་པའི་མཚན་ཉིད་དང་། །གཞན་གྱི་དབང་གི་མཚན་ཉིད་དང་། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་པས། དོན་ལ་མ་གྲུབ་པ་དངོས་པོར་འཛིན་པ་ཀུན་བརྟག །རྐྱེན་གྱི་དབང་གིས་འབྱུང་བས་གཞན་དབང་། བདག་གཉིས་ཀྱིས་སྟོང་པས་ཡོངས་གྲུབ་བོ། །དེ་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། །དངོས་པོ་གཅིག་ལ་ཀུན་ཏུ་བཏག །དེ་བཞིན་གཞན་དབང་ཡོངས་སུ་གྲུབ། །གཅིག་དང་ཐ་དད་མ་ཡིན་ནོ། །ཅེས་སོ། །དེའང་ཀུན་བརྟག་ལ་གཉིས་ཏེ། ཟླ་གཉིས། ཐག་སྦྲུལ། དུང་སེར་འཛིན་གྱིས་ཤེས་པ། ཆུ་ཟླ་འཇའ་ཚོན་ལ་སོགས་པ། ཚིག་ལ་གྲུབ་ཀྱང་དོན་ལ་མ་གྲུབ་པ་རྣམས་ནི་མཚན་ཉིད་ཆད་པའི་ཀུན་བརྟག་ཡིན། ས་ལ་སར་ཞེན་པ། ཀ་བས་གདུང་མ་བཏེགས་པ། བུམ་པས་ཆུ་སྐྱོར་བ་ལ་སོགས་དངོས་པོ་ཞེན་བཅས་ཀྱི་སྣང་བ་རྣམས་ནི་རྣམ་གྲངས་པའི་ཀུན་བརྟག་ཡིན། གཞན་དབང་ལ་གཉིས་ཏེ། མ་རིག་པའི་དབང་གིས་མ་དག་པ་འཁོར་བའི་རྒྱུ་འབྲས་བསྐྱེད་པ་རྣམས་ནི་མ་དག་པའི་གཞན་དབང་དང་། ཤེས་རབ་ཀྱི་སྟོབས་ཀྱིས། ས་དང་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་བསྐྱེད་པ་རྣམས་ནི་དག་པ་གཞན་དབང་དུ་འདོད་དོ། །ཡོངས་གྲུབ་ནི། བྱམས་མགོན་གྱིས། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཅེས་པས། འགྱུར་བ་མེད་པའི་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སོ། །དེ་ཡང་རྟོགས་ལྡན་ཤག་རྡོར་བའི་བཞེད་པ་ལས། ཁམས་རང་བཞིན་གྱིས་ཡོངས་སུ་རྣམ་པར་དག་པའི་སེམས་ཅན་གྱི་རྒྱུད་ལ་སྟོར་བྲལ་མེད་པར་གནས་པ་ནི་འགྱུར་བ་མེད་པའི་ཡོངས་གྲུབ། སེམས་རང་བཞིན་གྱིས་རྣམ་པར་དག་པ་ལ་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བ་སངས་རྒྱས་ཀྱི་ཡེ་ཤེས་ནི། ཕྱིན་ཅི་མ་ལོགས་པའི་ཡོངས་གྲུབ་ཏུ་འདོད་དོ། །འོད་ཟེར་མགོན་པོའི་བཞེད་ལས། གཞི་དང་གྲུབ་པའི་མཐའ་ནི་འགྱུར་མེད་ཡོངས་གྲུབ། ས་དང་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་ནི། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཏུ་འདོད་དོ། །ལོ་ཙཱ་བ་ཐང་སྟོན་གྱིས་ནི། ཡུལ་ཤེས་བྱ་ཆོས་ཀྱི་དབྱིངས་དང་། ཡུལ་ཅན་བློ་རིག་པའི་ཡེ་ཤེས་གཉིས་སུ་འདོད་དོ། །དེ་ཡང་ཀུན་བརྟག་ལ་བརྟགས་པའི་ཡུལ་མ་གྲུབ། གཞན་དབང་ལ་རང་ལ་རང་སྐྱེས་སུ་མ་གྲུབ། ཡོངས་གྲུབ་ནི་ཆོས་ཉིད་རང་གི་ངོ་བོས་སྟོང་པར་འདོད་དོ། །སེམས་ཙམ་པའི་ལྟ་བ་དེ་ཡང་། སྣང་སེམས་གཉིས་མེད་རྟོགས་པས་འོག་མ་ལས་དཔག་ཀྱང་། རྣམ་རིག་ཕྱོགས་གཅིག་ཏུ་འདོད་པས་གོང་མ་ལས་དམན་པའོ། ༈ །དབུ་མ་རིམ་གྱིས་པ་ལ་གཉིས་ཏེ། མདོ་སྡེ་སྤྱོད་པའི་དབུ་མ་དང་། རྣལ་འབྱོར་སྤྱོད་པའི་དབུ་མའོ། །དང་པོ་ལ་གཉིས་ཏེ། རང་རྒྱུད་པ་དང་། ཐལ་འགྱུར་པ་སྟོང་ཉིད་དོན་དམ་དུ་འདོད་པའོ། །དང་པོ་ལ་གསུམ་སྟེ། བགྲང་། དོན་དམ་ཀུན་རྫོབ་སོ་སོའི་མཚན་ཉིད་དང་། དྲངས། མདོ་སྡེ་སྤྱོད་པའི་དབུ་མ་པ་རྟོགས་པའི་ལྟ་བ་ནི། ཕྱི་བཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་གཉིས་སོ་སོའི་རྐྱེན་གྱིས་སོ་སོར་སྣང་བ་ནི་ཀུན་རྫོབ་བདེན་པ་ཡིན། དེ་ཡང་ཉན་ཐོས་མདོ་སྡེ་པ་ལྟར་ཕྱི་རོལ་གྱི་དངོས་པོ་རགས་པར་སྣང་བའི་ཡུལ་རྣམས་ཕྲ་རབ་ཀྱི་རྡུལ་ཆ་དྲུག་འདུས་པའི་ཕུང་པོ་ཡིན་སྟེ། དཔེར་ན་པོ་ཏིའི་གྲས་ཁ་ལྟར་འབྱར་ལ་མ་འདྲེས་པར་འདོད་དོ། །དེ་ཡང་ཉན་ཐོས་མདོ་སྡེ་པས་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་ལ། མདོ་སྡེ་སྤྱོད་པའི་དབུ་མ་པས་དོན་དམ་དངོས་པོར་སྨྲ་བ་འདི་དགག་པ་ནི། ཕྱོགས་ཆར་གཞིག་ན། ཞེས་པས་དོན་དམ་དུ་འདོད་པའི་རྡུལ་ཕྲན་ཆ་མེད་ལ་ཕྱོགས་བཞི་སྟེང་འོག་གཉིས་དང་དྲུག་གི་རྡུལ་དྲུག་པོ་དེ། དབུས་རྡུལ་དེ་དང་འཕྲད་པའི་ཆ་ཡོད་དམ་མེད། ཡོད་ན་རྡུལ་ཕྲན་ཆ་མེད་དུ་འདོད་པའི་དམ་བཅའ་བུད་ལ། མེད་ན་ཀུན་རྫོབ་རག་པར་སྣང་བ་འདི་མི་འཐད་པར་ཐལ། དབྱིག་གཉེན་གྱིས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཅེས་གསུངས་སོ། །གཏན་ཚིག་དེ་བས་ན། རྡུལ་ཕྲན་ཆ་མེད་མ་གྲུབ་པའི་ཕྱིར་ཕྱི་རོལ་ཡུལ་གྱི་དངོས་པོ་མེད་པར་སྟོང་པ་ཉིད་དུ་རྟོགས་པའོ། །ནང་འཛིན་པའི་སེམས་ཉིད་ཐོག་མཐའི་སྐད་ཅིག་མ་ཀུན་རྫོབ་སེམས་རྒྱུན་རིང་པོ་ཡིན་ལ། ཉན་ཐོས་པ་ནི་སྐད་ཅིག་ཆ་ཤས་དང་བྲལ་བ་དེ་ལ་དོན་དམ་དུ་འདོད་པ་ལ། འདིར་དེའི་འདོད་པ་དགག་པ་ནི། དུས་གསུམ་གྱི་ཆས་གཞིག་ན་ཞེས་པས། ཁྱོད་ཉན་ཐོས་ཀྱི་འདོད་པའི་ད་ལྟའི་སྐད་ཅིག་མ་ཆ་ཤས་དང་བྲལ་བ་དེ་ལ་སྔོན་འདས་པ་ཐོག་མའི་སྐད་ཅིག་མ་དང་། ཕྱིས་མ་འོངས་པ་ཐ་མའི་སྐད་ཅིག་མ་གཉིས་འབྲེལ་ལམ་མི་འབྲེལ། འབྲེལ་ན་སྐད་ཅིག་ཆ་མེད་ཟེར་བའི་དམ་བཅའ་བུད། འབྲེལ་བ་མེད་ན་སེམས་རྒྱུན་རིང་པོར་སྣང་བ་འདི་མི་བདེན་པར་ཐལ། དབྱིག་གཉེན་གྱིས། ཅི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །ཅེས་གསུངས་སོ། །གཏན་ཚིག་དེ་བས་ན་སྐད་ཅིག་ཆ་ཤས་མ་གྲུབ་པར་རྟོགས་པས། ནང་འཛིན་པའི་སེམས་རང་བཞིན་མེད་པར་སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལྟ་བུའི་དོན་མ་རྟོགས་ནས་ཀུན་རྫོབ་ཏུ་སྣང་ལུགས་ནི། རྐྱེན་ནི་གཉིས་དང་ཞེས་པས། རྒྱུའི་རྐྱེན་མ་རིག་པ། ལྷན་ཅིག་བྱེད་པའི་རྐྱེན་བདག་འཛིན། ཡང་ན། བརྒྱུད་རྒྱུའི་རྐྱེན་ཆོས་ཐམས་ཅད་ཀྱི་གཞི་ཆོས་ཉིད། མཚུངས་རྒྱུའི་རྐྱེན་ལྷན་ཅིག་སྐྱེས་པའི་མ་རིག་པའོ། །གཞི་དག་གིས་ཞེས་པས། དེ་རྒྱུའི་རྐྱེན་ཡིད། དམིགས་པའི་རྐྱེན་ཡུལ། བདག་པོའི་རྐྱེན་དབང་པོ་དེ་མ་ཐག་པའི་རྐྱེན་དབང་ཡུལ་རྣམ་ཤེས་གསུམ་ཚོགས་པའི་སྐད་ཅིག་མའོ། །དེ་ལྟར་རྐྱེན་དྲུག་གིས་སྣོད་བཅུད་གཉིས་སུ་སྣང་བའི་ཚེ་ན། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ་ཡིན་ནོ། །བདེན་པ་གཉིས་གཅིག་ཐ་དད་ལས་གྲོལ་བ་དང་། དྲངས། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་སུ་སྣང་བ་ཡང་ཀུན་རྫོབ་བདེན་པ་དེ་ཉིད་དོན་དམ་མ་ཡིན་ལ་གཞན་དུ་དོན་དམ་བརྗོད་དུ་མེད་པའི་ཚུལ་དུ་འདོད་དོ། །འདི་དག་དགག་པ་ལ་གསུམ་སྟེ། གཞན་ལུགས་དགག །རང་ལུགས་བཞག །རྩོད་པ་སྤང་བའོ། །དང་པོ་ནི་ཀུན་རྫོབ་སྣང་བ་ཙམ་པོ་འདི་རང་བཞིན་སྤྲོས་པ་དང་བྲལ་བ་ཉིད་ཆོས་ཅན། དོན་དམ་བདེན་པ་མ་ཡིན་པར་ཐལ། ཅིའི་ཕྱིར་ཞེ་ན། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་ཆོས་ཅན་དང་ཆོས་ཉིད་མ་ཡིན་པར་ཐལ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། རྟགས་ཁས་བླང་ཞིང་ཁྱབ་པ་ཡོད་དེ། དཔེར་ན་མར་སྣུམ་མ་ཡིན་ལ་གཞན་དུ་ཡང་སྣུམ་མེད་ཅེས་པ་དང་མཚུངས་སོ། །འདོད་ན་དོན་དམ་ཞེས་བྱ་བ་གཏན་ནས་མི་བདེན་པར་ཐལ། འདི་ཡང་དོན་དམ་མ་ཡིན་ལ་གཞན་དུ་མེད་པའི་ཕྱིར། སྣང་བ་ཙམ་པོ་འདི་ཉིད་དོན་དམ་མ་ཡིན་ལ། འདིའི་རང་བཞིན་སྤྲོས་པ་དང་བྲལ་བ་དེ་དོན་དམ་མ་ཡིན་ཟེར་ན། རང་བཞིན་སྤྲོས་པ་དང་བྲལ་བ་དེ་རྣ་བ་འདིའི་རང་བཞིན་ཡིན་ནམ། དེ་ལས་གཞན་པ་ཞིག་ཡིན། གཞན་པ་ཞིག་ཡིན་ན། འདི་ལས་གཞན་དུ་མེད་པར་འདོད་པ་དང་འགལ། འདིའི་རང་བཞིན་ཡིན་ན་རྣ་བ་འདི་དོན་དམ་པ་ཡིན་པའི་དམ་བཅའ་བུད། དངོས་ལ་གནོད་བྱེད་ཀྱང་། དགོངས་འགྲེལ་ལས་སམ། དབུ་མ་བྱང་ཆུབ་སེམས་འགྲེལ་ལས། །ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིག་པས་དཔྱད་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་ཡིན། །ཅེས་སོ། །གཉིས་པ་རང་ལུགས་ནི། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཏེ་ཆོས་ཅན་དང་ཆོས་ཉིད་ཡིན་པའི་ཕྱིར། མེ་དང་ཚ་བ་བཞིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། མེའི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །རང་བཞིན་སྟོང་པ་ཉིད་དུ་ཤེས། །ཅེས་སོ། །རྩོད་པ་སྤང་བ་ནི། བདེན་གཉིས་ཆོས་ཅན། ངོ་བོ་གཅིག་པར་མི་འཐད་དེ། དོན་དམ་ལ་ངོ་བོ་མེད་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། རང་བཞིན་མེད་པ་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོའམ་རང་བཞིན་ཡིན་ཏེ། མདོ་ལས། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག །མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་ཏུ་བསྟན། །འདི་ལྟར་མཚན་མ་མེད་ཡིན་རིག་པར་བྱ། །ཅེས་སོ། །བདེན་གཉིས་ངོ་བོ་གཅིག་ན་ཀུན་རྫོབ་ལས་དོན་དམ་གཞན་དུ་བཙལ་མི་དགོས་པར་ཐལ་བ་ལ་སོགས་པའི་སྐྱོན་ནི་འདིར་མི་འཇུག་སྟེ། དཔེར་ན་སྔོན་པོ་དང་དེའི་སྐད་ཅིག་མ་ངོ་བོ་གཅིག་ཀྱང་སྐད་ཅིག་མ་དེ་ཉིད་རྗེས་དཔག་གིས་རིག་དགོས་པ་བཞིན་ནོ། །དོན་བསྡུ་བ་ནི། དེ་འདྲ་བའི་བྱེ་བྲག་རྣམས། །མདོ་སྡེ་སྤྱོད་པའི་ལྟ་བ་ཡིན། །ཞེས་པ་ནི་གོ་སླའོ། །ཐལ་འགྱུར་པས་སྟོང་ཉིད་དོན་དམ་དུ་འདོད་པ་ལ་གཉིས་ཏེ། བགྲང་། འཁྲུལ་པ་མ་ཟད་ཀྱི་བར་དུ་སྣང་བ་མི་ཁེགས་པའི་དཔེ་བསྟན་པ་དང་། དྲངས། ཐལ་འགྱུར་པའི་ཀུན་རྫོབ་ནི། མ་རིག་འཁྲུལ་པའི་བག་ཆགས་ཀྱིས་དཔེར་ན་མིག་ནད་ཅན་དག་གི་སྤྱན་སྔར་སྐྲ་ཤད་ཀྱི་འཁོར་ལོ་རབ་རིབ་སྣང་བ་བཞིན་དུ་ཕྱི་རོལ་གྱི་ཡུལ་གྱི་གནས་འདི་དང་ནང་བཅུད་ཀྱི་སེམས་ཅན་འདི་དག་ཀུན་དོན་དམ་པར་མི་བདེན་སྟེ། འཁྲུལ་ངོ་ལ་བདེན་པ་ལྟར་ཀུན་ལ་སྣང་ངོ་། །དེ་ཡང་ནང་དུ་འཁྲུལ་པའི་བག་ཆགས་མ་ཟད་ཚེ། ཕྱི་རོལ་གྱི་སྣང་བ་ནམ་ཡང་ཁོག་པར་འགྱུར་བ་མིན་ནོ། །དཔེར་ན་མིག་ནད་མ་ཟད་ཀྱི་བར་དུ། ཕྱི་རོལ་སྐྲ་ཤད་ཀྱི་འཁོར་ལོ་མི་དག་པ་བཞིན་ནོ། །ཟླ་གྲགས་ཀྱི་དབུ་མ་འཇུག་པ་ལས། །རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟག་པ། དེ་ཉིད་གང་དུ་བདག་ཉིད་མིག་དག་པས། །མཐོང་བ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་སོ། །འཁྲུལ་པ་དག་ནས་ཡུལ་མི་སྣང་བས་འཁྲུལ་རིག་མཉམ་དུ་ཟད་པའོ། །དྲངས། ནང་དུ་མིག་ནད་སོས་པའམ་ཟད་ན་ཕྱི་རོལ་གྱི་རབ་རིབ་དངས་པ་བཞིན་དུ་བདག་མེད་ཀྱི་དོན་རྟོགས་ནས་ས་དང་ལམ་གྱི་རིམ་པ་སྦྱངས་ནས་འཁྲུལ་པའི་བག་ཆགས་ཐམས་ཅད་ཟད་པའོ། །དེའི་དུས་སུ་ཕྱི་རོལ་གྱི་སྣང་བ་རྣམས་གཅིག་ལ་གཅིག་ཐིམ་པ་མེད་པར་སངས་རྒྱས་ཀྱི་དགོངས་པ་ལ་ཡུལ་དང་ཡུལ་ཅན་མེད་པས་བྲལ་བའོ། །འཁྲུལ་པ་དེ་དག་གཞན་སོང་མེད་པར་མངོན་སུམ་དུ་འཁྲུལ་པ་དེ་རྣམས་དྭངས་ནས་མེད་པའོ། །འཁྲུལ་རིག་མཉམ་དུ་ཟད་ན་སངས་རྒྱས་ལ་ཐུགས་རིག་པའི་ཡེ་ཤེས་མེད་པར་སྨྲ་བ་ཡིན་ནོ། །དེ་ལྟ་བུ་ནི་དབུ་མའི་ལྟ་བ་ལ་ནང་ཚན་མི་འདྲ་བ་འགའ་ཞིག་ཡོད་དེ། འདིར་ཁ་ཅིག་བཞེད་ཞེས་པ་ནི་སྟོང་ཉིད་དོན་དམ་དུ་འདོད་པའི་དབུ་མ་འདི་ལ་མིང་གི་རྣམ་གྲངས་བཞི་ཡོད་དེ། སངས་རྒྱས་པའི་དུས་སུ་ཐུགས་རིག་པའི་ཡེ་ཤེས་མེད་པར་སྨྲ་བས། ཡེ་ཤེས་མེད་པར་སྨྲ་བ་དང་། འཇིག་རྟེན་གྲགས་ཚོད་པ་རྣམས་དང་འཁྲུལ་པའི་ངོ་ལ་བློ་མཐུན་པས་གྲགས་སྡེ་སྤྱོད་པའི་དབུ་མ་ཞེས་བྱའོ། །སྦྱོར་དག་ཐལ་འགྱུར་དུ་བཀོད་པས། ཐལ་འགྱུར་པ་དང་། མཐར་ཐུག་ལྟ་བ་ཆོས་ཉིད་སྤྲོས་བྲལ་ལ་ཤེས་བརྗོད་གཞལ་བྱའི་ཡུལ་ལས་འདས་པར་འདོད་པས་རབ་ཏུ་མི་གནས་པའི་དབུ་མ་དང་བཞིའོ། །དེ་ལ་ཡེ་ཤེས་མེད་སྨྲ་བ་དེས་ནི། སངས་རྒྱས་པའི་དུས་སུ་སེམས་དང་སེམས་བྱུང་གི་འཇུག་པ་ཐམས་ཅད་རྒྱུན་ཆད་དེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བས། དག་པ་གཉིས་ལྡན་གྱི་ཆོས་སྐུ་ནམ་མཁའ་ལྟ་བུ་ལ་ཡེ་ཤེས་ཀྱི་དབྱེ་བ་མེད་དེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློའི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་དང་། དབུ་མ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །འོ་ན་གཞན་དོན་གང་ལས་བྱུང་ཅེ་ན། སྔར་བྱང་ཆུབ་སེམས་དཔའི་ལམ་གྱི་དུས་སུ་ཡུན་རིང་པོར་སྦྱངས་ཤིང་སྨོན་ལམ་བཏབ་པའི་སྟོབས་དང་། གདུལ་བྱ་རྒྱུད་དག་པའི་སྨོན་ལམ་ལས་གཞན་སྣང་གི་ཡེ་ཤེས་གཟུགས་སྐུའི་ཕྲིན་ལས་བརྩལ་མི་དགོས་པར་སྣང་བ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལ་དགོས་འདོད་བརྩལ་མི་དགོས་པར་འབྱུང་བ་ལྟར་འདོད་དེ། སྤྱོད་འཇུག་ལས། ནོར་བུ་རིན་ཆེན་དཔག་བསམ་ཤིང་། །ཅི་ལྟར་རེ་བ་ཡོངས་སྐོངས་ལྟར། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་པ་དང་། དཔེར་ན་ནམ་མཁའ་ལྡིང་གིས་ནི། །མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ། །དེ་འདས་ཡུན་རིང་ལོན་ཀྱང་དེས། །དུག་ལ་སོགས་པ་ཞི་བྱེད་བཞིན། །ཅེས་སོ། །དེ་དགག་པ་ལ་གསུམ་སྟེ། གཞན་ལུགས་དགག །རང་ལུགས་བཞག །རྩོད་པ་སྤངས་པའོ། །གཞན་ལུགས་དགག་པ་ལ་བཞི་སྟེ། དྲི་མ་སེམས་ཀྱི་རང་བཞིན་དུ་ཐལ་བ་དང་། །བདེན་གཉིས་རྟོགས་པའི་བློ་འགལ་བ་དང་། སངས་རྒྱས་ལ་དོན་གཉིས་མི་འབྱུང་བ་དང་། ཡེ་ཤེས་མེད་ན་ཕྲིན་ལས་འབྱུང་བ་མི་འཐད་པ་དང་བཞིའོ། །དང་པོ་ནི། རྒྱུན་མཐའི་དུས་སུ་མ་རིག་པ་ལོག་པས་རིག་པ་ལོག་ན། དྲི་མ་སེམས་ཀྱི་རང་བཞིན་དུ་ཐལ། ཅིའི་ཕྱིར་ན། སེམས་དང་དྲི་མ་མཉམ་ཟད་དུ་འདོད་པའི་ཕྱིར། རྟགས་ཁས་བླང་། ཁྱབ་པ་ཡོད་དེ། མ་རིག་པ་ཟད་པས་རིག་པ་ཟད་ན། དེ་དེའི་རང་བཞིན་དུ་འགྱུར་བ་ཡིན་ཏེ། དཔེར་ན་ནག་པོ་དང་སོལ་བ་བཞིན་ནོ། །འདོད་པར་མི་ནུས་ཏེ། རྒྱངས་འཕེན་པ་དགག་མི་ནུས་པར་འགྱུར་བ་དང་། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་ཞིང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཅེས་སོགས་མདོ་རྒྱུད་དུ་མ་ལ་གསལ་ལོ། །གཉིས་པ་ནི། ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་། ཀུན་རྫོབ་རིག་པའི་རྒྱུད་གཉིས་འགལ་ལམ་མི་འགལ། འགལ་ན་མཐོང་ལམ་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པས་ན། འཕགས་པའི་ལམ་ཐམས་ཅད་ན་ཀུན་རྫོབ་སྣང་བཅས་རྟོགས་པའི་བློ་ཇེ་ཕྲ་ཇེ་ཟད་དུ་འགྲོ་བར་ཐལ། གཉེན་པོ་ཤེས་རབ་ཇེ་ཆེར་འགྲོ་བའི་ཕྱིར། རྟགས་ཁས་བླང་། ཁྱབ་པ་ཡོད་དེ། འགལ་ཟླ་ཇེ་ཆེར་འགྲོ་བ་བཞིན་གཅིག་ཤོས་ཇེ་ཟད་དུ་འགྲོ་བས་ཁྱབ་པ་ནི། དཔེར་ན་སྣང་མུན་བཞིན་ནོ། །འདོད་ན་སྣང་བཅས་བསོད་ནམས་ཀྱི་ཚོགས་ཇེ་ཕྲ་ཇེ་ཟད་དུ་འགྲོ་བར་ཐལ། དེའི་རྒྱུ་སྣང་བཅས་རྟོགས་པའི་བློ་ཇེ་ཕྲ་ཇེ་ཟད་དུ་འགྲོ་བའི་ཕྱིར། འདོད་པར་མི་ནུས་ཏེ། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །སྤྱོད་པས་བསོད་པས་བསོད་ནམས་དག་པར་འགྱུར། །ཅེས་པ་དང་། མདོ་སྡེ་རྒྱན་ལས། བསོད་ནམས་ཡེ་ཤེས་ལས་བྱུང་བ། །དགེ་བ་འཕེལ་བ་དེ་ཕན་ཡོན། །ཅེས་པས། ཚོགས་གཉིས་མི་འགལ་ཞིང་འཕེལ་བར་གསུངས་པ་དང་། གཞན་ཡང་ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་སྣང་བཅས་ཀྱི་ཡེ་ཤེས་གོང་ནས་གོང་དུ་འཕེལ་བར་གསུངས་པ་རྣམས་དང་འགལ་ལོ། །བློ་གཉིས་མི་འགལ་ན། རྒྱུན་མཐའི་སྐད་ཅིག་གཉིས་པར་མ་རིག་པ་འགག་ཀྱང་རིག་པ་ཡེ་ཤེས་སྐྱེ་བར་ཐལ། ཆོས་དབྱིངས་རྟོགས་པའི་བློ་དང་མི་འགལ་བའི་ཕྱིར། རྟགས་གྲུབ་སྟེ། རྒྱུན་མཐའི་དུས་སུ་རྒྱུ་ཚང་ཞིང་གེགས་མེད་ན། རིག་པ་ཕྱི་མ་བསྐྱེད་པར་ངེས་ཏེ། རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར། ཁྱབ་པ་ལུང་གིས་འགྲུབ་སྟེ། སྡུད་པ་ལས། བུམ་པ་དང་པོ་ཆུ་ཡི་ཐིག་པ་ཐ་མའི་བར། །རིམ་གྱི་ཉུང་ངུ་ཉུང་ངུས་དེ་ཡང་འགེང་པར་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱི་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཅེས་སོ། །འདོད་ན་རྒྱུན་མཐའི་དུས་སུ་སྐད་ཅིག་གཉིས་པའི་རིག་པ་འགག་པ་འདོད་པ་ཉམས་སོ། །གསུམ་པ་ནི། ཁྱོད་ཀྱི་འདོད་པའི་སངས་རྒྱས་དེ་ལ་དོན་གཉིས་ཕུན་སུམ་ཚོགས་པ་མི་འབྱུང་བར་ཐལ། མཁྱེན་པའི་ཡེ་ཤེས་མེད་པའི་ཕྱིར། རྟགས་ཁས་བླང་ཁྱབ་པ་ཡོད་དེ། མཁྱེན་པའི་ཡེ་ཤེས་མེད་པས་རང་དོན་དང་། བརྩེ་བའི་ཐུགས་རྗེས་མེད་པས་གཞན་དོན་མེད་དེ་དཔེར་ན་ཉན་རང་གི་ལྷག་མེད་ཀྱི་མྱ་ངན་འདས་བཞིན་ནོ། །འདོད་མི་ནུས་ཏེ། རྒྱུད་བླ་ལས། མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །གཞན་ཡང་། ཆོས་སྐུ་དེ་ལ་སྟོབས་བཅུ་མ་འདྲེས་པ་བཅོ་བརྒྱད་མི་འཇིགས་པ་བཞི་ལ་སོགས་པར་མི་འབྱུང་བར་ཐལ། མཁྱེན་པའི་ཡེ་ཤེས་མེད་པའི་ཕྱིར། འདོད་པར་མི་ནུས་ཏེ། རྒྱུད་བླ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམ་དང་ལྡན། །ཅེས་སོ། །བཞི་པ་ནི། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་བདག་རྐྱེན་ལ་ལྟོས་མི་དགོས་པར་ཐལ། མཁྱེན་པའི་ཡེ་ཤེས་མེད་པའི་ཕྱིར། རྟགས་ཁས་བླང་ཁྱབ་པ་ཡོད་དེ། ཡེ་ཤེས་མེད་བཞིན་གཞན་སྣང་དུ་ཕྲིན་ལས་འབྱུང་བར་འདོད་ན། དཔེར་ན་རྒྱང་འཕེན་པས། ཤི་ནས་རིག་པ་རྒྱུན་ཆད་དུ་འདོད་པ་དེ་ལས་ཀྱང་གཞན་སྣང་དུ་ཕྲིན་ལས་འབྱུང་བར་ཐལ། ཅིའི་ཕྱིར་ན། ཡེ་ཤེས་མེད་ཀྱང་ཕྲིན་ལས་འབྱུང་བར་འདོད་པའི་ཕྱིར། འདོད་པར་མི་ནུས་ཏེ། མངོན་རྟོགས་རྒྱན་ལས། ཆོས་ཀྱི་སྐུ་ཡི་ཡོན་ཏན་ནི། །རྣམ་པ་ཉི་ཤུ་བདུན་དང་ལྡན། །ཅེས་པ་དང་། སློབ་དཔོན་འཕགས་པའི་ཞལ་ནས། །དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་འགྱུར་དེ། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་ཀུན་འབྱུང་། །ཅེས་ཡེ་ཤེས་ལས་ཕྲིན་ལས་དུ་མ་འབྱུང་བར་བཤད་དོ། །རང་ལུགས་ཡེ་ཤེས་ཡོད་པར་བསྒྲུབ་པ་ལ་གསུམ་སྟེ། རྒྱུའི་སྒོ་ནས་ཡོད་པར་བསྒྲུབ་པ་ནི། བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་ཚོགས་བསགས་ནས། ས་བཅུ་རྒྱུན་མཐའི་དུས་དེར་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པར་ངེས་ཏེ། རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར། རྟགས་དང་ཁྱབ་པ་ལུང་གིས་འགྲུབ་སྟེ། མདོ་ལས། བདག་གིས་དང་པོའི་སྐུ་བརྙེས་པ་ཡང་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་དོ། །ཅེས་སོ། །ངོ་བོའི་སྒོ་ནས་བསྒྲུབ་པ་ནི། གཟུགས་སྐུ་ཁྱད་པར་ཅན་འདི་རྫོགས་པའི་སངས་རྒྱས་སུ་མཚོན། མཚན་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར། རྟགས་ཁྱབ་ལུང་གིས་འགྲུབ་སྟེ། མདོ་ལས། བདག་གི་དང་པོའི་སྐུ་འདི་བརྙེས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་དང་། ཐབས་ལ་མཁས་པའི་རྒྱུ་ལས་བྱུང་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྟེན་དུ་གྱུར་པའོ། །ཅེས་སོ། །གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་ན། མཚོན་བྱས་སངས་རྒྱས་མེད་པར་འགྱུར་སྟེ། ཤེས་རིག་མེད་ན། སྐྱེས་བུའི་ཐ་སྙད་མེད་པ་བཞིན་ནོ། །འདོད་ན་དཀོན་མཆོག་གསུམ་འཇིག་རྟེན་ན་གཏན་ནས་མི་འབྱུང་བར་ཐལ་ལོ། །གསུམ་པ་བྱེད་ལས་ཀྱི་སྒོ་ནས་ཡོད་པར་བསྒྲུབ་པ་ནི། དངོས་པོའི་ཕྱོགས་མཐའ་ཐུག་པ་མེད་པ་དང་། དུས་མཐའ་ཐུག་མེད་པ་ཤིན་ཏུ་ལྐོག་གྱུར་གྱི་རྟེན་འབྲེལ་ཟབ་ཅིང་རྟོགས་དཀའ་བ་འདི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མ་ལུས་པར་མཁྱེན་པ་ཡིན་ཏེ། ཤིན་ཏུ་ལྐོག་གྱུར་ལ་ལུང་ཚད་མ་ཡིན་པའི་ཕྱིར། རྟགས་དང་ཁྱབ་པ་ལུང་གིས་གྲུབ་སྟེ། མདོ་སྡེ་རྒྱན་ལས། དོན་འདི་ལ་ནི་རྒྱལ་བ་ལས། །ལྷག་པའི་ཚད་མ་གཞན་སུ་ཡོད། །ཅེས་པ་དང་། སྨན་བླའི་མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མི་མཁྱེན་པ་དང་། མི་གཟིགས་པ་དང་། ཐུགས་སུ་མི་ཆུད་པ་གང་ཡང་མེད་དོ། །ཞེས་པ་དང་། མདོ་སྡེ་རྒྱན་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་། །ཤེས་བྱའི་དཀྱིལ་འཁོར་ཀུན་ཏུ་ཁྱབ། །ཅེས་སོ། །གལ་ཏེ་སངས་རྒྱས་ལ་ཡེ་ཤེས་མེད་ན། ཤིན་ཏུ་ལྐོག་གྱུར་གྱི་ཤེས་བྱ་འདི་ཡོད་པར་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་གཞན་གང་གིས་ཀྱང་ཡུལ་མ་ཡིན་པའི་ཕྱིར། རྟགས་དང་ཁྱབ་པ་ལུང་གིས་གྲུབ་སྟེ། རྟ་དབྱངས་ཀྱིས། རྨ་བྱའི་མདངས་ནི་གཅིག་པུ་ལ། །རྒྱུ་ཡིས་དབྱེ་བ་ཐ་དད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་སྟེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཅེས་སོ། །རྣལ་འབྱོར་སྤྱོད་པའི་དབུ་མ་ལ་གསུམ་སྟེ། བགྲང་། དོན་དམ་པའི་བདེན་པ་དང་། དྲངས། རྣལ་འབྱོར་སྤྱོད་པའི་དབུ་མའི་འདོད་པ་ཁ་ཅིག་གིས་ཕྱི་ནང་སྣོད་བཅུད་འདི་དག་རྣམས་ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་སུ་གནས་པ་ལས། ཕྱི་རོལ་གྱི་སྣོད་ནི་སེམས་ཀྱི་འཁྲུལ་པ་ཙམ་ཡིན་སྟེ། དོན་ནམ་ཡུལ་ལ་ཅི་ཤར་སེམས་ཡིན་པར་ཐག་བཅད་པའོ། །སེམས་ཀྱི་རང་བཞིན་ནི་སྐད་ཅིག་མ་དུས་གསུམ་གྱི་རྟོག་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་སྤྲོས་བྲལ་དུ་འདོད་པ་དེ་ཉིད་དོན་དམ་བདེན་པ་ཡིན་ནོ། །ཀུན་རྫོབ་བདེན་པ་དང་། དྲངས། ཀུན་རྫོབ་སྒྱུ་མར་མ་འགགས་པར་སྣང་བ་ནི་སེམས་ཙམ་རྣམ་བདེན་པ་དང་མཐུན་སྟེ། སྣང་བ་བཅུ་བདུན་པ་ལས། རྣལ་འབྱོར་དབུ་མ་ཀུན་རྫོབ་མཐུན། །དོན་དམ་སྐྱེ་མེད་སྟོང་པར་བལྟ། །ཅེས་སོ། །སེམས་འཁྲུལ་པ་ཉིད་འཁྲུལ་པའི་ཡུལ་རྣམ་པ་སྣ་ཚོགས་སུ་སྣང་ཞིང་སེམས་ཉིད་དུས་གསུམ་སྐད་ཅིག་མའི་ཆ་གཅིག་འགག་པ་མེད་པ་ཀུན་རྫོབ་ཀྱི་ཆོས་ཡིན་པར་འདོད་དོ། །བདེན་པ་གཉིས་ཀྱང་ལྡོག་པ་ཐ་དད་ཙམ་ལས་དབྱེ་བ་མེད་པར་བསྟན་པའོ། །དྲངས། གོང་དུ་བཤད་པའི་བདེན་པ་གཉིས་ཀྱི་བྱེ་བྲག་ཀྱང་ངོ་བོ་གཅིག་ལ་ལྡོག་ཕྱོགས་ཙམ་གྱིས་ཐ་དད་པར་འདོད་དེ། ཀུན་རྫོབ་སྣང་བ་ཙམ་པོ་འདི་ཉིད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་ཉིད་དོན་དམ་པ་ཡིན་པའི་ཕྱིར། དཔེར་ན་མེ་དང་དུ་བ་བཞིན་ནོ། །བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བཤད། །ཅེས་སོ། །དེ་ལྟ་བུ་ནི་དབུ་མའི་ལྟ་བ་ཁ་ཅིག་སྟེ་རྣལ་འབྱོར་སྤྱོད་པའི་དབུ་མའི་བཞེད་པ་ཡིན་ནོ། །ཞབས་བསྡུ་བའོ། །དྲངས། གོང་དུ་བཤད་པའི་སེམས་ཙམ་དང་། མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པ་རབ་ཏུ་མི་གནས་པ་དེ་དག་ཅན་མིན་རིམ་གྱིས་པའི་འདོད་ལུགས་ཡིན་སྟེ། ཆོས་སྤྱི་དང་རང་གི་མཚན་ཉིད། རགས་པ་གང་ཟག་གི་བདག་དང་། ཕྲ་བ་ཆོས་ཀྱི་བདག་རྣམས་ཀྱི་དོན་རབ་ཏུ་འབྱེད་པར་བྱེད་པའི་བསམ་གཏན་ཡིན་ནོ། །ལང་ཀར་གཤེགས་པ་ལས། དེ་ལ་བློ་གྲོས་ཆེན་པོ་དོན་རབ་ཏུ་འབྱེད་པའི་བསམ་གཏན་གང་ཞེ་ན་གང་ཟག་དང་ཆོས་ལ་བདག་ཡོད་མེད་དང་། སྤྱི་དང་རང་གི་མཚན་ཉིད་ལེགས་པར་འབྱེད་པ་ནི་དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱའོ། །ཅེས་སོ། །ཏོན་མིན་ཅིག་ཆར་བའི་ལྟ་བ་ལ་གསུམ་སྟེ། བགྲང་། ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་མཐུན་པར་སྣང་བ་དང་། དྲངས། ཏོན་མིན་ཅིག་ཆར་འཇུག་པ་ནི་འདི་ལྟ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་འདི་དག་ཐམས་ཅད་ཀུན་རྫོབ་སྒྱུ་མ་ཙམ་དུ་འཇིག་རྟེན་ཡོད་པར་འདོད་དེ། དཔེར་ན་སྒྱུ་མའི་མཁན་པོས་རྟ་དང་གླང་པོ་ཆེ་ལ་སོགས་པ་ཅི་ལྟར་སྤྲུལ་ཡང་མི་བདེན་སྟེ། འཁྲུལ་པ་རྫུན་གྱི་འཁོར་ལོ་ཅི་ལྟ་བ་བཞིན་ཡིན་ཏེ། དེ་ཡང་དོན་དམ་འགག་པ་མེད་པ་ལས་ཅིར་ཡང་འཆར་དུ་རུང་བའི་ཕྱིར། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན་རང་རང་གི་དགེ་སྡིག་གི་བག་ཆགས་དང་མཐུན་པའི་ལུས་སྣ་ཚོགས་སྣང་བ་ནི་རྒྱུ་ཅི་ལས་བྱུང་ན་རང་རང་གིས་ལས་ཅི་ལྟར་བསགས་པ་ལྟར་མཐོ་རིས་ངན་སོང་སྣ་ཚོགས་སུ་སྣང་ངོ་། །དོན་དམ་པར་རང་བཞིན་མེད་པ་སྨྲ་བསམ་ལས་འདས་པ་འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པར་བསྟན་པ་དང་། དྲངས། དོན་དམ་པར་ཕྱི་ནང་གི་ཆོས་གང་ཡང་དངོས་པོར་མ་གྲུབ་སྟེ་སེམས་གཞི་མེད་རྩ་བྲལ་དུ་འདོད་དེ། ངག་ཏུ་སྨྲ་བ་དང་བློས་བསམ་པའི་ཡུལ་ལས་འདས་པ་དང་། དེ་ཉིད་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དང་གསུམ་ལ། མཚན་ཉིད་གསུམ་ལྡན་དོན་དམ་པ་ཞེས་ཟེར་རོ། །ཉམས་སུ་ལེན་ཚུལ་ལོ་དེ་ལ་གསུམ་ཉམས་སུ་ལེན་ཚུལ་དངོས་དང་དུས་དང་བདེན་པ་མཐོང་ཚུལ་ལོ། །དང་པོ་ལ་གཉིས་སྟེ། བགྲང་། མཉམ་བཞག་དང་། དྲངས། མཚན་ཉིད་གསུམ་ལྡན་གྱི་དོན་དམ་པ་དེ་ཉིད་རྟོགས་ནས་བསྒྲུབ་པའི་ཆ་མཉམ་པར་བཞག་པ་དེ་ཁོ་ན་ཉིད་ལ་བརྩོན་པ་ཡིན་ནོ། །རྗེས་ཐོབ་དང་། དྲངས། རྗེས་ཐོབ་ལ་སྒྱུ་མ་ལྟ་བུ་ཡི་གང་ཟག་དེའི་སྤྱོད་ཡུལ་ཐམས་ཅད་ལ་ཞེན་ཆགས་དང་བྲལ་བའི་སྤྱོད་པ་རྣམས་ནི། ཀུན་རྫོབ་ཏུ་བྱམས་སྙིང་རྗེས་གནས་པ་ཡིན། དུས་ཅི་སྲིད་དུ་ཅི་ལྟར་ཉམས་སུ་ལེན་པའོ། །དྲངས། ཐོག་མ་སེམས་བསྐྱེད་པ་ནས་བཟུང་སྟེ་མཐར་ཐུག་སངས་རྒྱས་མ་ཐོབ་ཀྱི་བར་དུ་ལྟ་བས་གཞལ་བ་དང་། བསྒོམ་པས་ཉམས་སུ་ལེན་པའོ། །དེ་ལ་བདེན་པ་མཐོང་བ་དང་། དྲངས། ཚེ་གཅིག་ལུས་གཅིག་ལ་དོན་དམ་བདེན་པ་ཅིག་ཆར་བའི་རྣལ་འབྱོར་དེས་གཟིགས་པ་འདོད་པ་ཡིན་ཏེ། ཇོ་བོ་རྗེས། དད་བརྩོན་ཤེས་རབ་དང་ལྡན་པས་ནི་ཚེ་གཅིག་ལུས་གཅིག་གིས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་རོ། །ཅེས་གསུངས་སོ། །དེ་ལྟ་བུའི་དོན་དབུ་མའི་ལྟ་བ་ཁ་ཅིག་སྟེ། ཏོན་མིན་ཅིག་ཆར་བཞེད་པ་ཡིན་ནོ། །ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གང་ཞེ་ན། ཀུན་ཏུ་བརྟགས་པ་དང་། ལྷན་ཅིག་སྐྱེས་པའི་བདག་གཉིས་རྣམ་པར་རྟོག་པ་ལ་མ་འགག་པར་སྣང་ཞིང་། དེ་བཞིན་ཉིད་དུ་མི་དམིགས་པའི་ཕྱིར། ཞེས་སོ། །ལྟ་བའི་བསྡུས་ཏེ་བསྟན་པ་ལ་གཉིས་ཏེ། བགྲང་། བདེན་པ་ཐ་དད་དུ་འདོད་པ་དང་། དྲངས། གོང་དུ་བཤད་པའི་ལྟ་བ་དེ་དག་ལ་སོགས་ཀྱི་སྒྲས་དབུ་མ་ཀུན་གྱི་ལྟ་བ་བསྡུས་པ་ཡིན། བདེན་པ་གཉིས་རིས་སུ་དབྱེ་བར་བྱེད་པ་དང་། །ཞེས་པ་ནི། ཁ་ཅིག་བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པར་འདོད་པ་དང་། ཁ་ཅིག་ཀུན་རྫོབ་དེ་ཉིད་དོན་དམ་མ་ཡིན་ལ་དེ་ལས་གཞན་དུ་ཡང་བརྗོད་དུ་མེད་པའི་ཚུལ་དུ་འདོད་པ་དང་། ཁ་ཅིག་དབྱེ་བ་བྱར་མེད་ཀྱིས་དབྱེར་མེད་ཡིན་ཏེ། གཅིག་ཏུ་བྱར་མེད་གཉིས་སུ་དབྱེར་མེད་ཞེས་ཟེར་རོ། །འདི་རྣམས་ཀྱི་དོན་གོང་དུ་བཤད་ཟིན་ཏོ། །སྒྱུ་མ་ལྟ་བུའི་ལྟ་བའམ། ཐབས་ཀྱིས་ཟིན་པའི་ལྟ་བའོ། །དྲངས། དེ་དག་ཀུན་གྱིས་ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ་དུ་སྦྱིན་པ་བཏང་། སོགས་ཀྱིས་སྒྲས་ཚུལ་ཁྲིམས་བསྲུང་། བཟོད་པ་སྒོམ། བརྩོན་འགྲུས་བརྩམ། བསམ་གཏན་བསྒོམ། ཤེས་རབ་བསྐྱེད་པ་ལ་སོགས་པ་ཕ་རོལ་ཕྱིན་པ་དྲུག་པོ་ལ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ཐབས་ཀྱིས་ཟིན་པའི་ལྟ་བ་ཡིན་པར་བཤད་དོ། །ཏིང་ངེ་འཛིན་དང་། དྲངས། བྱང་ཆུབ་སེམས་དཔའི་ཐེག་པ་པས་བསམ་གཏན་ལ་མཉམ་པར་བཞག་པའི་ཚེ། ཆོས་ཉིད་ནམ་མཁའ་ལྟ་བུར་སྤྲོས་པ་དང་བྲལ་བར་བློ་བཞག་ཅིང་རྗེས་ཐོབ་ལ་སྣང་བ་སྒྱུ་མའི་མཚན་ཉིད་ཙམ་དུ། བདག་དོན་གྱི་དངོས་པོ་ལ་ཞེན་པ་མེད་པའི་ཚུལ་གྱིས་ཆོས་བཤད་པའི་ཚིག་དོན་གསལ་བར་སྨྲ་ཞིང་སྤྱོད་ལམ་གྱི་བྱ་བ་བྱེད་པའོ། །གཞན་ཡང་སྡུག་བསྔལ་དང་བྲལ་བར་འདོད་པའི་བྱམས་པ་དང་སྙིང་རྗེ་རྣམས་ལ་བློ་ལེགས་པར་སྦྱོང་བ་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་ཡིན་པར་བཤད་དེ། འདི་རྣམས་ཀྱི་དོན་རྒྱས་པར་བཤད་ན། ལམ་ལྔ་དང་ས་བཅུའི་སྒོ་ནས་འཆད་ཚུལ་དག་ལུགས་བཤད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་གྱི་སྒོ་ནས་བཤད་དགོས་ཏེ་གཞན་དུ་ཤེས་པར་བྱའོ། །འདིར་རེ་ཞིག་ཐབས་ཀུན་རྫོབ་གྱི་ཁྲིད་དང་། ཤེས་རབ་དོན་དམ་གྱི་ཁྲིད་གཉིས་མདོ་ཙམ་ཞིག་བཤད་ན། བྱམས་སྙིང་རྗེ་ལ་བློ་སྦྱངས་ཤིང་རང་གི་བདེ་དགེ་གཞན་ལ་སྟེར་བ་དང་། གཞན་གྱི་སྡུག་བསྔལ་དང་སྡིག་པ་རང་གིས་ལེན་པ་ལ་སོགས་པ་གཏོང་ལེན་སྤེལ་མར་བློ་སྦྱངས་ནས། བདག་བས་གཞན་གཅེས་མཐར་ཕྱིན་པར་བྱའོ། །ཤེས་རབ་ཀྱི་ཁྲིད་ལ་ཞི་གནས་དང་ལྷག་མཐོང་གཉིས། ཞི་གནས་ལ་སྙིགས་མ་དྭངས་ཆ་གཉིས། དེ་ལ་ཞི་གནས་ཀྱི་རྒྱུ། སྐྱེ་བར་བྱེད་པའི་རྐྱེན་ལ་སོགས་པ་རྣམས་གཞན་དུ་ཤེས་པར་བྱའོ། །འདིར་ཡི་གེ་མང་གི་དོགས་པའི་ཕྱིར་མ་བྲིས་སོ། །ལྷག་མཐོང་ལ། ལྷག་མཐོང་གི་དམིགས་པ། ཉམས་རྟོགས་པ་དང་གསུམ་མོ། །འདི་རྣམས་ལམ་ལྔ་དང་སྦྱར་ན། ཞི་གནས་ཚོགས་ལམ་གྱི་མཉམ་བཞག་ཡིན་ལ། ལྷག་མཐོང་གི་ཉམས་ནི་སྦྱོར་ལམ་དྲོད་སྐྱེས་པ་ཡན་ཆད་ལ་བྱ་སྟེ་སྦྱོར་ལམ་པའི་མཉམ་བཞག །ཚོགས་སྦྱོར་འདི་གཉིས་ལ་མཉམ་རྗེས་མཚན་ཉིད་པ་མེད་ཅིང་། བདག་མེད་ཀྱི་དོན་ཅི་བཞིན་པ་མ་རྟོགས་མོས་པས་སྤྱོད་པའི་ས་ཞེས་བྱའོ། །ས་དང་པོ་མཐོང་ལམ་ཡན་ཆད་ནས། མཉམ་རྗེས་མཚན་ཉིད་པ་ཡིན་ཏེ། གོང་དུ་བཤད་པའི་མཉམ་བཞག་གི་ངོ་བོ་ལ་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་བའི་དོན་དམ་ཅི་བཞིན་པ་འཆར་རོ། །རྗེས་ཐོབ་ལས། དངོས་པོ་མཚན་མའི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུའི་ངེས་ཤེས་བློས་བཟོ་མ་ཡིན་པར་སྐྱེ་བའོ། །དེ་ཡང་ས་དང་པོ་ནས་བདུན་པའི་བར་ལ་རྗེས་ཐོབ་མཉམ་བཞག་གིས་ཟིན་མ་ཟིན་གཉིས་ཡོད། དག་པ་ས་གསུམ་ལ་མཉམ་བཞག་གིས་མ་ཟིན་པའི་རྗེས་ཐོབ་མངོན་འགྱུར་མེད་པར་གསུངས་སོ། །མཉམ་རྗེས་དེ་དག་ཀྱང་ལས་དང་པོ་བས་ནི་གོ་ཆ་དང་བརྩོན་འགྲུས་ཀྱིས་བསྒོམ་ལ། ས་དང་པོ་ནས་ལྔ་པའི་བར་ལ་མཉམ་རྗེས་རེས་མོས་ཀྱིས་རྒྱུད་ལ་བརྟེན་པ་ཡིན་ལ། ལྔ་པ་མཉམ་རྗེས་དབྱེར་མེད་ལ་སྦྱངས་པས་སྤྱངས་དཀའ་ཞེས་བྱའོ། །དྲུག་པ་དབྱེར་མེད་མངོན་དུ་གྱུར་ནས། བདུན་པ་ཆེད་བྱེད་ཀྱི་མཉམ་བཞག་ལས་རིང་དུ་སོང་ཞིང་བརྒྱད་པ་ལ་མཉམ་བཞག་ནམ་མཁའ་ལྟ་བུ་སྤྲོས་པ་དང་བྲལ་བ་བསྒོམས་ནས། དེའི་ངང་ལས་རྗེས་ལ་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་འགྲོ་བའི་དོན་བྱེད་པའོ། །སྤྱོད་པ་དང་། དྲངས། བྱང་ཆུབ་སེམས་དཔའི་ཉམས་སུ་ལེན་པའི་སྤྱོད་པ་ནི། སྦྱིན་པ་བཏང་བ་དང་། སོགས་ཀྱི་སྒྲས་ཕ་རོལ་ཏུ་ཕྱིན་པ་དྲུག །བསྡུ་བའི་དངོས་པོ་བཞི། ཆོས་སྤྱོད་རྣམ་པ་བཅུ་ལ་སོགས་པ་རྣམ་པར་དཀར་བའི་ལས་ནི་བདག་དོན་ལ་ཞེན་པ་མེད་པའི་ཚུལ་གྱིས་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པར་བཤད་དོ། །དེ་ཡང་ཕར་ཕྱིན་དྲུག་གི་དོན་རྒྱས་པ་བཤད་ནས་མཚན་ཉིད། སྒྲ་དོན། དབྱེ་བ་གསུམ་མོ། །དང་པོ་མཚན་ཉིད་ནི་སྲིད་ཞིའི་ཕ་རོལ་ཏུ་བརྒལ་བའོ། །སྒྲ་དོན་ནི་སྦྱིན་པས་དབུལ་བ་འདོར་བ་དང་། དེ་ནས་རིམ་པ་བཞིན་དུ། བསིལ་བ་ཐོབ་པ་དང་། ཁྲོ་བ་ལ་བཟོད་པ་དང་། མཆོག་ལ་སྦྱོར་བ་དང་། ཡིད་ནང་དུ་འཛིན་པ་དང་། དོན་དམ་ཤེས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དབུལ་བ་དོར་བ་ཉིད་དང་ནི། བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་སོ། །དབྱེ་བ་ལ། དབྱེ་བ་དང་། བསྡུ་བ་དང་། གྲངས་ངེས་པ་དང་། གོ་རིམ་ངེས་པའོ། །དབྱེ་བ་ལ་ལུས་ཀྱི་དབྱེ་བ་དང་། ཡན་ལག་གི་དབྱེ་བའོ། །དང་པོ་ནི་ངོ་བོ་ཕར་ཕྱིན་དྲུག་ཡིན་ནོ། །ཡན་ལག་གི་དབྱེ་བ་ལ། གསུམ་གསུམ་དུ་དབྱེ་བ་དང་། དྲུག་དྲུག་དུ་དབྱེ་བའོ། །དང་པོ་ནི། སྦྱིན་པ་ལ་ཡང་ཟང་ཟིང་དང་། ཆོས་དང་། སྐྱབས་གསུམ་མོ། །ཚུལ་ཁྲིམས་ལ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་དང་གསུམ་མོ། །བཟོད་པ་ལ་ཡང་སྡུག་བསྔལ་ཅི་མི་སྙམ་པའི་བཟོད་པ། གནོད་པ་ལ་མི་འཇིགས་པའི་བཟོད་པ། ཆོས་ལ་མི་སྐྲགས་པའོ། །བརྩོན་འགྲུས་ལ་གོ་ཆའི་བརྩོན་འགྲུས། སྦྱོར་བའི། ཆོས་ལ་ངེས་པར་སེམས་པའི་འོ། །བསམ་གཏན་ལ་མཐོང་བའི་ཆོས་ལ་གནས་པ། མི་དགེ་བ་སྤང་བ། ཡོན་ཏན་གྱི་ཁྱད་པར་བསྒྲུབ་པའོ། །ཤེས་རབ་ལ་ཐོས་བསམ་སྒོམ་གསུམ་མོ། །དྲུག་དྲུག་ཏུ་དབྱེ་བ་ནི། ཕར་ཕྱིན་རེ་རེ་ལའང་དྲུག་ཀ་ཚང་བར་བཤད་དོ། །གྲངས་ངེས་པ་ནི། བསླབ་པ་གསུམ་ལ་ལྟོས་ནས་དྲུག་ཏུ་གྲངས་ངེས་པ་དང་། དོན་གཉིས་བསྒྲུབ་པ་ལ་ལྟོས་ནས་དྲུག་ཏུ་གྲངས་ངེས་པ་དང་། མངོན་མཐོ་དང་ངེས་ལེགས་ལ་ལྟོས་ནས་དྲུག་ཏུ་གྲངས་ངེས་སོ། །དང་པོ་ནི། སྦྱིན་པ་རྒྱུ། ཚུལ་ཁྲིམས་ངོ་བོ། བཟོད་པ་ལ་ལེན་མི་བྱེད་ཅིང་དགེ་སྦྱོང་གིས་ཉམས་སུ་ལེན་པའི་ཆོས་བཞི་སྒྲུབ་པའི་ཡན་ལག་ཡིན་ཏེ། དེ་གསུམ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ། བསམ་གཏན་ལྷག་པའི་སེམས་ཀྱི་བསླབ་པ། ཤེས་རབ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། བསླབ་པ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཕྱི་མ་གཉིས་ནི་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཅེས་སོ། །དོན་གཉིས་བསྒྲུབ་པ་ལ་ལྟོས་ནས་དྲུག་ཏུ་གྲངས་ངེས་ནི། སྦྱིན་པ་བཏང་བས་ཡུལ་དགའ། ཚུལ་ཁྲིམས་བསྲུངས་བས་དང་། བཟོད་པ་ལན་མི་བྱེད་པས་གཞན་དོན་འགྲུབ། བསམ་གཏན་གྱིས་ཞི་གནས་བསྒོམ། ཤེས་རབ་ཀྱིས་ལྷག་མཐོང་སྐྱེ་བས་རང་དོན་འགྲུབ། བརྩོན་འགྲུས་ཀྱིས་སེམས་བྱིང་ན་བྱིང་བའི་གཉེན་པོར་རིག་པ་གཟིང་བསྟོད། རྒོད་ན་རྒོད་པའི་གཉེན་པོར་སེམས་ནང་དུ་འཇོག་པས་རང་དོན་བསྒྲུབ་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སེམས་ཅན་དོན་ལ་རབ་བརྩོན་པ། །གནོད་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པ། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་སོ། །མངོན་མཐོ་དང་ངེས་ལེགས་ལ་ལྟོས་ནས་དྲུག་ཏུ་གྲངས་མེད་པ་ནི། སྦྱིན་པས་ལོངས་སྤྱོད་ཕུན་སུམ་ཚོགས། ཚུལ་ཁྲིམས་ཀྱིས་མཐོ་རིས་ཀྱི་བདེ་བ་མཐོང་། བཟོད་པས་གཟུགས་བཟང་པོར་སྐྱེ། བརྩོན་འགྲུས་ཀྱིས་གཟི་བརྗིད་བསྐྱེད་པས་མངོན་མཐོ་འགྲུབ། བསམ་གཏན་གྱིས་ཉོན་མོངས་པའི་མགོ་བོ་ནོན། ཤེས་རབ་ཀྱིས་ཉོན་མོངས་པ་རྩ་བ་ནས་གྲོལ་བས། ངེས་ལེགས་འགྲུབ་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཅེས་སོ། །གོ་རིམ་ངེས་པ་ནི། སྔ་ཕྱི་དང་། ཕྲ་རགས་དང་། མཆོག་དམན་དང་གསུམ་མོ། །དང་པོ་ནི། སྦྱིན་པ་སྔ། ཚུལ་ཁྲིམས་ཕྱི། དེ་བཞིན་དུ་སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བ་ཡིན། ཕྲ་རགས་ཀྱི་གོ་རིམ་ནི་སྦྱིན་པའི་མཚན་ཉིད་གོ་སླ། སྦྱོར་བ་བསྒྲུབ་སླ་བས་ན་རགས་པ་ཡིན་ལ། ཚུལ་ཁྲིམས་ཀྱི་མཚན་ཉིད་གོ་དཀའ། སྦྱོར་བ་བསྒྲུབ་དཀའ་བས་ཕྲ་བ་ཡིན་ནོ། །དེ་བཞིན་དུ་སྔ་མ་སྔ་མ་རགས་པ་ཡིན་ལ། ཕྱི་མ་ཕྱི་མ་ཕྲ་བ་ཡིན་ཏེ། སྔ་མ་ཕར་ཕྱིན་ལྔ་པོའི་མཚན་ཉིད་གོ་སླ་ལ། སྦྱོར་བ་བསྒྲུབ་སླ་བས་རགས་ལ། ཤེས་རབ་ནི་མཚན་ཉིད་གོ་དཀའ། སྦྱོར་བས་བསྒྲུབ་དཀའ་བས་ཕྲ་བ་ཡིན་ནོ། །མཆོག་དམན་གྱི་གོ་རིམ་ནི། སྦྱིན་པ་ནི་ཁྱིམ་པ་ལ་ཡང་ཡོད་པས་དམན་ལ། ཚུལ་ཁྲིམས་ནི་རབ་བྱུང་ནི་ཆ་ཡིན་པས་མཆོག་ཡིན་ནོ། །ཚུལ་ཁྲིམས་རབ་བྱུང་གི་ཆ་ཡིན་ཡང་། ཕྱིའི་ཉེས་སྤྱོད་སྡོམ་པ་ཙམ་ཡིན་པས་དམན་ལ། བཟོད་པ་ནང་གི་ཁོང་ཁྲོ་འཇོམས་པས་མཆོག་ཡིན་ནོ། །བཟོད་པ་ནང་གི་ཁོང་ཁྲོ་འཇོམས་པ་ཙམ་ཡིན་ཡང་། བརྩོན་འགྲུས་དགེ་བའི་ཆོས་སྡུད་པའི་མཆོག་ཡིན་ནོ། །བརྩོན་འགྲུས་དགེ་བ་སྡུད་པ་ཙམ་ཡིན་ཡང་འདོད་ཁམས་པ་ལའང་ཡོད་པས་དམན་ལ། བསམ་གཏན་ནི་རྩེ་གཅིག་ཏུ་གནས་ཤིང་ཁམས་གོང་མའི་སྤྱོད་ཡུལ་ཡིན་པས་མཆོག་ཡིན་ནོ། །བསམ་གཏན་ཁམས་གོང་མའི་སྤྱོད་ཡུལ་ཡིན་ཡང་འཇིག་རྟེན་པ་ལས་མ་འདས་པས་དམན་ལ། ཤེས་རབ་ཆོས་ཐམས་ཅད་ཀྱི་མཐའ་རྟོགས་ཤིང་འཁོར་བ་ལས་འདས་པས་ན་མཆོག་ཡིན་ནོ། །དེ་ཡང་མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན་ནོ། །ཅེས་སོ། །བསྡུ་དངོས་བཞིའི་མཚན་ཉིད་ནི། ཐབས་མཁས་པས་འཁོར་ཡོངས་སུ་སྡུད་པ་ཡིན་ལ། བྱེ་བྲག་སོ་སོའི་མཚན་ཉིད་ནི། ཟང་ཟིང་གི་སྦྱིན་པས་ཆོས་ལ་འཇུག་པའོ། །སྙན་པར་སྨྲ་བས་ཆོས་ལེགས་པར་བསྟན་པའོ། །དོན་སྤྱོད་པས་ཆོས་ཉམས་སུ་ལེན་དུ་བཅུག །དོན་མཐུན་པས་རང་གཞན་གཉིས་ཀ་ཆོས་དང་མཐུན་པར་བྱེད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཅེས་སོ། །བྱེད་ལས་ནི། སྦྱིན་པས་བསྡུ་བས་ཆོས་ཀྱི་སྣོད་དུ་རུང་བར་བྱེད། སྙན་པར་སྨྲ་བས་ཆོས་ལ་མོས་པར་བྱེད། དོན་སྤྱོད་པས་ཆོས་བསྒྲུབ་པར་བྱེད། དོན་མཐུན་པས་ཆོས་ལས་མི་ལྡོག་པར་བྱེད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དང་པོས་སྣོད་གྱུར་དངོས་པོ་སྟེ། །གཉིས་པ་ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ནི་བསྒྲུབ་པ་སྟེ། །བཞི་པས་ཕྱིར་མི་ལྡོག་པའོ། །ཅེས་སོ། །གོ་རིམ་ངེས་པ་ནི། སྦྱིན་པས་སྡུད། སྙན་པར་སྨྲ་བས་ཆོས་ལ་མོས། དོན་སྤྱོད་པས་ཆོས་བསྒྲུབ། དོན་མཐུན་པས་ཆོས་ལས་མི་ལྡོག་པར་བྱེད་པ་ཡིན་ཏེ། སློབ་དཔོན་དབང་པོས། སྦྱིན་པའི་གཡབ་མོས་ལེགས་བོས་ནས། །སྙན་པར་སྨྲ་བས་གཏམ་བརྗོད་ཅིང་། །དོན་སྤྱོད་པ་ཡིས་བག་ཕབ་ནས། །དོན་མཐུན་པ་ཡིས་གྲོས་ཆེན་གདབ། །ཅེས་སོ། །ཆོས་སྤྱོད་བཅུ་ནི། ཀླུ་སྒྲུབ་ཀྱིས། ཡི་གེ་བྲི་མཆོད་སྦྱིན་པ་དང་། །ཉན་དང་འཛིན་དང་ཀློག་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དོན་སེམས་པ་དང་དོན་སྒོམ་པ། །འདི་བཅུ་ཆོས་ཀྱི་སྒོ་མོ་སྟེ། །འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན། །ཅེས་སོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གཉིས། བགྲང་། རང་གཞུང་གི་སྡོམ་པ་དང་། དྲངས། བྱང་ཆུབ་སེམས་དཔའི་སྡོམ་པ་ལ། དབུ་སེམས་ཀྱི་ལུགས་གཉིས་ལས། རྩ་བ་བཞི་དང་། ཉེས་བྱས་བཞི་བཅུ་ཞེ་དྲུག་ལ་སོགས་པ་སེམས་ཙམ་རང་གཞུང་གི་སྡོམ་པ་ཡིན། དབུ་མ་ལ། རྒྱལ་པོའི་རྩ་ལྟུང་ལྔ་དང་། བློན་པོའི་ལྔ་སྟེ་བཅུ་འབངས་ཕལ་པའི་བརྒྱད་དང་བཅོ་བརྒྱད་དོ། །སྨོན་པ་སེམས་བསྐྱེད་བློས་གཏོང་བ་དང་། སེམས་ཅན་བློས་གཏོང་པ་སྟེ་ཉི་ཤུ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་དབུ་སེམས་གཉིས་ཀྱི་སྡོམ་པའི་བྱེ་བྲག་མཐའ་ཡས་པ་སྟེ། མདོ་དུ་མའི་ནང་དུ་བཤད་པའོ། །འདི་རྣམས་ཀྱི་དོན་རྒྱས་པར་བཤད་ན། དང་པོ་རྩ་བ་བཞི་ནི་ཉན་ཐོས་ཀྱི་ཕས་ཕམ་དང་འདྲ་བ་ཡིན་ཏེ། ཙནྡྲ་གོ་མའི་སྡོམ་པ་ཉི་ཤུ་པ་ལས། །དེ་ཡི་ཉེས་པ་བཞི་པོ་ནི། །ཕས་ཕམ་འདྲ་བར་དགོངས་པ་ཡིན། །ཅེས་སོ། །བྱང་སེམས་ཀྱི་ཕས་ཕམ་བཞི་ནི། །རྙེད་དང་བཀུར་སྟིར་ཆག་པ་ཡིས། །བདག་བསྟོད་གཞན་ལ་སྨད་པ་དང་། །ཞེས་འདོད་པའི་དབང་གིས་ཟས་ནོར་གྱི་རྙེད་པ་དང་། ཕྱག་དང་ཞེ་ས་ལ་སོགས་པའི་བཀུར་སྟི་འདོད་པའི་ཕྱིར། བདག་ལ་བསྟོད་པ་དང་། ཕྲག་དོག་གིས་གཞན་ལ་སྨད་པ་ནི། རྩ་བའི་ཕས་ཕམ་དང་པོའོ། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། ཅེས་རང་ལ་ཟས་ནོར་ཀྱང་བདོག །ཆོས་ཀྱང་ཤེས་ན་དབུལ་ཞིང་འཕོང་བའི་སྡུག་བསྔལ་ཅན། སྐྱབས་མགོན་མེད་ཅིང་ཆོས་དང་ནོར་འདོད་པ་ལ། སེར་སྣ་དང་ཕྲག་དོག་གི་དབང་གིས་ཆོས་དང་ནོར་མི་སྟེར་བ་ནི་ཕས་ཕམ་པ་གཉིས་པའོ། །གཞན་གྱིས་བཤགས་ཀྱང་མི་ཉན་པར། ཁྲོས་ནས་གཞན་ལ་བརྩོག་པ་དང་། ཞེས་པས་གཞན་གྱིས་ཉེས་པ་བྱས་ཀྱང་བཤགས་པ་བྱས་ནས་བཟོད་པར་གསོལ་ཞེས་ཟེར་ཡང་ལེན་དུ་མ་ཉན་ནས། ཞེ་སྡང་གི་དབང་གིས་ཁྲོ་ཞིང་བརྡེག་བརྩོག་བྱས་ན་ཕས་ཕམ་པ་གསུམ་པའོ། །ཐེག་པ་ཆེན་པོ་སྤང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་བྱེད་པའོ། །ཞེས་པས། ཐེག་པ་ཆེན་པོའི་ཆོས་སྟོན་པའི་བཀའ་ལུང་སྤངས་ནས། ཚིག་མཐུན་ལ་དོན་མི་འདྲ་བའི་གཟུགས་བརྙན་གྱི་ཆོས་མུ་སྟེགས་བྱེད་ཀྱི་བསྟན་བཅོས་ཀྱིས་ངན་སོང་དུ་ལྷུང་བར་ཤེས་ཀྱང་ཇི་མི་སྙམས་ནས་ནོར་འདོད་པའི་ཆེད་དུ་སྟོན་པ་དང་། གཞན་ཡང་ཐེག་དམན་ཉན་རང་གིས་སམ་སོ་སོའི་སྐྱེ་བོའི་རང་བཟོ་ཕལ་ཆེར་སྟོན་པ་ནི་ཕས་ཕམ་བཞི་པའོ། །ཀླུ་སྒྲུབ་ཀྱིས། ཆོས་མ་ཡིན་ལ་ཆོས་སུ་བྱེད། །ཆོས་ལ་ཆོས་མ་ཡིན་དུ་བྱེད། །སྐྱེས་བུ་དམ་པ་རྣམས་ལ་སྡང་། །ལོག་པར་ལྟ་བ་མནར་མེད་ལྟུང་། །ཅེས་གསུངས་སོ། །དེ་བཞི་པོ་ནི། དབུ་མ་སེམས་ཙམ་གཉིས་ཀའི་ཐུན་མོང་གི་བསྲུང་རྒྱུའི་རྩ་བ་བཞི་ཡིན་ནོ། །མཁས་པ་འགའ་ཞིག་གིས་སེམས་ཙམ་རང་གཞུང་ཡིན་པར་ཡང་འདོད་དོ། །ཡན་ལག་གི་ཆ་ལ་སེམས་ཙམ་པའི་ཉེས་བྱས་བཞི་བཅུ་ཞེ་དྲུག་ནི། སྡོམ་པ་ཉི་ཤུ་པ་ལས། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །ཅེས་ཉིན་ཞག་གཅིག་ལ་དཀོན་མཆོག་གསུམ་གྱི་རྟེན་ལ་ཕྱག་དང་བསྐོར་བ་མཆོད་པ་དང་། མོས་གུས་དྲན་པ་ཙམ་རེ་མ་བྱས་ན་ལྟུང་བ་ལེ་ལོའི་དབང་གིས་མ་དད་ན་ཉོན་མོངས་པའི་ལྟུང་བ། བརྗེད་ན་ཉོན་མོངས་པ་མ་ཡིན་པའི་ལྟུང་བའོ། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག །ཅེས་པས་འདོད་ཡོན་ལྔ་ལ་ཆགས་སེམས་བྱུང་ན་དེ་ལ་སེམས་མི་གཏད། གལ་ཏེ་གཏད་ཀྱང་གཉེན་པོ་མ་བསྟེན་ན་ལྟུང་བའོ། །རྒན་པ་རྣམས་ལ་གུས་མི་བྱེད། ཅེས་གྲོགས་པོ་རང་བས་རྒན་པའམ་ཡོན་ཏན་ཆེ་བ་ལ་གུས་པའམ་བསྙེན་བཀུར་མ་བྱས་ན་ལྟུང་བའོ། །དྲིས་པ་ལ་ནི་ལན་མི་འདེབས། ཞེས་པས་ཆོས་ཀྱི་དྲི་བ་དང་འབེལ་བའི་གཏམ་དྲི་ན། མནར་སེམས་ཀྱིས་ལན་མ་སྨྲས་ན་ལྟུང་བའོ། །མགྲོན་པོས་བདག་གིར་མི་བྱེད་ཅིང་། ཅེས་པས་གཞན་གྱིས་བསྙེན་བཀུར་དང་ཆོས་སྟོན་དྲང་པའི་སར་ང་རྒྱལ་གྱིས་ཚོགས་བསགས་པའི་ཞིང་མི་བྱེད་ན་ལྟུང་བ། གསེར་ལ་སོགས་པ་ལེན་མི་བྱེད། ཅེས་པས་གསེར་དངུལ་ལ་སོགས་པ་སྦྱིན་བདག་གིས་ཕུལ་ན་ཡང་ངན་སེམས་ཀྱིས་མི་ལེན་ན་ལྟུང་བའོ། །དེ་ཡང་ནོར་རྫས་ལ་རང་ཉིད་སེམས་ཆགས་དོགས་པའམ། སྦྱིན་བདག་ཀྱང་རྒྱབ་ཏུ་སེར་སྣ་ཤོར་དོགས་པའམ། དཀོན་མཆོག་གསུམ་གྱི་དཀོར་དུ་བསྔོས་པའམ། རྒྱུ་དེས་སེམས་ཅན་ལ་གནོད་པར་སྣང་ན་བླངས་བ་ལ་ཉེས་པ་མེད་དོ། །ཆོས་འདོད་པ་ལ་སྦྱིན་མི་བྱེད། ཅེས་པ་ཆོས་ཀྱི་དྲི་བ་འདོད་པ་ལ་ངན་སེམས་ཀྱིས་མ་བཤད་ན་ལྟུང་བའོ། །དེ་ཡང་མ་དད་ཅིང་ཉམས་ཚད་པ་ལ་ནི་མ་བཤད་ཀྱང་ཉེས་པ་མེད་དོ། །ཚུལ་ཁྲིམས་འཆལ་རྣམས་ཡལ་བར་དོར། ཅེས་པ་ནི་གྲོགས་པོ་ཚུལ་ཁྲིམས་ཀྱི་སྡོམ་པ་དང་བྲལ་ཞིང་མི་དགེ་བའི་ལས་བྱེད་པ་ལ་ངན་སེམས་ཀྱིས་མ་བཟློག་ན་ལྟུང་བའོ། །བཅོས་སུ་མི་འདོད་པ་ལ་ཉེས་པ་མེད་དོ། །ཕ་རོལ་དད་ཕྱིར་སློབ་མི་བྱེད། ཅེས་པས་གཞན་དད་པ་དང་མོས་པའི་ཕྱིར་ཉན་ཐོས་ཀྱི་ཁ་ན་མ་ཐོ་བ་ཕྲ་བ་རྣམས་མ་བསྲུང་ན་ལྟུང་བའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་སེམས་བསྲུང་བའི་ཕྱིར་མ་དད་པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་སླར་ཡང་དད་པར་བྱ་བའི་ཕྱིར། སོ་སོར་ཐར་པའི་འདུལ་བ་ལས་བྱུང་བཞིན་སློབ་ཅིག །ཅེས་གསུངས་སོ། །སེམས་ཅན་དོན་ལ་བྱ་བ་ཆུང་། ཅེས་པས་ཉན་ཐོས་ལྟར་གཞན་གྱི་དོན་དུ་འགྱུར་བ་མི་ཤེས་ནས་ཉེས་བྱས་ཕྲ་བ་འཛེམ་པ་ཙུག་བྱེད། སེམས་ཅན་གྱི་དོན་རྒྱ་ཆེན་པོ་མི་བྱེད་ན་ལྟུང་བའོ། །སྙིང་བརྩེར་བཅས་ན་མི་དགེ་མེད། ཅེས་པས་མི་དགེ་བ་བཅུ་ལས་ཡིད་ཀྱི་གསུམ་ནི་རྨི་ལམ་དུ་ཡང་མི་བྱ། སེམས་ཅན་གྱི་དོན་དུ་འགྱུར་ན་ལུས་ངག་གི་བདུན་ནི་བྱས་ཀྱང་ཉེས་པ་མེད་དོ། །རབ་ཏུ་བྱུང་བའི་ཕྱོགས་ཀྱིས་བྱས་ན་ཕམ་པའོ། །འཚོ་བ་ལོག་པ་དང་དུ་ལེན། །ཅེས་པས་བྱང་ཆུབ་སེམས་དཔའ་ནི་དུས་རྟག་ཏུ་དགེ་བ་དང་ལྡན་ཞིང་ཡང་དག་པའི་འཚོ་བ་དང་ལྡན་དགོས་པ་ལ། དགེ་བ་མེད་ཅིང་གཡོ་སྒྱུས་འཚོ་ན་ལྟུང་བའོ། །འཕྱར་ནས་རབ་ཏུ་རྒོད་ལ་སོགས། །ཞེས་པས་བྱང་ཆུབ་སེམས་དཔའ་ནི་དུལ་ཞིང་ཞི་བ་ཡིན་ལ། བྱིས་པ་ལྟར། མཆོང་རྒྱུག་རྩེད་མོ་བྱེད་ན་ལྟུང་བའོ། །འཁོར་བ་གཅིག་པུས་བགྲོད་པར་སེམས། །ཞེས་པས་བྱང་ཆུབ་སེམས་དཔའ་གཞན་དོན་དུ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་འཁོར་བར་གནས་པ་ལ་དགའ་བར་བྱ། ཉོན་མོངས་པ་ལ་མི་སྐྲག་ཅིང་། མྱ་ངན་འདས་པ་ལ་ཞེ་ཐག་པ་ནས་མི་དགའ་ཟེར་བ་ནི་ལྟུང་བའོ། །གྲགས་པ་མ་ཡིན་མི་སྤངས་པས། ཞེས་པས། བྱང་ཆུབ་སེམས་དཔས་གཞན་དོན་དུ། རང་ཉིད་ལ་གྲགས་པ་ལ་མ་ཡིན་པ་གྲགས་པ་སྤང་བར་མི་བྱེད་ན་ལྟུང་བའོ། །ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། ཅེས་པས་ཆོས་ཀྱི་དོན་བཙལ་བ་དང་། སྦྱངས་པའི་ཡོན་ཏན་བཀའ་ཐུབ་མི་བྱེད་པ་དང་། གཞན་མི་དགེ་བ་ལ་འཇུག་པ་མི་བཟློག་ན་ལྟུང་བའོ། །གཤེ་ལ་ལན་དུ་གཤེ་ལ་སོགས། །ཞེས་པས་གཤེ་བ་ལ་ལན་དུ་གཤེ་བ་དང་། ཁྲོ་བའི་ལན་དུ་ཁྲོ་བ་དང་། བརྡེག་པ་ལན་དུ་བརྡེག་པ་དང་། མཚང་བྲུ་བའི་ལེན་དུ་མཚང་བྲུ་ན་ལྟུང་བའོ། །ཁྲོ་བ་རྣམས་ནི་ཡལ་བར་འཇོག །ཅེས་པས་ཕ་རོལ་པོ་ཁྲོས་ནས་འཐབ་འཛིན་བྱེད་པ་རང་གིས་མ་བཤུག་ན་ལྟུང་བའོ། །ཕ་རོལ་ཤད་ཀྱིས་འཆགས་པ་སྤང་། ཅེས་པས་བྱང་ཆུབ་སེམས་དཔའ་རང་ཉིད་ལ་ཕ་རོལ་གཞན་གྱིས་ཉེས་པ་བྱས་པ་ཤད་ཀྱིས་སྦྱང་ནས་བཤགས་པ་དང་དུ་མི་ལེན་ཅིང་། སྤོང་ན་ལྟུང་བའོ། །ཁྲོ་བའི་སེམས་ཀྱིས་རྗེས་སུ་འཇུག །ཅེས་པས་གཞན་ལ་མི་དགའ་ཞིང་ཁྲོ་འདོད་པ་ལ་མི་བཟོད་ཅིང་གཉེན་པོ་མི་བརྟེན་ན་ལྟུང་བའོ། །རྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། ཅེས་བསྙེན་བཀུར་ལ་སོགས་ཆོས་བརྒྱད་བསྒྲུབ་པའི་ཕྱིར་འཁོར་རྣམས་སྡུད་ན་ལྟུང་བྱེད་དོ། །ལེ་ལོ་ལ་སོགས་སེལ་མི་བྱེད། ཅེས་པ་སེམས་ཀྱིས་ལེ་ལོ་སྙོམས་ལས་ལུས་ཀྱིས་ཉལ་བ་ལ་སོགས་བྱས་ན་ལྟུང་བའོ། །ཆགས་པས་བྲེ་མོའི་གཏམ་ལ་དགའ། ཅེས་པས་གྲོགས་དང་མཛའ་བཤེས་དགའ་བའི་ཕྱིར་མང་དུ་འདུས་ནས་ཅལ་ཅོལ་གྱི་གཏམ་བྱེད་ན་ལྟུང་བའོ། །ཏིང་ངེ་འཛིན་གྱི་དོན་མི་ཚོལ། ཅེས་པས་རང་གིས་མི་ཤེས་ཀྱང་དགེ་བའི་བཤེས་གཉེན་ལ་མན་ངག་མི་ཚོལ་མི་སྒོམ་ཡིད་ལ་མི་བྱེད་ན་ལྟུང་བའོ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། ཅེས་པས་བསམ་གཏན་གྱི་སྒྲིབ་པ་ནི་མན་ངག་བརྗེད་པ་དང་། ལེ་ལོ་དང་། མངོན་པར་འདུ་བྱེད་པ་དང་། འདུ་མི་བྱེད་པ་བཞི་ནི་ལྟུང་བའོ། །བསམ་གཏན་རོ་ལ་ཡོན་ཏན་བལྟ། ཅེས་པས་བསམ་གཏན་གྱི་བདེ་བའི་རོ་ལ་ཆགས་ནས་ཡོན་ཏན་དུ་བལྟ་སྟེ། གོང་ནས་གོང་དུ་མི་སྦྱོར་ན་ལྟུང་བའོ། །ཉན་ཐོས་ཐེག་པ་སྤོང་བར་བྱེད། ཅེས་པས་ཉན་ཐོས་ཀྱི་ཐེག་པའི་བསླབ་པ་ལ་སྨོད་ཅིང་གེགས་བྱེད་ན་ལྟུང་བའོ། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། ཅེས་པས་རང་ལ་ཐེག་པ་ཆེན་པོའི་ལྟ་བ་ཡོད་ཀྱང་ཉན་ཐོས་ཀྱི་ཐེག་པ་ལ་བརྩོན་ཞིང་ཆགས་ན་ལྟུང་བའོ། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། ཅེས་པས་རང་ཉིད་ཀྱིས་ཐེག་པ་ཆེན་པོའི་ཆོས་ཀྱང་མི་ལྕོག་པར་མུ་སྟེགས་ཀྱི་གཙུག་ལག་གི་བསྟན་བཅོས་ལ་སོགས་སློབ་ན་ལྟུང་བའོ། །བརྩོན་པས་བྱས་ཀྱང་དེ་ལ་དགའ། ཅེས་པས་ཐེག་པ་ཆེན་པོའི་ཆོས་ལྕོག་ཀྱང་མུ་སྟེགས་གི་ཆོས་བསླབ་ན་ལྟུང་བའོ། །ཐེག་པ་ཆེན་པོའི་ཆོས་ཕྲ་བ་དང་ཡངས་ཤིང་རྒྱ་ཆེ་བ་འདི་མ་ཤེས་ནས་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་ཟེར་ནས་སྨོད་པ་ནི་ལྟུང་བའོ། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། ཅེས་པས་ཀུ་རེ་དང་བཞད་གད་ལ་སོགས་ཀྱི་ཕྱིར་བདག་བསྟོད་ཅིང་གཞན་སྨོད་པ་ནི་ལྟུང་བའོ། །ཆོས་ཀྱི་དོན་ལ་འགྲོ་མི་བྱེད། ཅེས་པས་ཕ་རོལ་གྱིས་ཆོས་འཆད་པ་ལ་རང་གིས་མི་ཤེས་ཀྱང་ང་རྒྱལ་བྱེད་ནས་མི་ཉན་ན་ལྟུང་བའོ། །དེ་ལ་སྨོད་ཅིང་ཡི་གེར་རྟོན། ཆོས་འཆད་པའི་སློབ་དཔོན་ལ་ཆོས་ཀྱི་དོན་ནི་མ་རྟོགས་ཡིག་རིས་ཙམ་ཡིན་ཟེར་ཞིང་མི་གུས་ནས་སྨོད་པ་ནི་ལྟུང་བའོ། །དགོས་པའི་གྲོགས་སུ་འགྲོ་མི་བྱེད། ཅེས་པས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བསྒྲུབ་པ་ལ་མཐུན་པའི་གྲོགས་མི་བྱེད་ནས་རང་གིས་བགྱིད་ནུས་ཀྱང་མནར་སེམས་ཀྱིས་མ་བྱས་ན་ལྟུང་བའོ། །ནད་པའི་རིམ་གྲོ་བྱ་བ་སྦོང་། ཅེས་པས་ནད་པ་དང་ལྷན་ཅིག་ཏུ་བསྡད་ཀྱང་རུང་ལམ་དུ་འཕྲད་ཀྱང་རུང་སྟེ་གྲོགས་མ་བྱས་ན་ལྟུང་བའོ། །སྡུག་བསྔལ་སེལ་བར་མི་བྱེད་པ། ཞེས་པས་སེམས་ཅན་སྡུག་བསྔལ་པ་ལ་ཟས་སྐོམས་ལ་སོགས་པས་གྲོགས་མ་བྱས་ན་ལྟུང་བའོ། །བག་མེད་རྣམས་ལ་རིག་མི་སྟོན། ཅེས་པས་ངན་སོང་དུ་སྐྱེ་བའི་ལས་བྱེད་པའི་མི་ལ་རང་དབང་ཡོད་ནས་བཟློག་ཐབས་མ་བསྟན་ན་ལྟུང་བའོ། །བྱས་ལ་ལན་དུ་ཕན་མི་འདོགས། །ཞེས་པས་བདག་ལ་ཕན་གདག་ཞིང་བྱས་པ་ལ་དྲིན་གཟོ་མ་བྱས་ན་ལྟུང་བའོ། །གཞན་གྱི་མྱ་ངན་གསལ་མི་བྱེད། ཅེས་པས་མྱ་ངན་གྱིས་ཟིན་པའི་མི་ལ་མི་རྟག་པའི་ཆོས་ལ་སོགས་པ་མི་བཤད་ཅིང་། མྱ་ངན་མ་བསལ་ན་ལྟུང་བའོ། །ནོར་འདོད་པ་ལ་སྦྱིན་མི་བྱེད། ཅེས་པས་རང་གི་སློབ་མའམ་ཡོ་བྱད་འདོད་པ་ལ་སེར་སྣས་ཡོ་བྱད་མ་བྱིན་ན་ལྟུང་བའོ། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། ཅེས་པས་སློབ་མ་དག་གིས་ཚུལ་ཁྲིམས་ལ་སོགས་པ་སློབ་འདོད་པའི་དོན་མ་བྱས་ན་ལྟུང་བའོ། །གཞན་གྱི་བློ་དང་མཐུན་མི་འཇུག །ཅེས་པས་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་དང་མཐུན་པར་བྱེད་པ་ཡིན་ལ་གཞན་གྱི་ཡིད་མ་བསྲུང་ན་ལྟུང་བའོ། །ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །ཅེས་པས་གཞན་དོན་ཡོན་ཏན་དང་ལྡན་པ་ལ་བདག་དང་མཁོན་ཅུང་ཟད་ཡོད་པའི་ཕྱིར་ཕ་རོལ་གྱི་ཡོན་ཏན་གསང་ཞིང་མ་བསྒྲགས་ན་ལྟུང་བའོ། །རྐྱེན་དང་འཚམས་པར་ཚར་མི་གཅོད། །ཅེས་པས་སློབ་མ་དག་གིས་འདུལ་ཁྲིམས་མི་བསྲུང་བ་ལ་འདུལ་ཐབས་ཀྱིས་ཆད་པ་མ་བཅད་ན་ལྟུང་བའོ། །རྫུ་འཕྲུལ་བསྡིག་ལ་སོགས་མི་བྱེད། ཅེས་པས་རང་ཉིད་ནུས་པའི་རྫུ་འཕྲུལ་དང་ལྡན་ན་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་མུ་སྟེགས་པ་ལ་སོགས་པ་ལ་མནར་སེམས་ཀྱིས་རྫུ་འཕྲུལ་གྱིས་མ་བཏུལ་ན་ལྟུང་བའོ། །ཅེས་པས་དེ་ལྟར་ཡན་ལག་གི་ཉེས་བྱས་ཀྱི་ལྟུང་བ་བཞི་བཅུ་རྩ་དྲུག་ཡོད་པ་ལ། ལྟུང་བ་དེ་དག་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་བྱ་བ་བསྒྲུབ་པ་དང་། སེམས་ཅན་གྱི་དོན་དུ་འགྱུར་བའི་བྱ་བ་བསྒྲུབ་ན་བྱམས་པ་དང་སྙིང་རྗེའི་སེམས་དང་ལྡན་པས་བྱུང་ཡང་འགལ་བ་མེད་པ་ནི། དེ་ཉིད་ལས། སྙིང་རྗེ་ལྡན་ཞིང་བྱམས་ཕྱིར་དང་། སེམས་དགེ་བ་ལ་ཉེས་པ་མེད། ཅེས་སོ། །དབུ་མ་པའི་ལུགས་ལ་རྩ་བའི་ལྟུང་བ་བཅོ་བརྒྱད་བཤད་དེ། རྒྱལ་པོའི་ལྟུང་བ་ལྔ། བློན་པོའི་ལྟུང་བ་ལྔ་དང་བཅུ། འབངས་ཕལ་པའི་ལྟུང་བ་བརྒྱད་དང་བཅོ་བརྒྱད་ཡིན་ནོ། །རྒྱལ་བློན་གཉིས་ལ་ལྟུང་བ་ཐུན་མོང་པ་བཞི་བཞི། ཐུན་མོང་མ་ཡིན་པ་རེ་རེ་ཡིན་ནོ། །དེ་ཡང་ནམ་མཁའི་སྙིང་པོའི་མདོ་ལས། དཀོན་མཆོག་གསུམ་གྱི་དཀོར་ཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལ། །ངུར་སྨྲིག་ཕྲོག་དང་བརྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་བ་འབེབ་པ་དང་། །འཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །གྲོང་ལ་སོགས་པ་འཇིག་པ་ཡང་། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་རྒྱལ་བློན་གྱི་ལྟུང་བ་བཅུའོ། ༈ །ཕལ་པའི་ལྟུང་བ་བརྒྱད་ལ། ཡང་དག་པའི་ལམ་ལས་ལྡོག་པའི་ལྟུང་བ་བཞི། དེ་དང་འགལ་བ་ཉམས་སུ་ལེན་པའི་ལྟུང་བ་བཞི་དང་བརྒྱད་ཡིན་ནོ། །ནམ་མཁའི་སྙིང་པོའི་མདོ་ལས། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང་། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང་། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོངས་པར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིག་བཅད་རྒྱུ་ཡིས་གཞན་སྨད་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །བདག་གི་ཟབ་མོ་བཟོད་པ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །དཀོན་མཆོག་གསུམ་གྱིས་སྦྱིན་བྱེད་དང་། །སྦྱིན་པར་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །ཅེས་པའི་སྟེང་སྨོན་འཇུག་གི་སེམས་བསྐྱེད་ཉམས་པ་གཉིས་དང་ཉི་ཤུ་ཡིན་ནོ། །བདག་བསྟོད་གཞན་ལ་སྨོད་པ་གཉིས་དང་ཉི་ཤུར་བརྩིས་པ་ཡང་ཡོད་དོ། །ལར་བྱང་ཆུབ་སེམས་དཔའི་སྡོམ་པ་འདི་རྣམས་ཉམས་སུ་ལེན་ཚུལ་ལ་བཀའ་སྲོལ་ཆེན་པོ་གཉིས་ཡོད་དོ། །རྣལ་འབྱོར་སྤྱོད་པའི་མདོ་ལ་སོགས་པའི་དགོངས་པ་རྗེ་བཙུན་བྱམས་མགོན་གྱིས་གསུངས། སློབ་དཔོན་ཐོག་མེད་ཀྱིས་བཞེད་པ། ཙནྡྲ་གོ་མའི་རྗེས་སུ་འབྲང་ནས་དཔལ་མར་མེ་མཛད་ཡེ་ཤེས་ལས་འོང་བ། དགེ་བའི་བཤེས་གཉེན་བཀའ་གདམ་པ་རྣམས་ཀྱིས་ཕྱག་ལེན་ལ་མཛད་པ་ནི་སེམས་ཙམ་ལུགས་དང་། སྡོང་པོ་བཀོད་པའི་མདོ་ལ་སོགས་པའི་དགོངས་པ། འཕགས་པ་འཇམ་དཔལ་གྱིས་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེད། ཞི་བ་ལྷའི་རྗེས་སུ་འབྲང་ནས། ཇོ་བོ་སུ་ཛྙཱ་ན་ཤྲཱི་ལས་འོང་བ་ཆོས་རྗེ་ས་སྐྱ་པ་ལ་སོགས་པས་ཕྱག་ལེན་མཛད་པ་དབུ་མ་ལུགས་གཉིས་ཡིན་ནོ། །ཆོས་རྗེ་ཀཿཐོག་པའི་ལུགས་གཉིས་ལ་གཉོས་ལོ་ཙ་དང་ཀམ་ལོ་ཙ་གཉིས་ལ་སློབ་དཔོན་དམ་པས་སེམས་ཙམ་ལུགས་དང་དབུ་མ་ལུགས་གཉིས་ཐོབ་པར་གསུངས་སོ། །འདི་གཉིས་ཀྱི་ཁྱད་པར་ལ་བཞི། ལེན་པ་པོའི་གང་ཟག་དང་། ལེན་པའི་ཆོ་ག་དང་། མི་ཉམས་པར་བསྲུང་ཚུལ་དང་ཉམས་ན་སླར་བཅོས་ཐབས་རྣམས་མི་འདྲ་བ་ཡིན་ཏེ། དེ་ལ་ལེན་པའི་གང་ཟག་ནི། སེམས་ཙམ་ལུགས་ལ་སོ་ཐར་གྱི་སྡོམ་ལྡན་གཅིག་དགོས་པར་བཤད། བྱང་ས་ལས། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན། ཅེས་པ་དང་། ཇོ་བོ་རྗེས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱིས་གཞན་དུ་མིན། །ཅེས་གསུངས་པ་ཡིན་ལ། དབུ་མ་ལུགས་ཀྱིས་སོ་སོར་ཐར་པའི་སྡོམ་ལྡན་ཡིན་ན་རྟེན་ཕུན་སུམ་ཚོགས་པ་ཡིན་པས་རབ་ལ། དེ་མིན་ཀྱང་སེམས་བསྐྱེད་སྐྱེ་བར་བཤད་དེ། འབུམ་ལས། བྱང་ཆུབ་སེམས་དཔའ་ནི་ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་ཅེས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གཅིག་ཀྱང་མེད། །ཅེས་པ་དང་། བརྒྱད་སྟོང་པ་ལས། གང་ཚེ་རྐང་གཉིས་གཙོ་བོ་ཡིས། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ། །དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཅེས་སོ། །ལེན་པའི་ཆོ་ག་ནི། སེམས་ཙམ་པའི་ལུགས་ཀྱིས། སྦྱོར་བ་ཉན་ཐོས་པ་དང་སྒོ་བཏུན་ན་བར་ཆད་དྲི། དངོས་གཞི་ལ་སྨོན་པ་སེམས་བསྐྱེད་ཐོག་མར་བླངས། དེ་ནས་འཇུག་པ་སེམས་བསྐྱེད་བླང་། རྗེས་ལ་མཁྱེན་གསོལ་བྱེད་པའོ། །དབུ་མའི་ལུགས་ཀྱིས་སྦྱོར་བ་སྔོན་འགྲོ་སེམས་ཀྱི་ཐ་བ་སྦྱངས་པ་ལ་ཡན་ལག་བདུན་པ་བྱ། དངོས་གཞི་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་དུས་གཅིག་ཏུ་བླང་། རྗེས་བདག་གཞན་དགའ་བ་སྒོམ་པར་བྱེད་པའོ། །མི་ཉམས་པར་བསྲུང་ཚུལ་ནི། སེམས་ཙམ་པའི་ལུགས་ཀྱིས་རྩ་བ་བཞི། ཉེས་བྱས་བཞི་བཅུ་ཞེ་དྲུག་ལ་སོགས་པ་རྣམས་བསྲུང་བ། དབུ་མའི་ལུགས་ཀྱིས་རྒྱལ་པོའི་རྩ་ལྟུང་ལྔ། བློན་པོའི་རྩ་ལྟུང་ལྔ། འབངས་ཕལ་པའི་ལྟུང་བ་བརྒྱད་དང་། སྨོན་པ་སེམས་བསྐྱེད་བློས་བཏང་བ་དང་། སེམས་ཅན་བློས་གཏོང་བ་དང་ཉི་ཤུ་ལ་སོགས་བསྲུང་བའོ། །ཉམས་ན་སླར་བཅོས་པའི་ཐབས་ནི། སེམས་ཙམ་བའི་ལུགས་ཀྱིས་རྩ་ལྟུང་བྱུང་ན་གཞི་ནས་ལེན་དགོས་པར་བཤད་དོ། །ཉེས་བྱས་རྣམས་ནི་གང་ཟག་གསུམ་དང་གཅིག་གི་མདུན་དུ་བཤགས་པ་ཡིན་ཏེ། སྡོམ་པ་ཉི་ཤུ་པ་ལས། །སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་གི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཅེས་སོ། །དབུ་མ་པ་ཡི་ལུགས་ཀྱིས། རྩ་ལྟུང་བྱུང་ན་ཐུན་ཚོད་ལས་མ་འདས་ན་དེ་བཞིན་ཉིད་དུ་བཤགས་པའམ། དྲན་པས་བཟུང་ནས་ཕུང་པོ་གསུམ་པའི་མདོ་དང་། ནམ་མཁའི་སྙིང་པོའི་མདོ་ལ་སོགས་པ་རྣམས་འདོན་པར་བྱེད་ན་ཡང་དག་པར་བཤད་དེ། ནམ་མཁའི་སྙིང་པོའི་མདོ་ལས། །ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་པས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཅེས་སོ། །གོང་གི་དེ་རྣམས་ནི་བསྲུང་བའི་ཚུལ་ཁྲིམས་ཡིན་པར་བསྟན། དེ་དག་ནི་བྱང་ཆུབ་སེམས་དཔའ་རང་གཞུང་གི་བསྲུང་བའི་ཚུལ་ཁྲིམས་ཡིན་པའོ། །སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་བསྲུང་བའོ། །དྲངས། དེར་མ་ཟད་ཉན་ཐོས་ཀྱི་སོ་སོར་ཐར་པའི་སྡོམ་པའི་བྱེ་བྲག་རྣམ་པ་མཐའ་ཡས་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཁྱད་པར་དུ་སེམས་ཙམ་གྱིས་འདོད་པ་ལ་རྟེན་ནམ་སྣོད་ཀྱི་ཚུལ་གྱི་ཕྱིར་བྱང་ཆུབ་སེམས་དཔའི་ཡན་ལག་གི་སྡོམ་པ་ཡིན་ནོ། །ཡུན་དང་། དྲངས། ཆོས་མངོན་པའི་གྲངས་ཀྱི་གནས་གཞན་དྲུག་ཅུ་ལས་འདས་པ་གྲངས་མེད། བསྐལ་ཕྲན་བརྒྱད་ཅུ་སྡོམ་པ་ལ་བསྐལ་པ་ཆེན་པོ་གཅིག་ཟེར་རོ། །དེ་ལྟ་བུ་གསུམ་དག་གིས་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་སར་མ་ཕྱིན་བར་དུ་སྒྲིབ་པ་སྦྱངས་ལུགས་ཡེ་ཤེས་སམ་ཚོགས་གཉིས་རྫོགས་ཚུལ་གྱི་སྒོ་ནས་བཤད་ན་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པ་དང་ལྔ་ཡིན་ལ། འདི་རྣམས་སྤངས་རྟོགས་ཀྱི་ཁྱད་པར་གྱིས་ཕྱེ་དགོས། དེ་ལ་སྤངས་པའི་ཁྱད་པར་ནི། སྤང་བྱ་མངོན་གྱུར་དང་། ས་བོན་སྤངས་པ་གཉིས་ལས། དང་པོ་སྤོང་བ་ཚོགས་སྦྱོར་གཉིས་ཡིན་ལ། དེ་ལ་རེ་ཞིག་སུན་ཕྱུང་བ་ཚོགས་ལས་ཡིན་ཅིང་། འགོ་ནོན་གྱིས་སྤང་བ་སྦྱོར་ལམ་ཡིན་ནོ། །གཉིས་པ་ས་བོན་ལས་རགས་པ་སྤངས་པ་མཐོང་ལམ་ཡིན་ཅིང་། ཕྲ་བ་སྤངས་པ་སྒོམ་ལམ་ཡིན་ནོ། །ཤིན་ཏུ་ཕྲ་བ་སྤངས་པ་མཐར་ལམ་ཡིན་ནོ། །རྟོགས་པའི་ཁྱད་པར་ལ། ཆོས་ཐམས་ཅད་རང་བཞིན་མེད་པ་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། མངོན་སུམ་དུ་རྟོགས་པ་གཉིས་ལས། དང་པོ་ཚོགས་སྦྱོར་ཡིན་ལ། དེ་ལའང་ཐོས་བསམ་གྱིས་རྟོགས་པ་ཚོགས་ལམ་ཡིན་ཞིང་། འཇིག་རྟེན་པའི་སྒོམ་བྱུང་གིས་རྟོགས་པ་སྦྱོར་ལམ་ཡིན་ནོ། །གཉིས་པ་མངོན་སུམ་དུ་རྟོགས་པ་ལའང་། གསར་དུ་རྟོགས་པ་མཐོང་ལམ་ཡིན་ལ། རྟོགས་ཟིན་གོམས་པ་སྒོམ་ལམ་ཡིན། གོམས་པ་མཐར་ཐུག་པ་མཐར་ལམ་ཡིན་ནོ། །དེ་ལྟ་བུའི་བསྐལ་པ་གྲངས་མེད་གསུམ་ནས་རིམ་གྱིས་འཇུག་པ་ཡུན་གྱི་ཚད་ཡིན་ནོ། །འདི་རྣམས་ཀྱི་སྤྱི་དོན་རྒྱས་པར་བཤད་ན། དང་པོ་གྲངས་མེད་ངོས་བཟུང་བ་ནི། བསྐལ་ཕྲན་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་ཟེར་རོ། །དེ་ལ་མདོ་ཕལ་པོ་ཆེ་དང་། རྒྱ་ཆེར་རོལ་པ་ལ་སོགས་པ་རྣམས་སུ་བཤད་ལུགས་མང་དུ་ཡོད་ཀྱང་འདིར་མདོ་སིལ་བུ་ནས་འབྱུང་བའི་དོན་ནི། གྲངས་ཀྱི་གནས་གཞན་དྲུག་བཅུ་ཚུན་ཆད་ལ་གྲངས་ཅན་དུ་བྱས་ནས། དེ་ཕན་ཆད་ལ་སོ་སོའི་སྐྱེ་བོ་ཕལ་པས་གྲངས་བརྩི་བར་མི་ནུས་པའི་ཕྱིར་གྲངས་མེད་དུ་བཞག་པ་ཡིན་ཏེ། དེ་དག་ཀྱང་གོང་བཞིན་གྱིས་བསྐལ་པ་ཆེན་པོ་གཅིག་ནས་བཅུ་ལ། བཅུ་པ་བཅུ་ལ་བརྒྱའོ། །ཞེས་པ་ནས་བསམ་གྱིས་མི་ཁྱབ་པའི་བར་ཡིན་ཏེ། མངོན་པར་མཛོད་ལས། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །བྱེ་བ་ས་ཡ་དུང་ཕྱུར་དང་། །དགུ་པོ་རྐྱང་པར་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲིགས་མི་འཁྲུག་ཁྱད་ཕྱིན་དང་། །དཔང་རྟེན་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོང་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོག་འགྲོ་འབྱིན་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་བྱུང་རྣམ་ཉིད་སྟོབས་མིག་རྣམས། །ཉི་ཤུ་གཉིས་ཏེ་ཆེན་པོ་དང་། །ཟུང་རེ་བརྩིས་པས་བཞི་བཅུ་བཞི། །གྲངས་མེད་སྐྱེ་མཆེད་དཔག་ཏུ་མེད། །དཔག་ཡས་གཞལ་མེད་གཞལ་མི་ལང་། །བསམ་མེད་བསམ་གྱིས་མི་ཁྱབ་པའོ། །དེ་ལ་བརྒྱད་རེ་དྲུག་ཅུ་གཅིག །ཞེས་བྱ་བའི་བར་དུ་ཡིན་ཏེ། དེ་ལ་མཛོད་ཀྱི་འགྲེལ་པ་རྣམས་ནས་གྲངས་ཀྱི་གནས་གཞན་བརྒྱད་མདོ་ལས་མ་རྙེད་དོ་ཟེར་ཡང་། དོན་གྱི་དྲུག་ཅུ་རྩ་གཅིག་གི་བར་གསུངས་འདུག་པའི་ཕྱིར་འདིར་མིང་འདོགས་བརྒྱད་བསྣན་པ་ཡིན་ནོ། །མཁས་པ་འགའ་ཞིག་གིས་ཚད་མེད་བཞིས་ཁ་བཀང་པ་ཡང་འདུག །དེ་ལྟ་བུའི་བསྐལ་པ་གྲངས་མེད་གསུམ་གྱི་ནང་དུ་ཐུབ་པའི་དབང་པོ་སངས་རྒྱས་པར་འདོད་དོ། །གཞན་བསྐལ་པ་གྲངས་མེད་བདུན་དང་། སུམ་ཅུ་རྩ་གསུམ་ལ་སོགས་པ་མདོ་དུ་མའི་འདོད་པ་སྣང་ངོ་། །སེམས་བསྐྱེད་པ་ལ་ཐེག་ཆུང་ལུགས་དང་། ཐེག་ཆེན་ལུགས་གཉིས། ཐེག་ཆུང་ལུགས་ནི། རྒྱལ་པོ་གསལ་གྲགས་དང་། གླང་པོ་ཆེ་འདུལ་སྦྱངས་མཁན་གྱི་གཏམ་རྒྱུད་ལྟ་བུ་ཡིན་པས་གཞན་དུ་ཤེས་པར་བྱའོ། །ཐེག་ཆེན་སེམས་བསྐྱེད་ལུགས་མི་འདྲ་བ་མདོ་དུ་མའི་འདོད་པ་ཡོད་དེ། དེ་ལ་འདིར་རྗེ་བཙུན་བྱམས་པ་མགོན་པོ་དང་། བསྐལ་པ་བཟང་པོའི་མདོ་ཡི་རྗེས་སུ་འབྲང་བར་བྱའོ། །ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ། སངས་རྒྱས་ཡོན་ཏན་ཅན་དུ་ཤེས་པའི་འདུ་ཤེས་གསུམ་ལྡན་གཅིག་དགོས་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པས་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ལ་དང་པོ་སེམས་བསྐྱེད་སྔ་ཤོས་ནི། བསྐལ་བཟང་ལས། སྔོན་ཚེ་ང་ནི་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འབྱམ་གོང་ཞིག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཅེས་གསུངས་སོ། །དེ་དག་གི་ཚུལ་ཡང་བསྐལ་པ་གྲངས་སྙིང་རྗེ་པདྨ་དཀར་པོ་ལྟར་ན། བསྐལ་པ་མི་འཛིན་པ་ཞེས་བྱ་བར་འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བ་ལ་འཁོར་ལོས་བསྒྱུར་བ་རྩིབས་ཀྱི་མུ་ཁྱུད་ཞེས་བྱ་བ་བྱོན། དེའི་ཚེ་བདག་ཅག་གི་སྟོན་པ་འདི་རྒྱལ་པོའི་བློན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བར་གྱུར་ཏོ། །དེས་སྲས་རྒྱ་མཚོ་སྙེམས་བྲལ་དང་ལྷ་དང་མིའི་གདུལ་བྱ་དཔག་ཏུ་མེད་པ་བསྐུལ་སྟེ། སངས་རྒྱས་ཀྱི་དྲུང་ན་ཕྱག་འཚལ་བས་དེ་རྣམས་སངས་རྒྱས་པར་ལུང་བསྟན། བྲམ་ཟེ་ཁྱོད་མ་འོངས་པའི་དུས་ན་ཚེ་ལོ་བརྒྱ་པའི་དུས་སུ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ནོ། །ཡང་དྲིས་ལེན་བསབ་མདོ་དང་། མདོ་སྡེ་འཛང་བླུན་ནས་དམྱལ་བའི་ཡུལ་དུ་གྱད་སྟོབས་པོ་ཆེར་སྐྱེས་ནས་སེམས་བསྐྱེད་ལུགས་དང་། དེ་ལ་སོགས་པ་ཐེག་པ་ཆེ་ཆུང་གི་འདོད་པ་མང་དུ་སྣང་ངོ་། །ཕུང་པོ་གསུམ་པའི་མདོ་ལྟར་ན་སྟོན་པ་འདི་ཚོང་དཔོན་གྱི་བུ་མངོན་དགར་སྐྱེས་པ་ན། དེ་བཞིན་གཤེགས་ཅན་ལ་སེམས་བསྐྱེད་པར་བཤད་དོ། །མཆན། མེད་པ་གསུམ་འདས་པའི་གོང་རོལ་དུ། བསྐལ་པའི་མིང་ནི་བཟང་པོ། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཚེ་ལོ་བརྒྱ་པའི་དུས་སུ་བྱོན། དེའི་ཡབ་ཟས་གཙང་མ་ཡུམ་སྒྱུ་མ་ལྷ་མཛེས་མ། མཆོག་ཟུང་ནི་ཤཱ་རིའི་བུ་དང་། མའུ་འགལ་གྱི་བུ། རིམ་གྲོ་པ་ནི་ཀུན་དགའ་བོ། །འོད་འདོམ་གང་། སྐུ་ཚེ་བརྒྱད་ཅུ། བསྟན་པ་ལོ་བརྒྱ་ཕྲག་བཅུ། སྐུ་གདུང་ནི་རྒྱས་པར་གྱུར་ཏོ། །དེའི་ཚེ་བདག་ཅག་གི་སྟོན་པ་འདི་ནི། རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་ཞེས་བྱ་བར་གྱུར་ཏོ། །དེས་ཐུབ་པ་ཆེན་པོ་དེ་ལ་ཨུཏྤལ་ལྔ། གདུག་གཅིག །མཆིལ་ལྷྭམ་ཟུང་གཅིག །ཆུ་བུམ་པ་གང་། འགྲོན་བུ་ལྔ་ཕུལ་སྟེ། ཐུགས་བསྐྱེད་ནས་སྨོན་ལམ་བཏབ་སྟེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་གསུངས་སོ། །སྨོན་ལམ་གྱི་ནུས་པས་ཕྱིས་དེ་ལྟ་བུ་ཉིད་དུ་གྲུབ་བོ། །དེས་གྲངས་མེད་གསུམ་དུ་ཚོགས་ཅི་ལྟར་བསགས་ལུགས་ལ་གཉིས། དང་པོ་ཐེག་ཆུང་གི་འདོད་པ་ལྟར་ན། འདུལ་བ་ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྲུང་གི་བར། །བདུན་ཁྲི་དང་ནི་ལྔ་སྟོང་གི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །གྲངས་མེད་གཅིག་ནི་འདས་པས་ན། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །སངས་རྒྱས་ཉིད་ནི་འདོད་པའི་ཕྱིར། །ང་ལ་སྐྱོ་བའི་སེམས་མེད་དོ། །ཅེས་པ་དང་། ཡང་དེ་ཉིད་ལས། སངས་རྒྱས་མར་མེ་མཛད་པ་ནས། །དབང་པོའི་རྒྱལ་མཚན་ཐུག་གི་བར། །ལྔ་ཁྲི་དྲུག་སྟོང་ཚང་པ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །གྲངས་མེད་གཉིས་པ་ཚང་བར་ནི། །ང་ལ་སྐྱོ་བའི་སེམས་མེད་དོ། །ཅེས་པ་དང་། །ཡང་དེ་ཉིད་ལས། གྲངས་མེད་པ་ནི་གསུམ་པ་ལའང་། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །ཅེས་གསུངས་ཏེ། ཚིགས་སུ་བཅད་པ་ཁོ་ནས་དོན་གོ་བར་ཟད་དོ། །ཡང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ལྟར་ནི། མཛོད་ཀྱི་གནས་བཞི་པ་ལས། །རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཅེས་པས་གྲངས་མེད་པ་དང་པོའི་ཐ་མ་ལ་རིན་ཆེན་གཙུག་ཏོར་ཅན་དང་། གཉིས་པའི་ཐ་མར་མར་མེ་མཛད་དང་། གསུམ་པའི་ཐ་མ་ལ་རྣམ་པར་གཟིགས་དང་། དེ་དག་ཐམས་ཅད་ཀྱི་དང་པོ་ནི་ཤཱཀྱ་ཐུབ་པ་ཆེན་པོ་ཡིན་ནོ། །ཞེས་པའོ། །ཡང་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ལུགས་བཞིན་ཐེག་ཆེན་ལྟར་ན། སངས་རྒྱས་འོད་འཕྲོའི་ཕུང་པོ་ཆེན་པོ་ལ་སྟོན་པ་འདི་གཞོན་ནུ་བརྩོན་འགྲུས་སྤྱོད་ཡུལ་དུ་གྱུར་པའི་ཚེ། སངས་རྒྱས་ཉན་ཐོས་དང་བཅས་པ་ལ་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ལ་བསྙེན་བསྐུར་བྱས་ཏེ། དེ་ནས་གྲངས་མེད་པ་བཅུ་གཅིག་ན་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ཞེས་བྱ་བ་ཁ་ཅིག་གིས་འདི་རིན་ཆེན་གཙུག་ཏོར་ཅན་ཡིན་ཟེར་རོ། །ཉན་ཐོས་བྱེ་བ་ཕྲག་བརྒྱད་ཅུ་དང་བཅས་པ་འཇིག་རྟེན་དུ་བྱོན། དེའི་དུས་སུ་གྲོང་ཁྱེར་འཛམ་བུའི་ཆུ་བོ་གསེར་ཞེས་བྱ་བ་ཞིག་ཏུ་རྒྱལ་པོ་མཛེས་པར་སྣང་བ་ཞེས་བྱ་བ་གཅིག་ཀྱང་བྱུང་བར་གྱུར་ཏོ། །དེའི་རིང་ལ་སྟོན་པ་འདི་རྒྱལ་པོ་དེའི་བློན་པོ་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེས་ཚོང་དཔོན་དེ་བྱང་ཆུབ་ཀྱི་སྣོད་དུ་རུང་བར་གཟིགས་ནས་ཆོས་གསུངས་པས་དེ་ལ་དད་སྟེ་ལོ་སྟོང་དུ་བསྙེན་བཀུར་བྱས་སོ། །དེ་ནས་གྲངས་མེད་གཉིས་པ་ན། དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན། །དེའི་ཚེ་སྟོན་པ་འདི་བྲམ་ཟེ་རིན་པོ་ཆེའི་སློབ་མ་ཁྱེའུ་སྤྲིན་ཆེན་པོ་ཞེས་བྱ་བར་གྱུར་ཏོ། །འཁོར་ལོ་བསྒྱུར་བའི་རྒྱལ་པོ་དགྲ་ཐུལ་གྱིས་ཚོངས་འདུས་པདྨ་ཅན་ཞེས་བྱ་བའི་ཕྱོགས་ཞིག་ཏུ་སངས་རྒྱས་དང་མཇལ་ནས། བྲམ་ཟེའི་ཁྱེའུ་ཁྱོད་ད་སྟེ་བསྐལ་པ་གྲངས་མེད་པ་གཅིག་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་དེའི་ཚེ་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་མངོན་དུ་བྱས་སོ། །ཞེས་གསུངས་སོ། །འདིའི་དོན་ནི། མདོ་འདི་ཉིད་དང་། རྒྱས་འབྲིང་རྣམ་པ་གསུམ་དང་། མར་མེ་མཛད་ཀྱིས་ལུང་བསྟན་པའི་མདོ་ཀུན་མཐུན་ཅིང་། སྡུད་པ་ནས་ཀྱང་། བདག་ནི་སྔོན་ཚེ་ཕ་རོལ་ཕྱིན་པའི་མཆོག་འདི་དང་། མཐུན་པར་སྨྲ་གྱུར་དེ་ཚེ་སྔོན་གྱི་སྐྱེས་མཆོག་གིས། མ་འོངས་པ་ཡི་དུས་ན་སངས་རྒྱས་འགྱུར་རོ་ཞེས། ང་ལུང་བསྟན་པར་གྱུར་ཏེ་རྒྱལ་བས་དེ་སྐད་གསུངས། ཞེས་བཤད་པ་ཡིན་ནོ། །དེ་ནས་གྲངས་མེད་པ་གཅིག་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་པའི་དུས་སུ་སངས་རྒྱས་འོད་སྲུངས་འཇིག་རྟེན་ན་བྱོན། དེའི་ཚེ་སྟོན་པ་འདི་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་ཡིན། མདོ་ཁ་ཅིག་ན་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་བར་འདོགས་པ་ཡང་འདུག །དེ་ཚེ་འཕོས་པས་དགའ་ལྡན་དུ་ལྷ་རྣམས་ཀྱི་སྟོན་པ་དམ་པ་ཏོག་དཀར་པོར་གྱུར་ཏོ། །དམ་པ་ཏོག་དཀར་ས་བཅུ་པའི་བྱང་སེམས་ཡིན་པ་དེ་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱས་པར་འདོད། བསྐལ་པ་གྲངས་མེད་གསུམ་གྱིས་ལམ་གཅོད་ལུགས་ནི། ཚོགས་སྦྱོར་གཉིས་ལ་གྲངས་མེད་གཅིག །མ་དག་པ་ས་བདུན་ལ་གྲངས་མེད་གཅིག །དག་པ་ས་གསུམ་ལ་གྲངས་མེད་གཅིག་ཐོག །འབྲས་བུའོ། །དྲངས། ས་བཅུ་ལམ་ལྔ་མཐར་ཕྱིན་ནས་སྤང་བྱ་སྒྲིབ་པའི་ཕུང་པོ་གནས་སུ་དག །རྟོགས་བྱ་སྒྲིབ་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་ནི། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། ཞེས་ཟེར་རོ། །དབྱིག་གཉེན་གྱིས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨོ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ། །ཅེས་སོ། །དེའི་ཚེ་ན། རང་བཞིན་གྱིས་གནས་པའི་རིགས་གནས་སུ་གྱུར་པ་རང་དོན་ཆོས་སྐུ་དང་། རྒྱས་གྱུར་གྱི་རིགས་གནས་སུ་གྱུར་པ་གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཏེ། སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ལུགས་ལ་སྤངས་རྟོགས་མཐར་ཕྱིན་གྱི་འབྲས་བུར་བཞེད་དོ། །རྒྱུད་བླ་མ་ལས། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོའི་སྐུ་ནི་དང་པོ་ལ། །གཉིས་པ་ལ་ནི་ཕྱི་མ་གཉིས། །ཞེས་གསུངས་སོ། །ངེས་པར་བྱ་བའི་ཕྱིར་ལུང་གིས་དོན་བསྡུ་བའོ། །དྲངས། དགོངས་པ་འདུས་པའི་ལུང་ལས་ཀྱང་ནི་འདི་སྐད་དུ། དོན་དམ་པ་ཡུལ་མེད་མ་སྐྱེས་ཕྱོགས་ཐམས་ཅད་དང་བྲལ་བར་འདོད་པ་ནི་གནས་ལུགས་རྟོགས་པའི་ལྟ་བའོ། །སྒོམ་པ་དང་སྤྱོད་པ་ནི། བདག་མེད་རྟོགས་པའི་ངང་ནས་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་སྒོམ་པའི་དུས་སུ་རྣམ་པར་རྟོག་པ་ལས་འདས་པའོ། །ས་བཅུ་དང་རྣམ་ཐར་གསུམ་བདེ་བླག་ཏུ་བསྐྲུན་ཏེ་བསྒྲུབས་ནས་རྟོགས་བྱ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པ་ལས། དངོས་པོ་མེད་པ་ངོ་བོ་ཉིད་ཀྱི་སྐུ་དང་། དེ་ཉིད་རྟོགས་པར་བྱེད་པའི་ཡེ་ཤེས་ཆོས་སྐུ་དང་ངེས་པ་ལྔ་ལྡན་ལོངས་སྐུ་དང་། མ་ངེས་ལྔ་ལྡན་སྤྲུལ་པའི་སྐུ་དང་། སྐུ་བཞི་ཐོབ་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །ཞེས་གསུང་ལུང་གིས་བགྲོད་པ་དང་གསལ། ཞེས་པ་ནི་གོ་སླའོ། །འདི་རྣམས་ཀྱི་སྤྱི་དོན་བཤད་ན། རྒྱུ་རིགས་གཉིས་ལ་བརྟེན་ནས། ལམ་ཚོགས་གཉིས་བསགས་ཤིང་། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ཐོབ་པར་བཤད་དོ། །དེ་ཡང་ཕུང་ཁམས་སྐྱེ་མཆེད་ཉེར་ལེན་ཟག་བཅས་རྣམས་ལྕགས་ཀྱི་ཁམས་དང་འདྲ་བ་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་གསེར་འགྱུར་གྱི་རྩི་དང་འདྲ་བས། ཟག་མེད་སངས་རྒྱས་ཀྱི་སྐུ་གསེར་ལྟ་བུར་བསྒྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡིས་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླང་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །ཅེས་སོ། །དེ་ལྟར་འབྲས་བུ་སངས་རྒྱས་ལ་སྐུ་གཅིག་ཏུ་བཤད་པ་དང་། གཉིས་སུ་བཤད་པ་དང་། གསུམ་དུ་བཤད་པ་དང་། བཞིར་བཤད་པའོ། །དེ་ལ་སྐུ་གཅིག་ནི་འགྲོ་བ་སེམས་ཅན་གྱི་དུས་སུ་སེམས་རྒྱུད་གཅིག་ཡིན་པས། འབྲས་བུའི་དུས་སུ་སངས་རྒྱས་ཆོས་ཀྱི་སྐུ་གཅིག་ཡིན་ཅིང་། དེའི་ཆོ་འཕྲུལ་སངས་རྒྱས་ཀྱི་སྐུ་ཐམས་ཅད་སྣང་བ་ཡིན་ཏེ། མདོ་ཕལ་པོ་ཆེ་ལས། ཅི་ལྟར་སེམས་ནི་གཅིག་པུ་ལ། །རྣམ་པ་སྣ་ཚོགས་སེམས་བརྗོད་པ། །དེ་བཞིན་སངས་རྒྱས་སྐུ་གཅིག་ལ། །སངས་རྒྱས་ཐམས་ཅད་བརྗོད་པ་ཡིན། །ཅེས་སོ། །གཉིས་སུ་བརྗོད་པ་ནི་རྒྱུ་རིགས་གཉིས་ལས་ལམ་ལ་ཚོགས་གཉིས་ཀྱིས་འབྲས་བུ་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་ཐོབ་པར་བཤད་དེ། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དོ། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །སུམ་ཅུ་རྩ་གཉིས་དག་དང་ལྡན། །ཅེས་སོ། །སྐུ་གསུམ་དུ་དབྱེ་བ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ། སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བ། ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ནི་ཆོས་སྐུ། མཚན་དང་དཔེ་བྱད་འབར་བ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོན་པ་ངེས་པ་ལྔ་དང་ལྡན་པ་ཡིན་ཏེ། གནས་ངེས་པ་ནི་འོག་མིན་སྟུག་པོ་བཀོད་པ། སྐུ་ངེས་པ་མཚན་དང་དཔེ་བྱད་འབར་བ། འཁོར་ངེས་པ་ས་བཅུའི་བྱང་སེམས། ཆོས་ངེས་པ་ཐེག་པ་ཆེན་པོ། དུས་ངེས་པ་རྒྱུན་ཆད་མེད་པ་དང་ལྡན་པ་ནི་ལོངས་སྐུའོ། །སྤྲུལ་སྐུ་ནི་གདུལ་བྱའི་མེ་ལོང་ལ་ཕྲིན་ལས་ཀྱི་གཟུགས་བརྙན་སྣ་ཚོགས་ཤར་བ་སྟེ། མཆོག་གི་སྤྲུལ་པ་སངས་རྒྱས་སྟོང་ལྟ་བུའོ། །བཟོའི་སྤྲུལ་པ་ཀརྨ་བི་ཤྭ། སྐྱེ་བའི་སྤྲུལ་པ་རུ་རུ་ཤ་ཤ་སྟག་དང་རི་བོང་ལ་སོགས་པ་སྣ་ཚོགས་སུ་སྣང་བའོ། །དེ་ལ་དང་པོ་ནི་རང་དོན་རྟེན་ཡིན་ལ། གཉིས་པ་ནི་གཞན་དོན་བརྟེན་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པ་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གི་རང་བཞིན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཅེས་སོ། །སྐུ་བཞིར་བཤད་པ་ནི། རྟོགས་བྱ་ཆོས་ཀྱི་དབྱིངས་དྲི་མ་དང་བྲལ་བ་ནི་ངོ་བོ་ཉིད་ཀྱི་སྐུ། རྟོགས་པའི་ཡེ་ཤེས་ཆོས་སྐུ། ལོངས་སྤྲུལ་གཉིས་གོང་དང་འདྲ། དེ་ཡང་མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །སྐུའི་དབྱེ་བ་དེ་ལྟར་ཡིན། གསུང་གི་དབྱེ་བ་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་། ཐུགས་ཀྱི་དབྱེ་བ་ལ་ཡེ་ཤེས་ལྔ། ཡོན་ཏན་གྱི་དབྱེ་བ་ལ་སྟོབས་བཅུ་མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་རྣམས་དང་། ཕྲིན་ལས་ལ་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཆོ་འཕྲུལ་གསུམ་ལ་སོགས་པ་རྣམས་གཞན་དུ་ཤེས་པར་བྱའོ། །འདིར་སྤྱི་དོན་གྱི་བཤད་པ་མང་དྲགས་ན་ཧ་ཅང་ཐལ་དྲགས་རེད་པའི་དོན་གྱིས་མ་བཤད་དོ། །འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ལ་གཉིས་ཏེ། སྤྱི་དོན་དང་། གཞུང་དོན་ནོ། །དང་པོ་ལ་བཞི་སྟེ། རྒྱུ་འབྲས་ཐེག་པའི་ཁྱད་པར། རྒྱུད་སྡེ་བཞིའི་དབྱེ་བ། རྒྱུད་སྡེ་བཞིར་འཇོག་པའི་རྒྱུ་མཚན། གཞུང་གི་ཚད་དང་བཞིའོ། །དང་པོ་ནི། མཚན་ཉིད་གསང་སྔགས་ལྷ་ཡིས་ཕྱེ། །གསང་སྔགས་ཕྱི་ནང་རྫས་ཀྱིས་ཕྱེ། །ཞེས་བྱ་བ་ཡིན་པས། རྟོགས་པར་བྱ་བའི་ལྟ་བ་ལ་མ་རྨོངས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཐབས་མང་བ་དང་། དཀའ་བ་མེད་པར་བྱང་ཆུབ་བསྒྲུབ་པ་དང་། འབྲས་བུ་མྱུར་དུ་འགྲུབ་པས་དབང་པོ་རྣོ་བ་དང་བཞི་ཡིན་ཏེ། དེ་སྐད་དུ་ཡང་། སུ་སི་ཏི་ཀ་ར་ལེགས་པར་གྲུབ་པའི་རྒྱུད་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །མཚན་ཉིད་ཀྱི་ལུགས་ལ་ཀུན་རྫོབ་འདི་ཉིད་སྤང་བྱ་ཡིན་ལ། གསང་སྔགས་ཀྱི་ལུགས་ལ་ཀུན་རྫོབ་དེ་ཉིད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་འདོད་པས་དཔག་པར་ཤེས་པར་བྱའོ། །གསང་སྔགས་བླ་མེད་ཀྱི་ལུགས་ལ་འབྲས་བུའི་ངོ་བོ་ཉིད་ལམ་དུ་ཁྱེར་བར་འདོད་དེ། དང་པོ་དེ་བཞིན་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བར་བསྒོམ་པ་ནི་ཆོས་སྐུ། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་འགག་མེད་དུ་སྙིང་རྗེའི་རྩལ་ཁ་འཕྱོ་བ་འདི་ལོངས་སྐུ། དེ་གཉིས་ཡེ་ནས་ཆུ་དང་ཆུའི་རླན་བཞིན་དབྱེར་མེད་རོ་གཅིག་ཏུ་ཡི་གེའམ་ཕྱག་རྒྱ་གཅིག་པ་རྒྱུའི་ཏིང་ངེ་འཛིན་སྒོམ་པ་ནི་སྤྲུལ་སྐུ། དེ་ལྟར་སྐུ་གསུམ་ལམ་དུ་ཁྱེར་བ་འབྲས་བུའི་ངོ་བོར་འདོད་དེ། གསང་སྙིང་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་ཁྱེར་བ་ཡིན། །ཅེས་སོ། །གཞན་ཡང་མྱུར་སྐྱོབ་དང་། བདེ་སྐྱོབ་གཉིས་ཀྱི་སྒོ་ནས་དབྱེ་བ་ཡང་ཡོད། མྱུར་སྐྱོབ་བསྐལ་པ་གྲངས་མེད་མི་དགོས་པར་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཐོབ་པའོ། །བདེ་སྐྱོབ་ནི་ཉོན་མོངས་པ་དང་འདོད་ཡོན་སྤངས་མ་དགོས་པར་གནས་ལུགས་ཀྱི་དོན་དང་དབྱེར་མེད་དུ་ལམ་དུ་ཁྱེར་བ་ལ་བྱ་སྟེ། སྒྱུ་འཕྲུལ་ཐབས་ཞགས་ལས། །ལམ་གྱི་ནང་ན་ཉེ་ལམ་བདེ་རྫོགས་ཅན། །ཐབས་ཀྱི་ནང་ན་མ་ནོར་དམ་པའི་མཆོག །ཅེས་པ་དང་། གཞན་ཡང་ཀུན་རྫོབ་དོན་དམ་གཉིས་དབྱེར་མེད་རོ་གཅིག་ཏུ་རྟོགས་པ་གསང་སྔགས་ཀྱི་ཁྱད་ཆོས་ཡིན་ཏེ། དེ་ཉིད་ལས། བདེན་གཉིས་ཡེ་ནས་དབྱེར་མེད་པ། །གསང་སྔགས་སྤྱི་ཡི་ལྟ་བ་ཡིན། །ཅེས་པ་དང་། ལམ་རིམ་ལས། རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་པས། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཅེས་གསུངས་སོ། །གཉིས་པ་དབྱེ་བ་ལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་བཞིའོ། །དང་པོ་ལ་བཞི་སྟེ། རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་པ་བྱ་བ་སྤྱིའི་རྒྱུད། རིགས་གསུམ་མགོན་པོའི་རྒྱུད་དྲུག་གསུམ་བཅོ་བརྒྱད་ལ་སོགས་པ་ཁྱད་པར་གྱི་རྒྱུད་དང་། གཙུག་ཏོར་རྣམ་རྒྱལ་གདུགས་དཀར་ལ་སོགས་པ་ཆོ་ག་ཞིབ་མོའི་རྒྱུད་དང་། གཟུང་གྲྭ་ལྔ་ལ་སོགས་པ་གཟུང་གི་རྟོག་པ་བརྗོད་པའི་རྒྱུད་དོ། །གཉིས་པ་སྤྱོད་པའི་རྒྱུད་ནི། རྣམ་སྣང་མངོན་བྱང་གི་རྒྱུད་དང་། རྡོ་རྗེ་ས་འོག་གི་རྒྱུད་དང་། ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལ་སོགས་པའོ། །གསུམ་པ་རྣལ་འབྱོར་གྱི་རྒྱུད་ནི། རྩ་རྒྱུད་དེ་ཉིད་འདུས་པ་ལ་སོགས་པ་ཡོ་གའི་རྒྱུད་རྣམས་སོ། །བཞི་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་གསུམ་སྟེ། གསང་བ་འདུས་པ་དང་། གཤིན་རྗེའི་གཤེད་ཀྱི་སྐོར་ལ་སོགས་པ་རྣམས་ཕ་རྒྱུད་ཡིན་ནོ། །མ་ཧཱ་མཱ་ཡཱ། གདན་བཞི། བདེ་མཆོག །དགྱེས་པ་རྡོ་རྗེ་ལ་སོགས་པ་རྣམས་མ་རྒྱུད་ཡིན། དཔལ་དུས་ཀྱི་འཁོར་ལོ། འཇམ་དཔལ་མཚན་བརྒྱད་ལ་སོགས་པ་རྣམས་གཉིས་མེད་ཀྱི་རྒྱུད་ཡིན་ནོ། །གསང་སྔགས་རྙིང་མའི་རྒྱུད་རྣམས་གཉིས་མེད་ཀྱི་རྒྱུད་ཡིན་པར་འདོད། ཐུགས་ཐིགས་ལས། མཆོག་རྐྱེན་རྒྱུད་ནི་རྣམ་གསུམ་སྟེ། །གསང་བའི་སྙིང་པོ་ཉིད་ལྟ་བུ། །ཅེས་གསུངས་པའི་ཕྱིར་རོ། །འདི་ལ་དབྱེ་ན་གསུམ་སྟེ། མ་ཧཱ། ཨ་ནུ། ཨ་ཏི་དང་གསུམ་མོ། །རྒྱུད་སྡེ་བཞིའི་དབྱེ་བ་ཞིབ་ཏུ་ཡོད་པ་རྣམས་གཞན་དུ་ཤེས་པར་བྱའོ། །རྒྱུད་སྡེ་བཞིར་འཇོག་པའི་རྒྱུ་མཚན་ནི། ཇི་སྐད་དུ། ལྷ་རིགས་བཞི་དང་མི་རིགས་བཞིའི། །འདོད་པ་བཞི་ལ་དགོངས་ནས་ནི། །རྒྱུད་སྡེ་རྣམ་པ་བཞིར་བཤད་དོ། །ཅེས་པས་ལྷ་རིགས་བཞི་ལ་དགོངས་པ་ནི། གཞན་འཕྲུལ་དབང་བྱེད། འཕྲུལ་དགའ། དགའ་ལྡན། སུམ་ཅུ་རྩ་གསུམ་པ་དང་བཞིའི་འདོད་པ་ལ་དགོངས་ནས་གསུངས་ཏེ། གཞན་འཕྲུལ་གྱི་འདོད་ཆགས་བལྟས་པས་ཚིམས་པ་དང་། འཕྲུལ་དགའ་བའི་དགོད་པས་ཚིམས་པ་དང་། དགའ་ལྡན་པའི་ལག་པ་བཅང་པས་ཚིམ་པ་དང་། སུམ་ཅུ་རྩ་གསུམ་པའི་འཁྱུད་པས་ཚིམས་པ་སྟེ། བདེ་མཆོག་ལེའུ་ཉི་ཤུ་རྩ་གཅིག་པ་ནས། །བལྟས་དང་དགོད་དང་ལག་བཅང་དང་། །འཁྱུད་དང་གཉིས་གཉིས་སྤྱོད་ལ་སོགས། །རྒྱུད་རྣམས་ཀུན་གྱི་དམ་པ་ཡིན། །ཅེས་སོ། །དེ་ཡང་བྱ་བའི་རྒྱུད་ལས་ལྷ་ཡབ་ཡུམ་ཅི་ལྟར་དུ་སྒོམ་ན། དཔུང་བཟང་ལས། གཡོན་དུ་ལྷ་མོ་གོས་དཀར་མོ། །ཅུང་ཟད་བལྟ་བ་བྲི་བར་བྱ། །ཅེས་སོ། །སྤྱོད་པའི་རྒྱུད་ཀྱི་ལྷ་ཡབ་ཡུམ་སྒོམ་པ་ནི། རྣམ་སྣང་མངོན་བྱང་ལས། མགོན་པོ་རལ་པའི་ཐོར་ཚུགས་ཅན། །དེ་ཡི་གཡོན་དུ་ལྷ་མོ་ནི། །ཞལ་ནི་ཅུང་ཟད་འཛུམ་པ་བྲི། །ཅེས་སོ། །རྣལ་འབྱོར་གྱི་རྒྱུད་ཀྱི་ཡབ་ཡུམ་ནི། རྡོ་རྗེ་རྩེ་མོ་ལས། བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ། །ལྷ་མོ་སྒྲོལ་མ་སྒྲ་གཅན་འཛིན། །བཅོམ་ལྡན་འདས་ཀྱི་ཕྱག་ལ་འཇུས། །ཅེས་སོ། །བླ་མེད་ཀྱི་ལྷ་ཡབ་ཡུམ་སྒོམ་ཚུལ་ནི། སྒྱུ་འཕྲུལ་ཐབས་ཞགས་ལས། །ཆགས་ཅན་རྣམས་ནི་དྲང་བའི་ཕྱིར། །རྡོ་རྗེ་སེམས་དཔའ་ཁྲོས་ནས་ནི། །དཔའ་བོ་རྡོ་རྗེ་སེམས་མ་ནི། །དབུས་སུ་ཡང་ནི་རོལ་པར་མཛད། །ཅེས་སོ། །མི་རིགས་བཞི་ལ་དགོངས་པ་ཡང་། །བྲམ་ཟེ་ཁྲུས་དང་གཙང་སྦྲ་ལ་དགའ་བས་བྱ་བའི་རྒྱུད། རྗེ་རིགས་ནོར་སྲེད་ཆེ་བས་སྤྱོད་པའི་རྒྱུད་ལ་ནོར་སྒྲུབ་ཐབས་དུ་མ་ཡོད་པས་སོ། །རྒྱལ་རིགས་རྒྱལ་པོའི་ཆ་འཛིན་པས་རྣལ་འབྱོར་ཡོ་ག །དམངས་རིགས་དང་ནག་པོ་གདོལ་པའི་རིགས་གཉིས་སྤྱོད་ངན་པས་བླ་མེད་ཀྱི་རྒྱུད་བཤད་དོ། །རྡོ་རྗེ་ས་འོག་གི་རྒྱུད་ལས། བྲམ་ཟེའི་རིགས་དང་རྒྱལ་རིགས་དང་། །རྗེ་རིགས་གདོལ་པ་འཇུག་པའི་སྒོ། །བདེ་གཤེགས་སྐུ་གསུང་ཐུགས་ཕྲིན་ལས། །སོ་སོའི་རྒྱུད་སྡེ་བཞིན་དུ་བཤད། །ཅེས་སོ། །དུས་བཞི་ལ་དགོངས་ནས་རྒྱུད་སྡེ་བཞིར་གསུངས་པ་ནི། ད་རེས་ཀྱི་བསྐལ་པ་བཟང་པོ་འདི་མར་འགྲིབ་ཀྱི་དུས་ལ་འཁོར་བ་འཇིགས་ཚེ་ལོ་བཞི་ཁྲིའི་དུས་སུ་བྱོན་ནས་ཀྲི་ཡའི་ཆོས་གསུངས། འདི་འོག་མ་ལ་ལྟོས་ན་ཚེ་བསོད་ནམས་ཕུན་སུམ་ཚོགས་པས་རྫོགས་ལྡན་དང་པོ་ཞེས་བྱའོ། །ཚེ་ལོ་སུམ་ཁྲིའི་དུས་སུ་གསེར་ཐུབ་བྱོན་ནས་སྤྱོད་རྒྱུད་གསུངས་པ་དང་གདུལ་བྱ་རྣམས་ཀྱིས་ཚེ་ལོ་སུམ་ཁྲི་ཐུབ་པས་གསུམ་ལྡན་གཉིས་པ། ཉི་ཁྲིའི་དུས་སུ་འོད་སྲུངས་བྱོན་ནས་རྣལ་འབྱོར་གྱི་རྒྱུད་གསུངས་པ་ལ་གཉིས་ལྡན་གསུམ་པ། བཞི་པ་ཚེ་ལོ་བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པ་བྱོན་ནས་མཚན་ཉིད་སྡེ་གསུམ་དང་བྱ་སྤྱོད་རྣལ་འབྱོར་གསུམ་གསུངས་པའི་སྟེང་དུ་གསང་སྔགས་བླ་མེད་ཀྱི་ཆོས་གསུངས་པའོ། །དེའི་དུས་ཀྱི་གདུལ་བྱ་རྣམས་རྩོད་པ་ཆགས་སྡང་སྣ་ཚོགས་བྱེད་པས་རྩོད་ལྡན་བཞི་པ་ཞེས་བྱའོ། །ལྷ་རྣམས་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་རྒྱུད། །ཅེས་སོ། །འགའ་ཞིག་གིས། རྫོགས་ལྡན་ནི་ཚེ་ལོ་བརྒྱད་ཁྲིར་ཕྱིན་པ་ལ་ཟེར། དེའི་དུས་སུ་ཚེ་དང་། བསོད་ནམས་དང་། འོད་དང་། སྟོབས་ལ་སོགས་པ་རྫོགས་པར་ཡོད་པའི་ཕྱིར། རྫོགས་ལྡན་ཡིན་ཟེར་ཏེ། འདི་ནི་མི་རིགས་པ་ཡིན་ནོ། །ཚེ་ལོ་བརྒྱད་ཁྲིར་ཕྱིན་པའི་དུས་སུ་ཆགས་པའི་རྟིང་རྫོགས། གནས་པའི་འགོ་ཟུག །ལས་མི་དགེ་བ་སྣ་ཚོགས་སྤྱོད་པས། མནར་མེད་དུ་སེམས་ཅན་གཅིག་སྐྱེ་བ་དང་དུས་མཉམ། དེའི་དུས་སུ་འོད་འགྲིབ་པ་ས་ནས་ཉི་ཟླ་ཤར་དགོས་པའོ། །དེ་ལྟ་བུ་ཡིན་ན་ཚེ་ལོ་བརྒྱད་ཁྲིའི་དུས་སུ་འཁོར་བ་འཇིག་བྱོན་དགོས། འདོད་ན་སྙིང་རྗེ་པདྨ་དཀར་པོ་ལས། །ཚེ་ལོ་བརྒྱད་ཁྲིའི་དུས་སུ་རྣམ་པར་གཟིགས། །བདུན་ཁྲིའི་དུས་སུ་གཙུག་ཏོར་ཅན། །དྲུག་ཁྲིའི་དུས་སུ་ཐམས་ཅད་སྐྱོབ་བྱོན་ཟེར་བ་དང་འགལ། གཞན་ཡང་དུས་འཁོར་རྩ་རྒྱུད་དང་། ཕ་རྒྱུད་གསང་བ་འདུས་པ་དང་། རྣམ་སྣང་མངོན་བྱང་དང་། མདོ་དགོངས་འདུས་ཀྱི་བྱུང་ཚུལ་བཅུ་གཉིས་ཀྱི་ནང་ནས་བཤད་པ་བཞིན་ཤེས་དགོས། འདིར་ཡི་གེ་མང་གི་དོགས་པའི་ཕྱིར་དེ་རྣམས་ཞིབ་ཏུ་མ་བྲིས་སོ། །བློ་རབ་འབྲིང་ཐ་མ་བཞི་ལ་དགོངས་ནས་རྒྱུད་སྡེ་བཞི་གསུངས་པ་ནི། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་གོ། །ཅེས་སོ། །ཁ་ཅིག་གིས་རིགས་ཅན་བཞི་ལ་དགོངས་ནས་རྒྱུད་སྡེ་བཞིར་བཤད། ཅེས་ཟེར་རོ། །གང་ཞེ་ན། ཚངས་པ། ཁྱབ་འཇུག །བརྒྱ་བྱིན། མ་ཧཱ་དེ་བ་དང་བཞིའོ། །འགའ་ཞིག་གིས། ཉོན་མོངས་པ་དུག་གསུམ་དང་། དུག་གསུམ་ཆ་མཉམ་པའི་མ་རིག་པ་དང་བཞི་ལ་དགོངས་ནས་རྒྱུད་སྡེ་བཞིར་བཤད། ཅེས་ཟེར་ཡང་། འདི་རྣམས་ཤེས་བྱེད་ཀྱི་ལུང་ནི་མ་མཐོང་། འོན་ཀྱང་རྣམ་མཁྱེན་སངས་རྒྱས་ཀྱིས་གདུལ་བྱ་གང་ལ་གང་འདུལ་གྱི་དོན་དུ་ཆོས་གསུངས་པ་ཡིན་པས་འགལ་བར་ནམ་ཡང་མི་སེམས་སོ། །བཞི་པ་གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་གཞུང་ཚད་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བྱ་བའི་རྒྱུད་ལ་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་ལ་སྟོང་ཕྲག་དྲུག །རྣལ་འབྱོར་རྒྱུད་ལ་སྟོང་ཕྲག་བརྒྱད། བླ་མེད་རྒྱུད་ལ་སྟོང་ཕྲག་བཅུ་གཉིས་ཡོད་པར་བཤད་དོ། །འདི་ནི་ཤོ་ལོ་ཀ་དང་། ལེའུའི་གྲངས་མ་ཡིན་སྟེ། གཞུང་གི་མིང་ཐ་དད་པ་རྣམས་ཀྱི་གྲངས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱ་བའི་རྒྱད་ལ་སྟོང་ཕྲག་བཞི་ཡོད་ཟེར་ཀྱང་། དོན་ཡོད་ཞགས་པ་ཁོ་ན་ལ་སྟོང་ཕྲག་བརྒྱད་ཡོད་པ་ལ་ཞེས་ཟེར་རོ། །དེ་བཞིན་དུ་དེ་ཉིད་འདུས་པ་སྟོང་ཕྲག་བརྒྱ་པ་དང་། དགྱེས་པ་རྡོ་རྗེ་འབུམ་ལྔ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལ་ལེའུ་ཁྲི་དྲུག་སྟོང་ཡོད་པར་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱིས་སྤྱི་དོན་གྱི་བཤད་པ་དེ་སོང་ནས། གཞུང་དོན་ནི། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་གསུམ་སྟེ། ཐེག་པ་དང་། གང་ཟག་དང་། གདུལ་ཐབས་ཀྱི་སྒོ་ནས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་ལ་སོགས་དག་སྤྱོད་ཀྱི་སྒོ་ནས། དཀའ་ཐུབ་དང་དཀའ་སྤྱད་ཀྱིས་དོན་རིག་པར་བྱེད་པའི་ཐེག་པ་དེ་ཡང་གདུལ་བྱ་ཡུལ་གྱིས་ཕྱེ་བ་དེ་རྣམ་པ་གསུམ་ཉིད་དེ། གང་ཞེ་ན། ལུས་ངག་ཡིད་གསུམ་གྱི་བྱ་བ་གཙོ་བོར་བྱེད་པས་བྱ་བའི་རྒྱུད་དང་། ལུས་ངག་གི་བྱ་བའི་སྟེང་ནས་ཏིང་ངེ་འཛིན་ཉམས་སུ་བླང་ཞིང་སྤྱོད་པས་སྤྱོད་པའི་རྒྱུད་དང་། ནང་གི་ཏིང་ངེ་འཛིན་གཙོ་བོར་བྱེད་པ་རྣལ་འབྱོར་གྱི་རྒྱུད་དོ། །གདུལ་བྱའི་བློའི་བྱེ་བྲག་གིས། ཀུན་འབྱུང་འདྲེན་པའི་ཐེག་པ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ། དབང་བསྒྱུར་ཐབས་ཀྱི་ཐེག་པ་དང་གསུམ་ཡོད་པ་ལས། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་བློ་འབྲིང་གི་ཆོས་ཡིན་པས་འབྲིང་པོ་ཅེས་བྱའོ། །དེ་ཉིད་ལའང་རྣམ་པ་གསུམ་སྟེ། ཐ་མ་འབྲིང་དང་མཆོག་ཏུ་སྣང་། ཞེས་པ་ནི་གོ་སླའོ། །ཅི་ལྟར་གདུལ་བར་བྱེད་པའི་ཐབས་ཀྱང་དེ་བཞིན་དུ་བྱེ་བྲག་གསུམ་ཡིན་ནོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། བགྲང་། བསྟན་པ་དང་། དྲངས། བྱ་བའི་རྒྱུད་ཀྱི་ཐེག་པ་དེ་ལ་ཡང་། དང་པོ་འཇུག་པའི་སྒོ་དང་། རྟོགས་པའི་ལྟ་བ་དང་། སྒོམ་པའི་ཏིང་ངེ་འཛིན་དང་། ཉམས་སུ་ལེན་པའི་སྤྱོད་པའི་ཁྱད་པར་དང་། མི་འདའ་བའི་དམ་ཚིག་དང་། གྲུབ་པའི་ལམ་གྱི་ཡུན་དང་། ཐོབ་བྱའི་འབྲས་བུ་དག་དང་བདུན་དུ་བཞེད་པའོ། །རྒྱས་པར་བཤད་པ་ལ་བདུན་སྟེ། འཇུག་སྒོ་དང་། ལྟ་བ་དང་། ཏིང་འཛིན་དང་། སྤྱོད་པ་དང་། དམ་ཚིག་དང་། གྲུབ་པའི་ཡུན་དང་། འབྲས་བུའོ། །དང་པོ་ལ་གཉིས་ཏེ། བགྲང་། གསང་སྔགས་སྤྱིའི་འཇུག་སྒོ་དང་། དྲངས། དེ་ལ་དང་པོ་ཨ་ཏི་མན་ཆད་གསང་སྔགས་སྤྱིའི་འཇུག་སྒོ་ནི། ཀུན་རྫོབ་བདེན་པ་ལྷའི་དཀྱིལ་འཁོར་དུ་ཤར་བའི་དུས་དེ་ཉིད་ལ། དོན་དམ་བདེན་པ་སྐྱེ་མེད་ཀྱི་གནས་ལུགས་ལས་མ་གཡོས་པར་རྟོགས་པ་ནི་བདེན་གཉིས་དབྱེར་མེད་པའི་སྒོ་ནས་འཇུག་པའོ། །ཁྱད་པར་བྱ་བའི་འཇུག་སྒོའོ། །དྲངས། ཁྱད་པར་བྱ་བའི་འཇུག་སྒོ་ནི་འདི་ལྟར་ཡིན་ཏེ། འདི་གོང་འོག་གི་འབྲུ་སྡེབ་ཡོད་པ་ཤེས་པར་བྱའོ། །ལུས་ཀྱི་སྒོ་ནས། སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་གཙང་བ་སྤྱོད་པ་གསུམ་སྤངས་ལ། ཁྲུས་དང་གཙང་སྦྲ་བྱེད། གོས་དཀར་པོ་གྱོན། དཀར་གསུམ་མངར་གསུམ་ཟ་སྟེ། རིགས་གསུམ་མགོན་པོའི་སྐུ་རྡོ་རྗེ་ལྟ་བུའི་རང་བཞིན་དུ་འཇུག །ངག་གི་སྒོ་ནས་རྫུན། ཕྲ་མ་ཚིག་རྩུབ་ངག་འཆལ་བཞི་སྤངས་ཏེ་རིགས་གསུམ་མགོན་པོའི་གསུང་རྡོ་རྗེ་ལྟ་བུའི་རང་བཞིན་དུ་འཇུག །ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས་ལོགས་ལྟ་གསུམ་སྤངས་ཏེ། རིགས་གསུམ་མགོན་པོའི་ཐུགས་རྡོ་རྗེ་ལྟ་བུའི་རང་བཞིན་དུ་འཇུག །དེ་ལྟར་ལུས་ངག་ཡིད་གསུམ་རྣམ་པར་དག་པ་རིགས་གསུམ་མགོན་པོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་འཇུག་པའོ། །ལྟ་བ་ལ་གཉིས་ཏེ། བྱ་བ་རང་གཞུང་གི་ལྟ་བ་དང་། གསང་སྔགས་སྤྱིའི་ལྟ་བའོ། །དང་པོ་ལ་གཉིས་ཏེ། བགྲང་། དོན་དམ་དང་། དྲངས། ལྟ་བ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སྒྱུ་མ་རྨི་ལམ་ཙམ་དུ་ཆོས་ཅན་དང་དངོས་པོར་སྣང་བ་འདི་རྣམས་དོན་ལ་སེམས་ཡིན་ཅིང་། སེམས་ཉིད་ཀྱང་གདོད་མ་ནས་སྟོང་ཞིང་སྐྱེ་བ་མེད་པ་དོན་དམ་པར་སྤྲོས་པའི་མཐའ་ཡོད་མེད་རྟག་ཆད་བཞི་དང་བྲལ་བ་ལས་ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་སྣང་བའོ། །གཡུ་ཐང་ལས། རང་སེམས་མཐའ་བཞི་ཡོངས་བྲལ་བ། །རིག་ཕྱིར་ཡེ་ཤེས་གཞན་དུ་མིན། །ཅེས་སོ། །ཀུན་རྫོབ་བོ། །དྲངས། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ནི། འཁྲུལ་པའི་ངོ་ལ་ཅི་ལྟར་སྣང་ཡང་དེ་ཉིད་དེ་བཞིན་གཤེགས་པ་རིགས་གསུམ་མགོན་པོའི་ངོ་བོ་ཉིད་ཡིན་ཏེ། ལྷ་དྲུག་གི་ཆོ་གས་བྱིན་གྱིས་བརླབས་ནས་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བར་འདོད་པ། དཔེར་ན། འཇིམ་པ་འདེར་སོ་མ་ཡིན་ཀྱང་། འཇིམ་པ་ལས་གཞན་པའི་འདེར་སོ་མི་འབྱུང་། མཁར་ཆུ་ལུགས་སྐུ་མ་ཡིན་ཡང་འཁར་ཆུ་ལས་གཞན་པའི་སྐུ་མི་འབྱུང་བ་བཞིན་དུ། དངོས་པོ་འདི་ལྟར་སྣང་བ་ཐམས་ཅད་རིགས་གསུམ་མགོན་པོའི་དཀྱིལ་འཁོར་མ་ཡིན་ཀྱང་། དེ་བས་གཞན་པའི་རིགས་གསུམ་མགོན་པོའི་སྐུ་མི་འབྱུང་བ་བཞིན་ཏེ། ལ་ཤན་ལས། མཐོང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བ་རྣམ་པར་དག་ཅིང་བྱ། །ཅེས་སོ། །དངོས་པོར་སྣང་བ་འདི་རྣམས་ཀྱང་། རིགས་གསུམ་མགོན་པོའི་སྐུ་མ་ཡིན་ཀྱང་། ལྟ་སྤྱོད་སྒོམ་གསུམ་གྱི་སྒོ་ནས་སེམས་དག་པར་བྱས་ན་མཁར་ཆུ་ལས་སྐུ་སྣང་བ་བཞིན། འཁྲུལ་པ་དག་པ་ཉིད་འབྲས་བུའི་ངོ་བོར་ཡེ་ནས་གནས་པར་འདོད་པའོ། །དཔེར་ན། ཆུ་དང་གཤེར་བ་ཅི་ལྟ་བ་བཞིན་ཡིན་ནོ། །གསང་སྔགས་སྤྱིའི་ལྟ་བའོ། །དྲངས། དོན་དམ་བདེན་པ་དང་། ཀུན་རྫོབ་བདེན་པ་གཉིས་ཆུ་དང་ཆབ་བྲམ་ལྟར་སྤང་གཉེན་རོ་གཅིག་པ་ཡེ་ནས་དབྱེར་མེད་པ་ནི་གསང་སྔགས་སྤྱིའི་ལྟ་བ་ཡིན་ནོ། །ཏིང་ངེ་འཛིན་ལ་གསུམ་སྟེ། བགྲང་། དམ་ཚིག་སེམས་དཔའ་ཅི་ལྟར་བསྐྱེད་པ་དང་། དྲངས། བྱ་བའི་རྣལ་འབྱོར་བསམ་གཏན་ནི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྒོམ་དགོས་པ་ཡིན་ཏེ། ལྷ་དྲུག་གི་སྒོ་ནས་འཇུག་པའི་ཚུལ་འདི་ཉིད་ཀྱིས་རིགས་གསུམ་མགོན་པོའི་ལྷའི་དཀྱིལ་འཁོར་དུ་གསལ་བ་ཡིན། ལས་ཞེས་པ་ནི་འོག་གི་ཡེ་ཤེས་སེམས་དཔའ་དང་འབྲེལ་མཚམས་སྦྱར་བའི་ཚིག་ཡིན། དེ་ཡང་ལྷ་དྲུག་ལ་འཇུག་པའི་ཚུལ་ནི། དབེན་པའི་གནས་སུ་སྔོན་འགྲོའི་ཆོ་ག་མཐོ་དམན་གཉིས་ལ་ཚོགས་བསགས་པ་རྣམ་གཉིས་སྔོན་དུ་སོང་ནས་ལྷ་དྲུག་གི་ཚུལ་དུ་དམ་ཚིག་སེམས་དཔའི་སྐུར་བསྒོམ་སྟེ། དང་པོར་སྦྱངས་པའི་སྔགས་ཀྱིས་སྟོང་པར་བྱས་ཏེ་སྟོང་པ་ཆོས་ཉིད་ཀྱི་ལྷ་དང་། དོན་དམ་སྐྱེ་འགགས་མེད་པའི་ཏིང་ངེ་འཛིན་ཡིན་ལ། ཀུན་རྫོབ་ཏུ་སྟོང་པའི་ངང་ལས་ས་བོན་གང་ཡིན་པའི་སྒྲ་གྲགས་པ་སྒྲ་བརྙན་གྱི་ལྷ་དང་། ཡིག་འབྲུ་དངོས་སུ་བྱུང་བ་གསུང་ཡིག་འབྲུའི་ལྷ་དང་། དེའི་ཞབས་སུ་གདན་ཉི་ཟླ་བྱུང་བ་གདན་གྱི་ལྷ་དང་། དེའི་ས་བོན་ལ་ཐུགས་ཕྱག་མཚན་འབྱུང་བ་ཐུགས་ཕྱག་མཚན་གྱི་ལྷ་དང་། དེ་ལས་རིགས་གསུམ་གང་ཡིན་གྱི་སྐུར་སྣང་བ་སྐུ་ཕྱག་རྒྱའི་ལྷ། དེའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། དཔེར་ན་འབངས་གཅིག་གིས་རྒྱལ་པོ་གཅིག་གདན་དྲངས་ནས་བསྙེན་བསྐུར་གྱི་ཆེད་དུ་གནས་ཁང་ཕྱག་དར་བྱས་པ་དང་། རང་ཉིད་ཀྱང་རྒྱན་གྱིས་ལེགས་པར་བརྒྱན་ནས་རྒྱལ་པོ་མཉེས་པའི་ཕྱིར་དང་འདྲ་བར། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་དམ་ཚིག་སེམས་དཔས་དངོས་གྲུབ་ལ་རེ་བའི་ཕྱིར་བསྙེན་བཀུར་བྱེད་པའི་ཚུལ་ལོ། །ཡེ་ཤེས་སེམས་དཔའ་ཅི་ལྟར་དགུག་པ་དང་། དྲངས། ཡེ་ཤེས་སེམས་དཔའ་དེ་ཉིད་རྗེ་དཔོན་ལྟ་བུ། བདག་དམ་ཚིག་སེམས་དཔའ་བྲན་ལྟ་བུས་བཀུར་འོས་ཇོ་བོའི་ཚུལ་ཉིད་དུ་སྒོམ་ཞིང་། མདུན་གྱི་ནམ་མཁའ་ལ་ཡེ་ཤེས་སེམས་དཔའི་གདན་ཁྲིའི་འོག་ཏུ་དམ་ཚིག་སེམས་དཔའི་དབུའི་གཙུག་ཏོར་གྱིས་མ་རེག་པ་ཙམ་གྱི་ཚུལ་དུ་སྤྱན་དྲངས་པ་ཡིན་ཏེ། གཡུ་ཐང་ལས། མི་གྲུབ་ཕྱིར་ན་འཇིག་རྟེན་ཆོས། །མཐུན་པར་བྱ་ཕྱིར་རྗེ་ཁོལ་ལྟར། །ཅེས་སོ། །དེ་ལ་ཚོགས་བསགས་དང་བསྙེན་པས་མཉེས་པར་བྱས་ནས་དངོས་གྲུབ་བླང་བའོ། །དྲངས། མདུན་གྱི་ཡེ་ཤེས་སེམས་དཔའ་དེ་ཉིད་ལ། ལུས་གུས་པའི་སྒོ་ནས་ཕྱག་འཚལ་པ། ལ་སོགས་ཀྱི་སྒྲས་ཕྱི་ནང་གི་མཆོད་པ་འབུལ། ཚེ་རབས་ཐོག་མེད་དུས་ནས་བསགས་པའི་སྡིག་པ་བཤགས། དགེ་བ་ལ་རྗེས་སུ་ཡི་རང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ། རྗེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །དེ་ལྟ་བུའི་ཡན་ལག་བདུན་པས་རྒྱུ་བསོད་ནམས་ཀྱི་ཚུལ་གྱིས་ཚོགས་ཡོངས་སུ་བསགས་ཤིང་མཆོད་བསྟོད་དང་བཟླས་བརྗོད་བསྙེན་པ་རྒྱུན་མི་བཅད་པ་ནི། ཏིང་ངེ་འཛིན་གྱི་དམིགས་པ་གསུམ། བསྙེན་པའི་ཡན་ལག་བཞི་ཤེས་དགོས། དེ་ལ་དམིགས་པ་གསུམ་ནི། བདག་དམ་ཚིག་སེམས་དཔའ་བྲན་གྱི་ཚུལ་དུ་དམིགས་པ་དང་། ཡེ་ཤེས་སེམས་དཔའ་རྗེའི་ཚུལ་དུ་དམིགས་པ་དང་། ཡེ་ཤེས་སེམས་དཔའི་ཐུགས་ཀར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མཐའ་ཕྱིན་པའི་རྟགས་སུ་ཟླ་བའི་དཀྱིལ་འཁོར་ཡིག་འབྲུ་དང་བཅས་པ་ལ་དམིགས་པའོ། །ཡན་ལག་བཞི་ནི། དབུགས་ཕྱིར་རྒྱུ་བའི་དུས་སུ་ལྷའི་ཐུགས་ཀར་དམིགས། ཚུར་རྒྱུ་བའི་དུས་སུ་བདག་གི་ཐུགས་ཀར་དམིགས། སྔགས་བཟླ་བའི་དུས་སུ་བསྙེན་པའི་སྐྱོན་རྣམས་སྤངས་ཏེ། སྒྲ་ཆེ་བར་མ་ཡིན། ཆུང་བར་མ་ཡིན། དྲགས་པར་མ་ཡིན། ཞན་པར་མ་ཡིན། མི་ཚིག་གིས་བར་མ་ཆོད་པར་བྱ་ཞིང་སྔགས་ཀྱི་འོད་ཟེར་ཕར་འཕྲོས་ལྷའི་ཐུགས་ཀར་ཐིམ། ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་བདག་གི་ཐུགས་ཀར་ཐིམ་པས། དངོས་གྲུབ་ཐོབ་པར་བསམ་ལ། ཏིང་ངེ་འཛིན་རྒྱུན་མི་འཆད་པར་འགལ་མེའི་འཁོར་ལོ་ལྟར་བྱའོ། །དེ་ཡང་ལ་ཤན་ལས། བཟླས་བརྗོད་བྱེད་ཚེ་མི་དལ་མི་མྱུར་ཞིང་། །ཧ་ཅང་སྒྲ་ཆེར་མ་ཡིན་ཤུབ་བུར་མིན། །གུག་བསྐྱེད་ཀླད་སྐོར་ཚག་ཤད་ཟུར་ཕྱིན་ཅིང་། །གསང་སྔགས་དག་ཅིང་ཆོ་ག་ཡོངས་སུ་ཟློས། །ཅེས་སོ། །བྱ་རྒྱུད་ཀྱི་བཟླས་བརྗོད་འདི་རྣམས་ལ་དངོས་གྲུབ་འགྲུབ་པར་བྱེད་པའི་ཡན་ལག་གསུམ་ཡོད་དེ། དམ་བཅའ་གྲངས་ངེས་པ་དང་། བར་མ་ཆད་པ་དང་། ཚང་བ་དང་གསུམ་མོ། །དང་པོ་ནི། བཟླས་པའི་གྲངས་དམ་བཅའ་བ་དེ་ཉིད་ལས་མི་འདའོ། །བར་མ་ཆད་པ་ནི། བཟླས་བརྗོད་བྱེད་པའི་ཚེ་གླལ་བ་དང་། སྦྲིད་པ་དང་། གློ་ལུ་བ་དང་། མཆིལ་སྣབ་བོར་བ་ལ་སོགས་པ་སྤང་ནས། མི་ཚིག་གིས་བར་ཆོད་པར་ལྟ་ཅི་དགོས་ཏེ། དཔེར་ན་བརྒྱ་རྩ་བརྒྱད་དུ་དམ་བཅས་ནས། དགུ་བཅུ་རྩ་དགུ་ནས་མི་ཚིག་གིས་བར་ཆོད་ན་གཞི་ནས་བཟླ་དགོས་སོ། །ཚང་བ་ནི། སྔགས་ཀྱི་གྲངས་དམ་བཅས་པ་དེ་ཉིད་མཐར་ཕྱིན་ཏེ་འབྱོངས་པའོ། །རྗེས་སུ་དངོས་གྲུབ་བླང་སྟེ། གཏང་རག་གི་མཆོད་བསྟོད་བྱ། བཟོད་གསོལ་གཤེགས་སུ་གསོལ་བ་དང་། བཀྲ་ཤིས་བརྗོད། དགེ་བ་བསྔོ། མི་དམིགས་པའི་རྒྱས་གདབ་པ་ནི་བྱ་བའི་རྒྱུད་ཀྱི་ཏིང་ངེ་འཛིན་གྱི་རིམ་པ་ཡིན་ནོ། །སྤྱོད་པ་དང་། དྲངས། བྱ་བའི་རྒྱུད་ཀྱི་སྤྱོད་པ་ནི། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་དག་པ་གསུམ་གྱིས་མཐའ་བཟུང་ནས། ཕྱི་ནང་གསང་གསུམ་གྱི་ཁྲུས་དང་གཙང་སྦྲ་ལ་སོགས་བདེ་བར་སྤྱོད་དེ། བསྒྲུབ་པའི་དབུ་འཛིན་པའི་དུས་སུ་ཞག་གྲངས་བཟང་པོ་ཉ་དང་ཚེས་བརྒྱད་ལ་སོགས་པ། དུས་ཚིག་བཟང་པོ་ར་བ་བཞི། གཟའ་བཟང་པོ་པ་སངས་དང་། ཕུར་བུ། ལྷག་པ། ཟླ་བ་རྣམས་ཡིན་ནོ། །རྒྱུ་སྐར་བཟང་པོ་མགོ་དང་། རྒྱལ་ལ་སོགས་པ་རྣམས་ཡིན་ནོ། །གཙང་མའི་ཡོ་བྱད་ལ་སོགས་པ་ཞེས་པ་ནི། དག་གཙང་གི་ཡོ་བྱད་ཆ་རྐྱེན་ཉེར་ལྔ་སྟེ་དཀར་གསུམ། མངར་གསུམ་ལ་སོགས་པ་མ་སྨད་པ། མ་སྤག་པ། མ་ཉམས་པ། རོ་བག་ལ་སོགས་པས་མ་གོས་པའི་རྟེན་འབྲེལ་དེ་དག་འཛོམ་པ་ལས་མཆོག་ཐུན་མོང་དངོས་གྲུབ་འགྲུབ་པར་བཞེད་དེ། དཔེར་ན། སྤྲ་བ་དང་། ངུར་མོ་དང་། རྡོ་དང་སྐྱེས་བུའི་ལག་པའི་རྩོལ་བ་རྣམས་འདུས་པ་ལས་མེ་ཐོན་པ་དང་འདྲ་བ་ཡིན་ནོ། །དམ་ཚིག་ལ་གཉིས་ཏེ། བགྲང་། སྤྱིའི་དམ་ཚིག་དང་། དྲངས། བྱ་བའི་རྒྱུད་ཀྱིས་བསྲུང་བའི་ཚུལ་ཁྲིམས་ནི། ཕྱི་ཉན་ཐོས་ཀྱི་འདུལ་ཁྲིམས། སོ་སོར་ཐར་པ་རིགས་བདུན་དང་། བར་བྱང་ཆུབ་སེམས་དཔའི་བསླབ་བྱ་སྨོན་འཇུག་གཉིས་ལ་སོགས་པ་སྤྱིའི་སྡོམ་བརྩོན་མི་བཤིག་ཅིང་བརྩོན་འགྲུས་དང་ལྡན་པས་བསྲུང་བའོ། །ཁྱད་པར་གྱི་དམ་ཚིག་གོ། །དྲངས། ལུས་ངག་ཡིད་གསུམ་དམ་ཚིག་དག་ཞེས་པ་ནི། ལུས་ཀྱི་དག་པ་མི་དགེ་བ་གསུམ་སྤངས། གོས་དག་པ་གོན་ཅིང་ལུས་དག་པའི་ལྷར་མོས། ངག་གི་མི་དགེ་བ་བཞི་སྤངས་སྔགས་དང་བསྟོད་པ་བརྗོད། ཡིད་ཀྱི་མི་དགེ་བ་གསུམ་སྤངས། ལྷའི་ཏིང་ངེ་འཛིན་སྒོམ། བྱིང་རྨུགས་ལ་སོགས་པའི་སྐྱོན་སྤངས། དེ་ལྟ་བུའི་ངང་ལས་མི་འདའ་བར་བྱེད་ཅིང་ཡན་ལག་གི་དམ་ཚིག་དང་བཅས་པ་བསྲུང་དགོས་ཏེ། གང་ཞེ་ན། བདུན་ཡོད་དེ་དཀོན་མཆོག་གསུམ་མི་སྤང་བ་དང་། བྱང་ཆུབ་ཀྱི་སེམས་མི་སྤངས་བ་དང་། རྡོ་རྗེ་སློབ་དཔོན་གཙུག་གི་ནོར་བུ་ལྟར་བཀུར་བ་དང་། ལྟ་སྤྱོད་མཐུན་པའི་གྲོགས་ལ་གདུང་སེམས་རྒྱུན་མི་བཅད་པ་དང་། ཡི་དམ་གྱི་ལྷ་རྒྱུན་དུ་བསྒོམ་ཞིང་བཟླས་བརྗོད་དག་པར་བྱ་བ་དང་། ཤ་ཆང་སྒོག་བཙོང་ལ་སོགས་པའི་དྲི་ངན་པའི་ཁ་ཟས་མི་ཟ་བ་དང་། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་གཟུགས་བརྙན་དང་། ལྷ་ལ་ཕུལ་བའི་རྙིང་པ་དང་། ལྷའི་གྲིབ་མ་མི་འགོམ་པ་དང་། ཉེ་རེག་འཐོར་འཐུར་བྱ་བ་དང་། བྱ་རྒྱུད་ཀྱི་ལུགས་ལ་སྤྱོད་པའི་གཙོ་བོ་ཉེ་རེག་འཐོར་འཐུང་ལ་བྱ་སྟེ། ཆུ་ཕུད་མ་ཉམས་པའི་ནང་དུ་དྲི་བཟང་སྦྱར་ལ་མདུན་དུ་བཞག །ལག་པ་གཡོན་པའི་ཐེབ་སྲིན་སྤྲད་པའི་བར་དུ་རྡོ་རྗེ་འཛིན་ལ། ཐེབ་སྲིན་ལ་ཉི་ཟླའི་དཀྱིལ་འཁོར་བསམ་ལ་དེའི་སྟེང་དུ་ཡི་གེ་ཨ་དཀར་པོ་གཅིག་བསམ་པའི་འཕྲོ་འདུ་ལས་དྲི་ཆབ་དེ་ཉིད་ཨའི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་དྲི་ཆབ་ལག་མཐིལ་གཡས་གཡོན་དུ་ཐིག་ལེ་ཟླུམ་པོར་བྱུག་སྟེ། ཟླ་བའི་དལ་དུ་བསམ་ལ་ལག་མཐིལ་ཁ་སྤྲད་པའི་བར་དུ་ཨ་དཀར་པོ་ཡུང་འབྲུ་ཙམ་གྱིས་གང་བར་བསམ། དེ་བདག་གི་མགོ་ལ་བྱུག་པས་ལུས་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས། ལྕེ་ལ་བཞག་པས་ཀྱང་དེ་བཞིན་དུ་བྱིན་གྱིས་རླབས། ཐུགས་ཀར་བྱུག་པས་ཀྱང་དེ་བཞིན་དུ་བརླབས། དེ་ནས་རྣལ་འབྱོར་པ་རྣམས་ལ་རེག་ནས་ཀྱང་། སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་རླབས་པ་ནི་ཉེ་རེག་ཅེས་བྱའོ། །དེ་ཕྱོགས་བཅུར་གཏོར་བས་སྟོང་གསུམ་ཐམས་ཅད་བྱིན་གྱིས་རླབས་པ་ལ་འཐོར་ཅེས་བྱའོ། །དེ་ནས་ལྷག་མ་བདག་གིས་ཀྱང་བཏུང་། རྣལ་འབྱོར་པ་གཞན་གྱི་ལུས་བཀྲུ་བ་ལ་སོགས་པ་བྱེད་ནས། ནང་གི་བག་ཆགས་དག་པར་དམིགས་པ་ལ་ནི་འཐུང་ཞེས་བྱའོ། །དེ་ལྟ་བུའི་བྱ་རྒྱུད་ཀྱི་བསྲུང་སྡོམ་བྱེ་བྲག་ཚུལ་གྱིས་གནས་པ་ཡིན་ནོ། །ཡུན་ལ་གཉིས་ཏེ། བགྲང་། ཟག་བཅས་ཀྱི་ཡུན་དང་། དྲངས། བྱ་བའི་རྣལ་འབྱོར་འགྲུབ་པའི་ཡུན་ནི། བློ་མཐོ་ན་མི་ཚེ་བདུན་གྱི་ནང་དུ་ཟག་བཅས་ཀྱི་འབྲས་བུ་ཐོབ་པར་འདོད་དེ། ཇི་སྐད་དུ། དག་སྤྱོད་གཙང་སྦྲ་ཅན་དེ་མི་ཚེ་བདུན། ཅེས་སོ། །ཐ་མ་ཡང་རིང་མཐར་མི་ཚེ་བཅུ་དྲུག་གིས་ཟག་བཅས་ཀྱི་འབྲས་བུ་ཐོབ་པར་འདོད་དེ། མི་རིགས་ཁྱད་པར་ཅན་རྒྱལ་རིགས་དང་བྲམ་ཟེ་གཙང་མ་དང་འདོད་པའི་ལྷ་བརྒྱ་བྱིན་ལ་སོགས་པ་དང་། གཟུགས་ཀྱི་ཁམས་ལ་ཡོད་པའི་ཚངས་པ་ལ་སོགས་པ་རྣམས་ཀྱི་གཙང་མའི་ལུས་འཛིན་ཅིང་། ནང་དགོངས་པ་གསང་སྔགས་ཀྱི་ཐེག་པ་ཆེན་པོ་བསྒྲུབ་པར་འགྱུར་བ་ཡིན་ནོ། །ཟག་མེད་ཀྱི་ཡུན་ནོ། །དྲངས། བཅུ་དྲུག་མཐའ་ལ་ཟག་པ་དང་བྲལ་ནས་རང་གི་ཡི་དམ་ལྷའི་སྐུ་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པར་འགྱུར་རོ། །འོག་མིན་དགའ་ལྡན་ལ་སོགས་པའི་རྣམ་དག་ཞིང་དུ་རབ་སྣང་སྟེ། ཟག་མེད་ཀྱི་ཡུན་ལ་བརྒྱ་ཕྲག་བཅུ་དྲུག་ཚུན་ཆད་ཀྱི་ནང་དུ་རྡོ་རྗེ་འཛིན་པའི་ས་དང་འབྲས་བུ་ཐོབ་པའོ། །འབྲས་བུ། དྲངས། མཐར་ཕྱིན་པའི་འབྲས་བུ་ནི། རྡོ་རྗེ་འཛིན་པའི་ས་ནོན་པ་ཡིན་ཏེ། དེའི་ངོ་བོ་ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། ངོ་བོ་ཉིད་སྐུ་དང་། བདེ་བ་ཆེན་པོའི་སྐུ་དང་། སྐུ་ལྔ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །ལུང་གིས་ཞབས་བསྡུ་བའོ། །དྲངས། དགོངས་པ་འདུས་པའི་ལུང་ལས་ཀྱང་ནི་འདི་སྐད་དུ་ཞེས་པ་ནས། ཞེས་གསུངས་ལུང་གིས་བགྲོད་དང་སླ། ཞེས་པའི་བར་ནི་གོ་སླའོ། །སྤྱོད་པའི་རྣལ་འབྱོར་ལ་གསུམ་སྟེ། བསྟན་པ་དང་། བཤད་པ་དང་། ལུང་གིས་དོན་བསྡུ་བའོ། །དང་པོ་ནི། སྤྱོད་པའི་རྣལ་འབྱོར་ལ་བྱེ་བྲག་གི་འཇུག་སྒོ་ལ་སོགས་པ་བདུན་དུ་དབྱེ་བ་ནི་གོང་དང་འདྲའོ། །དབང་པོ་འབྲིང་ནི་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའི་གདུལ་བྱ། དེ་ལ་གསུམ་ཡོད་པ་ལས་ཨུ་པ་ཡ་འདི་ཉིད་ཀྱིས་གདུལ་བྱའི་གང་ཟག་འབྲིང་གི་འབྲིང་དུ་གྱུར་པ་ཡིན་པ་ཤེས་པར་བྱའོ། །རྒྱས་པར་བཤད་པ་ལ་བདུན་ལས་ལྔར་བསྡུས་པ་སྟེ། བགྲང་། འཇུག་སྒོ་དང་། སྤྱོད་པ། དམ་ཚིག་གསུམ་བྱ་བ་དང་མཚུངས་པ་དང་། དྲངས། ཨུ་པ་ཡ་ནི་བྱ་ཕོ་རོག་གི་མིག་དང་འདྲ་སྟེ། དཔེར་ན་ཕོ་རོག་གི་མིག་ཡ་བས་ཡར་ནམ་མཁའ་ལ་བལྟ། ཡ་བས་མར་ས་ལ་བལྟ་བ་བཞིན། ཨུ་པ་ཡས། ལྟ་བ་ཡོ་གའི་རྗེས་སུ་སྙེག་འཇུག་སྒོ་སྤྱོད་པ་དང་དམ་ཚིག་གསུམ། ཀྲི་ཡ་དང་མཐུན་པར་བཤད་དེ། །འཇུག་སྒོ་སྤྱོད་དང་དམ་ཚིག་གསུམ། །བྱ་བའི་རྣལ་འབྱོར་དག་དང་མཚུངས། །ཞེས་པའོ། །ལྟ་བ་རྣལ་འབྱོར་དང་མཐུན་པ་དང་། དྲངས། ལྟ་བ་རྣལ་འབྱོར་རྗེས་སུ་འགྲོ། །ཞེས་པ་ནི་གོ་སླའོ། །བསམ་གཏན་དང་། དྲངས། བསམ་གཏན་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལས། དེ་ཉིད་བཞིའི་ཚུལ་དག་གིས། ཞེས་པ་ནི། བདག་གི་དེ་ཁོ་ན་ཉིད། ལྷའི་དེ་ཁོ་ན་ཉིད། ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད། བཟླས་པའམ། སྔགས་ཀྱི་དེ་ཁོ་ན་ཉིད་དང་བཞིའོ། །དང་པོ་ནི། ལྷ་དམ་ཚིག་བསྒོམ་པ་དང་། གཉིས་པ་ཡེ་ཤེས་པ་སྤྱན་དྲངས་ནས་སྨིན་མཚམས་ཀྱི་ཐད་སོར་བཞུགས་པ། གསུམ་པ་བདག་དང་མདུན་གྱི་ཡེ་ཤེས་སེམས་དཔའི། ཐུགས་ཕྱག་མཚན། གསུང་ཡིག་འབྲུ་སྒོམ་པ། བཞི་པ་དབུགས་དང་སྤྲད་ནས་དབུགས་ཕྱིར་རྒྱུ་བའི་དུས་སུ་ཡེ་ཤེས་སེམས་དཔའི་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་རྒྱུ་བའི་དུས་སུ་དངོས་གྲུབ་སྩོལ་བར་བསམ་ཞིང་བཟླས་པའི་སྐྱོན་བཅུ་སྤངས་བའོ། །དང་པོ་བསྙེན་ནས་བསྒྲུབ་པའི་ཡན་ལག་རྫོགས་པར་གྱུར་ནས་འབྲས་བུ་ཐོབ་པའོ། །ཡུན་ལ་གཉིས་ཏེ། བགྲང་། ཟག་བཅས་ཀྱི་ཡུན་དང་། དྲངས། དབང་པོ་ཐ་མས་ཟག་བཅས་པ་ལ་མི་ཚེ་བདུན་ཐོགས། དབང་པོ་རབ་ལ་མི་ཚེ་ལྔའི་ནང་དུ་འགྲུབ་པ་ཡང་བཤད་དོ། །ལྟ་སྤྱོད་གོང་འོག་ཅན་ཏེ་མི་ཚེ་ལྔ། གསུངས་པའི་ཕྱིར་རོ། །སྐྱེ་བ་གོང་གི་ཀྲི་ཡའི་སྐབས་དང་འདྲ་བ་ལས་ཟག་མེད་ཀྱི་ཡུན་ནོ། །དྲངས། དེ་མཐར་ལུས་ཀྱི་ཟག་པ། ཁམས་ཀྱི་ཟག་པ། སྐྱེ་གནས་ཀྱི་ཟག་པ་གསུམ་ཟད་པར་གྱུར་ནས། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་བསམ་གཏན་གྱི་ལམ་ལ་རྣམ་པར་གནས་ཏེ། ཟག་མེད་ལ་བརྒྱ་ཕྲག་བཅུ་དྲུག་ཚུན་ཆད་ཀྱི་ཡུན་ཐོག །དེ་ནས་མཐར་ཐུག་གི་འབྲས་བུ་ཐོབ་པའོ། །འབྲས་བུའོ། །དྲངས། རིགས་བཞི་རྡོ་རྗེ་འཆང་གིས་ཞེས་པ་ནི། རིགས་གསུམ་དབྱེར་མེད་པ་ལ་རིགས་བཞི་རྡོ་རྗེ་འཆང་གི་ས་ཟེར། ཆོས་རྗེ་གཙང་སྟོན་གྱིས། །དེ་བཞིན་གཤེགས་པའི་རིགས་དང་། ཆོས་དབྱིངས་ཡེ་ཤེས་སྤྱིར་ཁར་བཏང་ནས་རིགས་བཞི་བཤད་པ་ཡང་འདུག །གང་ཡིན་ནའང་ཨུ་པ་ཡའི་གང་ཟག་དེས་ཆོས་ལུགས་བཞིན་ཉམས་སུ་བླངས་ན་མཐར་ཐུག་གི་འབྲས་བུ་ཐོབ་པར་གདོན་མི་ཟའོ། །ལུང་གིས་ཞབས་བསྡུ་བ་ནི་གོ་སླའོ། །ཐེག་པ་རིམ་པ་དགུ་ཡོད་ཀྱང་། རང་ས་མ་ཟིན་པ་གཉིས་ཡོད་པས། རྒྱུད་གསང་བ་སྙིང་པོའི་ནང་དུ། ཐེག་པ་དགུ་ལ་སྤྱི་ལུང་བདུན་དུ་བཤད་དེ། ཕྱོགས་རྟོགས་ཞེས་སྨོས་པ་ཉན་ཐོས་ལ་བཞག་གིས་རང་སངས་རྒྱས་ལ་རྟོགས་པ་ལྷག་པོ་ཡོད་ཀྱང་། དེའི་ཞར་བྱུང་དུ་རྩིའོ། །ཨུ་པ་ལ་ལྟ་སྤྱོད་གོང་འོག་གི་རྗེས་སུ་འབྲངས་པས་རང་ས་མ་ཟིན་པས་རང་སངས་རྒྱས་དང་དེ་གཉིས་སྤྱི་ལུང་དུ་མི་བརྩི་བའི་དབང་གིས་བདུན་ཞེས་བྱ་སྟེ། ཤིན་ཏུ་གསང་བའི་མན་ངག་གི་ལེའུ་ལས་ཀྱང་། འདུལ་བ་ཞེས་པ་ཀྲི་ཡ། དགོངས་པ་ཞེས་པ་ཡོ་གར་བསྟན་པའོ། །རྣལ་འབྱོར་ཐེག་པ་ལ་གསུམ་སྟེ། བསྟན་པ་དང་། དྲངས། རྣལ་འབྱོར་ཞེས་པ་ནི་ཡུལ་མ་སྐྱེས་པ་ཆོས་ཀྱི་དབྱིངས་དོན་དམ་པའི་རྣལ་མ་ལ་ནང་འཛིན་སེམས་བདག་མེད་པ་རང་རིག་པའི་ཡེ་ཤེས་ཀྱི་བློ་འབྱོར་བས་རྣལ་འབྱོར་ཞེས་བྱ་སྟེ། གསང་བ་འདུས་པ་ལས། རྣལ་འབྱོར་ཐབས་ཀྱི་མ་ཡིན་ལ། །རྣལ་འབྱོར་ཤེས་རབ་ཀྱིས་ཀྱང་མིན། །ཐབས་དང་ཤེས་རབ་དབྱེར་མེད་ན། །རྣལ་འབྱོར་ཞེས་ནི་དེ་ལ་བྱ། །ཞེས་སོ། །ཐེག་པ་ཞེས་པ་ནི་འདེགས་པར་བྱེད་པའི་དོན་གྱིས་ནའོ། །རྣམ་པ་བདུན་ཞེས་པ་ནི། འཇུག་སྒོ་ལ་སོགས་བདུན་དུ་དབྱེ་བར་ཤེས་པར་བྱའོ། །རྒྱས་པར་བཤད་པ་ལ་བདུན་སྟེ། བགྲང་། འཇུག་སྒོ་དང་། དྲངས། རྣལ་འབྱོར་རྣམ་གཉིས་ཏེ་དབྱིངས་དང་ཡེ་ཤེས་དབྱེར་མེད་གཏན་ལ་ཕབ་པ་ནི་འཇུག་པའི་སྒོ་ཡིན་ནོ། །ལྟ་བ་དང་། དྲངས། ཕྱི་རོལ་གྱི་ཡུལ་ནང་འཛིན་པའི་སེམས་དང་གནས་འདི་དག་ཀུན་ནི་ཕྱི་གཟུང་བའི་ཡུལ་དངོས་པོར་མ་སྐྱེས་པའི་ཆོས་ཀྱི་དབྱིངས་དང་། ནང་འཛིན་པའི་སེམས་བདག་མེད་དེ་ཡེ་ཤེས་ཀྱི་ངང་དུ་རྟོགས་པའི་ཕྱིར། དེ་ཉིད་ཆུ་དང་ཆུའི་རླབས་བཞིན། ཡེ་ནས་དབྱེར་མེད་པར་རྟོགས་པ་ན་རྣལ་འབྱོར་ཡོ་ག་ཞེས་བྱ་བའི་ལྟ་བ་ཡིན། གཞན་ཡང་རྣལ་འབྱོར་ཡོ་གའི་ལྟ་བ་གཏན་ལ་དབབ་ཚུལ་བྱེ་བྲག་རྒྱ་ཆེན་པོ་ཡོད་པ་ཡོ་གའི་རྒྱུད་གཞུང་གཞན་དུ་བརྩལ་བར་བྱའོ། །ཏིང་ངེ་འཛིན་དང་། དྲངས། མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། ཞེས་པ་ནི། གོང་གི་དོན་དེ་ཉིད་རྟོགས་ཤིང་། ཀུན་རྫོབ་ཏུ་ཕུང་པོ་ཁམས་དང་སྐྱེ་མཆེད་འདི་ཉིད་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འདོད། དཔེར་ན་ལུགས་མ་ལུགས་སྒྲོམ་ནས་མ་ཕྱུང་བའམ། ཚ་ཚ་སྐོས་ཕོར་ནས་མ་ཕྱུང་བ་བཞིན་དུ་འདི་ལྟར་ཀུན་རྫོབ་ཏུ་སྣང་འདི་ལྷའི་ངོ་བོར་འདོད་དེ། དེ་ཉིད་མངོན་བྱང་ལྔའི་སྒོ་ནས་རང་གི་ལྷའི་སྐུར་བསྐྱེད་དེ། གང་ཞེ་ན། སྟོང་པ་ཆོས་ཉིད་ལ་མངོན་པར་བྱང་ཆུབ་པ། གདན་པད་ཟླ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་སུ་བསྐྱེད། དེ་ཡང་འཁོར་བསྐྱེད་པའི་ཆོ་འཕྲུལ། བྱིན་གྱིས་བརླབས་པའི་ཆོ་འཕྲུལ། དབང་བསྐུར་བའི་ཆོ་འཕྲུལ། མཆོད་པའི་ཆོ་འཕྲུལ་དང་བཞི་ཡིས་རྒྱུད་སྦྱངས་ནས། ཡེ་ཤེས་དམ་ཚིག་དབྱེར་མེད་པར་བསྟིམ་པ་ནི་རྣལ་འབྱོར་ཐེག་པའི་ཏིང་འཛིན་ཡིན་ནོ། །སྤྱོད་པ་དང་། དྲངས། རྣལ་འབྱོར་ཐེག་པའི་སྤྱོད་པ་ནི། ཕྱི་ཡོ་བྱད་ལ་གཙོར་མི་འཛིན་ཅིང་ཡལ་བར་དོར་བ་ལྟ་བུ་མ་ཡིན་ཅིང་སེམས་ཀྱི་སྤྱོད་པ་ཏིང་འཛིན་གྱི་ཆོ་འཕྲུལ་དུ་སྒོམ་པ་ཡིན་ཏེ། ངག་གི་སྤྱོད་པ་སྔགས་དང་ཚིགས་སུ་བཅད་པའི་དབྱངས་ཀྱི་བྱེ་བྲག་དང་། ལུས་ཀྱི་སྤྱོད་པ་གར་སྟབས་དང་ཕྱག་རྒྱ་སྣ་ཚོགས་བྱེད་པ་ལ་སོགས་པས་རང་གཞན་གྱི་དོན་བྱེད་པའོ། །དེ་དག་འཛོམ་པས་འབྲས་བུ་འགྲུབ་པ་ལ་ཀྲི་ཡ་ལྟར་རྫས་དང་ཡོ་བྱད་གཙོར་མ་གསུངས་ཀྱང་། འབྱོར་པའི་ཚོགས་པ་མཆོག་ཏུ་བཤད་དོ། །དམ་ཚིག་ལ་གཉིས་ཏེ། བགྲང་། འོག་མའི་དམ་ཚིག་དང་། དྲངས། སྤྱིར་བསྲུང་བའི་ཚུལ་ཁྲིམས་ཀྱི་བྱེ་བྲག་ནི། འོག་མ་མཚན་ཉིད་ཐེག་པ་དང་། བྱ་སྤྱོད་རྒྱུད་ཀྱི་ཐེག་པའི་བསྲུང་བྱ་རྣམས་དང་ལྡན་བཞིན་དུ་རང་གཞུང་གི་དམ་ཚིག་དགུ་སྟེ། སྤྱིའི་གཞི། ཁྱད་པར་གྱི་ལྔ། དང་པོ་ནི། སློབ་དཔོན་དང་གྲོགས་ཚངས་པ་མཚུངས་པ་ལ། གདུང་སེམས་རྒྱུན་མི་ཆད་པ་དང་། མཆོད་པའི་ཡོ་བྱད་ཕུད་མི་ཉམས་ཞིང་གཙང་མར་བྱ་བ་དང་། ཉོན་མོངས་པ་རང་རྒྱུད་པ་དང་ལྷན་ཅིག་མི་གནས་པ་དང་། འཆད་པའི་དབང་མ་ཐོབ་པར་ཆོས་མི་བཤད་པ་དང་བཞིའོ། །ཁྱད་པར་རིགས་ལྔའི་དམ་ཚིག་གོ། །དྲངས། ཁྱད་པར་རིགས་ལྔའི་དམ་ཚིག་འདི་དག་ནི་ཡོ་གའི་ལུགས་ལ་མཆོག་ཏུ་བཤད་པའོ། །དེ་ཡང་ཕྱི་ཉན་ཐོས་ཀྱི་སྡོམ་པ། བར་བྱང་ཆུབ་སེམས་དཔའི་སྡོམ་པ། ནང་གསང་སྔགས་ཀྱི་སྡོམ་པ་གསུམ་མི་སྤང་པ་ནི་བདེ་གཤེགས་རིགས་ཀྱི་དམ་ཚིག་གོ། བླ་མ་རྡོ་རྗེ་སློབ་དཔོན་རྟག་ཏུ་བཀུར་བ་དང་། ཐབས་ཤེས་རབ་གཉིས་ཀྱི་ངོ་བོ་རྡོ་རྗེ་དྲིལ་བུ་དང་ལྡན་ཞིང་འཆང་བ་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གོ། །ཆོས་ཀྱི་སྦྱིན་པ། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པ་བྱམས་པའི་སྦྱིན་པ་གསུམ་དང་ལྡན་པ་ནི་རིན་ཆེན་རིགས་ཀྱི་དམ་ཚིག་གོ། །ཕྱི་ཉན་ཐོས། ནང་བྱང་ཆུབ་སེམས་དཔའ། གསང་བ་སྔགས་ཀྱི་ཐེག་པ་སྟེ། འདི་གསུམ་ལ་ཉན་བསམ་བྱེད་པ་ནི། པདྨ་རིགས་ཀྱི་དམ་ཚིག་གོ། །ཡར་འཕགས་ཚོགས་རྟག་ཏུ་མཆོད་པ་དང་། མར་སེམས་ཅན་ལ་སྦྱིན་པ་བྱེད་པ་ནི། ལས་ཀྱི་རིགས་ཀྱི་དམ་ཚིག་གོ། །གོང་གི་དེ་དག་རྣམས་རྣལ་འབྱོར་ཡོ་གའི་བསྲུང་བའི་དམ་ཚིག་ཡིན་ནོ། །རིགས་ལྔའི་སྡོམ་བཟུང་འདི་རྣམས་ལ་ཆོས་མཐུན་གྱི་སྒོ་ནས་ཞིབ་ཏུ་བཤད་རྒྱུ་ཡོད་ཀྱང་ཡི་གེ་མང་གིས་དོགས་པའི་ཕྱིར་མ་བྲིས་སོ། །ཡུན་དང་། དྲངས། མི་ཚེ་གསུམ་གྱི་ནང་རོལ་དུ། ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ། དེ་ནི་ཟག་བཅས་ཀྱི་ཡུན་ཡིན་པས་གོ་སླའོ། །ལས་དང་ཉོན་མོངས་ཀུན་བྱང་ནས། །ཁམས་གསུམ་འཇིགས་སོགས་ཟག་པ་བྲལ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །ཕྲ་རགས་ཤེས་བྱའི་སྒྲིབ་བྱང་ནས། །ཞེས་པ་ནི། འབྲས་བུ་སངས་རྒྱས་ཐོབ་པའི་ཟག་མེད་ཀྱི་ཡུན་ཡིན་ནོ། །འདི་ཡང་གོ་སླ་བས་མ་འགྲེལ་ལོ། །འབྲས་བུའོ། །དྲངས། སྟུག་པོ་བཀོད་པའི་ས་ནོན་སྟེ། །རྫོགས་སངས་རྒྱས་སུ་ངེས་པར་འགྱུར། །ཞེས་པ་ནི། ཡོ་གའི་ཐེག་པའི་ལུགས་ཀྱིས་འབྲས་བུའི་མཐར་ཐུག་སངས་རྒྱས་ལ་སྦྱོར་ཚུལ་ནི། ཡུན་རིང་ན་ལོ་སྟོང་དྲུག་བརྒྱར་ཤེས་བྱའི་སྒྲིབ་པ་མཐར་ཟད་ནས་འོག་མིན་སྟུག་པོ་བཀོད་པའི་ས་ནོན་ཅིང་། སྐུ་ལྔ་ལྷུན་གྲུབ་ཏུ་སངས་རྒྱས་སོ། །ལང་ཀར་གཤེགས་པ་ལས། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཞེས་བྱའི་ཉམས་དགའ་དེར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཅིག་འདིར་འཚང་རྒྱ། །ཞེས་སོ། །ཞིང་ཁམས་འདི་ནི་འཇིག་མེད་ཡིན་ཏེ། འོག་མིན་སྟུག་པོ་ཉམས་དགའ་དེར། །སྡུག་པོ་ཞིང་ཁམས་འཇིག་མེད་པ། །དེ་ན་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པའི་ལོངས་སྤྱོད་ཚུལ་འདི་འབྱུང་། །ཅེས་སོ། །ཁ་ཅིག་བདེ་བ་ཅན་ལ་སོགས་པ་ཡང་ལོངས་སྐུའི་ཞིང་ཁམས་སུ་འདོད་པ་ནི་གྱི་ན་སྟེ། ལོངས་སྤྲུལ་གཉིས་ཀྱི་བྱེ་བྲག་མ་ཤེས་པར་རང་དགར་སྨྲ་བ་ཡིན་ཏེ། ཞིང་དེར་ངེས་པ་ལྔ་ལྡན་མེད་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། འབྱུང་བའི་རྡུལ་ལས་གྲུབ་པའི་གོང་བུ་ནི་མ་ཡིན་ཏེ། ཡེ་ཤེས་ཀྱི་ངོ་བོའི་སྐུ་སྣང་ལ་རང་བཞིན་མེད་ཅིང་མཚན་ཉིད་ཡོངས་སུ་རྫོགས་པ། མཚན་དང་དཔེ་བྱད་ཀྱིས་མཛེས་པ། སྐུའི་མཐར་སུས་ཀྱང་རྟོགས་པར་མི་ནུས་ཤིང་འཁོར་བ་ཅི་སྲིད་གནས་ཀྱི་བར་དུ་རྒྱུན་མི་ཆད་པར་བཞུགས་སོ། །ལུང་གིས་ཞབས་བསྡུ་བའོ། །དྲངས། དགོངས་པ་འདུས་པའི་ལུང་ལས་ཀྱང་ནི་འདི་སྐད་གསུངས། དབྱིངས་སྐྱེ་བ་མེད་པའི་སེམས་ཉིད་དེ་བསླབ་བྱའི་ཡུལ་མངོན་བྱང་ལྔ་ལས་རྩལ་རྫོགས་ཏེ་བསྒོམ་བྱའི་ཡུལ་དེ་ཉིད་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་ནས་མངོན་བྱང་ལྔའི་མཚན་མ་དེ་ཉིད་མཚན་མེད་ཀྱི་གནས་ལུགས་དེར་ནི་མངོན་སུམ་དུ་བྱས་ནས་མི་ཚེ་གསུམ་གྱི་ནང་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ་པའོ། །དེ་ནས་ཟག་མེད་ཀྱི་ཡུན་ལ་ལོ་སྟོང་དྲུག་བརྒྱ་ལ་བློ་སྦྱངས་ནས་འབྲས་བུ་རྣལ་འབྱོར་སྟུག་པོ་བཀོད་པའི་ས་ཐོབ་བོ། །ཞེས་གསུངས་ལུང་གི་བགྲོད་དང་གསལ་ཞེས་པ་ནི་གོ་སླའོ། །དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ་གཉིས་ཏེ། སྤྱི་དོན་དང་། གཞུང་དོན་ནོ། །དང་པོ་ལ་གསུམ་སྟེ། གསང་སྔགས་ཕྱི་ནང་གི་ཤན་ཕྱེ་བ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པའི་སྒྲ་དོན་དང་། དེ་ཉིད་ཀྱི་དབྱེ་བའོ། །ཤན་འབྱེད་པ་ལ་ལྟ་བ་དང་། སྤྱོད་པ་དང་སྒོམ་པའོ། །དང་པོ་ནི་དོན་དམ་མཐའ་བྲལ་དང་། ཀུན་རྫོབ་དག་མ་དག་གཉིས་སུ་འཛིན་པ་ནི་ཕྱི་པ་ཡིན་ཏེ། ལམ་རིམ་ལས། དོན་དམ་དུ་ནི་དབྱེར་མེད་དེ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཅེས་སོ། །གསང་སྔགས་ནང་པས་ནི། དོན་དམ་རང་བྱུང་གི་ཡེ་ཤེས་ལ། ཀུན་རྫོབ་ཏུ་འཁོར་འདས་གཉིས་མེད་ལྷའི་དཀྱིལ་འཁོར་དུ་འདོད་པ་ཡིན་ཏེ། དེ་ཉིད་ལས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཅེས་སོ། །སྤྱོད་པ་ནི། ཁྲུས་དང་གཙང་སྦྲ་ལ་སོགས་དག་གཙང་གི་སྤྱོད་པ་ནི་ཕྱི་པ་ཡིན་ཏེ། ཀླུ་གྲུབ་ཀྱིས། ཁྲུས་དང་གཙང་སྦྲ་སྤྱོད་པ་འབད། །ཅེས་སོ། །གསང་སྔགས་ནང་པས་ནི་བཟང་ངན་གཉིས་མེད་ཀྱི་ལྟ་བ་རྟོགས་ནས། སྦྱོར་སྒྲོལ་ལ་སོགས་པ་རྣམས་ལ་སྤྱོད་པ་ནི་ནང་པ་ཡིན་ཏེ། སྒེག་པའི་རྡོ་རྗེས། སྦྱོར་སྒྲོལ་མ་བྱིན་ལེན་པ་དང་། རྫུན་སྨྲ་ངག་བརླང་སྤྱོད་པ་ལྔ། །ཅེས་སོ། །སྒོམ་པའི་ཏིང་ངེ་འཛིན་ལ་གཉིས། མཚན་བཅས་དང་མཚན་མེད་དོ། །མཚན་མེད་ནི་ཡོ་ག་བས་ཆོས་ཉིད་མཐའ་བརྒྱད་དང་བྲལ་བའི་ཏིང་ངེ་འཛིན་གཙོར་བྱེད་པས་བདག་ཉིད་ཆེན་པོ་མ་རྟོགས་པས་ཕྱི་པ་ཡིན་ལ། ནང་པས་རིག་པ་རང་གསལ་ཡུལ་བྲལ་གྱི་ཏིང་ངེ་འཛིན་ཞེ་འདོད་ཕྲ་བའང་མི་མངའ་བར་རང་རིག་གི་ངོ་བོ་ཡིན་པས་ན་ནང་པའོ། །མཚན་བཅས་ལ་ལྷའི་སྐུ་མངོན་བྱང་ལྔ་ལས། བསྐྱེད་པ་ནི་ཕྱི་པ་ཡིན་ལ། ཆོ་འཕྲུལ་བཞིའི་བསྐྱེད་པ་ནི་ནང་པའོ། །ཡབ་རྐྱང་དུ་སྒོམ་པ་ཕྱི་པ་ཡིན་ལ། ཡབ་ཡུམ་ཞལ་སྦྱོར་དུ་སྒོམ་པ་ནི་ནང་པའོ། །འཁོར་ཐུགས་ཀ་ནས་སྤྲོ་བ་ནི་ཕྱི་པ་ཡིན་ལ། གསང་གནས་ནས་སྤྲོ་བ་ནི་ནང་པའོ། །ཞི་བ་གཙོ་ཆེ་བ་ནི་ཕྱི་པ་ཡིན་ལ། ཞི་ཁྲོ་གཉིས་ཀ་སྒོམ་པ་ནི་ནང་པའོ། །རྒྱན་ཆ་ཞི་བའི་རྒྱན་ཆ་དང་ལྡན་པ་ནི་ཕྱི་པ་ཡིན་ལ། དཔལ་ཆས་རྣམས་དང་ལྡན་པ་ནི་ནང་པའོ། །རྫོགས་རིམ་ཁྱད་སྣ་རྩེ་དང་། སྙིང་ཁ་དང་། སྨིན་མཚམས་ཀྱི་ཐིག་ལེ་ཙམ་ལ་བརྟེན་པ་ནི་ཕྱི་པ་ཡིན་ལ། འཁོར་ལོ་བཞི་དང་ཆགས་ལམ་གྱི་ཐབས་རྣམས་ནི་ནང་པའོ། །སྤྱོད་པ་ནི། ཆ་རྐྱེན་ཉེར་ལྔ་ལ་སོགས་པ་དག་གཙང་ལ་སྤྱོད་པ་ནི་ཕྱི་པ་ཡིན་ལ། སྤྱོད་པའི་དངོས་པོ་ཉི་ཤུ་ལ་སྤྱོད་པ་ནི་ནང་པའོ། །མཆོད་པ་ལྔ་དང་། བརྒྱད་དང་། རིན་ཆེན་སྣ་བདུན་དང་། འདོད་ཡོན་ལྔ་དང་དག་གཙང་གི་མཆོད་པ་རྣམས་ལ་གཙོར་བྱེད་པ་ཕྱི་པ་ཡིན་ལ། ཕྱིའི་མཆོད་པ་དེ་རྣམས་ཀྱི་སྟེང་དུ། ནང་གི་མཆོད་པ་གཏོར་མ་དང་། བདུད་རྩི་དང་། དུག་གསུམ་གྱི་མཆོད་པ་དང་། གསང་བ་སྦྱོར་སྒྲོལ་གྱི་མཆོད་པ་ཉམས་སུ་ལེན་པ་ནི་ནང་པའོ། །དངོས་གྲུབ་ལེན་ཚུལ་ཡང་ཡེ་ཤེས་པ་མཉེས་པས་བདག་དག་པ་དངོས་གྲུབ་ཀྱི་སྣོད་དུ་རུང་བར་སྩོལ་བ་ཕྱི་པའོ། །བསྙེན་བསྒྲུབ་རྣམ་བཞིའི་སྒོ་ནས་དངོས་གྲུབ་བླང་བ་རང་ལས་ཤར་བར་བལྟ་བ་ནི་ནང་པའོ། །དབང་ཡང་རྡོ་རྗེ་སློབ་དཔོན་གྱི་དབང་མན་ཆད་ལེན་པ་ཕྱི་པ་ཡིན་ལ། ཟབ་མོའི་དབང་གསུམ་ལེན་པ་ནི་ནང་པའོ། །གཉིས་པ་སྒྲ་དོན་ནི། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡུལ་མེད་རང་སྣང་སྐུ་དང་ཡེ་ཤེས་སུ་དབང་བསྒྱུར་བས་ན་དབང་བསྒྱུར་ཅེས་བྱའོ། །དཔེར་ན་རྨ་བྱས་དུག་ལ་དབང་བསྒྱུར་ནས་བཀྲགས་མདངས་ཕུན་སུམ་ཚོགས་པ་ལྟ་བུའོ། །ཐབས་ཀྱི་ཐེག་པ་ནི། དགོངས་འདུས་ལས། ཐབས་མཁས་ཆེ་དང་མང་ཡས་ཡངས། །བསྒྱུར་དང་རླབ་ཆེ་ཅིར་ཡང་སྟོན། །ཅེས་སོ། །འོག་མའི་སྤང་བྱ་ཉོན་མོངས་པ་ཉིད་ལ་སྤྱད་ཀྱང་སྤྱད་བྱ་སྤྱད་བྱེད་མེད་ཅིང་འབྲས་བུའི་ངོ་བོར་གསལ་བས་ན་ཐབས་མཁས་ཤིང་རྒྱ་ཆེ། མང་བ་ནི། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པས་གཞན་དོན་རྩོལ་མེད་དུ་སྣང་བས་ཐབས་མང་། ཡས་པ་ནི། ཐབས་མཁས་བསམ་གྱིས་མི་ཁྱབ་པར་སྣང་བའོ། །ཡངས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བླང་དོར་མེད་ཅིང་ཅི་ཡང་མི་ཤོང་བ་མེད་པའོ། །གསུམ་པ་དབྱེ་བ་ནི་གསུམ་ཡིན་ཏེ། བསྐྱེད་པ་དང་། རྫོགས་པ་དང་། ཤིན་ཏུ་རྫོགས་པའོ། །མ་ཧཱ་ཡོ་ག་འདི་ལ་རྒྱ་གར་ན་ཏནྟྲ་སྡེ་བཅོ་བརྒྱད་དུ་ཡོད་པ་ལས། བོད་དུ་བསྒྱུར་བ་ལ། སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི། དེ་དག་གི་མན་ངག་ཕྲ་མོ་དྲུག་ཅུ་རྩ་བཞི་དང་བཅས་པ། རྒྱ་གར་གྱི་མཁས་པ་ཆེན་པོ་བི་མ་མི་ཏྲས་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་མཆོག་ལ་གསུངས་སོ། །དེ་ནི་གཞུང་འདི་ཉིད་བརྩམས་མཁན་གྱི་དམ་པ་བདེ་བར་གཤེགས་པར་གྲགས་སོ། །དེ་ཡང་སྒྱུ་འཕྲུལ་སྡེ་བརྒྱད་གང་ཞེ་ན། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ་སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བའི་སྙིང་པོ་དང་གཅིག །རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ་དང་གཉིས། དཀྱིལ་འཁོར་རྫོགས་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ་དང་གསུམ། ཕྲིན་ལས་རྫོགས་པར་བསྟན་པ་སྒྱུ་འཕྲུལ་བཞི་བཅུ་པ་དང་བཞི། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ་དང་ལྔ། ཡོན་ཏན་མཐར་ཕྱིན་པ་སྒྱུ་འཕྲུལ་བརྒྱད་ཅུ་པ་དང་དྲུག །སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་དང་བདུན། དམ་ཚིག་མཆོག་ཏུ་སྟོན་པ་སྒྱུ་འཕྲུལ་ལེའུ་ལག་དང་བརྒྱད་དོ། །བཤད་རྒྱུད་སྡེ་བཞི་ལ། གྲོལ་ལམ་རིམ་གྱིས་དང་ཅིག་ཆར་སྟོན་པ་ཡེ་ཤེས་སྙིང་པོ་དང་། རྡོ་རྗེ་མེ་ལོང་གཉིས། ཐབས་ལམ་རིམ་གྱིས་དང་ཅིག་ཆར་སྟོན་པ་སྒྱུ་འཕྲུལ་ཐལ་པ་དང་རྒྱ་མཚོ་གཉིས་དང་བཞིའོ། །མན་ངག་ཕྲ་མོ་དྲུག་ཅུ་རྩ་བཞི་ནི་ལོགས་སུ་ཤེས་པར་བྱའོ། །འདིར་ཚིག་ཚོགས་མང་གིས་དོགས་པའི་ཕྱིར་མ་བཀོད་དོ། །དེ་རྣམས་ཀྱིས་སྤྱི་དོན་གྱི་བཤད་པ་དེ་སོང་ནས། གཞུང་དོན་བཤད་ན། དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ་གཉིས་ཏེ། གང་ཟག་དང་ཐེག་པའི་སྒོ་ནས་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། དབང་བསྒྱུར་ཐབས་ཀྱིས་ཐེག་པ་ཡང་། །གདུལ་བྱའི་བློ་ཤེད་ཁྱད་པར་གྱིས། །རྣམ་པ་གསུམ་དུ་སྣང་བ་དེ། །བསྐྱེད་དང་རྫོགས་དང་ཤིན་ཏུ་རྫོགས། །འདི་རྣམས་ནི་གོ་སླ་བ་ཡིན་ནོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་པ་ཨ་ནུ་ཡོ་ག་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །དང་པོ་ལ་གསུམ་སྟེ། བསྟན་པ་དང་། བཤད་པ་དང་། ལུང་གིས་ཞབས་བསྡུ་བའོ། །དང་པོ་ནི། དྲངས། ཐ་མ་བསྐྱེད་པའི་རྣལ་འབྱོར་ཡང་། །བདུན་དུ་ངེས་པར་སྣང་བ་སྟེ། །ཞེས་པ་ནི་གོ་སླའོ། །རྒྱས་པར་བཤད་པ་ལ་བདུན་སྟེ། བགྲང་། གང་ཟག་དང་འཇུག་སྒོ་ཐུན་མོང་དུ་བསྟན་པ་དང་། དྲངས། དེ་ལ་མ་ཧཱ་ཡོ་གའི་རྟེན་གྱི་གང་ཟག་ནི་དབང་བསྒྱུར་ཐབས་ཀྱི་ཐེག་པ་དབང་པོ་མཆོག་གིས་སྤྱོད་ཡུལ་ཡིན། དེའི་ནང་ན་གསུམ་ཡོད་པའི་ཐ་མ་ནི་མ་ཧཱ་ཡོ་ག་ཡིན། དེ་ཡང་གོང་མ་ལ་ལྟོས་ན་འདི་ལ་ལྟ་སྤྱོད་སྒོམ་པ་ཆེད་འཛིན་ཅན་ཞེས་ཟེར་རོ། །འོན་ཀྱང་གསང་སྔགས་མ་ཧཱ་ཡོ་གའི་རྟེན་གྱི་གང་ཟག་འདི་ཉིད་བློའི་མཚན་ཉིད་བདུན་ལྡན་ཅིག་དགོས་པར་བཤད་དེ། དེ་ཡང་བློ་མཐོ་བ་ནི་ནམ་མཁའ་ལྟ་བུ། བརྟན་པ་ནི་རི་རབ་ལྟ་བུ། མྱུར་བ་གློག་ལྟ་བུ། རྣོ་བ་རལ་གྲི་ལྟ་བུ། རྒྱ་ཆེ་བ་ས་གཞི་ལྟ་བུ། ཡངས་པ་བར་སྣང་ལྟ་བུ། ཟབ་པ་རྒྱ་མཚོ་ལྟ་བུ་དང་བདུན་ཡིན་ནོ། །ལམ་རིམ་ལས། མཐོ་བརྟན་མྱུར་རྣོ་རྒྱ་ཆེ་དང་། །ཟབ་ཡོངས་རྒྱུ་ཡི་གང་ཟག་ཡིན། །ཅེས་སོ། །དེ་ཡང་རང་བཞིན་གྱིས་དབང་རྣོན་དང་། སྦྱངས་པའི་དབང་རྣོན་གཉིས་བཤད་པའོ། །དང་པོ་ནི་སྔར་ངེས་འབྱུང་གི་ཐེག་པ་ལ་བློ་མ་སྦྱངས་ཀྱང་མ་ཧཱ་ལ་འཇུག་ནུས་པའོ། །ཕྱི་མ་ནི་སྔར་ངེས་འབྱུང་གི་ཐེག་པ་ལ་སྦྱངས་ནས་མ་ཧཱ་ལ་འཇུག་ནུས་པ་ཡིན་ཏེ། ལམ་རིམ་ལས། དེ་ཡང་རང་བཞིན་སྦྱངས་པ་ཡིས། །སྣོད་དུ་གྱུར་པ་ཉེ་རིང་ཕྱིར། །རིམ་དང་གཅིག་ཆར་བཞི་ཆ་ཡིས། །ཕྱེ་བས་རྣལ་འབྱོར་ཆེན་པོར་འཇུག །ཅེས་སོ། །འཇུག་སྒོ་ནི་མ་ཧཱ་ཡོ་གའི་ལུགས་ལ། ཐབས་འགག་པ་མེད་པ་དང་ཤེས་རབ་མི་དམིགས་པ་གཉིས་དབྱེར་མེད་པའི་སྒོར་ཞུགས་པས་ལམ་གྱི་གནད་འགག་ཐམས་ཅད་ཆོད་ཅིང་མི་འགྱུར་བའོ། །དེ་ཡང་ལམ་ལ་ཐབས་ཤེས་རབ་གཉིས་ཀ་དགོས་སོ། །དཔེར་ན། ཐབས་ཤེས་ལག་པ་བཀྲུ་བ་ཡིན་ཏེ། ལག་པ་བཀྲུ་བའི་དུས་སུ་གཅིག་ལ་བརྟེན་ནས་གཅིག་གི་དྲི་མ་བཀྲུ་ནས་དག་པའོ། །དེ་བཞིན་དུ་ཐབས་ལ་བརྟེན་ནས་ཤེས་རབ་སྟོང་ཞེན་གྱི་དྲི་མ་དག །ཤེས་རབ་ལ་བརྟེན་ནས་ཐབས་དངོས་འཛིན་གྱི་དྲི་མ་དག་པའི་གོ་བ་བླང་བར་བྱའོ། །དེ་ཡང་གཞི་གཟུང་འཛིན་གཉིས། ལམ་ཐབས་ཤེས་གཉིས་སམ། ལྷ་ཡབ་ཡུམ་བསྒོམ་པ་འབྲས་བུ་དབྱིངས་ཡེ་ཤེས་གཉིས་སོ། །གསང་སྔགས་ཀྱི་ལམ་ལ་གནད་ཆེ་བ་ཐབས་ཤེས་གཉིས་ཡིན་པས་ཞིབ་ཏུ་ངོ་སྤྲད་རྒྱུ་ཡོད་པ་གསང་སྔགས་ལ་མངའ་བརྙེས་པའི་བླ་མ་རྣམས་ཀྱི་ཞལ་ལས་ཤེས་པར་བྱའོ། ༈ །འདི་རྗེ་བཙུན་གོང་མ་རྣམས་ཀྱི་གསུང་སྒྲོས་ཀྱིས་རྟོགས་དགོས་པའི་ཕྱིར་འདིར་མ་བཀོད་དོ། །དེ་ལ་ཐོག་མར་འཇུག་སྒོ་ནི་མཚན་ཉིད་དང་ལྡན་པའི་བླ་མ་ལ་སྨིན་ལམ་དབང་བཞི་ཡོངས་སུ་རྫོགས་པར་བླང་དགོས་ཏེ། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་སོ། །དེ་ལ་ཐོག་མར་དབང་བཞིས་ཆོས་སྒོ་ཕྱེ་ལུགས་ནི། ཕྱི་བུམ་པའི་དབང་གིས་ཕུང་ཁམས་སྐྱེ་མཆེད་རྒྱལ་བའི་དཀྱིལ་འཁོར་དུ་ངོ་སྤྲད་ནས་བསྐྱེད་རིམ་སྒོམ་པའི་ཆོས་སྒོ་འབྱེད། ནང་གསང་བའི་དབང་གིས་རྩ་གནས་ཀྱི་ཡི་གེ་སྦྱངས་ན་སེམས་རྟོག་མེད་དུ་ངོ་སྤྲད་དེ་ཐབས་ལམ་སྟེང་སྒོ་རྩ་ཐིག་རླུང་གསུམ་སྒོམ་པའི་ཆོས་སྒོ་ཕྱེ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་གསང་བའི་དཀྱིལ་འཁོར་དུ་བཅུག་ནས་བདེ་སྟོང་གཉིས་མེད་དུ་ངོ་སྤྲད། ཐབས་ལམ་འོག་སྒོ་བདེ་བ་བཅུད་འདུས་སམ། མཁས་གསང་བྱིན་གྱིས་བརླབས་པ་དང་། ལྷ་ཡབ་ཡུམ་འཁྲིལ་སྦྱོར་སྒོམ་པའི་ཆོས་སྒོ་ཕྱེ། དབང་བཞི་པ་བསྐུར་བས་སེམས་ཀྱི་ངོ་བོ་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་སུ་ངོ་སྤྲད་པས་ཞི་རྫོགས་ཕྱག་གསུམ་གྱི་སྒོ་ནས་སེམས་ཀྱི་གནས་ལུགས་ཅི་བཞིན་པ་ངོ་སྤྲད་པའི་ཆོས་སྒོ་ཕྱེ་བའོ། །འདི་རྣམས་ཀྱི་དོན་རྒྱས་པར་ཤེས་འདོད་ན། དབང་བཞི་ངོ་སྤྲད་ཀྱི་སྟོང་ཐུན་ཁོ་བོས་བྱས་ནས་ཡོད་པ་དེར་གཟིགས་མཛོད། དེ་ནས་ཐབས་གྲོལ་གཉིས་ལ་འཇུག་དགོས་ཏེ། གྲོལ་ལམ་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་འཇུག་པ་དང་། ཐབས་ཀྱི་སྒོ་ནས་འཇུག་པ་ལ་ཐབས་ལམ་སྟེང་སྒོ་ལ་འཇུག་ན་རྩ་ཐིག་རླུང་གསུམ་ལ་བློ་སྦྱང་བ་དང་། ཐབས་ལམ་འོག་སྒོ་ལ་འཇུག་པ་ཤེས་རབ་ཡུམ་ལ་བསྟེན་པ་ལ་སོགས་པའི་བྱེ་བྲག་ནང་ཚན་མི་འདྲ་བ་ཀུན། གོང་གི་འཇུག་སྒོ་དེ་དག་ཀུན་ཀྱང་ཐབས་དང་ཤེས་རབ་དབྱེར་མེད་པའི་སྒོ་ནས་འཇུག་པའོ། །གོང་གི་དེ་ལྟ་བུ་རྣམས་ནི་གསང་སྔགས་གཉིས་མེད་ཀྱི་དོན་རྣལ་མ་ལ་རང་རིག་པའི་ཡེ་ཤེས་འབྱོར་པས་རྣལ་འབྱོར་ཞེས་བྱའོ། །ཡོ་ག་མན་ཆད་ལས་དཔག་པས་ཆེན་པོ་ཞེས་བྱའོ། །དེ་ལྟ་བུ་མ་ཧཱ་ཡོ་ག་ཞེས་བྱའི་འཇུག་པའི་སྒོ་ཡིན་ནོ། །ཐེག་པ་འདིའི་ལུགས་ཀྱི་ལྟ་བ་གཏན་ཚིག་གིས་གཏན་ལ་འབེབས་པར་བྱེད་པ་ལ། སྔོན་བྱུང་དངོས་པོ་ལྔའི་གཏན་ཚིག །རྗེས་འཇུག་ཚུལ་ལྔ་དང་། ཚིག་གི་གཏན་ཚིག །ཚིག་ལ་དཔྱད་དུ་ཡོད་པས་གོ་བ་དང་། དཔྱད་དུ་མེད་པས་གོ་བ་གཉིས། དཔྱད་དུ་ཡོད་པས་གོ་བ་ལ་ཚིག་དོན་མཐུན་པ་དང་། མི་མཐུན་པ་གཉིས། ཚིག་དོན་མི་མཐུན་པ་ལ་ཡང་ཀུན་ཡིན་གང་ཡིན་གྱི་གཏན་ཚིག་དང་། མི་སྤངས་མི་ལྡན་གྱི་གཏན་ཚིག་གོ། །ཚིག་དོན་མཐུན་པའི་གཏན་ཚིག་ལ། ཚད་མ་བཀའ་གཞུང་གི་གཏན་ཚིག །སྒྲ་མཐུན་དོན་དཔག་གི་གཏན་ཚིག །གཅིག་དང་དུ་བྲལ་གྱི་གཏན་ཚིག །བདག་ཉིད་ཆེན་པོའི་གཏན་ཚིག་གོ། །ཚད་མ་བཀའ་གཞུང་གི་གཏན་ཚིག་ལ། རྟོག་པ་བཞི། དག་པ་གསུམ། མཉམ་པ་བཞིའམ་ལྔ་ཡིན། འདི་རྣམས་ཀྱི་དོན་རྒྱས་པར་གསང་སྔགས་མ་ཧཱ་ཡོ་གའི་ལྟ་བ་གཏན་ཚིག་གིས་རྒྱས་པར་གཏན་ལ་ཕབ་པ་ནི་ལམ་རིམ་ལེའུ་གཉིས་པ་ལྟར་ཤེས་པར་བྱའོ། །དེ་ཡང་གཞུང་ལུགས་འདིའི་ནང་དུ་བཀོད་པ་དེ་དག་གཏན་ཚིག་དེ་རྣམས་ཀྱི་ནང་ནས་གང་ཡིན་སྙམ་ན། དག་མཉམ་གྱི་གཏན་ཚིག་དང་། བདེན་གསུམ་དབྱེར་མེད་ཀྱི་གཏན་ཚིག་གཉིས་ཡིན་པར་ཤེས་པར་བྱའོ། །དེ་ཡང་དམ་པས། གསང་བ་སྙིང་པོའི་ལུང་ལ་དཔང་པོ་མཛད་ནས། །སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཅེས་སོ། །སྣོད་འབྱུང་བ་ལྔ་ཡུམ་ལྔར་དག །བཅུད་ཕུང་པོ་ལྔ་ཡབ་ལྔར་དག །རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་དག་པ་ལ་དགོངས་པའོ། །དེ་རྣམས་སྤྱི་དོན་གྱིས་བཤད་པ་ཡིན་ལ། གཞུང་དོན་བཤད་ན་ལྟ་བ་ལ་གསུམ་སྟེ། བགྲང་། རྟོག་ཚོགས་ཐབས་མ་འགག་པ་རྒྱལ་བའི་དཀྱིལ་འཁོར་དུ་ཀུན་ཏུ་བཟང་པོའི་རོལ་པར་བསྟན་པ་དང་། དྲངས། ཕྱི་སྣོད་འབྱུང་བ་ལྔ་ནང་བཅུད་ཕུང་པོ་ལྔ་ལ་སོགས་པའི་འཇིག་རྟེན་གྱི་ཆོས་འདི་རྣམས་ཡེའམ་ཐོག་མ་མེད་པའི་དུས་ནས་རྒྱལ་བའི་དཀྱིལ་འཁོར་ཡིན་ཏེ། ཕུང་པོ་ཆེན་པོ་ལྔ་ཉིད་བདེ་གཤེགས་རིགས་ལྔ་ཡིན་ཏེ། འདིའི་དོན་བཤད་ན། ཕུང་པོ་ལྔའི་མཚན་ཉིད། སྒྲ་དོན་དབྱེ་བ་དང་གསུམ། དང་པོ་ནི། གཟུགས་ཀྱི་མཚན་ཉིད་གཞིག་ཅིང་གཞོམ་དུ་རུང་བའམ་སྐྱེ་རུང་ཞིང་། འཇིག་ཏུ་བཏུབ་པ། རྣམ་ཤེས་ཡུལ་གཅོད་ཅིང་རིག་པར་བྱེད་པ། ཚོར་བ་ཉམས་སུ་མྱོང་བ། འདུ་ཤེས་མཚན་མར་འཛིན་པ། འདུ་བྱེད་ཡང་ནས་ཡང་དུ་མངོན་པར་འདུ་བྱེད་པའོ། །སྒྲ་དོན་ནི། ཕུང་པོའི་བྱེ་བྲག་རྣམས་ཕྱོགས་གཅིག་ཏུ་འདུས་པ་ལ་ཕུང་པོ་ཞེས་བྱའོ། །དབྱེ་བ་ལ་གཟུགས་ཅན་བཅོ་ལྔ། དེ་ཡང་རྒྱུའི་གཟུགས་བཞི་ནི་ས་ཆུ་མེ་རླུང་བཞིའོ། །འབྲས་བུའི་གཟུགས་བཅུ་གཅིག་ནི། དབང་པོ་ལྔ་དང་། ཡུལ་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅོ་ལྔའོ། །གཟུགས་འདི་བཅོས་སླད་དང་བྲལ་བ་རྣམ་པར་སྣང་མཛད་དོ། །རྣམ་ཤེས་ཀྱི་དབྱེ་བ་ལ། ཀུན་གཞི་དང་། ཉོན་ཡིད་དང་། ཡིད་ཤེས། སྒོ་ལྔ་དང་བརྒྱད་དོ། །འདི་གཞི་གདོད་མ་ནས་བཅོས་སླད་དང་བྲལ་བ་མི་བསྐྱོད་པའོ། །ཚོར་བ་ལ་དབྱེ་ན། བཟང་ངན་བར་གསུམ་གྱིས་ཕྱེ་བས་བཅོ་བརྒྱད་དོ། །འདི་གནས་སུ་དག་ནས་རིན་ཆེན་འབྱུང་ལྡན་དུ་གྱུར་པའོ། །འདུ་ཤེས་ལ། རྒྱ་ཆེ་ཆུང་ཟབ་པ་གསུམ་ཡོད་པ་ནི་སྣང་བ་མཐའ་ཡས། འདུ་བྱེད་ལ་ལྔ་བཅུ་རྩ་གཅིག་ཡོད་ཀྱང་། ཚོར་འདུ་གཉིས་གོང་དུ་སོང་ནས། ད་བཞི་བཅུ་རྩ་དགུ་ངོས་བཟུང་ན། རེག་པ་དབང་ཡུལ་རྣམ་ཤེས། ཡིད་ལ་བྱེད་པ་སེམས་གཏོད་པ། སེམས་དཔའ་དང་ནི་གསུམ་ནི་ཀུན་འགྲོའོ། །ལས་མོས་གཞན་དུ་མི་གཡོ། འདུན་པ། དོན་དུ་གཉེར་བ། མོས་པ། ངེས་པ། དྲན་པ། མི་བརྗེད་པ། ཏིང་ངེ་འཛིན། རྩེ་གཅིག་ཏུ། ཤེས་རབ། དོན་བྱེད་པ། སྟེ་ཡུལ་སོ་སོར་ངེས་པ་ལྔའོ། །དད་པ། སེམས་དྭངས་པ། ངོ་ཚ་ཤེས་པ། རང་སྐྱོན་རིག་པ། ཁྲེལ་ཡོད་པ། གཞན་ལ་མི་གཤེ། འདོད་ཆགས་མེད་པའི་དགེ་བའི་རྩ་བ། ཟག་བཅས་ལ། ཞེ་སྡང་མེད་པའི་དགེ་བའི་རྩ་བ། སེམས་ཅན་ལ། གཏི་མུག་མེད་པའི་ཆོས་དོན་ཤེས། དགེ་བའི་རྩ་བ། བརྩོན་དགེ་བ་ལ་སྤྲོ། འགྲུས། ཤིན་ལུས་སེམས་ལས་སུ་རུང་། ཏུ་སྦྱངས་པ། བག་ཡོད་པ། རྒྱུད་དུལ་བ། བཏང་སྙོམས། ཆགས་སྡང་མེད་པ། རྣམ་པར་སེམས་ཅན་ལ། མི་འཚེ་བ་སྟེ་དགེ་བ་བཅུ་གཅིག་དང་། འདོད་ཆགས། ཟག་བཅས་སྲེད། ཁོང་ཁྲོ། སེམས་འཁྲུགས་པ། ང་རྒྱལ། སེམས་ཁེང་པ། མེད་པ། མ་རིག་པ། དམིགས་པ་མི་ཤེས། དོན་དང་མི་མཐུན་པ་ལོག་ལྟ་ཐེ་ཚོམ་དམིགས་པ་ལ་སོམ་ཉིད། སྟེ་རྩ་བའི་ཉོན་མོངས་པ་དྲུག །སེར་སྣ། ཡོ་བྱད་དམ་བཟུང་། སྒྱུ། ཡོན་ཏན་ཡོད་པ་ལྟར། གཡོ། ཉེས་པ་ཁས་མི་ལེན། རྒྱགས་པ། རིགས་གཟུགས་ཅན་ལ་སོགས། རྣམ་པར་འཚེ་བ། སེམས་ཅན་ལ་གནོད། ཁྲོ་བ། གནོད་པ་བྱེད་པ་ལ། འཁོན་དུ་འཛིན་པ། དེ་ཉིད་རྒྱུན་དུ། འཆབ་པ། ཉེས་པ་གསང་། འཚིག་པ། གཞན་གྱིས་གནོད་པ། འཕྲག་དོག །གཞན་གྱི་ཡོན་ཏན། མ་དད་པ། སེམས་མ་དད་པ། ལེ་ལོ། དགེ་བ་ལ་མི་སྤྲོ། བག་མེད་པ། མི་དགེ་བ་ལ་གོམས་པ། བརྗེད་ངེས། དམིགས་པ་བརྗེད། ངོ་ཚ་མེད་པ། ཡོན་ཏན་ཅན་ལ་མི་གུས། ཁྲེལ་མེད་པ། ལྡིག་པ། རྨུག་པ། དམིགས་པ་མི་གསལ། རྒོད་པ། སེམས་གཞན་དུ་འཕྲོ། རྣམ་པར་གཡེང་བ། དམིགས་པ་ལས་གཞན་དུ། ཤེས་བཞིན་མི་གཙང་བའི་ཕུང་པོ་ལ་སོགས་ལ་གཙང་བ་ལྟར་ཞེན་པ། མ་ཡིན་པ་སྟེ་ཉེ་བའི་ཉོན་མོངས་པ་ཉི་ཤུའོ། །གཉིད་པ། སེམས་དབང་མེད་པ། འགྱོད་པ། སྔར་བྱས་པ་ལ། རྟོག་པ། སེམས་རྩིང་པ། དཔྱོད་པ་སྟེ་སེམས་ཞིབ་པ། གཞན་དུ་འགྱུར་བ་བཞི་དང་ཞེ་དགུའོ། །འདི་རྣམས་གཞི་གདོད་མ་ནས་རྣམ་པར་དག་པ་དོན་ཡོད་གྲུབ་པའོ། །འབྱུང་ལྔ་ཤེས་རབ་དབྱིངས་ཕྱུག་ལྔ། ཞེས་པ་ནི། ས་སངས་རྒྱས་སྤྱན་མ། ཆུ་མ་མ་ཀི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྔ། གོང་གི་སྣོད་བཅུད་དེ་དག་ཐམས་ཅད་དབྱེར་མེད་པའི་ཁྱད་པར་ལས་རྟོག་ཚོགས་ཁམས་དང་སྐྱེ་མཆེད་ཐམས་ཅད་སེམས་དཔའ་དང་སེམས་མ་ཡིན་ཏེ། དེ་ཡང་མིག་གི་རྣམ་པར་ཤེས་པ་སའི་སྙིང་པོ། རྣ་བའི་རྣམ་པར་ཤེས་པ་སྤྱན་རས་གཟིགས། སྣའི་རྣམ་པར་ཤེས་པ་ནམ་མཁའི་སྙིང་པོ། ལྕེའི་རྣམ་པར་ཤེས་པ་ཕྱག་ན་རྡོ་རྗེ། གཟུགས་སྒེག་མོ། སྒྲ་གླུ་མ། དྲི་ཕྲེང་བ་མ། རོ་གར་མ་དང་བཞིའོ། །མིག་གི་དབང་པོ་བྱམས་པ། རྣ་བའི་དབང་པོ་སྒྲིབ་སེལ། སྣའི་དབང་པོ་ཀུན་ཏུ་བཟང་པོ། ལྕེའི་དབང་པོ་འཇམ་དཔལ། དུས་འདས་པ་བདུག་སྤོས་མ། ད་ལྟ་མེ་ཏོག་མ། མ་འོངས་པ་མར་མེ་མ། ཕྱིས་འབྱུང་བ་དྲི་ཆབ་མ་དང་བཞིའོ། །རྟག་ཆད་མཐར་ལྟ་རེག་པའི་ཚོགས། ཞེས་པ་ནི། རྟག་པར་ལྟ་བ་མི་ཕམ་མ། ཆད་པར་ལྟ་བ་ཁྲོ་གཉེར་མ། བདག་ཏུ་ལྟ་བ་རལ་གཅིག་མ། མཚན་མར་ལྟ་བ་རོ་ལངས་མ་དང་བཞིའོ། །ཡབ་བཞི་ནི། ལུས་ཀྱི་དབང་པོ་སྐུ་གཤིན་རྗེ་གཤེད། རྣམ་པར་ཤེས་པ་ཐུགས་སྟོབས་པོ་ཆེ། གསང་བའི་ཡུལ་གསུང་རྟ་མགྲིན། གསུམ་འདུས་ཀྱི་རེག་པ་ཕྲིན་ལས་བདུད་རྩི་འཁྱིལ་བ་དང་བཞིའོ། །རྟོག་ཚོགས་དེ་དག་ཁྲོ་བོ་ཁྲོ་མོའི་ངང་དུ་གསལ་ཅེས་བྱའོ། །གོང་གི་ཚོགས་ཞེས་པས་ནི། ཉོན་མོངས་པ་དྲུག་ཐུབ་པ་དྲུག་དང་། ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་རྣམས་སྡུད་པ་ཡིན་ནོ། །རྟོག་ཚོགས་བཞི་བཅུ་རྩ་གཉིས་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་ཤར་བ་འདི་རྣམས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ལས་ཀུན་ཏུ་བཟང་པོའི་རོལ་པ་འགག་པ་མེད་པར་སྣང་བ་ནི། ཀུན་རྫོབ་བདེན་པའི་གནས་ལུགས་སྤྲུལ་སྐུ་སངས་རྒྱས་སུ་གནས་པ་ཡིན་ཏེ། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མ་ལུས་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཅེས་གསུངས་སོ། །རྟོག་ཚོགས་ཀྱི་ཆོས་འདི་རྣམས་ལ་ཆོས་མཐུན་རྒྱུ་མཚན་ཞིབ་མོའི་སྒོ་ནས་ངོ་སྤྲད་རྒྱུ་དང་། གནས་སུ་དག་ནས་ལྷར་གྱུར་པའི་དུས་སུ། སྐུ་མདོག་ཞལ་ཕྱག་རྒྱན་ཆ་ལུགས་ཕྱག་མཚན་བཞུགས་ཚུལ་རྣམས་རྒྱས་པར་ངོ་སྤྲད་རྒྱུ་ཡོད་ཀྱང་ཡི་གེ་མང་གིས་དོགས་པའི་ཕྱིར་མ་བྲིས་སོ། །བཤད་པ་བྱེད་དུས་དང་། ངོ་སྤྲོད་དུས་ག་དར་བྱེད་མཛོད། ཤེས་རབ་མི་དམིགས་པ་ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ་འདུས་མ་བྱས་པ་དང་། དྲངས། ལྷ་དང་ལྷ་མོར་སྣང་བ་དེ་ཉིད་སྣང་དུས་ན་ངོ་བོ་འདུས་མ་བྱས་རྒྱུ་རྐྱེན་ལས་མ་སྐྱེས་པ་ཆོས་ཉིད་སྟོང་པ་ཀུན་ཏུ་བཟང་མོའི་དབྱིངས་འདི་ནི་དོན་དམ་བདེན་པ་ཆོས་སྐུར་སངས་རྒྱས་པ་ཡིན་ཏེ། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་ཉིད་མ་ཡིན་རིགས་བརྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །ཅེས་སོ། །དབྱེར་མེད་བྱང་སེམས་བདེ་བ་ཆེན་པོ་མ་འདྲེས་ཡོངས་རྫོགས་ཀྱི་ལྟ་བའོ། །དྲངས། དེ་ལྟར་མ་སྐྱེས་པ་དོན་དམ་དང་། ཀུན་རྫོབ་མ་འགགས་པ་རྒྱལ་བའི་དཀྱིལ་འཁོར་དུ་སྣང་བ་ཆུ་དང་གཟུགས་བརྙན་ལྟར་དབྱེར་མེད་པ་དེ་ནི་བྱང་སེམས་བདེ་བ་ཆེན་པོ་དེ་བཞིན་ཉིད་ཡིན་ཏེ། དབྱེར་མེད་བདེན་པ་འདི་ལོངས་སྐུར་སངས་རྒྱས་པའོ། །ལམ་རིམ་ལས། འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །ཡིན་ཕྱིར་ངོ་བོ་ཐ་དད་མིན། །ཅེས་སོ། །འདི་ནི་རྣལ་འབྱོར་ཆེན་པོའི་ལྟ་བ་ཡིན་ནོ། །ཏིང་ངེ་འཛིན་ལ་གཉིས་ཏེ། བགྲང་། བསྐྱེད་ཚུལ་དང་། དྲངས། རྣལ་འབྱོར་ཆེན་པོའི་ཏིང་འཛིན་ནི། སྒོམ་ཚུལ་ལ་གཉིས་ཏེ། གཅིག་ཆར་པ་དང་། རིམ་གྱིས་པའོ། །དང་པོ་ནི། ཐུགས་ཐིག་ལས། གཅིག་ནི་བློ་མཆོག་སྐལ་ལྡན་རྣམས། །ངེས་པར་ཚུད་ནས་དེར་གནས་པ། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །སེམས་སྒོམ་རྣམ་གསུམ་དུས་གཅིག་རྫོགས། །ཞེས་སོ། །རིམ་གྱིས་པས་ལམ་ཐར་ཆགས་སུ་བགྲོད་ནས་སངས་རྒྱས་པར་འདོད་དེ། དང་པོ་ཚོགས་ལམ་རྣལ་འབྱོར་བཞི་ནི། འབར་བ་ཁྲོ་བོ་དང་། ངེས་པ་ཞི་བའི་དཀྱིལ་འཁོར་ཐམས་ཅད་ཀུན། བསྐྱེད་པ་རྣམ་བཞི་རིམ་གྱིས་བསྐྱེད་དགོས་པ་ཡིན་ཏེ། ལྟ་བ་རྟོགས་ནས་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི་རྣམ་པ་མཆོག་ལྡན་གྱི་སྟོང་པ་ཉིད་བསྒོམ་པར་བཞེད་དེ། དགོངས་འདུས་ལས། དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྷག་པའི་རྒྱུ་དེ་དང་པོར་སྒོམ། །ཅེས་པ་དང་། ལམ་རིམ་ལས། གལ་ཏེ་རྣལ་འབྱོར་འདི་མེད་ན། །རྒྱ་མཚོའི་འཇིང་གི་ཕ་བོང་ལྟར། །བསྐལ་པར་ལམ་ལ་རྩོལ་བྱས་ཀྱང་། །དོན་མེད་སྙིང་པོ་སྐམ་པ་ཡིན། །ཅེས་སོ། །སྟོང་པ་དེའི་དོན་མ་རྟོགས་པའི་སེམས་ཅན་རྣམས་ལ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གྱིས་སྙིང་རྗེ་ཆེན་པོའི་རྣལ་འབྱོར་སྒོམ་པ་ཡིན་ཏེ། ལམ་ཆུང་ལས། ཡོངས་ལ་སྙོམས་པའི་སྙིང་རྗེ་གསུམ། །ཅེས་པ་དང་། ལམ་རིམ་ལས། དེ་ཡི་མ་ལུས་ཆོས་སོ་ཅོག །སྙིང་པོ་ཡོད་པ་མ་ཡིན་ཏེ། །སྒྱུ་མ་མིག་ཡོར་སྤྲུལ་པ་ལྟར། །སྙིང་རྗེ་ཆུ་ཟླ་འཇའ་ཚོན་བཞིན། །བདག་དང་འགྲོ་བ་ངོ་བོ་གཅིག །ཅེས་སོ། །དེའི་རྗེས་སུ་སྣང་སྟོང་གཉིས་མེད་ལྷག་པའི་ལྷ་དགུ་ཉིད་དང་བཅུ་སྒོམ་དགོས་པ་ཡིན་ཏེ། ལམ་རིམ་ལས། སྐུ་གཅིག་རྡོ་རྗེ་དྲིལ་འབར་སྒོམ། །དེ་བཞིན་ཉིད་དུ་གྱུར་པ་དང་། །དབུ་གསུམ་ཕྱག་དྲུག་ཉིད་དུ་སྒོམ། །གནས་གཅིག་ཡེ་ཤེས་སེམས་དཔའ་སྒོམ། །སྤྱི་མགྲིན་ཙིཏྟ་གནས་གསུམ་དུ། །བྱིན་རླབས་རྡོ་རྗེ་གསུམ་བསྒོམ་བྱ། །དབུ་ཡི་གནས་ལྔར་ཡི་གེ་ལྔ། །ཡེ་ཤེས་ལྔ་དབང་རྫོགས་པར་བརྒྱན། །ཅེས་སོ། །ཕྱག་རྒྱ་སྤྲོས་པ་ལ་བཞི་སྟེ། དཀྱིལ་འཁོར། ཚོམ་བུ། ཞལ་ཕྱག་རྣམ་གྲངས་སྤྲོ་བའོ། །གཞན་རྣམས་ལོགས་སུ་ཤེས་ལ། འདིར་དཀྱིལ་འཁོར་སྤྲོ་ལུགས་བཤད་ན། ཞི་བའི་དཀྱིལ་འཁོར་བསྡུས་པ་ལ་བཅོ་བརྒྱད། འབྲིང་པོ་ལ་བཞི་བཅུ་ཞེ་གཉིས། རྒྱས་པ་ལ་བརྒྱད་ཅུ་རྩ་གཉིས་ཡིན་ཏེ། ལམ་རིམ་ལས། དང་པོ་བཅོ་བརྒྱད་བཞི་བཅུ་གཉིས། །རྒྱས་པའི་དཀྱིལ་འཁོར་རིམ་པར་སློབ། །ཅེས་སོ། །ཁྲོ་བོའི་དཀྱིལ་འཁོར་བསྡུས་པ་ལ་ལྔ་བཅུ་རྩ་བརྒྱད། འབྲིང་པོ་ལ་དྲུག་ཅུ་རྩ་བརྒྱད། རྒྱས་པ་ལ་བརྒྱད་ཅུ་རྩ་བརྒྱད་ཡོད་དོ། །དེ་ལྟ་བུའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་ལ། ཆོ་འཕྲུལ་རྣམ་བཞིས་གཞུང་བསྲང་བ་ཡིན་ཏེ། བསྐྱེད་པའི་ཆོ་འཕྲུལ། བྱིན་གྱིས་བརླབས་པའི་ཆོ་འཕྲུལ། དབང་བསྐུར་བའི་ཆོ་འཕྲུལ། མཆོད་པ་འབུལ་བའི་ཆོ་འཕྲུལ་རྣམས་སོ། །ཕྱག་རྒྱ་བཞིས་གཟེར་གདབ་དགོས་ཏེ། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་ཕྲིན་ལས་ཀྱི་ཕྱག་རྒྱ་དང་བཞིའོ། །འདི་རྣམས་ཀྱི་དོན་རྒྱས་པར་བཤད་རྒྱུ་ཡོད་ཀྱང་ཡི་གེས་འཇིགས་པའི་ཕྱིར་མ་བྲིས་སོ། །དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་དུ་རྟོགས་པ་ལས་མི་གཡོ་བའོ། །དྲངས། དུས་བཞིའི་རྒྱལ་བའི་དཀྱིལ་འཁོར་དང་། ཞེས་པ་ནི། བསམ་ཡས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བྱའོ། །རིག་པ་རང་སྣང་གི་དཀྱིལ་འཁོར་ནི་སྒོམ་པའི་ཏིང་ངེ་འཛིན་ལ་བྱའོ། །རྟོགས་པའི་ཡེ་ཤེས་ལ་གནས་ཏེ། དེ་གཉིས་དཔེར་ན་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་པའི་སྐུ། མ་སྐྱེས་པ་ཆོས་ཉིད་ཤེས་རབ་ལས་མ་གཡོས་པར་ཐབས་མ་འགགས་པ་རྒྱལ་བའི་དཀྱིལ་འཁོར་དུ་སྣང་བ་དེ་ཉིད་ཐབས་དང་ཤེས་རབ་ཡེ་ནས་དབྱེར་མེད་པ་དེ་ནི་རྣལ་འབྱོར་ཆེན་པོའི་བསམ་གཏན་ཡིན་ནོ། །སྤྱོད་པ་ལ་གཉིས་ཏེ། བགྲང་། སྤྱོད་པའི་ངོ་བོ་དང་། དྲངས། རྣལ་འབྱོར་ཆེན་པོའི་ཉམས་སུ་ལེན་པའི་སྤྱོད་པ་ནི། བསྙེན་བསྒྲུབ་བཞི་དང་ཕྲིན་ལས་བཞི་ཡིན་ནོ། །དེ་ལ་བསྙེན་བསྒྲུབ་ཡན་ལག་བཞི་ནི། དབང་གི་བསྙེན་བསྒྲུབ་བཞི། སྦྱོར་བའི་བསྙེན་བསྒྲུབ་བཞི། དཀྱིལ་འཁོར་གཅིག་ལ་བརྟེན་པའི་བསྙེན་བསྒྲུབ་བཞི། འདི་རྣམས་ཀྱི་དོན་ནི་གོང་ན་ཡོད་བཞིན་ཤེས་པར་བྱའོ། །ཕྲིན་ལས་བཞི་ནི། གཞི་ལ་ཕྲིན་ལས་བཞི། ལམ་ལ་ཕྲིན་ལས་བཞི། འབྲས་བུ་ལ་ཕྲིན་ལས་བཞི་ཡོད་པ་ལས། འདིར་ད་རེས་ལམ་གྱི་ཕྲིན་ལས་བཞི། དེ་ལ་དབྱེ་ན་ཕྱིའི་ཕྲིན་ལས། ནང་གི་ཕྲིན་ལས། གསང་བའི་ཕྲིན་ལས། དེ་ཁོ་ན་ཉིད་ཀྱི་ཕྲིན་ལས་སོ། །འདི་རྣམས་སྒྱུ་འཕྲུལ་མ་ཧཱ་ཡོ་གའི་སྤྱོད་པའི་གཙོ་བོ་ཡིན་པས་ཉམས་སུ་ལེན་པ་ཡང་གལ་ཆེ། འདི་རྣམས་ཀྱི་དོན་རྒྱས་པར་འདོད་ན་སྒྱུ་འཕྲུལ་ཐུགས་ཐིག་གི་ནང་ན་ཡོད་པ་བཞིན་ཤེས་པར་བྱའོ། །འདིར་ཚིག་ཚོགས་མང་དོགས་པའི་ཕྱིར་རོ། །སྤྱོད་པ་ལྔ་ལ་སོགས་པ་ཐབས་ཀྱིས་ཟིན་པར་ཉམས་སུ་བླངས་བར་བྱའོ། །དྲངས། སྦྱོར་སྒྲོལ་དང་ལ་སོགས་ཀྱི་སྒྲས་མ་བྱིན་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ངག་བརླང་པོ་ལ་སོགས་སྤྱོད་པའི་ཆོས་འདི་བདག་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར་ཉམས་སུ་བླང་ངོ་། །དེ་ཡང་མཁས་རྟོགས་ཀྱི་གདེང་དང་ལྡན་པ་ཏིང་ངེ་འཛིན་དང་སྙིང་རྗེ་དང་ལྡན་པ་དེས་ཐབས་ཀྱི་ཟིན་ཏེ་ཉམས་སུ་བླང་བར་བྱའོ། །དེས་ནི་བདག་གཞན་གྲོལ་བར་འགྱུར་རོ། །དམ་ཚིག་ལ་ག ཉིས་ཏེ། རྩ་བའི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་གོ། །དང་པོ་ནི། རྣལ་འབྱོར་ཆེན་པོའི་དམ་ཚིག་ནི། བྱང་ཆུབ་ཀྱི་སེམས་ལ་གཉིས་དང་སོགས་ཀྱི་སྒྲས། སྐུ་གསུང་ཐུགས་དང་རྩ་བ་བཞི་ཡི་ནང་ཚན་དམ་ཚིག་ཉི་ཤུ་རྩ་དགུའི་དབྱེ་བ་ཤེས་པར་བྱའོ། །ཡན་ལག་གི་དམ་ཚིག་ལ་གཉིས་ཏེ། བགྲང་། ཁྱད་པར་གྱི་ཡན་ལག་དང་། དྲངས། སྦྱོར་སྒྲོལ་མ་བྱིན་ལེན་པ་དང་། རྫུན་སྨྲ་ངག་བརླང་ལ་སོགས་པའི་སྤྱོད་པ་ལྔ་དང་། འདིའི་ནང་ཚན་དབྱེ་ན་བརྒྱད་ཅུ་གྱ་གསུམ་ཡོད་དོ། །མི་སྤངས་བ་ལ་ཡང་དག་པའི་དུག་ལྔ་ལ། ལྟ་སྤྱོད་གཉིས་གཉིས་སུ་ཕྱེ་བས་བཅུ། ལོག་པའི་དུག་ལྔ་དང་བཅོ་ལྔའོ། །དང་དུ་བླངས་པའི་དམ་ཚིག་ལ་སུམ་ཅུ་ཡོད་པ་དང་། བསྒྲུབ་པར་བྱ་བའི་དམ་ཚིག་ལ་བཞི་བཅུ་ཞེ་ལྔ་ཡོད་པ་དང་། ཤེས་པར་བྱ་བ་ལྔ་སོགས་དང་ཞེས་པ་འདི་ལ་དབྱེ་ན་བདུན་ཅུ་ཡོད་དོ། །ཐུན་མོང་གི་དམ་ཚིག་ལ་བདག་དོན་ཉི་ཤུ་རྩ་གཅིག་དང་། གཞན་དོན་བཞི་བཅུ་ཞེ་བཞི་ཡོད་དོ། །ཐུན་མོང་མ་ཡིན་པའི་དམ་ཚིག་གོང་དུ་བཤད་པ་རྣམས་དང་། འོག་ནས་མདོ་བཞི་བརྗོད་བྱའི་དོན་རྣམས་ཡིན། བྱེ་བྲག་སྣ་ཚོགས་ཞེས་པ་ཉམས་རྒྱུ་ཉི་ཤུ་དང་། མདོ་གསུམ་གྱི་བསྲུང་བྱ་རྣམས་བསྡུས་པའོ། །དེ་རྣམས་ལ་སུམ་བརྒྱ་དྲུག་ཅུ་ཡོད་པས་རྒྱས་པ་ནི་གསལ་བཀྲ་ལས་ཤེས་པར་བྱའོ། །དམ་བཅའ་བ་འདི་རྣམས་དུས་ཐམས་ཅད་དུ་འདའ་ཉམས་མེད་པར་དང་དུ་བླང་ངོ་། །ཡུན་ལ་གཉིས་ཏེ། བགྲང་། ཟག་བཅས་ཀྱི་ཡུན་དང་། དྲངས། ཚོགས་ལམ་རྣལ་འབྱོར་བཞི་གོང་དུ་སོང་ནས་འདིར་སྦྱོར་ལམ་བར་ཆད་མེད་པར་ཚོམ་བུ་ཚོགས་བསྒྲུབ་པ་ནི་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་བསྒྲུབ་བཞིས་གཞུང་བསྲང་ལུགས་ལམ་རིམ་ལེའུ་བདུན་པ་ལྟར་ཤེས་པར་བྱའོ། །འདིར་ཚོམ་བུ་ཚོགས་བསྒྲུབ་པའི་མཐར་དབང་པོ་རབ་གཅིག་མི་ཚེ་གཅིག་ལ་མངོན་པར་འགྲུབ་སྟེ། དད་བརྩོན་ཤེས་རབ་གསུམ་གྱི་རྩལ་མཆོག་དང་ལྡན་པའི་སྐྱེས་བུ་དེས་ནི་བློ་རབ་ཟླ་བ་དྲུག །རབ་འོག་བཅུ་གཉིས། འབྲིང་བཅུ་བཞི། ཐ་མ་བཅུ་དྲུག་གིས་ལྷག་མར་བཅས་པའི་ལུས་ཉིད་ཀྱིས་དག་བྱ་ལས་དང་ཉོན་མོངས་པ་ཀུན་བྲལ་ནས་ཚེ་དབང་རིག་འཛིན་ཐོབ་པའོ། །ལམ་རིམ་ལས། ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་རིགས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདས། །ལུས་མ་བོར་བར་སངས་རྒྱས་སོ། །ཅེས་སོ། །བློ་དམན་གྱིས་རྣམ་སྨིན་རིག་འཛིན་ཐོབ་ལུགས་ནི། དཔེར་ན་ཁྱུང་སྒོང་རྒྱ་སེངྒེ་མངལ་རྒྱ། རྣལ་འབྱོར་པ་ལུས་རྒྱ་ཟེར་བ་ལྟར། ཚ་ཚ་སྐོས་ཕོར་ནས་མ་བྱུང་བ་བཞིན་དུ། ལུས་ལྷ་མིར་སྣང་ཡང་སེམས་ཉིད་ཡི་དམ་གྱི་ལྷར་སྨིན་པས་རྣམ་སྨིན་ཅེས་བྱའོ། །ལམ་རིམ་ལས། ཀ་ལ་པིང་ཀ་མི་འཇིགས་བཞིན། །བྲལ་ནས་སྣང་བྱེད་དེ་རྣམ་སྨིན། །ཅེས་གསུངས་སོ། །རིག་འཛིན་འདི་གཉིས་ནི་མཐོང་ལམ་པ་ཡིན་ནོ། །ལ་སོགས་ཀྱི་སྒྲས། སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། མཐར་ལམ་ལྷུན་གྲུབ་རིག་འཛིན་གཉིས་སྡུད་པའོ། །དེ་ལ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཏེ། ཅེས་སོ། །མཐར་ལམ་ལྷུན་གྲུབ་རིག་འཛིན་ནི། སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཡིན་ཅིང་། སངས་རྒྱས་ཀྱི་ས་ལ་དུས་མཐའི་སྐད་ཅིག་མས་སྦྱོར་བ་ཡིན་ཏེ། ལམ་རིམ་ལས། སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཕྱིར། །སངས་རྒྱས་ཉིད་དང་སྤྱོད་ཡུལ་གཅིག །མི་གཡོ་བ་ལ་མི་རྟོག་པས། །ད་རུང་མངོན་པར་མི་རྒྱ་སྟེ། །དུས་མཐའི་སྐད་ཅིག་ཉིད་ཀྱིས་གཤེགས། །ཅེས་སོ། །དེ་ལྟ་བུའི་རིག་འཛིན་ཐོབ་བོ། །རིག་འཛིན་གྱི་མཛད་སྤྱོད་ནི། ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སོགས་པ་རིག་པ་འཛིན་པའི་ཚེ་དེ་ཉིད་ཀྱིས། འདིར་འཁྲུགས་ཅིག་སྡེབ་ན། །བདེ་གཤེགས་ཞིང་རྣམས་སྦྱོང་བྱེད་ཅིང་། །སྐྱེ་ཤི་མེད་པའི་ས་བཟུང་ནས། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཡི། །ཚུལ་གྱིས་འགྲོ་རྣམས་རྒྱུད་སྦྱངས་ཏེ། །སེམས་ཅན་སྡུག་བསྔལ་གནས་ལས་སྒྲོལ། །འདི་རྣམས་ནི་གོ་སླའོ། །རིག་འཛིན་དེའི་ཡོན་ཏན་ནི། རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀྱི་ཉེ་བའི་སྲས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཡིན་ཅིང་། བྱང་ཆུབ་སེམས་དཔའ་ཀུན་གྱི་སྤུན་དུ་འགྱུར། འཇིག་རྟེན་གྱི་ལྷ་ཆེན་པོ་ལ་སོགས་པ་ཀུན་གྱི་རྗེ་བོར་ལྷག་གོ། །ཡུན་དངོས་ནི། བརྒྱ་ཕྲག་བཅུ་དྲུག་ཚུན་ཆད་དུ་ཞེས་པ་ནི་ལོ་སྟོང་དྲུག་བརྒྱའི་ནང་དུ་ཤེས་བྱ་ཕྲ་བའི་སྒྲིབ་པ་བག་ལ་ཉལ་བྱང་བར་གྱུར་ནས་འབྲས་བུ་སངས་རྒྱས་ཐོབ་པའོ། །མཐར་ཐུག་གི་འབྲས་བུ་ལམ་གྱི་རྩོལ་བ་ཟད་པ་མཐར་ཕྱིན་པ་ལ། རྣལ་འབྱོར་རྩལ་ཆེན་རྫོགས་པའི་ས་ཞེས་བྱའོ། །དེའི་དུས་ན་སྟོང་པ་ཆེན་པོའི་རྣལ་འབྱོར་མཐར་ཕྱིན་པས་ཆོས་སྐུ་ཐོབ། སྙིང་རྗེ་ཆེན་པོའི་རྣལ་འབྱོར་མཐར་ཕྱིན་པས་སྤྲུལ་སྐུ། ཕྱག་རྒྱ་གཅིག་པ་མཐར་ཕྱིན་པས་ལོངས་སྐུ། ཕྱག་རྒྱ་སྤྲོས་པ་མཐར་ཕྱིན་པས་མངོན་པར་བྱང་ཆུབ་པའི་སྐུ། སྐུ་བཞི་ཡེ་ནས་དབྱེར་མེད་ཅིང་འཇིག་དང་བྲལ་བའི་གནས་ལུགས་འགྱུར་མེད་ནི་རྡོ་རྗེའི་སྐུའོ། །དེ་ལྟ་བུའི་སྐུ་ལྔ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །ལུང་གི་ཞབས་བསྡུ་བའོ། །དྲངས། དགོངས་པ་འདུས་པའི་ལུང་ལས་ཀྱང་ནི་འདི་སྐད་དུ། རབ་ཀྱི་དབང་པོ་ཐ་མས་བསྐྱེད་པའང་མ་ཧཱ་ཡོ་ག་ལྟར་གང་སྣང་བ་ཐམས་ཅད་ཐབས་མ་འགག་པ་དང་། ཤེས་རབ་མི་དམིགས་པ་གཉིས་དབྱེར་མེད་པས་རྣམ་པར་དག་པའི་དོན་ལ་དང་པོ་ཐོས་བསམ་གྱིས་ལྟ་བ་དེ་ལྟར་རྟོགས། ཐ་མ་སྤྱོད་པས་བརྟེན་པ་དམ་རྫས་ལྔ་ལ་སོགས་པའི་རྫས་ཉི་ཤུ་པོ་དེ་དག་དང་། རིག་པ་བྱང་ཆུབ་སེམས་དང་ཡེ་ནས་དབྱེར་མེད་པར་བླངས་པས། མཐར་ཐུག་རྒྱལ་བ་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ་རུ་རྫོགས་སངས་རྒྱས་པའོ། །དེ་ནི་འབྲས་བུ་རྣལ་འབྱོར་རྩལ་ཆེན་རྫོགས་པའི་ས་ཞེས་ཟེར་རོ། །ཞེས་གསུངས་ལུང་གི་བགྲོད་དང་གསལ་ཞེས་པ་ནི་གོང་དང་འབྲུ་གནོན་མཐུན་ནོ། །རྗེས་སུ་རྣལ་འབྱོར་ལ་གསུམ་སྟེ། སྣོད་ཐེག་པའི་སྒོ་ནས་བསྟན་པ་དང་། རྒྱས་པར་བཤད་པ་དང་། ལུང་གིས་དོན་བསྡུས་སྟེ་བསྟན་པའོ། །དང་པོ་ནི། དབང་པོ་རབ་ཀྱི་འབྲིང་ལ་འོག་མ་མ་ཧཱ་ཡོ་ག་ལྟར་བསྐྱེད་མི་དགོས་པར་རྫོགས་པའི་ཚུལ་དུ་སྣང་བ་ནི་རྣམ་གྲོལ་རིག་པའི་ཏནྟྲ་སྡེ་ཆེད་བྱས་རྩོལ་བསྒྲུབ་ཀྱི་མཐའ་ལ་འདས་པའོ། །དེའང་འོག་མ་ལ་ལྟོས་པའི་དབང་གིས་འཇུག་སྒོ་ལ་སོགས་བྱེ་བྲག་བདུན་བཤད་པའོ། །རྒྱས་པར་བཤད་པ་ལ་བདུན་སྟེ། བགྲང་། གང་ཟག་དང་། འཇུག་སྒོ་ཐུན་མོང་དུ་བསྟན་པ་དང་། དྲངས། དབང་པོ་རབ་ཀྱི་འབྲིང་དུ་གྱུར་པ་ཨ་ནུ་ཡོ་གའི་ལུགས་ཀྱི་འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་པ་འཇུག་པའི་སྒོ་ཡིན་ནོ། །ལྟ་བ་ལ་གསུམ་སྟེ། བགྲང་། ཆོས་ཅན་གྱི་ངོས་ནས་མ་འདྲེས་པ་དང་། དྲངས། ལུང་ཨ་ནུ་ཡོ་ག་རྣལ་འབྱོར་རྫོགས་པའི་རྟོགས་པའི་ལྟ་བ་ནི། ཡ་གི་བླ་མེད་སངས་རྒྱས་མན་ཆད་ནས་མ་གི་ན་རག་དམྱལ་ཁམས་ཡན་ཆད་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཕྲ་བ་རྡུལ་ཕྲན། རག་པ་རབ་རིབ། བེམ་པོ་འབྱུང་བ་བཞི། རིག་པ་སེམས་དང་། ལས་དཀར་པོ་དགེ་བ་ནག་པོ་སྡིག་པ་གནས་མཐོན་པོ་འོག་མིན་དམན་པ་དམྱལ་བ་བཟང་བ་མཐོ་རིས་ངན་པ་ངན་སོང་གསུམ་ལ་སོགས་པ་རྣམས་མ་འགག་པར་བྱེ་བྲག་རྣམ་པ་ཅིར་ཡང་སྣང་བ་དེ་ཉིད་གང་གིས་ཤེས་ན། ལ་ཤན་ལས། རྗེས་ལ་ཐོབ་འཇུག་རྣལ་འབྱོར་གཞུང་། མ་སྐྱེས་ཡེ་ཤེས་རང་རིག་ཉིད། །རྩལ་རྫོགས་རིག་པ་རང་སྣང་བས། །གྲངས་དག་མ་ངེས་སྐུ་གསུང་ཐུགས། །རང་སྣང་ཕྱག་རྒྱ་བསམ་མི་ཁྱབ། །ཀུན་བཟང་རོལ་ཕྱིར་བླང་དོར་མེད། །ཅེས་སོ། །སྣང་ཙམ་ཉིད་ནའང་ངོ་བོ་མ་སྐྱེས་པ་དང་། དྲངས། ཅི་ཙམ་སྣང་ནའང་། ངོ་བོ་ཉིད་ཀྱིས་མ་སྐྱེས་པས་མཚན་མར་མི་དམིགས། དངོས་པོར་མི་གནས། མཐའི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་རིག་པས་བཟུང་དུ་མེད་ཤིང་མཚན་མའི་དངོས་པོ་མེད་པ་དེ་ནི་དབྱིངས་ཀུན་ཏུ་བཟང་མོ་སྟེ། ལ་ཤན་ལས། གང་ཡང་སེམས་ལས་གཞན་མིན་པས། །རང་བཞིན་ཅིར་ཡང་མ་ཡིན་ཕྱིར། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ཀློང་། །ཅིར་ཡང་སྣང་བ་ཡུམ་གྱི་དབྱིངས། །ཅེས་སོ། །དབྱེར་མེད་པས་ཡེ་ཤེས་རོལ་པའི་རྒྱན་དུ་རྫོགས་པའོ། །དྲངས། མ་སྐྱེས་མ་བཅོས་སེམས་ཀྱི་དབྱིངས་མུ་མཐའ་ཐམས་ཅད་དང་བྲལ་བ། དེ་ཉིད་རང་སྣང་འགག་པ་མེད་པའི་རང་རྩལ་གྱིས་འཁོར་བའི་ཆོས་ཐམས་ཅད་དང་། འདས་པའི་ཆོས་ཐམས་ཅད་མ་འགག་པར་རང་སྣང་བ་དེ་ཉིད་དབྱིངས་ཡེ་ཤེས་དབྱེར་མེད་སྲས་བདེ་བ་ཆེན་པོ། ཡེ་ཤེས་རོལ་པའི་རྒྱན་དུ་ཡེ་ནས་རྫོགས་པར་རྟོགས་པ་ནི་ལྟ་བ་ཡིན་ནོ། །གཡུ་ཐང་ལས། སྣང་སྲིད་བཟང་མོའི་མཁའ་དབྱིངས་ལས། །མ་བསྐྱེད་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ན་ཤར་བ་མེད། །ཡབ་ཡུམ་སྲས་བཅས་བདེ་ཆེན་པོའོ། །ཅེས་པ་དང་། ལ་ཤན་ལས། རང་སྣང་རོལ་པ་བསམ་ཡས་ཀྱང་། །བྷ་གའི་ཀློང་ལས་གཡོས་པ་མེད། །འདུ་འབྲལ་མེད་པའི་བདེ་ཆེན་པོར། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཅེས་སོ། །ཏིང་ངེ་འཛིན་དང་། དྲངས། རྫོགས་པའི་རྣལ་འབྱོར་ཏིང་འཛིན་ནི། མཚན་བཅས་དང་། མཚན་མེད་གཉིས་ཡོད། མཚན་མེད་ནི་ལྟ་བའི་ངང་ལ་ལྷ་སྒོམ་པའི་རྩོལ་བ་དང་བྲལ་བའོ། །མདོ་དགོངས་འདུས་ལས། རྣལ་འབྱོར་ཆེན་པོའི་བསམ་གཏན་ནི། །ཅི་བཞིན་པ་ཡི་དེ་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །མ་ཡེངས་སྐྱེ་འགགས་མེད་པའོ། །ཅེས་སོ། །མཚན་བཅས་ནི་མ་ཧཱ་བཞིན་ཏིང་ངེ་འཛིན་བཞི་པོ་རིམ་གྱིས་མ་བསྐྱེད་དེ་འབར་བ་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དང་། དེས་པ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་རྒྱལ་བའི་དཀྱིལ་འཁོར་རྣམས། དཔེར་ན་རྙོག་མ་དངས་པའི་མཚོ་ལ་གཟའ་སྐར་སྐད་ཅིག་གིས་ཤར་བ་བཞིན། རང་རིག་པའི་རྩལ་གྱི་བྱིན་གྱིས་རླབས་ཀྱིས་རིམ་གྱིས་མི་བསྐྱེད་སྐད་ཅིག་གིས་རྫོགས་པའི་ཚུལ་དུ་བསྒོམ་མོ། །སྤྱོད་པ་ལ་གཉིས་ཏེ། བགྲང་། རྣལ་འབྱོར་ཆེན་པོ་དང་མཐུན་པར་སྤྱོད་པ་དང་། དྲངས། འོག་མའི་སྤྱོད་པ་མཚན་བཅས་ཀྱི་རྣམ་པ་དེ་དག་ལས་གྲོལ་བ་དང་། ནང་དགོངས་པ་རིག་པའི་ཡེ་ཤེས་སུ་སྤྱོད་པ་ནི་ཨ་ནུ་རང་གཞུང་གི་ལུགས་ཡིན་ནོ། །འོན་ཀྱང་དམ་པས་གཞུང་འདིར། རྣལ་འབྱོར་ཆེ་དང་བྱེ་བྲག་མེད་ཅེས་གསུངས་པས། འོག་མ་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་སྤྱོད་པ་རྣམས་འདིར་ཡར་ལྡན་གྱི་ཚུལ་མི་སྤྱོད་པར་མེད་པར་བཞེད་དོ། །ལུང་གི་བརྟུལ་ཤུགས་ཉི་ཤུ་རྩ་གསུམ་མོ། །དྲངས། ཁྱད་པར་གཞུང་གི་དམ་ཚིག་དགུ་ཡིན་ཏེ། རྣམ་རྟོག་དང་། ལེ་ལོ་དང་། འདུ་འཛི་དང་། ཚིག་རྩུབ། ཁྲོ་གཏུམ་སྤང་བ་སྟེ་བདུད་ལྔ་བསལ་བ་དང་། ལྟ་སྤྱོད་སྒོམ་གསུམ་བཅོས་མ་རང་དགར་ཞུགས་པའི་དགྲ། ལྟ་དམན་སྤྱོད་རྩིངས་འཆལ་བའི་དགྲ། རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ལྟུང་བའི་དགྲ། བརྩོན་མེད་ལེ་ལོ་འབྲས་བུ་འཕྲོག་པའི་དགྲ་སྟེ་དགྲ་བཞི་བཟློག་པ་དང་དགུའོ། །གཞན་ཡང་བླ་མའི་གདན་མི་འགོང་བ་སོགས་བསྒྲུབ་པའི་དམ་ཚིག་ཉི་ཤུའོ། །གཉིད་སྤང་བ། ཆང་སྤང་བ་གཉིས། གསང་སྔགས་ཀྱི་བརྡ་སྐད་སྨྲ་བ་དང་གསུམ། ལེ་ལོ་གཞོམ་པ་སྟེ་སྤྱོད་ལམ་གྱི་དམ་ཚིག་བཞི། འདི་རྣམས་ཀྱི་དོན་རྒྱས་པར་དགོངས་འདུས་ཀྱི་ནང་དུ་ཞིབ་བོ། །ལོག་སྲེད་ཅན་འདུལ་བའི་ཆེད་དུ་བརྟུལ་ཤུགས་ཉི་ཤུ་རྩ་གསུམ་པོའི་སྤྱོད་པ་ནི། ཀུན་འདུས་རིག་པ། དགོངས་པ་འདུས་པ། རྔམ་པ་གློག་འཕྲེང་གི་ལུང་ལས་བཤད་པ་དེ་དག་ཡིན། དེའི་དོན་ནི། ཝ་དང་། བསྲུང་བྱ་ལ་འཛེམ། ཅང་ཤེས། མྱུར་མགྱོགས། གྱི་ལིང་དང་། བརྩོན་འགྲུས་དྲག །ཤིན་ཏུ། ཕ་རོལ་གྱི་དམག །གླང་ཆེན། འཇམ་ལྟ་སྤྱོད། མྱོས་འདྲ་བ། དགྲ་བཞི། དཔའ་བརྟུལ་ཞིང་བཅུ་བསྒྲལ་བའི་སྤྱོད་པ། ཟ་བྱེད་གཏུམ་བརྟུལ་ཤུགས་རང་བཞིན་གྱིས། རྔམ་འཁྲུགས། །མཁའ་ལྡིང་རླབས་སུ་ཆོད་པས་ཐམས་ཅད་མ་བལྟས་པར་གསལ། ཁྱུང་ཆེན་གང་མི་བལྟ། །གཏུམ་ཆེན་དོམ་རྣལ་འབྱོར་ལྟ་བ་བརྟུལ་ཤུགས་དོམ་དྲེད་འདྲ་བའི་རྣལ་འབྱོར་པས་དེ་ཚུགས་སུ་བྱེད་བུ་འཇིགས་འདྲལ་བ། །གསང་དོན་དམ་པ་ལ་གསང་བའི་ཡེ་ཤེས་སྤེལ། བ་མི་ལྡོག་རྒྱ་མཚོའི་གསེར། །མུན་གཏི་མུག་ཆེ་བའི་ལས་རང་ཚུགས་སུ་བྱེད། ལྟར་ལྐུག་པའི་བློ་ཚུལ་བཀའ་ལ་ཡང་རིས་སུ་མི་བྱེད་མཐར་ཕྱིན་ནས་སློབ་དཔོན་བརྩི་བར་སེམས་ལ། ལྡན། །ལྷུན་པོ་མི་འགྱུར་བརྟན་པ་ཏིང་ངེ་འཛིན་གྱིས་༼གང་ལ་ཡང་སྤང་ལེན་མེད།༽བརྟུལ་ཤུགས་དེ་དག་གིས་དབང་དུ། ཆེ། །མཁའ་ལྟར་ཡང་དོག་ཀུན་མཆེད་ལྕམ་ནང་དུ་ཤོང་ཡང་ཆེ། དང་བྲལ། །ཁྲོ་བོའི་བཟླས་པ་དྲག་པོ་གང་ལ་ཡང་བབ་པར་འཇོམས། གནམ་ལྕགས་མེ་ཡི་དྲག་ཤུལ་ཅན། །དྲག་ཤུལ་ཆེན་པོའི་ལག་ན་རྡོ་རྗེ་འཇོམས་པའི་རང་བཞིན། བརྟུལ་ཤུགས་བདག །ཁྲོ་བོའི་དགྲ་བགེགས་འཇོམས། ཁུ་འཕྲིག་ལྟ་བུའི་ཟོན་བག་ཅན། །རབ་དང་ཀློང་ལ་མི་ལྟ་བར་ཆུ་དག་ལ་ངེས་པར་རྟིང་ལ་སྲན་ཚུགས། ངེས་པར་གླང་ཆེན་ཆུར་ཞུགས་བརྟན། །དགོན་པར་གཅིག་པུ། ཟླ་མེད་སེང་གེ་གཅིག་བརྗིད་པ། །རེག་རྩ། འཇམ་བྱ་སྙིང་རྗེ་དང་མི་འབྲལ། ལྟར་ཆགས་པས་འགྲོགས། །སྒྱུ་མས་ཕྱག་རྒྱ་སྒོམ། སྒྱུ་མའི་ཚུལ་འདྲིད་པ། །ཕག་ནི་བརྟུལ་ཤུགས་གཙང་སྨེ་མེད་པར་ཀུན་ལ་སྤྱོད། གང་ལ་རྟོག་མེད་ཀུན་སྤྱོད་ཉིད། །ཐོགས་མེད་འགྱུར་སྤྱོད་ཐོགས་མེད་གསོད་པ་ལ་དགའ་བརྩོན་པར་བྱེད། ཟ་བྱེད་ཁ། །ཡིད་ལྟར་མྱུར་བར་གློག་ལྕེ། མགྱོགས་གློག་ལྟར་བར་གློག་རྩེ། འགྱུ། །སྲོག་ལ་འཛེམ། གང་གིས་གང་གོང་ལ་འབྲད་ཁ་ན་མ་ཐོ་བ་ལ་འཛེམ། བསྲུང་ནམ་མཁའ་ལྡིང་། །ས་ཐུབ་བག་རྣལ་འབྱོར་མྱེས་ཐུབ་འགྲོ་བ་སྐྱོང་བ་གཅིག །ལྡན་རྒྱལ་འཁོར་སྐྱོངས། །རྒྱལ་པོ་རྒྱལ་ས་ཞི་ཐུབ་པར་སྐྱོང་། རྣལ་འབྱོར་བརྟུལ་ཤུགས་ཆེན་པོ་ནི། །བཅུ་རྩ་བའི་རྒྱུད་ལས། གཉིས་བླང་དོར་མི་ཆེ་འཁོན་ཆེན་བདག་རྟོག་མེད་ཡེ་ཤེས་མ་རིག་འཇོམས། དང་ནི་གསུམ་བློར་ལྡན། །ཅེས་སོ། །ཝ་ཡི་བརྟུལ་ཤུགས་ཆེན་པོ་ཡིས། །སྤང་པའི་སྐབས་སུ་སྦྱང་བར་བྱ། །ཅང་ཤེས་བརྟུལ་ཤུགས་ཆེན་པོ་ཡིས། །ཤེས་བྱ་ཀུན་ལ་འཇུག་པར་འགྱུར། །ལུས་ཀྱི་རྩལ་གྱིས་བྱ་བ་ཡི། །གྱི་ལིང་བརྟུལ་ཤུགས་ཆེན་པོས་བྱ། །གླང་ཆེན་མྱོས་པའི་བརྟུལ་ཤུགས་ཀྱིས། །མི་འབྱེད་རྨོངས་པའི་བརྟུལ་ཤུགས་བྱ། །སྟག་འཆོང་རྔམ་པའི་བརྟུལ་ཤུགས་ཀྱིས། །དཔའ་བརྟུལ་ཆེན་པོའི་ལས་ཅན་བྱ། །ཁྱུང་ཆེན་མཁའ་ལྡིང་བརྟུལ་ཤུགས་ཀྱིས། །ལྟ་བའི་ཕྱི་རྒྱ་རླབས་ཀྱིས་བཅད། །གཏུམ་ཐུང་དོམ་གྱི་བརྟུལ་ཤུགས་ཀྱིས། །རེ་བ་མེད་པ་ལས་ཅན་བྱ། །རྒྱ་མཚོ་གསེར་གྱི་བརྟུལ་ཤུགས་ཀྱིས། །ཡིད་མཐུན་མི་ལྡོག་བརྟན་པར་བྱ། །ལྐུགས་པ་ལྟ་བུའི་བརྟུལ་ཤུགས་ཀྱིས། །གཏི་མུག་བཞིན་དུ་ཤེས་རབ་ལྡན། །རི་རབ་ལྟ་བུའི་བརྟུལ་ཤུགས་ཀྱིས། །མི་འགྱུར་རབ་ཏུ་བརྟན་པར་བྱ། །ནམ་མཁའ་ལྟ་བུའི་བརྟུལ་ཤུགས་ཀྱིས། །ཡངས་དོག་ཀུན་དང་བྲལ་བར་བྱ། །གནམ་ལྕགས་ལྕེ་ཡི་བརྟུལ་ཤུགས་ཀྱིས། །དྲག་ཤུལ་ལས་ལ་སྦྱོར་བར་བྱ། །ལག་ན་རྡོ་རྗེའི་བརྟུལ་ཤུགས་ཀྱིས། །མཐུ་སྟོབས་དག་ལ་སྦྱོར་བར་བྱ། །བྱ་རོག་བརྟུལ་ཤུགས་ཆེན་པོ་ཡིས། །ཚོར་བ་ཁུ་འཁྲིག་སྤོང་བར་བྱ། །གླང་ཆེན་ཆུར་འཇུག་བརྟུལ་ཤུགས་ཀྱིས། །ངེས་པར་ང་རྒྱལ་བསྐྱེད་པར་བྱ། །རི་དྭགས་སེང་གེའི་བརྟུལ་ཤུགས་ཀྱིས། །གྲོགས་ངན་ལ་སོགས་སྤང་བར་བྱ། །རེག་འཇམ་བྱ་ཡི་བརྟུལ་ཤུགས་ཀྱིས། །འགྲོགས་ནས་ཆགས་ཤིང་བདེ་བར་བྱ། །སྒྱུ་མ་རྒྱ་མཚོའི་བརྟུལ་ཤུགས་ཀྱིས། །ཐབས་ལ་མཁས་པའི་ལས་ཅན་བྱ། །ལྕེ་སྤྱང་ཀ་ཡི་བརྟུལ་ཤུགས་ཀྱིས། །གཙང་སྨེ་མེད་པར་བཟའ་བར་བྱ། །ཐོག་མེད་འགྱུར་སྤྱོད་ཟ་བྱེད་ཝ། །ཐོག་མེད་གསོད་ལ་བརྩོན་པར་བྱ། །ཕག་གི་བརྟུལ་ཤུགས་ཆེན་པོ་ཡིས། །གཙང་སྨེ་མེད་པར་སྤྱོད་པར་བྱ། །བར་སྣང་གློག་གི་བརྟུལ་ཤུགས་ཀྱིས། །ཅི་ལ་མྱུར་སོགས་བརྩོན་པར་བྱ། །མཁའ་ལྡིང་ལྟ་བུའི་བརྟུལ་ཤུགས་ཀྱིས། །ཀུན་ལ་འཛེམ་པའི་སྤྱོད་པ་བྱ། །རྒྱལ་པོ་འཁོར་སྤྱོད་བརྟུལ་ཤུགས་ཀྱིས། །ས་ཐུབ་འཁོར་དང་ལྡན་པར་སྤྱོད། ༈ །འདི་ལ་མཆན་གསལ་པོ་མི་འདུག་སྟེ། རྒྱུད་ཁོ་རང་གི་ནང་དུ་ཅི་ལྟར་ཡོད་པ་བཞིན་བྲིས་སོ། །མདོ་ལས། ཐབས་འཇུག་བསྲེ་བའི་སྤྱོད་པ་ནི། ལོག་སྲེད་ཅན་འདུལ་བའི་ཆེད་དུ་དེ་དག་དང་ཆ་མཐུན་པར་སྤྱོད་པ་སྟེ། ལུང་གི་བརྟུལ་ཤུགས་ཉི་ཤུ་རྩ་གསུམ་བཤད་པའོ། །ཝ་དང་ཅེས་པ་ཝ་གལ་ལ་ཟིན་ཀྱང་སྲོག་ལ་མི་ལྟ་བར་ལག་པ་བཅད་ནས་འགྲོ་བ་ལྟར། རྣལ་འབྱོར་བ་སྲོག་ལ་བབ་ཀྱང་དམ་ཚིག་བསྲུང་བྱ་ལ་འཛེམ། དེའི་མི་མཐུན་ཕྱོགས་བརྟུལ་ཅིང་གཉེན་པོར་དམ་ཚིག་སྟོབས་ཞུགས་པའི་ཐབས་སོ། །ཅང་ཤེས་ཞེས་པ། ཅང་ཤེས་ཀྱི་རྟས་ཐམས་ཅད་ཤེས་ཤིང་མྱུར་མགྱོགས་ཀྱིས་སྟོང་གསུམ་ཡུད་ཙམ་ལ་བསྐོར་བ་ལྟར་ཤེས་རབ་ཀྱིས་ཤེས་བྱ་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་ལ་ཐོགས་པ་མེད་པའི་བརྟུལ་ཤུགས་སོ། །གྱི་ལིང་ཞེས་པ། གྱི་ལིང་རྩལ་ཆེ་བས་ཅིར་ཡང་འགྱུར་བ་ལྟར། ལུས་གུས་པས་གར་དང་ཕྱག་རྒྱ་འཕྲུལ་འཁོར་ལ་བརྩོན་པས་ལེ་ལོ་གཞོམ་པའི་བརྟུལ་ཤུགས་སོ། །ཤིན་ཏུ་གླང་ཆེན་མྱོས་འདྲ་བ། ཞེས་པས། གླང་ཆེན་ཆང་གིས་མྱོས་ན་དགྲ་ཟུན་གང་ཡང་མི་འབྱེད་པར་གང་སྣང་འཇོམས་པ་ལྟར། འཁོར་འདས་མི་འབྱེད་དབྱེར་མེད་དུ་ཤེས་པས་ལྟ་སྤྱོད་ཀྱི་དགྲ་བཞི་འཇོམ་པའི་སྤྱོད་པའོ། །དཔའ་བརྟུལ་ཟ་བྱེད་གཏུམ་རྔམ་འཁྲུག །ཅེས་པས། སྟག་གིས་དམིགས་པ་ལ་དཔའ་ཞིང་བརྟུལ་པས་ཟ་བྱེད་ཀྱི་སེམས་རྔམ་འཁྲུག་དང་ལྡན་པ་ལྟར། རང་བཞིན་གནས་ལུགས་རྟོགས་པའི་ཏིང་ངེ་འཛིན་གྱི་བརྟུལ་ཤུགས་ཀྱིས་དཔའ་བརྟུལ་སྟོབས་དང་ལྡན་ཅིང་། སྤྱོད་པའི་བརྟུལ་ཤུགས་ཀྱིས་ཞིང་བཅུ་བསྒྲལ་བའི་ཐབས་གདུལ་བྱ་དང་མཐུན་པར་ཟ་བྱེད་གཏུམ་རྔམ་འཁྲུག་པའི་ཚུལ་གྱིས་རུ་ཏྲ་བསྒྲལ་ནས་གནས་སྤར་བ་ལྟ་བུའི་སྤྱོད་པའོ། །མཁའ་ལྡིང་ཁྱུང་ཆེན་གང་མི་བལྟ། །ཅེས་པས། ཁྱུང་མཁའ་ལ་ལྡིང་ན་རྩོལ་བ་མེད་པར་གནམ་འཕང་རླབས་ཀྱིས་གཅོད་ཅིང་མ་བལྟས་པར་ཐམས་ཅད་གསལ་བ་ལྟར། ལྟ་བས་དབྱིངས་ཡེ་ཤེས་དབྱེར་མེད་པར་ཐག་ཆོད་པས་རྩོལ་བ་མེད་པའི་སྤྱོད་པའོ། །གཏུམ་ཆེན་དོམ་བུ་འཇིགས་འདྲ་བ། ཞེས་པས། དོམ་གྱིས་གང་ལ་དམིགས་པ་ལ་རེ་ལྟོས་དང་ཐེ་ཚོམ་མེད་པར་འཇིགས་པར་བྱེད་ཅིང་འདྲལ་བ་ལྟར་རྣལ་འབྱོར་ལྟ་སྤྱོད་ཀྱི་གདེང་དང་ལྡན་པས་ཐེ་ཚོམ་ཆོད་པས་དྲག་པོའི་ལས་ཅི་ཚུགས་སུ་བྱ་བའི་བརྟུལ་ཤུགས་སོ། །གསང་ཐུབ་མི་ལྡོག་རྒྱ་མཚོའི་གསེར། ཅེས་པས། རྒྱ་མཚོའི་གཏིང་གི་གསེར་ལྟར་ཟབ་དོན་གསང་ཐུབ་ཅིང་ཉམས་སུ་ལེན་པ་ལ་བློ་མི་ལྡོག་པར་བརྟན་པའི་བརྟུལ་ཤུགས་སོ། །མུན་ལྟར་ལྐུག་པའི་བློ་ཚུལ་ལྡན། ལྐུགས་པ་གཏི་མུག་ཅན་གྱིས་སྔགས་དང་ཕྱག་རྒྱ་དབྱངས་སོགས་སོ་སོར་མི་འབྱེད་པ་ལྟར་འཁོར་འདས་ལ་སོགས་གཉིས་ཅན་རིས་སུ་མི་འབྱེད་པའི་མཉམ་བཞག་གིས་བདག་མེད་རྟོགས་པའི་ཤེས་རབ་མཐར་ཕྱིན་པའི་བརྟུལ་ཤུགས་སོ། །ལྷུན་པོ་མི་འགྱུར་བརྟན་པ་ཆེ། ཞེས་པས་རི་རབ་མི་གཡོ་བ་ལྟར་བླ་མ་དང་གྲོགས་ལ་དད་གུས་མི་འགྱུར་བ་དང་། ཏིང་ངེ་འཛིན་བྱིང་རྒོད་ཀྱིས་མི་གཡོ་བའི་གཉེན་པོ་བརྟེན་པའི་ཐབས་ཀྱི་བརྟུལ་ཤུགས་སོ། །མཁའ་ལྟར་ཡངས་དོག་ཀུན་དང་བྲལ། ཅེས་པས། ནམ་མཁའ་ནི་ཡངས་ལ་རྒྱ་ཆེ་བས་སྤོང་ལེན་མེད་པར་སྣོད་བཅུད་བདེ་སྡུག་ལ་སོགས་པ་ཀུན་ཤོངས་པ་ལྟར། རྣལ་འབྱོར་མཆེད་ལྕམ་གྱི་ནང་དུ་ཤོངས་ཡངས་རྒྱ་ཆེ་བ་དང་། འཁོར་འདས་དང་ཐེག་པ་གང་ཡང་བདག་ཉིད་ཆེན་པོའི་ལྟ་སྤྱོད་འདིའི་ནང་དུ་མི་ཤོངས་པ་མེད་པར་སྤྱོད་པའི་བརྟུལ་ཤུགས་སོ། །དྲག་ཤུལ་ཆེན་པོའི་བརྟུལ་ཤུགས་བདག །ཅེས་པས་ལག་ན་རྡོ་རྗེས་ལོག་ལྟ་ཅན་ཐམས་ཅད་འཇོམས་པ་ལྟར། རྣལ་འབྱོར་པས་ཁྲོ་བོ་བསྒོམ་ནས། དགྲ་བགེགས་ཐེ་ཚོམ་མེད་པར་འཇོམས་པའི་བརྟུལ་ཤུགས་སོ། །ཁུ་འཕྲིག་ལྟ་བུའི་ཟོན་བག་ཅན། ཅེས་པས་བྱ་རོག་གིས་དགྲ་དང་གཅན་གཟན་གཉིས་དུས་གཅིག་ཏུ་མིག་གིས་བསྲུང་བ་ལྟར། ཕྱི་ནང་གི་དམ་ཚིག་འདི་དག་སྤང་ལེན་ལ་རྒྱུན་དུ་བརྩོན་པའི་ཐབས་ཀྱི་བརྟུལ་ཤུགས་སོ། །ངེས་པར་གླང་ཆེན་ཆུར་འཇུག་ལྟར། ཅེས་པས། གླང་ཆེན་ཆུ་རབ་བདེ་བ་དང་རྦ་རླབ་ལ་སོགས་པ་ཐམས་ཅད་ངེས་པ་མེད་པར་འཇུག་ཅིང་གཅོད་པ་ལྟར། བདག་ཉིད་ཆེན་པོའི་ལྟ་སྤྱོད་གདེང་ལྡན་ང་རྒྱལ་གྱིས། སྤངས་གཉེན་གཉིས་མེད་དུ་སྤྱོད་པའམ་ཕྲིན་ལས་བཞིས་གདུལ་བྱ་མི་གདམ་པར་ལས་མཛད་པས་བརྟུལ་ཞུགས་སོ། །ཟླ་མེད་སེང་གེ་གཅིག་བརྗིད་པ། །ཅེས་པས། སེང་གེ་གཅིག་པུར་འདུག་པ་ལྟར་ལྟ་སྤྱོད་མི་མཐུན་པའི་གྲོགས་ངན་སྤངས་ནས་དགོན་པར་གཅིག་པུར་འདུག་ནས་ལྟ་སྒོམ་སྐྱོང་བའི་བརྟུལ་ཞུགས་སོ། །རེག་འཇམ་བྱ་ལྟར་ཆགས་པས་འགྲོགས། །ཅེས་པ། ངང་པ་ཕོ་མོ་མི་འབྲལ་བར་རྒྱུན་དུ་འགྲོགས་ནས་བདེ་བ་ལྟར། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་དང་བཅས་པས་ཐར་པའི་བདེ་བ་ལ་བཀོད་པའི་ཐབས་དང་རྟག་ཏུ་མི་འབྲལ་བར་འགྲོགས་པའི་བརྟུལ་ཞུགས་སོ། །སྒྱུ་མས་སྒྱུ་མའི་ཚུལ་འདྲིད་པ། །ཅེས་པས། སྒྱུ་མ་མཁན་གྱིས་བྱས་པའི་གཟུགས་བརྙན་ལྟ་བུར། ཕུང་ཁམས་སྐྱེ་མཆེད་ཡེ་ནས་རྒྱལ་བའི་དཀྱིལ་འཁོར་སྒྱུ་མ་ལྟ་བུ་ཡིན་པ་ལ། དེ་ལྟར་ལྟ་སྒོམ་གྱིས་ཉམས་སུ་ལེན་ཅིང་སྟོན་པ་ནི། ཐབས་མཁས་ཀྱི་འདྲིད་པའི་བརྟུལ་ཞུགས་སོ། །གང་ལའང་རྟོག་མེད་ཀུན་སྤྱོད་ཉིད། །ཅེས་པས། ཕག་གིས་གཙང་སྨེ་མེད་པར་ཐམས་ཅད་བཟའ་བ་ལྟར། དམ་རྫས་ལྔ་བླང་དོར་མེད་པར་མཉམ་ཉིད་དུ་སྤྱོད་པའི་བརྟུལ་ཞུགས་སོ། །ཐོགས་མེད་འགྱུར་སྤྱོད་ཟ་བྱེད་ཁྭ། །ཞེས་པས། ཅེ་སྤྱང་ཐོགས་པ་མེད་པར་གསོད་པ་ལ་དགའ་བ་བཞིན། ལྟ་སྤྱོད་གོམས་པའི་ཐུགས་རྗེས་ཐོགས་པ་མེད་པར་ལོག་ལྟ་ཅན་གྱི་རྣམ་རྟོག་བསྒྲལ་ཞིང་རྣམ་ཤེས་ཟག་མེད་ལ་བཀོད་པའི་ཚོགས་གཉིས་རྫོགས་པའི་བརྟུལ་ཞུགས་སོ། །ཡིད་ལྟར་མྱུར་མགྱོགས་གློག་ལྟར་འགྱུ། །ཞེས་པ་བར་སྣང་གློག་གིས་ཐམས་ཅད་དུས་གཅིག་ལ་མྱུར་དུ་གསལ་བ་ལྟར། ལམ་ཉམས་སུ་བླང་པའི་རྣལ་འབྱོར་པས་རང་དོན་མྱུར་དུ་འགྲུབ་ཅིང་གཞན་དོན་ཐུགས་རྗེ་མྱུར་དུ་འབྱུང་བར་བརྩོན་པའི་བརྟུལ་ཞུགས་སོ། །གང་གིས་གང་བསྲུང་ནམ་མཁའ་ལྡིང་། །ཞེས་པ་བྱ་རྒོད་གང་ལ་འབྲང་ཡང་སྲོག་གཅོད་ལ་འཛེམ་ནས་བསྲུང་བ་ལྟར། གོང་གི་བརླང་སྤྱོད་ཀྱི་བརྟུལ་ཞུགས་ཕལ་པ་དེ་དག་གཞན་ལ་འཚེ་བ་ལྟར་སྣང་ཡང་ཐེག་པ་འདིར་བདག་ཉིད་ཆེན་པོའི་ཚུལ་དུ་སྤྱད་ན་དམ་ཚིག་སྦྱངས་ཤིང་ཉེས་པ་དག་པའི་བརྟུལ་ཞུགས་སོ། །ས་ཐུབ་བག་ལྡན་རྒྱལ་འཁོར་སྐྱོང་། །ཞེས་པས། རྒྱལ་པོ་བག་དང་ལྡན་པས་རྒྱལ་ས་ནོན་ཅིང་རང་བས་གཅེས་པར་འཁོར་སྐྱོང་བ་ལྟར། ཐེག་པ་འདི་ཉིད་ལྟ་བ་དབྱིངས་ཡེ་ཤེས་དབྱེར་མེད་པའི་བདེ་བ་ཆེན་པོ་རྟོགས་ཤིང་གོམས་པའི་ཐབས་ལ་འབད་པའི་རྣལ་འབྱོར་ནི། བརྟུལ་ཞུགས་ཐམས་ཅད་ཀྱི་རྒྱལ་ས་ནོན་ཏེ་རྣལ་འབྱོར་པ་ཐམས་ཅད་མཉེས་ཐུབ། འགྲོ་བ་སྐྱོང་བའི་སྤྱོད་པའི། ཡང་ན་དབྱེར་མེད་བདེ་བ་ཆེན་པོར་རྟོགས་པས་ཆོས་ཐམས་ཅད་རང་ལས་མི་གཞན་པར་རྟོགས་པ་ནི་འཁོར་སྐྱོངས་ཤིང་ཉེས་པ་རང་སར་དག་པའི་བརྟུལ་ཞུགས་སོ། རྣལ་འབྱོར་བརྟུལ་ཞུགས་ཆེན་པོ་ནི། །བཅུ་གཉིས་དང་ནི་གསུམ་བློར་ལྡན། །ཅེས་པས་དེ་དག་ནི་བདག་དོན་དང་གཞན་དོན་དང་། བདག་གཞན་གཉིས་ཀའི་དོན་དུ་གོ་བར་བྱའོ། །སྤྱིར་བློ་རབ་ཅིག་ཆར་བའི་ཉམས་སུ་བླང་བྱ་ཡིན་ཅིང་ལོག་སྲེད་ཅན་དང་ཆ་མཐུན་བརྟུལ་ཞུགས་ཀྱི་ཐབས་ཀྱིས་ཐར་པ་ལ་འགོད་པའི་ཐབས་སོ། །དམ་ཚིག་ལ་གཉིས་ཏེ། བགྲང་། རྣལ་འབྱོར་གཉིས་ཀའི་སུམ་བརྒྱ་དྲུག་ཅུ་དང་། དྲངས། དམ་ཚིག་བསྲུང་བའི་ཐབས་ནི་འདི་ལྟ་སྟེ། མ་ཧཱ་དང་ཨ་ནུ་གཉིས་ཀའི་ཐུན་མོང་སུམ་བརྒྱ་དྲུག་ཅུ་ལ་སོགས་བསྲུང་མཚམས་མཐའ་ཡས་ཏེ། ཁྱད་པར་དུ་ལུང་རང་གཞུང་གི་དམ་ཚིག་ལ་བདུད་ལྔ་བསལ་བ་དང་། དགྲ་བཞི་བཟློག་པ་དང་དགུ། བསྒྲུབ་པའི་དམ་ཚིག་ཉི་ཤུ། སྤྱོད་ལམ་རྒྱུན་གྱི་དམ་ཚིག་ལ་སོགས་པ་བསྲུང་བའོ། །འདི་རྣམས་ཀྱི་དོན་སྟོད་སྤྱོད་པའི་སྐབས་སུ་བྲིས་ནས་ཡོད། ལུང་རང་གི་གོང་འོག་གི་དམ་ཚིག་ཐམས་ཅད་བསྲུང་བའོ། །དྲངས། གོང་མ་ཨ་ཏིའི་དམ་ཚིག་ནི། མེད་པ་ཕྱལ་བ། གཅིག་པུ། ལྷུན་གྱིས་གྲུབ་པ་ལ་སོགས་པའི་དམ་ཚིག་ཐམས་ཅད་བསྲུང་བ་དང་། འོག་མ་ཧཱ་ཡོ་གའི་སུམ་བརྒྱ་དྲུག་ཅུ་བསྲུང་བའི་བྱེ་བྲག་རྣམས་ནི་ཨ་ནུ་ཡོ་ག་འདི་ཡིས་མི་བསྲུང་བ་གཅིག་ཀྱང་མེད་པའོ། །ཡུན་ལ་གཉིས་ཏེ། བགྲང་། ཟག་བཅས་ཀྱི་ཡུན་དང་། དྲངས། དབང་པོ་རབ་ཀྱིས་ཟླ་བ་གཅིག །རབ་འོག་གིས་ལོ་གཅིག་དང་། འབྲིང གིས་ལོ་བཅུ་གཉིས་ཐ་མས་ལོ་བཅུ་དྲུག་གིས་རྒྱུན་གྱི་ཁྱད་པར་གྱིས་རིམ་གྱིས་པས་འདུན་པ་སེམས་པའི་རྣལ་འབྱོར་ཚོགས་ལམ་པ་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་སྦྱོར་ལམ་པ་དང་། དབུགས་ཆེན་འབྱིན་པའི་རྣལ་འབྱོར་མཐོང་ལམ་པ་དང་། ལུང་ཆེན་ཐོབ་པའི་རྣལ་འབྱོར་སྒོམ་ལམ་པ་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་མཐར་ལམ་པ་དང་ལྔ་རིམ་གྱིས་བགྲོད་པར་འདོད་དོ། །རྣལ་འབྱོར་འདི་རྣམས་ལ་རབ་ལྔ་ཕྲག་དང་། རབ་འོག་བཅུ་ཕྲག་དང་། འབྲིང་སུམ་ཅུ་རྩ་བཞི་དང་། ཐ་མ་བཞི་བཅུའི་ཕྲག་ཏུ་འདོད་དེ། མདོ་ལམ་རིམ་ལས། གཅིག་ཤོས་འཇུག་པ་ལྔ་དང་བཅུ། །སྤྲོས་པས་བཞི་བཅུར་འགྱུར་བ་ཡིན། །ཞེས་སོ། །ཟག་མེད་ལ་སྦྱོར་ཚུལ་ཡུན་དང་བཅས་པའོ། །དྲངས། ལམ་ཅིག་ཆར་བ་འདི་སྦྱོར་ལམ་རིགས་ཆེན་འབྱེད་པའི་སྟེང་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མངོན་སུམ་དུ་ཐོབ་པར་འགྱུར་རོ། །འདི་ནི་འབྲས་བུའི་མཐར་ཐུག་སངས་རྒྱས་ཀྱི་ས་ཡིན་ཏེ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མ་འདྲེས་པར་སྣང་བའི་ཆ་ནས་ཡི་གེ། སྐུ་རིགས་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་རྒྱུན་མི་ཆད་པས་ན་འཁོར་ལོ། སྐུ་དང་ཡེ་ཤེས་འགག་མེད་དུ་ཤར་བས་བསོད་ནམས་ཀྱི་ཚོགས། སྐུ་དང་ཡེ་ཤེས་ཤར་བའི་དུས་དེ་ཉིད་ན་མེ་ལོང་གི་གཟུགས་བརྙན་ལྟར་ཆོས་ཀྱི་དབྱིངས་ལས་མ་གཡོས་པ་ནི་ཡེ་ཤེས་ཀྱི་ཚོགས། དེའི་དུས་སུ་ཚོགས་བསག་པ་གསོག་བྱེད་དང་བྲལ་ནས་ཆོས་སྐུའི་དབའ་ཀློང་གཅིག་ཏུ་གྱུར་པ་ནི་ཚོགས་ཆེན་ཞེས་བྱའོ། །བློ་རིག་པ་དེ་ཉིད་ཀྱི་ངོ་བོར་ཤར་བ་ནི་མངོན་འགྱུར་ཞེས་བྱའོ། །རབ་ཅེས་བྱ་བ་ནི། ཅིག་ཆར་པས་སངས་རྒྱས་ཀྱི་ས་ཐོབ་པའོ། །ཐོད་རྒལ་བས་ཕྱག་རྒྱ་ཆེན་པོའི་རིག་པ་འཛིན་པ་ལུང་ཆེན་ཐོབ་པའི་རྣལ་འབྱོར་དུ་སྦྱོར་བ་ཡིན། དེ་ནས་ལམ་མཐར་ཕྱིན་པའི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་མངོན་སུམ་དུ་གྱུར་པ་ནི་ལམ་གྱི་ཡུན་ཡིན་ནོ། །འབྲས་བུའོ། །དྲངས། དེ་ནས་རིང་པོར་མི་ཐོགས་པར། ཞེས་པས་སོ། །སངས་རྒྱས་ཀྱི་ས་ཐོབ་པ་ལ་རིང་པོར་མི་ཐོགས་པར་ཤེས་བྱའི་སྒྲིབ་པ་བག་ལ་ཉལ་བ་དག་ནས། རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བ་གདལ་བ་ཆེན་པོ་ཆོས་ཉིད་ཀྱིས་ས་ཞེས་བྱ་བའམ། ངན་པའི་སྐྱོན་མཚན་དག་ནས། དབྱིངས་ཡེ་ཤེས་དབྱེར་མེད་པས་ཀུན་བཟང་དབྱེ་བ་མེད་པའི་ས། ཐོག་པ་མེད་པར་མངོན་དུ་གྱུར་ཅིང་སྐུ་རིགས་རྒྱན་གྱི་འཁོར་ལོ་ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པའོ། །ལུང་གིས་ཞབས་བསྡུ་བའོ། །དྲངས། དགོངས་པ་འདུས་པའི་ལུང་ལས་ཀྱང་ནི་འདི་སྐད་དུ་གསུངས། གཞི་ཡེ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པས་ན་གཞིའི་དེ་ཉིད་ཐོས་བསམ་གྱིས་གཏན་ལ་ཕབས་ནས་དབྱིངས་ཡེ་ཤེས་དབྱེར་མེད་མཉམ་པའི་དོན་མངོན་སུམ་དུ་ལྟ་བས་རྟོགས་ཤིང་མཐོང་ནས། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་པ་ཡིན་ལ། དེ་ནས་དེ་ཉིད་ཀྱི་དོན་བསྒོམ་ཞིང་ལམ་མཐར་ཕྱིན་ནས་འབྲས་བུ་སངས་རྒྱས་པའི་དུས་སུ་མཉམ་རྫོགས་ཆེན་པོ་རྟོགས་བྱའི་ཡུལ་དབྱིངས་སྐྱེ་མེད་ཀྱི་གནས་ལུགས་དང་། རྟོགས་བྱེད་ཀྱི་ཤེས་པ་ཡེ་ཤེས་གཉིས་ཡེ་ནས་དབྱེར་མེད་རོ་གཅིག་ཏུ་གྱུར་པའོ། །དེའི་དུས་སུ་ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱའི་ཆོས་ཀུན་སྐྱེ་མེད་ཀྱི་གནས་ལུགས་སུ་ཀུན་རིག་པའོ། །ཀུན་ཏུ་སྣང་ཞེས་པ་ནི། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱའི་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་མི་མཁྱེན་པ་ཅི་ཡང་མེད་པའོ། །ཀུན་རྫོབ་ཅེས་པ་ནི། དབྱེར་མེད་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་སྙེད་མཁྱེན་པའི་དུས་དེ་ཉིད་ནའང་ཇི་ལྟ་བའི་རང་རླབ་ལས་མ་གཡོས་པའོ། །ཐམས་ཅད་བདལ་བ་ཆོས་ཉིད་ས། །ཞེས་གསུངས་ལུང་གི་བགྲོད་དང་གསལ། ཞེས་པ་ནི་གོ་སླའོ། །རྫོགས་པ་ཆེན་པོ་འཆད་པར་བྱེད་པ་ལ། སྤྱི་དོན་དང་། གཞུང་དོན་གཉིས། དང་པོ་ལ། མཚོན་བྱེད་རྒྱུད་དང་། མཚོན་བྱ་དོན་གཉིས་ལས་དང་པོ་ནི། ཨ་ཏིའི་བསྟན་པ་ནམ་མཁའ་དང་འདྲ་སྟེ་མཐའ་མེད་པར་བསྟན་པའོ། །དེའང་ཕྱོགས་ཙམ་ཅིག་མཚོན་ན། སེམས་སྡེའི་སྐོར་དང་། རྒྱུད་སྡེའི་སྐོར་དང་། ཀློང་སྡེའི་སྐོར་དང་། ཤན་འབྱེད་བྲམ་ཟེའི་སྐོར་དང་། ལ་བཟླ་རྒྱལ་པོའི་སྐོར་དང་། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་སྐོར་དང་དྲུག་གོ། །དང་པོ་སེམས་སྡེ་བཅོ་བརྒྱད་ལ་རྨད་བྱུང་དང་། རིག་པ་མཆོག་གི་དང་བཀྲ་ཤིས་མི་འགྱུར་གསལ་བར་གནས་པའི་རྒྱུད་ལ་སོགས་པ་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དེ། སྔ་འགྱུར་ལྔ་དང་ཕྱི་འགྱུར་བཅུ་གསུམ་ལ་སོགས་དཔག་ཏུ་མེད་པ་ཡོད་པར་གསུངས་སོ། །ཀློང་སྡེའི་སྐོར་ལ་བཞི་སྟེ་ཕྱི་རྩིས་རྒྱའི་སྐོར་ལ་གླང་པོ་ཆེ་རབ་འབོག་གི་རྒྱུད་ལ་སོགས་པ་གཟེར་བུ་བརྒྱ་དང་བརྒྱད་ཅུ། ནང་གསང་རྒྱའི་སྐོར་ལ་ཀུན་ཏུ་བཟང་མོ་རིག་པ་རང་རྩལ་ཤར་བའི་རྒྱུད་ལ་སོགས་མན་ངག་བརྒྱ་དང་བརྒྱད་ཅུ། གསང་བ་རྒྱུད་བུ་ཆུང་གི་སྐོར་ལ། རིན་ཆེན་བཀོད་པའི་རྒྱུད་ལ་སོགས་པ་བསམ་གཏན་བརྒྱ་དང་བརྒྱད་ཅུ། དགོངས་པ་གཏད་རྒྱའི་སྐོར་ལ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལ་སོགས་པ་ལ་བཟླ་བརྒྱ་དང་བརྒྱད་ཅུ་ཡོད་པར་གསུངས་སོ། །ནམ་མཁའ་ཆེ་ལ་ཡང་། གོང་གི་བཤད་ལུགས་བཞི་པོ་དེ་རྣམས་ཡོད་པར་གསུངས་སོ། །རྒྱུད་སྡེའི་སྐོར་ལ་ནམ་མཁའ་མཐའ་མཉམ་དང་། ཉ་མོ་འཁོར་ལོའི་རྒྱུད་ལ་སོགས་པ་རྒྱུད་བཞི་བཅུ་ཞེ་གཉིས་མན་ངག་དང་བཅས་པ་ཡོད་པར་གསུངས་སོ། །བྲམ་ཟེའི་སྐོར་ལ། བྲམ་ཟེ་རྩ་བའི་རྒྱུད་དྲུག །མན་ངག་གི་རྒྱུད་སུམ་ཅུ་སོ་དྲུག་ཡོད་པར་གསུངས་སོ། །དེ་ལ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་དང་། ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་དང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་ཡོངས་ཀྱི་རྒྱུད་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་དང་། ངེས་དོན་འདུས་པ་གཏེར་གྱི་རྒྱུད་དང་། འཁོར་བ་རྩད་ནས་གཅོད་པའི་རྒྱུད་དང་། སྤྱི་རྒྱུད་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པའོ། །ལ་བཟླ་རྒྱལ་པོའི་སྐོར་ནི། བཀྲ་ཤིས་དུས་ཚོད་འཛིན་པ་ཁུ་བྱུག་རོལ་པའི་རྒྱུད་དང་། ཡོན་ཏན་རྩལ་ཆེན་རྫོགས་པའི་རྒྱུད་དང་། ཐིག་ལེ་སྒྲོན་མ་གསང་བ་བཀོད་པའི་རྒྱུད་དང་། ཀུན་བྱེད་རྒྱལ་པོ་དང་རིག་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་རྩ་བའི་རྒྱུད་ལྔ་དང་། ཡན་ལག་གི་རྒྱུད་སྡེ་བརྒྱ་ཐམ་པ་མན་ངག་དང་བཅས་པ་ཡོད་པར་གསུངས་སོ། །མན་ངག་གི་སྐོར་ལ། གབ་པ་མངོན་དུ་བྱུང་བ་གབ་པ་འཁོར་ལོའི་སྐོར་དང་། རིག་པ་གནད་ལ་འབེབ་པ་སྒོམ་པའི་སྐོར་དང་། ཆོས་ཉིད་མ་བུ་སྤྲད་པ་རྫོང་འཕྲང་གི་སྐོར་དང་། རང་གྲོལ་མངོན་སུམ་དུ་སྟོན་པ་རྒྱུད་ཐ་མའི་སྐོར་དང་། དེ་རེ་རེ་ལའང་རྒྱུད་མན་ཆད་དང་བཅས་པ་དུ་མ་ཡོད་པར་གསུངས་སོ། །དེ་ཚེ་རེ་རེའི་ཁོང་ནས་ཀྱང་མུ་སྟེགས་ལ་སོགས་པའི་ལོག་རྟོག་བསལ་བ་དང་། ཐེག་པ་རིམ་པ་བརྒྱད་ཀྱི་ཤན་ཕྱེ་བ་དང་། རྫོགས་པ་ཆེན་པོར་ལ་བཟླ་བ་དང་། རང་གྲོལ་མངོན་སུམ་དུ་ངོ་སྤྲད་པ་ལ་སོགས་པ་ཐེག་པ་ཐམས་ཅད་ཀྱི་འདོད་ལུགས་ཡོངས་སུ་རྫོགས་པར་གསུངས་སོ། །དེ་ལ་སོགས་ཏེ་ཀེའུ་ཚང་གི་སྐོར་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པའི་སྐོར་ལ་སོགས་པ་དང་། དོམ་སྒྲོའི་སྐོར་དང་། སྤྲོས་བྲལ་དོན་གསལ་གྱི་སྐོར་དང་། སྤྱི་ཏིའི་སྐོར་དང་། རྒྱལ་པོའི་བླ་གཏེར་གྱི་སྐོར་དང་། ཀུན་འགྲོའི་སྐོར་ལ་སོགས་པ་བརྗོད་ལས་འདས་པ་ཡོད་པར་གསུངས་སོ། །མཚོན་བྱ་དོན་ལ་བཞི་སྟེ། ཐེག་པ་འོག་མ་བསྐྱེད་རྫོགས་གཉིས་ཀྱི་དོན་དང་ཤན་ཕྱེ་བ་དང་། གོལ་ས་བསྟན་པ་དང་། རྫོགས་པ་ཆེན་པོའི་ཆེ་བའི་ཡོན་ཏན་དང་། རྟོགས་ཤིང་གྲོལ་བའི་ཐབས་དང་བཞིའོ། །དང་པོ་ཤན་ཕྱེ་བ་ནི། མ་ཧཱ་ཡོ་གས་སྣང་བ་སེམས་ཀྱི་ཆོ་འཕྲུལ་དང་། ཨ་ནུས་སེམས་ཀྱི་རྩལ་དུ་སྣང་བར་འདོད་དེ། ཨ་ཏིས་ནི་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་བའི་ཁྱད་པར་ཡོད། འོག་མ་གཉིས་ཀྱིས་སེམས་ལ་སྣང་བའི་ཆོ་འཕྲུལ་དང་རྩལ་དུ་འདོད་པས། གཞི་སེམས་སུ་ལྟ་ཞིང་ཤུགས་ཀྱིས་འཛིན་པའི་ཆ་དང་མ་བྲལ་བའོ། །ཨ་ཏི་ནི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། ཆོས་ཀུན་མཉམ་པ་ཉིད་དུ་རང་གྲོལ་བའོ། །ཡང་མ་ཧཱས་སྣང་བ་ཆོས་ཉིད་དུ་འདོད་ལ། བརྟག་ཞེན་གཉིས་ཆོས་ཉིད་དུ་མི་འདོད་པའོ། །ཨ་ནུས་སྣང་བརྟག་གཉིས་ཆོས་ཉིད་དུ་འདོད་ལ། ཞེན་པ་མི་འདོད་པའོ། །ཨ་ཏིས་ཆོས་ཀུན་རང་བྱུང་གི་ཡེ་ཤེས་མངོན་དུ་སྣང་བས་ཞེན་པ་བཅོས་སླད་མེད་པར་ཆོས་ཉིད་དུ་འདོད་ཅིང་ཆོས་ཉིད་མིན་པའི་ཆོས་གཅིག་ཀྱང་མེད་པའོ། །གཉིས་པ་གོལ་བ་ལ་བཞི་སྟེ། ཨ་ཏི་ལ་སྐུར་པ་བཏབ་པའི་ཉེས་དམིགས་དང་། ཁ་འབྱམས་ཚིག་གི་ལྟ་བས་གོལ་བ་དང་། མ་རྟོགས་པའི་བསྒོམ་པས་གོལ་བ་དང་། ཨ་ཏི་ལ་ལྟོས་ན་ཨ་ནུ་མན་ཆད་གོལ་བའོ། །དང་པོ་རྫོགས་པ་ཆེན་པོའི་བསྟན་པ་ནམ་མཁའ་དང་འདྲ་ཞིང་། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ། བློ་ཆུང་ཕྱོགས་འཛིན་ཅན་རྣམས་ཀྱིས་བསྐུར་པ་བཏབ་པས། ནམ་མཁའ་གནས་ཀྱི་བར་དུ་དམྱལ་བར་འགྲོ་བར་གསུངས་ཏེ། སྐྱོབ་པ་ལས། ཁྱོད་ཀྱིས་བློ་ཆུང་གཞན་དུ་སྤེལ་མི་བྱ། །གལ་ཏེ་སྤེལ་ན་གང་ཟག་དེ་ཉིད་ཀྱིས། །ཀུན་བཟང་དགོངས་པ་འདི་ལ་གཤེ་གྱུར་ན། །ནམ་མཁའ་ཅི་སྲིད་གནས་ཀྱི་བར་དུ་ནི། །ཤི་བའི་འོག་ཏུ་རྡོ་རྗེའི་དམྱལ་བར་འགྲོ། །ཞེས་སོ། །གཉིས་པ་ཁ་འབྱམས་ཚིག་གི་ལྟ་བ་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྣང་ཞིང་ཡེ་ནས་སངས་རྒྱས་པ་ཉིད། བློ་ཆེ་བ་རྣམས་ཀྱིས་ད་ལྟར་གྱི་སྣང་བ་འདི་ཉིད་མ་བཅོས་མ་བསླད་པར་རང་བྱུང་གི་ཡེ་ཤེས་དང་དབྱེར་མེད་དུ་རྟོགས་ནས་གྲོལ་བ་དེ་བློ་ཆུང་བ་རྣམས་ཀྱི་མ་གོ་ནས། འཁྲུལ་གྲོལ་ཤན་མ་ཕྱེད་པར་ཁ་འབྱམས་ཚིག་གི་ལྟ་བ་ལ་ཞེན་ནས། སྣང་བ་འདི་ལྟར་སངས་རྒྱས་ཡིན། །ཞེས་དངོས་པོ་རང་གར་སྨྲ་བ་ནི་གོལ་བ་ཡིན་པར་གསུངས་ཏེ། ནམ་མཁའ་ཀློང་ཡངས་ལས། ཉམས་སུ་མ་བླངས་ཁ་ཚིག་གིས། །ཆགས་སྡང་ཟིལ་གྱིས་མི་ནོན་ཅིང་། །སྐྱེ་བོ་རང་རྒྱུད་པ་རུ་གོལ། །ཅེས་གསུངས་སོ། །གསུམ་པ་དོན་མ་རྟོགས་པར་བསྒོམས་ཀྱང་གོལ་བར་གསུངས་ཏེ། ནམ་མཁའ་ཀློང་ཡངས་ལས། རང་སེམས་དོན་ཉིད་མ་རྟོགས་པར། །སྒོམ་དུ་འགྲོ་བ་སྙིང་རེ་རྗེ། །རྐྱལ་མ་སྦྱངས་པར་ཆུར་འཇུག་ལྟར། །དེ་བཞིན་མ་རྟོགས་སུས་བསྒོམ་པར། །འབྲས་བུ་མི་འབྱུང་བདུད་ཀྱི་ལས། །ཞེས་སོ། །བཞི་པ་ཨ་ཏི་ལ་ལྟོས་ནས་ཨ་ནུ་མན་ཆད་གོལ་བར་གསུངས་ཏེ། དེའང་ཆོས་ཀུན་རང་བྱུང་གི་ཡེ་ཤེས་རང་སྣང་ཞིང་ཡེ་ནས་འདུས་མ་བྱས་པའི་ཡེ་ཤེས་སུ་སངས་རྒྱས་པ་ལ། ཉན་རང་གིས་སྐྱོན་དུ་བཟུང་ནས་སྤང་ཞིང་དགག་པས་གོལ་བ་དང་། དབུ་སེམས་གཉིས་ཀྱིས་སྦྱངས་པས་གོལ་བ་དང་། ཀྲི་ཡོག་པ་དང་གསང་སྔགས་ནང་པ་གཉིས་ཀྱིས་བསྒྱུར་ཅིང་དབང་དུ་བྱེད་པས་རང་བྱུང་ཡེ་ཤེས་ལ་བཅོས་ཞིང་གོལ་བར་གསུངས་ཏེ། མདོ་བཅུ་པ་ལས། མདོ་སྡེ་དང་ནི་ཀྲི་ཡ་དང་། །ཨུ་པ་ཡ་དང་ཡོ་ག་དང་། །མ་ཧཱ་ཡོ་ག་ཨ་ནུ་དྲུག །རྫོགས་པ་ཆེན་པོའི་གོལ་ས་སྟེ། །ཞེས་སོ། །གསུམ་པ་རྫོགས་པ་ཆེན་པོའི་ཆེ་བའམ་ཡོན་ཏན་ལ་དྲུག་སྟེ། བཀའ་རྫོགས་པ་ཆེན་པོ་ལྔ་བརྒྱའི་ཐ་མ་ལ་བྱང་ཕྱོགས་ཁ་བ་ཅན་གྱི་ཞིང་ཁམས་དེར་དར་ཤིང་། སེམས་ཅན་གྱི་སྒྲོན་མེ་བྱེད་པར་ལུང་བསྟན་པ་དང་། བསྟན་པ་འཛིན་ཅིང་འཆང་བའི་ཡོན་ཏན་དང་། མོས་པའི་ཡོན་ཏན་དང་། ཉན་པའི་ཡོན་ཏན་དང་། གཞུང་བཞིན་བཤད་པའི་ཡོན་ཏན་དང་། རྟོགས་ཤིང་བསྒོམ་པའི་ཡོན་ཏན་དང་དྲུག་གོ། །དང་པོ་ནི། བསྟན་པའི་སྙིང་པོ་བཀའ་རྫོགས་པ་ཆེན་པོ་འདི། ལྔ་བརྒྱའི་ཐ་མ་ལ་བོད་ཁ་བ་ཅན་གྱི་ཞིང་ཁམས་འདིར་དར་བར་གསུངས་ཏེ། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། །སངས་རྒྱས་བསྟན་པ་འཇིག་ཁའི་ཚེ། །འཛམ་གླིང་བོད་ཀྱི་བྱང་ཕྱོགས་སུ། །སྡེ་སྣོད་ཆོས་ཀུན་ནུབ་གྱུར་ཅིང་། །དེ་ཚེ་སྐལ་ལྡན་འགའ་འགའ་ལ། །རང་སེམས་རྟོགས་པ་ཙམ་གྱིས་ནི། །འབྲས་བུ་སངས་རྒྱས་དུས་འདིར་འབྱུང་། །ཞེས་སོ། །གཉིས་པ་དམ་པའི་ཆོས་འདི་ལ་མོས་པ་དང་། འཛིན་ཅིང་འཆང་བ་དང་། བྲིས་ན་ཡང་རྒྱལ་བ་ཀུན་གྱི་བུ་བཞིན་དུ་སྐྱོང་བར་བཤད་དེ། ནམ་མཁའ་མཐའ་མཉམ་ལས། ཀློག་དང་བྲིས་དང་འཛིན་པ་དག །ཀུན་ཀྱང་བུ་བཞིན་སྐྱོང་བར་བྱེད། །ཅེས་སོ། །གསུམ་པ་འདི་ལ་མོས་པར་བྱེད་པ་ནི་སངས་རྒྱས་རྣམས་དང་མཉམ་ཞིང་སངས་རྒྱས་པར་གསུངས་ཏེ། འདི་ལ་མོས་པའི་གང་ཟག་ནི། །སངས་རྒྱས་རྣམས་དང་སྐལ་པ་མཉམ། །ཞེས་སོ། །བཞི་པ་གཞུང་འདི་ཉན་ཅིང་སྤྱོད་ནའང་སངས་རྒྱས་པར་གསུངས་ཏེ། ཅན་ཕྲང་ལས། གཞུང་འདི་ཐོས་ཤིང་ཉན་པའང་། །དུས་གསུམ་སངས་རྒྱས་དགོངས་པ་ཐོབ། །ཅེས་སོ། །ལྔ་པ་གཞུང་བཞིན་སྤྱོད་པའི་ཡོན་ཏན་ནི། གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་སོ། །དྲུག་པ་རྟོགས་ཤིང་བསྒོམ་པའི་ཡོན་ཏན་ལ་གཉིས་ཏེ། རྟོགས་ནས་བསྒོམ་ན་ཡང་སངས་རྒྱས་པའི་ཡོན་ཏན་ནི། ངེས་དོན་འདུས་པ་ལས། དབང་པོ་རབ་ཀྱི་དོན་དུ་ནི། །བསྟན་པ་ཙམ་གྱིས་རྟོགས་པའི་ཆོས། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། །ཤེས་པ་ཙམ་གྱིས་སངས་རྒྱས་ངེས། །ཞེས་སོ། །རྟོགས་ཤིང་གོམས་པར་བྱེད་པའི་ཡོན་ཏན་ལ་བཅུ་བཞི་སྟེ། གོལ་ས་ཐམས་ཅད་དུས་གཅིག་ཏུ་ཆོད་པའི་ཡོན་ཏན་དང་། སྒྲིབ་པ་ཐམས་ཅད་དུས་གཅིག་ལ་དག་པའི་ཡོན་ཏན་དང་། ཚོགས་གཉིས་དུས་གཅིག་ལ་རྫོགས་པ་དང་། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཀའ་ཉན་པ་དང་། མཆོད་པ་ཐམས་ཅད་ཀྱི་མཆོག་ཡིན་པ་དང་། སྐྱབས་འགྲོ་གསུམ་རྫོགས་པ་དང་། སྡོམ་པ་གསུམ་རྫོགས་པ་དང་། ཤེས་རབ་གསུམ་རྫོགས་པ་དང་། དགེ་བ་བཅུ་རྫོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་དང་། ཚད་མེད་པ་བཞི་རྫོགས་པ་དང་། གསང་སྔགས་ཀྱི་བསྒྲུབ་པ་མ་ལུས་པ་རྫོགས་པ་དང་། ས་དང་ལམ་དུས་གཅིག་ལ་རྫོགས་པ་དང་། འབྲས་བུ་སྐུ་ལྔ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པའོ། །འདི་རྣམས་ཀྱི་དོན་རྒྱས་པར་གསང་སྒྲོན་ལེའུ་བཅུ་གསུམ་པ་ཡོན་ཏན་ཡར་ལྡན་གྱི་ལེའུ་དང་། རྟོགས་ལྡན་ཤག་རྡོར་གྱིས་ཐེག་སྤྱིའི་ཆེན་མོར་བཀོད་འདུག་པས་དེར་གཟིགས་མཛོད། བཞི་པ་རྟོགས་ཤིང་གྲོལ་བར་བྱེད་པའི་ཐབས་ནི། སྤྱིར་རྫོགས་ཆེན་གྱི་ལུགས་ལ། ལྟ་བ་གཏན་ལ་དབབ་པར་བྱེད་པ་ལ་ཆེ་བ་ལྔ་དང་། ཐིག་ལེ་དྲུག་དང་། གཏན་ཚིག་བཞི་དང་། བདག་ཉིད་ཆེན་པོའི་གཏན་ཚིག་ལ་སོགས་པ་རྣམས་ཀྱིས་གཏན་ལ་ཕབ་ནས་ལྟ་བ་རྟོགས་པར་བྱེད་པའོ། །སྒོམ་པ་ལ། ཡང་རབ་གཅིག །རབ་གཅིག །འབྲིང་གཅིག །ཐ་མ་གཅིག་དང་བཞིའོ། །སྐྱོབ་པ་ལས། ཡང་རབ་རབ་དང་འབྲིང་དང་ཐ་མ་གྲོལ། །ཅེས་གསུངས་སོ། །དབང་པོ་ཡང་རབ་གཅིག་ཤེས་བྱ་གཅིག་ཆོད་རྟོགས་གྲོལ་ལམ་ཐར་པ་དུས་མཉམ་པ་ནི། ཡེ་ཤེས་གསང་བ་ལས། སློབ་ཚུལ་རིམ་གྱིས་མ་ཡིན་ཀྱང་། །མ་བགྲོད་ཅིག་ཆར་འཇུག་པའི་ས། །ཞེས་སོ། །རབ་རྟོགས་པའི་དོན་ལ་གནས་པ་ཙམ་གྱིས་གྲོལ་བ་ནི། ནམ་མཁའ་ཀློང་ཡངས་ལས། དབང་པོ་རབ་ཀྱི་སྒོམ་པ་ལ། །མཉམ་དང་མི་མཉམ་མེད་པའི་ཕྱིར། །འབྲལ་མེད་དོན་ལ་རྩོལ་མི་དགོས། །སྤྲིན་མེད་ནམ་མཁའ་ཇི་བཞིན་ནོ། །ཞེས་སོ། །འབྲིང་རྟོགས་པའི་དོན་ལ་གཉུག་བསྲིང་ནས་ཉམས་སུ་བླངས་པས་གྲོལ་བ་ལ། བློ་བཞག་ཐབས་དང་། བཅོས་ཐབས་དང་། ཉམས་རྟོགས་བརྟན་པ་གསུམ་དུ་འདུས། ཐ་མ་གདམས་ངག་གིས་ངོ་སྤྲད་དེ། ཉམས་རིམ་པ་ལྟར་སྐྱེས་ནས་གྲོལ་བའོ། །དེ་ཡང་བྲམ་ཟེ་སྐོར་གྱི་ལུགས་ལ། དང་པོར་གནས་པའི་ཏིང་ངེ་འཛིན། གཉིས་པ་ནི་མི་གཡོ་བ། གསུམ་པ་མཉམ་པ་ཉིད་དུ་འགྱུར། བཞི་པ་ཡེ་ཤེས་ལྷུན་གྱིས་གྲུབ་པ་དང་བཞིའི་སྒོ་ནས་ལམ་བགྲོད་ནས་གྲོལ་བར་གསུངས། རྫོགས་ཆེན་ཀློང་སྡེའི་ལུགས་ལ། ཆོས་ཉིད་མངོན་སུམ་ཉམས་གོང་འཕེལ། རིག་པ་ཚད་ཕེབ། ཆོས་ཉིད་ཟད་སར་སྐྱོལ་བ་དང་བཞིའི་སྒོ་ནས་གྲོལ་བར་གསུངས། དེ་ལ་སོགས་པ་རྫོགས་ཆེན་རང་གཞུང་ནས་ལམ་བགྲོད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པ་དོན་ལ་གནད་གཅིག་པར་ཤེས་པར་བྱའོ། །ད་ནི་གཞུང་དོན་བཤད་པར་བྱ་སྟེ། རྫོགས་པ་ཆེན་པོ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཕྱེ་སྟེ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། ཐེག་པའི་ཆེ་བའམ་དོན་དབྱེར་མེད་པ་དང་། དྲངས། ཐེག་པ་གསུམ་མམ་དགུ་ཀུན་གྱི་སྤྱི་དཔལ་ནི་རྫོགས་པ་ཆེན་པོ་ཡིན་ཏེ། འདི་ནི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་རྗེ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། ཆོས་ཐམས་ཅད་ཀྱི་རྩ་བ། བསྟན་པ་ཐམས་ཅད་ཀྱི་སྒྲོན་མེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་བཅུད་འདུས་པ་དམ་ཆོས་རྫོགས་པ་ཆེན་པོ་འདི་ཡིན་ནོ། །གཏན་ཚིག་དེ་བས་ན། ཤིན་ཏུ་རྣལ་འབྱོར་ཐེག་པའི་བློ་ཞེས་བྱའོ། །འདི་ཉིད་ཀྱི་དོན་ལ་ཐེག་པ་འོག་མ་བཞིན་བྱེད་རྩོལ་མི་དགོས་པས་བྱ་བྲལ། ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས་རྫོགས་པ་དེ་ལྟ་བུའི་དོན་ལ་བློ་གནས་པས་རྣལ་འབྱོར་གཞི་ལམ་འབྲས་གསུམ་དབྱེར་མེད་ཅིང་འབྲེལ་པས་ན་རྒྱུད་ཅེས་བྱའོ། །དེ་ལྟ་བུའི་རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕྱིར་ན་ཚིག་གི་ཐ་སྙད་འཇུག་སྒོ་ལ་སོགས་པའི་བྱེ་བྲག་མ་མཆིས་ཏེ། འོན་ཀྱང་ཐེག་པ་འོག་མ་ལ་ལྟོས་པའི་དོན་གྱིས་འཇུག་སྒོ་ལ་སོགས་བདུན་དུ་དབྱེ་བའོ། །འོག་མ་ལྟོས་ནས་ཡོན་ཏན་རྒྱུད་ལ་སྐྱེ་ཚུལ་གྱི་ངོས་ནས་དབྱེ་བའོ། །དྲངས། ཐེག་པ་འོག་མ་ཀུན་གྱི་ལྡོག་ཕྱོགས་ཀྱིས། འཇུག་སྒོ་ལ་སོགས་བདུན་དུ་དབྱེ་བ་ཡིན། འདི་ཉིད་ཀྱི་ངོ་བོ་ལ་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ། ལྷུན་གྱིས་གྲུབ་པས་འཇུག་སྒོ་ལ་སོགས་པའི་ཐ་སྙད་བདུན་པོ་ཀ་ནས་དག་པའོ། །བདུན་དུ་དབྱེ་བ་ཡང་། ལྟ་བ་རྟོགས་པ་གཅིག་པུའི་ངོས་ནས་རྫོགས་པར་ཤེས་པར་བྱའོ། །དེ་ཡང་རྫོགས་ཆེན་ལ། མ་ཧཱ་རྫོགས་ཆེན་གཅིག་ཡོད་པ་མཁའ་འགྲོ་སྙིང་ཐིག་ལྟ་བུ། ཐོག་མར་བསྐྱེད་རིམ་བཤད་ཅིང་མཐར་རྫོགས་ཆེན་ལ་ངོ་སྤྲད་པ་དང་། གསང་སྙིང་ལེའུ་བཅུ་གསུམ་པའི་ཨུ་རྒྱན་པདྨ་ལྟ་ཕྲེང་གི་ནང་དུ་རྫོགས་ཆེན་གྱི་དགོངས་པ་བསྟན་པ་དང་། རྟོགས་པ་བཞི་དག་པ་གསུམ་གྱི་སྒོ་ནས་ངོ་སྤྲད་པ་ལྟ་བུ་ཡིན། འདིའི་ལུགས་ཀྱིས་རང་བཞིན་རྫོགས་པ་ཆེན་པོ་ཉིད་ཀྱི་ཆོས་སྐད་དེ་ལྟ་བུ་སྨྲའོ། །ཨ་ནུའི་རྫོགས་ཆེན་ནི། མདོ་དགོངས་འདུས་ཀྱི་བྱུང་ཚུལ་བཅུ་གཉིས་ཀྱི་ནང་ནས་བཤད་པ་འདི་ཉིད་ཡིན། འདིའི་ཆོས་སྐད་ལ། རྫོགས་ཆེན་སྤྱིར་ཆིབས་པ་ཞེས་པ་ནི། གཏན་ཚིག་བཞིའི་གཏན་ལ་ཕབ་པ་ཡིན། རྫོགས་ཆེན་གྱི་རྫོགས་ཆེན་ནི། ཀུན་བྱེད་རྒྱལ་པོ་ལས། ཞེ་སྡང་རང་བྱུང་ཆེན་པོ་དང་། འདོད་ཆགས་རང་བྱུང་ཆེན་པོ་དང་། གཏི་མུག་རང་བྱུང་ཆེན་པོ་དང་། དེ་ལ་སོགས་པ་ཤེས་བྱ་སྲིད་ཚད་ཐམས་ཅད་རང་བྱུང་ཡེ་ཤེས་སུ་གཏན་ལ་ཕབ་པའོ། །འདིའི་ཆོས་སྐད་ལ་ཐིག་ལེ་དྲུག་དང་། ཆེ་བ་ལྔ་དང་། བདག་ཉིད་ཆེན་པོ་དང་། ལུང་ལས་མ་བྱུང་བའི་གཏན་ཚིག་དང་། རྒྱུ་ལས་མ་བྱུང་བའི་འབྲས་བུ་དང་། སེམས་ལས་མ་བྱུང་བའི་སངས་རྒྱས་ཏེ། འདི་རྣམས་རྫོགས་ཆེན་རང་གཞུང་གི་ཆོས་སྐད་ཡིན་པར་ཤེས་པར་བྱའོ། །གཞན་ཡང་རྟོགས་ལྡན་ཤག་རྡོར་པས། ཐེག་སྤྱིའི་ནང་དུ་ཆེ་བ་ལྔའི་གཏན་ལ་ཕབ་པ་ནི་འདི་ལྟ་སྟེ། ཨ་ཏི་འདུས་མ་བྱས་ཀྱི་ཡེ་ཤེས་ཆེ་བ་ལྔར་སངས་རྒྱས་པ་ནི། ཡིད་སྐྱོབས་ལས། མ་སྤངས་མི་གནས་མི་ལྟོས་རག་མ་ལུས། །ཐ་སྙད་ཀུན་དང་བྲལ་བའི་འབྲས་བུ་ཆེ། །རང་བཞིན་ལྷུན་གྲུབ་འདུས་མ་བྱས་པས་ན། །འབྲས་བུའི་རྒྱལ་པོ་ཁྱད་པར་དཔག་སྟེ་ཆེ། །ཞེས་པས། ཆོས་སྐུ་སེམས་ཉིད་རང་སྣང་བ་ཡིན་པས། དེ་ཉིད་སྤངས་གར་ཡང་མ་སྤངས་པར་མངོན་པར་སངས་རྒྱས་པའི་ཆེ་བ། སྐྱེ་བོ་མུ་སྟེགས་པ་དང་། ཉན་ཐོས་དང་། རང་རྒྱལ་ལས་གྲོལ་ཞིང་དཔག་པ་དང་། ལྟོས་ཅི་ལ་ཡང་མི་ལྟོས་ཏེ་དེ་ཉིད་ཡིན་པ་སངས་རྒྱས་པའི་ཆེ་བ། དབུ་མ་སེམས་ཙམ་ཀྲི་ཡོག་སྡེ་གསུམ་ལས་གྲོལ་ཞིང་དཔག་པ་དང་། རག་གར་ཡང་མ་ལུས་པ་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ། མ་ཧཱ་ཡོ་ག་ལས་གྲོལ་ཞིང་དཔག་པ་དང་། གནས་ཅི་ལ་ཡང་མི་གནས་པར་ཆོས་དབྱིངས་སུ་སངས་རྒྱས་པའི་ཆེ་བ། ཨ་ནུ་ཡོ་ག་ལས་གྲོལ་ཞིང་དཔག་པ་དང་། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པས་སངས་མ་རྒྱས་པ་མེད་པའི་ཆེ་བ། ཨ་ཏིའི་རྒྱུད་ལུང་མན་ངག་ལས་གྲོལ་ཞིང་དཔག་པའོ། །མདོ་བཅུ་ལས། ཆེ་བ་ལྔ་ཡི་བྱང་ཆུབ་སེམས། །སེམས་ཉིད་ཆེ་བ་ལྔས་དཔག་སྟེ། །ཞེས་པ་དང་། མངོན་པར་སངས་རྒྱས་ཆེ་བ་ནི། །འདུས་མ་བྱས་པའི་བྱང་ཆུབ་སེམས། །སྣང་སྲིད་ཐམས་ཅད་ཁྱད་པར་འཕགས། །རྫོགས་པ་ཆེན་པོའི་ཆེ་བར་བཤད། །ཅེས་པ་དང་། དེ་ཡི་སངས་རྒྱས་ཆེ་བ་ནི། །མ་ནོར་བ་ཡི་བྱང་ཆུབ་སེམས། །གཏན་ཚིག་ཀུན་ལས་ཁྱད་པར་འཕགས། །ཡོ་ག་དག་གི་ཆེ་བར་བཤད། །ཅེས་པ་དང་། བདག་ཉིད་སངས་རྒྱས་ཆེ་བ་ནི། ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས། །རྩོལ་ཞིང་བསྒྲུབ་ལས་ཁྱད་པར་འཕགས། །མ་ཧཱ་ཡོ་གའི་ཆེ་བར་བཤད། །ཅེས་པ་དང་། ཆོས་དབྱིངས་སངས་རྒྱས་ཆེ་བ་ནི། །ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས། །འབྱུང་གནས་ཀུན་ལས་ཁྱད་པར་འཕགས། །ཨ་ནུ་ཡོ་གའི་ཆེ་བར་བཤད། །ཅེས་པ་དང་། སངས་རྒྱས་ཐམས་ཅད་ཆེ་བ་ནི། །སྒྲོ་སྐུར་འདས་པའི་བྱང་ཆུབ་སེམས། །བསམ་དཔྱོད་ཀུན་ལས་ཁྱད་པར་འཕགས། །ལ་ཟློས་པ་ཡི་ཆེ་བར་བཤད། །ཅེས་པ་དང་། ཀློང་ཆེན་ལས། སེམས་ཉིད་ཀློང་ཆེན་ཡངས་པ་རུ། །འཁོར་འདས་ཆོས་རྣམས་མ་ལུས་ཀུན། །ཆེ་བ་ལྔ་རུ་མངོན་སངས་རྒྱས། །ཞེས་གསུངས་སོ། །འདི་རྣམས་ནི་རྫོགས་ཆེན་མཐར་ཐུག་གི་འདོད་པ་ཡིན་པར་ཤེས་པར་བྱའོ། །རྒྱས་པར་བཤད་པ་ལ་བརྒྱད་དེ། རྟེན་གྱི་གང་ཟག་དང་། འཇུག་སྒོ་དང་། ལྟ་བ་དང་། ཏིང་ངེ་འཛིན་དང་། སྤྱོད་པ་དང་། དམ་ཚིག་དང་། ཡུན་དང་། འབྲས་བུའོ། །དང་པོ་གཉིས་ཏེ། བགྲང་། དངོས་སུ་བསྟན་པ་དང་། དྲངས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་དགེ་བའི་བཤེས་གཉེན་བསྟེན་ཅིང་ཐེག་པ་འོག་མའི་དོན་བློ་ལ་སྦྱངས་པའི་སྐྱེས་བུ་རྟོགས་པའི་སྐལ་བ་དང་ལྡན་པའི་གསང་སྔགས་ཀྱི་རིགས་ཅན་དེ་ནི་དབང་པོ་རབ་ཀྱི་ཡང་རབ་ཅིག་ཆར་བའི་རྣལ་འབྱོར་པ་ས་བཅུའི་དབང་ཕྱུག་དང་སྐལ་བ་མཉམ་པ་དེ་ནི། འདི་ཚེ་གཅིག་ལ་མངོན་པར་རྫོགས་པར་ནུས་པར་འདོད། དེ་ལྟ་བུ་དེ་རྫོགས་ཆེན་ལ་འཇུག་པའི་རྟེན་གྱི་གང་ཟག་ཡིན་ནོ། །ལུང་གིས་གསལ་བར་བཤད་པའོ། །དྲངས། ནམ་མཁའ་ཆེའི་ལུང་ལས་ཀྱང་ནི་འདི་སྐད་དུ་ཆོས་ཉིད་ཀྱི་ཀློང་བརྗོད་པ་ཐམས་ཅད་དང་བྲལ་བ་རྫོགས་པ་ཆེན་པོའི་དོན་འདི་ལ་གནས་པའི་རྣལ་འབྱོར་པ་དེ་ནི་ཡོན་ཏན་གྱི་བགོ་སྐལ་རྒྱས་པས་སྐལ་པ་བཟང་བའོ། །ཞེས་གསུངས་པའོ། །དང་ཞེས་པ་ནི་འོག་ནས་རྩེ་མོ་བྱུང་རྒྱལ་གྱི་ལུང་སྡུད་པའོ། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་ཐེག་པ་བརྒྱད་པོ་ལ་སྦྱངས་པའི་སྐྱེས་བུ་སྐལ་ལྡན་དེ་ནི་མན་ངག་འདིའི་སྣོདཡིན། རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་དོན་དེ་ནི་བླ་མའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་ཁུང་ནས་ཁུང་དུ་བརྒྱུད་པ། ཐུགས་ནས་ཐུགས་སུ་བརྒྱུད་པར་བྱེད་ཅིང་འདི་ལྟ་བུའི་མན་ངག་གང་ཟག་ཅི་འདྲ་གཅིག་གིས་ཉམས་སུ་བླང་ན་ལུས་སྲོག་ལ་མི་བལྟ་བའི་དད་པ་ཅན་རྒྱལ་བའི་ཐུགས་ཀྱི་སྲས་དང་འདྲ་བ་རྣམས་ཀྱིས་ཁྱེར་རོ། །ཞེས་རྩེ་མོ་བྱུང་རྒྱལ་ལས་དེ་ལྟར་གསུངས་པའོ། །དང་ཞེས་པ་ནི་གོང་དུ་རྫོགས་ཆེན་རྣམས་ཀྱི་ལུང་སོང་ནས། འདིར་གསང་བའི་སྙིང་པོའི་ལུང་སྡུད་པའོ། །བསྐལ་པ་ཆེན་པོའི་གྲངས་རྒྱལ་བའི་ཞིང་གི་རྡུལ་ཕྲ་རབ་དེ་སྙེད་གཅིག་ཏུ་ཐེག་པ་འོག་མའི་དོན་ལ་ཤིན་ཏུ་སྦྱངས་པ་ལ་རབ་ཏུ་གནས་ཤིང་། གསང་སྔགས་ཀྱི་དཀྱིལ་འཁོར་མ་ལུས་པ་ཀུན་བསྙེན་པའི་འབྲས་བུ་གསང་ཆེན་རྫོགས་པ་ཆེན་པོ་འདི་ཡིན་ཏེ། ཞེས་རྫོགས་ཆེན་དང་། གསང་སྙིང་ལས། དོན་འདི་དག་གསུངས་པའི་ཕྱིར་ན་ལུང་དེ་དག་གིས་གཞུང་འདིར་བགྲོད་ཅིང་དྲོངས་དང་ཐེ་ཚོམ་མེད་པར་གསལ་ལོ། །འཇུག་སྒོ་དང་། དྲངས། ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོར་འཇུག་པའི་སྒོ་ནི། ཡ་ཀི་བླ་མེད་སངས་རྒྱས་མན་ཆད་ནས་མ་ཀི་མནར་མེད་དམྱལ་བ་ཡན་ཆད་དུ་འཁོར་འདས་གཉིས་སུ་སྣང་བའི་ཕྱི་ནང་གི་ཆོས་འདི་རྣམས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པས་ན། རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བ་ནི་དབང་པོ་ཡང་རབ་རྫོགས་ཆེན་གྱི་འཇུག་སྒོ་ཡིན་ནོ། །འདི་ལ་མ་འདྲེས་ཡོངས་རྫོགས་རྒྱས་པར་ངོ་སྤྲོད་ན། ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལ་ལྷག་མ་མེད་པར་ཡོངས་སུ་རྫོགས་པའོ། །དེའི་རྒྱུ་མཚན་ནི་རང་བྱུང་ཡེ་ཤེས་སུ་མ་གྱུར་པའི་ཆོས་གཅིག་ཀྱང་མེད་པས། རང་བྱུང་ཡེ་ཤེས་ཉིད་འཁྲུལ་གྲོལ་ལ་སོགས་པ་ཐ་སྙད་ཀྱི་སྣང་བ་གང་ཡང་མ་འདྲེས་ལ། དེ་ཉིད་མུ་མཐའ་མེད་ཅིང་ཀུན་ལ་གཉིས་སུ་མེད་པར་ཁྱབ་པས་ཡུལ་མེད་དུ་ཡོངས་སུ་རྫོགས་པའོ། །དེ་ཡང་རིག་པ་ལ་མུ་མཐའ་མེད་ཅིང་རྒྱ་ཆད་ཕྱོགས་ལྷུང་མེད་པས། རིག་པ་གཅིག་གི་སྟེང་དུ་ཡང་ཐམས་ཅད་མ་འདྲེས་པར་གསལ་ལོ། །དེས་ན་འདྲེས་པའང་མེད་ལ་ཐ་དད་པའང་མེད་དེ་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །དེ་ཡང་མ་འདྲེས་པའི་དུས་དེ་ཉིད་ན། ཐམས་ཅད་དབྱེར་མེད་ཡུལ་མེད་དུ་ཡོངས་སུ་རྫོགས་ལ་ཡོངས་རྫོགས་ཀྱི་དུས་དེ་ཉིད་ནའང་མ་འདྲེས་པར་སོ་སོར་སྣང་བའོ། །དེས་ན་མ་འདྲེས་པས་ཡོངས་རྫོགས་ཀྱི་སྒོ་མ་བཀག །ཡོངས་རྫོགས་ཀྱིས་མ་འདྲེས་པའི་སྒོ་མ་བཀག་པར་མ་འདྲེས་པ་ལ་ཡོངས་སུ་རྫོགས་པའོ། །ཀློང་ཆེན་ལས། མཉམ་ཉིད་གཅིག་པའི་ཀློང་དཀྱིལ་ནས། །མཉམ་ཉིད་ཀློང་ཕྲན་མཐའ་ཡས་ཤར། །འདྲ་དང་མི་འདྲ་ཁྱད་པར་གྱིས། །ཅིར་ཡང་མིན་ནོ་གང་ཡང་འདྲ། །དབྱིངས་ལ་བཟང་ངན་དབྱེ་བ་མེད། །ཅེས་གསུངས་སོ། །མ་འདྲེས་ཡོངས་རྫོགས་ཀྱི་སྐབས་འདིར། རྣམ་མཁྱེན་ལ་དམྱལ་བའི་སྡུག་བསྔལ་རྫོགས་སམ་མ་རྫོགས། མ་རྫོགས་ན། ཡོངས་རྫོགས་སམ། རྫོགས་ཆེན་གྱི་དམ་བཅའ་བུད། རྫོགས་ན་དམྱལ་བ་སྡུག་བསྔལ་ཞིང་ཉམ་ཐག་པར་ཐལ་ཟེར་ན། སངས་རྒྱས་ཀྱི་ངོས་ན་དམྱལ་བའི་སྡུག་བསྔལ་ལོག་ན་མ་ལུས་པར་རྫོགས་དགོས། དམྱལ་བ་ཚ་གྲང་གི་རྟོག་པ་སྤངས་མ་དགོས་པར་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་པས་སྡུག་བསྔལ་གྱི་ས་ལ་མེད་པའོ། །ཡང་དམྱལ་བ་ལ་སངས་རྒྱས་ཀྱི་དགོངས་པ་རྫོགས་སམ་མ་རྫོགས། མ་རྫོགས་ན། ཡོངས་རྫོགས་ཉམས་ལ། རྫོགས་ན་སངས་རྒྱས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་ཡོད་པ་བཞིན་དུ་དམྱལ་བ་ལ་ཡང་མཁྱེན་བརྩེ་ནུས་ལྡན་ཡོད་པར་ཐལ་ཟེར་ན། དམྱལ་བ་ལ་སངས་རྒྱས་ཀྱི་དགོངས་པ་རྫོགས་དགོས་ཏེ། ལྕགས་སྲེག་གི་ས་གཞིའི་རྟོག་པ་རང་བཅོས་སླད་དང་བྲལ་བ་སངས་རྒྱས་ཀྱི་དགོངས་པ་ཡིན་པའི་ཕྱིར། མཁྱེན་བརྩེ་ནུས་ལྡན་ཤུགས་ལྡན་དུ་ཡོད་ལ། ནུས་ལྡན་དུ་མ་ཤེས་པ་ནི་རང་ངོ་རང་གི་མ་ཤེས་པའོ། །འདི་ལྟ་བུའི་དོན་གྱི་ཤེས་བྱའི་གཏིང་མཐའ་རིག་ན་འགལ་བ་དང་གོལ་ས་དང་འཁྲུལ་པ་མེད་པའོ། །ལྟ་བ་ལ་གཉིས་ཏེ། བགྲང་། མདོར་བསྟན་པ་དང་། དྲངས། བྱ་བྲལ་རྫོགས་པའི་རྣལ་འབྱོར་གྱི་ལྟ་བ་ནི་འཁོར་འདས་ཀྱི་ཆོས་ཀུན་སྣང་ཚུལ་དུ་མ་འདྲེས་ལ་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་ཡོངས་སུ་རྫོགས་པས་ན། འདི་ཡང་གཏན་ལ་འབེབ་པའི་ཚུལ་བརྗོད་པ་མཐའ་ཡས་པ་གཅིག་བཤད་དེ། ཆེ་བ་ལྔའི་སྒོ་ནས་གཏན་ལ་དབབ་པ་དང་། ཐིག་ལེ་དྲུག་གི་སྒོ་ནས་གཏན་ལ་དབབ་པ་དང་། བདག་ཉིད་ཆེན་པོའི་སྒོ་ནས་གཏན་ལ་དབབ་པ་དང་། རྒྱུད་ལུང་མན་ངག་གི་སྒོ་ནས་གཏན་ལ་ཕབ་པ་དང་། གཏན་ཚིག་བཞིའི་སྒོ་ནས་གཏན་ལ་དབབ་པའོ། །འདི་རྣམས་རྒྱས་པར་ནམ་མཁའ་ཆེའི་གསང་འགྲེལ་དང་། རྡོ་ལ་གསེར་ཞུན་གྱི་འགྲེལ་པ་དང་། ལྟ་བ་ཆེ་ལྔའི་འགྲེལ་པ་དེ་རྣམས་ཀྱི་ནང་ན་ཡོད་དོ། །ཤེས་འདོད་ན་དེ་རྣམས་ལ་གཟིགས་མཛོད། །འདིར་ཡི་གེ་མང་བའི་ཕྱིར་མ་བྲིས་སོ། །ཀྱང་གི་སྒྲས། ཐེག་པ་སྤྱི་བཅིང་གི་སྐབས་འདིར་ཕྱོགས་མཚོན་ཕྲན་ཙམ་ཅིག་བཟུང་བ་ཏེ། དེ་གང་ཞེ་ན་འདིར་ནི་བསྒྲུབ་པའི་གཏམ་ཚིག་བཞིར་བཤད་དེ། དེ་ཡང་དངོས་པོ་མཚན་མ་གཟུགས་དབྱིབས་ཁ་དོག་གང་དུ་ཡང་མ་གྲུབ་ཅིང་། དྲི་མ་ཀ་ནས་དག་པའི་གནས་ལུགས་ནི་རང་བཞིན་སྐྱེ་བ་མེད་པའི་གཏན་ཚིག་དང་། དེ་ཉིད་འགག་པ་མེད་པ་ལས་འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་ལ་གཟའ་སྐར་འཆར་བ་ལྟ་བུ་ནི་ཀུན་བཟང་རོལ་པ་འགགས་པ་མེད་པའི་གཏན་ཚིག་དང་། མ་སྐྱེས་པ་དང་། མ་འགག་པ་གཉིས། ཆུ་དང་ཆུའི་རླབས་བཞིན་དུ་ཡེ་ནས་དབྱེར་མེད་པ་ནི་མཚན་ཉིད་དབྱེ་བ་མེད་པའི་གཏན་ཚིག་དང་། མ་སྐྱེས་མི་འགག་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ། ཚིག་ཏུ་མ་སོང་བ། བློས་མ་བྱས་པ། རིག་པ་ཉིད་དེའི་ངོ་བོར་ཤར་བ་ནི་ངོ་བོ་རང་གྲོལ་གྱི་གཏན་ཚིག་སྟེ། རྫོགས་ཆེན་རྒྱུད་ཀྱི་སྙིང་པོ་ལས། རང་བཞིན་སྐྱེ་མེད་གཏན་ཚིག་གིས། །ལྷུན་གྱིས་གྲུབ་པར་ཡིད་ཆེས་བྱ། །རོལ་པ་འགག་མེད་གཏན་ཚིག་གིས། །ཅིར་ཡང་འཆར་བར་ཡིད་ཆེས་བྱ། །མཚན་ཉིད་དབྱེར་མེད་གཏན་ཚིག་གིས། །ཆོས་རྣམས་གཅིག་པར་ཡིད་ཆེས་བྱ། །ངོ་བོ་རང་གྲོལ་གཏན་ཚིག་གིས། །རྩོལ་བ་མེད་པར་ཡིད་ཆེས་བྱ། །ཞེས་སོ། །དེ་ལྟར་གཏན་ཚིག་བཞི་རུ་རྒྱལ་བ་ཀུན་ཏུ་བཟང་པོས་བཤད་དོ། །གང་གི་གཏན་ཚིག་བཞི་པོ་དེ་ཉིད། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་དང་བཞི་ལ་ངོ་སྤྲད་དོ། །གཏན་ཚིག་བཞི་པོ་འདི་ནི་ཤིན་ཏུ་གནད་ཆེ་བ་ཡིན་པས། འདིར་ངོས་བཟུང་བ་དང་། དགོངས་གཞི་དགོས་ཆེད་ཀྱི་སྒོ་ནས་ངོ་སྤྲད་པ་ཡིན་པས། འདི་ལྟར་རྟོགས་པར་མཛོད། རང་བཞིན་སྐྱེ་མེད་གཏན་ཚིག་འདི་ལྟར་སྣང་བའི་ཆོས་ཀུན་གྱི་ངོ་བོ་གཟུགས་དབྱིབས་ཁ་དོག་མཚན་མར་མ་གྲུབ་པའི་དྲི་བྲལ་ཀ་དག་ཅིག་ལ་ཟེར། དེའི་དགོངས་གཞི་ནི་སྐྱེ་མེད་ཀྱི་ངང་ལ་དངོས་པོ་མཚན་མའི་སེལ་མེད་པ་གཅིག་ལ་དགོངས། དགོས་ཆེད་ཨ་འཐས་ཐེར་གཟུགས་པ་གཅིག་ལས་གྲོལ་བའོ། །རོལ་པ་འགག་མེད་ཀྱི་གཏན་ཚིག་ནི། དཔེར་ན་ཆུ་ཉིད་ལས་མ་གཡོས་བཞིན་དུ། གཉེར་མ་དང་རླབས་སྣ་ཚོགས་སུ་ཤར་ཡང་ཆུ་རང་ཡིན་པ་བཞིན་དུ། སྐྱེ་མེད་ཁོ་རང་གི་རང་གཟུགས་འཁོར་འདས་ཕྱི་ནང་གི་ཆོས་ཐམས་ཅད་དུ་ཤར་བ་ལ་ཟེར། དེའི་དགོངས་གཞི་འགགས་མེད་ཀྱི་ངོ་ལ་སྣང་བ་སྣ་ཚོགས་སུ་ཤར་བ་གཅིག་ལ་དགོངས། དགོས་ཆེད་ནི་སྟོང་ཞེན་ནམ་ཆད་ལྟ་ལས་གྲོལ་བའོ། །མཚན་ཉིད་དབྱེར་མེད་ནི་ཆུ་ལས་གཉེར་མ་དང་རླབས་ཅི་བྱུང་ན་ཡང་ཆུ་རང་ས་ཡིན་པ་བཞིན་དུ། འཁོར་འདས་སྣང་བ་སྣ་ཚོགས་སུ་ཤར་ཡང་ངོ་བོ་ཆོས་སྐུ་སྐྱེ་མེད་ཀྱི་གནས་ལུགས་ལས་སྐད་ཅིག་ཀྱང་མ་གཡོས་པའོ། །དེའི་དགོངས་གཞི་སྣང་སྟོང་གཉིས་མེད་གཅིག་ཡིན་པ་ལ་དགོངས། དགོས་ཆེད་ནི་སྣང་སྟོང་ཐ་དད་ནི་ཀྱི་འཛིན་པ་ལས་གྲོལ་བའོ། །རིག་པ་རང་གྲོལ་གྱི་གཏན་ཚིག་ནི། རིག་པ་ཉིད་ལྟ་བའི་ངོ་བོར་ཤར་ནས། མ་སྐྱེས་མ་འགགས་དབྱེར་མེད་གསུམ་སྤྱོད་ཡུལ་དང་བྲལ་བའོ། །འདིའི་དགོངས་གཞི་ནི། རིག་པ་ཉིད་ལྟ་བའི་ངོ་བོ་ཡིན་པ་ལ་དགོངས་དགོས་ཆེད་མ་སྐྱེས་མི་འགགས་ཡུལ་མེད་དུ་ཤར་བའོ། །དེས་ཆོས་ཀུན་རང་བྱུང་མ་འདྲེས་ཡོངས་རྫོགས་པར་རྟོགས་པའོ། །རྒྱས་པར་བཤད་པ་ལ་བཞི་སྟེ། རང་བཞིན་སྐྱེ་མེད་ཀྱི་གཏན་ཚིག་དང་། རོལ་པ་འགག་མེད་ཀྱི་གཏན་ཚིག །མཚན་ཉིད་དབྱེ་མེད་ཀྱི་གཏན་ཚིག །ངོ་བོ་རང་གྲོལ་གྱི་གཏན་ཚིག་གོ། །དང་པོ་ལ་བཞི་སྟེ། བགྲང་། གདམས་པར་བྱ་བའི་གཞི་མ་འགགས་པར་སྣང་བའང་ཡིན་པ་དང་། དྲངས། རང་བཞིན་སྐྱེ་བ་མེད་པའི་གཏན་ཚིག་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་འདི་ལྟ་སྟེ། མ་རྟོགས་པ་འཁོར་བ་རྟོགས་པ་འདས་པ་ཤེས་བྱ་སྣང་སྲིད་ཀྱིས་བསྡུས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་དང་ལས་དཀར་པོ་དགེ་བ་ནག་པོ་སྡིག་པ་བཟང་བ་མཐོ་རིས་ངན་པ་ངན་སོང་ལ་སོགས་པ་རྣམས་མེད་བཞིན་དུ་ནན་གྱིས་བརྟག་པའི་ཞེན་བརྟག་གཉིས་སྣང་གི་ཆོས་འདི་རྣམས་ནི། འགྲོ་བ་དྲུག་གི་ལས་སྣང་སོ་སོའི་མཐུན་སྣང་གི་ཆ་ལ་འགག་པ་མེད་པར་རང་སྣང་སྟེ། སྣང་ཙམ་ཉིད་ན་བྱ་རྩོལ་དང་བྲལ་བ་ཆོས་དབྱིངས་མ་སྐྱེས་པར་བསྟན་པ་དང་། དྲངས། འདི་ལྟར་སོ་སོར་སྣང་བའི་དུས་དེ་ཉིད་ན་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མ་གཡོས་པར་སེམས་ཅན་སྒྲིམ་པོས་མ་བཅོས་སངས་རྒྱས་སྒམ་པོས་མ་བྱས་ཤིང་གཉེན་པོ་གང་ཡང་མེད་པ་ཆོས་ཅན་དང་ཆོས་ཉིད་ལ་སོགས་པའི་བྱེ་བྲག་ཐ་སྙད་ཐམས་ཅད་དང་སྤྱོད་ཡུལ་ངང་གིས་བྲལ་བའོ། །དེའི་ཚེ་ན་རྒྱ་ཆད་ཕྱོགས་ལྷུང་གི་མི་མཐའ་མེད་པའི་ཡེ་ཤེས་ཀྱི་དབའ་ཀློང་གཅིག་ཏུ་གྱུར་པའོ། །དེའི་མཚན་ཉིད་ནི། མཐའ་དབུས་མེད་པས་གདལ་བ་ཆེ། །འོད་བསྡུ་མེད་པར་ཐམས་ཅད་ཁྱབ། །ཅེས་པ་ནི་གོ་སླའོ། །སྐྱེ་མེད་མཚོན་པའི་མིང་དང་། དྲངས། དེའི་བླ་དྭགས་ནི་མིང་གི་རྣམ་གྲངས་ཡིན་པའོ། །དེ་དག་གི་བྱེ་བྲག་ནི་འདི་ལྟ་སྟེ། སྤྲོས་པ་དང་བྲལ་ཞིང་མི་འགྱུར་བས་ཆོས་ཉིད་ཅེས་བྱའོ། །དངོས་པོ་མཚན་མར་མ་གྲུབ་པས་མ་སྐྱེས་པ་ཅེས་ཀྱང་བྱ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་ཆོས་ཀྱི་དབྱིངས་ཞེས་ཀྱང་བྱ། རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བས་མུ་མེད་ཅེས་ཀྱང་བྱ། གནས་ལུགས་ཀྱི་དོན་འདིའི་ཀུན་ལ་ཁྱབ་པས་གདལ་བ་ཆེན་པོའི་ཀློང་ཞེས་བྱ། མ་བཅོས་མ་བསླད་པས་ཡེ་ཅི་བཞིན་པའི་དཀྱིལ་འཁོར་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་རྣལ་མ་དོན་གྱི་ཀུན་གཞི་དང་། སྟོང་པ་སྐྱེ་མེད་ཀྱི་གནས་ལུགས་ཆོས་དབྱིངས་ཀ་དག་འདི་ཤེས་བྱའི་མཆོག་ཏུ་གྱུར་པ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་སོགས་པ་སྐྱེ་མེད་ཀྱི་བླ་དྭགས་བསམ་མཐའ་ཡས་པའོ། །ངེས་ཚིག་གོ། །དྲངས། འཁོར་བ་ཐམས་ཅད་དང་འདས་པ་ཐམས་ཅད་སྐྱེ་མེད་ཀྱི་གནས་ལུགས་དེར་གཅིག་ཀྱང་དེ་ལ་ཕྱོགས་སུ་ལྷུང་བ་དང་། རིས་སུ་ཆད་པ་གཉིས་སུ་མི་མངའ་བའི་ཕྱིར། རང་བཞིན་སྐྱེ་མེད་ཀྱི་གཏན་ཚིག་ཅེས་བརྗོད་དོ། །ཡེ་ཤེས་མཁའ་མཉམ་ལས། རང་བཞིན་སྐྱེ་མེད་གཏན་ཚིག་ནི། །གཞི་ལ་སྣང་བ་མེད་པ་ཡིས། །ཆོས་རྣམས་ཐམས་ཅད་སྤྲོས་དང་བྲལ། །དེ་ཕྱིར་རང་བཞིན་སྐྱེ་བ་མེད་ཅེས་སོ། །རོལ་པ་འགག་མེད་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ཤིན་ཏུ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བགྲང་། མ་འགགས་པར་སྣང་བ་དངོས་དང་། དྲངས། རོལ་པ་འགག་མེད་གཏན་ཚིག་ནི། །བཤད་པའི་འཁོར་འདས་སྣང་སྲིད་དང་། །སྣོད་བཅུད་བདེ་སྡུག་རྒྱུ་འབྲས་དང་། །གཉིས་པར་སྣང་བའི་ཆོས་འདི་རྣམས། །དེ་རྣམས་ནི་གོ་སླའོ། །སོ་སོར་རང་རྩལ་འགག་པ་མེད་པར་ཤར་བ་དེ་ནི་སོ་སོའི་མིང་ཇི་ལྟར་བཏགས་པས་ཆགས། ཅི་ལྟར་བཏགས་པ་ལྟར་སྣང་། གང་ལྟར་བསྒྲུབ་ཀྱང་བསམ་པ་ལྟར་འགྲུབ་སྟེ། དེ་ལྟ་བུ་བརྟག་པའི་ཞེན་བློས་བཏགས་པ་བཞིན་ནོ། །དེ་ཉིད་ཀུན་ཏུ་བཟང་པོ་རོལ་པའི་རྒྱན་དུ་བསྟན་པའོ། །དྲངས། དེ་དག་གང་ཡང་སྤངས་ལེན་མེད་ཅིང་འགག་པ་མེད་པའི་ཕྱིར་ཀུན་བཟང་རོལ་པའི་རྒྱན་ཅེས་བྱ་བ་ཡིན་ནོ། །རྒྱས་པ་ལ་གཉིས་ཏེ། བགྲང་། འགག་པ་མེད་པ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་སྣང་བ་དང་། དྲངས། རོལ་པ་འགགས་པ་མེད་པས་ལྷུན་གྲུབ་ཏུ་བསྟན་ཏེ། དངོས་པོ་དང་མཐུན་པར་སྣང་བ་དང་། འཕྲལ་གྱི་འབད་རྩོལ་ལ་མི་ཉམས་པར་སེམས་ཉིད་ཡེ་ནས་སངས་རྒྱས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཐམས་ཅད་དེ་ཐེག་པ་དགུ་ཀུན་གྱིས་གཞལ་བྱ་ཡིན་པ་དང་། མུ་སྟེགས་ཀྱིས་ལོག་པར་བརྟག་པས་འཁྲུལ་གཞི་བྱས་པ་དང་། འཇིག་རྟེན་པས་བདེན་པར་འཛིན་པས་འཇིག་རྟེན་པའི་ཞེན་ཕྱོགས་རྣམས་དང་། ཐམས་ཅད་རང་སྣང་འགག་མེད་ཀྱི་གནས་ལུགས་འདི་ཡིན་པས་ངོ་མ་ཤེས་པས་འཁྲུལ་པ་ཐམས་ཅད་འདི་ལས་བྱུང་བའོ། །ཡེ་ཤེས་རང་སྣང་ལྷུན་གྱིས་གྲུབ་པ་དེ་རྟོགས་མ་རྟོགས་ཀྱིས་འཆིང་གྲོལ་དུ་བསྟན་པའོ། །དྲངས། ཕྱི་རོལ་གྱི་ཡུལ་འགག་མེད་དུ་སྣང་བ་འདི་རྟོགས་ན་གྲོལ་ལ་མ་རྟོགས་དུས་ན་འཆིང་བར་བཤད། མུ་སྟེགས་པས་ལོག་པར་བརྟག་པས་ཤིན་ཏུའང་འཆིང་བར་སངས་རྒྱས་ཀྱིས་གསུངས་སོ། །ཐེག་པ་འོག་མ་པས་གནས་ལུགས་འགྱུར་མེད་ཀྱི་དོན་མ་རྟོགས་པར་ཐེ་ཚོམ་གྱི་ལུས་པ་འདི་ཡང་སངས་རྒྱས་པ་ལ་ཐག་རིང་ངོ་། །ཤིན་ཏུ་རྒྱས་པ་ལ་གཉིས་ཏེ། འཇིག་རྟེན་པ་ལ་སྣང་ཚུལ་དང་། འདས་པ་ལ་སྣང་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བགྲང་། སོ་སོའི་སྐྱེ་བོ་ཕལ་པ་དང་། དྲངས། དེ་ལ་འཇིག་རྟེན་ཐུན་མོང་པས་ཞེས་པ་ནི། སོ་སོའི་སྐྱེ་བོ་ལམ་ལ་མ་ཞུགས་པ་རྣམས་ཀྱིས་རོལ་པ་འགག་མེད་ཀྱི་སྣང་བ་འདི་ལ། འབྱུང་ཆེན་ནུས་པ་ཉིད་དུ་བརྟན་ཏེ། གང་ཞེ་ན། ས་ལ་སར་ཞེན། ཆུ་ལ་ཆུར་འཛིན། མེ་ལ་མེར་རྟོགས། རླུང་ལ་རླུང་ཡིན་སྙམ་ནས་ཞེན་པས་ཡུལ་གྱིས་འཆིང་བ་ཡིན་ནོ། །མུ་སྟེགས་པ་ལ་སྣང་ཚུལ་ལོ། །དྲངས། མུ་སྟེགས་རྟག་པར་ལྟ་བས་ནི་སྣོད་བཅུད་ཐམས་ཅད་ཕྱ་དང་དབང་ཕྱུག་ཁྱབ་འཇུག་ལ་སོགས་པས་བྱས་པ་ཡིན་ཟེར་ཞིང་གདོས་པོ་རང་ཁ་མར་འཛིན་པའོ། །དེ་ཉིད་རང་གི་གྲུབ་མཐའ་ཉིད་དུ་འདོད་དོ། །འདས་པ་ལ་གཉིས་ཏེ། རྒྱུའི་ཐེག་པ་ལ་སྣང་ཚུལ་དང་གསང་སྔགས་ལ་སྣང་ཚུལ་ལོ། །དང་པོ་ལ་གསུམ་སྟེ། བགྲང་། ཉན་ཐོས་དང་། དྲངས། ཉན་ཐོས་རྣམས་ཀྱིས་ཕྱི་བཟུང་བའི་ཡུལ་རྡུལ་ཕྲན་ཆ་མེད་དུ་གཏན་ལ་དབབ། ནང་འཛིན་པའི་སེམས་སྐད་ཅིག་ཆ་ཤས་དང་བྲལ་བར་གཏན་ལ་དབབ་སྟེ་རགས་པ་གང་ཟག་གི་བདག་མེད་པར་ཐེ་ཚོམ་བཅད་པས་ཁམས་གསུམ་འཁོར་བ་འདི་ལས་ཅུང་ཟད་ཅིག་གྲོལ་བ་ཡིན་ནོ། །རང་རྒྱལ་དང་། དྲངས། རང་སངས་རྒྱས་ཀྱིས། ཕྱི་གཟུང་བའི་ཡུལ་རྡུལ་ཕྲན་དེ་དང་ནང་འཛིན་པའི་སེམས་གཉིས། ཕྱི་ནང་རྟེན་འབྲེལ་བཅུ་གཉིས་སུ་བརྟགས་པ་ཡིས་གཏན་ལ་ཕབ་ནས། བདག་མེད་ཕྱེད་དང་གཉིས་རྟོགས་པས་སྲིད་པ་ཁམས་གསུམ་འཁོར་བའི་ཆོས་ལས་འདས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་གཉིས་ཏེ། བགྲང་། སེམས་ཙམ་པ་དང་། དྲངས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། ལ་ལས་འཁྲུལ་བའི་གཞི་སེམས་ཙམ་སྟེ། ཕྱི་རོལ་གྱི་ཡུལ་སྣང་བ་སྣ་ཚོགས་འདི་ནང་གི་སེམས་སུ་སྨྲ་བའོ། །དབུ་མ་པའོ། །དྲངས། དབུ་མ་པ་ལ་ལས་ཤེས་པ་སྐད་ཅིག་མ་དེ་དུས་གསུམ་གྱི་ཆས་གཞིག་པ་ལས་སྟོང་པར་སྨྲ་བའོ། །ཕྱི་རོལ་གྱི་ཡུལ་འདི་སྒྱུ་མའི་དཔེ་བརྒྱད་ལྟར་གཏན་ལ་ཕབ་ནས། ཀུན་རྫོབ་བདེན་པར་མིང་བཏགས་ཏེ་སེམས་ཅན་མི་བསླུ་བའི་ཚུལ་གྱིས་བྱམས་སྙིང་རྗེའི་སྒོ་ནས་གཞན་དོན་སྤྱོད་པའོ། །གསང་སྔགས་ལ་སྣང་ཚུལ་ལོ། །དྲངས། གསང་སྔགས་ལ་གཉིས་ཏེ། མདོ་དང་རྒྱས་པའོ། །དང་པོ་ནི། རང་སྣང་འགག་མེད་ཀྱི་སྣང་བ་ལ་གསང་སྔགས་ཐེག་པས་ལྷ་རུ་འདོད་པའོ། །དེའང་བྱེ་བྲག་གསང་སྔགས་ཕྱི་ནང་རྣམ་པ་གཉིས་ཏེ། རྒྱས་བཤད་ལ་གསུམ། བགྲང་། ཕྱི་རྒྱུད་གསུམ་དང་། དྲངས། ལ་ལས་དག་པ་ལྷ་རུ་འདོད། ཅེས་པ་ནི། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གསུམ་གྱིས་འདོད་པ་བཤད་པར་བྱའོ། །ནང་པ་གཉིས་དང་། དྲངས། ལ་ལས་དེ་ཉིད་ལྷ་རུ་འདོད། ཅེས་པ་ནི། མ་ཧཱ་དང་ཨ་ནུ་གཉིས་ཀྱི་འདོད་པ་བསྟན་པའོ། །འདི་རྣམས་གོ་སླ་བས་རྒྱས་པར་མ་བཤད་དོ། །དོན་ལ་རྫོགས་པ་ཆེན་པོའི་ལུགས་ལ། འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འགག་མེད་ཀྱི་སྣང་བ་མ་འདྲེས་པའི་གནས་ལུགས་ཡེ་ཤེས་ཀྱི་ཀློང་ཆེན་གཅིག་ཏུ་འདོད་པ་ལ། དེ་ལྟར་མ་རྟོགས་ནས་འགྲོ་བ་རིགས་དྲུག་གི་འཁྲུལ་གཟུགས་དྲུག །མུ་སྟེགས་རྟག་ཆད་ཀྱི་སྣང་ཚུལ་གཉིས། ཐེག་པ་བརྒྱད་ཀྱིས་འདོད་ལུགས་བརྒྱད་བཤད་པའོ། །རྫོགས་པ་ཆེན་པོ་ལ་སྣང་ཚུལ་ལོ། །དྲངས། བྱ་བྲལ་ལྷུན་གྱིས་གྲུབ་པ་ནི་རྫོགས་པ་ཆེན་པོའི་འདོད་པ་སྟེ། སེམས་ཀྱི་གནས་ལུགས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་ཞིང་། དངོས་པོ་ཁ་དོག་གཟུགས་དབྱིབས་ཕྱོགས་ལྷུང་ཅན་མ་གྲུབ་པས་རང་བཞིན་ཅི་ཡང་མ་ཡིན་ལ། དེ་ཉིད་རིག་པའི་རྩལ་ཡེ་ཤེས་ཀྱི་འཆར་སྒོ་དཔེར་ན་རྒྱ་མཚོ་དངས་པ་ལ་གཟུགས་བརྙན་བཀག་པས་མི་ཁེགས་པ་བཞིན་དུ་རོལ་པ་ཅིར་ཡང་མི་འགག་པས་ཕྱི་ནང་གི་ཆོས་ཐམས་ཅད་དུ་ཤར་བའོ། །འོ་ན་སངས་རྒྱས་དགོངས་པ་གཟུང་འཛིན་ཅན་དུ་ཐལ་ཞེ་ན། ཕྱོགས་ལྷུང་ཞེན་འཛིན་མི་མངའ་འོ། །ཞེས་པས་སངས་རྒྱས་ཀྱི་དགོངས་པ་རྒྱ་ཆད་ཕྱོགས་ལྷུང་ཞེན་འཛིན་གྱི་དྲི་མ་ཀ་ནས་དག་པའོ། །ནམ་མཁའ་ཆེ་ལས། རོལ་པ་གང་ཡང་མ་འགགས་པས། །སྐྱེ་བ་མེད་པའི་ཆོ་འཕྲུལ་འབྱུང་། །དེ་ཕྱིར་རོལ་པ་འགགས་པ་མེད། །སངས་རྒྱས་ཀུན་གྱི་ཆེ་བར་བཤད། །ཅེས་པ་དང་། ལམ་རིམ་ལས། སེམས་ཉིད་ཡོད་མེད་ཀུན་ངོ་བོ། །དེ་ཕྱིར་ནམ་མཁའ་ཡོད་མེད་ཅེས། །བླུན་པོ་རྣམས་ནི་རྩོད་བྱེད་ཅིང་། །མཁས་པས་ནམ་མཁའི་རང་བཞིན་ལ། །མེད་པར་མི་འཛིན་ཡོད་མི་འཛིན། །ཞེས་སོ། །ནམ་མཁའ་ཡོད་པར་མི་འཛིན་ཏེ་ནམ་མཁའི་ངོ་བོ་ལ་དངོས་པོ་གཟུགས་དབྱིབས་མ་གྲུབ་པའི་ཕྱིར། མེད་པར་མི་འཛིན་པ་ནི། གསལ་སྟོང་གོ་སྐབས་འབྱེད་པའི་སྣང་བ་འདི་ཡིན་པའི་ཕྱིར། དཔེ་དེ་བཞིན་དུ། སེམས་ཉིད་ཀྱི་ངོ་བོ་ལ་དངོས་པོ་གཟུགས་དབྱིབས་ཁ་དོག་གང་དུ་ཡང་མ་གྲུབ་པའི་ཕྱིར་ཡོད་པའི་ཕྱོགས་ལྷུང་དང་བྲལ། དེ་ཉིད་ལ་ཕྱི་ནང་གི་ཆོས་ཐམས་ཅད་འཆར་བ། གསལ་ཆ་ཆེ་ལ་འཛིན་ཆ་ཆུང་བ་ཡིན་པས་ན་མེད་པའི་ཕྱོགས་ལྟུང་དང་བྲལ་བའོ། །གོང་གི་ཕྱོགས་ལྷུང་བྲལ་བ་འཇུག་སྒོ་ཡིན། ཞེས་པས་འདི་ལྟ་བུའི་སྒོ་ནས་འཇུག་དགོས་སོ། །ད་རུང་འདི་ལ་ཤ་ཆོད་རུས་ཆོད་དུ་ངོ་སྤྲད་རྒྱུ་ཡོད་ཀྱང་། སྙན་རྒྱུད་ཞལ་གྱི་གདམས་པ་རྗེ་བཙུན་གོང་མ་རྣམས་ཀྱི་ཐུགས་དམ་ཁྲིད་ཅེས་བྱ་བ་ལ་ཤེས་པར་བྱའོ། །མཚན་ཉིད་དབྱེར་མེད་ཀྱི་གཏན་ཚིག་ལ་གསུམ་སྟེ། བགྲང་། དཔེའི་སྒོ་ནས་རྒྱས་པར་བཤད་པ་དང་། དྲངས། མཚན་ཉིད་དབྱེར་མེད་ཀྱི་གཏན་ཚིག་ནི་དཔེར་ན་ཆུ་ཉིད་རླབས་སུ་ཤར་བའམ་ཡང་ན་ནམ་མཁའི་ཁམས་ནས་ལྷོ་སྤྲིན་ཉིད་དུ་སྣང་ཡང་། སྣང་ཙམ་ཉིད་ནའང་ནམ་མཁའི་ངང་དུ་ཐིམ་པས་སྟོང་པ་ལྟར་དོན་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་རོལ་པ་འགག་པ་མེད་པའི་དུས་ནའང་སྐྱེ་མེད་ཀྱི་དབྱིངས་ལས་སྐད་ཅིག་ཀྱང་གཡོས་པ་མེད། དེ་ལྟར་རོལ་པ་འགག་པ་མེད་པ་རྟེན་འབྲེལ་གྱི་ནུས་མཐུ་ཡིས་སོ་སོའི་བསམ་པ་ལྟར་དོན་བྱེད་པའི་རྒྱུ་དང་རྐྱེན་སྣང་བ་སྣ་ཚོགས་སུ་སྨིན་ཀྱང་། དེ་ཙམ་ཉིད་ནའང་རང་བཞིན་ཉིད་ལས་ཉམས་པ་མེད་པའོ། །དེ་ཉིད་ལུང་གིས་གསལ་བར་བྱ་བ་དང་། དྲངས། ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་ནི་འདི་སྐད་དུ། རང་བཞིན་གཅིག་ཏུ་མ་ངེས་པས། །ཅི་ལྟར་བལྟས་པ་དེ་ལྟར་སྣང་། །ཞེས་པ་དང་། ཞེས་པ་ནི་གོ་སླའོ། །མེད་པའི་རྒྱུ་ལས་ཡོད་གསལ་བ། །སྣང་ཉིད་རང་བཞིན་སྒྱུ་མ་འདྲ། །ཞེས་པ་དང་། ཞེས་པ་ནི། རྒྱུ་རྐྱེན་མེད་པ་ལས་རེ་ཞིག་འགག་མེད་གསལ་བ་ལྟར་སྣང་བ་འདི་ཐམས་ཅད་སྣང་བའི་དུས་དེ་ཉིད་ནའང་། རང་བཞིན་མ་གྲུབ་སྟེ། སྒྱུ་མ་མཁན་གྱི་རྟ་གླང་དང་འདྲའོ། །ཟེར་འདོད་པ་ཡིན། ཅི་ལྟར་ནམ་མཁའི་སྤྲིན་བཞིན་དུ། །སྣ་ཚོགས་རྣམ་པ་ཅིར་སྣང་ཡང་། །དེ་དུས་རང་བཞིན་ཉམས་པ་མེད། །དེ་སོགས་སྣ་ཚོགས་ལུང་གིས་གསལ་ཞེས་པ་ནི་གོ་སླའོ། །མིང་གི་རྣམ་གྲངས་ཉིད་རང་ཆས་སུ་གནས། ངོ་བོའི་རྒྱུ་ནི་རྟོགས་བྱེད་ཀྱི་ཤེས་རབ་རང་ལ་ཡོད། རྐྱེན་བཞི་ནི། བདག་པོའི་རྐྱེན་ནི་མཚན་ཉིད་དང་ལྡན་པའི་བླ་མ་ལ། ལྷན་ཅིག་སྐྱེས་པའི་རྐྱེན་རང་རིག་ཤེས་རབ། དམིགས་པའི་རྐྱེན་སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས། དེ་མ་ཐག་པའི་རྐྱེན་དེ་དག་ཐམས་ཅད་འཛོམ་བའི་སྐད་ཅིག་མའོ། །ཡང་ན་རྐྱེན་བཞི་ནི། དམིགས་པའི་རྐྱེན་སློབ་དཔོན་དང་གླེགས་བམ། བདག་པོའི་རྐྱེན་ཚོགས་དྲུག་སྐྱོན་མེད་པའོ། །འཇུག་པའི་རྐྱེན་ཤེས་པ་དངས་པ། དེ་མ་ཐག་པའི་རྐྱེན་དེ་དག་ཐམས་ཅད་འཛོམ་པའོ། ༈ །རྟོགས་པ་སྐྱེ་བའི་གདམ་ངག་དངོས། །དྲངས། གཏན་ཚིག་གསུམ་བློ་གདལ་བས། ཞེས་པ་ནི། རྟོགས་པ་སྐྱེ་ཐབས་ཀྱི་གདམས་ངག་དངོས་ལ། རང་བཞིན་སྐྱེ་མེད་ཀྱི་གཏན་ཚིག །རོལ་པ་འགག་མེད་ཀྱི་གཏན་ཚིག་མཚན་ཉིད་དབྱེར་མེད་ཀྱི་གཏན་ཚིག་གསུམ་ལ་བློ་གདལ་བས་ཆོས་ཀུན་མཉམ་པ་ཉིད་ཡུལ་དུ་མ་བྱས་པར་རིག་པ་ཉིད་དབྱིངས་ཀྱི་ངོ་བོར་ཤར་བའོ། །རྟོགས་པ་སྐྱེ་ཚུལ་ལ་གཉིས་ཏེ། བགྲང་། རྟོགས་པའི་ཡོན་ཏན་གྱི་མི་མཐུན་པའི་ཕྱོགས་རང་སར་དག་པ་དང་། དྲངས། སྲིད་པའི་ཆོས་རྣམས་རང་སར་གྲོལ། །ཞེས་པ་ནི། དཔེར་ན་ནམ་མཁའི་མཐོངས་སུ་ཉི་མ་ཤར་བའི་དུས་སུ། མུན་པ་ཐམས་ཅད་ཐལ་གྱིས་འདིར་སོང་གི་ཁུང་མེད་དེ། རང་སར་དག་ཅིང་གྲོལ་བའོ། །དཔེ་དེ་བཞིན་དུ་གཏན་ཚིག་གསུམ་པོ་ལ་བློ་བདལ་ནས་ཆོས་ཀུན་མཉམ་པ་ཉིད་ཀྱི་དོན་རྟོགས་པའི་དུས་སུ། སྲིད་པའི་ཆོས་ཐམས་ཅད་རང་སར་དག་ཅིང་ཉོན་མོངས་པ་ལྔ་དང་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཤུགས་ཀྱིས་ཞི་ཞིང་རང་གི་དག་པའོ། །རྣམ་ཤེས་ཡུལ་སེམས་གནས་སུ་དག་ཞེས་པ་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔའི་ངོ་བོར་དག་པའོ། །དེ་ཡང་རྣམ་ཤེས་ཚོགས་བརྒྱད་དང་། གསང་སྔགས་ཀྱི་ལུགས་ལ་ཚོགས་དགུ་ངོ་སྤྲོད་དགོས་ཏེ། རྣལ་མངོན་གྱི་ཀུན་གཞི་གདིང་ཆེས་སྦྱོར་བ་དོན་གྱི་ཀུན་གཞི་བསོགས་རྐྱེན། ཉོན་ཡིད་འཛིན་མཁས། ཡིད་ཀྱི་ཤེས་པ་ཅོལ་ཆུང་སྒོ་ལྔ་ལམ་བསྟན་པའོ། །དྲངས། དོན་དམ་བདེན་པ་དང་། ཀུན་རྫོབ་བདེན་པ་གཉིས། ཆུ་དང་བྲམ་ལྟར་ངོ་བོ་གཅིག་ཏུ་རྟོགས་པ་ནི་བདེན་གཉིས་དབྱེར་མེད་ཅེས་ཀྱང་བྱ། ཀུན་རྫོབ་བྱང་ཆུབ་སེམས་དང་དོན་དམ་བྱང་ཆུབ་སེམས་གཉིས་ཆུ་དང་ཆུའི་རླབས་བཞིན་དབྱེར་མེད་དུ་རྟོགས་པ་ནི་བྱང་ཆུབ་སེམས་དབྱེར་མེད་ཅེས་ཀྱང་བྱ། མ་སྐྱེས་མི་འགག་དབྱེར་མེད་ཀྱི་དོན་དེ་ཉིད་རང་རིག་ལ་ལྷུན་གྱིས་གྲུབ་པས། དཔེར་ན་མར་ལ་སྣུམ་ལྷུན་གྱིས་གྲུབ། ཆུ་ལ་གཤེར་ལྷུན་གྱིས་གྲུབ་པ་ལྟ་བུ་ཡིན་པ་ནི་དབྱེར་མེད་ལྷུན་གྲུབ་ཞེས་ཀྱང་བྱ། བསྐྱེད་རྫོགས་གཉིས་སམ། བདེན་པ་དབྱེར་མེད་རོ་གཅིག་ཏུ་རྟོགས་ཤིང་ཐེག་པ་འོག་མའི་ཟུང་འཇུག་ལས་དཔག་པས་ན་ཟུང་འཇུག་ཆེན་པོ་ཞེས་ཀྱང་བྱ། ཆོས་ཀུན་མ་འདྲེས་ཡོངས་རྫོགས་སུ་རྟོགས་པས་ན། མཉམ་རྫོགས་ཆེན་པོ་ཞེས་ཀྱང་བྱ། དེ་ལ་སོགས་པ་གྲུབ་མཐའི་བྱེ་བྲག་གི་མིང་ནི་བཀའ་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ། ཤིན་ཏུ་རྣལ་འབྱོར་ཞེས་ཀྱང་བྱ། གཞན་ཡང་སྣ་ཚོགས་མིང་གི་རྣམ་གྲངས་བླ་དྭགས་བསམ་མཐའ་ཡས་པ་ཡོད་པ་ཤེས་པར་བྱའོ། །རིག་པ་རང་གྲོལ་གྱི་གཏན་ཚིག་ལ་བཞི་སྟེ། བགྲང་། རྟོགས་བྱེད་རྟེན་གྱི་གང་ཟག་གི་མཚན་ཉིད་དང་། དྲངས། རིག་པ་རང་གྲོལ་གྱི་གཏན་ཚིག་ནི། གང་ཞིག་རྟེན་གྱི་གང་ཟག་སྐྱེས་བུ་སྐལ་ལྡན་ཅན་ནི། གོང་དུ་བཤད་པ་དང་མཐུན་པ་གཅིག་དགོས་སོ། །རྟོགས་པའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དང་། དྲངས། མ་ནོར་དམ་པའི་གསུང་ནི་རྒྱུད་ལུང་ལ་བརྟེན་ནས་ཤིན་ཏུ་རྣལ་འབྱོར་གྱི་ཐེག་པ་ལ་ཤེས་རབ་གསུམ་གྱིས་རྒྱུད་སྦྱངས་ཏེ། དང་པོ་ཐོས་པའི་ཤེས་རབ་ཀྱིས་ཚིག་གི་རྩ་བ་བཅད། བསམ་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་ཆབ་རོམ་བཞུ། སྒོམ་པའི་ཤེས་རབ་ཀྱིས་ཉོན་མོངས་པ་རང་སར་གྲོལ་བའོ། །རྒྱུ་རྐྱེན་དྲུག་ལ་མེ་ལྟར་གཡོས། །ཅེས་པ་ནི། རྒྱུ་གཉིས་རྐྱེན་བཞི་དང་དྲུག་གི་སྒོ་ནས་རྫོགས་ཆེན་གྱི་དོན་རྟོགས་ཏེ། དེ་ལ་རྒྱུ་གཉིས་ལས། རང་བཞིན་གྱི་རྒྱུ་ནི། སེམས་ཡངས། ཡུལ་དྲུག་གཅོད་སྙི་བའོ། །དེའང་རྣལ་མངོན་གྱི་ཀུན་གཞི་ནི་ཆོས་དབྱིངས་ཡེ་ཤེས་སུ་ངོ་སྤྲད། སྦྱོར་བ་དོན་གྱི་ཀུན་གཞི་མེ་ལོང་ཡེ་ཤེས་སུ། ཉོན་ཡིད་མཉམ་ཉིད་ཡེ་ཤེས། ཡིད་ཀྱི་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་སུ། སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས་སུ་ངོ་སྤྲད་དོ། །འདི་རྣམས་ལ་རྣམ་ཤེས་ཚོགས་བརྒྱད་ཀྱི་བྱེད་ལས། ཡེ་ཤེས་ལྔ་ཡིན་པའི་རྒྱུ་མཚན། ཆོས་མཐུན་ཡོད་ལུགས། གནས་སུ་དག་མ་དག་གི་ས་མཚམས་ཞིབ་ཏུ་ངོ་སྤྲད་རྒྱུ་ཡང་། གསང་སྒྲོགས་སུ་འགྲོ་དོགས་པས་དོན་གྱིས་འདིར་མ་བཀོད། བླ་མ་མཁས་རྟོགས་གདེངས་ལྡན་རྣམས་ཀྱི་ཞལ་ལས་ཤེས་པར་བྱའོ། ༈ །རྟོགས་པའི་ཡེ་ཤེས་ཤར་ཚུལ་ལོ། །དྲངས། གོང་དུ་བཤད་པ་བཞིན་གཏན་ཚིག་གསུམ་ལ་བློ་གདལ་བས་ནི། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པར་རང་བྱུང་སྒྲིབ་གཡོག་དང་བྲལ་བས་ཡེ་ཤེས་ཆེན་པོའི་ཀློང་དུ་ཤར་བ་ཡིན་ནོ། །སྣང་སྟོང་གང་ལའང་རྟེན་ཆ་བྲལ། །ཞེས་པ་ནི། མཉམ་ཉིད་ཀྱི་གནས་ལུགས་རྟོགས་པའི་དུས་སུ། སྣང་བ་དང་སྟོང་པ་གང་ལ་ཡང་རྟེན་བཅའ་བ་མ་ཡིན། དཔེར་ན་བྱ་ནམ་མཁའ་ལ་ལྡིང་བའི་དུས་སུ་གཤོག་རྩེ་ཕྱོགས་གང་དུའང་གཏད་པ་མ་ཡིན། དེ་བཞིན་དུ་རིག་པ་ཉིད་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བ་ཡིན་པས་ན། ཕྱོགས་ལྷུང་བྲལ་བའི་ལྟ་བ་འཆར་ཞེས་ཟེར་རོ། །གནས་ལུགས་ཟབ་མོའི་དོན་རྟོགས་པས་རྟོགས་ལྡན་ཞེས་ཀྱང་བྱ། བྱ་རྩོལ་ཐམས་ཅད་དང་བྲལ་བས་བྱ་བྲལ་ཞེས་ཀྱང་བྱ། དེ་ལྟ་བུའི་དོན་རྣལ་མ་ལ་རང་རིག་པའི་བློ་འབྱོར་བས་རྣལ་འབྱོར་པ་ཞེས་ཀྱང་བྱ། སྤྱོད་ལམ་རྣམ་བཞིར་རྩེ་གཅིག་ཏུ་དྲིལ་བས་སྒོམ་ཆེན་པ་ཞེས་ཀྱང་བྱ། དེ་ལྟ་བུའི་ཉམས་ལེན་དམ་པ་ཁོང་དུ་ཆུད་པས་གང་ཟག་དམ་པ་ཞེས་ཀྱང་བྱ། ཀློང་ཆེན་ལས། རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །ནམ་མཁའི་དབྱིངས་ལྟར་སྤྲོས་དང་བྲལ། །ཅེས་པ་དང་། ངོ་བོ་ཉིད་དུ་བློ་གྲོལ་བས། །གཏན་ཚིག་ངེས་པར་ཡིད་ཆེས་དོན། །ལུས་ངག་རྩོལ་བ་མེད་པའི་ཕྱིར། །རང་བྱུང་བློ་ལ་འཆིང་གྲོལ་མེད། །དེ་ཕྱིར་དེ་བཞིན་ཉིད་དུ་གནས། །ཞེས་པ་དང་། གཟུང་འཛིན་སྐྱོན་གྱིས་མ་གོས་པར། །རྣམ་གྲོལ་བློ་ནི་རང་སར་གྲོལ། །དེ་ཕྱིར་ངེས་དོན་ཡེ་ཤེས་ཀློང་། །རྒྱུ་དང་རྐྱེན་ལས་མ་བྱུང་བས། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །དེ་ཉིད་རྟོགས་པས་ཆོས་སྐུར་གྲོལ། །ཡང་དག་སངས་རྒྱས་འདི་ལས་མེད། །ཅེས་སོ། །ཏིང་ངེ་འཛིན་ལ་གཉིས་ཏེ། བགྲང་། ལྟ་བསྒོམ་དབྱེར་མེད་ཀྱི་ཏིང་ངེ་འཛིན་རང་གི་ངོ་བོ་དང་། དྲངས། བྱ་བྲལ་རྫོགས་པའི་བསམ་གཏན་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་བདེ་ཆེན་གྱི་ཀློང་དུ་རང་བློ་བདལ་བ་ནི། ཤེས་བྱ་དང་ཤེས་བྱེད་བསྒྲུབ་བྱ་དང་སྒྲུབ་བྱེད་དམིགས་བྱ་དང་དམིགས་བྱེད་ལ་སོགས་པའི་རྟེན་ཆ་ཐམས་ཅད་དང་བྲལ་ནས་རང་རིག་ཡུལ་བྲལ་གྱི་ཡེ་ཤེས་ཆེན་པོ་ནི་རྫོགས་པ་ཆེན་པོའི་སྒོམ་བསམ་གཏན་ཀུན་གྱི་ངོ་བོར་བྱུང་བ་ཡིན་ནོ། །ལུང་གིས་མངོན་དུ་འབྱིན་པའོ། །དྲངས། ཀུན་བྱེད་རྒྱལ་པོའི་ལུང་ལས་ཀྱང་ནི་འདི་སྐད་དུ། སྣང་བ་མེད་པའི་ཆོས་ཉིད་ནི། །མ་བརྩལ་བཞག་ན་སྒོམ་པ་ཡིན། །ཞེས་སོགས་གསུངས་པས་མངོན་དུ་འབྱིན། ཞེས་པ་ནི་གོ་སླའོ། །བསམ་གཏན་འདི་ནི་བློ་རབ་ཀྱི་སྒོམ་དུ་བྱུང་། སྤྱིར་རྫོགས་ཆེན་གྱི་ལུགས་ལ། ལྟ་བ་རྟོགས་ནས་གྲོལ་ལུགས་བཞི་ཡོད་དེ། སྐྱོབ་པ་ལས། ཡང་རབ་རབ་དང་འབྲིང་དང་ཐ་མ་གྲོལ། ཅེས་པ་དང་། རྟོགས་ལྡན་ཤག་རྡོར་གྱིས་སྤྲིངས་ཡིག་རིག་པའི་འོད་ཟེར་གྱི་ནང་དུ་འདི་སྐད་བཀོད་འདུག །ཉམས་ལེན་ཡང་རབ་རབ་འབྲིང་ཐ་མ་སྟེ། །ཡང་རབ་ཤེས་བྱ་ཅི་ལྟར་གནས་པའི་དོན། །ཡུལ་མེད་རང་གྲོལ་ཆོས་ཉིད་མངོན་དུ་རྟོགས། །འཁོར་བ་སྤངས་མེད་སྣང་སྲིད་ཆོས་སྐུར་ཤར། །སྐད་ཅིག་གཅིག་ལ་མཐར་ཕྱིན་རྫོགས་སངས་རྒྱས། །ཆེ་བའི་ཡོན་ཏན་རྒྱ་མཚོ་གཞི་ནས་རྫོགས། །རིམ་མེད་ཅིག་ཆར་གྲོལ་བར་རྒྱལ་བས་གསུངས། །རབ་ཀྱི་བློ་ལྡན་རྣལ་འབྱོར་སྒོམ་པ་ནི། །རྟོགས་པའི་དོན་ལ་བཞག་ཐབས་སྐྱོན་བཅོས་དང་། །ངོ་བོ་རྟོགས་ཚད་ཉམས་ཀྱི་རིམ་པ་སྟེ། །དང་པོར་རང་སྣང་ཡུལ་མེད་མངོན་རྟོགས་པས། །བལྟ་བྱ་ལྟ་བྱེད་ངང་གིས་དག་པའི་ཕྱིར། །བསྒོམ་མཁན་གང་གིས་སྒོམ་རྒྱུ་ཅི་ཞིག་བསྒོམ། །བསྒོམ་བྱ་སྒོམ་བྱེད་མེད་པའི་སྒོམ་པ་ནི། །ཆོས་ཉིད་མཁའ་ལ་རིག་པའི་ཉི་ཤར་ཅིང་། །རང་རིག་འོད་གསལ་མཁའ་ལྟར་དག་པའོ། །གཉིས་མེད་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་དྲན་པས་ཟིན་པའི་མན་ངག་སྟེ། །རྟོགས་པའི་ངང་ལ་རྒྱུན་དུ་འབྲལ་མེད་པར། །རིག་པ་རྩེ་གཅིག་གནས་པ་སྒོམ་པ་ཡིན། ༈ །འབྲིང་པོའི་བློ་ཅན་གོམ་བྱེད་ཉམས་ལེན་ནི། །རྟོགས་ཐབས་ལྟ་བ་གོང་བཞིན་མཐུན་གྱུར་ཀྱང་། །མངོན་དུ་མ་རྟོགས་དོན་སྤྱི་ཙམ་གོ་ལ། །རྫོགས་ཆེན་བསྟན་པ་ནམ་མཁའ་ལྟ་བུའོ། །ཐབས་སྒོ་དཔག་མེད་ལྷ་རླུང་བདེ་བ་དང་། །གང་སྣང་གང་སྐྱེས་སྤྱོད་ཡུལ་སྣ་ཚོགས་ལ། །བློ་དང་མཐུན་པར་ཁྲིད་བྱས་ངོ་སྤྲད་ཅིང་། །རྟོགས་པའི་དོན་ལ་བཞག་ཐབས་སྐྱོན་བཅོས་དང་། །ཐུན་དང་གོམས་ཚད་རྐྱེན་བསལ་གོལ་ས་བཅད། །ཉམས་ཀྱི་བོག་འདོན་རྟོགས་ཚད་ཉམས་རིམ་སོགས། །རང་རང་སྐབས་བཞིན་རིམ་པར་དོན་སྦྱར་ནས། །རང་གནས་ཡེ་ཤེས་མངོན་དུ་མཐར་ཕྱིན་བྱེད། །ཐ་མ་བློ་ཞན་ཉམས་ལེན་གོམས་བྱེད་ནས། །ཆོས་ཉིད་མངོན་སུམ་རྟོགས་པར་མི་ལྡན་ན། །རང་རང་བློ་དང་སྦྱར་བའི་ཆོས་བསྟན་ཏེ། །རིམ་འཇུག་ཐེག་བརྒྱད་དོན་ལ་ཁྲིད་བྱས་ནས། །སྐབས་སུ་རྫོགས་ཆེན་ཆེ་བའི་སྤྲོ་བ་བསྐྱེད། །མཐུན་འཇུག་ཐབས་ཀྱི་རྫོགས་ཆེན་དོན་ལ་དྲངས། །དུས་ལ་བབ་ན་སྙིང་པོའི་དོན་བསྟན་ལ། །རྫོགས་ཆེན་དོན་ལ་རིམ་གྱིས་བསླབ་བྱས་ཏེ། །ཞེས་གསུངས་སོ། །ཆོས་རྗེ་དམ་པ་ཡབ་སྲས་ཀྱིས་ནི། འདིའི་གང་ཟག་ཐ་མ་དེ་ཉམས་ལེན་རིམ་གྱིས་པའི་གང་ཟག་ལ་བཞེད་དོ། ༈ །སྤྱོད་པ་ལ་དྲུག་སྟེ། བགྲང་། ཀུན་ཏུ་བཟང་པོའི་སྤྱོད་པ་དང་། དྲངས། བྱ་བྲལ་རྫོགས་པའི་སྤྱོད་པ་ནི། ལུས་ངག་ཡིད་གསུམ་གྱི་སྤྱོད་ཡུལ་ཐམས་ཅད་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་དུས་སུ། ཆེད་དུ་བྱ་བའི་སྤྱོད་པ་དང་བྲལ་བའི་རིག་པ་འཆར་བ་དེ་ནི་ངན་པའི་སྐྱོན་རྩ་བ་ནས་དག་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན། བླང་དོར་མེད་པའི་སྤྱོད་པ་དང་། དྲངས། ཉོན་མོངས་པ་དུག་གསུམ་དུག་ལྔ་ལ་སོགས་པ་རྣམས་འགག་པ་མེད་པར་རང་བྱུང་གི་ཡེ་ཤེས་ཉིད་དུ་གསལ་བ་ནི་ཉོན་མོངས་པ་སྤང་དུ་མེད། རིག་པ་ཡེ་ཤེས་ཀློང་དུ་མེད་པའི་སྤྱོད་པ་ཡིན། སྒྱུ་འཕྲུལ་བརྒྱད་ཅུ་པ་ལས། མ་རིག་པ་ཉིད་སྤང་དུ་མེད། །རིག་པ་ཡེ་ཤེས་བསྒྲུབ་ཏུ་མེད། །ཅེས་གསུངས་སོ། །རྒྱན་དང་ཆ་ལུགས་ལྡན་པའི་སྤྱོད་པ་དང་། དྲངས། འདོད་པའི་ཡོན་ཏན་དེ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་འདི་དག་དང་། རང་བྱུང་ཡེ་ཤེས་གཉིས་དབྱེར་མེད་གཅིག་ཏུ་ལོངས་སྤྱོད་པ་ལ་ཀུན་བཟང་རྒྱན། ཞེས་བྱ། འདི་དག་བདག་ཉིད་ཆེན་པོའི་གཏན་ཚིག་གིས་ཆོས་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་དག་པའི་ངོ་བོར་ཤར་བ་ནི་རྒྱན་དང་ཆ་ལུགས་ལྡན་པའི་སྤྱོད་པ་ཡིན་ནོ། །འདི་མཐར་ཕྱིན་འབྲས་བུའི་དུས་སུ་ལོངས་སྤྱོད་རྫོགས་པའི་སྐུ། དབུ་རྒྱན་དོ་ཤལ་ལ་སོགས་པ་རྒྱན་ཆ་ལུགས་ཅན་དུ་འགྱུར་རོ། །བསམ་གྱིས་མི་ཁྱབ་པའི་སྤྱོད་པ་དང་། དྲངས། བླ་མེད་ཐེག་པ་མན་ཆད་ནས། །འཇིག་རྟེན་གྱི་སྤྱོད་ཐམས་ཅད་ཀུན། །ཆེད་ཀྱི་དགག་བསྒྲུབ་གང་ཡང་མེད། །རང་བྱུང་ཡེ་ཤེས་ཉིད་དུ་གསལ། །བསམ་གྱིས་མི་ཁྱབ་སྤྱོད་པ་ཡིན། །ཚིག་གོ་སླའོ། །དོན་ནི། དཔེར་ན་ནམ་མཁའི་ངང་དུ་འབྱུང་བ་བཞི་ཅི་ཤར་ན་ཡང་། ནམ་མཁའི་ངོ་བོ་ལ་སྤངས་བླང་དང་དགག་བསྒྲུབ་མེད་པ་བཞིན་དུ། སངས་རྒྱས་མན་ཆད། འཇིག་རྟེན་གྱི་བྱ་སྤྱོད་ཡན་ཆད་ལ་ཆེད་དུ་སྤངས་བླང་དང་དགག་སྒྲུབ་མེད་ཅིང་ཆོས་ཀུན་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཀློང་དུ་ལོངས་སྤྱོད་པའོ། །འདི་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་དོན་ལ་ལོངས་སྤྱོད་དགོས་ཏེ། སློབ་དཔོན་སངས་རྒྱས་གསང་བས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པ། །བླུན་པོ་མུན་སྤྲུལ་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་གསུངས་སོ། །བདག་ཉིད་ཆེན་པོའི་སྤྱོད་པ་དང་། དྲངས། ཐོག་མ་དང་ཐ་མ་དང་དུས་གསུམ་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་འདི་རྣམས་ལྷུན་གྲུབ་རང་བྱུང་ཡེ་ཤེས་ཀྱི་རྩལ་དུ་མ་གྱུར་པ་ནི་གང་ཡང་མེད་དོ། །དེ་ལྟ་བུ་ནི་བདག་ཉིད་ཆེན་པོའི་སྤྱོད་པ་ཡིན་ནོ། །སྤྱོད་པའི་རྒྱལ་པོ་བྱར་མེད་བསྟན་པའོ། །དྲངས། སྤྱོད་པའི་ཁྱད་པར་ཅི་བྱུང་ཡང་། །དགག་སྒྲུབ་ཆེད་འཛིན་བྲལ་བ་ནི། །སྤྱོད་པའི་རྒྱལ་པོ་བྱར་མེད་ཡིན། །འདི་ནི་གོ་སླའོ། །འོན་ཀྱང་སྤྱོད་པའི་སྐབས་འདིར་ས་མིག་དྲུག་ཡོད་པ་ནི། མཚོན་ཚུལ་མ་འདྲེས་པར་དགོས་ཆེད་དྲུག་གིས་ཤེས་པར་བྱའོ། །དམ་ཚིག་ལ་གཉིས་ཏེ། བགྲང་། ཤིན་ཏུ་རྣལ་འབྱོར་གྱི་དམ་ཚིག་དགོངས་པའི་ངོ་བོ་དང་། དྲངས། བྱ་བྲལ་རྫོགས་པའི་དམ་ཚིག་ནི་སྤྱོད་ལམ་ཐམས་ཅད་དུ་ཆོས་ཉིད་ངང་ལ་འདའ་ཉམས་མེད། རིག་པ་ཡེ་ཤེས་ལ་འདའ་ཉམས་མེད། མ་བཅོས་པའི་ཏིང་འཛིན་ལ་འདའ་ཉམས་མེད། འདི་ལྟ་བུའི་དགོངས་པ་ཏིང་ངེ་འཛིན་ལ་ཡེ་ཤེས་ལ་ཡེ་ཤེས་རྒྱུན་ཆད་མེད་པ་ནི། དཔེར་ན་ཆུ་གཤེར་བ་ལས་མི་འདའ། མར་སྣུམ་པ་ལས་མི་འདའ། དུང་དཀར་བ་ལས་མི་འདའ་བ་བཞིན་ནོ། །གདུལ་བྱའི་དོན་བྱེད་པ་ལས་མི་འདའ་བའི་དམ་ཚིག་གོ། །དྲངས། སྤང་བླང་མེད་པའི་སྤྱོད་པ་ཡིས་ནང་པ་གསང་སྔགས་བླ་མེད་ཐེག་པའི་དམ་ཚིག་དང་། བར་བྱང་ཆུབ་སེམས་དཔའ་སྡོམ་པའི་སྤྱོད་པ་དང་། ཕྱི་ཉན་ཐོས་ཀྱི་གདུལ་ཁྲིམས་ལ་སོགས་པ་སྡོམ་པའི་བྱེ་བྲག་མཐའ་ཡས་པ་དང་། འཇིག་རྟེན་པ་ལ་སོགས་པ་ཐུན་མོང་བྱ་སྤྱོད་ཐམས་ཅད་ཀུན་ནི་ཐབས་ཀྱི་སྤྱོད་པས་འགྲོ་དོན་བྱེད་དགོས་པས་ཆེད་དུ་དགག་པ་གཅིག་ཀྱང་མེད་དེ། དགོངས་པ་རང་ངོ་ལ་ཆེད་དུ་འཛིན་པ་ཐམས་ཅད་ཡོངས་སུ་བྲལ་བའོ། །དེ་ནི་བླ་མེད་རྫོགས་པ་ཆེན་པོའི་ཐེག་པའི་དམ་ཚིག་གོ། །གཞན་ཡང་རྫོགས་ཆེན་རང་གཞུང་གི་དམ་ཚིག་ལ། ལྷག་པའི་དམ་ཚིག་རྣམ་བཞིར་བཤད་དེ། གང་ཞེ་ན། མེད་པ། ཕྱལ་བ། གཅིག་པུ། ལྷུན་གྲུབ་བཞིའོ། །བསྲུང་དུ་མེད་པའི་བསྲུང་བ་ཆེན་པོའོ། །ཡུན་ལ་ལྔ་སྟེ། བགྲང་། ངོ་བོ་བསམ་གྱིས་མི་ཁྱབ་པའི་དུས་དང་། དྲངས། བླ་མེད་ཐེག་པའི་གྲུབ་ཡུན་ནི། །ཆོས་ཀུན་ཡེ་ནས་སངས་རྒྱས་པ། །ངོ་བོ་དུས་ཞེས་བཤད་པ་ཡིན། །ཞེས་པ་ནི། རྫོགས་ཆེན་གྱི་ལུགས་ལ་སངས་རྒྱས་པའི་ཡུན་ལ་ཅི་ཐོག་ཞེ་ན། ཤེས་བྱ་འཁོར་འདས་ཀྱིས་བསྡུས་པའི་ཆོས་བློའི་ཡུལ་དུ་གྱུར་ཚད་ཀུན་ཡེ་ནས་སངས་རྒྱས་པ་ཡིན་ཏེ། དངོས་པོའི་ངོ་བོར་སྣང་བའི་དུས་དེ་ཉིད་ནས་བཟོ་བཅོས་མ་བྱས་པ་དེ་ཀ་སངས་རྒྱས་ཡིན་པར་ཁས་བླང་པའོ། །གཏན་ཚིག་དེ་བས་ན་རྟོགས་གྲོལ་ཐར་པ་དུས་མཉམ་སྟེ། རྔོན་པ་རྙི་དང་སངས་རྒྱས། ཤན་པ་གྲི་དང་སངས་རྒྱས། ཐོད་པ་བོར་ཆོག་གི་གདམས་ངག་ཡིན་ཟེར་བའི་དོན་ཡང་དེ་བཞིན་ནོ། །འདི་བློ་རབ་ལ་དགོངས་ཏེ་སྲིད་པ་ཙམ་མོ། །རྫོགས་ཆེན་ལ་རྟེན་གྱི་གང་ཟག་བཞི་ཡོད་པ་གོང་དུ་བཤད་པ་བཞིན་ནོ། །ལྟ་བ་ངོས་འཕྲོད་ནས་མཐོང་ལམ་གཡོ་བའི་དུས་དང་། དྲངས། རང་བཞིན་སྐྱེ་མེད་ཀྱི་གཏན་ཚིག །རོལ་པ་འགག་མེད་ཀྱི་གཏན་ཚིག །མཚན་ཉིད་དབྱེར་མེད་ཀྱི་གཏན་ཚིག་གསུམ་ལ་བློ་གདལ་ན། རིག་པ་རང་སར་གྲོལ་བའི་ཚེ། དེའི་དུས་ན་དབྱེར་མེད་ཀྱི་དོན་མཉམ་པ་ཉིད་ཀྱི་གནས་ལུགས་ཅི་བཞིན་པ་རྟོགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འགོ་བོ་ཟུག་པ་ཡིན་པས་ན་ས་ཆེན་དང་པོ་རབ་དགའ་ཉེ་བར་ནོན། དེ་ནི་གཡོ་བའི་ཉམས་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཉམས་སུ་བླངས་པས་སྒོམ་ལམ་རིག་པ་ལ་དབང་ཐོབ་པའི་དུས་དང་། དྲངས། དེ་ཉིད་ཉམས་སུ་བླང་བའི་ཚེ། །ས་ཆེན་གཉིས་པ་ནོན་པ་སྟེ། །ཐོས་པའི་ཉམས་ཞེས་གྲགས་པ་ཡིན། །འདི་ནི་ས་བཅད་དང་གཞུང་གཉིས་ཀྱི་སྟེང་ནས་གོ་བར་ཟད་དོ། །གོམས་པ་མཐར་ཕྱིན་པས་རྩོལ་བྲལ་མཐར་ལམ་བསྟན་པའི་དུས་དང་། དྲངས། མ་བཙལ་ལྷུན་གྲུབ་ཀྱི་ས་ལ་གནས་པའི་ཚེ་ཕྱོགས་བཅུར་བཞུགས་ཤིང་དུས་བཞི་གཤེགས་པའི་རྒྱལ་བ་རྒྱ་མཚོ་སྟེ། བདེ་གཤེགས་མ་ལུས་ཐམས་ཅད་དང་། སྐུ་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་ལྟར་དབྱེར་མེད་ཅིང་བརྟན་པ་ཐོབ་པ་ནི་མཐར་ཕྱིན་པའི་ཐད་སོ་ཡིན་ནོ། །ས་ལམ་བགྲོད་སྦྱངས་མེད་པར་རྫོགས་པའི་ཡོན་ཏན་གྱི་བདག་ཉིད་དུ་བསྟན་པའོ། །དྲངས། ས་རྣམས་ཀུན་གྱི་ཡང་ཐོག་སྟེ་ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་གཉིས་སུ་མེད་པས། ལམ་བགྲོད་དུ་མེད་ཅིང་ལམ་ལྔ་དུས་གཅིག་ལ་རྫོགས་པ་དང་ས་ལ་སྦྱོང་དུ་མེད་པས། ས་རྣམས་དུས་གཅིག་ལ་ནོན་པའོ། །འོ་ན་དོད་པོ་ཙམ་ན། བགྲོད་པའི་ལམ་གྱིས་ཐ་མ་ནོན། ཞེས་པ་ནི། ལམ་བགྲོད་པའི་ཐ་མ་འབྲས་བུ་ཐོབ་པའོ། །ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པས་ན། རྫོགས་པ་ཆེན་པོའི་ལུགས་ལ་རྫོགས་པ་སྤྱིར་ཆིབས་ཀྱི་ས་ཞེས་བྱའོ། ༈ །འབྲས་བུ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ལམ་གྱི་བྱ་བ་ཐམས་ཅད་མཐར་ཕྱིན་པའི་འབྲས་བུའི་མཆོག་འདི་ལ་འབྲས་བུའི་ངོ་བོ་དང་། རྣམ་གྲངས་དང་། ངེས་ཚིག་དང་། བྱེ་བྲག་དང་སྣང་ཚུལ་དང་ལྔ་བསྟན་པ་ནི་འདི་ལྟ་སྟེ། རྒྱས་པར་བཤད་པ་ལ་ལྔ་སྟེ། བགྲང་། ངོ་བོ་ནི། ངོ་བོ་སྐུ་གསུམ་ལྷུན་གྲུབ་ཡིན། ཞེས་པ་ནི་གོ་སླའོ། །རྣམ་གྲངས་དང་། དྲངས། རྣམ་གྲངས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་རེ་རེའང་ལྔ་ལྔ་སྟེ། །ཞེས་པ་ནི། ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་སྐུ། གསང་བའི་སྐུ། ལོངས་སྐུ། སྤྲུལ་པའི་སྐུ་དང་ལྔའོ། །གསུང་ལྔ་ནི། རིག་པ་བྱིན་རླབས་ཀྱི་གསུང་། སྐྱེ་མེད་དོན་གྱི་གསུང་། དགོངས་པ་བརྡའི་གསུང་། ཚངས་པ་དབྱངས་ཀྱི་གསུང་། གྲགས་སྟོང་རྡོ་རྗེའི་གསུང་ངོ་། །ཐུགས་ལྔ་ནི། ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་འགྲུབ་ཡེ་ཤེས། ཡོན་ཏན་ལྔ་ནི། གཞལ་ཡས་ཁང་། ཞིང་ཁམས། འོད་ཟེར། གདན་ཁྲི། རྒྱན་ཆ་ཡོན་ཏན་ཅན་ནོ། །ཕྲིན་ལས་ལྔ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔའོ། །རྒྱན་གྱིས་ཞེས་པ་ནི། སྣང་བའི་རྒྱན་དུ་སྟོང་པ་ཆེ། །སྟོང་པའི་རྒྱན་དུ་སྣང་བ་ཆེ། །བྱ་བ་ཡིན་པས། སྐུ་རིགས་རྒྱན་འཁོར་ཉི་ཤུ་རྩ་ལྔར་སྣང་བ་དེས་སྟོང་པའི་མཐའ་སེལ་བ་ཡིན། ཤར་བའི་དུས་དེ་ཉིད་ན་རང་བྱུང་ཡེ་ཤེས་ལས་མ་གཡོས་པས་སྣང་བ་དངོས་འཛིན་གྱི་མཐའ་སེལ་བས་རྒྱན་ཅེས་བྱའོ། །འཁོར་ལོ་ཞེས་པ་ནི། གོང་གི་སྐུ་རིགས་རྒྱན་འཁོར་ཉི་ཤུ་རྩ་ལྔ་རྒྱུན་མི་ཆད་པ་ལ་བྱའོ། །ཉི་ཤུ་རྩ་ལྔ་ཞེས་པ་ནི་གོང་གི་སྐུ་རིགས་རྒྱན་འཁོར་ཉི་ཤུ་རྩ་ལྔ་ལ་བྱའོ། །གཞན་ཡང་མཐར་ཕྱིན་འབྲས་བུའི་དབྱེ་བ་ལ་བྱེ་བྲག་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད་པར་ཤེས་པར་བྱའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་འདི་རྣམས་ཀྱི་དོན་ཅུང་ཞིག་བཀྲོལ་ན། མདོ་ལམ་རིམ་ལ། །ངོ་བོ་ཉིད་དང་གསང་བ་དང་། །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །ཞེས་པས། མི་མཐུན་གཉེན་པོ་མེད་པས་གནས་ལུགས་ཅི་བཞིན་པ་ཉིད་མངོན་དུ་གྱུར་པས་ན་ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་དབྱིངས་སྐྱེ་བ་མེད་ཅིང་རྣམ་པར་དག་པ་ཉིད་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བས་ཆོས་སྐུ་དང་། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་དགོངས་པ་བདེ་བ་ཆེན་པོར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་དག་མ་དག་གི་སེམས་ཅན་ལ་གང་ལ་གང་འདུལ་དུ་སྤྲུལ་པས་ན་སྤྲུལ་པའི་སྐུ་དང་། བདེ་སྟོང་གཉིས་མེད་ལ་ལོངས་སྤྱོད་ཅིང་གསང་བ་དམ་པས་ན་གསང་བའི་སྐུའོ། །མདོ་དགོངས་འདུས་ལས། སྤྲུལ་པ་ནི་མ་བྱུང་མ་མྱོང་རྒྱུན་དུ་འབྱུང་བའོ། །རྫོགས་ལོངས་སྤྱོད་པ་ནི་སྨིན་པ་ཕུན་སུམ་ཚོགས་པ་ལ་བྱའོ། །ཆོས་ཀྱི་སྐུ་ནི་ཡོངས་སུ་རྣམ་པར་དག་པ་ལ་བྱའོ། །ངོ་བོ་ཉིད་ཀྱི་སྐུ་ནི་ཅི་བཞིན་པ་དེ་ཉིད་ལ་བྱའོ། །གསང་བའི་སྐུ་ནི་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་བྱའོ། །གཉིས་པ་གསུང་ལྔ་ནི། ངོ་བོ་ཉིད་ཀྱི་གསུང་ནི་མ་བརྗོད་པར་ངོ་བོ་ཉིད་ཀྱིས་གོ་བའོ། །ཆོས་སྐུའི་གསུང་རང་གསལ་བྱིན་བརླབས་ཀྱིས་མཚོན་པའོ། །གསང་བའི་སྐུའི་གསུང་ནི། གསང་བ་བརྡ་ཡིས་མཚོན་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་གསུང་ནི། དགོངས་པ་བརྡས་མཚོན་པའོ། །སྤྲུལ་པ་སྐུའི་གསུང་ནི། ཚངས་པ་དབྱངས་ཀྱི་སྒོ་ནས་ཚིག་གིས་མཚོན་པའོ། །མདོ་ལས། གང་ངོ་བོ་ཉིད་མེད་པའི་གསུང་ནི་ནམ་མཁའ་ལྟ་བུའོ། །རྣམ་པར་དག་པའི་གསུང་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཡོངས་སུ་སྨིན་པའི་གསུང་ནི་མེ་ལོང་ལྟ་བུའོ། །གསང་བ་དམ་པའི་གསུང་ནི་སེང་གེ་ལྟ་བུའོ། །རྨད་དུ་བྱུང་བའི་གསུང་ནི་གསུང་གཅིག་ལ་ཡན་ལག་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་སོ། ༈ །གསུམ་པ་ཐུགས་ཡེ་ཤེས་ལྔ་ནི། སྟོང་པ་ཉིད་དམ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། ཆོས་ཀུན་མཚན་མ་མེད་པར་རང་གསལ་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཆོས་དབྱིངས་སྒྲིབ་པ་མེད་ཅིང་རྟོག་པ་མེད་པར་རང་གསལ་བའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། བཟང་ངན་ཆེ་ཆུང་མེད་པར་མཉམ་པ་ཉིད་དུ་གསལ་བའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། ཆོས་ཀུན་བྱེ་བྲག་མ་འདྲེས་པར་གསལ་བའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། རྩོལ་བསྒྲུབ་མེད་ཅིང་བྱ་བ་མེད་པས་དགོས་འདོད་འབྱུང་བའོ། །མདོ་ལས། ཁ་ཅིག་ཏུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་རྣམ་དག་གསལ་བའི་ཡེ་ཤེས་ཅེས་བྱའོ། །ཁ་ཅིག་ཏུ་ནི་མཉམ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང་། མདོ་ལམ་རིམ་ལས། སྟོང་ཉིད་ཐུགས་ནི་ནམ་མཁའ་བཞིན། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །ཆེན་པོ་ལྟ་བུའི་ཡེ་ཤེས་དང་། །སྣ་ཚོགས་བཀོད་པའི་ཡེ་ཤེས་དང་། །ཡིད་བཞིན་ནོར་བུའི་ཡེ་ཤེས་སོ། །ཞེས་སོ། །བཞི་པ་ཡོན་ཏན་ལྔ་ནི། བདེ་བ་ཆེན་པོ་ལ་སོགས་ཞིང་ཁམས་ཡོན་ཏན་ཅན་དང་། རིན་ཆེན་སྣ་ལྔ་ལས་གྲུབ་ཅིང་མཛེས་པར་བརྒྱན་པའི་གཞལ་ཡས་ཁང་ཡོན་ཏན་ཅན་དང་། ཐུགས་རྗེའི་འོད་ཟེར་སྣང་བའི་རྟགས་སུ་འོད་ཟེར་རྣམ་ལྔ་ལ་སོགས་པ་འོད་ཟེར་ཡོན་ཏན་ཅན་དང་། མི་འཇིགས་པ་སེང་གེའི་ཁྲི་དང་། རིན་པོ་ཆེའི་ཁྲི་དང་། ཉི་ཟླ་པདྨ་ལ་སོགས་པའི་གདན་ཁྲི་ཡོན་ཏན་ཅན་དང་། མཚན་དང་དཔེ་བྱད་དུ་ལྡན་པ་དང་རིན་པོ་ཆེའི་རྒྱན་ཆ་སྣ་ཚོགས་དང་ལྡན་པ་ནི་རྒྱན་ཆ་ཡོན་ཏན་ཅན་ནོ། །མདོ་ལམ་རིམ་ལས། ཞིང་ཁམས་གཞལ་ཡས་འོད་ཟེར་དང་། གདན་ཁྲི་རྒྱན་རྣམས་ཟད་འཕེལ་མེད། །ཅེས་གསུངས་སོ། །ལྔ་པ་ཕྲིན་ལས་ལྔ་ནི། ཞི་བ་རྒྱས་པ་དབང་དྲག་པོ། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་གང་ལ་གང་འདུལ་དུ་ཅི་ལྟར་འཚམས་པར་དོན་མཛད་པའོ། །དེ་ཉིད་ལས། ཚད་མེད་ཕྲིན་ལས་ཞི་དྲག་དང་། །དབང་རྒྱས་ལྷུན་གྱིས་གྲུབ་པའོ། །ཞེས་སོ། །ངེས་ཚིག་དང་། དྲངས། ལམ་བགྲོད་པ་མཐར་ཕྱིན་ནས། བདག་དོན་དམ་པ་ཆོས་སྐུ་དང་། གཞན་དོན་དམ་པ་གཟུགས་སྐུ་གཉིས་ཀྱི་དོན་དང་བཅས་པ་ནི། དེ་ཕྱིན་ཆད་ཕྱིར་ལྡོག་པ་མེད་པས་ན། མཐར་ཕྱིན་པའི་འབྲས་བུ་ཞེས་བྱའོ། །ཐེག་པ་ཐམས་ཅད་ཀྱིས་བསྒྲུབ་པའི་དོན་ཀུན་གྱི་མཆོག་རྫོགས་པ་ཆེན་པོ་འདི་ཡིན་པའི་ཕྱིར་མཐར་ཕྱིན་འབྲས་བུའི་མཆོག་ཅེས་བྱའོ། །དེ་ལྟར་འབྲས་བུའི་ངེས་ཚིག་རྒྱལ་བ་ཀུན་ཏུ་བཟང་པོས་གསུངས་སོ། །བྱེ་བྲག་སོ་སོའི་ཐོབ་ཚུལ་བསྟན་པ་དང་། དྲངས། བྱེ་བྲག་ཐེག་པ་སོ་སོའི་ཐོབ་ཚུལ་ཏེ། གང་ཞེ་ན། ཕྱོགས་གཅིག་པ་དང་། ཞེས་པ་ནི། དབུ་མ་ལ་སོགས་ཐེག་པ་འོག་མ་འགའ་ཞིག་གིས་སངས་རྒྱས་པའི་དུས་སུ་ཆུ་ལ་ཆུ་ཐིམ་པའམ། མར་ལ་མར་བཞག་པ་བཞིན་དུ་ཡེ་ཤེས་གཅིག་ཏུ་འདྲེས་པར་འདོད་དོ། །མ་འདྲེས་དང་། ཞེས་པ་ནི། སེམས་ཙམ་ལ་སོགས་པ་འགའ་ཞིག་གིས་སངས་རྒྱས་པའི་དུས་སུ་ཤིང་གི་མེ་དཔུང་ལྟར་སྦྱངས་པའི་ཡེ་ཤེས་མ་འདྲེས་པར་འདོད་དོ། །སྤྱིར་མེ་དཔུང་གཅིག་ཡིན་ཀྱང་བྱེ་བྲག་ཏུ་ཤིང་སྣ་རེ་རེ་ལ་མེ་རེ་རེ་འབར་བ་དཔེ་དེ་བཞིན་དུ། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡེ་ཤེས་ཀྱི་ཀློང་དུ་གཅིག་ཀྱང་བྱེ་བྲག་ཏུ་ཤེས་རྒྱུད་མ་འདྲེས་པར་སོ་སོར་ཡོད་པར་འདོད་དོ། །འདི་གཉིས་ནི་གསང་སྔགས་ཀྱི་འབྲས་བུ་ལ་ལྟོས་ན་དྲངས་དོན་ཡིན་པས་བཤད་དོ། །རྒྱ་གར་གྱི་མཁས་པ་ཆེན་པོ་སློབ་དཔོན་སངས་རྒྱས་གསང་བས། དོན་དམ་གཅིག་པུ་མ་ཡིན་ཕྱིར། །ཆུ་ལ་ཆུ་ལྟར་ཐིམ་པའང་མིན། །ཤིང་གི་མེ་དཔུང་ལྟར་བརྗོད་པ། །དྲངས་བ་ཙམ་སྟེ་དེ་ཉིད་མིན། །ཅེས་གསུངས་པས། གསང་སྔགས་ཀྱི་ལུགས་ལ། ལྷུན་གྲུབ་ཡེ་ཤེས་རང་འཆར་བ། །ཞེས་པས། གཞི་ཡེ་ཤེས་རང་ལ་གནས་པ། ལམ་རང་ལ་གནས་པ་རྟོགས་ཤིང་གོམས་པར་བྱེད་པ། འབྲས་བུ་ལྷུན་གྲུབ་ཡེ་ཤེས་ཤར་བའི་དུས་སུ། སྐུ་རིགས་རྒྱན་འཁོར་ཉི་ཤུ་རྩ་ལྔ་ལ་སོགས་པ་མ་འགག་པར་ཅིར་ཡང་འཆར་བས་གཅིག་པའི་མཐའ་དང་བྲལ། ཤར་བའི་དུས་དེ་ཉིད་ནའང་རང་བྱུང་གི་ཡེ་ཤེས་ལས་མ་གཡོས་པས། དུ་མ་དང་བྲལ་བ་ཡིན་ཏེ། གསང་སྙིང་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །དེ་རྣམས་ནི་མཐར་ཕྱིན་འབྲས་བུའི་ཐོབ་ཚུལ་ཡིན་ཏེ། རྫོགས་ཆེན་གྱི་ལུགས་ལ་མ་འདྲེས་ཡོངས་སུ་རྫོགས་པའི་ཕྱིར་ངོ་བོ་ལ་སོ་སོར་དབྱེ་བ་མེད་དོ། །སྣང་ཚུལ་བཞི་སྟེ། བགྲང་། དེ་བཞིན་གཤེགས་ལ་སྣང་ཚུལ་དང་། དྲངས། སྣང་ཚུལ་ཉེ་བར་བསྟན་པ་ནི། །གཉིས་མེད་ཡེ་ཤེས་རང་བྱུང་བ། །དེ་བཞིན་གཤེགས་ལ་སྣང་བ་དང་། །ཞེས་པ་ནི། སྤྱིར་ལམ་བགྲོད་པ་མཐར་ཕྱིན་ནས་འབྲས་བུ་སངས་རྒྱས་པ་ན་ནང་གི་གཟུང་འཛིན་གྱི་དྲི་མ་ཀ་ནས་དག་པས་ཕྱི་རོལ་གྱི་དངོས་པོ་སངས་རྒྱས་ཆོས་སྐུ་འབའ་ཞིག་ཏུ་རྟོགས་པའོ། །བྱང་ཆུབ་སེམས་དཔའ་ལ་སྣང་ཚུལ་དང་། དྲངས། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་མཛད་པ་རྒྱ་ཆེན་རྣམས་ནི་གོང་གི་ངོ་ལ་སྣང་ན། ཕྱག་རྒྱ་ཆེན་པོའི་རིག་འཛིན་བྱང་ཆུབ་སེམས་དཔའི་ཚོགས། ཞེས་པ་ནི། དག་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། ཁྱད་པར་དུ་ས་བཅུའི་བྱང་ཆུབ་སེམས་དཔའ་རྟོགས་པ་དང་ཏིང་ངེ་འཛིན་གྱིས་རྒྱུད་སྨིན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། དེའང་ཡང་དག་པའི་དོན་དུ་ན་སངས་རྒྱས་ཀྱིས་སངས་རྒྱས་དེ་ཆོས་སྐུ་འབའ་ཞིག་ཏུ་མཐོང་ལ། འདིར་ས་བཅུའི་དབང་ཕྱུག་གི་རྒྱུད་ཐོག་ན་ཤེས་བྱའི་སྒྲིབ་པ་ཆ་ཕྲ་མོ་ཡོད་པས། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེས་སྤྲས་པ་འདི་ས་བཅུའི་དབང་ཕྱུག་གི་རྒྱུད་ཐོག་ན་འཁྲུལ་གཟུགས་ཡིན་པར་འགོད་དོ། །འགྲོ་དྲུག་ལ་སྣང་ཚུལ་དཔེ་དང་བཅས་པ་དང་། དྲངས། འགྲོ་དྲུག་མོས་པ་བསམ་ཡས་པ། །ཞེས་པ་ནི། འགྲོ་དྲུག་སོ་སོའི་མཐུན་སྣང་ལ། སྤྲུལ་པའི་སྐུ་བསམ་ཡས་སུ་སྣང་ལུགས་ནི། །དངས་པའི་མཚོ་ལ་གཟའ་སྐར་བཞིན། །ཞེས་པ་ནི། དཔེར་ན་རྒྱ་མཚོ་དངས་པའི་ནང་ན་གཟའ་སྐར་ཤར་བའམ། ཆུ་ལྡེེང་ཐ་དག་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གཅིག་ལས་མ་གཡོས་བཞིན་ཟླ་བ་དུ་མ་འཆར་བའོ། །དཔེ་དེ་བཞིན་དུ་ཀུན་ཏུ་བཟང་པོའི་དགོངས་པ་ཆོས་ཉིད་ལས་མ་གཡོས་པར་འཛམ་གླིང་བྱེ་བ་ཕྲག་བརྒྱར་ཐུབ་པ་བྱེ་བ་ཕྲག་བརྒྱ་ཤར་བ་དང་། ལྷ་འདུལ་བ་ལ་ཚངས་པ་དང་བརྒྱ་བྱིན། ལྷ་མ་ཡིན་འདུལ་བ་ལ་ཐག་བཟང་རིས། མི་ལ་འཁོར་ལོས་སྒྱུར་རྒྱལ། བྱོལ་སོང་ལ་སེང་གེ་ཡི་དམ་བརྟན། ཡི་དྭགས་ལ་ཁ་འབར་མ། དམྱལ་བ་ལ་གཤིན་རྗེ་ཆོས་རྒྱལ། ལྟོ་འཕྱེ་ལ་ལྟོ་འཕྱེའི་རྒྱལ་པོ་སྦྲུལ་མགོ་དགུ་པ། མིའམ་ཅི་ལ་མིའམ་ཅིའི་རྒྱལ་པོ་ལྗོན་པ་སྐྱེས། དྲི་ཟ་ལ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ། བྱ་འདུལ་བ་ལ་ངང་པ་གསེར་ལྡན་ལ་སོགས་པ་སྣ་ཚོགས་སུ་སྣང་བའོ། །གོང་གི་དེ་དག་ནི་སྤྲུལ་པའི་སྐུ་ཡིན་པར་བཤད་དོ། །དེ་ཡང་ཚིགས་སུ་བཅད་པའི་མདོ་ལས། ལྷ་རྣམས་ལ་ནི་བརྒྱ་བྱིན་གཟུགས། །ལྷ་མ་ཡིན་ལ་ཐག་བཟང་རིས། །མི་རྣམས་ལ་ནི་འཇིག་རྟེན་དུ། །འཁོར་ལོས་སྒྱུར་རྒྱལ་ལྟ་བུའི་ཚུལ། །གཅན་གཟན་ལ་ནི་སེང་གེའི་གཟུགས། །ཡི་དྭགས་ལ་ནི་ཁ་འབར་མ། །དམྱལ་བ་ལ་ནི་གཤེད་པོས་འདུལ། །ཅེས་གསུངས་སོ། །སྤྲུལ་པའི་སྐུ་འདི་ནི། མོས་པས་སྤྱོད་པའི་ས་མན་ཆད་ཀྱི་སྤྱོད་ཡུལ་ཡིན་ཏེ། གདུལ་བྱ་རྣམས་ཀྱིས་སྐྱེ་འཆི་མེད་པའི་དོན་ཅི་བཞིན་པ་མ་རྟོགས་པས་སངས་རྒྱས་རང་ཡང་སྐྱེ་འཇིག་ཅན་དུ་མཐོང་ངོ་། །སངས་རྒྱས་རང་ལ་བཟང་ངན་བྱུང་བའི་རྒྱུ་མཚན་ཅི་ཡིན་ན། དཔེར་ན་ནམ་མཁའི་མཐོངས་སུ་ཟླ་བ་དཀར་པོ་ཤར་ཡང་རམ་ཁུའི་ནང་དུ་ཟླ་བ་སྔོ། སྐག་ཁུའི་ནང་དུ་ཟླ་བ་དམར་བ་བཞིན་དུ། བཟང་ངན་ཤར་བ་ནི་སངས་རྒྱས་ཀྱི་སྐྱོན་མིན། གདུལ་བྱའི་སྐྱོན་ཡིན་པར་ཤེས་པར་བྱའོ། །སྣང་ཚུལ་ཅི་ལྟར་སྣང་ཡང་། ངོ་བོ་ཉིད་ལ་དབྱེ་བ་མེད་པ་དཔེ་དང་བཅས་པའོ། །དྲངས། ཆོས་སྐུ། ལོངས་སྐུ། སྤྲུལ་པའི་སྐུ་གསུམ་སྣང་ཚུལ་ཐ་དད་ཀྱང་། དཔེར་ན། དྲོ་བ་དང་། གསལ་བ་གཉིས་ཉི་མའི་འོད་ལ་གཅིག་པ་ལྟར། གཟུགས་སྐུ་གཉིས་ཀྱི་མཛད་པ་ཅི་ལྟར་སྣང་ཡང་ངོ་བོ་ཆོས་སྐུ་དེ་ཉིད་ཀྱི་ངང་ལ་དབྱེ་བ་མེད་དོ། །སྤྱིར་རྣམ་མཁྱེན་སངས་རྒྱས་ཀྱིས་གདུལ་བྱའི་དོན་མཛད་ལུགས་ལ། རྟེན་ཅན་གྱིས་དོན་མཛད་པ་དང་། རྟེན་མེད་ཀྱིས་དོན་མཛད་པ་དང་། གནས་ལུགས་ངོ་བོ་ཉིད་ཀྱིས་དོན་མཛད་པ་དང་གསུམ་མོ། །འདིའི་དོན་རྒྱས་པ་གཡུང་སྟོན་རིན་པོ་ཆེས་འབྲས་བུའི་སྐབས་སུ་འདི་འདྲ་གཅིག་བཀོད་འདུག །རྟེན་ཅན་གྱིས་དོན་བྱེད་པར་འདོད་པ་བྲམ་ཟེའི་མཆོད་སྡོང་བསྒྲུབ་པ་ལྟ་བུ། རྟེན་མེད་ཀྱིས་དོན་བྱེད་པར་འདོད་པ་དྲང་སྲོང་གིས་དམོད་པ་བསྒྲུབ་པ་ལྟ་བུ། གནས་ལུགས་ངོ་བོ་ཉིད་ཀྱིས་དོན་བྱེད་པར་འདོད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དང་གསུམ་ལས། ལུགས་དང་པོ་ནི། དཔེར་ན་རིགས་སྔགས་གྲུབ་པའི་བྲམ་ཟེ་ཞིག་གིས་རིན་པོ་ཆེའི་མཆོད་སྡོང་བསྒྲུབས་ནས་བཞག་པས། བྲམ་ཟེ་ཁོ་རང་ཚེའི་དུས་བྱས་ཀྱང་། ཁོའི་རྗེས་འཇུག་རྣམས་ཀྱི་འདོད་པ་རིན་པོ་ཆེའི་མཆོད་སྡོང་གིས་སྐོང་བར་བྱེད་པ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབ་པོ་ཆེ་ཡོངས་སུ་རྫོགས་པར་བྱས་ནས་མི་གནས་པའི་མྱ་ངན་ལས་འདས་ཀྱང་། ཚོགས་གཉིས་རྫོགས་པའི་འབྲས་བུ་སྐུ་དང་ཡེ་ཤེས་ཀྱིས་གདུལ་བྱ་རྣམས་ཀྱི་དོན་བྱེད་པར་འདོད་པ་ནི། རྒྱ་གར་ན་སློབ་དཔོན་སེང་གེ་བཟང་པོ་དང་། བོད་ན་ཞང་ཤེས་རབ་བླ་མ་ལ་སོགས་པ་རྣམས་ཀྱི་བཞེད་པ་ཡིན་ནོ། །ལུགས་གཉིས་པ་ནི། དཔེར་ན་དམོད་པ་གྲུབ་པའི་དྲང་སྲོང་ཞིག་གིས་དམོད་པ་བསྒྲུབ་ནས་བཞག་པས་དྲང་སྲོང་ཁོ་རང་ཚེའི་དུས་བྱས་ཀྱང་གཞན་སྣང་དུ་ཁོའི་དམོད་པ་ཅི་ལྟ་བར་གྲུབ་བཞིན་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་དུས་སུ་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་མཐུས་གདུལ་བྱ་རྣམས་ཀྱི་སྣང་ངོར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་གདུལ་བྱ་གང་ལ་གང་འདུལ་དེ་ལ་དེ་ལྟར་སྟོན་པ་སྣང་བར་ཟད་ཀྱིས། བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ན་ཡུལ་ཡུལ་ཅན་གྱི་གཟུང་འཛིན་བག་ལ་ཉལ་བ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས། རིག་པ་རྒྱུན་ཆད་པའི་ཕྱིར། ཡེ་ཤེས་ཀྱང་མེད་པར་འདོད་པ་ནི་རྒྱ་གར་ན་སློབ་དཔོན་ཆེན་པོ་ཀླུ་གྲུབ་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོ་ལ་སོགས་པའི་བཞེད་པ་ཡིན་ནོ། །ལུགས་གསུམ་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་ན་འགྲོ་བ་རང་རང་གིས་བསོད་ནམས་དང་འཚམས་པའི་དགོས་འདོད་འབྱུང་མོད་ཀྱང་རིན་པོ་ཆེ་ལ་རྩོལ་རྟོག་དང་ཉེ་རིང་མེད་པ་བཞིན་དུ། རང་གི་སེམས་ཀྱི་ཆོས་ཉིད་དབྱིངས་ཤིན་ཏུ་དྲི་མ་མེད་པའི་ཆོས་སྐུ་དེ། གློ་བུར་གྱི་དྲི་མས་བསྒྲིབས་པ། ལམ་ལྔ་ས་བཅུ་མཐར་ཕྱིན་པས་དག་ནས་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པ་ཟབ་མོ་ཆོས་སྐུའི་ཡོན་ཏན་གྱི་ཆ་ལ་གཟུགས་སྐུ་གཉིས་ཀྱི་ཕྲིན་ལས་ཀྱིས་གདུལ་བྱ་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱིས་སྐུར་སྣང་ནས་གདུལ་བྱའི་དོན་མཛད་པར་འདོད་པ་ནི། རྒྱ་གར་ན་མཁས་པ་ཤྲཱི་སིང་ཧ་དང་། བོད་ན་ཟུར་ཆུང་ཤེས་རབ་གྲགས་པ་ལ་སོགས་པའི་བཞེད་པ་ཡིན་ནོ། །དང་པོའི་ལུང་དེ་ཉིད་ཀྱིས་མཐར་དབྱུང་ཞིང་དོན་བསྡུ་བའོ། །དྲངས། དོན་དམ་ངེས་པའི་ཐེག་པ་ལ་གསང་བ་སྙིང་པོའི་ལུང་གིས་རྩ་ཚིག་བྱས་ཤིང་མཐར་ཕྱིན་པའི་གཏན་ཚིག་གོ། །དེས་ན། མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ཞེས། །རྒྱུད་ལས་གསུངས་པ་དེ་ལྟར་ཡིན། །ཞེས་པ་ནི་གོ་སླའོ། །ཞབས་དོན་ལ་གསུམ་སྟེ། བགྲང་། བརྩམ་པའི་གཞི་བརྒྱུད་ཚུལ་དང་བཅས་པའི་སྒོ་ནས་རང་བཞིན་གསལ་བ་དང་། དྲངས། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྣམ་པར་སྣང་མཛད། སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་སོགས་པ་མཐའ་གཉིས་དང་བདུད་བཞི་ལས་རྒྱལ་བ་དགོངས་པ་ཟབ་ཅིང་གྲངས་མང་བ། རྒྱ་མཚོ་ལྟ་བུའི་སངས་རྒྱས་དཀོན་མཆོག །དེ་དག་གིས་བསྟན་པ་དམ་པའི་ཆོས། བརྗོད་བྱ་ཐེག་པ་དགུ་ལ་སོགས་པ། བརྗོད་བྱེད་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའམ་དྲུག་གི་ཆོས། དགོངས་པ་ཟབ་ཅིང་རྒྱ་ཆེ་ལ་གྲངས་མང་བ་རྒྱ་མཚོ་ལྟ་བུ་ཅི་སྙེད་གསུངས་པ་རྣམས་ཏེ། ཆོས་དཀོན་མཆོག་དང་། སྐུ་ལྔའི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་ལས་སྐྱེས་ཤིང་རྒྱལ་ཚབ་དམ་པར་གྱུར་པ་གསང་བདག་ཕྱག་ན་རྡོ་རྗེ་དང་། རྒྱལ་བ་ཤཱཀྱ་ཐུབ་པའི་རྒྱལ་ཚབ་དམ་པ་དབང་བསྐུར་བའི་བྱམས་པ་མགོན་པོ་དང་། རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་སྲས་གསང་སྔགས་ཕྱི་ནང་སྡེ་དྲུག་གི་རིག་འཛིན་དང་ས་བཅུ་ལ་གནས་པའི་སྨིན་པ་རྒྱ་མཚོ་སྟེ་དགེ་འདུན་དཀོན་མཆོག་གིས་བསྟན་པ་དམ་ཆོས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་དྲུག་གི་ཆོས་ཚིག་ཚོགས་སུ་སྣང་བ་རྣམས་ནི་བརྗོད་བྱེད་ཀྱི་ཚིག་ཡིན་ལ། ཐེག་པ་སོ་སོའི་གཞི་ལམ་འབྲས་གསུམ་གྱི་དོན་སྟོན་པ་རྣམས་ནི་བརྗོད་བྱའི་དོན་ཡིན་ཏེ་གདུལ་བྱ་རྣམས་ཀྱིས་རྟོགས་པ་ནི་དགོས་པ་ཡིན། གནས་སྐབས་ཐེག་པ་རང་གི་འཕགས་ལམ་ཐོབ་ཅིང་། མཐར་ཐུག་རང་རང་གི་འབྲས་བུ་ཐོབ་པ་ནི་ཉིང་དགོས་དང་བཞི་རིམ་པ་ལྟར་འབྲེལ་བ་ཡིན་ཏེ། རྗོད་བྱེད་ཚིག་གིས་བརྗོད་བྱའི་དོན་སྟོན། དོན་དེ་གདུལ་བྱ་རྣམས་ཀྱིས་རྟོགས་ནས་ཉམས་སུ་བླངས་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་པས་ན་འབྲེལ་བའོ། །དེ་བཞིའི་ཚུལ་གྱིས་བདེ་བར་གཤེགས་པ་རྣམས་ལ་དགོངས་པས་བརྒྱུད་པ་དང་། རིག་འཛིན་རྣམས་ལ་རིག་པས་བརྒྱུད་པ། གང་ཟག་རྣམས་ཀྱི་རྣ་བ་སྟེ་སྙན་ནས་སྙན་དུ་བརྒྱུད་པ། དེ་ལྟར་བརྒྱུད་པའི་རྒྱུད་གཞུང་རྒྱ་ཆེ་བ་རྒྱ་མཚོ་ལྟ་བུའི་ཚུལ་ལས་བརྩམ་ཚུལ་དཔེ་དང་བཅས་པའི་སྒོ་ནས་ཉམས་སུ་མྱོང་བ་དང་འབྲེལ་ཞིང་། རྩོམ་པ་པོ་རྟོགས་ལྡན་དུ་བསྒྲུབ་པ་དང་། དྲངས། དཔེར་ན་བྱ་ངང་པའི་རྒྱལ་པོ་གསེར་ལྡན་གྱི་མཆུ་ལ་སྐྱུར་རྩི་ཡོད་པས་རྒྱ་མཚོ་ཆེན་པོའི་ནང་ནས་འོ་མའི་བཅུད་བླངས་པ་ཅི་ལྟ་བ་བཞིན། སློབ་དཔོན་ཆེན་པོ་དམ་པ་བདེ་བར་གཤེགས་པའི་ཐུགས་ཀྱིས་དགོངས་པས་ཐེག་པའི་བྱེ་བྲག་ཕྱོགས་ཏེ་ཐེག་པ་རིམ་པ་དགུ་དང་། ཕྱོགས་མིན་མུ་སྟེགས་དགུ་ཞར་བྱུང་དང་བཅས་པ་རྣམས་མདོ་རྒྱུད་རྒྱ་མཚོ་ལྟར་རྒྱ་ཆེ་ལ་གྲངས་མང་བ་རྣམས་སུ་དོན་འཐོར་ཞིང་སྡུད་དཀའ་བར་གནས་པ་ལ། གཞུང་འདིར་རྒྱ་ཆེ་བ་རྣམས་མདོར་བསྡུས་མི་གསལ་བ་རྣམས་གསལ་བར་བྱས་དོན་མ་ནོར་བར་ངེས་པར་བསྒྲུབ་པའི་ཐེག་པ་སྤྱི་བཅིང་འདི་བསྡུས་པའོ། །གོང་གི་དགོངས་འགྲེལ་བཞིའི་སྐབས་ལ། མདོ་དགོངས་འདུས་ནས་བཤད་སྲོལ་འདི་དང་མི་འདྲ་བ་ཞིག་བྱུང་སྣང་སྙམ་པ་ཞིག་ཁོ་བོ་ལ་ཡོད། དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ལ་བསྔོས་པས་བརྩམས་པ་པོས་དོན་ཆེན་པོ་མཛད་པའོ། །དྲངས། བསྟན་བཅོས་འདི་ཉིད་བརྩམས་པའི་དགེ་བའི་རྩ་བ་རྣམས་འགྲོ་ཀུན་ཡོངས་ལ་བསྔོ། བསྔོ་ཞེས་པ་བཤད་པའི་གཞིར་དྲངས། དེའི་ཁྱད་པར་གྱི་ཆོས་ལ་དྲུག །གང་གིས་ན། རྒྱལ་བ་སྲས་བཅས་རྣམས་ཀྱི་རྗེས་སུ་འབྲངས་ནས། སྔོན་བྱུང་དུ་སློབ་དཔོན་ཆེན་པོ་དམ་པས། རྗེས་འཇུག་ཏུ་འཆད་ཉན་པ་རྣམས་ཀྱིས་བསྔོ་བ་ཡིན་ཏེ། ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱི་བསྔོ་བ་བསྟན་པའི་ལེའུ་ལས། འཇམ་དཔལ་དཔའ་བོས་ཅི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་གསུངས་སོ། །གང་བསྔོ་ན། གཞུང་བརྩམས་པ་དང་། འཆད་ཉན་བྱས་པའི་དགེ་རྩས་མཚོན་ནས། བདག་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་བསྔོ་བ་ཡིན་ཏེ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུ་ལས། འགྲོ་ཀུན་དགེ་བ་ཅི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །ཅེས་སོ། །གང་དུ་ན། སངས་རྒྱས་ཀྱི་སར་བསྔོ་བ་ཡིན་ཏེ། ཡུམ་ལས། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་སངས་རྒྱས་མ་གཏོགས་པ། ཉན་ཐོས་དང་རང་སངས་རྒྱས་སར་བསྔོར་མི་འཇུག་པའོ། །ཞེས་སོ། །གང་ལ་བསྔོ་བ་དང་དགོས་ཆེད་ཅིའི་ཕྱིར་བསྔོ་ན། འགྲོ་ཀུན་ཡོངས་ལ་སངས་རྒྱས་ཐོབ་པའི་ཆེད་དུའོ། །སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་སོ། །ཚུལ་ཇི་ལྟར་དུ་ན། མཚན་ཉིད་དང་། གསང་སྔགས་ཀྱི་ལུགས་གཉིས་ལས། དང་པོ་ནི། ཀུན་རྫོབ་ཏུ་བསྔོ་མཁན། བསྔོ་རྒྱུ། བསྔོ་བརྣམས་སྒྱུ་མའམ་རྨི་ལམ་ཙམ་དུ་ཤེས་དགོས་ཏེ། ཇི་སྐད་དུ། བསོད་ནམས་དགེ་བའི་ཚོགས་རྣམས་ནི། །ཆུ་བུར་བཞིན་དུ་རབ་ཤེས་ཤིང་། །གདོད་ནས་དག་པར་རྟོགས་གྱུར་ན། །བསྔོ་བ་ཀུན་གྱི་མཆོག་ཏུ་གསུངས། །ཞེས་སོ། །དོན་དམ་པར་དེ་གསུམ་ངོ་བོ་མ་གྲུབ་ཅིང་། སྟོང་ཉིད་སྤྲོས་བྲལ་གྱི་ངང་དུ་བསྔོ་བ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ཏེ། །དེ་ཡང་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་སོ། །གསང་སྔགས་ལྟར་ན། མ་འདྲེས་ཡོངས་སུ་རྫོགས་པའི་ངང་དུ་བསྔོའོ། །བསྔོ་བའི་བྱེད་ལས། བསྔོ་བ་མི་ཟད་ལམ་པ་སྟེ། །འཕེལ་བར་འགྱུར་དང་བཅས་པ་ཡིན། །ཞེས་པས། མི་ཟད་པར་བྱེད་པ་དང་། འཕེལ་བར་བྱེད་པ་དང་། བསྒྱུར་བར་བྱེད་པའོ། །དེ་ཡང་ཟབ་པ་ཆོས་དབྱིངས་སུ་བསྔོས་པའི་དགེ་བ་དེ་བར་མ་དོར་ཆུད་མི་ཟ་བ་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཅི་ལྟར་ཆུ་ཐིག་རྒྱ་མཚོའི་ཆུ་ནང་ལྷུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །སེམས་ཅན་གྱི་དོན་དུ་བསྔོས་པས་མི་ཟད་པའི་ཐོག་ཏུ་འཕེལ་བ་ཡིན་ཏེ། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་འབྱིན་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོ། །བསྒྱུར་བ་ནི། ཆོས་དབྱིངས་ཡོངས་སུ་བསྔོས་པས་ཆོས་སྐུར་འགྱུར་ལ། གཞན་དོན་དུ་བསྔོས་པས་གཟུགས་སྐུར་འགྱུར་བ་ཡིན་ཏེ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོ། །སྤྱི་དོན་གསུམ་པ་འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་ནི། ཐེག་པའི་བྱེ་བྲག་མཐའ་ཡས་པ་ལས། འདིར་མདོ་ཙམ་ཞིག་བཀོད་པ། བླ་མ་རིན་པོ་ཆེ་དམ་པ་ཆེན་པོའི་ཞལ་ནས་གསུངས་པ་དེ་ཉིད་ཀྱི་ཐུགས་སྲས་དམ་པར་གྱུར་པ་རྩང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བྲིས་པའོ། །རྫོགས་སོ། །ཞེས་པ་ནི། ཚིག་དོན་ལྷག་མ་མ་ལུས་པའི་ཐ་ཚིག་གམ། གནས་སྐབས་རེ་ཞིག་རྫོགས་ནས་བཤད་དུ་མ་མཆིས་པའི་དོན་དུ་གདའ་འོ། །ཐེག་པ་སྤྱི་བཅིང་གི་ཚིག་དོན་ཅུང་ཟད་ཕྱེ་བ་འདི་ཉིད་བཤེས་གཉེན་རྣམས་ཀྱིས་བསྐུལ་ནས། བན་སྡོམ་ཡེ་ཤེས་རྒྱལ་མཚན་གྱིས་ལྡིང་ཆུ་སྔོན་མོའི་གཡས་ཕྱོགས། སྟག་ཆེན་བྲང་སང་མཆེད་དགུའི་ཞོལ། རྗེ་བཙུན་གོང་མའི་གདན་ས། དཔལ་ལྡན་འཕགས་མཚོ་ནགས་ཁྲོད་དུ་བཀོད་པའོ། །དེའི་དགེ་བའི་རྩ་བ། གདུལ་བྱ་རྣམས་མདོ་རྒྱུད་ལ་བློ་གྲོས་ཀྱི་སྣང་བ་མཆེད་ནས། ཤེས་བྱའི་གཏིང་མཐའ་ཡོངས་སུ་རྫོགས་པ་དང་། རྣམ་མཁྱེན་སངས་རྒྱས་ཐོབ་པར་གྱུར་ཅིག ༈ །དེ་ལྟར་ཚུལ་འདི་བདེ་བར་གཤེགས་པའི་བཀའ། །མཁས་པའི་བསྟན་བཅོས་འགྲེལ་བཤད་དུ་མ་དང་། །གོང་མའི་ཡིག་ཆུང་ལྷན་ཐབས་རྣམས་ལ་ནི། །རང་གི་ཉེར་ལེན་ཤེས་རབ་ཀྱིས་དཔྱད་ནས། །གཞན་ཕན་ཁོ་ནའི་སེམས་ཀྱིས་ཡི་གེར་བཀོད། །འདི་ལ་རང་བཟོ་ཕོ་ཚོད་ཡིན་སྙམ་བྲལ། །བན་སྡོམ་བདག་གིས་བླ་མའི་གསུང་ངག་ལྟར། །དོན་དུ་གཉེར་ནས་སེམས་ལ་བཞག་པའི་ཆོས། །ཉམས་སུ་བླངས་ནས་ཚིགས་སུ་བརྗོད་པ་འདི། །སུས་ཀྱང་མ་བཅོས་མཁས་པ་རྣམས་ལ་དྲིས། །འོན་ཀྱང་། རང་རང་བསམ་སྤྱོད་བློ་རང་མ་མཐུན་ན། །བདེན་ཚིག་རྒྱལ་བའི་བཀའ་ལ་ཡིད་མི་ཆེས། །ཞེས་སོགས་ལོ་རྒྱུས་རྗེ་བཙུན་རྣམས་ཀྱིས་གསུངས། །འདི་ལ་ས་བཅད་ཅུང་ཞིག་མ་འཚམས་ན། །སྔར་གྱིས་ས་བཅད་ཡིན་པས་མ་བཅོས་སོ། །ལུང་འདྲེན་རྒྱས་པར་སྦྱར་རྒྱུ་ཡོད་མོད་ཀྱང་། །ཚིག་ཚོགས་མང་གིས་དོགས་པའི་ཕྱིར་མ་བྲིས། །དེ་མིན་དོན་སྐྱོན་འདི་ལ་མ་མཆིས་སྙམ། །ཀུན་མཁྱེན་རྒྱལ་བའི་བསྟན་པའི་ས་གཞི་ལ། །སངས་རྒྱས་གཉིས་པས་ཐེག་དོན་རྒྱ་མཚོར་བསྐྱིལ། །འདི་ལ་སྔར་མེད་འགྲེལ་བཤད་པད་ཚལ་འཁྲུངས། །ཕྱོགས་ཕྱོགས་བློ་གསལ་རྐང་དྲུག་ལྡན་རྣམས་ཀྱིས། །དོན་བཅུད་སྦྲང་རྩི་ལེགས་བཤད་ལེན་པ་དང་། །པད་ཚལ་འདི་ལ་དགའ་བའི་རྩེ་འཇོ་མཛོད། །གཉིས་སྐྱེས་དབང་པོ་ཚོགས་པའི་དབུས་ན་མཛེས། །སྡེ་སྣོད་རྒྱ་མཚོའི་གཞུང་ལུགས་བཤད་རྩལ་ཆེ། །རང་འདོད་མེད་ཅིང་གཞན་ཕན་ཁོ་ནར་སེམས། །བཤེས་གཉེན་དེ་འདྲ་བསྟན་པའི་སྲོག་ཤིང་བྱུང་། །བཀའ་ཡི་དགོངས་དོན་ལེགས་པར་མི་བཤད་ཅིང་། །རང་གི་ཞེ་འདོད་ཀྱིས་བསླད་འཆལ་བའི་གཏམ། །རྣམ་དབྱེ་དུ་མའི་བཤད་ལུགས་བྱེད་ན་ཡང་། །རྣམ་གྲོལ་ཐར་པའི་ལམ་དུ་འགྲོ་མི་སྲིད། །འཆད་ཉན་བསྟན་པའི་སྲོག་ཤིང་ཡིན་མོད་ཀྱང་། །རང་རྒྱུད་དུལ་ཞིང་གཞན་རྒྱུད་གྲོལ་བ་བཀོད། །ཕལ་ཆེར་དོན་མེད་སྒྲ་ཕྱིར་འབྲང་འབྲང་ནས། །སྙིང་པོའི་དོན་ཆེན་གཏན་ལ་ཕབ་མ་ནུས། །མི་ལུས་ཆོས་ལྡན་ཆུད་ཟོས་བྱེད་ཉེན་གདའ། །དེ་ཕྱིར་གཅིག་པུ་དབེན་པ་བརྟེན་ན་ལེགས། །དེ་ཡང་ད་རེས་སྐྱེ་གནས་བར་དོ་འདིར། །ཡང་དག་དོན་གྱི་གདེང་ཞིག་མ་ཐོབ་ན། །ཚེ་འདིའི་སྣང་བ་རྨི་ལམ་ཐུན་གཅིག་འདྲ། །བསླུ་བར་ངེས་སོ་གྲོགས་པོ་དམ་པ་རྣམས། ཡང་སྨྲས་པ། ཐོས་བསམ་ཆུ་བོ་བརྒལ་བའི་ཕ་རོལ་ན། །སྒོམ་པ་གསེར་གྱི་བྱེ་ཐང་ཆེན་མོ་དེར། །དེ་ན་ཅུང་ཞིག་ངལ་བསོ་བྱེད་ན་སྙམས། །གཞི་དོན་གནས་ལུགས་རང་བྱུང་སྟོན་པ་དེས། །འཁོར་ནི་འགག་མེད་རྣམ་ཤེས་ཚོགས་བརྒྱད་ལ། །རང་བྱུང་གཉིས་མེད་ལྷན་སྐྱེས་ཆོས་ར་བཙུག །ཁ་ནི་ཕྱི་བལྟས་ཚིག་ཚོགས་འཆད་ཉན་དེ། །ད་ནི་དྲན་ཡང་མི་འདོད་ཞེན་པ་ལོག །ཤེས་བྱའི་སྙིང་པོ་སྐུ་ལྔ་ལྷུན་གྲུབ་སྟེ། །སྔ་རབ་ཟབ་ཟབ་སྨྲ་ཁམ་ཆེ་ན་ཡང་། །སྒོ་ཐེམ་མ་བརྫིས་ཕུགས་ཀྱི་རྒྱུས་བཤད་འདྲ། །ད་ནི་སྐྱོན་མེད་རིག་པ་ཐང་དུ་ཕེབ། །སུས་ཀྱང་མིན་ཞེས་བརྗོད་ཀྱང་ཐེ་ཚོམ་བྲལ། །རྒྱུད་གཞུང་ཟབ་མོའི་ཆོས་བཤད་མཁས་ན་ཡང་། །རི་དྭགས་རྣམས་ཀྱིས་སྨིག་རྒྱུ་སྙེག་པ་འདྲ། །ད་ནི་འཆད་མཁན་རིག་པ་བྲལ་ནས་ཐལ། །བཤད་པ་ཡུལ་དུ་བྱས་པ་ངོ་རེ་ཚ། །སྔ་རབས་དང་པོ་ཆོས་བཤད་འདི་ལྟར་བྱས། །སྡུག་བསྔལ་མཐར་ཐུག་མནར་མེད་དམྱལ་བ་དེ། །བདེ་ཆེན་ཀུན་ཏུ་བཟང་མོའི་དགོངས་པ་ཡིན། །འདི་བཤད་ཕལ་ཆེར་གཅིག་ལས་སྙན་པར་བྱུང་། །ཉམས་རྟོགས་ལྡན་གྱིས་ཐུགས་ཁྲེལ་ཤིན་ཏུ་ཆེ། །དཔེར་ན་གློ་བའི་ཚོད་མ་བསྐོལ་བ་འདྲ། །ཆོས་དེ་ཁ་ན་ཡོད་ཀྱང་ཁུང་ན་མེད། །དུས་ནི་ད་ལྟ་རིག་པས་ཉམས་སུ་མྱོང་། །སྔར་དུས་བདེ་གསལ་མི་རྟོག་ཞི་གནས་དེ། །བསྒོམ་དེ་བཟང་དུ་འཛིན་པས་བློ་ཆུང་འཁྲུལ། །དཔེར་ན་རི་བོ་གསེར་དུ་བསྒོམ་དང་འདྲ། །དེ་ཡང་ད་ལྟའི་མཉམ་བཞག་ངར་ཅན་དེས། །སྔར་གྱི་བདེ་གསལ་མི་རྟོག་དབྱིངས་སུ་གཏོར། །ད་ནི་རིག་པ་གཏད་མེད་ཐང་ལ་ཕེབས། །ལྟ་བ་གཉིས་མེད་མཐའ་བྲལ་རི་བོ་ལ། །བསྒོམ་པ་ཡེངས་མེད་རི་དྭགས་རྩེ་བར་བྱེད། །སྤྱོད་པ་གང་ཤར་འཛིན་བྲལ་གཉུག་མའི་ངང་། །འབྲས་བུ་གཞན་ན་མེད་དེ་དེ་ཉིད་བརྟན། །དུས་ཀྱི་རྒྱལ་པོ་གཤིན་རྗེ་མ་བྱུང་བར། །ད་ནི་ཉམས་ལེན་ཕྱོགས་གཅིག་དྲིལ་བར་བྱ། །ཡིད་རང་རིག་ཡེ་ཤེས་འགག་མེད་དེ། །དོན་དམ་སྐྱེ་མེད་ཆོས་ཀྱི་དབྱིངས་ནས་ཤར། །དེ་གཉིས་མེད་རྟོག་པའི་ཡི་དམ་ལྷ། །ལྷ་མཚན་བཅས་རི་མོ་ཡལ་དུ་ཆུག །ངག་འབྱུང་འཇུག་བྲལ་བ་རྡོ་རྗེའི་བཟླས། །སྒྲ་གགས་སྟོང་དབྱེར་མེད་སེམས་སུ་རྟོགས། །ཡིད་ཞེ་འདོད་བཟླས་བརྗོད་ཞིག་ནའང་ཞིག །ཀྱེ་མ་ཟས་གཙང་སྲས་པོའི་བསྟན་པ་ནུབ་ལ་ཉེ། །བསྟན་འཛིན་དག་ཀྱང་ཉིན་སྐར་ཙམ་དུ་ཉུང་། །ད་ནི་བསྟན་པ་ཡུན་རིང་མི་གནས་པས། །རང་དོན་ཞེ་བཅད་འདི་ལྟར་བྱེད་ན་སྙམ། །ཆགས་ཞེན་མེད་པའི་གངས་འདབ་ཤིང་དྲུང་ན། །ཆགས་སྡང་མེད་པའི་བྱ་དང་རི་དྭགས་གྲོགས། །རང་ཉིད་གཅིག་པུ་སེང་གེ་བཞིན་དུ་སྡོད། །ཞེ་བཅད་དམ་བཅའ་དམ་པོ་ཡང་ཡང་མཐུད། །ཚེ་འདི་བློས་བཏང་མི་རྟག་རྒྱུད་ལ་བསྐྱེད། །དད་གུས་ཕུལ་ཕྱིན་མ་ཡེངས་དོན་ལ་སེམས། །སེམས་ཅན་རྣམས་ལ་བྱམས་སེམས་སྙིང་རྗེ་བསྒོམ། །བླ་མ་རྣམས་དང་མཆེད་གྲོགས་ཐམས་ཅད་ལ། །དག་སྣང་མོས་གུས་གཏིང་ནས་བསྐྱེད་པར་བྱ། །བར་སྐབས་མདོ་རྒྱུད་ཟབ་མོར་བལྟ་བ་དང་། །ཉམས་མྱོང་གནད་འཛིན་འཁྲུལ་འཁོར་སྦྱངས་ན་སྙམ། །བདེ་བ་ཅན་གྱི་ཞིང་མཆོག་དམ་པ་དེར། །འགྲོ་བའི་མགོན་པོ་འོད་དཔག་མེད་པ་དང་། །བློ་གྲོས་སྙིང་པོ་ཡབ་སྲས་ཞབས་དྲུང་དུ། །འདི་ནས་འཆི་འཕོས་དེ་རུ་སྐྱེ་བར་ཤོག །དེ་ཡང་ཏིང་འཛིན་དགོངས་པ་མཐར་ཕྱིན་ནས། །ཆོས་སྐུ་མངོན་འགྱུར་གཞན་སྣང་གདུལ་བྱ་ཡི། །བློ་དངོས་བཞིན་དུ་དགོངས་པ་བསྐོང་བ་དང་། དཔག་མེད་མཛད་པས་འགྲོ་བ་ཀུན་གྲོལ་ཤོག །བཀྲ་ཤིས་བདེ་ལེགས་ནམ་མཁའི་མཐའ་དང་མཉམ་པར་ཤོག །ཨེ་མ། བདག་འདྲ་དམན་པའི་མུན་ཁུང་ཤིན་ཏུ་ཆེ། །རྗེ་རྟ་བདུན་རྒྱལ་པོ་ཤར་ནས་བྱུང་། །བདག་གི་བློ་ཡིས་པད་མོ་ཁ་ཕྱེ་ནས། །དམ་ཆོས་བདུད་རྩིའི་རྒྱ་མཚོའི་གླིང་དུ་ཕེབས། །གཞུང་ལུགས་ནོར་བུ་རིན་ཆེན་ལེན་ན་སྙམས། །ཆོས་དབྱིངས་ཆུ་གཏེར་རྒྱ་མཚོ་ཆེན་པོའི་ཀློང་། །སངས་རྒྱས་གཉིས་པ་དམ་ཆོས་གཟུགས་སྐུར་བཞེངས། །འགྲེལ་བཤད་ཉི་མའི་འོད་ཟེར་པད་ཚལ་འཁྲུངས། །གདུལ་བྱ་དཔག་མེད་སྨིན་ཅིང་གྲོལ་བར་ཤོག། །།


previousདམ་པ་བདེ་གཤེགས་ཀྱིས་མཛད་པའི་ཐེག་དགུ་སྤྱི་བཅིང་གི་འགྲེལ་བཤད་ཉི་མའི་འོད་ཟེར། ཡེ་ཤེས་རྒྱལ་མཚན།no next