དབུ་མའི་གཞུང་ལུགས་གསུམ་གསལ་བར་བྱེད་པ་ངེས་དོན་གྲུབ་པའི་ཤིང་རྟ།
དབུ་མའི་གཞུང་ལུགས་གསུམ་གསལ་བར་བྱེད་པ་ངེས་དོན་གྲུབ་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་འཇམ་པའི་དབྱངས་དཀར་པོ་ལ་ཕྱག་འཚལ་ལོ། །རྒྱ་ཆེན་ཆོས་ཀྱི་ཆུ་གཏེར་བསྲུབས་པས་ཟབ་མོའི་ཤེས་རབ་ཉི་སྐྱེས་དེའི། །མཆོག་གི་སྣང་བྱེད་མཐུ་ལ་འཇུག་པ་ཡིད་ཀྱི་མུན་པ་ཀུན་དེངས་ནས། །ས་ཀུན་འབྱོར་པའི་ངང་དུ་དབུགས་ཕྱུང་སངས་རྒྱས་གོ་འཕང་ཀུན་གསལ་བ། །རྔམ་བརྗིད་བགྱི་བའི་དགའ་སྟོན་གླུ་དབྱངས་བླ་མ་ལས་ཐོས་དེར་ཕྱག་འཚལ། །སྟོན་པ་འཇིག་རྟེན་གསུམ་གྱི་སྒྲོན། །སྤྱོད་པའི་རྗེས་འཇུག་བདུད་རྩི་ཆོས། །འཕགས་མཆོག་ཚོགས་ཀྱི་ཞིང་དམ་པ། །བསྔགས་བྱ་ཀུན་གྱིས་བསྔགས་པར་འོས། །གསུང་རབ་རྒྱ་མཚོའི་སྙིང་པོའི་ཕུལ། །དབུ་མ་རིན་ཆེན་བསམ་འཕེལ་ཏེ། །ལུང་རིགས་གདེངས་ཀའི་རྩེར་མཆོད་ལ། །དཔེ་ཟླ་མེད་པ་ཀླུ་སྒྲུབ་ཡིན། །ཨེ་མ་དེ་བཞེད་ཇི་བཞིན་ཉམས་བསྟར་བའི། །ཟབ་རྒྱས་ཀརྐ་ཊ་མ་མདངས་ཁྱམ་མོ། །གང་ཡང་བསྒྱུར་བས་ཡིད་འཛིན་ལེགས་བཤད་ཀྱི། །རོ་ལྡན་རྨད་བྱུང་མི་ལའི་ཞལ་སྒོར་ཆགས། །དེ་ནི་ཐུབ་པ་རྣམས་བསྐྲུན་པའི། །ཡུལ་ལ་མཆོད་པའི་དཔྱིད་མཐོང་སྟེ། །སྲིད་འདིའི་དད་པ་ཀུན་སྤུངས་ནས། །ཕྱག་བྱས་དེ་ལ་བཀུར་སྟིར་བྱ། །འདིར་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་བཞག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ། །འགྲོ་བ་རྣམས་ལ་རྙེད་པ་དང་བཀུར་སྟི་དང་། །ལན་དུ་ཕན་འདོགས་པ་བཞེད་པ་མ་ཡིན་གྱི། ཐུགས་རྗེ་ཆེན་པོ་ཁོ་ན་ལ་བརྟེན་ནས་ལྟ་བ་ཐམས་ཅད་སྤང་པའི་ཕྱིར་སྟོན་པར་མཛད་པའི་ཤིང་རྟ་ཆེན་པོ་ནི་རྣམ་པ་གཉིས་ཏེ། ཕྱི་ལུང་དང་རིགས་པའི་ལམ་དུ་དོན་དམ་པའི་དེ་ཁོ་ན་ཉིད་སྟོན་པར་མཛད་པ་སློབ་དཔོན་ཀླུ་སྒྲུབ་སྙིང་པོ་དང་། ནང་བསྒོམ་པ་ལས་བྱུང་བའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངང་དུ་དོན་དམ་པའི་དེ་ཁོ་ན་ཉིད་སྟོན་པ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའོ། །སློབ་དཔོན་ཀླུ་སྒྲུབ་ནི། འཕགས་པ་ལངྐར་གཤེགས་པ་ལས། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིགས་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང་། འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས། ཀུན་དགའ་བོ་ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ་ཞེས་སོགས་རྣམ་པ་དུ་མས་ལུང་བསྟན་པ། སེམས་བསྐྱེད་པ་དང་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བརྒྱན་པ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ། དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བའི་རྒྱུར་གྱུར་པ་ཐོག་མར་མཛད་ནས། མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པར་གྱུར་པ་སྟེ། དེས་རིག་པའི་གནས་པའི་གནས་ལྔས་འདུལ་བ་རྣམས་ལེགས་པར་སྨིན་པར་བྱས་ཤིང་། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུན་པ་ན་གནས་པའི་གསེར་གྱི་གར་བུ་ལྟ་བུ་གཏམ་ཚོགས་དང་། རིགས་པའི་ཚོགས་དང་། བསྟོད་པའི་ཚོགས་དང་དེ་ཁོ་ན་ཉིད་ཀྱི་ཚོགས་ཀྱིས་གསལ་བར་མཛད་པ་ལ། དངོས་ཀྱི་སློབ་མ་ཨཱརྻ་དེ་བ་དང་། དཔལ་བོ་དང་། ཞི་བ་ལྷ་དང་། ལེགས་ལྡན་འབྱེད་དང་། སངས་རྒྱས་བསྐྱངས་དང་། ཟླ་བ་གྲགས་པ་དང་། ཞི་བ་འཚོ་ལ་སོགས་པ་རྣམས་ཀྱིས་འབེལ་བའི་གཏམ་དུ་མས་རྣམ་པར་གཏན་ལ་ཕབ་པས། དེང་སང་གི་བར་དུ་ཡང་འདོན་པ་དང་། ཉན་ཅིང་འཛིན་པར་འདོད་པ་བློ་གསལ་བ་དག་གི་མིག་གཅིག་པུར་གྱུར་པ་ཡིན་ནོ། རྗེ་བཙུན་མི་ལ་ནི། ཐེག་པ་ཆེན་པོའི་ཚུལ་ལུགས་ཁོང་དུ་ཆུད་པའི་ཤིང་རྟ་ཞོན་ཏེ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པ། སྐུ་ཚེ་འདི་ཉིད་ཀྱིས་རྡོ་རྗེའི་གདན་བགྲོད་པའི་ཐུགས་དམ་ཅན། བདག་དང་གཞན་ལ་ཕན་པའི་བརཏལ་ཞུགས་ཀྱི་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་པ་སྟེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་བསམ་ཙམ་མ་ཡིན་པ་བསྒོམ་པའི་བསྒྲུབ་པ་སྙིང་པོར་མཛད་པས་ཉིད་ཀྱི་སློབ་མ་སྟོན་པས་བསྟན་པ་ལ་བྱ་བ་བྱེད་པ་དགེ་སློང་འཚོ་བྱེད་ཅེས་ལུང་བསྟན་པ་དཔལ་ཟླ་འོད་གཞོན་ནུ་དང་། རྡོ་རྗེ་གྲགས་པ་ལ་སོགས་པས་དེའི་བཤུལ་འབྲངས་པས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་བསྐྲུན་པ། སྙིང་རྗེའི་མ་མ་ལ་གཏད་པའི་སྲས་ནམ་མཁའི་མཐའ་ཁྱབ་པ་ཙམ་དུ་དར་བས། ད་ལྟའང་བསྒོམ་པར་སེམས་པ་ཐམས་ཅད་ཀྱི་བློའི་འཆེལ་སར་གྱུར་པ་ཡིན་ནོ། རྗེ་བཙུན་ཆེན་པོ་དེ་ལ། བཅོམ་ལྡན་འདས་མ་བཀྲ་ཤིས་ཚེ་རིང་མཆེད་གཙོ་བོར་གྱུར་པའི་སྡེ་བརྒྱད་ཀྱི་འདུས་པ་ཆེན་པོས་གསོལ་བ་བཏབ་པས་དེ་ཁོ་ན་ཉིད་རྣལ་དུ་མཚོན་པའི་གླུ་འདི་བཞེས་པ་ཡིན་ལ། དེ་ཕྱིན་ཅི་མ་ལོག་པར་གཞན་གྱི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བཤད་པ་ལ་གཉིས་ཏེ། གཞན་གྱི་ལུགས་དགག་པ་དང་། རང་གི་ལུགས་བཞག་པའོ། །དང་པོ་ནི། སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །ཞེས་གསུངས་པ། སྤྱིར་ཁམས་གསུམ་གྱི་འཇིག་རྟེན་འདིར་འཁོར་བའི་སེམས་ཅན་དག་གི་ཁྲོད། ཁྱད་པར་རྩོད་པའི་དུས་སྙིགས་མ་ལྔ་དང་ལྡན་པ་འདིར་ཞེས་པའི་དོན་ནོ། །འདོད་པའི་བྱང་ཆུབ་སྣ་ཚོགས་ཡོད། ཅེས་པ། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་དག་ལས་འཕྲོས་བའི་ཆོས་འདི་པ་ལ་རྩོད་པ་སྨྲ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་གྱི་ལྟ་བའི་ཕྲེང་བ་དག་ཡོད་དེ། དེ་དག་ཀྱང་ཐམས་ཅད་རྟག་པར་སྨྲ་བ་བཞི་དང་། ཁ་ཅིག་རྟག་པར་སྨྲ་བ་བཞི་དང་། མཐར་སྨྲ་བ་བཞི་དང་། ཀུན་འབྱུང་བ་རྒྱུར་སྨྲ་བ་གཉིས་དང་། ཚིག་འཁྲུལ་པ་བཞི་དང་། འདུ་ཤེས་སུ་སྨྲ་བ་བཅུ་དྲུག་དང་། འདུ་ཤེས་ཡོད་པ་མ་ཡིན་པར་སྨྲ་བ་བརྒྱད་དང་། འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་སྨྲ་བ་བརྒྱད་དང་། མཐོང་བའི་ཆོས་ལ་ཡིད་འབྱུང་བར་སྨྲ་བ་ལྔ་དང་། ཆད་པར་སྨྲ་བ་བདུན་ཞེས་བྱ་བ་འཇིག་ཚོགས་ལ་ལྟ་བ་དྲུག་ཅུ་རྩ་གཉིས་སུ་འདུ་ལ། དེ་དག་ཀྱང་སྔོན་གྱི་མཐའ་ལ་རྟོག་པ་བཅུ་དྲུག ཕྱི་མའི་མཐའ་ལ་རྟོག་པ་བཞི་བཅུ་རྩ་བཞི། ད་ལྟར་གྱི་མཐའ་ལ་རྟོག་པ་གཉིས་ཏེ་གསུམ་དུ་བསྡུ་བའམ། སྔོན་གྱི་མཐའ་ལ་རྟོག་པ་བཅོ་བརྒྱད་དུ་བྱས་ཏེ་གཉིས་སུ་ཡང་བསྡུ་བའོ། །དེ་དག་ཀྱང་བཟུང་འཛིན་གཉིས་སུ་སྨྲ་བ་དང་། གཉིས་སུ་མེད་པར་སྨྲ་བ་གཉིས། དང་པོ་ལ། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་གཉིས། དང་པོ་ལ། གྲངས་ཅན་པ། ཕུར་བུ་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་པའོ། །དེ་ལས་གྲངས་ཅན་པ་ནི། དྲང་སྲོང་ཆེན་པོ་སེར་སྐྱའི་རྗེས་སུ་འབྲངས་ཏེ། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་མགོ་རེག་གཙུག་ཕུད་ཀྱིས། །བསྟི་གནས་གང་དུ་དགའ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དེ་ཉིད་ཉི་ཤུ་རྩ་ལྔ་ནི། གཙོ་བོ་དང་། ཆེན་པོ་དང་། ངར་འཛིན་པ་དང་། བློའི་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་ལྔ་དང་། བློ་ཡི་དབང་པོ་དང་། དེ་ཙམ་ལྔ་དང་། འབྱུང་བ་ཆེན་པོ་ལྔ་དང་། སྐྱེས་བུ་ཞེས་བྱ་བའོ། །དེ་དག་ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སྨྲ་བར་བྱེད་དོ། །འདིའི་བྱེ་བྲག་འགའ་ཞིག་དབང་ཕྱུག་རྒྱུར་འདོད་དེ། སྐྱེ་བ་པོ་ནི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་ལེན་ལ་རང་དབང་མེད། །དབང་ཕྱུག་གིས་ནི་ཡང་ན་གཡང་སའམ། །ཡང་ན་མཐོ་རིས་དག་ཏུ་སྐྱེ་བར་བྱེད། ཅེས་ཟེར་རོ། །ཕུར་བུ་པ་ནི། ལྷའི་བླ་མའི་རྗེས་སུ་འབྲངས་ཏེ། ཕྱི་ནང་སྐྱེ་མཆེད་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་ལས་གྲུབ་པ་གཞན་ལས་མིན། །སྲན་ཟླུམ་སྐྱེར་ཚེ་གཟེངས་རིང་རྣོ་བ་དང་། །རྨ་བྱའི་མཇུག་མ་མགྲིན་པའི་ཚོགས་བཀྲ་དང་། །ཉི་ཤར་ཆུ་བོ་འཐུར་དུ་འབབ་པ་རྣམས། །ངོ་བོ་ཉིད་ལས་གྲུབ་སྟེ་རྒྱུ་ཡོད་མིན། །ཞེས་འདོད་དོ། །བྱེ་བྲག་པ་ནི། དྲང་སྲོང་གཟེག་གཟན་པའི་རྗེས་སུ་འབྲངས་ཏེ། སྣོད་ཀྱི་རྒྱུ་རྡུལ་ཕྲ་རབ་རྟག་པ་གཅིག་དང་། དེ་ཡང་ཕྱི་གཟུང་བའི་ཡུལ་ནི་ཚིག་གི་དོན་དྲུག་པོ་དག་སྟེ། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། བྱེ་བྲག་དང་། འདུ་བ་ཞེས་བྱ་བའོ། །ནང་བདག་གི་ཡོན་ཏན་དགུ་སྨྲ་བར་བྱེད་དེ། བློ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། འདོད་པ་དང་། སྣང་བ་དང་། འབད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། བྱ་བའི་ཤུགས་སོ། །རིག་པ་ཅན་པ་ནི། ཁྱབ་འཇུག་གི་རྗེས་སུ་འབྲངས་ཏེ། ཚད་མ་དང་གཞལ་བྱ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་དོན་བཅུ་དྲུག་ཏུ་འདོད་དོ། །འདིའི་བྱེ་བྲག་ཁ་ཅིག་ཚངས་པ་དང་། ཁ་ཅིག་དུས་ཐམས་ཅད་ཀྱི་རྒྱུར་འདོད་དོ། །གཅེར་བུ་པ་ནི། དྲང་སྲོང་རྒྱས་པའི་རྗེས་སུ་འབྲངས་ཏེ། ཚིག་གི་དོན་དགུ་ཁས་ལེན་པ། སྲོག་དང་། ཟག་པ་དང་། སྡོམ་པ་དང་། རེངས་པར་དགའ་བ་དང་། འཆིང་བ་དང་། ལས་དང་། སྡིག་པ་དང་། བསོད་ནམས་དང་། ཐར་པ་ཞེས་བྱ་བ་དག་གོ །གཉིས་པ་ཆད་པར་ལྟ་བ་ནི། རྒྱང་འཕེན་པ་དང་། སྤྱོད་པ་པའོ། །དེ་ལ་རྒྱང་འཕེན་པ་ནི། དྲང་སྲོང་ཆེན་པོ་འཇིག་རྟེན་མིག་ཅེས་བྱ་བར་ཆད་པར་ལྟ་བའི་གཞུང་འབུམ་ཕྲག་བྱས་ཏེ། དེའི་རྗེས་སུ་འབྲངས་ནས། ཨ་རུ་ར་དང་། བུ་རམ་དང་། དྷ་ཏ་ཀི་ཞེས་པ་ཕབས་རྩི་སྟེ། དེ་རྣམས་ཡང་དག་པར་སྦྱར་བ་ལས་ཆང་གིས་སྨྱོས་པའི་ནུས་པ་འབྱུང་བ་བཞིན་དུ། ས་ལ་སོགས་པའི་འབྱུང་བ་རྣམས་གཅིག་ཏུ་གྱུར་པ་ཁོ་ན་ལས་དབང་པོ་དང་བཅས་པའི་སེམས་གྲུབ་ཀྱི། དབང་བཅས་ཀྱི་སེམས་དེ་སྐྱེ་བ་སྔ་མའི་རིགས་ཀྱི་རྒྱུན་ལ་མི་བལྟོས་ཤིང་འབྱུང་བའི་ནུས་པ་ཟད་ནས་སྐྱེས་བུ་དེ་ཤི་བར་འགྱུར་ལ། འཇིག་རྟེན་ཕ་རོལ་གྱི་ལུས་ལེན་པ་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ལས་མེད་ཅིང་ཐར་པ་མེད་ཅེས་འདོན་ཏེ། ཤི་ནས་དེ་ཡི་སྤྱོད་ཡུལ་མེད། །ལུས་ནི་ཐལ་བ་བཞིན་སོང་ནས། །སླར་འཚོ་བར་ལྟ་ག་ལ་འགྱུར། །དེ་ཕྱིར་སྔ་ཕྱི་ཡོད་མ་ཡིན། །ཚེ་འདི་ཉིད་ལ་བདེ་བའི་ཕྱིར། །ལྷ་མཆོད་འདྲེ་སྲིན་མནན་བྱས་ནས། །བཙན་ཕྱུགས་མཐུ་སྟོབས་འགྲུབ་པར་འགྱུར། །ཟེར་རོ། །སྤྱོད་པ་པ་ནི། འཁོར་བ་ཡོད་ལ་མྱ་ངན་ལས་འདས་པ་ནི་མེད་དོ་ཞེས་ཟེར་རོ། །གཉིས་སུ་མེད་པར་སྨྲ་བ་ནི། རིགས་བྱེད་ཀྱི་མཐའ་གསང་བར་སྨྲ་བ་སྟེ། ཆེན་པོ་ཉི་མདོག་མུན་མདུན་གནས། །སྐྱེས་བུ་དེ་ནི་ཁོ་བོས་རིག །དེ་རྟོགས་འཆི་བའི་འཇིགས་མེད་དེ། །མཐར་ཕྱིན་དེ་ལས་ལམ་གཞན་མེད། །ཅེས་སྨྲས་པས་ན། དེ་ལྟ་བུའི་དབང་པོ་ལྔ་དང་ཉེ་བར་ལྡན་པའི་བདག་ཡོད་པ་དང་། གཞན་ཡང་སྐྲ་རྩེ་འབུམ་གྱི་ཆ་ཙམ་དང་། ཤེལ་གོང་དག་པ་ལྟ་བུའི་བདག་མཐེ་བོང་གི་ཆ་དང་པོ་ཙམ་མམ། ཡུངས་འབྲུ་ཙམ་མམ། རི་རབ་ཙམ་བསྟན་པར་མི་ནུས་པ་ཐམས་ཅད་ལ་ཁྱབ་པའམ། ལུས་མེད་པར་རྟོག་པ་རྣམས་ཀྱང་བདག་ཡོད་པར་འདོད་པའོ། ཞེས་བསྡུ་བར་བྱའོ། །དེ་ཉིད་གཟུང་འཛིན་གཉིས་སུ་མེད་པ་སྨྲ་བ་ཡིན་པར་ཡང་། གང་གང་ཅུང་ཟད་ཅི་སྣང་བ། །དེ་དེ་ཚངས་པ་ཞེས་བཤད་དེ། །སེམས་ཀྱི་ཚངས་པ་ཉིད་གནས་ཀྱི། །དེ་ལས་གཞན་དུ་འགྱུར་བ་མེད། །གང་གིས་བག་ཆགས་སེམས་ཀྱིས་ཀྱང་། །མྱ་ངན་འདས་པ་ཐོབ་བྱེད་པའི། །དགའ་བའི་ལྟ་བ་གཅིག་པུ་ལ། །ལྟ་བ་གཞན་གྱིས་ཅི་ཞིག་བྱ། །ཆོས་དང་ཆོས་མ་ཡིན་པ་སྤངས། །བདེན་དང་བརྫུན་པ་གཉིས་སྤངས་ནས། །སྤང་བྱ་གང་ཡིན་དེ་སྤངས་པའོ། །ཞེས་འདོན་པས་སོ། །ངར་འཛིན་ལྟ་བ་ཐ་དད་ཡོད། ཅེས་པ། དེ་ལྟར་མུ་སྟེགས་ཅན་གྱི་གཞུང་ལུགས་རེ་རེ་ལས་བདག་སྨྲས་པ་དེ་ཉིད་རྟག་པ་དང་། བྱེད་པ་པོ་དང་། ཟ་བ་པོ་དང་། ཡོན་ཏན་དང་བཅས་པ་དང་། ཁྱབ་པའི་ཕྱིར་ན་བྱ་བ་མེད་པར་ཡང་སྨྲ་བས་ངར་འཛིན་པའི་ཡུལ་དུ་མི་རིགས་ཏེ། དེ་ཀུན་རྫོབ་ཏུ་ཡང་མེད་པའི་ཕྱིར་རོ། །ཞེས་དགོངས་ནས་ཐ་དད་ཅེས་སྨོས་སོ། །དེ་ལྟར་ཡང་འཇུག་པ་ལས། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེ་དག་སྤྱོད་ཚུལ་སྣ་ཚོགས་ཡོད། །ཅེས་པ། དེ་དག་གི་ལྟ་བའི་རྗེས་སུ་འགྲོ་བའི་སྤྱོད་པ་ཡང་། མེ་ལྔ་བརྟེན་པས་ཚངས་པ་འགྲུབ། །དབྱུ་གུ་གསུམ་པས་དབང་ཕྱུག་ཆེ། །བྱ་ཡི་དཀའ་ཐུབ་རྟོགས་འདོད་རིགས། །ཁྱི་ཡི་བརཏལ་ཞུགས་སྨིན་དྲུག་འཁོར། །ནང་པར་སྲུང་པ་དུས་ངེས་པའོ། །ཞེས་སོགས་དང་། ཏིང་ངེ་འཛིན་གྱི་ལམ་ཡང་། དེ་ཡང་ནུས་ཅན་མཉམ་སྦྱོར་བར། །བྱེད་ཅིང་མིག་ནི་འཛུམ་བལྟ་བའོ། །ཟླ་བའི་གྲུབ་མཐའ་པ་རྟག་ཏུ། །འཕྲོག་པོ་ལ་ནི་གུས་གཞོལ་བ། །སྙིང་གའི་པདྨའི་རླུང་གི་ནི། །རྣལ་འབྱོར་ལྡན་པའང་བསྒོམ་པར་བྱེད། །རྣལ་འབྱོར་ལྡན་པ་གཞན་འགས་ཀྱང་། །དེ་ཁོ་ན་ཞེས་རྟོགས་ཤིང་གནས། །བདེན་པ་གང་ཡིན་དེ་ཉོན་ཞེས། །སྒྲུབ་པོ་སློབ་མ་ལ་སྨྲ་ཏེ། །དབུགས་རྒྱུ་བ་དང་རབ་རྟོག་མེད། །ཡིད་ནི་གང་ཤི་བདེན་པའོ། །ཞེས་བྱ་བ་ལ་སོགས་པ་མང་པོ་བསྟན་ཀྱང་། །དེས་ལེགས་པར་གྲོལ་བ་མ་ཡིན་ཏེ། གཞི་བདག་ཏུ་རྟོག་པས་ཡེ་ཤེས་ཀྱི་ཡུལ་གང་ཡིན་པ་མི་ཤེས་པའི་ཕྱིར་རོ་ཞེས་སྟོན་པ་ལ། གཞི་བདག་ཏུ་རྟོག་པ་ཤིན་ཏུ་མང་། །ཞེས་གསུངས་པ་ཡིན་ནོ། །དེ་དག་སྤྱིར་དགག་པ་ཡང་ཨཱརྻ་དེ་བས། རབ་ཏུ་བྱེད་པ་ལག་པའི་ཚད་དུ། ཐག་པ་ལ་ནི་སྦྲུལ་སྙམ་འཛིན། །ཐག་པར་མཐོང་ན་དོན་མེད་དོ། །ཞེས་ཡུལ་ཧ་ཅང་བསྐལ་བ་མ་ཡིན་པ་འོད་ཙམ་སྣང་བ་ཞིག་ན་ཐག་པའི་གཟུགས་སྤྱིའི་ཆོས་ཙམ་དམིགས་པ་ལ་འཁྲུལ་ནས་འདི་ནི་སྦྲུལ་ལོ་སྙམ་ངེས་པར་འཛིན་པའི་ཤེས་པ་སྐྱེ་བ་བཞིན་དུ། མུ་སྟེགས་བྱེད་དེ་དག་ལ་དང་པོ་ཉིད་དུ་བློ་རང་བཞིན་དང་འགལ་བར་སྐྱེ་བ་ནི་འཁྲུལ་པ་སྟེ། དེའི་འོག་ཏུ་ལོག་པ་ལ་ཡང་དག་པར་འཛིན་པ་ནི་ངན་པར་ཞེན་པ་ངན་པ་བརྟན་པར་གྱུར་པས་རྨོངས་པ་ཆེན་པོ་ཡིན་ནོ། །ཐག་པ་རང་གི་ཁྱད་པར་ཁོང་དུ་ཆུད་པ་ན་སྦྲུལ་དུ་འཛིན་པ་དོན་མེད་པ་བཞིན་དུ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཁོང་དུ་ཆུད་ན་དེ་དག་དོན་མེད་པར་འགྱུར་རོ། །དེའི་ཕྱིར་མུ་སྟེགས་བྱེད་ཀྱི་ལྟ་བ་ལས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་གནས་ཚུལ་ལ་ཅུང་ཟད་ཉེ་སྟེ། དེ་ཐ་སྙད་ཕྱིན་ཅི་མ་ལོག་པར་བདེན་པའི་ཕྱིར་རོ།། །། གཉིས་པ་རང་གི་ལུགས་བཞག་པ་ལ། དམ་པའི་ཆོས་ཀྱི་འཁོར་ལོ་ངོས་གཟུང་། དེ་སྤྱོད་བའི་གཉེན་པོར་བསྐོར་བའི་ཚུལ་བསྟན། བསྐོར་བ་ཡང་ཐེག་པ་གསུམ་དང་གནས་པ་བཞིར་ཕྱེ། དེ་ལས་སྐབས་ཀྱི་བཤད་བྱ་དབུ་མ་གཏན་ལ་ཕབ་པ་དང་བཞི་ལས། དང་པོ་ནི། དམ་པའི་ཆོས་ཀྱི་ངོ་བོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པ་ཉེ་བར་ཞི་ཞིང་ཞི་བ་སྟེ། དེ་ཉིད་ལ་བཟང་པོའི་ཆོས་སམ་ཐེག་པ་ཆེན་པོ་ཞེས་བྱའོ། །དེ་ལྟར་ཡང་འཕགས་མ་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་གཟུང་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཚིག་བླ་དྭགས་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཐམས་ཅད་ནི་ཐེག་པ་ཆེན་པོས་རབ་ཏུ་ཕྱེ་བ་ལགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ཆུ་བོ་ཆེན་པོ་བཞི་ནི་མཚོ་མ་དྲོས་པས་རབ་ཏུ་ཕྱེ་བ་ལགས་པ་དེ་བཞིན་དུ། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཐམས་ཅད་ཀྱང་ཐེག་པ་ཆེན་པོས་རབ་ཏུ་ཕྱེ་བ་ལགས་སོ། །ཞེས་གསུངས་སོ། །ཅིའི་ཕྱིར་དེ་ལ་དམ་པའི་ཆོས་ཞེས་བྱ་ཞེ་ན། ཉན་མོངས་པ་བག་ཆགས་དང་བཅས་པ་ཐམས་ཅད་ཞི་བར་འགྱུར་པའི་ཕྱིར་དང་། ཡོན་ཏན་རབ་ཀྱི་མཐར་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཡིན་པའི་ཕྱིར་དམ་པ་སྟེ་བཟང་པོའོ། །ཆོས་ཞེས་བྱ་བ་ནི་གཞན་དག་ལེགས་པར་འཛིན་པར་བྱེད་པའམ། འཁོར་བའི་འཁོར་ལོར་འཁྱམས་པ་ལས་འཛིན་པར་བྱེད་པའམ། རྟོགས་པར་བྱེད་པའི་ཕྱིར་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་རབ་ཀྱི་མཐར་ཕྱིན་པ་བླ་ན་མེད་པའི་མཐུ་འཛིན་པའི་ཕྱིར་རམ། འཁོར་བ་དང་མྱ་ངན་ལས་འདས་པ་སྤང་བའམ་ཐོབ་པའི་དམིགས་པའི་གཡང་ས་ལས་འཛིན་པས་ན་ཆོས་སོ། །དེ་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པར་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་རྗེས་སུ་ཞུགས་ནས་མི་མཐུན་པའི་ཕྱོགས་ཕམ་པར་བྱེད་པས་ན་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །གཉིས་པ་དེ་སྤྱོད་པའི་གཉེན་པོར་བསྐོར་བའི་ཚུལ་བསྟན་པ་ལ། དྲང་དོན་དུ་དྲང་ངེས་ཐམས་ཅད་གསུངས་པའི་ཚུལ། ངེས་དོན་དུ་ཅི་ཡང་མ་གསུངས་པའི་ཚུལ། ཡང་དག་པར་ན་དེ་གཉིས་མི་འགལ་བར་བསྟན་པ་གསུམ་ལས། དང་པོ་ནི། ཁྱེད་བློ་དམན་རྣམས་ཀྱི་བློ་ངོ་དང་། །བསྟུན་ནས་ཞེས་པ་དང་། འདུལ་བར་བྱ་བ་བློ་དམན་པ་དང་། བར་མ་དང་། མཆོག་གི་སྣང་ངོའམ། བསམ་པ་དང་བསྟུན་ནས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །སུས་བསྐོར་ཞེ་ན། ཀུན་མཁྱེན་སངས་རྒྱས་ཀྱིས་ཏེ། སངས་རྒྱས་བཅོམ་ལྡན་འདས་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གིས་དབྱེ་བས་ཐ་དད་པའི་སེམས་ཅན་གྱི་ཁམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་གཤེགས། སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཐུགས་དམ་བཅས་པ་སྒྲུབ་པ་ལྷུར་མཛད་པ། ཐབས་དང་མཁྱེན་རབ་དང་ཐུགས་རྗེ་ཆེན་པོ་དང་ལྡན་པ། འགྲོ་བ་དུ་མའི་དཔེ་ཟླ་མི་མངའ་བའི་གཉེན། ཉོན་མོངས་པའི་ནད་མ་ལུས་པ་གསོ་བར་མཛད་པ་སྨན་པའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་གདུལ་བྱ་དམན་པ་དངོས་པོ་མེད་པ་ཉི་ཚེ་བ་ལ་ཉེ་བར་གནས་པ་འཇིག་རྟེན་རྒྱང་འཕེན་པ་དང་། སྤྱོད་པ་པ་དང་། དོན་དམ་པ་རང་བཞིན་མེད་པའི་ཕྱིར། ཀུན་རྫོབ་ཉིད་དུ་ཡང་སྡིག་པ་སྤྱོད་པས་གནོད་པར་མེད་དོ་ཞེས་ཆོས་ལ་སྒྲ་ཇི་བཞིན་དུ་འཛིན་པའི་ལྟ་བ་ཅན། མི་དགེ་བའི་ལས་མངོན་པར་འདུ་བྱེད་པ་ལ་ཞུགས་པ། ངན་འགྲོའི་གཡང་ས་ཆེན་པོར་ལྷུང་བ་ལ་ཕྱོགས་པ་དེ་དག་གི་ལོག་པར་ལྟ་བ་ལྡོག་པར་བྱ་བའི་ཕྱིར་དང་། སྡིག་པ་མི་དགེ་བ་ལ་དགའ་བ་རྣམས་ལ་མི་དགེ་བྱེད་པ་དགག་པའི་ཕྱིར་དུ། བདག་ཡོད་པ་ལས་བརྩམས་ཏེ་སྡུག་བསྔལ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་རྒྱུད་ལ་བརྟེན་པར་བྱ་བ་ལ་སོགས་པ་རྣམ་པ་མང་པོ་བསྟན་ཏོ། །གང་དག་དགེ་བའི་ལས་བྱེད་ཅིང་མི་དགེ་བའི་ལས་ལས་ལོག་པ། བདག་ཏུ་ཡང་དག་པར་ལྟ་བ་མཁྲེགས་པ། བྱ་སྲད་བུ་ཆེས་ཤིན་ཏུ་རིངས་བས་བརྟོད་པ་ལྟར་ཤིན་ཏུ་རིང་པོར་ཕྱིན་ཡང་ཁམས་གསུམ་ལས་འདས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཞི་བར་འགྲོ་བར་མི་ནུས་པ། གདུལ་བྱ་བར་མ་དེ་དག་ལ་འཇིག་ཚོགས་ལ་ཞེན་པ་མངོན་པར་ལྷོད་པར་བྱ་བའི་ཕྱིར་དང་། མྱ་ངན་ལས་འདས་པ་ལ་འདུན་པ་བསྐྱེད་པར་བྱ་བའི་ཕྱིར་བདག་མེད་པ་ཉིད་ལས་བརྩམས་ཏེ་རྣམ་པར་ཐར་པའི་སྒོ་གསུམ་དུ་སྟོན་པའི་ཆོས་ཀྱི་སྒོ་ཆེན་པོ་རྣམས་བསྟན་ཏོ། །གང་དག་སྔོན་གོམས་པའི་ཟབ་མོའི་ཆོས་ལ་ལྷག་པར་མོས་པས་རྗེས་སུ་འབྲེལ་བའི་ས་བོན་ཡོངས་སུ་སྨིན་པར་གྱུར་པ་ཐེབ་ལ། མྱ་ངན་ལས་འདས་པ་ལ་ཉེ་བར་གནས་པ་བདག་ལ་ཆགས་པ་དང་བྲལ་བ། ཐུབ་པའི་དབང་པོའི་གསུང་རབ་ཀྱི་དོན་གྱི་དེ་ཁོ་ན་ཉིད་མཆོག་ཏུ་ཟབ་པའི་གཏིང་དཔོག་པར་ནུས་པར་གདུལ་བྱ་མཆོག་ཏུ་གྱུར་པ་དེ་དག་ལ་ནི་ལྷག་པར་མོས་པའི་ཁྱད་པར་ངེས་པར་གཟུང་ནས། བདག་ཏུ་ལྟ་བ་ཡང་དག་མ་ཡིན་པ་དེ་བཞིན་དུ་དེའི་གཉེན་པོར་གྱུར་པ་བདག་མེད་པར་ལྟ་བ་ཡང་ཡང་དག་པར་མིན་པ་ཉིད་དོ། །དེ་ལྟར་ན་བདག་འགའ་ཡང་མེད་པས། བདག་མེད་པ་ཡང་འགའ་མེད་དོ་ཞེས་སམ། ཡོད་པ་ལ་སོགས་པ་ཉེས་པ་ཆེན་པོར་བསྟན་པར་དེའི་ཕྱིར་རྟག་པར་འཛིན་པ་ལ་སོགས་པའི་དངོས་པོ་ཡོད་པར་མི་ལྟ་ཞིང་འཇིག་རྟེན་རྒྱང་འཕེན་པ་ལ་སོགས་པ་ལྟར་དངོས་པོ་མེད་པའི་ཡིད་ཀྱང་སྤངས་ཏེ་བར་དུ་གནས་པར་བྱའོ་སྙམ་པ་ལ། ཡོད་པ་དང་མེད་པ་ལ་གནས་པར་མི་བྱ་བ་དེ་བཞིན་དུ་དེ་གཉིས་ཀྱི་བར་དུ་གནས་པར་མི་བྱ་སྟེ། དབུས་ནི་མཐའ་ལ་བལྟོས་པ་ཡིན་ལ། མཐའ་མེད་པར་ནི་དེ་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་ན་གང་ལ་ཡང་མི་གནས་པ་ཡིན་ནོ། །ཞེས་སྟོན་པའི་ཆོས་ཀྱི་རྣམ་གྲངས་ཟབ་པ་ཟབ་པ་དག་སྟོན་པར་མཛད་དེ། མདོ་ལས། འོད་སྲུངས་བདག་ཅེས་བྱ་བ་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་ནི་མཐའ་གཉིས་པའོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་གཟུང་དུ་མེད་པ། བསྟན་དུ་མེད་པ། རྟེན་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་གསུངས་ལ། སློབ་དཔོན་གྱིས་རྩ་བ་ཤེས་རབ་ཏུ། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་དང་། རིན་ཆེན་ཕྲེང་བར་ཡང་། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་ནི། །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །མཐོང་དང་ཐོས་སོགས་ཐུབ་པ་ཡིས། །བདེན་མིན་བརྫུན་པ་མེད་པར་གསུངས། །ཕྱོགས་ལས་མི་མཐུན་ཕྱོགས་གྱུར་པས། །དེ་དག་གཉིས་ཀ་དོན་དུ་མིན། །ཞེས་དང་། བརྡ་སྤྲོད་པ་དག་ཇི་ལྟ་བུ། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏོ། །ཁ་ཅིག་བསོད་ནམས་གྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བསྟན་པ། །ཁ་ཅིག་ལ་ནི་གཉིས་མི་བསྟན། །ཟབ་མོ་ཁུ་འཁྲིག་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་དང་། འཕགས་པ་ལྷས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཕྱིས་ནས་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་དྲང་བའི་དོན་དུ་ནི། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །ཞེས་སྦྱར་ཏེ། ཡོད་ཅེས་པ་ནི་གང་གསུངས་པའི་མཚན་གཞི་སྟེ། བདག་ཡོད་པས་མཚོན་ནས་དབུ་མའི་ལམ་གྱི་བར་དུ་བཤད་པ་ཐམས་ཅད་གསུངས་ཞེས་པའོ། །དེ་ལྟར་གསུངས་པ་དེ་དག་ཀྱང་། རྗོད་བྱེད་གཙོ་བོར་གྱུར་པ་སྒྲ་ཇི་བཞིན་པ་དང་ཇི་བཞིན་པ་མ་ཡིན་པ་གཉིས། བརྗོད་གཞི་གཙོ་བ་དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་གཉིས། བརྗོད་དོན་གཙོ་བ་དྲང་དོན་དང་ངེས་དོན་གཉིས་ཏེ་མཐའ་དྲུག་ཅེས་གྲགས་པའོ། །རྗོད་བྱེད་ཀྱི་དངོས་བསྟན་ལས། བརྗོད་དོན་གཞན་ལ་བལྟོས་མེད་དུ་གོ་ནུས་པའི་གསུང་རབ། སྒྲ་ཇི་བཞིན་པའི་མདོའི་མཚན་ཉིད། རྗོད་བྱེད་ཀྱི་དངོས་བསྟན་ལས་བརྗོད་དོན་བརྡའ་ཡི་གེ་གཙོ་བ་ལ་བལྟས་ཏེ་གོ་དགོས་པའི་གསུང་རབ། སྒྲ་ཇི་བཞིན་པ་མ་ཡིན་པའི་མདོའི་དང་། བརྡའ་ཞེས་བྱ་བ་ནི་དགོངས་པའི་སྐད་ཉིད་ཀྱིས་གསུངས་པའི་འཇིག་རྟེན་དང་བསྟན་བཅོས་ཕལ་ལ་མ་གྲགས་པའོ། །ཡི་གེ་གཙོ་བ་ཞེས་བྱ་བ་ནི། ཡི་གེ་བསྣན་པ། ཕྱིས་པ། གཞན་དུ་བསྒྱུར་བ་དག་གོ །དངོས་བསྟན་གྱི་བརྗོད་དོན་དགོངས་གཞི་ལ་བལྟོས་ནས་གོ་དགོས་པའི་གསུང་རབས་དགོངས་པ་ཅན་གྱི་མདོའི་མཚན་ཉིད་དང་། འདི་ལ་མུ་སྟེགས་ཆོས་ལ་འཇུག་པའི་ཕྱིར་ཐེག་པ་ཆུང་ངུར་བདག་དང་གང་ཟག་ཡོད་པར་བཤད་པ་ལྟ་བུ་གཞུག་པ་ལ་ལྡེམ་པོར་དགོངས་པ་དང་། ཀུན་བཏགས་དངོས་པོར་མེད་པར་དང་གཞན་དབང་རྟེན་འབྱུང་དུ་དང་། ཡོངས་སུ་གྲུབ་པ་འགྱུར་མེད་དང་ཕྱིན་ཅི་མ་ལོག་པར་བཤད་པ་ལྟ་བུ་མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་སྣ་ཚོགས་བཤད་པ་ལྟ་བུ་གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། འདི་ལ་ཡང་ཆོས་ཀྱི་སྐུ་དང་ཚོགས་ལ་སོགས་པ་མཉམ་པ་ལ་དགོངས་ནས་འདས་པའི་སངས་རྒྱས་ཀྱང་ང་ཉིད་དོ་ཞེས་པ་ལྟ་བུ་མཉམ་པ་ཉིད་ལ་དགོངས་པ་དང་། དེ་བཞིན་གཤེགས་པའི་མཚན་འདི་ཐོས་པ་ལས་སངས་རྒྱའོ་ཞེས་པ་ལྟ་བུ་དུས་གཞན་ལ་དགོངས་པ་དང་། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ན་གདོད་ཐེག་ཆེན་ཁོང་དུ་ཆུད་དོ་ཞེས་པ་ལྟ་བུ་དོན་གཞན་ལ་དགོངས་པ་དང་། གང་ཟག་གཅིག་ལ་སྔར་སྦྱིན་པའི་ལེགས་པ་བརྗོད་ནས་ཕྱིས་སྨད་པ་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་པ་སྟེ་དགོངས་པ་ཅན་བཞིའོ། །ཉོན་མོངས་པས་གནས་ན་བྱང་ཆུབ་མཆོག་ཐོབ་བོ་ཞེས་པ་ལྟ་བུ། བྱང་ཆུབ་ཀྱི་སྤྱོད་པ་དཀའ་བ་ལ་དགོངས་ཏེ་ཉོན་མོངས་ཞེས་བྱ་བ་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་སྟེ། ལྡེམ་པོར་དགོངས་པ་བཞིའོ། །དངོས་བསྟན་གྱི་བརྗོད་བྱ་དགོངས་གཞི་ལ་བལྟོས་མི་དགོས་པར་གོ་བའི་གསུང་རབ་དགོངས་པ་ཅན་མ་ཡིན་པའི་མདོའི་མཚན་ཉིད། ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པའི་གསུང་རབ་དྲང་དོན་གྱི་མདོའི་མཚན་ཉིད། འདི་ལ་ཡང་འཇིག་རྟེན་དང་མཐུན་པའི་ཡང་དག་པའི་ལྟ་བ་གཙོ་བོར་བསྟན་པའི་དྲང་དོན་གྱི་དྲང་དོན་དང་། རྣམ་གྲངས་པའི་དོན་དམ་པ་གཙོ་བོར་སྟོན་པ་དྲང་དོན་གྱི་ངེས་དོན་ནོ། །དོན་དམ་པའི་བདེན་པ་གཙོ་བོར་སྟོན་པའི་གསུང་རབ་ངེས་དོན་གྱི་མདོའི་མཚན་ཉིད་ཡིན་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་དང་། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང་། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་ནས། རྣམ་པར་ཐར་པའི་སྒོའི་བར་དུ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱ་སྟེ། འདི་དག་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་ཞེས་བྱའོ། །ཞེས་གསུངས་པ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་སོ། །གཉིས་པ་ངེས་པའི་དོན་དུ་ཅི་ཡང་མ་བསྟན་པའི་ཚུལ་ནི། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་པས། ཆོས་བཟང་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་སྤྲོས་པ་ཉེར་བར་ཞི་ཞིང་ཞི་བ་ཡིན་པས། དེ་ནི་ངག་གིས་བརྗོད་པ་ལས་འདས་པའི་ཕྱིར། དེ་བརྗོད་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཚིག་གིས་འཕོངས་པ་ཡིན་ནོ། །ཇི་ལྟར་ངག་གི་བརྗོད་པ་ལས་འདས་པ་ཡིན་ཞེ་ན། དེ་ནི་སེམས་ཀྱིས་སྤྱོད་པའི་ཡུལ་དུ་མ་གྱུར་པས་སོ། །ཇི་ལྟར་སེམས་ཀྱི་རྒྱུ་བ་འགའ་ཞིག་གིས་དེ་དམིགས་པར་འགྱུར་བ་ཞིག་ཡིན་ན་དེར་རྒྱུ་མཚན་འགའ་ཞིག་སྒྲོ་བཏགས་ནས་ཚིག་དག་འཇུག་པར་འགྱུར་ན། གང་སེམས་ཀྱི་སྤྱོད་ཡུལ་དུ་ནམ་གཞར་ཡང་མི་འཐད་པའི་ཕྱིར་རྒྱུ་མཚན་སྒྲོ་བཏགས་ནས་ཚིག་དག་འཇུག་པར་མི་འགྱུར་རོ། །ཅིའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་མིན་ཞེ་ན། མ་སྐྱེས་པ་དང་མ་འགགས་པས། ཆོས་ཉིད་དམ། ཆོས་ཀྱི་ངོ་བོ་ཉིད་དང་། ཆོས་ཀྱི་རང་བཞིན་མྱ་ངན་ལས་འདས་པ་དང་། མཚུངས་པར་བཞག་པས་སོ། །དེ་ཕྱིར་དེ་ལ་སེམས་མི་འཇུག་གོ །སེམས་མི་འཇུག་ན་རྒྱུ་མཚན་སྒྲོ་འདོགས་པར་ག་ལ་འགྱུར་ལ། དེ་མེད་པའི་ཕྱིར་ཚིག་དག་འཇུག་པར་ག་ལ་འགྱུར་ཏེ། དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྟན་ནོ་ཞེས་བྱ་བར་གནས་ཏེ། བརྗོད་པར་བྱ་བར་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མི་འགག་པས། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་སོ། །དེ་ལྟར་ཡང་མདོ་ལས། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་ལེན་པ་མི་མངའ་བར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེའི་ཕྱིར་ངེས་དོན་དུ་ཐམས་ཅད་ཡོད་ཅེས་གསུངས་པ་མིན། ཞེས་སྦྱར་ཏེ། བདག་ཡོད་པ་ནས་དབུ་མའི་ལམ་གྱི་བར་ཐམས་ཅད་མ་གསུངས་ཞེས་པའི་དོན་ཏོ། །གསུམ་པ་ཡང་དག་པར་ན་དེ་གཉིས་མི་འགལ་བར་བསྟན་པ་ནི། འོ་ན་སངས་རྒྱས་རྣམས་ཀྱིས་གང་དུ་སུ་ལ་ཆོས་འགའ་ཡང་མ་བསྟན་ན། །གསུང་རབ་ཐ་སྙད་ཤིན་ཏུ་སྣ་ཚོགས་པ་འདི་དག་ག་ལས་མངོན་པར་འགྱུར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་འདི་དག་དེ་ལྟར་དེ་ལྟར་རྣམ་པར་རྟོག་པ་མི་མངའ་ཞིང་། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དང་འདྲ་བར་ཇི་ལྟར་འཚམ་པར་སེམས་ཅན་གྱི་དོན་བསྒྲུབ་པ་ལྷུར་མཛད་ཅིང་ཆོས་ཀྱི་དབྱིངས་ལས་སྐད་ཅིག་ཀྱང་མི་བསྐྱོད་ལ། སེམས་ཅན་འདུལ་བའི་དུས་ལས་ཀྱང་མི་འདའ་བ་དེ་བཞིན་དུ་བདག་ཀྱང་གྱུར་ཅིག་ཅེས་བྱང་ཆུབ་སེམས་དཔས་སྔར་སྨོན་ལམ་བཏབ་པའི་སྨོན་ལམ་དེའི་ཤུགས་དང་། བྱང་ཆུབ་སེམས་པའི་སྤྱད་པ་སྤྱོད་པ་ན་བསྡུ་བའི་དངོས་པོ་བཞིས་བསྡུས་པའི་སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་དང་། ཉེ་བར་བསགས་པ་དང་། ཡོངས་སུ་སྨིན་པར་གྱུར་པ་རྣམས་ཀྱི་རྒྱུའི་མཐུ་ཉིད་ལས་ཡན་ལག་དྲུག་ཅུ་དང་ལྡན་པ། སེམས་ཅན་ཐམས་ཅད་ཡང་དག་པར་མགུ་བར་མཛད་པ། དེ་བཞིན་གཤེགས་པའི་འཕྲིན་ལས་ལྟ་བུ་རྣམ་པར་མི་རྟོག་པ་ལ་རྩོལ་བ་ལ་མི་མངའ་བ་འབྱུང་གི དེའི་དབང་གིས་ཉན་པའི་སྐྱེ་བོ་རྣམས་ལ་མོས་པ་དང་། དབང་པོ་དང་། བསམ་པའི་རྗེས་སུ་འཇུག་པའི་ཆོས་དེ་དང་དེ། སྟོན་པས་བདག་ཅག་ལ་སྟོན་དུ་སྙམ་དུ་རྟོག་པར་བྱེད་དོ། །བསོད་ནམས་ཀྱིས་འདུས་བྱས་པའི་སྐུ་ལས་དེ་ལྟ་བུ་འབྱུང་བར་མ་ཟད། རྒྱུ་མཐུན་པའི་སྐུ་སྤྲུལ་པ་དང་། ནམ་མཁའ་དང་། རྩྭ་དང་། ཤིང་དང་། རྩིག་པ་ལ་སོགས་པ་ཐམས་ཅད་ལས་ཀྱང་དེ་ལྟར་འབྱུང་ཞིང་། དེ་ལས་འཇིག་རྟེན་གྱི་དེ་ཉིད་རིག་པར་ཡང་འགྱུར་བ་ཡིན་ནོ། །དེའི་ཕྱིར་མཐར་ཐུག་པར་གསུངས་དང་མ་གསུང་མཉམ་པ་ཉིད་ཅེས་པ་ཐོབ་སྟེ། ཆོས་གསུངས་པ་དང་མ་གསུང་པ་གཉི་ག་ཡང་རང་བཞིན་མེད་པ་ཉིད་དུ་མཉམ་པས་འགལ་བར་མི་འགྱུར་ལ། རང་བཞིན་མེད་པ་ལས་རང་བཞིན་མེད་པའི་ཆོས་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་དང་། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པ་ཁོ་ན་འབྱུང་བར་འགྱུར། །ཞེས་གསུངས་སོ།། །། གསུམ་པ་བསྐོར་བ་གང་ཐེག་པ་གསུམ་དང་གནས་པ་བཞིར་ཕྱེ་བ་ནི། དོན་དམ་བདེན་པའི་དབང་དུ་ནི། །ཞེས་གསུངས་པས། དོན་དམ་བདེན་པའི་ཆོས་ཀྱི་བདུད་རྩི་འདི་ཉིད་འཇུག་པའི་སྐལ་བའི་དབང་གིས་ཐེག་པ་གསུམ་དང་གནས་པ་བཞིར་བཞག་གོ་ཞེས་དགོངས་པ་སྟེ། ཇི་ལྟར་ཞེ་ན། ཉི་ཚེ་བའི་སེམས་དང་། ཁམས་གསུམ་པས་སྐྲག་པའི་ཡིད་དང་། སྙིང་རྗེ་ཆེན་པོ་མེད་པ་དང་། གཞན་ལས་ཐོས་པའི་རྗེས་སུ་འགྲོ་བ་སྟེ། སྒྲའི་རྗེས་སུ་འབྲང་བར་ལྷག་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་གསུམ་གྱིས་བདེན་བཞི་ཤེས་རབ་ཀྱི་རྣམ་པས་ཡོངས་སུ་བསྒོམས་ན། ཉན་ཐོས་ཀྱི་ཐེག་པ་ཡོངས་སུ་འགྲུབ་པར་བྱེད་དོ། །ཡང་དག་པའི་གདམ་ངག་གི་འབྲས་བུ་ཐོབ་པར་བྱེད་པས་ན་ཉན་ཐོས་སམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་དེ་བཞིན་གཤེགས་པ་རྣམས་ལས་ཐོས་ནས་དོན་དུ་གཉེར་བ་རྣམས་ལ་སྒྲོག་པར་བྱེད་པས་ན་ཉན་ཐོས་དག་སྟེ། སྒྲོག་པར་བྱེད་པ་ཡིན་གྱི་རྗེས་སུ་མཐུན་པ་ཙམ་ཡང་མི་བསྒྲུབ་པས། དེ་དག་ལ་སྒྲ་བཤད་དུ་ཡོད་ཅིང་འཇུག་པ་ཡིན་ལ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་འགྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས། རྒྱུ་མཚན་དེ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་པས་ཉན་ཐོས་སུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། སྒྲ་བཤད་དུ་ཡོད་ཀྱང་མི་འཇུག་པའི་ཕྱིར་རོ། །དེའི་གོང་དུ་གཞན་གྱི་དྲིང་མི་འཇོག་པ་དང་། རང་མངོན་པར་འཚང་རྒྱ་བ་དང་། སྙིང་རྗེ་ཆེན་པོ་དང་། ཐབས་ལ་མཁས་པ་མེད་པ་དང་། ལྷག་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་ཀྱི་རྐྱེན་ཉིད་འདི་པ་ཟབ་མོ་ཁོང་དུ་ཆུད་པས་ཡོངས་སུ་སྦྱངས་ན། རང་སངས་རྒྱས་ཀྱི་ཐེག་པ་འགྲུབ་པར་བྱེད་དོ། །དེ་ཉིད་ཉེ་བར་མ་བསྟན་པར་ཡེ་ཤེས་འབྱུང་ཞིང་། བདག་ཉིད་གཅིག་པུའི་ཕྱིར་རང་ཉིད་སངས་རྒྱས་པས་རང་སངས་རྒྱས་སོ། །རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །དེའི་གོང་དུ་ཤིན་ཏུ་རྒྱ་ཆེ་ཞིང་ཚད་མེད་པའི་སྙིང་བརྩེ་བ་དང་། སྙིང་རྗེ་བ་དང་ལྡན་པ། ཐབས་ལ་མཁས་པས་བསྡུས་པ་དང་། སྨོན་ལམ་ཆེན་པོ་ཤིན་ཏུ་བཏབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ལ་དམིགས་པ་ཡོངས་སུ་སྦྱངས་ན། བྱང་ཆུབ་སེམས་དཔའི་ས་ཡོངས་སུ་དག་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་སྤྱོད་པ་རྒྱ་ཆེན་པོ་འགྲུབ་པར་བྱེད་དེ། ཐེག་པ་ཆེན་པོ་ཞེས་པའི་ཐེག་པ་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། མ་རིག་པ་མ་ལུས་པ་སྤངས་པས་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་མངའ་བའི་ཕྱིར་རོ། །དེ་རྣམས་ཀྱི་ཐེག་པ་ཡིན་པས་ཐེག་པ་ཆེན་པོའོ། །ཡང་ན། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མངའ་བ་རྣམས་དེ་ལ་ཞུགས་པའི་ཕྱིར་རམ། དངོས་པོ་རབ་ཏུ་དབྱེ་བ་མཐའ་ཡས་པའི་ཡུལ་ཅན་ཡིན་པའི་ཕྱིར་རམ། མི་ཤེས་པ་མ་ལུས་པ་སྤངས་པའི་ཕྱིར་ན། ཐེག་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ཐེག་པ་ཆེན་པོའོ། །གང་གི་ཕྱིར་འགྲོ་བ་རྣམས་སྙིགས་མ་ལྔ་ལ་སོགས་པའི་སྐྱོན་གྱིས་ཐེག་པ་ཆེན་པོ་ལ་འཇུག་པའི་གེགས་མང་པོ་དག་ཡོད་ཅིང་། སངས་རྒྱས་རྣམས་ཀྱིས་འགྲོ་བ་ཐམས་ཅད་གདོན་མི་ཟ་བར་མྱ་ངན་ལས་འདས་པ་ལ་འགོད་པར་བྱ་དགོས་པས་ན་གནས་སྐབས་ཐེག་པ་གསུམ་ལ་ཁ་དྲངས་ནས་མཐར་ཐེག་པ་གཅིག་ལ་འཇོག་པར་མཛད་དེ། །འཇུག་འགྲེལ་ལས། ཇི་ལྟར་བསྟི་བའི་ཕྱིར་དེད་དཔོན་དེས་རིན་པོ་ཆེའི་གླིང་དུ་མ་ཕྱིན་པའི་བར་དུ་གྲོང་ཁྱེར་མངོན་པར་སྤྲུལ་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ཀྱང་ཐབས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་ཚུ་རོལ་དུ་དེ་ཐོབ་པའི་ཐབས་སུ་གྱུར་ཅིང་ཞི་བའི་བདེ་བའི་རྟེན་དུ་གྱུར་པ་ཐེག་པ་གཉིས་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གསུངས་པ་ཡིན་ནོ། །དེ་ལ་འཁོར་བའི་ཉོན་མོངས་པ་སྤངས་པ་ཐོབ་པ་རྣམས་ལ་ནི་ཕྱི་ནས་ཐེག་པ་ཆེན་པོ་ཁོ་ན་ཉེ་བར་བསྟན་ལ། དེ་རྣམས་ཀྱིས་ཀྱང་སངས་རྒྱས་རྣམས་ལྟར་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་དགོས་སོ། །ཞེས་གསུངས་པས་སོ། །མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པའི་རྒྱུ་མཚན་ཡང་། འཇུག་པ་ལས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་བའང་བརྟེན་མིན་ཞིང་། །དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་གྱུར་པ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །གང་ཞིག་དེ་ཁོ་ན་ཉིད་མི་ཤེས་པ་དེས་ནི་ཉོན་མོངས་པ་རྣམས་མ་ལུས་པ་སྤང་བར་མི་ནུས་ལ། དངོས་པོ་མ་ལུས་པ་ལ་ཡོད་པའི་དེ་ཁོ་ན་ཉིད་སྐྱེ་བ་མེད་པའི་རང་བཞིན་ཅན་ཡང་ཐ་དད་པ་མེད་དོ། །དེའི་ཕྱིར་མཐོང་བ་ཐ་དད་ཀྱང་དེ་ལ་དབྱེ་བ་མེད་པས་དེ་ཁོ་ན་ཉིད་འདི་རྣམ་པར་མི་འགྱུར་བ་ཉིད་ཡིན་ལ། གང་གི་ཕྱིར་དབྱེ་བ་དང་རྣམ་པར་འགྱུར་བ་ཉིད་མེད་པ་དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡེ་ཤེས་ཀྱང་རང་བཞིན་གཅིག་ཡིན་ནོ། །འདི་ལྟར་ཡེ་ཤེས་ཀྱི་རང་བཞིན་དུ་མ་ཉིད་ཡིན་ན་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཏེ། རང་བཞིན་ཇི་ལྟར་གནས་པ་བཞིན་མ་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དེ་ཁོ་ན་ཉིད་གཅིག་ཡིན་པས། དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡེ་ཤེས་ཐ་མི་དད་པ་དེའི་ཕྱིར་ཐེག་པ་གཅིག་ཁོ་ན་པས་ཐེག་པ་གསུམ་ཡོད་པ་མ་ཡིན་ཏེ། འོད་སྲུངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ། དེ་ཡང་གཅིག་ཉིད་ཡིན་གྱི་གཉིས་དང་གསུམ་ནི་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །སློབ་དཔོན་གྱིས། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཁྱོད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུག་པའི་དོན་དུ་ལགས། །ཞེས་གསུངས་པས་སོ། །བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་རྒྱ་ཆེར་གསུངས་ཤིང་། གཞན་ཡང་། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བ་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པས། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་འགྱུར་ཏེ། །དཔེར་ན་ཚུ་རོལ་ཕ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་གསུངས་སོ། །དེ་ཉིད་གནས་པ་བཞིར་འབྱེད་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་བཏུས་པ་ལས། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱི་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པས་དེ་ཉིད་བསྒྲུབ་པའོ། །ཞེས་གསུངས་པས། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། སེམས་ཙམ་པ་དང་། དབུ་མ་པའོ། །དེ་ལ་འཇིག་རྟེན་པ་རྣམས་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་སྣང་བའི་དངོས་པོ་འདི་དག་ཡང་དག་པ་ཉིད་དུ་རྟོག་ཅིང་སྒྱུ་མ་ལྟ་བུར་མི་འདོད་ལ། རྣལ་འབྱོར་པ་རྣམས་དེ་ལས་བཟློག་པའི་ཕྱིར། སྤྱོད་འཇུག་ལས། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ལ། །སྒྱུ་མ་ལྟ་བུ་མིན་པས་འདིར། །འཇིག་རྟེན་པ་དང་རྣལ་འབྱོར་རྩོད། །ཅེས་གསུངས་པའི་ཕྱིར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་གོང་དུ་སོང་བའི་རྣལ་འབྱོར་པ་དེ་དག་ལས་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ནི། ནམ་མཁའ་འགོག་པ་གཉིས་དག་སྟེ། །འདུས་མ་བྱས་གསུམ་པོ་ནི་རྟག །འདུས་བྱས་བདག་གིས་ཀུན་སྟོང་ལ། །བྱེད་པ་པོ་མེད་སྐད་ཅིག་མ། །མིག་ལས་སྐྱེས་བློ་རྣམས་མེད་ཅིང་། །མངོན་སུམ་རིག་པ་རྡུལ་གྱི་ཚོགས། །བློ་ལྡན་ཞེས་བྱ་ཁ་ཆེ་ཡི། །བྱེ་བྲག་སྨྲ་བའི་གཞུང་དུ་བཤད། །ཅེས་པས། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་གང་དག་ནམ་མཁའ་ལ་སོགས་པ་འདུས་མ་བྱས་གསུམ་དུ་སྨྲ་ཞིང་། དེ་དག་ཀྱང་རྟག་པར་འདོད་ལ། ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་དག་ནི་དེ་བཞིན་ཉིད་དང་བཞིར་འདོད་དོ། །ལམ་གྱི་བདེན་པ་ནི་ཟག་མེད་འདུས་བྱས་ཡིན་ལ་དེ་ལས་གཞན་པའི་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བ་འབྲས་བུ་ལྔར་གཏོགས་པ་རྣམས་ནི་ཟག་བཅས་སོ། །དེ་དག་སྔར་བཤད་པའི་བདག་གིས་ཀུན་སྟོང་ལ། དེའི་ཕྱིར་བྱེད་པ་པོ་ལས་མ་གཏོགས་པ་མེད་ཅིང་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེའོ། །འདུས་བྱས་དེ་དག་བྱེད་པ་པོ་གཞན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྟག་པ་ལས་དབེན་པས་སྐད་ཅིག་མའོ། །གཞན་ཡང་མིག་ལ་སོགས་པ་དག་ལས་སྐྱེས་པའི་རྣམ་པར་ཤེས་པ་དག་ལ་རིགས་མི་འདྲ་བ་དང་། རྡུལ་ཕྲ་རབ་ཀྱི་རྣམ་པ་མེད་ཅིང་དབང་པོས་རང་དོན་གྱི་རང་མཚན་མཐོང་ནས་ཤེས་པས་འཛིན་པ་ཡིན་ལ། དེ་ཡང་གཟུང་འཛིན་དུས་མཉམ་པ་སྟེ། འདས་པ་དང་མ་འོངས་པས་རྣམ་ཤེས་སྐྱེད་པའི་བྱ་བ་མི་བྱེད་པའི་ཕྱིར་རོ། །དེ་དག་གི་མངོན་སུམ་དུ་རིག་པ་གཟུགས་ལ་སོགས་པ་ནི་རྡུལ་ཕྲ་རབ་སིལ་བུ་བསྐོར་བ་བར་དང་བཅས་པ་གཡག་རྔའམ་ནེའུ་གསིང་ལྟ་བུའོ། །ཕྱི་རྡུལ་ཕྲ་རབ་ནི་དོན་དམ་པ་ཡིན་ལ། དེས་བརྩམས་པའི་རགས་པ་ནི་ཀུན་རྫོབ་ཡིན་ནོ། །ནང་འཛིན་པའི་ཤེས་པ་སྐད་ཅིག་དོན་དམ་དུ་འདོད་དོ། །འདི་དག་འདས་པ་དང་མ་འོངས་པའི་རྒྱུད་ཁས་ལེན་ཞིང་། དུས་གསུམ་དག་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་སམ། བྱེ་བྲག་ཏུ་བཤད་པ་ཆེན་པོའི་གཞུང་དང་མཐུན་པར་སྨྲ་བས་ན་བྱེ་བྲག་ཏུ་སྨྲ་བ་ཞེས་བྱ་བའོ། །དེ་རྡུལ་ཕྲ་རབ་ཆ་མེད་དུ་འདོད་པ་དགག་པ་ནི་ལག་པའི་ཚད་དུ། ཆ་མེད་བརྟག་པར་བྱ་མིན་ཕྱིར། །ཐ་མ་ཡང་ནི་མེད་པར་མཚུངས། །གང་ཡང་བཏགས་པའི་དངོས་པོ་ཐམས་ཅད་ཀྱི་ཐ་མ་རྡུལ་ཕྲ་རབ་ཀྱི་རྫས་ཆ་མེད་པ་གཅིག་པུ་དེ་ཡང་དམིགས་པར་བྱ་བར་མི་ནུས་པའི་ནམ་མཁའི་མེ་ཏོག་གི་ཕྲེང་བ་དང་། རི་བོང་གི་རྭ་ལ་སོགས་པ་བཏགས་པར་བྱ་བ་མ་ཡིན་པ་རང་གི་ངོ་བོ་དག་དང་མཚུངས་པས་དེ་ཡང་དངོས་པོ་མེད་པ་ཉིད་དུ་གྲུབ་བོ། །ཅི་སྟེ་དེ་སྐད་བརྗོད་ཅེ་ན། གང་གི་ཕྱིར་ཡོད་པ་ནི་ཕྱོགས་ཆ་ཐ་དད་པའི་ཕྱིར། དཔེར་ན་ཡོད་པ་བུམ་པ་དང་སྣམ་བུ་དང་། ཤིང་རྟ་ལ་སོགས་པའི་རྫས་རྣམས་ནི་ཤར་དང་ནུབ་དང་བྱང་དང་སྟེང་ལ་སོགས་པ་ཕྱོགས་ཆ་ཐ་དད་པའི་ཕྱིར་ཆ་ཤས་དང་ཐ་དད་པ་དག་སྣང་བ་ལྟར་རྡུལ་ཕྲ་རབ་ཀྱི་རྫས་ཀྱང་ཡོད་པར་འགྱུར་བ་གདོན་མི་ཟ་བར་ཕྱོགས་ཆ་ཐ་དད་པའི་ཕྱིར། ཤར་དང་ནུབ་དང་སྟེང་ལ་སོགས་པའི་ཆ་ཤས་ཐ་དད་པར་ཁས་བླང་བར་བྱའོ། །ཆ་ཤས་ཐ་དད་པ་ཡིན་ན་ནི་རྡུལ་ཕྲ་རབ་ཀྱི་རྫས་གཅིག་ཏུ་མི་འགྲུབ་བོ། །རྫས་ཀྱི་དབྱེ་བ་མང་པོ་སྣང་བའི་ཕྱིར་གཅིག་ཉིད་ཡོད་པ་མ་ཡིན་ན་ནི་རྡུལ་ཕྲ་རབ་མི་དམིགས་པས་རྡུལ་ཕྲ་རབ་རྫས་སུ་སྨྲ་བ་འདི་ཐོང་ཞིག་གོ། །། མདོ་སྡེ་པའི་གྲུབ་པའི་མཐའ་ནི། མཐོང་བ་དབང་པོའི་ཡུལ་མིན་ཏེ། །བེམ་པོ་སྣང་དུ་མི་རུང་ཕྱིར། །ཤེས་པ་རྣམ་པ་བཅས་པར་སྐྱེ། །ནམ་མཁའ་མོ་གཤམ་བུ་འདྲ་ལ། །འགོག་པ་ནམ་མཁའ་དང་འདྲའོ། །འདུས་བྱས་བེམ་པོ་ཡོད་མིན་ལ། །དུས་གསུམ་དག་ཀྱང་ཁས་མི་ལེན། །བསགས་པའི་གཟུགས་མེད་མིན་ཞེས་པ། །མདོ་སྡེ་པ་ནི་མཁས་རྣམས་སོ། །དེ་ཡང་མངོན་སུམ་དུ་མཐོང་བའི་གཟུགས་ལ་སོགས་པ་རྣམ་པར་ཤེས་པས་གཟུང་བ་ཡིན་གྱི། མིག་ལ་སོགས་པའི་དབང་པོའི་ཡུལ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་དག་ཉིད་ཡུལ་གྱི་རྣམ་པ་དང་བཅས་པར་སྐྱེ་བའི་ཕྱིར་དང་། དབང་པོ་ལ་དོན་སྣང་དུ་མི་རུང་སྟེ་བེམ་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཤེལ་དག་པ་ཚོན་གྱིས་ཁ་དོག་བསྒྱུར་བ་ལ་སྐྱེས་བུས་བལྟ་བའི་ཚེ། ཤེལ་དང་ཚོན་གང་ཡིན་པ་དེ་གཉིས་དེའི་མིག་གིས་བཟུང་བ་ན་ཤེལ་ཉིད་མངོན་སུམ་གྱིས་གཟུང་བ་ཡིན་ལ། ཚོན་ནི་གཟུགས་བརྙན་གྱིས་གཟུང་བ་ཡིན་པས་སྐྱེས་བུས་གཟུང་བ་གཉིས་གཟུང་བ་ལྟར་མངོན་སུམ་གྱི་སྣང་བ་འདི་ནི་ཤེས་པ་ཁོ་ནའི་སྣང་བ་ཡིན་ལ། ཤེས་པ་ཁ་དོག་དང་དབྱིབས་སུ་སྣང་བའི་གཞི་ནི་ལོགས་ཉིད་དུ་རྡུལ་ཕྲ་རབ་ཀྱི་ཚོགས་པར་མེད་པ་མ་རེག་པ་དག་གི་ངོ་བོ་འདོད་པས་གཟུང་བ་གཉིས་སུ་སྨྲའོ། །བོད་ཁ་ཅིག་གོས་ཀྱི་ལྐོག་ན་ལག་པ་ཡོད་པ་ལྟ་བུ་མ་ཡིན་ཏེ། དོན་འདས་ནས་དོན་གྱི་རྣམ་པར་སྣང་བའི་ཕྱིར་ཕྱི་རོལ་གྱི་དོན་ལྐོག་ན་མོ་ཞེས་བྱའོ། །ཟེར་རོ། །ནམ་མཁའ་མོ་གཤམ་བུ་འདྲ་ལ། །ཞེས་བྱ་བ་ལ་སོགས་པས་ནི་འདུས་མ་བྱས་བཏགས་པའི་ཡོད་པར་བསྟན་ཏེ། བཏགས་པའི་ཡོད་པ་ནི་མིང་ཙམ་སྟེ། མིང་ཡང་སྒྲ་སྤྱིའི་རྣམ་པ་སྟེ་རང་གི་མཚན་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་འདི་དག་ནི་དུས་གསུམ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་བཏགས་པ་ཙམ་དུ་འདོད་ལ། དངོས་པོ་རྣམས་ཤེས་པ་དང་བེམ་པོ་འདྲེས་པར་སྣང་གི་རེ་རེ་ཞིག་སྣང་བར་མི་ནུས་པས་ན། འདུས་བྱས་བེམ་པོ་ཡོད་མིན་ལ། །དུས་གསུམ་དག་ཀྱང་ཁས་མི་ལེན། །ཞེས་སྨོས་སོ། །བེམ་པོ་ནི་འདུས་ནས་བྱས་པར་མི་འཐད་དེ། དེ་དག་ལ་འདུ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར། དཔེར་ན་རྡུལ་ཕྲན་ལྟ་བུའོ། །ཤེས་པ་རྣམ་པ་དང་བཅས་པར་སྐྱེ་ན་དེའི་ཚེ་རྣལ་འབྱོར་སྤྱོད་པ་བ་དག་དང་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེའི་ཁྱད་པར་ཡང་། བསགས་པའི་གཟུགས་མེད་མིན་ཞེས་སྨོས་ཏེ། རྣམ་པར་ཤེས་པ་ལས་གུད་ན་རྡུལ་ཕྲ་རབ་བསགས་པ་གོང་བུའི་གཟུགས་མེད་པ་ནི་མ་ཡིན་ནོ་ཞེས་འདོན་པ་སྟེ། ཕྱིའི་རྡུལ་ཕྲ་རབ་ཆ་མེད་དོན་དམ་དང་། དེས་བརྩམས་པའི་རགས་པ་ཀུན་རྫོབ་དང་། ཤེས་པ་སྐད་ཅིག་དོན་དམ་དང་། རྒྱུན་ཀུན་རྫོབ་ཏུ་འདོད་དོ། །འདི་ནི་སྒོ་དྲུག་པ་དང་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་མདོ་སྡེ་རྣམས་སྒྲ་ཇི་ལྟ་བ་ཁས་ལེན་ཞིང་། མདོ་སྡེ་དག་གི་རྗེས་སུ་འཇུག་པས་ན་མདོ་སྡེ་པ་སྟེ། མིང་གཞན་དཔེས་སྟོན་པ་ལ་མཁས་པས་ན་དཔེས་སྟོན་པའོ། དེ་དག་ནི་བྱེ་བྲག་ཏུ་སྨྲ་བ་ལས་བློ་ཞིབ་པས་ན་མཁས་པ་སྟེ། འདི་ལྟར་དགེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང་། སྨོན་ལམ་གྱིས་མྱ་ངན་ལས་འདའ་བའི་ཉན་ཐོས་ཡིན་པས་ལོ་བརྒྱད་ཁྲིས་སླར་ལྡང་བའི་ཕྱིར་མཁས་པའོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་ཞི་བའི་དབྱིངས་དེར་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་དུ་མར་འདའ་བར་བྱེད་དེ། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་དེ་མི་སད། །ཅེས་གསུངས་པས་སོ། །དེའི་ཕྱིར་འདི་དག་ནི་ཐེག་པ་ཆེན་པོ་པ་ཞེས་ཀྱང་བརྗོད་དེ་ལུས་དང་སྙིང་རྗེ་ཆེན་པོ་དག་དང་ལྡན་པའི་ཕྱིར་རོ། དེ་ཡང་བྱེ་བྲག་ཏུ་སྨྲ་བ་ནི་འདི་སྐད་དུ། མྱ་ངན་ལས་འདས་པ་ནི་དངོས་པོར་ཡོད་པ་དང་། རྟག་པ་དང་། རྫས་སུ་ཡོད་དོ་ཞེས་ཟེར་རོ། །མདོ་སྡེ་པ་དང་གོས་དམར་ཅན་ཀྱི་སྡེ་པ་དག་ནི་འདི་སྐད་དུ། མྱ་ངན་ལས་འདས་པ་ནི་དངོས་པོ་མེད་པ་ཙམ་ཡིན་ཏེ། མར་མེ་ཤི་བར་གྱུར་པ་བཞིན། །དེའི་སེམས་ནི་རྣམ་པར་ཐར། །ཞེས་ཟེར་ཏེ། མྱ་ངན་ལས་འདས་པ་མར་མེ་ཤི་བ་ལྟར་འདོད་དོ། །གནས་མ་བུའི་སྡེ་པ་ནི་འདི་སྐད་དུ། མྱ་ངན་ལས་འདས་པའི་དངོས་པོ་ཡོད་པ་ཡང་མ་ཡིན་ཏེ། ལུས་དང་དབང་པོ་མེད་པའི་ཕྱིར་རོ། །མེད་པའང་མ་ཡིན་ཏེ་གཏན་དུ་བའི་བདེ་བ་དང་ལྡན་པའི་ཕྱིར་རོ། །ཟེར་རོ། །གཞན་ཡང་བྱེ་བྲག་སྨྲ་བ་ནི་ཤེས་པ་ཐམས་ཅད་གཞན་རིག་ཏུ་འདོད། མདོ་སྡེ་པས་ཁ་ཕྱིར་ལྟ་བའི་ཆ་ནས་གཞན་རིག་དང་། ནང་དུ་ཕྱོགས་པའི་ངོས་ནས་རང་རིག་ཏུ་སྨྲའོ། །དེ་དགག་པ་ནི། ལག་པའི་ཚད་དུ། དེའི་ཆ་མཐོང་ན་དེ་ལ་ཡང་། །སྦྲུལ་བཞིན་ཤེས་པ་འཁྲུལ་བ་ཡིན། །བཏགས་པའི་དངོས་པོ་ཐམས་ཅད་ལ། །རང་གི་ངོ་བོ་བཏགས་པ་ན། །ཀུན་རྫོབ་ཤེས་པའི་སྤྱོད་ཡུལ་ནི། །ཇི་སྙེད་ཡོད་པ་གཞན་ལས་བཏགས། །ཅེས་གསུངས་ཏེ། ཐག་པ་དེ་ལ་ཡང་ཆ་ཤས་སུ་ཕྱེ་ནས་བརྟགས་ན་ཐག་པ་རང་གི་ངོ་བོ་མི་རྙེད་པས། ཐག་འཛིན་སྦྲུལ་དུ་འཛིན་པ་དང་ཁྱད་པར་མེད་པར་འཁྲུལ་པ་འབའ་ཞིག་ཏུ་ཟད་ལ། ཇི་ལྟར་ཐག་འཛིན་འཁྲུལ་པ་ཡིན་པ་བཞིན་དུ་རྡུལ་ཕྲ་མོ་ཆ་དང་བཅས་པ་ཡང་ངོས་ཆ་ལ་ལྟོས་པ་ཡིན་པས་བརྟགས་ན་རང་གི་ངོ་བོ་མི་རྙེད་དོ། །དེའི་ཕྱིར་དེ་འཛིན་པའི་ཤེས་པ་ཡང་འཁྲུལ་པ་ཡིན་ལ། དེ་བཞིན་དུ་གཡག་རྔ་དང་ནེའུ་གསིང་སོགས་ལ་བཏགས་པའི་ཡོད་པ་ཐམས་ཅད་ཀྱང་ངོས་ཆ་ལ་སོགས་པ་ལ་ལྟོས་པ་ཡིན་པས་བརྟག་མི་བཟོད་པའི་ཕྱིར་ཐ་སྙད་པའི་ཤེས་པའི་ཡུལ་ཇི་སྙེད་པའི་དངོས་པོ་འདི་དག་ནི་གཞན་ལས་ཐ་སྙད་བཏགས་པ་ཡིན་གྱི་རྫས་སུ་ཡོད་པ་ནི་མ་ཡིན་ནོ།། །། སེམས་ཙམ་པའི་གྲུབ་མཐའ་ནི། ཆ་ཤས་ཅན་ཞེས་བྱ་མེད་ཅིང་། །ཕྲ་རབ་རྡུལ་རྣམས་མེད་པ་དང་། །སོ་སོར་སྣང་བ་དམིགས་མེད་དང་། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་དུ་བསྒྲགས། །རྡུལ་ཕྲ་རབ་བསགས་པའི་གོང་བུ་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཞེས་བྱ་བ་དང་། དེའི་རྒྱུ་དེ་རྩོམ་པ་ཕྲ་རབ་རྡུལ་རྣམས་རང་འཛིན་པའི་བློ་ལས་ཐ་དད་པ་མ་ཡིན་ཏེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་སོ། །རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བ་དེ་ཁོ་ན་ཏེ། ཚད་མ་དང་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་ཚད་མ་ནི། འདིས་རྗེས་སུ་དཔག་པའི་ཕྱིར་ཚད་མ་སྟེ། རྣམ་པར་ཤེས་པ་སྐྱེ་བཞིན་པ་ཉིད་ཀྱིས་ཡུལ་རྟོགས་པར་མི་བྱེད་པས་ཤེས་པ་སྐྱེ་བཞིན་པ་ཉིད་གང་ཡིན་པ་དེ་ནི་ཚད་མར་འདོད་དོ། །རྣམ་པར་ཤེས་པ་སྐྱེས་པ་ཡུལ་མཐོང་བའི་ཕྱིར་ཤེས་པ་དེ་མངོན་པར་གྲུབ་པ་ནི་འབྲས་བུའོ། །དེའི་ཕྱིར་ཡུལ་དུ་སྣང་བའི་ཤེས་པ་ཉིད་ལ་ཚད་མ་དང་། འབྲས་བུ་གཉིས་ཡོད་པར་འདོད་དེ། དཔེར་ན་ཤིང་ལ་སྟ་རེས་གཟས་པ་དང་། བཏབ་པའི་རྐྱེན་གྱིས་གཉིས་སུ་གཅོད་པ་དང་། དེ་དུམ་བུ་གཉིས་སུ་གྱུར་པ་བཞིན་ནོ། །གཟུགས་ལ་སོགས་པ་སོ་སོར་སྣང་བ་དག་ཀྱང་རིགས་པས་རྣམ་པར་བརྟགས་ན་སོ་སོར་དམིགས་པ་མེད་དེ། དངོས་རྣམས་རྡུལ་དུ་རབ་བཤིག་ཅིང་། །གཟུགས་ལ་རྣམ་པར་མི་རྟོག་ཅིང་། །ཅེས་ཡུལ་མེད་པས་ཡུལ་འཛིན་གྱི་ཤེས་པ་ཡང་མེད་པ་ཡིན་ཏེ་ཡུལ་ཅན་ཡུལ་ལ་ལྟོས་པའི་ཕྱིར་རོ། །ཚ་བ་དང་གཤེར་བ་ལ་སོགས་པའི་ཉམས་སུ་མྱོང་བ་དག་ཀྱང་ཚ་བ་ལ་སོགས་པའི་དོན་གྱིས་སྟོང་པའི་ཕྱིར་དཔེར་ན་རྨི་ལམ་གྱི་གནས་སྐབས་བཞིན་ནོ། །དེའི་ཕྱིར་སེམས་ལས་གཞན་པའི་གཟུང་བ་ཡོད་པ་མ་ཡིན་པ་ཉིད་ཀྱིས་འཛིན་པ་ཉིད་ཀྱང་མ་མཐོང་ཞིང་། ཁམས་གསུམ་པོ་འདི་ནི་རྣམ་པར་ཤེས་པ་ཙམ་མོ་ཞེས་ཡུན་རིང་པོར་གོམས་པར་བྱེད་ལ། དེ་གོམས་པར་བྱས་པ་ལས་ཀྱང་བརྗོད་དུ་མེད་པའི་དངོས་པོ་ཙམ་ཞིག་རང་རིག་པས་མཐོང་སྟེ། དེའི་ཕྱིར་རིམ་པ་འདིས་རྣམ་པར་ཤེས་པ་ཙམ་དུ་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །དེ་དག་གི་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པའི་ལུང་གི་དོན་དངོས་པོ་དང་མཐུན་པར་ཚུལ་བཞིན་ཡིད་ལ་བྱེད་པས་སྤྱོད་པས་ན་རྣལ་འབྱོར་སྤྱོད་པའམ། སེམས་ཙམ་པ་དང་། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ཕྱིར་རྣམ་རིག་པའོ། །དེ་ལ་གཉིས་ལས། རྣམ་པ་དང་བཅས་པ་དག་ནི། རྣམ་པ་དེ་ཉིད་གཞན་གྱི་དབང་དུ་སྟོན་པས་ཇི་སྐད་དུ། ནང་གི་ཤེས་པའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེ། དོན་ཡིན། ཞེས་བྱ་བ་ལ་སོགས་པས་སེམས་ཀྱི་ངོ་བོར་བདེན་པར་འདོད་དོ།། །། རྣམ་བརྫུན་པའམ་རྣམ་མེད་པ་ནི། རྣམ་པ་དེ་ཡང་ཀུན་ཏུ་བཏགས་པ་རབ་རིབ་ཅན་གྱིས་སྐྲ་ཤད་ལ་སོགས་པ་ལྟར་སྨྲ་བས་ཏེ། དོན་ནི་དོན་དུ་གྲུབ་གྱུར་ན། །མི་རྟོག་ཡེ་ཤེས་མེད་པར་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །དེ་བཞིན་དུ། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང་། །དོན་མེད་ཁོང་དུ་ཆུད་པར་བྱེད། །དེ་མེད་པས་ན་རྣམ་རིག་མེད། །ཅེས་བརྗོད་ཅིང་། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། ཁ་ཅིག་གཅིག་པུར་སྨྲ་བ་སྟེ། གཅིག་པུ་ཉིད་ནི་རྣམ་པ་དང་བཅས་པ་དག་ལ་ཡང་ཁ་ཅིག་གོ །དེ་དགག་པར་བཞེད་ནས། རྣམ་ཤེས་དམ་པའི་དོན་ལྡན་པ། །དེ་ཡང་བརྟན་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་པས། འདིར་རྣམ་ཤེས་དམ་པའི་དོན་དང་ལྡན་པ་ནི་ཆོས་ཅན་ནོ། །དོན་དམ་པར་མི་འདོད་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །གཅིག་དང་དུ་མ་བྲལ་བའི་ཕྱིར། །ཞེས་པ་ནི་ཕྱོགས་ཀྱི་ཆོས་ཏེ། ཁྱད་པར་བྱེད་པ་མི་དམིགས་པའི་གཏན་ཚིགས་སོ། །ནམ་མཁའི་པདྨ་བཞིན་ཞེས་བྱ་བ་ནི་མཐུན་པའི་དཔེའོ། །དེའི་ཕྱིར་སྤྱོད་འཇུག་ལས། རྣམ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་སོ།། །། དབུ་མ་པའི་གྲུབ་པའི་མཐའ་ནི། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ནའོ། །ཞེས་དངོས་པོ་སྨྲ་བ་རྣམས་ལྟར་ཡོད་པར་ཡང་མི་འདོད། ཆད་པར་སྨྲ་བ་རྣམས་ཀྱི་ལྟར་མེད་པར་ཡང་མི་འདོད། ཕུང་པོ་གསུམ་པར་འགྱུར་བའི་ཕྱིར་ཡོད་མེད་མིན་པར་ཡང་མི་འདོད། ཉེས་པ་གཉི་གར་ཐལ་བར་འགྱུར་བའི་ཕྱིར་གཉི་གའི་བདག་ཉིད་དུ་ཡང་མི་འདོད་པས་མཐའ་ཐམས་ཅད་སྤངས་པའི་མཐའ་བྲལ་དུ་ཡང་ཁས་མི་ལེན་པས་ཀུན་རྫོབ་ཀྱི་བདེན་པར་དབུ་མ་པ་སྟེ། དེ་ནི་གྲུབ་པའི་མཐའ་སྨྲ་བ་སུས་ཀྱང་ཀླན་ཀར་བྱེད་པར་མི་ནུས་པས་མཁས་པ་ཞེས་བྱའོ། །རྣམ་པར་དབྱེ་ན། སྒྱུ་མ་ལྟ་བུ་དང་། རབ་ཏུ་མི་གནས་པ་གཉིས་སོ། །དེ་ལ་སྒྱུ་མ་ལྟ་བུར་སྨྲ་བ་ན་རེ། ཕྱི་ནང་གི་ཆོས་ཐམས་ཅད་སྤྲོས་པ་གཅོད་བྱེད་ཀྱི་ངོས་ནས་ཀྱང་སྒྱུ་མ་ལྟ་བུར་འདོད་ལ། མཉམ་བཞག་རྣམ་པར་མི་རྟོག་པའི་ངོས་ནས་ཀྱང་སྒྱུ་མ་ལྟ་བུར་འདོད་ཅིང་། སངས་རྒྱས་པ་ན་ཡང་གཉིས་སུ་མེད་པའི་ཡེ་ཤེས་སམ་སྐུ་གསུམ་ཡང་སྒྱུ་མ་ལྟ་བུ་ཡིན་ཏེ། རྒྱལ་བའི་ཡུམ་ལས། ཆོས་ཐམས་ཅད་དང་མྱ་ངན་ལས་འདས་པ་དང་། དེ་ལས་ཆེས་ལྷག་པའི་ཆོས་ཅིག་བྱུང་ན་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཞེས་གསུངས་པས་སོ། །ཟེར་རོ། །རྩོད་བཟློག་ཏུ། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པས། དབུ་མ་རབ་ཏུ་མི་གནས་པའི་ལུགས་ཀྱིས་རང་ལ་ཡོངས་གཅོད་དམ་བསྒྲུབ་བྱ་གང་ཡང་མེད་ལ་གཞན་གྱིས་ཁས་ལེན་བཟློག་པ་ལ་གཉིས་ཏེ། ཚུལ་གསུམ་ཚད་མས་གྲུབ་པ་ལས་བྱུང་བའི་སྤྲོས་པ་གཅོད་བྱེད་ཀྱི་རིགས་པ་ལ་བརྟེན་ནས་གཞན་གྱི་ཁས་ལེན་འགེགས་པ་ནི་རང་རྒྱུད་པ་ཡིན་ལ། ཚུལ་གསུམ་ཚད་མས་གྲུབ་པར་ཁས་མི་ལེན་ཞིང་། ཁས་བླངས་རྟགས་སུ་བཀོད་ནས་གཞན་གྱི་ལོག་རྟོག་འགེགས་པ་ནི་ཐལ་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དམ་བཅས་བ་ཙམ་གྱིས་བསམས་པའི་ཚིག་གི་དོན་མི་འགྲུབ་པས། འདིར་ཕྱོགས་ཀྱི་ཆོས་ནི་ཡོད་པ་ཉིད་ཡིན་པར་གཟུང་སྟེ། འདི་ལྟར་བདག་ལས་ཅེས་བྱ་བ་ནི་བདག་ཉིད་ཡོད་པ་ལ་སྙད་གདགས་པའི་ཕྱིར་རོ། །དེས་ནི་བསྒྲུབ་པར་བྱ་བ་དང་། བསྒྲུབ་པའི་ཆོས་ཀྱི་དབང་གིས་ཏེ་བསྒྲུབ་པར་བྱ་བ་དང་། བསྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་གྱི་དཔེ་ཡིན་པའི་ཕྱིར་རོ། །ཞེས་དང་། ཟླ་བ་གྲགས་པས་ཚིག་གསལ་དུ། ཅི་སྟེ་སློབ་དཔོན་གྱི་ངག་རྣམས་ནི་དོན་གྱི་ངག་ཡིན་པའི་ཕྱིར་དོན་ཆེན་པོ་ཉིད་ཡིན་པས་སྦྱོར་བ་དུ་མའི་རྒྱུད་ཉིད་དུ་རྟོགས་ན་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དག་ཀྱང་དེའི་ཕྱིར་དེ་ལྟར་ཡོངས་སུ་མི་རྟོག་གམ། འོན་ཀྱང་སྦྱོར་བའི་ངག་རྒྱས་པར་རྗོད་པར་བྱེད་པ་གང་ཡིན་པ་འདི་ནི་འགྲེལ་བ་མཁན་པོ་རྣམས་ཀྱི་ལུགས་ཡིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། རྩོད་པ་བཟློག་པའི་འགྲེལ་པ་མཛད་པ་ན། སློབ་དཔོན་གྱིས་ཀྱང་སྦྱོར་བའི་ངག་མ་གསུངས་པའི་ཕྱིར་རོ། །གཞན་ཡང་རྟོག་གེ་བ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་བསྟན་པར་འདོད་པས། དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་རང་གི་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། ཞེས་དང་། དབུ་མ་པ་ཡིན་ན་ནི། རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །རང་རྒྱུད་པས་ནི། ཀུན་རྫོབ་ཏུ་དངོས་པོ་དང་རབ་ཏུ་ལྡན་པ་ཡིན་ལ། དོན་དམ་པར་དངོས་པོ་མེད་པའི་མཚན་ཉིད་དང་ལྡན་པར་བསྟན་པ་འདི་ཡང་ཐ་སྙད་དུ་ཡིན་གྱི་ཡང་དག་པར་ནི་མེད་པར་རྟག་ཏུ་ཡང་མེད་དེ། སྐྱེ་བ་ལ་སོགས་བཀག་པར་ཡང་། །ཡང་དག་པ་དང་མཐུན་ཕྱིར་འདོད། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་བཤད་དོ། །ཤེས་རབ་སྒྲོན་མར། བདག་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ། དགག་པ་གཙོ་ཆེ་བའི་ཕྱིར་དང་། འདི་ལྟར་རྟོག་པ་མ་ལུས་པའི་དྲ་བ་དགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱའི་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པའི་ཕྱིར་རོ། །མ་ཡིན་པར་དགག་པ་ཡོངས་སུ་གཟུང་ན་ནི་དེ་བསྒྲུབ་པ་གཙོ་བའི་ཕྱིར། ཆོས་རྣམས་མ་སྐྱེས་སོ་ཞེས་བསྒྲུབ་པས་སྐྱེ་བ་མེད་པ་སྟོན་པའི་ཕྱིར་མཛད་པའི་མཐའ་དང་བྲལ་བར་མི་འགྱུར་ཏེ། ལུང་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སོ། །ཐལ་འགྱུར་བས་དེའི་དོན་དམ་པར་ཞེས་བྱ་བའི་ཁྱད་པར་བཀོད་པ་དོན་མེད་དོ་ཞེས་གསུངས་ནས་རང་ཉིད་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་དོན་དམ་པའི་བདེན་པའི་ཡུལ་ལ་དགག་པར་བྱ་བ་ཡིན་གྱི་དོན་དམ་པ་ཉིད་དུ་ནི་བརྗོད་པ་མེད་པའི་ཕྱིར་དགག་པའི་ཐ་སྙད་ཀྱང་མེད་དོ་ཞེས་འདོད་དོ། །དེ་ཡང་རང་རྒྱུད་པའི་ལུགས་ཞིབ་མོར་བཤད་ན་བཞི་སྟེ། ཆོས་ཅན་ལ་སོགས་པའི་དོན་ངོས་བཟུང་། ཚུལ་གསུམ་ཚད་པས་གྲུབ་པ་ལས་རྗེས་དཔག་ཇི་ལྟར་སྐྱེ་བ་དང་། རྗེས་དཔག་གི་རྒྱུན་གོམས་པས་ལམ་དུ་ཇི་ལྟར་འགྱུར་བ་དང་། ལམ་གོམས་པ་ལས་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ལྟར་འཆར་བའི་ཚུལ་ལོ། །དེ་ལ་ལྔ་སྟེ། ཆོས་ཅན་དང་། བསྒྲུབ་བྱ་དང་། དགག་བྱ་དང་། གཏན་ཚིགས་དང་། དཔེ་དོན་ངོས་བཟུང་བའོ། །ཆོས་ཅན་ནི་རྩོད་གཞི་ཡིན་ཏེ། རྣམ་ངེས་ལས། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཏེ་ཞེས་སོ། །བསྒྲུབ་བྱ་ནི་སྣང་བ་འདི་ཡང་དག་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། ཞེས་པའམ། ཇི་ལྟར་བཏགས་པ་དེ་ལྟར་ཡོད་པ་མ་ཡིན་ཏེ། ཞེས་མེད་དགག་དགག་བྱ་རྣམ་པར་ཆད་ཙམ། སྤྲོས་པ་དང་བྲལ་ཙམ་ལས་མ་གཏོགས་པའི་ཡོངས་གཅོད་བསྒྲུབ་བྱ་གང་ཡང་མེད་དོ། །དེ་ལྟར་ཡང་དབུ་མ་རྒྱན་ཆུང་ལས། དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲང་བར། །གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་ངན་གནས་མེད་དོ། །ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །ཅེས་སོ། །དགག་བྱ་ནི་སྣང་བ་ལྟར་ཡང་དག་པའི་རང་བཞིན་དུ་ཡོད་པ་འགེགས་ཀྱི་སྣང་བ་ཙམ་ནི་མི་འགེགས་ཏེ། བདེན་གཉིས་ལས། ཉམས་སུ་མྱོང་ན་གང་ཡང་ནི། །འགོག་པར་རིགས་པ་མ་ཡིན་ཏེ། །བཏགས་པ་མ་ཡིན་འགོག་པ་ནི། །བདག་ལ་གནོད་འགྱུར་འབའ་ཞིག་གོ །ཞེས་སོ། །གཏན་ཚིགས་ཀྱི་དོན་ནི་དབུ་མའི་གཏན་ཚིགས་བཞིའམ་ལྔ་སྟེ། གཅིག་དུ་བྲལ་དང་། རྡོ་རྗེ་གཟེགས་མ་དང་། ཡོད་མེད་སྐྱེ་འགོག་དང་། མུ་བཞི་སྐྱེ་འགོག་དང་། རྟེན་ཅིང་འབྲེལ་འབྱུང་ངོ་། །དང་པོ་དངོས་པོའི་རང་བཞིན་ལ་བརྟག་པ་བྱས་ནས་འགོག་པ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ནི་དབུ་མ་རྒྱན་ལས། ཕྱི་རོལ་ནང་ན་གནས་འདི་ཀུན། །ཡང་དག་དུ་ན་གཅིག་པ་དང་། དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་པ་དང་། གཉིས་པ་རྒྱུ་ལ་བརྟག་པ་བྱས་ནས་འགོག་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ནི། དབུ་མ་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །སོགས་དང་། བདག་དང་གཞན་དང་གཉིས་ཀ་རྒྱུ་མེད་ལས། སྐྱེ་བ་མེད་ཅིང་དངོས་རྣམས་རང་བཞིན་བྲལ། །ཞེས་སོ། །གསུམ་པ་འབྲས་བུ་ལ་བརྟག་པ་བྱས་ནས་འགོག་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིག་ནི། དེ་ཉིད་ལས། ཡོད་པ་མེད་ཕྱིར་སྐྱེ་མེད་དེ། །ཞེས་དང་། ལམ་སྒྲོན་ལས། ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པ་ནམ་མཁའི་མེ་ཏོག་བཞིན། །ཞེས་པ་གཉི་གར་ཐལ་འགྱུར་ཕྱིར། །གཉི་ག་དག་ཀྱང་འབྱུང་བ་མིན། །ཞེས་སོ། །གཉིས་པ་རྒྱུ་འབྲས་གཉི་ག་ལ་བརྟག་པ་བྱས་ནས་འགོག་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ནི། བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །གཅིག་གིས་དུ་མའི་དངོས་མི་བྱེད། །དུ་མས་དུ་མ་མི་བྱེད་ཅིང་། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཞེས་སོ། ལྔ་པ་ཁྱབ་བྱེད་ཀྱི་འགལ་ཟླ་ལ་བརྟག་པ་བྱས་ནས་འགོག་པ་རྟེན་འབྲེལ་གྱི་གཏན་ཚིགས་ནི། དབུ་མ་རྩ་བ་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །གྲུབ་པའི་རྒྱུ་ནི་ཡོད་མ་ཡིན། །ཞེས་དང་། རིག་པ་དྲུག་ཅུ་པ་ལས། དེ་དང་དེ་བརྟེན་གང་བྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་མ་སྐྱེས་གང་། །དེ་ནི་སྐྱེས་ཞེས་ཇི་ལྟར་བྱ། །ཞེས་སོ། །དཔེའི་དོན་ནི་གཟུགས་བརྙན་དང་ནམ་མཁའི་མེ་ཏོག་ལ་སོགས་པའོ། །ཚུལ་གསུམ་ཚད་མས་གྲུབ་པ་ལས་རྗེས་དཔག་སྐྱེ་ཚུལ་ནི། གཅིག་དང་དུ་བྲལ་གྱི་རྟགས་ལ་མཚོན་ནས་ཚུལ་གསུམ་ཚད་མས་གྲུབ་པ་ལ་ཁྱབ་བྱེད་ཡང་དག་པ་གཅིག་དང་དུ་མར་མི་རྟོག་པ་ལས། ཁྱབ་བྱ་ཡང་དག་པའི་རང་བཞིན་དུ་མི་རྟོག་པའི་ཤེས་པ་སྐྱེ་བ་དེ་ཉིད་ལ་རྗེས་དཔག་ཅེས་བྱ་སྟེ། །དེས་སྤྲོས་པ་གཅོད་པར་བྱེད་དེ་སྤྲོས་པར་མི་རྟོག་པའི་རིག་པའི་ཤེས་པ་ཡིན་པའི་ཕྱིར་རོ། །རྗེས་དཔག་གི་རྒྱུན་གོམས་པ་ལས་ལམ་དུ་ཇི་ལྟར་འགྲོ་བའི་ཚུལ་ནི། དེ་ལྟ་བུའི་རང་གི་སོ་སོར་རྟོག་པའི་ཤེས་རབ་དང་། ཡིད་ཆེས་པའི་ལུང་དང་། བླ་མ་དམ་པའི་གདམ་ངག་ལ་བརྟེན་ནས་ཆོས་ཉིད་ཇི་ལྟ་བཞིན་རྟོགས་པའི་ཤེས་རབ་སྐྱེ་བ་ཡིན་ནོ། །ལམ་གོམས་པ་ལས་འབྲས་བུ་འཆར་བའི་ཚུལ་ནི། དེ་ལྟ་བུའི་ཤེས་རབ་དེ་མཐར་ཕྱིན་པ་དང་འབྲས་བུ་སྐུ་གསུམ་ཅིག་ཅར་ཐོབ་པ་ཡིན་ནོ། །ཞེས་འདོད་དོ། །གཉིས་པ་ཐལ་འགྱུར་བའི་ལུགས་ལ་རིག་པ་གསུམ་སྟེ། གཞན་ལ་གྲགས་པའི་འཐད་པ་དང་། འགལ་བ་བརྗོད་པའི་ཐལ་འགྱུར་དང་། བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པའོ། །དང་པོ་ནི། འཇུག་འགྲེལ་ལས། ངེས་པར་གྱུར་པའི་ངག་འདི་ནི་རང་ལས་གྲུབ་པའི་འཐད་པའི་སྒོ་ནས་འཇིག་རྟེན་ལ་ཡོད་ཀྱང་འཕགས་པ་རྣམས་ལ་ནི་མ་ཡིན་ནོ། །ཅི་འཕགས་པ་རྣམས་ལ་རིག་པ་མི་མངའ་འམ་ཞེ་ན། ཡོད་པའམ་མེད་པ་འདི་སུས་སྨྲས། འཕགས་པ་རྣམས་ཀྱིས་དོན་དམ་པ་ནི་ཅང་མི་གསུང་བ་ཡིན་ཏེ། དེའི་ཕྱིར་གང་ལ་འཐད་པ་དང་འཐད་པ་མ་ཡིན་པ་མི་མངའ་བར་འགྱུར་བ་དེ་དག་ལ་སྤྲོས་པ་མངའ་བར་ག་ལ་འགྱུར། གལ་ཏེ་འཕགས་པ་རྣམས་འཐད་པ་གསུང་བར་མི་མཛད་ན། ད་ནི་ཅི་ཞིག་གིས་འཇིག་རྟེན་པས་དོན་དམ་པ་ཁོང་དུ་ཆུད་པར་མཛད་ཅེ་ན། འཕགས་པ་རྣམས་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་འཐད་པ་མི་གསུང་གི འོན་ཀྱང་འཇིག་རྟེན་ཁོ་ན་ལ་རབ་ཏུ་གྲགས་པའི་འཐད་པ་གང་ཡིན་པ་དེ་དག་གཞན་རྟོགས་པར་བྱ་བའི་ཕྱིར་ཞལ་གྱིས་བཞེས་ནས་དེ་ཉིད་ཀྱིས་འཇིག་རྟེན་ཁོང་དུ་ཆུད་པར་མཛད་དོ་ཞེས་དང་། ཚིག་གསལ་ལས། ཁོ་བོ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ལ་མཁས་པའི་ཕྱིར་འཇིག་རྟེན་པའི་ཕྱོགས་ཉིད་ལ་གནས་ཏེ། ཀུན་རྫོབ་ཀྱི་ཕྱོགས་གཅིག་བསལ་བའི་ཕྱིར་བཀོད་པའི་འཐད་པ་གཞན་འཐད་པ་གཞན་གྱིས་བཟློག་པར་བྱེད་ཅིང་འཇིག་རྟེན་གྱི་རྒན་རབ་ལྟར། འཇིག་རྟེན་གྱི་ཆོས་ལུགས་ལས་ཉམས་པ་ཁྱོད་ཁོ་ན་བཟློག་པར་བྱེད་པ་ཡིན་གྱི་ཀུན་རྫོབ་ནི་མ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ཕྱོགས་ཆོས་ཁྱབ་པ་བསལ་བ་ཕ་རོལ་དུ་གྲུབ་པའི་རྟགས་ཀྱིས་ཕ་རོལ་པོའི་བློ་ངོར་བཟློག་པ་འཕེན་པ་སྟེ། ཚིག་གསལ་ལས། དེ་ཕྱིར་ཐལ་བ་བསྒྲུབ་པ་ནི་ཕ་རོལ་པོའི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་ཐལ་བ་ལས་བཟློག་པའི་དོན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་སློབ་དཔོན་ནི། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔར་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་གཟུགས་ཀྱི་རྒྱུ་མེད་པར། ཐལ་བར་འགྱུར་ཏེ་དོན་གང་ཡང་། །རྒྱུ་མེད་པ་ནི་གང་ནའང་མེད། །ཅེས་བྱ་བ་དང་། དེ་བཞིན་དུ། མྱ་ངན་འདས་པ་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ཕལ་ཆེར་ཐལ་བ་བསྒྲུབ་པ་ཁོ་ནའི་སྒོ་ནས་གཞན་གྱི་ཕྱོགས་སེལ་བར་མཛད་དོ། །ཞེས་སོ། །བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པ་ནི། དབུ་མ་པས་ནི་ཇི་ལྟར་ཆོས་གཅིག་སྟོང་པ་ཉིད་དུ་བསྟན་པར་འདོད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡིན་པ་དེའི་ཕྱིར་སྟོང་པ་ཉིད་ཀྱིས་རྩད་བྱས་ཏེ། གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །དེ་ལ་རྩོད་པ་ནི་གཞན་གྱི་ཕྱོགས་སུན་འབྱིན་པའོ། །སྟོང་པ་ཉིད་རྒྱུར་གྱུར་པས་གཟུགས་རང་བཞིན་མེད་པ་དང་། ཞེས་བྱ་བས་དེ་ལྟར་རང་བཞིན་དང་བཅས་པར་སྨྲ་བ་བཀག་པ་ན། གལ་ཏེ་གཞན་ལན་དུ། ཚོར་བ་ལ་སོགས་པ་ནི་རེ་ཞིག་ཡོད་ལ། དེ་བཞིན་དུ་གཟུགས་ཀྱང་ཡོད་དོ་ཞེས་སྨྲ་ན། དེ་ལྟ་བུ་དེ་ཐམས་ཅད་ནི་ལན་བཏབ་པ་མ་ཡིན་ཏེ། གང་གི་ཕྱིར་ཚོར་བ་ལ་སོགས་པ་རྣམས་ཀྱི་ཡོད་པ་ཡང་བསྒྲུབ་བྱ་གཟུགས་ཀྱི་ཡོད་པ་དང་མཚུངས་པ་རིག་པར་བྱའོ། །ཇི་ལྟར་གཟུགས་ནི་རང་གི་རྒྱུ་ལས་དེ་ཉིད་དང་གཞན་ཉིད་དུ་རྣམ་པར་དཔྱད་པ་མེད་པ་བཞིན་དུ། རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་འདུ་ཤེས་དང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡང་། རེག་པ་ལ་སོགས་པ་རང་གི་རྒྱུ་ལས་དེ་ཉིད་དང་གཞན་ཉིད་དུ་རྣམ་པར་དཔྱད་ན། ཡོད་པ་མ་ཡིན་པས་འདི་དག་ཐམས་ཅད་བསྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ནོ། །ཇི་ལྟར་ཚོར་བ་ལ་སོགས་པ་བསྒྲུབ་པར་བྱ་བ་དང་མཚུངས་པ་དེ་བཞིན་དུ་མཚན་ཉིད་དང་། མཚན་གཞི་དང་། རྒྱུ་དང་འབྲས་བུ་དང་ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱང་བསྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ནོ། །དེའི་ཕྱིར་གཞན་གྱི་ལན་གདབ་པ་ལྟ་ཡོད་པར་ག་ལ་འགྱུར་ཏེ། འདིའི་ཚིག་ཐམས་ཅད་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བས། བསྟན་བཅོས་སུ་སྨྲས་པའི་ལན་ཐམས་ཅད་དབུ་མ་པས་བསྒྲུབ་པར་བྱ་བ་དང་མཚུངས་པ་ཉིད་བརྗོད་པར་བྱའོ། །ཇི་ལྟར་གཞན་གྱི་ཕྱོགས་སུན་འབྱིན་པ་ལ་ཚུལ་འདི་བརྗོད་པ་དེ་བཞིན་དུ་བཤད་པར་བྱེད་པའི་ཚེ་ན་ཡང་ཡིན་ནོ་ཞེས་བཤད་པ། སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །བཤད་པར་བྱེད་པའི་དུས་སུ་ཡང་སློབ་མ་ལྟ་བུ་གང་ཞིག་རྒོལ་བར་བྱེད་པ་དེའི་རྒལ་བ་དེ་ཡང་སྔ་མ་བཞིན་དུ་བསྒྲུབ་བྱ་དང་མཚུངས་པར་རིག་པར་བྱའོ། །ཇི་སྐད་དུ། དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བརྗོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་གསུངས་པ་ལྟ་བུའོ། །གྲགས་པའི་རྗེས་དཔག་གི་དོན་རྟོགས་པའི་ཚུལ་ཡང་། གལ་ཏེ་མཚན་གཞིའམ། རང་གི་མཚན་ཉིད་དམ། སྤྱིའི་མཚན་ཉིད་ཀྱང་རུང་སྟེ། འཇིག་རྟེན་ན་ཡོད་ན་ནི་ཐམས་ཅད་མངོན་སུམ་དུ་དམིགས་པར་བྱ་བ་ཡིན་པའི་ཕྱིར་ན་ལྐོག་ཏུ་མ་གྱུར་པ་ཡིན་ཏེ། དེའི་ཕྱིར་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་མངོན་སུམ་ཉིད་དུ་རྣམ་པར་བཞག་གོ །ཟླ་བ་གཉིས་ལ་སོགས་པ་དག་ནི་རབ་རིབ་ཅན་མ་ཡིན་པའི་ཤེས་པ་ལ་བལྟོས་ནས་མངོན་སུམ་ཉིད་མ་ཡིན་ལ། རབ་རིབ་ཅན་ལ་སོགས་པ་ལ་བལྟོས་ནས་ནི་མངོན་སུམ་ཉིད་ཁོ་ནའོ། །ལྐོག་ཏུ་གྱུར་པའི་ཡུལ་ཅན་རྟགས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ལ་སྐྱེས་པའི་ཤེས་པ་ནི་རྗེས་སུ་དཔག་པའོ། །དབང་པོ་ལས་འདས་པའི་དོན་མངོན་སུམ་དུ་རིག་ཅིང་ཡིད་ཆེས་པར་གྱུར་པ་དག་གི་ཚིག་གང་ཡིན་པ་དེ་ནི་ལུང་ངོ་། །འདྲ་བ་ལས་ཉམས་སུ་མྱོང་བའི་དོན་རྟོགས་པ་ནི་ཉེ་བར་མཇལ་བ་སྟེ། དཔེར་ན་བ་མེན་ནི་བ་ལང་འདྲའོ་སྙམ་པ་ལྟ་བུའོ། །དེ་ཡི་ཕྱིར་དེ་ལྟར་ཚད་མ་བཞི་ལས་འཇིག་རྟེན་གྱི་དོན་རྟོགས་པར་འཇོག་པ་ཡིན་ནོ། །དེ་དག་ཀྱང་ཕན་ཚུན་བལྟོས་པས་འགྲུབ་པར་འགྱུར་ཏེ། ཚད་མ་དག་ཡོད་ན། གཞལ་བྱའི་དོན་དག་ཏུ་འགྱུར་ལ། གཞལ་བྱའི་དོན་དག་ཡོད་ན་ཚད་མ་དག་ཏུ་འགྱུར་གྱི། ཚད་མ་དང་གཞལ་བྱ་གཉིས་ངོ་བོ་གཉིས་ཀྱི་གྲུབ་པ་ནི་ཡོད་པ་མ་ཡིན་ནོ། །འདིར་བཤད་པའི་མངོན་སུམ་ཉི་ཚེ་བ་ཡིན་ལ། ཡང་དག་པར་ན་མངོན་སུམ་ནི་གཅིག་ཉིད་དེ། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་གྱི། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་སོ། །ལུང་ནི་རྫོགས་པའི་སངས་རྒྱས་ཀྱི་ལུགས་ཉིད་ལ་རྣམ་པར་འཇོག་སྟེ། དེ་འཐད་པ་དང་བཅས་པས་མི་སླུ་བ་སྟེ། དེ་ཉིད་ཀྱི་ཕྱིར་ཉེས་པ་མ་ལུས་པ་སྤངས་པ་ཡིད་ཆེས་པ་དག་ལས་འོངས་པའི་ཕྱིར་རམ། ཀུན་ཏུ་གོ་བར་བྱེད་པ་སྟེ། དེ་ཁོ་ན་ཉིད་ཀུན་ནས་གོ་བར་བྱེད་པའི་ཕྱིར་རམ། མངོན་དུ་ཕྱོགས་ནས་འགྲོ་བ་སྟེ། དེ་ལ་བརྟེན་ནས་འཇིག་རྟེན་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རོ། །དེ་ལས་གཞན་གྱི་གཞུང་ལུགས་རྣམས་ནི་འཐད་པ་དང་བྲལ་བས་ཚད་མ་དང་ལུང་མ་ཡིན་པ་ཉིད་དུ་རྣམ་པར་བཞག་གོ །ཡང་ཕྱི་ནང་གི་དངོས་པོ་ཀུན་ཆོས་ཅན། བདེན་པ་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་རོ་ཞེས་པ་ལྟ་བུ་རྟེན་འབྱུང་གི་རིག་པའི་དོན་དུ་མི་འདོད་དེ། འཇུག་པར། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིག་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་པའི་འགྲེལ་པར། གང་གི་ཕྱིར་འདི་ལ་བརྟེན་ནས་འདི་འབྱུང་ངོ་། །ཞེས་བྱ་བའི་རིག་པ་འདི་ཙམ་ཞིག་གི་དངོས་པོ་ཀུན་རྫོབ་པ་རྣམས་ཀྱི་བདག་གི་དངོས་པོ་ཡོད་པ་ཐོབ་ཀྱི། གཞན་དུ་མ་ཡིན་པ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་གྱི་རིག་པ་འདིས་ཇི་སྐད་བཤད་པའི་ལྟ་བ་ངན་པའི་དྲ་བ་གཅོད་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་དེ་ཉིད་ནི། འདི་ལ་བརྟེན་ནས་འདི་འབྱུང་བ་ཞིག་སྟེ། ཞེས་པ་ཙམ་འཇིག་རྟེན་པའི་ཐ་སྙད་མི་བཅད་པའི་དོན་དུ་བསྟན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་ན་ནི་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་བཞིན་དུ། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་འབྱུང་བས་འོད་བཞིན་ནོ། །ཞེས་དང་། སློབ་དཔོན་གྱིས་ཀྱང་། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་རྐྱེན་ཉིད་འདི་པ་ཙམ་གྱི་རིག་པ་དེས། བདག་ལ་སོགས་པར་སྐྱེ་བ་མི་སྲིད་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྟག་ཆད་དང་། རྟག་མི་རྟག་དང་། དངོས་པོ་དང་དངོས་པོ་མེད་པ། སྟོང་པ་དང་།མི་སྟོང་པ་ལ་སོགས་པའི་རྟོག་པ་མཐའ་དག་མི་སྲིད་དོ་ཞེས་སྟོན་པ་ཡིན་ནོ། །གཞན་ཡང་ཐལ་འགྱུར་བས། །ཉན་རང་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཡོད་པར་བཤད་པ་དང་། རང་རྒྱུད་པ་དེ་ལྟར་མི་འདོད་པ་ལྟ་བུ་ལ་སོགས་པ་ཁྱད་པར་ཕྲན་བུ་ནི་ད་དུང་ཀྱང་ཡོད་མོད། ཆེས་ཆེར་མི་མཐུན་པ་ནི་དེ་ཙམ་ཞིག་ལས་མི་འདོད་དེ། །ཚིག་གསལ་ལས། སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་གསུངས་སོ།། །། བཞི་པ་དེ་ལས་སྐབས་ཀྱི་བཤད་བྱ་དབུ་མ་གཏན་ལ་ཕབ་པ་ལ་གསུམ་སྟེ། གཞི་དབུ་མ་བདེན་གཉིས་ཟུང་འཇུག་ཏུ་ཐག་བཅད། ལམ་དབུ་མ་ཐབས་ཤེས་ཟུང་འཇུག་ཏུ་ཉམས་སུ་བླང་། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ཏུ་མངོན་དུ་བྱ་བའོ། །དང་པོ་ལ། གཞི་བདེན་པ་གཉིས་སུ་གནས་པའི་ཚུལ། གནས་པ་ལྟར་གཉིས་སུ་ཕྱེ་བའི་དགོས་པ། དགོས་པ་ཅན་གྱི་བདེན་པ་གཉིས་སོ་སོར་གཏན་ལ་ཕབ་པ་དང་གསུམ་ལས། དང་པོ་ནི། ཡབ་སྲས་འཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པ་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་གསུངས་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི། བདེན་པ་གཉིས་པོ་འདི་དག་ལ་བརྟེན་ནས་འཇུག་པ་ཡིན་ལ། བསྟན་པའི་ཚུལ་ཡང་དེ་ལྟར་གནས་པ་ཡིན་ནོ། །ཞེས་བཤད་པར་བྱ་བའི་ཕྱིར། རྗེ་བཙུན་གྱིས་བདེན་པ་གཉིས་ཁོ་ནས་གཏན་ལ་འབེབས་པ་འདི་མཛད་ཅིང་། སློབ་དཔོན་གྱིས་ཀྱང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་སོ། །ཇི་ལྟར་བདེན་པ་གཉིས་སུ་གནས་ཞེ་ན། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། ཞེས་པས། ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ནི་རང་གི་ངོ་བོ་རྣམ་པ་གཉིས་ཉེ་བར་འཛིན་པ་ཡིན་ཏེ། ཡང་དག་པར་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཡུལ་ཉིད་ཀྱིས་རྙེད་པའི་ངོ་བོ་ཞིག་དང་། མ་རིག་པའི་ལིང་ཐོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱི་མཐོང་བ་བརྫུན་པས་རྙེད་པའི་ངོ་བོ་ཞིག་གོ །ཇི་ལྟར་འཛིན་པའི་ཚུལ་ཡང་རབ་རིབ་ཅན་རྣམས་ཀྱིས་སྐྲ་ཤད་ལ་སོགས་པ་མེད་པ་ཉིད་ལ་རབ་རིབ་ཀྱི་རྐྱེན་གྱིས་སྐྲ་ཤད་ལ་སོགས་པ་ཉིད་དུ་མངོན་པར་ཞེན་པ་དེ་བཞིན་དུ་བྱིས་པ་རྣམས་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པ་ཉིད་ཀྱིས་རང་བཞིན་མ་མཐོང་བར་དངོས་པོའི་རྣམ་པ་རང་བཞིན་མེད་པ་ལ་རང་བཞིན་དང་བཅས་པ་ཉིད་དུ་མངོན་པར་ཞེན་པར་གྱུར་ནས་གཞན་དུ་མ་དམིགས་པ་ལས་ཐུན་མོང་མ་ཡིན་པ་ཉིད་ཀྱིས་མེའི་རང་བཞིན་གྱི་རང་གི་མཚན་ཉིད་ནི་ཚ་བའོ་ཞེས་བྱ་བར་མངོན་པར་ཞེན་པ་ཇི་ལྟ་བ་བཞིན་མཚན་ཉིད་སྨྲ་སྟེ། བདག་ཉིད་ཀྱི་མཚན་ཉིད་ནི་རང་གི་མཚན་ཉིད་དོ་ཞེས་བྱས་པའི་ཕྱིར་རོ། །དེ་རྣམས་ལ་གྲགས་པ་ཉིད་ཀྱི་སྒོ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་མངོན་པར་དེ་དག་གིས་རང་གི་ངོ་བོ་བཅོས་མ་ཀུན་རྫོབ་པ་དེ་རྣམ་པར་གཞག་པར་མཛད་ལ། མི་རྟག་པ་ལ་སོགས་པ་ཐུན་མོང་བ་ནི་སྤྱིའི་མཚན་ཉིད་དོ་ཞེས་བཤད་དོ། །མིག་སྐྱོན་མེད་པ་དག་གི་རབ་རིབ་ཅན་གྱི་དམིགས་པའི་སྐྲ་ཤད་མ་མཐོང་བ་ལྟར། མ་རིག་པའི་རབ་རིབ་དང་བྲལ་བ་དྲི་མ་མེད་པའི་ཤེས་རབ་ཀྱི་སྤྱན་མངའ་བས་བྱིས་པའི་སྐྱེ་བོའི་བློས་བཏགས་པའི་དངོས་པོའི་རྣམ་པ་མ་གཟིགས་པའི་ཚུལ་གྱི་གཟིགས་པའི་བདག་ཉིད་གང་འཕགས་པ་མ་རིག་པའི་རབ་རིབ་དང་བྲལ་བ་རྣམས་ཀྱི་ཡུལ་དུ་འགྱུར་ཏེ། ངོ་བོ་དེ་ཉིད་དེ་དག་གི་རང་བཞིན་དུ་རྣམ་པར་བཞག་གོ །ཇི་ལྟར་བཞག་ཅེ་ན། གཟུགས་ལྟ་བུ་གཅིག་ལ་མཚོན་ནས་བཤད་པར་བྱ་སྟེ། དུས་གསུམ་དུ་ཡང་གཟུགས་ལ་མི་འཁྲུལ་བ་གཉུག་མའི་ངོ་བོ་མ་བཅོས་པ། གང་ཞིག་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བ་མ་ཡིན་པ། གང་ཞིག་ཆུའི་ཚ་བའམ། ཚུ་རོལ་དང་ཕ་རོལ་ལམ། རིང་པོ་དང་ཐུང་ངུ་ལྟར་རྒྱུ་དང་རྐྱེན་ལ་བལྟོས་པ་དང་བཅས་པར་མ་གྱུར་པ་གང་ཡིན་པ་དེ་རང་བཞིན་ཡིན་པར་བརྗོད་དོ། །དེ་ལྟར་ཡང་། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་བལྟོས་པ་མེད་པ་ཡིན། །ཞེས་གསུངས་ཤིང་། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས། གཞན་དུ་མི་འགྱུར་བ་སྟེ་ཁྱད་པར་གསུམ་ལྡན་ཞེས་ཀྱང་ཁ་ཅིག་གོ །ཚིག་གསལ་ལས། གང་ཞིག་དངོས་པོ་གང་གིས་བདག་གི་ངོ་བོ་ཡིན་པ་དེ་ནི་དེའི་རང་བཞིན་ཡིན་ནོ་ཞེས་བརྗོད་དོ། །གང་ཞིག་གང་གི་བདག་གི་བ་ཡིན་ཞེ་ན། གང་གིས་གང་མ་བཅོས་པའོ། །གང་ཞིག་བཅོས་མ་ཡིན་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ། དཔེར་ན་ཆུའི་ཚ་བ་ཉིད་བཞིན་ནོ། །གང་ཞིག་གང་ལ་རག་མ་ལས་པ་དེ་ཡང་དེའི་བདག་གི་བ་ཡིན་ཏེ། དཔེར་ན་རང་གི་ཁོལ་པོ་དང་རང་གི་ནོར་དག་བཞིན་ནོ། །གང་ཞིག་གཞན་ལ་རག་ལས་པ་གང་ཡིན་པ་དེ་ནི་དེའི་བདག་གི་མ་ཡིན་ཏེ། དཔེར་ན་རེ་ཞིག་པའི་གཉེན་པོ་རང་དབང་མེད་པ་ལྟ་བུའོ། །ཞེས་སོ། །དངོས་པོ་གཞན་དང་འཕྲད་པས་མ་བསྐྱེད་པའི་ཕྱིར་རང་བཞིན་ཞེས་བསྙད་ལ། འཇིག་རྟེན་ཀྱང་དངོས་པོ་བྱས་པ་གང་ཡིན་པ་དེ་རང་བཞིན་དུ་མི་འདོད་དེ། རང་བཞིན་ནི་མ་བྱས་པ་ཡིན་ཞེས་སྨྲའོ། །ཅི་གཟུགས་ལ་རང་གི་ངོ་བོ་དེ་ལྟ་བུར་གྱུར་པ་དེ་ཡོད་དམ་ཞེ་ན། གཟུགས་ཀྱི་རང་བཞིན་དུ་གྱུར་བ་རང་བཞིན་མེད་པ་དེ་ཡང་ཅི་ཡང་མ་ཡིན་པ་ཉིད་ཀྱི་དངོས་པོ་མེད་པ་ཙམ་ཡིན་པས་ངོ་བོ་མེད་པའི་ཕྱིར་དངོས་པོའི་རང་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་བཤད་པར་བྱའོ། །ཡང་རང་བཞིན་ཡོད་པ་ཉིད་དུ་ཁས་བླངས་ན་རྟག་པར་ལྟ་བར་འགྱུར་ལ། སྔོན་གནས་པའི་གནས་སྐབས་ན་དངོས་པོའི་རང་བཞིན་ཁས་བླངས་ནས་ཕྱིས་དེ་ཞིག་པས་མེད་དོ་ཞེས་ཁས་བླངས་པས་ཆད་པར་ལྟ་བར་ཐལ་པར་འགྱུར་རོ། །གང་ཞིག་བདག་ཅག་ལྟར་དངོས་པོའི་རང་བཞིན་ཉིད་མི་འཐད་པ་དེ་ལ་ནི་རྟག་པ་དང་། ཆད་པར་ལྟ་བ་ཐལ་བར་མི་འགྱུར་ཏེ། དངོས་པོའི་རང་བཞིན་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ཡང་། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་ཉན་པ་པོ་རྣམས་སྐྲག་པ་སྤང་བར་བྱ་བའི་ཕྱིར། སྒྲོ་བཏགས་ནས་ཀུན་རྫོབ་ཏུ་དེ་ཡོད་དོ་ཞེས་བྱ་བར་ཡང་སྨྲ་སྟེ། ཇི་སྐད་དུ། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་སྟེ། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་པས་སོ། །ཚིག་གསལ་ལས། གལ་ཏེ་སྒྲོ་བཏགས་པ་ལས་དེ་ཡོད་དོ་ཞེས་བརྗོད་ན། དེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། དེའི་རང་གི་ངོ་བོ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ཉིད་ཡིན་ནོ། །དེ་ན་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡང་གང་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ངོ་བོའོ། །ངོ་བོ་འདི་ཡང་གང་ཞེ་ན། རང་བཞིན་ནོ། །རང་བཞིན་འདི་ཡང་གང་ཡིན། སྟོང་པ་ཉིད་དོ། །སྟོང་པ་ཉིད་འདི་ཡང་གང་ཡིན་ཞེ་ན། རང་བཞིན་མེད་པའོ། །རང་བཞིན་མེད་པ་འདི་ཡང་གང་ཞིག་ཡིན། དེ་བཞིན་ཉིད་དོ། །དེ་བཞིན་ཉིད་འདི་ཡང་གང་ཞིག་ཅེ་ན། དེ་བཞིན་ཉིད་ཀྱི་ངོ་བོ་འགྱུར་བ་མེད་པ་ཉིད་དང་རྟག་ཏུ་གནས་པ་ཉིད་དོ། །ཞེས་གསུངས། དེའི་ཕྱིར་སངས་རྒྱས་རྣམས་ཀྱི་གཟིགས་ངོའི་རང་བཞིན་ནི་དོན་དམ་པའི་བདེན་པ་དང་། མཐོང་བ་བརྫུན་པའི་ངོའི་དངོས་པོའི་རྣམ་པ་བཅོས་མའམ་བརྫུས་མ་ཞེས་བྱ་བ་འདི་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་སྟོན་པའི་ཕྱིར། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། ཞེས་སོ། །དེ་ལྟར་ཡང་འདིའི་འཇུག་འགྲེལ་ལས། འདི་ན་བདེན་པ་གཉིས་ཀྱི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། འདུ་བྱེད་དང་མྱུ་གུ་ལ་སོགས་པ་ནང་དུ་དང་ཕྱི་རོལ་གྱི་དངོས་ཐམས་ཅད་ཀྱི་རང་གི་ངོ་བོ་རྣམ་པ་གཉིས་ཉེ་བར་བསྟན་ཏེ། འདི་ལྟ་སྟེ། ཀུན་རྫོབ་དང་། དོན་དམ་པའོ། །དེ་ལ་དོན་དམ་པ་ནི་ཡང་དག་པར་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་ཀྱིས་བདག་གི་ངོ་བོ་རྙེད་པ་ཡིན་གྱི། རང་གི་བདག་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ། འདི་ནི་ངོ་བོ་གཅིག་ཡིན་ནོ། །གཞན་ནི་སོ་སོ་སྐྱེ་བོ་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱི་མཐོང་བ་རྫུན་པའི་སྟོབས་ལས་བདག་གི་ཡོད་པ་རྙེད་པ་ཡིན་ཏེ། བྱིས་པ་རྣམས་ཀྱི་མཐོང་བའི་ཡུལ་དུ་གྱུར་པ་ཇི་ལྟ་བ་དེ་ལྟ་བུའི་རང་བཞིན་དུ་རང་གི་ངོ་བོས་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་དེ་གཉིས་འཛིན་པ་ཡིན་ནོ། །རང་བཞིན་དེ་གཉིས་ལས་ཀྱང་མཐོང་བ་ཡང་དག་པའི་ཡུལ་གང་ཡིན་པ་དེ་ནི་དེ་ཉིད་ཏེ། དེ་ནི་དོན་དམ་པའི་བདེན་པའོ་ཞེས་བྱ་བའི་དོན་ཏོ། །དེའི་རང་གི་ངོ་བོ་ནི་བཤད་པར་བྱའོ། །མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱང་བདེན་པའོ། །ཞེས་གསུངས་སོ། །བདེན་པ་ཞེས་པའི་དོན་ནི་མི་བསླུ་བ་སྟེ། ཡང་དག་པ་ཞེས་བྱ་བ་ཡང་དེ་ཡིན་ནོ། །བསླུ་བའི་དོན་ནི་བརྫུན་པའམ། ཀུན་རྫོབ་ཞེས་བྱ་སྟེ་བློ་འདྲིད་པར་བྱེད་པའི་ཕྱིར་རོ། །སངས་རྒྱས་ཀྱང་གཟིགས་པ་འབའ་ཞིག་དོན་དམ་པའི་བདེན་པ་ཡིན་ལ། གཞན་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་སྟོན་པ་ལ། སློབ་དཔོན་གྱིས། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་དང་། འཇུག་འགྲེལ་ལས། དོན་དམ་པར་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ།། །། གཉིས་པ་གནས་པ་ལྟར་གཉིས་སུ་ཕྱེ་བའི་དགོས་པ་ནི། ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་འབྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཞེས་གསུངས་ཏེ། དེ་ཡང་གཞུང་ཙམ་ལྷུར་ལེན་པ་དག་གིས་རང་གི་རྣམ་པར་རྟོག་པ་ཁོ་ནས་མེད་པ་ཉིད་ནི་སྟོང་པ་ཉིད་ཀྱི་དོན་ཡིན་ནོ་ཞེས། དེ་ལྟར་དོན་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་སེམས་ཅན་མེད་ན་སྡུག་བསྔལ་མེད་ལ། སྡུག་བསྔལ་མེད་ན་སྡུག་བསྔལ་འཕགས་པའི་བདེན་པ་ལ་སོགས་པ་བཞི་མེད་པར་འགྱུར་ཞིང་། དེ་མེད་པས་ཤེས་བྱ་སྤང་བྱ། བསྒོམ་བྱ་མངོན་དུ་བྱ་བ་དག་མི་འཐད་པས་ཞུགས་འབྲས་བརྒྱད་མི་འཐད་ལ། དེ་མི་འཐད་པས་དགེ་འདུན་དང་ཆོས་མེད་ལ། དེ་གཉིས་མེད་ན་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་ཅེས། རྩ་ཤེར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱེད་ལ་མེད་པར་ཐལ་བར་འགྱུར། །ཞེས་ནས། ཀུན་ལ་གནོད་པ་བྱེད་པ་ཡིན། །ཞེས་པའི་བར་གྱིས་བསྟན་པས་དབུ་མ་པ་ལ་ཀླན་ཀ་ཚོལ་བར་བྱེད་པ་ལ། སྟོང་པ་ཉིད་ཀྱི་སྒྲའི་དོན་གང་ཡིན་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲའི་དོན་ཏེ། དེའི་ཕྱིར་ཁྱོད་ཀྱི་ལོག་པར་རྟོག་པ་ལྟར་མ་ཡིན་ནོ། །དེ་ལ་བཤད་པ་ཁྱོད་ཀྱི་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང་། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །ཞེས་བཟློག་པ་ལ་བདེན་པ་གཉིས་སུ་གནས་པ་འཆད་པར་བཞེད་པ་སྟེ། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །གང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཐོག་ཆེན་པོས་བློ་གྲོས་ཀྱི་མིག་གཡོགས་པ་ཐ་སྙད་དང་དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ། ཡུལ་གྱི་སྦྱོར་བའི་མཚན་ཉིད་མ་འདྲེས་པ་རྣམ་པར་མི་ཤེས་པ་དེ་དག་གིས་ནི་སངས་རྒྱས་ཀྱི་བསྟན་པ་ཟབ་མོ་དེ་ཉིད་རྣམ་པར་མི་ཤེས་སོ། །འོ་ན། གལ་ཏེ་དོན་དམ་པ་སྤྲོས་པ་དང་བྲལ་བའི་རང་བཞིན་ཡིན་ལ། འོ་ན་དེ་ཉིད་ཡིན་ལ་རག་མོད། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འཕགས་པའི་བདེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་ལ་སོགས་པ་སྟོན་པ་དོན་དམ་པ་མ་ཡིན་པ་གཞན་འདིས་ཅི་ཞིག་དགོས། དེ་ཉིད་མ་ཡིན་པ་ནི་ཡོངས་སུ་སྤང་བར་བྱ་བ་ཡིན་ན། གང་ཡོངས་སུ་སྤང་བར་བྱ་བ་ཡིན་པས་བསྟན་པས་ཅི་ཞིག་བྱ་ཞེ་ན་བརྗོད་པར་བྱ་སྟེ། དེ་ནི་དེ་ལྟར་བདེན་མོད་ཀྱི། འོན་ཀྱང་བརྗོད་པར་བྱ་བ་དང་། བརྗོད་པར་བྱེད་པ་དང་། ཤེས་པ་དང་། ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་འཇིག་རྟེན་པའི་དོན་དམ་པ་ཁས་མ་བླངས་པར་དོན་དམ་པ་བསྟན་པར་མི་ནུས་ལ། མ་བསྟན་ན་ཡང་རྟོགས་པར་མི་ནུས་ཤིང་། དོན་དམ་པ་མི་རྟོགས་པར་ཡང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་ཏེ། ཐ་སྙད་ཀྱི་བདེན་པ་ཁོ་ན་ལ་གནས་ཏེ་དོན་དམ་པ་སྟོན་པ་ཡིན་ལ། དོན་དམ་པ་བསྟན་པ་ཁོང་དུ་ཆུད་པ་ལས་ཀྱང་དོན་དམ་པ་འཐོབ་སྟེ། མདོ་ལས། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་དང་ནི་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །འོན་ཀྱང་ཉན་ཅིང་སྟོན་པ་ཡིན། །ཞེས་གསུངས་པས་དེའི་ཕྱིར་ཐ་སྙད་ཀྱི་བདེན་པ་ཐབས་སུ་གྱུར་པ་དང་། དོན་དམ་པའི་བདེན་པ་ཐབས་ལས་བྱུང་བར་འགྱུར་རོ། །དེ་ལྟར་ཡང་འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་གསུངས་ལ། ཇི་ལྟ་བུར་ལམ་ངན་པར་འཇུག་ཅེ་ན། ཚིག་གསལ་ལས། གང་གི་ཕྱིར་བདེན་གཉིས་ཀྱི་རྣམ་དབྱེ་མ་མཐོང་བར་འདུ་བྱེད་རྣམས་སྟོང་པ་ཉིད་དུ་མཐོང་བ་དེས་ནི་སྟོང་པ་ཉིད་མཐོང་བས་འདུ་བྱེད་རྣམས་ཡོད་པ་མ་ཡིན་པ་ཐམས་ཅད་དུ་རྟོག་པར་བྱེད་ལ། ཡང་སྟོང་པ་ཉིད་འགའ་ཞིག་གིས་དངོས་པོར་བརྟག་ནས། དེའི་རྟེན་གྱི་ཆེད་དུ་དངོས་པོའི་རང་བཞིན་ཡང་རྟོག་པར་བྱེད་དེ། དེ་ནི་གཉི་ག་ལྟར་ཡང་སྟོང་པ་ཉིད་ལ་ལྟ་ཉེས་པས་ངེས་པར་ཕུང་བར་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །དེའི་དོན་ནི། རེ་ཤིག གལ་ཏེ་ཐམས་ཅད་སྟོང་པ་སྟེ། །ཐམས་ཅད་ཡོད་པ་མ་ཡིན་ནོ། །ཞེས་རྟོག་ན་ནི་དེའི་ཚེ་འདི་ལོག་པར་ལྟ་བར་འགྱུར་ཏེ། ཇི་སྐད་དུ། ཆོས་ནི་ལོག་པར་གཟུང་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་ཟ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་པར་འགྱུར། །ཞེས་བཤད་དོ། །ཅི་སྟེ་ཡང་ཐམས་ཅད་ལ་བསྐུར་པ་འདེབས་པར་མི་འདོད་ན་ནི་དེའི་ཚེ། ཇི་ལྟར་དངོས་པོ་འདི་དག་དམིགས་སུ་ཟིན་ཀྱང་སྟོང་པ་ཉིད་དུ་འགྱུར་ཏེ། ནང་གི་བྱེད་པ་དང་བྲལ་བའི་ཕྱིར་སྟོང་ཞིང་གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་སྟོང་ངོ་ཞེས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་དོ། །དེའི་ཕྱིར་རང་བཞིན་མེད་པའི་དོན་ནི་སྟོང་པ་ཉིད་ཀྱི་དོན་མ་ཡིན་ནོ་ཞེས་པ་འདི་ངེས་པར་སྟོང་པ་ཉིད་སྤོང་བར་འགྱུར་ཏེ། དེ་ལྟར་སྤངས་ནས་ཆོས་ཀྱིས་ཕོངས་བར་གྱུར་པའི་ལས་ཀྱིས་ངེས་པར་ངན་འགྲོར་འགྲོ་བར་འགྱུར་རོ། །ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། གཞན་ཡང་འདི་ནི་ལོག་གཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བའི་མ་རུངས་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་གཙུག་འགྲོ །ཞེས་བཤད་དོ། །དེ་ནི་རིགས་སྔགས་ཉེས་པར་བསྒྲུབས་ན་སྒྲུབ་པ་པོ་ཉིད་ཆོ་ག་ཉམས་པས་འཕུང་བར་བྱེད་པ་དང་མཚུངས་སོ་ཞེས་པ་ལ། ཇི་ལྟར་སྦྲུལ་ལ་གཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །ཞེས་གསུངས། །ཉེས་དམིགས་དེ་ལྟ་བུ་ཡོད་པས། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་ཤེས་རབ་ཞན་པ་རྣམས་ཀྱིས་ཆོས་འདིའི་གཏིང་རྟོགས་པ་དཀའ་བར་མཁྱེན་ནས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པར་འདི་སྙམ་དུ་དགོངས་ཏེ། ངས་ཆོས་ཟབ་མོ་ཟབ་པར་སྣང་བ་བརྟག་པར་བྱ་བ་མ་ཡིན་ཞིང་། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་ལ་མཁས་པ་མཛངས་པས་རིག་པར་བྱ་བ་ཐུགས་སུ་ཆུད་དེ། དེ་གལ་ཏེ་ངས་གཞན་དག་ལ་བསྟན་ན། གཞན་གྱིས་ངའི་དེ་རྟོགས་པར་མི་འགྱུར། དེས་ང་ལ་གནོད་པར་འགྱུར་ཞིང་ཞུམ་པར་འགྱུར། ཐུགས་མི་སྤྲོ་བར་འགྱུར་བས་གང་བདག་ཉིད་གཅིག་པུ་དགོན་པ་རབ་ཏུ་དབེན་པར་མཐོང་བའི་ཆོས་ལ་བདེ་བར་རེག་པར་གནས་པ་ཐོབ་པས་གནས་པར་བྱའོ་ཞེས་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་སོ། །གསུམ་པ་དགོས་པ་ཅན་གྱི་བདེན་པ་གཉིས་སོ་སོར་གཏན་ལ་ཕབ་པ་ལ། ཀུན་རྫོབ་ཀྱི་བདེན་པ་གཏན་ལ་ཕབ་པ་དང་དོན་དམ་པའི་བདེན་པ་གཏན་ལ་ཕབ་པ་དང་། དེ་གཉིས་ཟུང་འཇུག་ཏུ་གཏན་ལ་ཕབ་པ་དང་གསུམ་ལས། དང་པོ་ནི། ཀུན་རྫོབ་བདེན་པའི་དབང་དུ་ནི། །ཞེས་གསུངས་ཏེ། དེ་ཉིད་འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་འདི་ཀུན་རྫོབ་ཏུའོ། །ཞེས་པས་བསྟན་ཏེ། ཀུན་ནས་སྒྲིབ་པས་ཀུན་རྫོབ་སྟེ། འདིས་སེམས་ཅན་རྣམས་ཇི་ལྟར་གནས་པའི་དངོས་པོ་ལྟ་བ་ལ་རྨོངས་པར་བྱེད་པས་ན་གཏི་མུག་སྟེ། དེས་ནི་དངོས་པོའི་དེ་ཁོ་ན་ཉིད་ལ་ཀུན་ནས་འགེབས་པའི་ཕྱིར་ཀུན་རྫོབ་ཅེས་བྱའོ། །ཡང་ན་ཕན་ཚུན་བརྟེན་པས་ན་ཀུན་རྫོབ་སྟེ། ཕན་ཚུན་བརྟེན་པ་ཉིད་ཀྱི་ན་ཞེས་བྱ་བའི་དོན་ཏོ། ཡང་ན་ཀུན་རྫོབ་ནི་བརྡའ་སྟེ། འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་ཕུང་པོ་རབ་གྲགས་པ། །དེ་ལ་འཇིག་རྟེན་ངེས་པར་བརྟེན། །ཞེས་འབྱུང་བ་ལས་ནི་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ལ་འཇིག་རྟེན་ཞེས་བརྗོད་དོ། །ཀུན་རྫོབ་དེས་གང་ཟག་གི་རང་བཞིན་མེད་བཞིན་དུ་རང་བཞིན་སོ་སོར་སྣང་བ་དེ་ནི་བཅོས་མ་རྟེན་ཅིང་འབྲེལ་པར་འབྱུང་བའོ། །དེ་ནི་རེ་ཤིག་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་བདེན་པར་རྣམ་པར་བཞག་གོ །འཇུག་འགྲེལ་ལས། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ། འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི་བཅོས་མའི་རང་བཞིན་ཡིན་གྱི་བདེན་པ་ནི་མ་ཡིན་ཏེ། བྱིས་པ་རྣམས་ལ་ནི་བསླུ་བར་བྱེད་པ་ཡིན་ལ། དེ་ལས་གཞན་པ་རྣམས་ལ་ནི་སྒྱུ་མ་ལ་སོགས་པ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ཀུན་རྫོབ་ཙམ་དུ་འགྱུར་རོ། །དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་སྣང་གི སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་ནི་མ་ཡིན་ནོ། །སངས་རྒྱས་རྣམས་ལ་ནི་ཆོས་ཐམས་ཅད་དུ་མངོན་པར་རྫོགས་པ་བྱང་ཆུབ་པའི་ཕྱིར། སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོག་པར་འདོད་པ་ཡིན་ནོ། །དེ་ལྟར་ན་རེ་ཤིག་བཅོམ་ལྡན་འདས་དེས་ཀུན་རྫོབ་ཀྱི་བདེན་པ་དང་ཀུན་རྫོབ་ཙམ་གསུངས་པ་ཡིན་ནོ། །ཞེས་སོ། །སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་། རྣམ་པར་རྟོག་པ་དང་བཅས་པས་དངོས་པོའི་དེ་ཁོ་ན་ཉིད་མཐོང་བར་བྱ་བ་ལ་བསྒྲིབ་པས་ན་ཡང་དག་སྒྲིབ་ཅེས་ཀྱང་བྱ། རྣམ་པ་གཅིག་ཏུ་ན། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཞེས་ཀྱང་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་ཅིང་སྟོང་པ་ལས་འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་དངོས་པོ་སྐྱེ་ཞིང་འབྱུང་བར་མཐོང་བ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་ཙམ་དུ་བདེན་པ་སྟེ། ཀུན་གྱིས་ཤེས་ཤིང་རྫོབ་པ་ལ་བྱ་བ་དེ་དབུ་མའི་གཙུག་ལག་ལས་བཤད། བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པའི་ནང་ནས་ཇི་སྙེད་དུ་ཡི་གེ་དང་ཚིག་འབྲུས་བསྟན་པ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་འབྱུང་སྟེ་མདོ་སྡེ་དང་དབུ་མའི་གཞུང་བཙན་པར་བྱས་ཏེ། ཀུན་རྫོབ་ཀྱི་བདེན་པ་ཞེས་བཏགས། ཞེས་གསུངས་སོ། །དེའི་ཕྱིར་སྣང་ངོར་མི་བསླུ་བའི་འཁྲུལ་ངོར་མི་བསླུ་བའམ་འཇིག་རྟེན་གྱི་ཐ་སྙད་དུ་མི་བསླུ་བ་ཞེས་བྱ་བ་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དུ་བཤད་ནས། ད་ནི་དབྱེ་བ་སྟོན་པའི་ཕྱིར། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་པས། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་གསལ་བ་ཅན་གྱི་ཕྱི་རོལ་གྱི་ཡུལ་ཕྱིན་ཅི་མ་ལོག་པར་འཛིན་པ་དང་། འཕྲལ་གྱི་འཁྲུལ་རྒྱུས་བསླད་པ་སྐྱོན་དང་ལྡན་པའི་དབང་པོ་ཅན་གྱི་ཕྱིན་ཅི་ལོག་ཏུ་འཛིན་པ་གཉིས་སོ། །དེ་ལས་དབང་པོ་གནོད་པ་མེད་པའི་ཤེས་པ་ལ་བལྟོས་ནས་སྐྱོན་དང་ལྡན་པའི་དབང་ཤེས་གང་ཡིན་པ་དེ་ནི་ལོག་པར་འདོད་དོ། །ཇི་ལྟར་དབང་ཤེས་ཕྱིན་ཅི་མ་ལོག་པ་དང་ལོག་པ་གཉིས་ཡིན་པ་དེ་བཞིན་དུ་ཡུལ་ཡང་ཡིན་ནོ་ཞེས་བཤད་པ། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་གསུངས་ཏེ། འཇིག་རྟེན་གྱི་དབང་པོ་ལ་གནོད་པའི་རྐྱེན་ཇི་སྐད་དུ་བཤད་པ་མེད་པར་དབང་པོ་དྲུག་ཅར་གྱིས་གཟུང་བར་བྱ་བའི་དོན་རྟོགས་པ་དེ་ནི་འཇིག་རྟེན་ཉིད་ལས་བདེན་པ་ཡིན་གྱི་འཕགས་པ་ལ་བལྟོས་ནས་ནི་མ་ཡིན་ནོ། །གཟུགས་བརྙན་ལ་སོགས་པ་གང་ཞིག་དབང་པོ་རྣམས་ལ་གནོད་པ་ཡོད་པ་ཡུལ་གྱི་ངོ་བོ་ཉིད་དུ་སྣང་བ་དེ་ནི་འཇིག་རྟེན་ཉིད་ལ་བལྟོས་ནས་ལོག་པ་ཡིན་ནོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པར་བཞག་པ་དེ་དག་ལའང་། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །འདི་ལྟར་གཟུགས་དང་ཚོར་བ་ལ་སོགས་པ་འདི་དག་ནི། ཅི་བདག་ལས་སྐྱེ་བ་ཞིག་གམ། ཅི་གཞན་ལས་སྐྱེ་བ་ཞིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམ་པར་དཔྱད་ན་དོན་དམ་པར་མ་སྐྱེས་པ་དང་མ་འགགས་པའི་རང་བཞིན་ཅན་ལས་ཚུ་རོལ་སྟེ་གཞན་དུ་གྱུར་པའི་ཆ་སྐྱེ་བ་ལ་སོགས་པ་ཅན་ལ་གནས་པ་མ་ཡིན་ཏེ། དེའི་ཕྱིར་བདག་དང་གཞན་ལས་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པའི་རྣམ་པར་དཔྱོད་པ་འཇུག་པ་མེད་པར་བྱས་ཏེ། འཇིག་རྟེན་པས་ཡོངས་སུ་མཐོང་བ་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་གཞན་ལ་རག་ལས་པའི་འཇུག་པའི་སྒོ་ནས་ཁས་བླང་བར་བྱ་སྟེ། དེ་ཡང་ཚུལ་ཇི་ལྟ་བུར་ཞེ་ན། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་གསུངས་ཏེ། དེ་ཡང་། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་བཤད་བྱ། །ཉམས་པར་འགྱུར་བ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་དང་། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། འཇིག་རྟེན་པ་ཡིས་མ་གཏོགས་པ། །འཇིག་རྟེན་གཟུང་བ་ནུས་མ་ཡིན། །ཞེས་དང་། སྟོན་པས་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་བྱ་བའི་ལུང་ལས་ནི་ཐོག་མ་ཁོ་ནར་བཅོམ་ལྡན་འདས་ཀྱིས་སྣོད་ཀྱི་འཇིག་རྟེན་དང་། སེམས་ཅན་གྱི་ཁམས་རླུང་གི་དཀྱིལ་འཁོར་ནས་སྲིད་པའི་རྩེ་མོ་ལ་ཐུག་གི་བར་ནམ་མཁའི་མཐས་གཏུགས་པའི་སྐྱེ་བ་དང་གནས་པ་དང་འཇིག་པ་ཕྱིན་ཅི་མ་ལོག་པ་རབ་ཏུ་དབྱེ་བ་སྣ་ཚོགས་པ་དང་བཅས་པ་རྒྱུ་དང་འབྲས་བུ་དང་རོ་མྱང་བ་དང་ཉེས་དམིགས་ཉེ་བར་བསྟན་པས། བཅོམ་ལྡན་འདས་འདི་ནི་འཇིག་རྟེན་གྱི་བྱུང་ཚུལ་མ་ལུས་པ་གཟིགས་པ་ཐམས་ཅད་མཁྱེན་པ་ཡིན་ནོ་སྙམ་དུ་འཇིག་རྟེན་གུས་པ་བསྐྱེད་པར་བྱ་བའི་ཕྱིར་ལྟ་བ་ལ་བལྟོས་ནས་གདུལ་བྱའི་སྐྱེ་བོ་རང་ལ་གྲགས་པའི་དངོས་པོ་རབ་ཏུ་དབྱེ་བ་དང་། རང་གི་ངོ་བོ་རྣམ་པར་ཕྱེ་བ་མོས་པ་དང་། མངོན་པར་འདོད་པ་སྐྱེས་པ་ལ། ཕུང་པོ་དང་ཁམས་སྐྱེ་མཆེད་ལ་སོགས་པའི་མ་རིག་པའི་རབ་རིབ་ཅན་གྱི་བདེན་པར་བཏགས་པ་གང་ཡིན་པ་དེ་ནི་བདེན་ནོ་ཞེས་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་ཡིན་ནོ་སྙམ་དུ་བློ་སྐྱེས་པ་ལ་དུས་ཕྱིས། དེ་དག་ཐམས་ཅད་ཡང་དག་མིན། །ཞེས་བསྟན་ཏེ། དེ་ལ་ཡང་དག་པ་ཞེས་བྱ་བ་ནི་གང་གཞན་དུ་འགྱུར་བ་མེད་པ་ལ་བྱ་ན། དེ་དག་སྐད།ཅིག་རེ་རེ་ལ་འཇིག་པའི་ཕྱིར་གཞན་དུ་འགྱུར་བས། ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་བསྟན་ཏེ། བྱིས་པའི་སྐྱེ་བོ་ལ་བལྟོས་ནས་ནི་ཡང་དག་པ་ཡིན་ལ། འཕགས་པའི་ཡེ་ཤེས་ལ་བལྟོས་ནས་ནི་འདི་དག་ཐམས་ཅད་བརྫུན་པ་སྟེ། དེ་དག་གིས་དེ་ལྟར་མ་གཟིགས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ལྟ་བ་ལ་ཡུན་རིང་པོ་ནས་གོམས་པ་སྒྲིབ་པ་ལས་ཅུང་ཟད་མ་གྲོལ་བ་དག་ལ་ནི་དེ་དག ཡང་དག་མིན་མིན་ཡང་དག་མིན། །ཞེས་བྱ་བས་བསྟན་ཏེ། སྒྲིབ་པ་ཅུང་ཟད་ཙམ་དེ་ཡང་སྤང་དགོས་པའི་ཕྱིར། མོ་ཤམ་གྱི་བུའི་སྔོ་བསངས་དང་དཀར་ཤམ་བཀག་པ་ལྟར་དེ་གཉིས་ཀྱང་བཀག་གོ །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལམ་གོལ་བ་ལས་བཟློག་ནས་བཟང་པོ་ལ་འགོད་པ་མཐར་གྱིས་བསྟན་པའི་ཕྱིར་རྗེས་སུ་བསྟན་པ་སྟེ། དེའི་ཕྱིར་ཐུབ་པའི་གསུང་ལ་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་སུ་མ་གྱུར་པ་མེད་དེ། ནད་དང་རྗེས་སུ་མཐུན་པའི་སྨན་ཉེ་བར་བསགས་པ་ལྟ་བུའོ། །ཅི་འཇིག་རྟེན་ཀུན་རྫོབ་ཅེས་གང་ལས་དེ་ལྟར་ཁྱད་པར་དུ་བྱེད་པ་འཇིག་རྟེན་མ་ཡིན་པའི་ཀུན་རྫོབ་ཀྱང་ཡོད་དམ་ཞེ་ན། འདི་ནི་དངོས་པོ་ཇི་ལྟར་གནས་པ་རྗེས་སུ་བརྗོད་པ་ཡིན་གྱི། འདིར་དཔྱད་པ་དེ་མི་འཇུག་གོ །རྣམ་པ་གཅིག་ཏུ་ན། རབ་རིབ་དང་ལིང་ཐོག་གི་སྔོན་པོ་དང་། མིག་སེར་ལ་སོགས་པས་དབང་པོ་ཉམས་པས་མཐོང་བ་དང་གྲུབ་མཐའ་ངན་པས་གདགས་པའི་བདག་ལ་སོགས་པ་ཕྱིན་ཅི་ལོག་ཏུ་གནས་པ་དེ་དག་ནི་འཇིག་རྟེན་མ་ཡིན་ཏེ། དེ་དག་གི་ཀུན་རྫོབ་གང་ཡིན་པ་དེ་ནི་འཇིག་རྟེན་ཀུན་རྫོབ་བདེན་པ་མ་ཡིན་པས། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཞེས་ཁྱད་པར་དུ་བྱས་པའོ། །བརྗོད་བྱ་དང་། རྗོད་བྱེད་དང་། ཤེས་པ་དང་། ཤེས་བྱ་ལ་སོགས་པའི་ཐ་སྙད་མ་ལུས་པ་འདི་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །འཇིག་རྟེན་གྱི་ཐ་སྙད་ཕྱིན་ཅི་མ་ལོག་པའི་ངོ་བོར་བདེན་པའི་ཤེས་བྱ་དང་། ཤེས་བྱེད་ཀྱི་ཆོས་ཀྱང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་སྟེ། ཁམས་དང་སྐྱེ་མཆེད་ལས་ཆོས་ཀྱི་ཁམས་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་གཏོགས་པའི་འདུས་མ་བྱས་མ་ཡིན་པ་ཐམས་ཅད་ཕུང་པོ་ལྔར་འདུ་ལ། ཕུང་པོ་དང་། འདུས་བྱས་དང་། དངོས་པོ་དང་། མི་རྟག་པ་དང་། འདུ་བྱེད་རྣམས་ཁྱབ་མཉམ་སྟེ། དངོས་པོའི་སྒྲས་ནི་མདོར་བསྡུ་ན། །ཕུང་པོ་ལྔ་རྣམས་གསུངས་པ་ཡིན། །ཞེས་གསུངས་སོ། །འདུས་མ་བྱས་དང་། དངོས་པོ་མེད་པ་གཉིས་ནི་དོན་ཅིག་སྟེ། མདོར་བསྡུས་ནས་ནི་དངོས་མེད་པ། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །ཅེས་གསུངས་སོ། །འདུས་མ་བྱས་བཞི་ལས་དེ་བཞིན་ཉིད་དང་། མྱང་འདས་མ་གཏོགས་ཐམས་ཅད་ཀུན་རྫོབ། རྟག་པ་ཞེས་བྱ་བ་ནི་ཡོད་པའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་དངོས་པོ་མེད་པར་མི་འདོད་དོ། །དེ་དག་ཀྱང་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ལ་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་བདེན་པའོ། །དེ་ཡང་སྒྲིབ་པ་ཕྲ་མོ་དང་བཅས་པའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ་བལྟོས་ནས་བརྫུན་པར་བཞག་སྟེ། སངས་རྒྱས་ཀྱི་ཡེ་ཤེས་འབའ་ཞིག་དོན་དམ་བདེན་པ་ཡིན་ཏེ། འཇུག་འགྲེལ་ལས། དེ་ལ་སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའོ། །སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཞིང་། དེ་ཡང་བསླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱི་སོ་སོ་རང་གི་རིག་པར་བྱ་བ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་ནི་སླུ་བར་བྱེད་པ་ཉིད་ཀྱི་ཕྱིར་དོན་དམ་པའི་བདེན་པ་མ་ཡིན་ནོ། །ཞེས་གསུངས་པས། སངས་རྒྱས་ཀྱིས་ཀུན་རྫོབ་གཟིགས་པར་འདོད་པ་དང་། རྣམ་མཁྱེན་ཀུན་རྫོབ་ཀྱི་གཞལ་བྱ་མཇལ་བྱེད་ཀྱི་ཚད་མར་འདོད་པ་ལ་སོགས་པ་ནི་དབུ་མ་པའི་ནང་དུ་བསྐྲད་པའི་འཁོར་ལོས་ཟིན་པ་ཡིན་ནོ། །གཞན་ཡང་འཇུག་འགྲེལ་ལས། ཁ་ཅིག་གིས་མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཡང་གང་དག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གང་དོན་དམ་པར་སྨྲས་པ་དེ་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ཀྱང་བསྟན་བཅོས་ཀྱི་དོན་གྱི་དེ་ཉིད་ཡོངས་སུ་མི་ཤེས་པ་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་དང་ཆོས་མཚུངས་པར་མི་རིགས་པའི་ཕྱིར། ལུགས་འདི་ནི་ཐུན་མོང་མ་ཡིན་ནོ་ཞེས་གསུངས་པས། འདི་ལ་ཐ་སྙད་རྣམ་པར་འཇོག་པའི་ཚེ། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་ཞེས་ཀྱང་བྱའོ། །ཤེས་རབ་སྒྲོན་མ་ལས། དེ་ལ་འཇིག་རྟེན་པའི་ཀུན་རྫོབ་ནི་འཇིག་རྟེན་པའི་ཐ་སྙད་དེ། འདི་ལྟ་སྟེ། གཟུགས་ལ་སོགས་པ་དངོས་པོ་རྣམས་ཀྱིས་སྐྱེའོ། །གནས་སོ། །འགག་གོ་ཞེས་བྱ་བ་དང་། ལྷ་བྱིན་འགྲོའོ། །ཁྱབ་འཇུག་བཤེས་གཉེན་ཟའོ། །ཟླ་བས་བྱིན་བསྒོམ་མོ། །ཚངས་པས་བྱིན་གྲོལ་ལོ་ཞེས་བྱ་བ་དག་འཇིག་རྟེན་གྱི་ཐ་སྙད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་ལ། དེ་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །ཞེས་སོ། །དེའི་ཕྱིར་འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །ཀུན་ནས་ཉོན་མོངས་པའི་ཆོས་འཁོར་བ་དང་། གཉེན་པོ་རྣམ་བྱང་གི་ཆོས་མྱ་ངན་ལས་འདས་པ་དང་མཐུན་པ་སྟོང་པ་ཉིད་བཅུ་དྲུག་ལ་སོགས་པ་དང་། སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་དང་། ཐོས་བསམ་བསྒོམ་པའི་ཤེས་རབ་ཐམས་ཅད་ཀྱང་དོན་དམ་པ་རྟོགས་པའི་ཕྱིར་ཕྱིན་ཅི་མ་ལོག་པས། རྣམ་གྲངས་ཀྱི་དོན་དམ་བདེན་པའོ། །ལེགས་ལྡན་འབྱེད་དོན་དམ་དུ་བཞེད་པའང་རྣམ་གྲངས་པའི་ལ་དགོངས་སོ། རྣམ་གྲངས་པའི་དོན་དམ་བདེན་པ་དེ་ཡང་། ཐ་སྙད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པས་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །གཉིས་པ་དོན་དམ་པའི་བདེན་པ་གཏན་ལ་ཕབ་པ་ནི། དོན་དམ་པར་ནི་དེ་དོན་ཀྱང་ཡིན་ལ། དམ་པ་ཡིན་པས་དོན་དམ་པའམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དོན་དམ་པ་སྟེ་དེ་ཁོ་ན་གཞན་ལས་ཤེས་པ་མ་ཡིན་པ་ལ་སོགས་པའི་མཚན་ཉིད་དོ། །དོན་དམ་པ་ཉིད་བདེན་པ་ཡིན་པས། དེ་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་དེ་བཞིན་དུ་གནས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་ཡུལ་ཅན་ཡང་ཡུལ་མེད་པའི་ཚུལ་གྱིས་དོན་དམ་པ་སྟེ། དོན་དུ། དེ་བཞིན་ཉིད་དང་དམ་པའི་ཆོས་དང་མྱ་ངན་ལས་འདས་པའོ། །དེ་ཇི་ལྟ་བ་བཞིན་དུ་མ་ནོར་བ་མཐོང་བས་ན་ཡང་དག་པར་མཐོང་བ་ཞེས་བྱ་ལ། ཡང་དག་པའི་མཐོང་བ་ལ་མི་བསླུ་བའམ། གནས་ལུགས་ལ་མི་བསླུ་བས་སམ། སངས་རྒྱས་ཀྱི་གཟིགས་ངོར་མི་བསླུ་བ་དོན་དམ་བདེན་པའི་མཚན་ཉིད་དོ། །སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་། པ་ར་མ་ནི་མཆོག་གམ་དམ་པ། ཨརྠ་དོན་ནམ་དགོས་པ་སྟེ། གཅིག་ཏུ་དོན་དུ་བསྒྲུབ་ཅིང་དགོས་པར་བྱ་བའི་མཆོག སྡུག་བསྔལ་ཐམས་ཅད་དང་བྲལ་བའི་མྱ་ངན་ལས་འདས་པ་ལ་བྱ། ཞེས་དང་། སློབ་དཔོན་གྱིས། སྟོང་ཉིད་མྱ་ངན་འདས་པར་དེ་ནི་བརྗོད། །ཅེས་གསུངས་སོ། །འདི་ནི་རང་རྒྱུད་པ་རྣམས་ཀྱང་མཐར་ཐུག་གི་དོན་དམ་དུ་འདོད་དོ། །འཇུག་འགྲེལ་ལས། དོན་དམ་པའི་བདེན་པ་བསྟན་པར་འདོད་པས་དེ་ནི་བརྗོད་དུ་མེད་པའི་ཕྱིར་དང་ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱིས་ཕྱིར་དངོས་སུ་བསྟན་པར་མི་ནུས་པས། ཉན་པར་འདོད་པ་རྣམས་ལ་རང་གི་མྱོང་བ་ཉིད་དུ་དེའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དཔེ་བཤད་པ། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བཏགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་བ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་གསུངས་ལ། དེ་ཉིད་རྗེ་བཙུན་ཆེན་པོ་འདིས་ཀྱང་གཞན་དུ། ཡང་དག་དོན་གྱི་རྟོགས་ཚད་ནི། །རྨོངས་པ་ང་འདྲ་མ་ཡིན་པ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱང་། ལྐུག་མའམ་གཞོན་ནུའི་རྨི་ལམ་བཞིན། །མཚོན་པ་ཙམ་ལས་མ་གཏོགས་པ། །འདི་ནི་སྟོན་པར་ནུས་མ་ཡིན། །ཞེས་གསུངས་པས། ཇི་ལྟར་སྟོན་པར་མི་ནུས་ཞེ་ན། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་གྱིས་བསྟན་པས་རྟོགས་པར་བྱ་བར་མ་ཡིན་གྱིས། རང་ཉིད་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། གཞན་ལས་ཤེས་མིན་དང་། དེ་ནི་རབ་རིབ་མེད་པས་སྐྲ་ཤད་མ་མཐོང་བ་ལྟར་རང་བཞིན་དང་བྲལ་བ་ཡིན་པས་ཞི་བ་དང་། དོན་རྣམས་སྤྲོ་བར་བྱེད་པའི་ཕྱིར་ངག་ནི་སྤྲོས་པ་སྟེ། དེས་བརྗོད་པར་མི་ནུས་པའི་ཕྱིར་དེ་རྣམས་ཀྱིས་མ་སྤྲོས་པ་དང་། རྣམ་པར་རྟོག་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ཡང་དེ་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །དེ་ལྟར་ཡང་། ཏཻ་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་དང་འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་དུ་འགྱུར་ན་ནི། དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་བརྫུན་ཏེ་སླུ་བའི་ཆོས་སོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོན་པ་དང་། ཅི་སྟོན་པ་དང་། གང་ལས་སྟོན་པའི་ཆོས་དེ་དག་ཐམས་ཅད་ནི་དོན་དམ་པར་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ཀྱིས་ནི་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་པར་མི་ནུས་སོ། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེའི་དོན་དཔེ་གསུམ་གྱིས་མཚོན་ནས་ཞིབ་མོར་བཤད་ན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ལས། གང་མ་མཐོང་བ་ཉིད་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་གསུངས་པ་དེའི་དོན་ཏེ། དཔེར་ན་རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་ལ་སོགས་པའི་སྐྱོན་མི་མཉམ་པ་ཤས་ཆེན་པོས། རབ་རིབ་འཐུག་པོར་གྱུར་པ་ལ་སྐྲ་ཤད་དང་། སྦྲང་མ་དང་། སྦྲང་བུ་ལ་སོགས་པ་ཡང་དག་པ་མ་ཡིན་པ་དག་རྒྱུན་ཏུ་སྣང་ངོ་། །རབ་རིབ་མེད་པས་བསྟན་དུ་ཟིན་ཀྱང་རབ་རིབ་མེད་པ་དེ་ལྟར། རང་གི་ངོ་བོ་མ་མཐོང་བའི་ཚུལ་གྱིས་རྟོགས་པར་བྱ་བ་ཇི་ལྟར་གནས་པ་བཞིན་རྟོགས་པར་མི་ནུས་ཀྱི། འོ་ན་ཅི་ཞེ་ན། རབ་རིབ་མེད་པས་བསྟན་པ་ལས་འདི་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་ཏུ་ནི་རྟོགས་པར་འགྱུར་ལ། གང་གི་ཚེ། དེ་སྨན་པ་མཁས་པས་རབ་རིབ་སེལ་བའི་མིག་སྨན་རེང་བུར་ལེགས་པར་སྦྱར་བ་ཡང་དག་པར་བསྟན་པས། སྐྱོན་གྱི་མཐུ་ཉམས་ཤིང་རབ་རིབ་དང་བྲལ་ཏེ་མིག་རྣམ་པར་དག་ཅིང་དྲི་མ་མེད་པར་གྱུར་པ་དེའི་ཚེ། སྔར་མཐོང་བའི་སྐྲ་ཤད་ལ་སོགས་པ་དག་མ་མཐོང་བའི་ཚུལ་གྱིས་མཐོང་བ་བཞིན་དུ། རྣལ་འབྱོར་པ་མཁས་པ་ཡང་སྔོན་ཐོག་མ་མེད་པའི་དུས་ནས་བསགས་པའི་སྐྱོན་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པས་བློ་གྲོས་ཀྱི་མིག་བསྒྲིབས་པའི་ཚེ་ན། རང་གི་རྣམ་པར་རྟོག་པས་སྒྲོ་བཏགས་པ་གཟུགས་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་དང་། མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དག རྒྱུ་དང་འབྲས་བུ་དང་། གཅིག་པ་ཉིད་དང་། ཐ་དད་པ་ཉིད་དང་། གཉི་ག་ཉིད་དང་། ཡོད་པ་དང་། མེད་པ་དང་། རྟག་པ་དང་། ཆད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་རྟོག་པ་རྣམ་པ་དཔག་ཏུ་མེད་པ་བྱེ་བྲག་ཐ་དད་པ། ཐ་དད་པར་གྱུར་པའི་དངོས་པོ་རྣམས་རྣམ་པ་དུ་མར་སྣང་ངོ་། །གང་གི་ཚེ་འཕགས་པ་རྣམས་སྒྲོ་བཏགས་པའི་སྒོ་ནས་དེ་ཁོ་ན་ཉིད་སྟོན་མོད་ཀྱི། དེ་ལྟ་ན་ཡང་དེ་ཙམ་གྱིས་འཕགས་པ་མ་ཡིན་པ་རྣམས་ཀྱི་དེའི་རང་གི་ངོ་བོ་རྟོགས་པར་མི་འགྱུར་ལ། གང་གི་ཚེ་དེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པའི་བདག་ཉིད་སྟོང་པ་ཉིད་མཐོང་བའི་མིག་སྨན་ཡོངས་སུ་བརྟེན་པས་འདོད་ཆགས་ལ་སོགས་པའི་སྐྱོན་ཤས་ཆེན་པོའི་རབ་རིབ་ཀྱི་ལིང་ཐོག་ཞི་བར་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་མཁྱེན་པ་སྐྱེས་པའི་དུས་ན་ཅི་ཡང་མ་གཟིགས་པས། སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་ཅིང་ཐོགས་པ་མེད་པས་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ་སྐད་ཅིག་ལ་གཟིགས་ཏེ་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་དང་། མངོན་སུམ་དུ་གཟིགས་པ་རྣམ་པར་རྟོག་པ་དང་། ཕྱིན་ཅི་ལོག་མི་མངའ་བ་བརྙེས་པའི་ཕྱིར་རོ། །དཔེ་དང་པོའི་དོན་ནོ། །གཉིད་ལོག་པའི་རྨི་ལམ་ན་མེད་བཞིན་དུ་ཡང་གཉིད་ཀྱི་དབང་གིས་དངོས་པོ་སྣ་ཚོགས་པ་དག་རྨི་ལམ་དུ་མཐོང་པར་གྱུར་པ་ན། ཐམས་ཅད་ལ་ཡང་དག་པའི་འདུ་ཤེས་འབྱུང་བར་འགྱུར་རོ། །དེ་ནས་གཉིད་སད་ཙམ་ན་དེ་ཅི་ཡང་མི་མཐོང་སྟེ། རྨི་ལམ་དུ་སྣང་བའི་དངོས་པོ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་པ་ཡང་སྔོན་མི་ཤེས་པའི་གཉིད་ཀྱིས་བློ་གྲོས་རྣམ་པར་རྨོངས་པའི་ཚེ་ན་ཀུན་རྫོབ་ཀྱི་དངོས་པོ་རྒྱུན་མི་ཆད་པ་ཉེ་བར་བསྟན་ཅིང་ཤེས་པར་བྱས་པ་དག གང་གི་ཚེ་བློ་གྲོས་ཀྱི་མིག་བྱེ་བར་གྱུར་ཅིང་མ་རིག་པའི་བག་ཆགས་ཀྱི་གཉིད་སད་པ་བདེ་བར་གཤེགས་པའི་ཡེ་ཤེས་དྲི་མ་མེད་པ་ཤར་བར་གྱུར་པ་དེའི་ཚེ་ན་ཅི་ཡང་མི་གཟིགས་ཏེ། དངོས་པོའི་ངོ་བོ་ཉིད་མི་དམིགས་པའི་ཕྱིར་རོ། །གཉིས་པའི་དོན་ནོ། །མཚན་མོ་མུན་པའི་དབང་གིས་འཇིགས་སུ་རུང་བ་དག་མཐོང་བ། ཉི་མ་ཤར་བ་ན་མེད་པར་འགྱུར་པ་བཞིན། སེམས་ཅན་སྲིད་པའི་མཚན་མོ་མ་རིག་པའི་མུན་པས་ཤེས་པའི་སྣང་བ་བསྒྲིབས་པའི་མུན་ཁྲོད་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་བློ་གྲོས་དཀྲུགས་པ་དག་གི་ནང་དང་། ཕྱི་རོལ་གྱི་དངོས་པོ་དོན་དམ་པ་མ་ཡིན་པ་ཡུལ་དང་། ཡུལ་ཅན་གྱི་ངོ་བོ་ཉིད་དུ་ངེས་པར་གནས་པ་འཇིགས་སུ་རུང་བ་དག་མཐོང་ངོ་། །དེ་ཉིད་ཀྱིས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཤེས་པའི་ཡང་དག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་ནས། མི་ཤེས་པའི་བག་ཆགས་དང་མཚམས་སྦྱོར་བའི་ཉོན་མོངས་ཐམས་ཅད་བསལ་བའི་ཚེ་ན་སེམས་དང་སེམས་ལས་བྱུང་བའི་སྤྱོད་ཡུལ་དང་བཅས་པ་རྣམས་དངོས་པོ་དང་ངོ་བོ་ཉིད་དུ་མ་གཟིགས་ཤིང་མི་དམིགས་ཏེ། བླ་ན་མེད་པའི་ཡེ་ཤེས་ཤར་བ་ན་དབུགས་ཕྱིན་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །དཔེ་གསུམ་པའི་དོན་ནོ། །དེ་ལྟར་སློབ་དཔོན་གྱིས། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང་། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་ཀུན་རབ་རིབ་བྲལ་གྱུར་ཅིང་། །ཡང་དག་མཁྱེན་ཅན་དྲི་མེད་ལའང་། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་མེད་ཁང་། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཅིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མིན་མཐོང་བ། །ཉི་མ་ཤར་ཅིང་མིག་བྱེ་ཚེ། །སྣང་བར་གྱུར་པ་མ་ཡིན་ལྟར། །དེ་བཞིན་མཁས་པས་ཡང་དག་གི །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་གསལ་པོར་གསུངས་སོ། །དེ་ཉིད་འདིར་རྗེ་བཙུན་གྱིས། བགེགས་བས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱ་ས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཞེས་གསུངས་ལ། ཅིའི་ཕྱིར་དོན་དམ་པར་ཡོད་པ་དང་མེད་པ་གཉིས་ཀ་ལས་དབེན་ན། མེད་པ་ཁོ་ནས་དེ་ཕལ་ཆེར་བསྟན་ཅེ་ན། འདི་ནི་བྱིས་པ་རྣམས་ཐོག་མ་མེད་པའི་འཁོར་བ་ནས་ཡོད་པ་ལ་མངོན་པར་ཞེན་པས། དེ་བསལ་བ་ལ་ཆེས་འབད་པའི་ཕྱིར་དགག་པ་གཙོ་ཆེར་མཛད་པས། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་བཏགས་ཡོད་དང་མེད་པ་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་ཞིག་འདི་ཤེས་ངེས་པར་འབྱུང་། །ཞེས་བྱ་བ་ལ་སོགས་པ་མེད་པའི་བསྔགས་པ་མཛད་པས་བསྟན་ཏོ། །དེ་ལྟར་ཡོད་པའི་མངོན་པར་ཞེན་པ་ལོག་པ་ན་ཡང་མེད་པའི་མངོན་པར་ཞེན་པར་ཇི་ལྟར་མི་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ་ཡོད་པ་བརྫུན་པར་ཤེས་པ་དེའི་གྲོགས་བལྟོས་པས་བཞག་པ་མེད་པ་བརྫུན་པ་ཡིན་པར་ཤེས་པ་ངེས་པར་འབྱུང་སྟེ། དེ་ལྟར་ན། གང་ཚེ་གང་ནི་མེད་དོ་ཞེས། །བརྟག་པའི་དངོས་པོ་མི་དམིགས་པ། །དེ་ཚེ་ཅུང་ཟད་མེད་དོ་ཞེས། །རྟོག་པ་གཉིས་ཀྱིས་སྤངས་པར་འགྱུར། །ཞེས་གསུངས་སོ། །དེ་རྒྱས་པར་རྩ་བ་ཤེས་རབ་ལ་བརྟེན་ནས་བཤད་པར་བྱ་སྟེ། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་ཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །གང་གི་ཞེས་བྱ་བ་འདི་སྤྱིའི་སྒྲ་ཡིན་ཀྱང་། འདིར་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པར་མཛད་པའི་བཅོམ་ལྡན་འདས་ཉིད་བརྗོད་པར་བཞེད་པ་ཡིན་ལ། དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་རྐྱེན་ལ་བལྟོས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏོ། །འགག་པ་ཞེས་བྱ་བ་ནི་འཇིག་པའོ། །སྐྱེ་བ་ཞེས་བྱ་བ་ནི་འབྱུང་བའོ། །ཆད་པ་ཞེས་བྱ་བ་ནི་རྒྱུན་ཆད་པའོ། །རྟག་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་གནས་པའོ། །འོང་བ་ཞེས་བྱ་བ་ནི་ཚུར་འོང་བའོ། །འགྲོ་བ་ཞེས་བྱ་བ་ནི་ཕར་འགྲོ་བའོ། །ཐ་དད་དོན་ཅེས་བྱ་བ་ནི་དོན་ཐ་དད་པའོ། །དོན་ཅིག་ཅེས་བྱ་བ་ནི་དོན་ཐ་མི་དད་པ་སྟེ། གཞན་མ་ཡིན་པ་ཞེས་བྱ་བ་གང་ཡིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཇི་ལྟར་འགག་པ་ལ་སོགས་པ་མེད་པ་དེ་ལྟར་ནི་རྩ་བ་ཤེས་རབ་ཀྱི་གཞུང་མཐའ་དག་གིས་སྟོན་པར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཁྱད་པར་མཐའ་ཡས་པ་ཡོད་དུ་ཟིན་ཀྱང་བརྒྱད་ཉེ་བར་བཀོད་པ་ནི་འདི་དག་ཁོ་ན་གཙོ་བོར་རྩོད་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་རོ། །འགག་པ་མེད་པ་དང་པོར་བཤད་པ་ནི། སྐྱེ་བ་དང་འགག་པ་ལ་གོ་རིམས་ཀྱི་ངེས་པ་མེད་པར་སྟོན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟར་གནས་པ་བཞིན་འཕགས་པ་རྣམས་ཀྱིས་གཟིགས་ན། བརྗོད་བྱ་དང་། རྗོད་བྱེད་དང་། མཚན་ཉིད་དང་། མཚོན་བྱ་ལ་སོགས་པའི་སྤྲོས་པ་རྣམས་རྣམ་པ་ཐམས་ཅད་དུ་བཟློག་པའི་ཕྱིར་རོ། དེའི་ཕྱིར་སྤྲོས་པ་དག་ཉེ་བར་ཞི་བས་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་སྤྲོས་པ་ཉེར་ཞི་ཞེས་བྱའོ། །འདི་ལ་སེམས་དང་སེམས་ལས་བྱུང་བའི་འཇུག་པའི་ཡང་མེད་པ་དང་། ཤེས་པ་དང་ཤེས་བྱེད་ཀྱི་ཐ་སྙད་ལོག་པའི་སྒོ་ནས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པའི་ཉེ་བར་འཚེ་བ་མ་ལུས་པ་དང་བྲལ་བའི་ཕྱིར་ན་ཞི་བའོ། །ཇི་སྐད་བསྟན་པ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་ཉག་གཅིག་དོན་ཕྱིན་ཅི་མ་ལོག་པར་གསུང་བ་ཉིད་དུ་གཟིགས་ཤིང་ཕ་རོལ་པོའི་སྨྲ་བ་ཐམས་ཅད་བྱིས་པ་རྡོལ་ཐབས་སྨྲ་བ་དང་འདྲ་བར་ཐུགས་སུ་ཆུད་དེ། དེ་ནས་སློབ་དཔོན་ཤིན་ཏུ་དད་པ་དང་ལྡན་པར་གྱུར་པས། སླར་ཡང་བཅོམ་ལྡན་འདས་ལ་ཁྱད་པར་དུ་མཛད་པ་ནི་སྨྲ་བ་རྣམས་ཀྱི་དམ་པ་ཞེས་བྱ་སྟེ། དེ་ལ་བསྟན་བཅོས་ཀྱི་ཐོག་མར་ཕྱག་འཚལ་བ་མཛད་དོ། །དེ་ནས་གྲངས་ཅན་དག་ནུས་པ་དང་གསལ་བ་ནི་བདག་ཉིད་ཐ་མི་དད་པའི་ཕྱིར་བདག་ཉིད་བཞིན་ཏེ། དེ་ལས་སྐྱེ་བར་འདོད་པས་ཏེ། དེ་དག་གི་ཅི་བདག་ལས་ཞེས་བྱ་སྟེ། འབྲས་བུའི་བདག་ཉིད་ལས་སམ། འོན་ཏེ་རྒྱུའི་བདག་ཉིད་ལས་དེ་དག་ཅིར་འགྱུར། གལ་ཏེ་འབྲས་བུའི་བདག་ཉིད་ལས་ནི་གྲུབ་པ་ལ་བསྒྲུབ་པའོ། །འོན་ཏེ་རྒྱུའི་བདག་ཉིད་ལས་ནི་འགལ་བ་ཉིད་དེ། སྐྱེ་བ་ཅན་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བའི་ཕྱིར། ཞེས་བཟློག་པ་ལས། བདག་ལས་སྐྱེ་བར་རྟོག་པ་དང་། བྱེ་བྲག་པ་དག གཞན་རྡུལ་ཕྲ་རབ་ཕྲ་མོ་གཉིས་ལས་སོགས་པའི་རིམ་གྱིས། ས་དང་། ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་སྐྱེ་བར་གྲུབ་པ་མངོན་པར་འདོད་པས་བཟློག་པས་གཞན་སྐྱེ་དང་། གྲངས་ཅན་དག་ཁ་ཅིག བྱེད་རྒྱུ་རྣམ་པར་ཕྱེ་བ་དང་། རྣམ་པར་ཕྱེ་བས་ས་ལ་སོགས་པ་དང་། ས་བོན་གྱི་མཚན་ཉིད་དག་ལས་འབྲས་བུ་མྱུ་གུ་ཞེས་བྱ་བ་སྐྱེའོ་ཞེས་སྨྲ་ཞིང་། གཉིས་ལས་སྐྱེ་བར་སེམས་པ་དང་། གཅེར་བུར་རྒྱུ་བའི་ཕྱོགས་ཀྱང་། གསེར་གྱི་སོར་གདུབ་ནི་གསེར་དང་། མེ་ལ་སོགས་པ་ལས་བདག་དང་གཞན་ལས་སྐྱེ་བར་སྨྲ་བའི་ཕྱིར་དང་། རྒྱང་འཕེན་པ་དག་ཐམས་ཅད་རྒྱུ་མེད་པ་ལས་གྲུབ་པར་འདོད་པ་དང་། ཕུར་བུ་པ་ངོ་བོ་ཉིད་ལས་སྐྱེ་བར་འདོད་པ་དང་། གཞན་ཡང་། དབང་ཕྱུག་གམ། དུས་ལ་སོགས་པ་རྒྱུར་འདོད་པ་དེ་དག་ཀྱང་། བདག་གམ་གཞན་ནམ་གཉི་གའམ་རྒྱུ་མེད་པ་ཞིག་ལ་རྟོག་གྲང་ན་ཐམས་ཅད་དུ་འཐད་པ་མ་ཡིན་ནོ་སྙམ་དུ་ངེས་པར་མཛད་ནས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །གང་དག་ཅེས་བྱ་བའི་སྒྲ་ནི་བརྟེན་པའི་ཚིག་སྟེ། སུ་དག་ཅེས་བྱ་བའི་སྒྲའི་རྣམ་གྲངས་སོ། །གང་ན་ཡང་ཞེས་བྱ་བའི་སྒྲ་ནི་རྟེན་གྱི་ཚིག་སྟེ། འགའ་ཞིག་ན་ཡང་ཞེས་བྱ་བའི་སྒྲའི་རྣམ་གྲངས་སོ། །ནམ་ཡང་ཞེས་བྱ་བ་ནི་གཞར་ཡང་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་བདག་ལས་དངོས་པོ་གང་དག་གང་ན་ཡང་། སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་སྦྱར་བར་བྱའོ། །དེ་བཞིན་དུ་དམ་བཅའ་བ་གསུམ་པོ་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་བདག་ལས་སྐྱེ་བ་མ་ཡིན་པ་ཉིད་དོ་ཞེས་ངེས་པར་གཟུང་བ་ན། གཞན་ལས་སྐྱེའོ་ཞེས་འདོད་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མེད་པར་འགོག་པ་བརྗོད་པར་འདོད་པའི་ཕྱིར་དང་། གཞན་ལས་སྐྱེ་བ་ཡང་འགོག་པར་འགྱུར་བའི་ཕྱིར་རོ། །སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས། ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་སྐྱེ་བར་མི་འགྱུར་རོ། །ཞེས་དང་། དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དེ། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཞེས་དང་། དངོས་པོ་རྣམས་ནི་གཉི་ག་ལས་སྐྱེ་བ་ཡང་མ་ཡིན་ཏེ། ཕྱོགས་གཉི་ག་ལ་སྨྲས་པའི་ཉེས་པར་ཐལ་བའི་ཕྱིར་དང་། རེ་རེ་ལ་སྐྱེད་པར་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་འཆད་དོ། །དེའི་གཏན་ཚིགས་གསུམ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། །གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། ཞེས་བྱ་བ་ལ་སོགས་པའི་རྩོད་པ་བཀོད་ནས་སུན་འབྱིན་པ་ཟླ་བ་གྲགས་པས་ཚིག་གསལ་དུ་གསལ་བས་ལུགས་འདི་སྐྱོན་མེད་དུ་གྲུབ་པོ། །ལེགས་ལྡན་འབྱེད་ནི་འདིར་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར་དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །གལ་ཏེ་གཏན་ཚིགས་ཡོད་པ་ཉིད་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་བསྟན་པས། གཏན་ཚིགས་ཉིད་མ་ཡིན་ནོ་ཞེ་ན། མེད་པ་ཁོ་ནའི་ཕྱིར་དེ་ལས་ལྡོག་པ་མེད་པས་འདི་དང་ཐམས་ཅད་ལ་ཉེས་པ་མེད་དོ། །ཞེས་དང་། འདིར་ཡང་གཞན་གྱི་བདག་ཉིད་ཡིན་པས་ཕྱོགས་ཀྱི་ཆོས་མངོན་ནོ། །དེས་ནི་དེའི་དབང་གིས་སོ། །འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་ན་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་ལས་སྐྱེ་བ་མེད་དོ། །གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །གཉིས་ལས་སྐྱེ་བར་སེམས་པས་དེའི་ཕྱིར་དེ་དག་ལ་གཉིས་ལས་མ་ཡིན་ཞེས་བྱ་བར་བཀའ་སྩལ་ཏེ། ཅིའི་ཕྱིར་ཞེ་ན། ཕྱོགས་གཉིས་གར་བསྟན་པའི་བསྒྲུབ་པ་དག་གི་གཏན་ཁུངས་སུ་ཆུད་པར་འགྱུར་བའི་ཕྱིར་དང་། གཉིས་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཡང་ངོ་། རྒྱུ་མེད་མིན་ཞེས་བྱ་སྟེ། ཅིའི་ཕྱིར་ན། དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་། རྗེས་སུ་དཔག་པ་དང་། གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཡང་ངོ་། །ཞེས་འདོད་ལ། དེ་ལ་ཟླ་གྲགས་ཀྱིས། །སློབ་དཔོན་གྱི་ཁྱད་པར་དུ་མ་མཛད་པར་བདག་ལས་མ་ཡིན་ཞེས་སྤྱིར་སྐྱེ་བ་བཀག་པ་ཡིན་ནོ། །གང་ཞིག་དངོས་པོ་རྣམས་ནི་དོན་དམ་པར་བདག་ལས་སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་སེམས་བཞིན་ནོ། །ཞེས་ཁྱད་པར་དུ་བྱེད་པ་དེའི་དོན་དམ་པར་དོན་མེད་དོ་ཞེས་དགག་པར་མཛད་དོ། །འདིར་བགེགས་ཞེས་པ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་བར་དུ་གཅོད་པ་སྤྲོས་པའི་གདོན་རྣམས་སོ། །དེ་བཟློག་པར་བཞེད་ནས། ཁམས་གསུམ་བརྟན་དང་གཡོ་བར་བཅས་པ་ནི་དངོས་པོ་གང་དག་ཅེས་པའི་དོན་ནོ། །གདོད་ནས་ཞེས་བྱ་བ་ནི། ངོ་བོ་ཉིད་དམ་བདག་ཉིད་ཀྱི་ཚིག་གི་རྣམ་གྲངས་ཡིན་པ་ལས་འདིར་བདག་ཉིད་དོ། །ལྷན་ཅིག་སྐྱེས་པ་ཞེས་པ་ནི། རྐྱེན་དག་འདུས་པའི་མིང་སྟེ་གཞན་ལས་ཞེས་པ་དང་། མ་གྲུབ་ཞེས་པ་ནི། དེ་གཉིས་པོ་རེ་རེ་ལས་སྐྱེ་བར་མ་གྲུབ་པས་གཉིས་ལས་དང་། གཞི་མེད་ཅེས་བྱ་བ་ནི། རྒྱུ་མེད་ཅེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་ནི། སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དཔེར་ན་ས་བོན་དང་མྱུ་གུ་གཉིས་ལ་རང་བཞིན་འགའ་ཞིག་ཡོད་པར་གྱུར་ན་ནི། དེ་གཉིས་གཅིག་པའམ་གཞན་པ་ཉིད་དུའང་འགྱུར་བ་ཞིག་ན། གང་གི་ཚེ་དེ་དག་ལ་རང་བཞིན་ཡོད་པ་མ་ཡིན་པ་དེའི་ཚེ་རྨི་ལམ་དུ་དམིགས་པའི་ས་བོན་དང་མྱུ་གུ་དག་ལྟར་གཅིག་ཉིད་དམ་གཞན་ཉིད་དུ་ག་ལ་འགྱུར། དེའི་ཕྱིར། ས་བོན་ལ་བརྟེན་ནས་མྱུ་གུ་འབྱུང་ངོ་ཞེས་པ་ཙམ་ཞིག་ཐ་སྙད་དུ་ཁས་བླངས་པར་བྱ་སྟེ། སློབ་དཔོན་གྱིས། གང་ལ་བརྟེན་དེ་གང་བྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་ཆད་མིན་རྟག་པ་མིན། །ཞེས་གསུངས་སོ། །མུ་སྟེགས་བྱེད་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པར་གྲུབ་ནས། ད་ནི་རང་གི་སྡེ་པ་དག་གིས། འདི་སྐད་དུ། གཞན་ལས་སྐྱེ་བ་མ་ཡིན་ཏེ་ཞེས་སྨྲས་པ་དེ་ནི་རིགས་པ་མ་ཡིན་ཏེ། གང་གི་བཅོམ་ལྡན་འདས་ཀྱིས་གཞན་དུ་གྱུར་པ་དག་ཁོ་ན་དངོས་པོ་རྣམས་ཀྱི་སྐྱེད་པར་བྱེད་པར་བསྟན་པའི་ཕྱིར་ཏེ། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །ཞེས་སོགས་ཀྱིས་འཛེར་བ་ལ། གལ་ཏེ་འབྲས་བུར་གྱུར་པའི་དངོས་པོ་རྣམས་རྒྱུ་ལ་སོགས་པའི་རྐྱེན་གཞན་དུ་གྱུར་པ་འདུས་པའམ་སོ་སོ་བ་དག་གམ། རྒྱུ་དང་རྐྱེན་གྱིས་ཚོགས་པ་ལས་གཞན་འགའ་ཞིག་ལ་ཡང་རུང་སྟེ། སྐྱེས་པའི་སྔ་རོལ་ཏུ་ཡོད་པར་གྱུར་ན་ནི། དེ་དག་ལས་སྐྱེ་བར་འགྱུར་བ་ཞིག་ན། གང་ཞིག་སྐྱེ་བའི་སྔ་རོལ་དུ་ཡོད་པར་འགྱུར་བ་དེ་ལྟར་ཡང་མ་ཡིན་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །ཞེས་པ་ལ་སོགས་པས་རྐྱེན་བརྟག་པ་དང་། གལ་ཏེ་སྐྱེ་བ་བཀག་པ་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁྱད་པར་འགག་པ་མེད་པ་ལ་སོགས་པ་གྲུབ་མོད་ཀྱི། དེ་ལྟ་ན་ཡང་འགྲོ་བ་མེད་པ་དང་འོང་བ་མེད་པ་བསྒྲུབ་པར་བྱ་བའི་ཕྱིར། གལ་ཏེ་འགྲོ་བ་ཞེས་བྱ་བ་ངེས་པ་ཞིག་ཡོད་ན་དེ་སོང་བའི་ལམ་གྱི་རྣམ་པའམ། མ་སོང་བའམ་བགོམ་པ་ཞིག་ལ་བརྟག་གྲང་ན། རྣམ་པ་ཐམས་ཅད་དུ་རིགས་པ་མ་ཡིན་ནོ་ཞེས་བཤད་པ། རེ་ཞིག་སོང་ལ་མི་འགྲོ་སྟེ། །ཞེས་སོགས་ཀྱིས་འགྲོ་བ་དང་འོང་བ་བརྟག་པ་དང་། གལ་ཏེ་ཡང་འགྲོ་བ་དང་འགྲོ་བ་པོ་དང་བགྲོད་པ་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟར་ན་ཡང་གསུང་རབ་ལས་རབ་ཏུ་གྲུབ་པ་ལ་བལྟོས་ནས་ལྟ་བ་པོ་དང་ལྟ་བར་བྱ་བ་དང་། ལྟ་བ་ལ་སོགས་པ་རྣམས་ཡོད་པར་ཁས་བླངས་དགོས་སམ་ཞེ་ན། འདིར་ལྟ་བ་པོ་མེད་པས་བལྟ་བར་བྱ་བ་དང་ལྟ་བ་གཉིས་ཀྱང་མེད་དོ་ཞེས་སྟོན་པ་ལ། ལྟ་དེ་རང་གི་བདག་ཉིད་ཀྱི། །ཞེས་བྱ་བ་ལ་སོགས་པ་མཉན་པ་སོགས་བཞི་ལ་ཡང་བསྒྲེས་ནས་དབང་པོ་བརྟག་པ་དང་། གལ་ཏེ་དེ་ལྟར་དབང་པོ་རྣམས་མེད་ན་ཕུང་པོ་ལྔ་མ་བཀག་པའི་ཕྱིར་དང་། དབང་པོ་རྣམས་ཀྱང་དེའི་ཁོངས་སུ་འདུས་པ་དེའི་ཕྱིར་དེ་རྣམས་ཀྱང་ཡོད་པར་འགྱུར་རོ་ཞེ་ན། གལ་ཏེ་ཕུང་པོ་རྣམས་ཡོད་ན་དེ་ལྟར་འགྱུར་བ་ཞིག་ན་དེ་རྣམས་ནི་མེད་དོ་ཞེས་སྟོན་པ་ལ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །ཞེས་པ་ལ་སོགས་པས་གཟུགས་བཞིན་ཚོར་བ་ལ་སོགས་པ་ལ་ཡང་རྣམ་པར་དཔྱད་པ་ཕུང་པོ་བརྟག་པ་དང་། ཡང་ཁམས་རྣམས་ནི་ཡོད་དེ། བཀག་པ་མ་བྱས་པའི་ཕྱིར་རོ། །ཁམས་བཞིན་དུ་ཕུང་པོ་དང་སྐྱེ་མཆེད་ཀྱང་ཡོད་དེ་ཞེ་ན། །འདིར་གལ་ཏེ་ཁམས་རྣམས་ཉིད་ཡོད་ན་ཕུང་པོ་དང་སྐྱེ་མཆེད་རྣམས་ཡོད་པར་འགྱུར་ན་དེ་དག་ནི་མེད་དོ་ཞེས་སྟོན་པ་ལ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ཞེས་པ་ལ་སོགས་པས་ནམ་མཁའ་བཞིན་ས་ལ་སོགས་པ་ཁམས་ལྷག་མ་བཞི་ལ་ཡང་བསྟན་ནས་ཁམས་བརྟག་པ་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་ཡོད་པ་ཉིད་དེ། དེའི་རྟེན་ཅན་ཀུན་ནས་ཉོན་མོངས་པ་དམིགས་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེའི་རྟེན་ཅན་གྱི་ཀུན་ནས་ཉོན་མོངས་པ་ནི་དམིགས་པ་མེད་དེ། དཔེར་ན་མོ་གཤམ་གྱི་བུ་མོའི་ཀུན་ནས་ཉོན་མོངས་པ་བཞིན་ནོ་ཞེ་ན། གལ་ཏེ་འདོད་ཆགས་ལ་སོགས་པ་དག་ཉིད་ཡོད་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་གྱུར་ན། དེ་དག་ཡོད་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ལ། གལ་ཏེ་འདོད་ཆགས་སྔ་རོལ་ན། །ཞེས་བྱ་བ་ལ་སོགས་པས་འདོད་ཆགས་དང་ཆགས་པ་ལྟར། ཞེ་སྡང་དང་སྡང་བ་དང་། གཏི་མུག་དང་། རྨོངས་པ་ལ་ཡང་སྦྱར་ནས། ཆགས་པ་དང་ཆགས་པ་བརྟག་པ་དང་། ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་ཡོད་པ་ཉིད་དེ། དེ་དག་གི་འདུས་བྱས་པའི་མཚན་ཉིད་སྐྱེ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་ཁྱོད་ཀྱི་ལུགས་ལྟར་སྐྱེ་བ་ལ་སོགས་པའི་མཚན་ཉིད་ཡོད་ན་ནི། ཕུང་པོ་ཁམས་སྐྱེ་མཆེད་འདུས་བྱས་ཀྱི་རང་བཞིན་དག་ཡོད་པར་འགྱུར་བ་ཞིག་ན། དེ་དག་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ལ། གལ་ཏེ་སྐྱེ་བ་འདུས་བྱས་ན། །ལ་སོགས་པས་སྐྱེ་བ་བཞིན་གནས་པ་དང་། འཇིག་པ་ཡང་སྟེ། དེ་དག་བཀག་པས་འདུས་བྱས་ག་ལ་ཡོད། །དེ་མེད་ན་དེའི་བཟློག་པ་འདུས་མ་བྱས་ཀྱང་མེད་དོ་ཞེས་སྟོན་པ་འདུས་བྱས་བརྟག་པ་དང་། དེ་རྣམས་ནི་བགེགས་མེད་ཅེས་བྱ་བ་ལས་འཕྲོས་པའི་དོན་ནོ། །རྗེ་བཙུན་གྱིས། ལས་དང་ལས་ཀྱི་རྣམ་སྨིན་མེད། །ཅེས་གསུངས་པ་ནི། རྣམ་པར་ཤེས་པ་ལ་སོགས་པ་འདུས་བྱས་ཀྱི་ཆོས་འདུས་བྱས་ཀྱི་རང་བཞིན་ཅན་རྣམས་ནི་ཡོད་པ་ཉིད་དེ། དེའི་རྒྱུ་ལས་དང་བྱེད་པ་པོ་ཡོད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་མ་རིག་པ་དང་རྗེས་སུ་འབྲེལ་བའི་སྐྱེས་བུ་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་འདུ་བྱེད་དོ། །བསོད་ནམས་མ་ཡིན་པ་དང་མིག་གཡོ་བ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ཞེས་བྱ་བ་ལ་སོགས་པས་ལས་ཀྱི་བྱེད་པ་པོ་དང་། ལས་དེ་དང་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་འདུས་བྱས་ཀྱང་ཉེ་བར་བསྟན་པ་ཡིན་ནོ། །གང་ལ་བྱེད་པ་པོ་ཡོད་པ་དེ་ནི་ཡོད་པ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །གང་ཞིག་མེད་པ་དེ་ལ་ནི་བྱེད་པ་པོ་མེད་དེ། དཔེར་ན་རུས་སྦལ་གྱི་སྤུའི་གོས་བཞིན་ནོ། །ཞེ་ན་གལ་ཏེ་དེའི་སྐྱེད་པར་བྱེད་པ་ལས་དང་བྱེད་པ་པོ་གཉིས་ཡོད་ན་ནི། རྣམ་པར་ཤེས་པ་ལ་སོགས་པ་འདུས་བྱས་ཀྱང་ཡོད་པར་འགྱུར་བ་ཞིག་ན། དེ་དག་ནི་མེད་དོ་ཞེས་སྟོན་པ་ལ། བྱེད་པོ་ཡིན་པར་སྟོན་པ་སྟེ། ཞེས་བྱ་བ་ལ་སོགས་པས་ལས་དང་བྱེད་པ་པོ་བརྟག་པ་དང་། འདིར། དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་བྱ་བ་ཉིད་ཀྱིས་ཉེ་བར་བླངས་པ་དང་ཉེ་བར་ལེན་པ་པོའི་དོན་བརྟགས་ཟིན་པའི་ཕྱིར་ཡང་བཀོད་པ་མི་རིགས་པ་མ་ཡིན་ནམ་ཞེ་ན། འདི་ནི་བདེན་མོད་ཀྱི། འོན་ཀྱང་རྣམ་པར་དཔྱད་པར་བྱ་བ་ལ་གཙོ་བོར་གྱུར་པར་ཤེས་པར་བྱ་བའི་ཕྱིར། ཉེ་བར་བླངས་པ་དང་ཉེ་བར་ལེན་པ་པོ་ལོགས་པ་ཤིག་ཏུ་བཀོད་དེ། འདི་ལྟར་རབ་ཏུ་བྱེད་པ་ཕྱི་མ་དག་ཏུ་ཡང་འདི་གཉིས་ཁོ་ནའི་བརྟག་པ་ཕལ་ཆེར་འབྱུང་པར་འགྱུར་རོ། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །ཞེས་གང་སྨྲས་པ་ནི་མི་རིགས་ཏེ། འདི་ལྟར། ལྟ་དང་ཉན་ལ་སོགས་པ་དང་། །ཞེས་སོགས་ཀྱིས་ལྟ་བ་ལ་སོགས་པའི་སྔ་རོལ་དུ་དངོས་པོ་གནས་པར་མང་བཀུར་བ་སྨྲ་བ་ལ། ལྟ་དང་ཉན་ལ་སོགས་པ་དང་། ཞེས་བྱ་བ་ལ་སོགས་པས་བདག་གང་ཞིག་དེ་ལྟར་ཡོངས་སུ་བརྟགས་པ་ན་ལྟ་བ་ལ་སོགས་པ་དག་གི་སྔར་རམ་ཕྱིས་སམ་ལྷན་ཅིག་ཡོད་པ་མ་ཡིན་པ་དེའི་ཚེ། དམིགས་པ་མེད་པའི་རང་བཞིན་དེ་ལ་ཡོད་པའམ། མེད་པ་ཉིད་དུ་ཤེས་རབ་ཅན་སུ་ཞིག་རྟོག་པར་བྱེད། དེའི་ཕྱིར་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་གཉིས་ལས་དང་བྱེད་པ་པོ་བཞིན་དུ་ཕན་ཚུན་བལྟོས་པའི་གྲུབ་པ་ཉིད་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སྔ་རོལ་ན་གནས་པ་བརྟག་པ་དང་། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་གཉིས་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ནི་མ་ཡིན་ནོ་ཞེས་སྨྲས་པ་ནི་རིགས་པ་མ་ཡིན་ཏེ། དངོས་པོ་བལྟོས་པ་དང་བཅས་པ་རྣམས་ལ་ཡང་ངོ་བོ་ཉིད་དང་བཅས་པ་ཉིད་མ་མཐོང་བའི་ཕྱིར་རོ། །འདི་ལྟར་བུད་ཤིང་ལ་བལྟོས་ནས་མེ་འབྱུང་མོད་ཀྱི། མེ་རང་བཞིན་མེད་པ་ནི་མ་ཡིན་ཏེ། ཚ་བ་དང་བསྲེག་པར་བྱེད་པ་ཉིད་རང་བཞིན་དང་འབྲས་བུ་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་མེ་ལ་བལྟོས་ནས་བུད་ཤིང་ཡིན་མོད་ཀྱི། རང་བཞིན་མེད་པ་མ་ཡིན་ཏེ། བསྲེག་པར་བྱ་བ་སོགས་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཉེ་བར་ལེན་པ་ལ་བལྟོས་པ་དང་བཅས་པ་ཉེ་བར་ལེན་པ་པོ་དང་། ཉེ་བར་ལེན་པ་པོ་ལ་བལྟོས་པ་དང་བཅས་པའི་ཉེ་བར་ལེན་པ་ཡང་ངོ་བོ་ཉིད་ཡོད་པར་འགྱུར་རོ། །དེའི་ཕྱིར་མེ་དང་བུད་ཤིང་བཞིན་དུ་ཉེ་བར་ལེན་པ་དང་། ཉེ་བར་ལེན་པ་པོ་དེ་གཉིས་འབྱུང་བར་འགྱུར་རོ་ཞེ་ན། གལ་ཏེ་མེ་དང་བུད་ཤིང་དག་ཉིད་ཡོད་ན་དེ་ལྟར་འགྱུར་ཞིང་མེད་པས་ཞེས་སྟོན་པ་ལ། བུད་ཤིང་གང་དེ་མེ་ཡིན་ན། །ཞེས་བྱ་བ་ལ་སོགས་པས། མེ་དང་བུད་ཤིང་བཞིན་དུ། བདག་དང་ཉེ་བར་ལེན་པའི་གྲུབ་པའི་རིམ་པ་མ་ལུས་པ་ཁོང་དུ་ཆུད་པར་བྱེད་པ་མེ་དང་བུད་ཤིང་བརྟག་པ་དང་། ཡང་བདག་ནི་ཡོད་པ་ཡིན་ཏེ་འཁོར་བ་ཡོད་པའི་ཕྱིར་རོ། །གལ་ཏེ་བདག་ཡོད་པར་མ་གྱུར་ན་ནི། འགྲོ་བ་ལྔའི་འཁོར་བར་འགྲོ་བ་དང་འོང་བའི་ངོ་བོར་སྐྱེ་བ་དང་འཆི་བ་གཉིས་གཅིག་ཏུ་བརྒྱུད་པས་གང་ཞིག་འཁོར་བར་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང་། དགེ་སློང་དག་སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ། །སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པས། སྲེད་པའི་ཀུན་ཏུ་སྦྱོར་བ་ཅན་སྲེད་པའི་ལུ་གུ་རྒྱུད་ཀྱིས་བཅིངས་པ། འཁོར་ཞིང་རྒྱུག་པ་རྣམས་ཀྱི་སྔོན་གྱི་མཐའ་ནི་མི་མངོན་ནོ། །ཞེས་གསུངས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བསྟན་པས་འཁོར་བ་ཡོད་པ་དེའི་ཚེ་འཁོར་བ་པོ་ཡང་ཡོད་ལ། དེ་ལ་ཡང་བདག་ཅེས་བྱའོ་ཞེ་ན། གལ་ཏེ་འཁོར་བ་ཡོད་ན་བདག་ཀྱང་ཡོད་པར་འགྱུར་ན་ཡོད་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ལ། སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། ཞེས་སོགས་ཀྱིས་འཁོར་བ་ནི་ནམ་མཁའ་ལྟར་ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བའི་ཕྱིར་མིང་ཙམ་ཞིག་ཏུ་ཟད་པ་བཞིན་དུ། སྐྱེ་རྒ་དང་དངོས་པོ་གཞན་རྣམས་ལ་ཡང་ཡིན་ནོ་ཞེས་སྟོན་པ་སྔོན་དང་ཕྱི་མའི་མཐར་བརྟག་པ་དང་། བདག་ནི་ཡོད་པ་ཉིད་དེ་དེ་དང་འབྲེལ་བ་ཅན་གྱི་སྡུག་བསྔལ་ཡོད་པའི་ཕྱིར་རོ། །འདིར་ཉེ་བར་ལེན་པའི་ཕུང་པོ་ལ་སྡུག་བསྔལ་ཞེས་བརྗོད་དོ། །སྡུག་བསྔལ་དེ་ཡང་འགའ་ཞིག་ལ་འབྱུང་བར་བྱ་དགོས་ཏེ། རྟེན་མེད་པར་ནི་མ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་ལ་རྟེན་ཡོད་པ་ཉིད་ཡིན་ལ། དེ་ཡང་བདག་ཡིན་ནོ་ཞེ་ན། གལ་ཏེ་སྡུག་བསྔལ་ཉིད་ཡོད་ན། བདག་ཡོད་པར་འགྱུར་ན་དེ་ཡོད་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ལ། ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །ཅེས་སོགས་སྡུག་བསྔལ་ལ་བཞིན་ཕྱི་རོལ་གྱི་དངོས་པོ་ས་བོན་དང་མྱུ་གུ་དང་བུམ་པ་དང་སྣམ་བུ་ལ་སོགས་པ་དག་ཀྱང་རིག་པར་བྱ་ལ། ཇི་སྐད་བཤད་པའི་ཕྱོགས་བཞི་བསལ་ནས་སྡུག་བསྔལ་ཡང་རྐྱེན་ཉིད་འདི་པ་ཙམ་གྱིས་དོན་རྟེན་ཅིང་འབྲེལ་པར་འབྱུང་བར་གྲུབ་པར་ཁས་བླང་བར་བྱའོ། །ཞེས་སྟོན་པ་བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་དང་། དེ་ལྟར་རྣམ་པར་དཔྱད་པ་ན། དངོས་པོ་རྣམས་ལ་བདག་དང་གཞན་དང་གཉིས་ཀས་བྱས་པ་དང་། རྒྱུ་མེད་པ་ལས་བྱུང་བ་ཉིད་མེད་ཅིང་སྐྱེད་པར་བྱེད་པའི་རྣམ་པ་གཞན་ཡང་མེད་ལ། མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་བྱས་པ་རྣམས་ལ་དངོས་པོ་འདི་དག་སྐྱེ་བའི་ངོ་བོར་ཡང་སྣང་བ་དེའི་ཕྱིར། རང་བཞིན་མེད་པ་ཉིད་དུ་གྱུར་པ་ན་སྒྱུ་མའི་རྟ་དང་གླང་པོ་ཆེ་ལ་སོགས་པས་དེ་མི་ཤེས་རྣམས་ལྟར་བྱིས་པ་རྣམས་སླུ་བར་བྱེད་པ་ཡིན་ནོ། །ཞེས་སྟོན་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །སླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །མདོ་ལས། དགེ་སློང་དག་འདུས་བྱས་སླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ལ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་བདེན་པ་དམ་པའོ་ཞེས་བྱ་བ་དང་། འདུ་བྱེད་དེ་དག་སླུ་བའི་ཆོས་ཅན་ཉིད་ཡིན་པས་བརྫུན་པར་འགྱུར་རོ། །དེ་ལ་སླུ་བའི་ཆོས་ཅན་ནི་འདྲིད་པར་བྱེད་ཅིང་ཕྱིན་ཅི་ལོག་ཏུ་སྣང་བ་སྟེ། མགལ་མེའི་འཁོར་ལོ་བཞིན་ནོ། །དེའི་ཕྱིར་རང་བཞིན་མ་ཡིན་པ་ཉིད་ཀྱིས་ན་འདུ་བྱེད་ཐམས་ཅད་བརྫུན་པ་སྟེ། སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་སྨིག་རྒྱུའི་ཆུ་བཞིན་ནོ། །གང་ཞིག་བདེན་པ་དེ་ནི་སླུ་བའི་ཆོས་ཅན་མ་ཡིན་ཏེ། དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ། དེའི་ཕྱིར་བསྟན་པའི་རིགས་པ་དང་ལུང་འདི་ལས་དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་ནི་སྟོང་པ་སྟེ། རང་བཞིན་མེད་པའི་ཚུལ་གྱིས་སོ། །ཞེས་འབྱུང་བའི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་བསླུ་བའི་ཆོས་ཅན་ཉིད་ཀྱི་འདུ་བྱེད་ཐམས་ཅད་བརྫུན་པ་ཉིད་དུ་བསྟན་ན། དེ་ལྟར་ན་ནི་དངོས་པོ་ཐམས་ཅད་མེད་པས་དངོས་པོ་ཐམས་ཅད་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བ་ཉིད་དུ་འགྱུར་རོ།ཞེ་ན། གལ་ཏེ་སླུ་ཆོས་གང་ཡིན་པ། །དེའི་རྫུན་དེ་ལ་ཅི་ཞིག་སླུ། །གལ་ཏེ་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན་ནི། དེ་ལ་སྐུར་པ་བཏབ་པས་མེད་པར་ལྟ་བའི་ལོག་ལྟར་འགྱུར་ན། གང་གི་ཚེ་དངོས་པོ་ཉིད་ཅུང་ཟད་ཀྱང་མ་མཐོང་བ་དེའི་ཚེ་དེར་ཅི་ཞིག་གི་སླུ་བར་འགྱུར་ཏེ། འགའ་ཡང་དངོས་པོ་ཡོད་པར་མི་འགྱུར་བས། ཁྱོད་ཀྱིས་ཀླན་ཀ་འདི་ནི་མི་རིགས་སོ། །འདིར་གལ་ཏེ་དངོས་པོ་མེད་པའི་ལྟ་བ་ཡང་མི་སྟོན་ན། ལུང་འདིས་ཅི་ཞིག་སྟོན། བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་བསྟན་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་སྟོན་པ་མ་ཡིན་གྱི། འོན་ཅི་ཞེ་ན། སྟོང་པ་ཉིད་ཡོངས་སུ་སྟོན་པ་ཡིན་ཏེ། རང་བཞིན་གྱིས་མ་སྐྱེས་པ་ཡོངས་སུ་གསལ་བར་བྱེད་པའོ། །ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་སོ། །འདིར་ལུང་གིས་དངོས་པོ་རང་བཞིན་གྱིས་མ་སྐྱེས་པ་ཡོངས་སུ་གསལ་བར་བྱེད་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་བཞིན་མེད་པ་སྟེ། རང་བཞིན་མི་གནས་པ་དང་། འཇིག་པ་ཉིད་སྟོན་པར་བྱེད་པ་ཡིན་ནོ། །འདི་གང་ལས་ཤེས་ན། དངོས་རྣམས་ངོ་བོ་ཉིད་མེད་དང་། །གཞན་དུ་འགྱུར་བ་སྣང་ཕྱིར་རོ། །ཇི་སྐད་དུ། དངོས་པོ་རྣམས་ལ་རང་བཞིན་ཡོད་ན། དེའི་ཚེ་འདི་དག་གཞན་དུ་འགྱུར་བ་དམིགས་པར་མི་འགྱུར་ན། ཡོངས་སུ་འགྱུར་བ་ནི་དམིགས་པ་ཡང་ཡིན་ཏེ། དེའི་ཕྱིར་རང་བཞིན་མི་གནས་པ་ཉིད་མདོའི་དོན་ཡིན་པར་ཤེས་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་དང་། དངོས་པོ་ངོ་བོ་ཉིད་མེད་པ་ནི་ཡོད་པ་མ་ཡིན་ཏེ། དངོས་པོ་རྣམས་སྟོང་པ་ཉིད་དུ་ནི་འདོད་པ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་རྟེན་དུ་གྱུར་པ་དངོས་པོའི་རང་བཞིན་བརྗོད་དོ། །ཞེས་བྱ་བ་གང་ཡིན་པ་དེ་ཡང་མི་རིགས་སོ་ཞེས་གསུངས་པ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། མི་སྟོང་ཅུང་ཟད་ཡོད་མིན་ན། སྟོང་པའང་ཡོད་པར་ག་ལ་འགྱུར། །འདིར་སྟོང་པ་ཉིད་དང་བདག་མེད་པ་དག་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་ཁས་བླངས་པས་སྟོང་པ་ཉིད་མ་ཡིན་པའི་ཆོས་ཅི་ཡང་མེད་པའི་ཕྱིར་གཉེན་པོ་ལ་བལྟོས་པ་དང་བྲལ་བས་ནམ་མཁའི་མེ་ཏོག་གི་ཕྲེང་བ་ལྟར་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །གང་གི་ཚེ་སྟོང་པ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་རྟེན་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །འདིར་སྟོང་པ་ཉིད་ནི་ལྟ་བར་འགྱུར་བ་ཐམས་ཅད་ཀྱི་མངོན་པར་ཞེན་པ་ཐམས་ཅད་ངེས་པར་འབྱིན་པ་དེ་དག་ལས་ལོག་པ་གང་ཡིན་པ་དེ་ཡིན་ལ། ལྟ་བར་གྱུར་པ་རྣམས་ལོག་པ་ཙམ་ནི་དངོས་པོ་ཡང་མ་ཡིན་ནོ། །གང་དག་སྟོང་པ་ཉིད་དེ་ལ་ཡང་དངོས་པོར་ཞེན་པ་དེ་དག་ལ་ནི་ཁོ་བོ་ཅག་མི་སྨྲ་སྟེ། དེའི་ཕྱིར་ཁོ་བོ་ཅག་གིས་ཉེ་བར་བསྟན་པ་ལས་རྟོག་པ་མཐའ་དག་ལོག་ནས་ཐལ་བར་འགྱུར་བ་ག་ལ་ཡོད། །འདི་ལྟར་འགའ་ཞིག་ལ་ཁྱོད་ལ་ཟོང་ཅི་ཡང་མི་སྟེར་རོ་ཞེས་སྨྲས་པ་དང་། ཀྱེ་བདག་ལ་ཅི་ཡང་མེད་པ་ཞེས་བྱ་བའི་ཟོང་འདི་ཉིད་བྱིན་ཅིག་ཅེས་སྨྲ་ན། དེ་ཟོང་མེད་པར་འཛིན་དུ་གཞུག་པར་ཐབས་གང་གིས་ནུས། དེ་བཞིན་དུ་གང་དག་སྟོང་པ་ཉིད་ལ་ཡང་དངོས་པོར་མངོན་པར་ཞེན་པ་དེ་དག་གི་དེ་ལ་དངོས་པོར་མངོན་པར་ཞེན་པ་དེ་དག་གང་གིས་འགོག་པར་འགྱུར། ཞེས་སྟོན་པ་ལ་འདུ་བྱེད་བརྟག་པ་དང་། འདིར་སྟོང་པ་ཉིད་ལ་དངོས་པོར་ཞེན་པ་ཞེས་པ་ཡང་མེད་པར་ཞེན་པ་ཉིད་ཡིན་ནོ། །དངོས་པོའི་རང་བཞིན་ནི་ཡོད་པ་སྟེ། དེ་དག་གི་ཕྲད་པ་ཉེ་བར་བསྟན་པའི་ཕྱིར་རོ། །འདིར་གང་མེད་པ་དེ་ལ་ནི་ཕྲད་པ་མེད་དེ། དཔེར་ན་མོ་ཤམ་གྱི་བུ་དང་བུ་མོ་གཉིས་བཞིན་ནོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་དང་། གསུམ་འདུས་པ་ལས་རེག་པའོ། །རེག་པ་དང་ལྷན་ཅིག་འབྱུང་བ་ནི་ཚོར་བའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་ཞེས་བྱ་བའི་ཆོས་འདི་གཉིས་ནི་ཕྲད་པ་ཡིན་གྱི་མ་ཕྲད་པ་ནི་མ་ཡིན་ནོ། །ཞེས་འདུ་བྱེད་རྣམས་ནི་ཕྲད་པར་བསྟན་པ་ཡང་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕྲད་པ་བསྟན་པ་ལས་ནི་དངོས་པོའི་རང་བཞིན་ཡོད་པ་ཉིད་དོ་ཞེ་ན། གལ་ཏེ་ཕྲད་པ་ཉིད་ཡོད་པར་འགྱུར་ན། འདི་དེ་ལྟར་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ནོ། །གང་གི་ཕྱིར། བལྟ་བྱ་ལྟ་བ་ལྟ་བ་པོ། །ཞེས་སོགས་ཀྱིས་ཕྲད་པ་བརྟག་པ་དང་དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡོད་པ་ཉིད་དེ། དེ་དག་སྐྱེད་པར་བྱེད་པའི་རྒྱུ་དང་། རྐྱེན་ཉེ་བར་ལེན་པའི་ཕྱིར་རོ། །འདིར་གང་ཡོད་པ་མ་ཡིན་པ་དེ་ལ་ནི་སྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་ཉེ་བར་ལེན་པ་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །མྱུ་གུ་དང་འདུ་བྱེད་ལ་སོགས་པ་རྣམས་སྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་ས་བོན་དང་མ་རིག་པ་ལ་སོགས་པ་དག་ཉེ་བར་ལེན་པ་ཡང་ཡིན་ཏེ། དེའི་ཕྱིར་དངོས་པོའི་རང་བཞིན་ཡོད་པ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་དངོས་པོ་འདུ་བྱེད་མྱུ་གུ་ལ་སོགས་པ་རྣམས་ལ་རང་བཞིན་ཡོད་ན་ནི། དེའི་ཚེ་ཡོད་པར་གྱུར་པ་རྣམས་ལ་རྒྱུ་དང་རྐྱེན་དག་གིས་དགོས་པ་ཅི་ཞིག་ཡོད་དེ། ཇི་ལྟར་འདུ་བྱེད་དང་མྱུ་གུ་ལ་སོགས་པ་ད་ལྟ་བར་གྱུར་པ་རྣམས་ལ་ཡང་བསྐྱེད་པར་བྱ་བའི་ཆེད་དུ་མ་རིག་པ་དང་ས་བོན་ལ་སོགས་པ་དག་ཉེ་བར་ལེན་པ་མི་བྱེད་པ་དེ་བཞིན་དུ། གཞན་ལ་ཡང་དེ་བསྐྱེད་པར་བྱ་བའི་ཕྱིར་བླང་བར་མི་བྱ་བར་འགྱུར་ཏེ། དེའི་རང་བཞིན་ཡོད་པར་འགྱུར་བའི་ཕྱིར་ཞེས་བསྟན་པའི་ཕྱིར་རང་བཞིན་རྒྱུ་དང་རྐྱེན་ལས་ནི། །ཞེས་བྱ་བ་ལ་སོགས་པས། རང་བཞིན་གཏན་ཡོད་པ་མ་ཡིན་པ་དང་། ཆོས་ཐམས་ཅད་ཡོད་པ་མ་ཡིན་པའི་རང་བཞིན་ཅན་ཡིན་པ་དང་། དེ་དག་ལ་གཞན་དུ་འགྱུར་བ་ཡང་ཡོད་པ་མ་ཡིན་པ་བཞིན་དུ། ད་ལྟ་གང་ཞིག་དངོས་པོ་རྣམས་ཡོད་པ་ཉིད་དང་མེད་པ་ཉིད་དུ་རྟོག་པར་མི་བྱེད་དེ། དེ་ལྟར་རྟོག་པ་དེ་ལ་ནི་མཐའ་གཉིས་སུ་ཐལ་བར་འགྱུར་རོ་ཞེས་རང་བཞིན་བརྟག་པ་དང་། དེ་དག་ལས་དང་ལས་ཀྱི་རྣམ་སྨིན་མེད་ཅེས་པ་འཕྲོས་པ་དང་བཅས་པའོ། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །ཅེས་པ་འདིར་དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡོད་པ་ཉིད་དེ། འཁོར་བ་ཡོད་པའི་ཕྱིར་རོ། །འདི་ན་འཁོར་བས་ན་འཁོར་བ་སྟེ། འགྲོ་བས་ན་འགྲོ་བ་གཞན་དུ་འགྲོ་བ་ལ་འཁོར་བ་ཞེས་བྱའོ། །གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་ན། དེའི་ཚེ་སུ་ཞིག་འགྲོ་བ་ནས་འགྲོ་བ་གཞན་དུ་འགྲོ་ཞིང་འཁོར་བར་འགྱུར། མོ་ཤམ་གྱི་བུའི་འདུ་བྱེད་ཡོད་པ་མ་ཡིན་པ་དག་ནི་འཁོར་བར་མ་མཐོང་ངོ་། །དེའི་ཕྱིར་འཁོར་བ་ཡོད་པས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཡང་ཡོད་པ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་འཁོར་བ་ཉིད་ཡོད་ན་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པར་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ནོ། །འདིར་གལ་ཏེ་འཁོར་བ་ཡོད་ན་ནི་ངེས་པར་འདུ་བྱེད་དག་གམ་སེམས་ཅན་ཞིག་དེར་འགྱུར་གྲང་། གཉིས་ཀ་ལྟར་ཡང་ཉེས་པ་ཡོད་དོ་ཞེས་པ་ལ། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །ཞེས་བྱ་བ་ལ་སོགས་པས་འཁོར་བ་བཞིན་དུ། དེའི་འགལ་ཟླ་མྱ་ངན་ལས་འདས་པ་དང་། འདོད་ཆགས་ལ་སོགས་པའི་འཆིང་བས་བཅིངས་པ་བཞིན་དུ། དེ་དག་ལས་ཐར་པར་འདོད་པ་ཡང་བཀག་ནས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ཡང་མི་དམིགས་པར་སྟོན་པ་བཅིང་བ་དང་ཐར་པ་བརྟག་པ་དང་། འཁོར་བ་ནི་ཡོད་པ་ཉིད་དེ། ལས་དང་འབྲས་བུ་འབྲེལ་བའི་རྟེན་ཡིན་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་རྒྱུན་རྣམ་པར་ཆད་པ་མེད་པའི་རིམ་པས་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོ་འཇུག་པས་འདུ་ཤེས་སེམས་པ་དག་འཁོར་བར་འགྱུར་ན་ནི། དེ་ཚེ་ལས་དང་འབྲས་བུ་འབྲེལ་བར་འགྱུར་ན། ཇི་སྐད་སྨྲས་པའི་འཁོར་བ་མེད་ན་ནི། སེམས་ནི་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་དང་། ལས་འཕེན་པའི་དུས་ན་རྣམ་པར་སྨིན་པ་མེད་པའི་ཕྱིར་ལས་དང་འབྲས་བུའི་འབྲེལ་བ་མེད་པ་ཁོ་ནར་འགྱུར་རོ། །འཁོར་བ་ཡོད་ན་ནི་ལས་བྱས་བའི་ལས་ཚེ་རབས་གཞན་དུ་ཡང་རྣམ་པར་སྨིན་པའི་འབྲས་བུ་དང་འབྲེལ་པའི་ཕྱིར་ལས་རྣམས་འབྲས་བུ་དང་འབྲེལ་བ་མི་འགལ་བར་འགྱུར་རོ། །དེའི་ཕྱིར་ལས་དང་འབྲས་བུ་འབྲེལ་བའི་རྟེན་ཡིན་པའི་ཕྱིར་འཁོར་བ་ཡོད་པ་ཉིད་དོ། །ལས་དེ་དག་ཀྱང་གང་ཡིན་ཞིང་། དེའི་འབྲས་བུ་ཡང་གང་ཞིག་ཡིན་ཞེ་ན། བདག་ཉིད་ལེགས་པར་སྡོམ་པ་དང་། །ཞེས་བྱ་བ་ལ་སོགས་པས་རྒོལ་བ་ལ། ལས་རྣམ་པ་མང་པོ་ཞིག་བཤད་པ་གང་ཡིན་པ་དེ་ཅི་རྣམ་པར་སྨིན་པའི་དུས་ཀྱི་བར་དུ་གནས་པ་ཞིག་གམ། འོན་ཏེ་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར། མི་གནས་པ་ཞིག་ཡིན་གྲང་། རེ་ཞིག གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །ཞེས་པ་ལ་སོགས་པས། དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་དག་སྟེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དག་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ལས་ནི་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་དག་གོ །ལུས་ནི་ཁོག་པ་དག་གོ །བྱེད་པ་པོ་ནི་བདག་རྣམས་སོ། །འབྲས་བུ་ནི་རྣམ་པར་སྨིན་པ་དང་། བདག་པོ་དང་རྒྱུ་མཐུན་པ་རྣམས་ཏེ། ཉོན་མོངས་པ་ལ་སོགས་པའི་དོན་དེ་དག་ནི་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་ལ་སོགས་པ་ལྟར་རང་བཞིན་མེད་པར་རིག་པར་བྱའོ། །ཞེས་ལས་དང་འབྲས་བུ་བརྟག་པ་དང་། གལ་ཏེ་ཉོན་མོངས་པ་རྣམས་དང་། ལས་དག་དང་། ལུས་རྣམས་དང་། བྱེད་པ་པོ་དག་དང་། འབྲས་བུ་རྣམས་ཏེ། འདི་དག་ཐམས་ཅད་དེ་ཁོ་ན་ཉིད་མ་ཡིན་གྱི། འོན་ཀྱང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟར་དེ་ཁོ་ན་ཉིད་མ་ཡིན་བཞིན་དུ་བྱིས་པ་རྣམས་ལ་དེ་ཁོ་ན་ཉིད་རྣམ་པར་སྣང་བ་ཡིན་ན། ཡང་འདིར་དེ་ཁོ་ན་ཉིད་ནི་གང་ཟག་གི་ཡིན་ལ། དེ་ཁོ་ན་ཉིད་ལ་འཇུག་པ་ཡང་ཇི་ལྟར་ཡིན་ཞེ་ན། ནང་དང་ཕྱིའི་དངོས་པོ་མ་དམིགས་པས་ནང་དང་ཕྱི་ལ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་འདི་ནི་འདིར་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ལ་འཇུག་པ་ནི། འཁོར་བ་ནི་ཅིའི་རྩ་བ་ཡིན་ཞེས་དེ་ལྟར་ཉེ་བར་རྟོག་པར་བྱེད་ལ། དེ་དེ་ལྟར་ཉེ་བར་རྟོག་པ་ན་འཁོར་བ་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཉིད་དུ་མཐོང་ཞིང་བདག་ནི་འཇིག་ཚོགས་ལ་ལྟ་བ་དེའི་དམིགས་པ་ཡིན་པར་མཐོང་བས་བདག་ཁོ་ན་ལ་ཉེ་བར་རྟོག་པར་བྱེད་དོ། །བདག་ཏུ་འཛིན་པའི་ཡུལ་དེ་ཡང་བརྟགས་པ་ན་ཕུང་པོའི་རང་བཞིན་ནམ། ཕུང་པོ་ལས་ཐ་དད་པ་ཞིག་ཏུ་འགྱུར་གྲང་། དེ་ལ་རྟེན་དང་བརྟེན་པ་དང་དེ་དང་ལྡན་པའི་ཕྱོགས་རྣམས་ཀྱང་གཅིག་ཉིད་དང་གཞན་ཉིད་ཀྱི་ཕྱོགས་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང་། མདོར་བསྡུས་ནས་བརྗོད་པར་འདོད་པའི་ཕྱིར། གཅིག་ཉིད་དང་གཞན་ཉིད་ཀྱི་ཕྱོགས་གཉིས་བཀག་པ་ཉིད་ཀྱིས་བདག་དགག་པ་བརྩམ་པར་བཞེད་ནས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་ནས་རྣལ་འབྱོར་བས་དེ་ཁོ་ན་ཉིད་ལ་འཇུག་པས་ཉོན་མོངས་དང་སྐྱོན་མ་ལུས་པ་ཇི་ལྟར་སྤོང་བར་བཤད་པ་བདག་བརྟག་པ་དང་དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡོད་པ་ཉིད་དེ། དེ་དུས་གསུམ་དུ་གདགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདིས་དུས་གསུམ་པོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་ནི་བཅོམ་ལྡན་འདས་ཀྱིས་བསྟན་ལ། དེ་དག་ཀྱང་དངོས་པོའི་རྟེན་ཅན་ཡིན་ཏེ། གང་གི་ཕྱིར་དངོས་པོའི་རང་བཞིན་སྐྱེས་ནས་འགགས་པ་ལ་ནི་འདས་པ་ཞེས་སྙད་ལ། སྐྱེས་ལ་མ་འགགས་པ་ནི་ད་ལྟར་བ་ཡིན་ཞིང་། བདག་གི་དངོས་པོ་མ་རྙེད་པ་ནི་མ་འོངས་པ་ཡིན་ནོ། །དེ་ལྟར་ན་དངོས་པོའི་རང་བཞིན་གྱི་རྒྱུ་ཅན་དུས་གསུམ་བསྟན་ལ། དེ་དག་ཀྱང་ཡོད་པ་ཡིན་ཏེ། དེའི་ཕྱིར་དེའི་རྒྱུ་དངོས་པོའི་རང་བཞིན་ཅན་ཡང་ཡོད་དོ་ཞེ་ན། གལ་ཏེ་དུས་གསུམ་ཡོད་ན། དུས་གསུམ་དུ་གདགས་པའི་རྒྱུ་དངོས་པོའི་རང་བཞིན་ཡང་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་བལྟོས་གྱུར་ན། །ཞེས་བྱ་བ་ལ་སོགས་པས་དུས་བརྟག་པ་དང་། དུས་ནི་ཡོད་པ་ཉིད་དེ། འབྲས་བུ་འབྱུང་བ་ལ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་ཕྱིར་རོ། །གང་མེད་པ་དེ་ནི་ལྷན་ཅིག་བྱེད་པའི་ངོ་བོ་མ་ཡིན་ཏེ་མོ་གཤམ་གྱི་བུ་བཞིན་ནོ་ཞེ་ན། གལ་ཏེ་མྱུ་གུ་ལ་སོགས་པའི་འབྲས་བུ་འབྱུང་བ་ཉིད་ཡོད་ན་ནི་དུས་ལྷན་ཅིག་བྱེད་པའི་རྒྱུ་ཉིད་དུ་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ནོ། །ཇི་ལྟར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། །ཞེས་བྱ་བ་ལ་སོགས་པས་ཚོགས་པ་བརྟག་པ་དང་། འདི་ན་མྱུ་གུ་ལ་སོགས་པ་དག་དུས་འགའ་ཞིག་ལ་བལྟོས་ནས་ནི་འབྱུང་ཞིང་སྐྱེ་བར་འགྱུར་ལ། དུས་ཀྱི་ཁྱད་པར་འགའ་ཞིག་ལ་བལྟོས་ནས་ནི་འཇིག་ཅིང་རྣམ་པར་འཇིག་པར་འགྱུར་གྱི། རྒྱུ་དང་རྐྱེན་གྱི་ཚོགས་པ་ཡོད་ཀྱང་ཐམས་ཅད་ཀྱི་ཕྱིར་ནི་མ་ཡིན་ནོ། །དེའི་ཕྱིར་དུས་ཡོད་པ་ཉིད་དེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་ན་ནི། དུས་འབྱུང་བ་དང་འཇིག་པའི་རྒྱུ་ཉིད་དུ་འགྱུར་ན་ཡོད་པ་ནི་མ་ཡིན་ནོ། ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར། །འཇིག་པ་བྱུང་བ་མེད་པར་རམ། །ཞེས་བྱ་བ་ལ་སོགས་པས་འབྱུང་བ་དང་འཇིག་པ་བརྟག་པ་དང་། དེ་དག དེ་ཕྱིར་འཁོར་བའི་མིང་ཡང་མེད། །ཅེས་འཕྲོས་པ་དང་བཅས་པའོ། །སངས་རྒྱས་མེད་ཅེས་གསུངས་པ་ནི། །གལ་ཏེ་སྲིད་པའི་རྒྱུ་མེད་ན་ནི། དེ་ཚེ་དེ་བཞིན་གཤེགས་པ་ཡང་ཡོད་པར་མི་འགྱུར་ཏེ། སྐྱེ་བ་གཅིག་གིས་ནི་དེ་བཞིན་གཤེགས་པ་ཉིད་བརྙེས་པར་མི་སྤྱོད་དོ། །དེའི་ཕྱིར་སྲིད་པའི་རྒྱུན་ནི་ཡོད་པ་ཉིད་དེ། དེ་བཞིན་གཤེགས་པ་ཡོད་པའི་ཕྱིར་རོ་ཞེ་ན། འདིར་དེ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་རང་བཞིན་གྱིས་ཡོད་ན་ནི། དེའི་ཚེ་དུས་རིང་པོས་མངོན་པར་འགྲུབ་པའི་ཕྱིར་སྲིད་པའི་རྒྱུན་ཡོད་པར་འགྱུར་ན། དེ་བཞིན་གཤེགས་པར་འགའ་ཞིག་དངོས་པོའི་རང་བཞིན་དུ་དམིགས་པ་ཡང་མ་ཡིན་ཏེ། ཁྱོད་ཀྱིས་མ་རིག་པའི་རབ་རིབ་ཆེན་པོས་བློ་གྲོས་ཀྱི་མིག་ཉམས་པ་ཉིད་ཀྱིས་ཟླ་བ་གཉིས་ལ་སོགས་པ་ལྟར་ལོག་པར་དེ་བཞིན་གཤེགས་པ་ཞེས་བྱ་བར་དམིགས་པ་འབའ་ཞིག་ཏུ་ཟད་དོ། །ཞེས་སྟོན་པ་ལ། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་བརྟག་པ་དང་། སྒོམ་པ་པོ་མེད་ཅེས་གསུངས་པ་ནི། ཉོན་མོངས་པ་རྣམས་རང་བཞིན་གྱིས་མེད་པས་དེ་དག་སུས་སྤོང་བར་བྱེད། དེའི་ཕྱིར་ཉོན་མོངས་པ་མེད་ཅིང་དེ་སྤོང་བ་མེད་པས་དེ་སྤོང་བའི་ཐབས་ཚོལ་བ་དག་ག་ལ་ཡོད་ཅེས་དགོངས་པ་སྟེ། འདིར་སྲིད་པའི་རྒྱུན་ནི་ཡོད་པ་ཉིད་དེ། དེའི་རྒྱུ་ཡོད་པའི་ཕྱིར་རོ། །འདི་ན་ཉོན་མོངས་པ་རྣམས་ལས་ནི་ལས་འབྱུང་ཞིང་། ལས་དང་ཉོན་མོངས་པའི་རྒྱུ་ཅན་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་ཡང་ཉེ་བར་སྐྱེ་བར་འགྱུར་ལ། །དེ་ཡང་སྲིད་པའི་རྒྱུན་དུ་བསྙད་དོ། །དེའི་གཙོ་བོའི་རྒྱུ་ནི་ཉོན་མོངས་པ་རྣམས་ཡིན་ཏེ། ཉོན་མོངས་པ་སྤངས་པ་དག་ལ་དེ་མེད་པའི་ཕྱིར་རོ། །ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དེ་རྣམས་ནི་ཡོད་པ་ཡིན་ཏེ། དེའི་ཕྱིར་འབྲས་བུར་གྱུར་པ་སྲིད་པའི་རྒྱུན་ཡང་ཡོད་པར་འགྱུར་རོ་ཞེ་ན། གལ་ཏེ་དེའི་རྒྱུར་གྱུར་པ་ཉོན་མོངས་པ་དག་ཡོད་ན་ནི། སྲིད་པའི་རྒྱུན་ཡང་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ། །ཇི་ལྟར། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཞེས་བྱ་བ་ལ་སོགས་པས་ཕྱིན་ཅི་ལོག་བརྟག་པ་དང་། བསྒོམ་བྱ་མེད་ཅེས་གསུངས་པས། བསྒོམ་བྱ་འཕགས་པའི་བདེན་པ་དང་། བགྲོད་བྱ་ཅེས་པས་ཞུགས་འབྲས་ཀྱི་རྣམ་གཞག་བརྒྱད་དང་། ས་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། ལམ་རྟགས་མེད། དེ་ཐོབ་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། འབྲས་བུ་སྐུ་དང་ཡེ་ཤེས་མེད། །སྐུ་རྣམ་པ་གསུམ་དང་། མཁྱེན་བརྩེ་ནུས་པ་ལ་སོགས་པའི་ཡོན་ཏན་རྣམས་རང་བཞིན་མེད་པར་སྟོན་པ་སྟེ། དངོས་པོ་རྣམས་སྟོང་པར་སྨྲ་བ་ཁྱོད་ལ་འཕགས་པའི་བདེན་པ་བཞི་པོ་དག་ཀྱང་མེད་པར་ཐལ་བར་འགྱུར་ཞིང་། གང་གི་ཚེ་བདེན་པ་རྣམས་མེད་པས་བདེན་པ་ཡོངས་སུ་ཤེས་པ་མེད་ལ། དེ་མེད་པས་འབྲས་བུ་བཞི་ཐོབ་པ་མེད་ལ་དེ་མེད་པས་དགེ་འདུན་མེད་ལ། བྱང་ཆུབ་སེམས་དཔའ་ཡང་ཡོད་པ་མ་ཡིན་ལ། དེ་མེད་པས་ཆོས་མེད་ཅིང་སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་ཞེ་ན། རྣམ་པར་རྟོག་པ་ཁོ་ནས་མེད་པ་ཉིད་ནི་སྟོང་པ་ཉིད་ཀྱི་དོན་ཡིན་ནོ་སྙམ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཞེས་བྱ་བ་ལ་སོགས་པས་ཀླན་ཀ་སྨྲ་བ་ལ། ཁྱོད་ཀྱིས་ཡོངས་སུ་གཟུང་བ་གང་ཡིན་པ་འདི་ནི། ཁོ་བོ་ཅག་གི་བསྟན་བཅོས་འདིར་སྟོང་པ་ཉིད་ཀྱི་དོན་དུ་མ་སྨྲས་ལ། སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་ཕྱིར་སྟོང་པ་ཉིད་སྟོན་པ་ཡིན་ཞིང་། སྟོང་པ་ཉིད་ཀྱི་དོན་ཡང་སྤྲོས་པ་ཐམས་ཅད་ལོག་པའི་རང་བཞིན་ཡིན་ལ། དེ་མེད་པ་ཉིད་དུ་ག་ལ་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲའི་དོན་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་ཀྱི་སྒྲའི་དོན་ཡིན་གྱི། དངོས་པོ་མེད་པའི་སྒྲའི་དོན་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་སྒྲའི་དོན་མ་ཡིན་ནོ། །དེའི་ཕྱིར་ཀླན་ཀ་བཙལ་བ་འདིས་ནི་ངེད་ལ་མ་ཡིན་ཏེ། ཁྱོད་ཉིད་ལ་གནོད་པ་ཡིན་ནོ་ཞེས། དེ་ལ་བཤད་པ་ཁྱོད་ཉིད་ཀྱིས། །ཅེས་སོགས་ཀྱིས་བདེན་པ་གཉིས་དང་རྟེན་འབྱུང་དབུ་མའི་ལམ་བསྟན་ནས། རང་བཞིན་མེད་པ་ལ་དེ་དག་འཐད་ལ་རང་བཞིན་ཡོད་པ་ལ་མི་འཐད་དོ་ཞེས་སྟོན་པ་ལ་འཕགས་པའི་བདེན་པ་བརྟག་པ་དང་། དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཞེས་པ། མྱ་ངན་ལས་འདས་པ་ཡང་རང་བཞིན་མེད་པ་ཉིད་དུ་བསྟན་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན། འདི་ན་བཅོམ་ལྡན་འདས་ཀྱིས་གང་ཟག་ཚངས་པར་སྤྱོད་པ་བརྟེན་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་དང་ལྡན་པ་རྣམས་ལ། མྱ་ངན་ལས་འདས་པ་རྣམ་པ་གཉིས་གསུངས་ཏེ། ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པ། མྱ་ངན་ལས་འདས་པ་རྣམ་པ་གཉིས་པོ་དེ་ཇི་ལྟར་རུང་བར་འགྱུར་ཞེ་ན། གལ་ཏེ་ཉོན་མོངས་པ་རྣམས་དང་ཕུང་པོ་རྣམས་འགགས་པར་འགྱུར་བ་ནི་ཡིན་ན། གང་གི་ཚེ་འདི་དག་ཐམས་ཅད་སྟོང་པ་ཡིན་ཞིང་། ཅུང་ཟད་ཀྱང་སྐྱེ་བ་མེད་ལ་ཅུང་ཟད་ཀྱང་འགགས་པ་ཡང་མེད་པ་དེའི་ཚེ། གང་དག་འགགས་པ་ལས་མྱ་ངན་ལས་འདའ་བར་འགྱུར་བ་ཉོན་མོངས་པའམ་ཕུང་པོ་རྣམས་ཡོད་པར་ག་ལ་འགྱུར། དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་ཉིད་དོ་ཞེས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་བ་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བ་འདོད། ཅེས་པ་ལ་སོགས་པས་རྒོལ་བ་ལ། སྟོང་པ་ཉིད་དུ་སྨྲ་བ་རྣམས་མྱ་ངན་ལས་འདས་པ་ཉོན་མོངས་པ་བཟློག་པའི་མཚན་ཉིད་ཅན་ནམ། ཕུང་པོ་བཟློག་པའི་མཚན་ཉིད་ཅན་དུ་མི་འདོད་དོ། །འོ་ན་མཚན་ཉིད་གང་དང་ལྡན་པ་ཞིག་འདོད་ཅེ་ན་བརྗོད་པ། སྤངས་བ་མེད་པ་འཐོབ་མེད་པ། །ཞེས་སོགས་མྱ་ངན་ལས་འདས་པར་བཤད་དོ། །དེའི་ཕྱིར་རྣམ་པ་དེ་ལྟ་བུ་དེ་ལ་ཉོན་མོངས་པ་གང་དག་སྤངས་པས་དེ་མྱ་ངན་ལས་འདའ་བར་འགྱུར་བ། ཉོན་མོངས་པར་རྟོག་པ་ག་ལ་ཡོད་ཅིང་། ཕུང་པོ་གང་དག་འགགས་པས་དེ་འཐོབ་པར་འགྱུར་བ་ཕུང་པོར་རྟོག་པ་ཡང་ག་ལ་ཡོད། ཇི་སྲིད་དུ་རྟོག་པ་འདི་དག་འབྱུང་བ་དེ་སྲིད་དུ་མྱ་ངན་ལས་འདས་པ་ཐོབ་པ་ཡོད་པ་མ་ཡིན་ཏེ། སྤྲོས་པ་ཐམས་ཅད་ཟད་པ་ཉིད་ལས་དེ་འཐོབ་པའི་ཕྱིར་རོ། །ཇི་སྐད་དུ། འཕགས་པ་རིན་པོ་ཆེའི་ཕྲེང་བ་ལས། མྱ་ངན་འདས་པ་དངོས་མེད་པའང་། མིན་ན་དེ་དངོས་ག་ལ་ཡིན། །དངོས་དང་དངོས་པོ་མེད་འཛིན་པ། །ཟད་པ་མྱ་ངན་འདས་ཞེས་བྱ། །ཞེས་བཤད་དོ། །ཅི་སྟེ་མྱ་ངན་ལས་འདས་པ་ལ་ཉོན་མོངས་པ་རྣམས་མེད་ཅིང་ཕུང་པོ་རྣམས་ཀྱང་མེད་མོད་ཀྱི། དེ་ལྟ་ན་མྱ་ངན་ལས་འདས་པའི་སྔ་རོལ་ན་ཡོད་པ་ཡིན་ནོ། །དེའི་ཕྱིར་དེ་དག་འགགས་པ་ནི་སྤྲོས་པ་ཟད་པ་ལས་མྱ་ངན་ལས་འདས་པ་ཡིན་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། གང་གི་ཕྱིར་མྱ་ངན་ལས་འདས་པའི་སྔོན་རོལ་ན་རང་བཞིན་གྱིས་ཡོད་པ་རྣམས་ནི་ཡང་དངོས་པོ་མེད་པར་བྱ་བར་མི་ནུས་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་འདོད་པས་རྟོག་པ་འདི་དོར་བར་བྱའོ། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་འཆད་པར་འགྱུར་བར། རེ་ཞིག་མྱ་ངན་འདས་དངོས་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པས་མྱ་ངན་ལས་འདའ་བ་བརྟག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་གང་ཡིན་ཞེ་ན། དེའི་ཕྱིར་དེའི་ཡན་ལག་རབ་ཏུ་དབྱེ་བ། མ་རིག་སྒྲིབ་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །ཅེས་བྱ་བ་ལ་སོགས་པས་ལུགས་འབྱུང་དང་ལུགས་ལས་བཟློག་པ་བསྟན་པ་སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་དང་། གང་གི་དེ་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་པ་ཇི་ལྟ་བུར་གྱུར་པ་ཡང་དག་པ་མཐོང་བ་དེ་ནི་སྔོན་གྱི་མཐའ་ལ་བརྟེན་པར་མི་བྱེད། ཅེས་མདོ་ལས་འདོན་པ་ཡིན་ན། དེ་ལ་སྔོན་གྱི་མཐའ་ནི་གང་ཞིག་ཡིན་ཞིང་། ཕྱི་མའི་མཐའ་ཡང་གང་ཞིག་ཡིན་ལ། ཇི་ལྟར་ན་བརྟེན་པར་མི་བྱེད་པ་ཡིན་ཞེ་ན། དེ་དག་བསྟན་པའི་ཕྱིར། འདས་དུས་བྱུང་མ་བྱུང་ཞེས་དང་། །ཞེས་བྱ་བ་ལ་སོགས་པས་དངོས་པོའི་རང་བཞིན་མ་དམིགས་པས་མོ་གཤམ་གྱི་བུའི་སྔོ་བསངས་དང་དཀར་ཤམ་ཉིད་ལྟར་རྟག་པ་ལ་སོགས་པར་ལྟ་བ་རྣམས་མི་སྲིད་པར་སྟོན་པ་ལྟ་བ་བརྟག་པ་མཛད་དེ། དེ་ལྟར་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་གྱིས་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ལེགས་པར་ཕྱེ་བཡིན་ནོ། །དེ་ལྟར་ཤེས་བྱ་རང་བཞིན་མེད་པར་གཏན་ལ་ཕབ་ནས། ཤེས་པ་རང་བཞིན་མེད་པར་གཏན་ལ་ཕབ་པའི་ཕྱིར། རང་རིག་གཞན་རིག་ཡོད་མིན་ཏེ། །ཞེས་པ། མདོ་སྡེ་པ་དག་ཁ་ནང་དུ་ཕྱོགས་པའི་ཤེས་པ་རང་གིས་རང་མྱོང་བ་རང་རིག་མངོན་སུམ་དུ་འདོད་པ་དང་། སེམས་ཙམ་པ་དག བརྗོད་དུ་མེད་པའི་དངོས་པོ་ཙམ་ཞིག་རང་གིས་རིག་པར་སྨྲ་བའི་འདོད་པ་འདི་གཉིས། འཕགས་པ་ལངྐར་གཤེགས་པ་ལས། ཇི་ལྟར་རལ་གྲི་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། །རང་ལ་རེག་པ་མི་བྱེད་པ། རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་དེ་ཉིད་ཀྱིས་དེར་འཛིན་པ་མི་འཐད་དེ། རང་གི་བདག་ཉིད་ལ་བྱེད་པ་དང་འགལ་བའི་ཕྱིར་རོ། །འདི་ལྟར་རལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་ལ། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་མི་རེག་ཅིང་། ལེགས་པར་བསླབས་པའི་གཡེར་ཤིང་ཡང་ཟོར་ཅན་གྱིས་ཀྱང་རང་གི་ཕྲག་པ་ལ་གཞོལ་པར་མི་ནུས་ཤིང་། མེས་རང་གིས་རང་ཉིད་མི་བསྲེག་ལ། མིག་གིས་རང་གི་བདག་ཉིད་ལ་བལྟ་བ་མ་ཡིན་ནོ། །དེ་ནི་ཤེས་པ་གཞན་གྱིས་འཛིན་པ་ཡང་མ་ཡིན་ཏེ། རང་གི་གྲུབ་པའི་མཐའ་དང་འགལ་པའི་ཕྱིར་རོ་ཞེས། རང་རིག་ལ་བལྟོས་ནས་གཞན་རིག་ཅེས་བཞག་པའི་ཕྱིར། རང་རིག་མི་འཐད་པ་བཞིན་དུ་གཞན་རིག་ཀྱང་མི་འཐད་དོ་ཞེས་བསྟན་ནས། ཁྱོད་རང་གི་ལྟར་ན་ཇི་ལྟར་ཞེ་ན། དེ་ཕྱིར་གང་གི་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་བཞིན། །ཡུལ་ཉམས་སུ་མྱོང་བའི་ཤེས་པ་དེ་ལས་དྲན་པའི་ཤེས་པ་གཞན་ཉིད་དུ་མེད་དོ། །གང་གི་ཕྱིར་དྲན་པ་གཞན་ཉིད་ཡོད་པ་མ་ཡིན་པ་དེའི་ཕྱིར་གང་ཉམས་སུ་མྱོང་བས་མྱོང་བ་དེ་དྲན་པའི་ཤེས་པས་མྱོང་བ་ཡིན་པས་དྲན་པ་ཡུལ་དང་ལྡན་པར་འབྱུང་ལ། ཉམས་སུ་མྱོང་བའི་ཤེས་པས་ཡོངས་སུ་བཅད་པ་གང་ཡིན་པ་དེ་དྲན་པས་ཡོངས་སུ་མ་བཅད་པ་མ་ཡིན་པས་བདག་གིས་མཐོང་ངོ་། །རང་གིས་རིག་གོ་ཞེས་བྱ་བར་ཡང་འགྱུར་རོ། །འདི་ཡང་འཇིག་རྟེན་ཚུལ་ལུགས་ཀྱི་ཡིན་གྱིས་ཤིན་ཏུ་དཔྱད་པར་བྱ་བ་ནི་མ་ཡིན་ཏེ་བརྫུན་པའི་དོན་ཅན་ཉིད་ཀྱིས་འཇིག་རྟེན་པའི་ཐ་སྙད་ཡིན་པའི་ཕྱིར་རོ། །དེ་ཉིད་ཆོས་སོ་སོ་མ་འདྲེས་པ་རྣམ་པར་འབྱེད་པའི་ཆར་གྱུར་པ་ནི་སོ་སོར་རྟོག་པ་ཞེས་བྱ་ལ། དེ་ཟག་པ་མེད་པས་ན་སོ་སོ་རང་རིག་པ་ཞེས་པ་དེར་འགྱུར་རོ། །དེ་ལྟར་འཕགས་པ་ལྷས། བདེ་དེ་གང་གིས་རིག་སྙམ་ན། །ཡིད་ཀྱིས་རིག་པར་བྱེད་མོད་ཀྱི། །རང་བཞིན་མེད་ཕྱིར་རིག་བྱ་དང་། །རིག་བྱེད་གྱུར་པའི་སྐྱོན་མེད་དོ། །ཞེས་གསུངས་སོ།། །། གསུམ་པ་དེ་གཉིས་ཟུང་འཇུག་ཏུ་གཏན་ལ་ཕབ་པ་ནི། རྗེ་བཙུན་གྱིས། ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །ཞེས་གསུངས་ཏེ། གནས་ལུགས་སམ། གདོད་ནས་སམ། ཆོས་ཉིད་དམ། གཤིས་སམ། ངོ་བོ་ཉིད་དམ། རང་བཞིན་གྱི་ངོས་ནས་གང་དུ་གང་ཡང་བཞག་ཏུ་མེད་པས་སྟོང་པ་ཉིད་དམ། རང་བཞིན་མེད་པའམ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བཏགས་ཏེ། ཅིར་ཡང་མ་གྲུབ་པས་དེ་ལས་ཅིར་ཡང་འཆར་དུ་རུང་བ་ཡིན་ནོ། །གལ་ཏེ་རང་བཞིན་དུ་གྲུབ་ན་རང་བཞིན་ནི་གཞན་དུ་འགྱུར་བ་མི་སྲིད་པས་དེ་ལས་གཞན་པར་འཆར་དུ་མི་རུང་སྟེ། སོལ་བ་འོ་མས་བཀྲུས་པས་དཀར་པོར་མི་འགྱུར་བ་བཞིན་ནོ། །རྣམ་པའི་ཆ་ནས་ཅིར་སྣང་ཀྱང་རང་བཞིན་ལ་སླད་པ་མེད་པ། སྤྲིན་དང་། ཐལ་རླུང་དང་། ཉི་འོད་དང་། མུན་པ་དང་། ཟླ་འོད་ལ་སོགས་པ་སྣ་ཚོགས་པར་འགྱུར་བའི་བར་སྣང་བཞིན་ནོ། །དེའི་ཕྱིར་གདངས་ཀྱི་འགྱུར་བ་ལ་བལྟོས་ནས་ཀུན་རྫོབ་དང་། གཤིས་འགྱུར་མེད་ལ་བལྟོས་ནས་དོན་དམ་གཉིས་སུ་ཕྱེ་ལ། དེ་ལྟར་ཕྱེ་བའི་དབྱེ་ངོ་གཉི་ག་ཡང་རང་བཞིན་མེད་པའི་རང་བཞིན་དུ་རོ་མཉམ་པས་ཐ་དད་དུ་སུས་ཀྱང་འབྱེད་མི་ནུས་པའི་ཕྱིར་དབྱེར་མེད་དམ་ཟུང་འཇུག་ཅེས་བྱ་སྟེ་འཁྱག་པ་དང་ཆུ་བཞིན་ནོ། །དེ་ལྟ་བས་ན་གཞི་འབྲས་གཉིས་སུ་མི་ཕྱེད་པ་ལྟར་ལམ་དང་གཞི། ལམ་དང་འབྲས་བུ་དབྱེར་མི་ཕྱེད་པའང་ཤེས་པར་བྱའོ། །དེའི་ཕྱིར། བདེན་པ་གཉིས་སུ་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པ་མིན། །ཞེས་གསུངས་ཤིང་། ཅིར་ཡང་མ་གྲུབ་པས་ཅིར་ཡང་འཆར་བའི་རྒྱུ་མཚན་ཡང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་གང་ལ་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་འདི་རུང་བ་དེ་ལ་ཐམས་ཅད་རུང་བར་འགྱུར་རོ། །ཇི་ལྟར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྟོང་པ་ཉིད་ཅེས་སྨྲས་ཏེ། དེ་ཕྱིར་གང་ལ་སྟོང་པ་ཉིད་འདི་རུང་བ་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་རུང་ལ། གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་རུང་བ་དེ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་པོ་ཁྱད་པར་དུ་རྟོག་པ་ཐམས་ཅད་ཀྱང་རུང་ལ། ཆོས་དང་ཆོས་མ་ཡིན་པ་དག་དང་། དེའི་འབྲས་བུ་དང་། འཇིག་རྟེན་པའི་ཐ་སྙད་དག་ཀྱང་རུང་བར་འགྱུར་རོ། །དེའི་ཕྱིར་བྱིས་པ་སོ་སོ་སྐྱེ་བོ་ཚུལ་བཞིན་མ་ཡིན་པར་གཟུགས་ལ་སོགས་པར་རྟོག་པ་ལ་ནི་འདོད་ཆགས་ལ་སོགས་ཉོན་མོངས་པ་སྐྱེ་བར་འགྱུར་ཞིང་། དེ་ལས་མངོན་པར་འདུ་བྱེད་པའི་ལས་དང་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ལས་བྱུང་ལ། རྣམ་པར་རྟོག་པ་དེ་གང་ཀྱང་སྤྲོས་པ་དེ་ཡང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བས་འགག་པར་འགྱུར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དངོས་པོར་དམིགས་པ་ཡོད་ན་ནི་ཇི་སྐད་བཤད་པའི་སྤྲོས་པ་ཡོད་པར་འགྱུར་གྱི། མོ་གཤམ་གྱི་བུ་མོ་མ་དམིགས་པར་ནི་ཆགས་པ་ཅན་དག་དེའི་ཡུལ་ཅན་སྤྲོས་པ་འཇུག་པར་མི་བྱེད་དོ། །སྤྲོས་པ་མ་བཅུག་པར་ནི་དེའི་ཡུལ་ཅན་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་འཇུག་པར་མི་འགྱུར་རོ། །རྣམ་པར་རྟོག་པ་མ་བཅུག་པར་ཡང་ང་དང་ང་ཡིར་ཞེས་མངོན་པར་ཞེན་པ་ལས་ཉོན་མོངས་པའི་ཚོགས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་སྐྱེད་པར་མི་བྱེད་དོ། །ཉོན་མོངས་པའི་ཚོགས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་མ་སྐྱེད་པར་ནི་ལས་དག་བྱེད་པར་མི་འགྱུར་ལ། ལས་དག་མི་བྱེད་པ་རྣམས་ནི་སྐྱེ་བ་དང་རྒ་ཤི་ཞེས་བྱ་བའི་འཁོར་བ་ཉམས་སུ་མྱོང་བར་ཡང་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་སྟོང་པ་ཉིད་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་མཚན་ཉིད་ཅན་ལ་བརྟེན་ནས་སྤྲོས་པ་དང་བྲལ་བར་འགྱུར་ཞིང་། སྤྲོས་པ་དང་བྲལ་བས་ཀྱང་རྣམ་པར་རྟོག་པ་བཟློག་ཅིང་། རྣམ་པར་རྟོག་པ་ལོག་པས་ལས་དང་ཉོན་མོངས་པ་བཟློག་ལ། ལས་དང་ཉོན་མོངས་པ་བཟློག་པས་སྐྱེ་བ་བཟློག་པ་དེའི་ཕྱིར། སྟོང་པ་ཉིད་ཁོ་ན་སྤྲོས་པ་ཐམས་ཅད་ལས་ལོག་པའི་མཚན་ཉིད་ཅན་ཡིན་པས་མྱ་ངན་ལས་འདས་པ་ཞེས་བྱའོ། །དེའི་ཕྱིར་ཐར་པ་ཡང་འཐད་པས། ལས་དང་ཉོན་མོངས་ཟད་ལས་ཐར། །ཞེས་དང་། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་སོ། །མདོར་བསྡུ་ན་གང་དང་གང་གིས་འདུལ་བ་ལ་དེ་དང་དེ་བསྟན་པ་གང་ཟག་དེ་དང་དེའི་ངོར་ཡོད་མེད་སོགས་ཐམས་ཅད་ཁས་བླང་དུ་རུང་བ་དང་། སངས་རྒྱས་ཀྱི་གཟིགས་པ་ལ་བལྟོས་ནས་ཅི་ཡང་ཁས་བླང་དུ་མེད་པ་གཉིས་མི་འགལ་བར་ལེགས་པར་གྲུབ་པ་ཡིན་ནོ།། །། གཉིས་པ་ལམ་དབུ་མ་ཐབས་ཤེས་ཟུང་འཇུག་ཏུ་ཉམས་སུ་བླང་བ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་དབུ་མའི་ལམ་དུ་བསྟན། དེ་ཡང་དག་པའི་གདམས་ངག་གིས་ཉམས་སུ་བསྟར་བའི་ཚུལ། དེས་མངོན་པར་རྟོགས་པའི་ས་རྣམ་པར་ཕྱེ་བ་དང་གསུམ་ལས། དང་པོ་ནི་ཡངས་པ་ཡིན། ཞེས་པའི་ཡངས་པ་ནི་ཁྱབ་བརྡལ་བ་སྟེ། ཕྱོགས་དང་ཆ་དང་མཐའ་ལས་འདས་པའམ། བསམ་ཀྱིས་མི་ཁྱབ་པའི་དོན་ནོ། །དེ་ལྟར་ཡང་། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་སྟོང་པ་ཉིད་གང་ཡིན་པ་དེ་ནི་དངོས་པོའི་ཆོས་ལ་བརྟེན་ནས་གདགས་པ་སྟེ། འཁོར་ལོ་ལ་སོགས་པའི་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་གདགས་པ་བཞིན་ནོ། །དངོས་པོ་ལ་བརྟེན་ནས་གདགས་པ་གང་ཡིན་པ་དེ་ནི། རང་བཞིན་གྱིས་མ་སྐྱེས་པ་ཡིན་ལ། གང་རང་བཞིན་གྱིས་མ་སྐྱེས་པ་དེ་ནི་སྟོང་པ་ཉིད་ཡིན་ཞིང་། རང་བཞིན་གྱིས་མ་སྐྱེས་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དེ་ལ་ནི། ཡོད་པ་ཉིད་མེད་ལ། རང་བཞིན་གྱིས་མ་སྐྱེས་པ་ལ་འཇིག་པ་མེད་པས་མེད་པ་ཉིད་མེད་པ་དེའི་ཕྱིར། ཡོད་པ་དང་མེད་པ་དང་གཉི་ག་དང་གཉིས་མ་ཡིན་གྱི་མཐའ་དང་བྲལ་པའི་ཕྱིར། རང་བཞིན་གྱིས་མ་སྐྱེས་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དེ་ཉིད་ནི་དབུ་མའི་ལམ་སྟེ་དབུ་མའི་བཤུལ་ཞེས་བྱའོ། །དེའི་ཕྱིར་དེ་ལྟར་ན་སྟོང་པ་ཉིད་དང་། བརྟེན་ནས་གདགས་པ་དང་། དབུ་མའི་ལམ་ཞེས་བྱ་བ་འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་མིང་གི་བྱེ་བྲག་ཡིན་ནོ། །དེའི་ཕྱིར་རྣམ་པར་དཔྱད་ན་ནི་རྣམ་པ་ཐམས་ཅད་དུ། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་སྟོང་པ་ཉིད་ཡིན་པ་དེའི་ཕྱིར་སྟོང་པ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་སྟོང་པ་ཉིད་སྙིང་རྗེའི་ངོ་བོར་སྐྱེས་པ་ནི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་བྱའོ། །གཉིས་པ་དེ་ཡང་དག་པའི་གདམས་ངག་གིས་ཉམས་སུ་བསྟར་བའི་ཚུལ་ནི། མཁས་པ་པཎྜྻི་ཏའི་དཔྱད་བསྒོམ་དང་། ཀུ་ས་ལའི་འཇོག་བསྒོམ་ཞེས་གྲགས་པ་ཉིད་དོ། །དེ་གཉིས་ཀྱི་ཁྱད་པར་ཡང་། རྟོག་པ་མ་ལུས་པ་བཀག་པ་ན་ཞི་གནས་རྙེད་པར་སླ་བ་ལ་དགོངས་ནས། དཔྱད་ཅིང་ཡོངས་སུ་དཔྱད་གྱུར་ན། །རྣམ་པར་ཤེས་པ་རྟེན་ཡོད་མིན། །ཞེས་ལུང་དང་རིགས་པས་གང་ཟག་དང་ཆོས་ལ་བརྟགས་པ་ན། །དཔྱད་པའི་བློ་ངོ་དེར་ཅི་ཡང་མི་དམིགས་པ་ཙམ་ཞིག་བསྒྲུབས་ནས་དེའི་རྒྱུན་ལ་ཞི་གནས་ཀྱི་མཉམ་པར་འཇོག་པ་ཡིན་ཏེ། སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིང་། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་ཏེ། །རྣམ་པར་དཔྱད་པའི་འབྲས་བུར་ཐུབ་པས་གསུངས། །ཞེས་གསུངས་པའི་ཕྱིར་དང་། ཤེས་རབ་ལ་འཇུག་པར། དངོས་པོར་ཞེན་པ་བཀག་ནས་ནི། །རང་ལ་བསྒྲུབ་ཏུ་ཅུང་ཟད་མེད། །ཅེས་དང་། དེ་ཡི་དོན་ནི་བསྒོམ་བྱ་སྟེ། །རྟོག་མེད་ལ་ནི་རང་ཞིར་བཞག །ཅེས་དང་། ཇོ་བོ་རྗེས་ཀྱང་། ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་རྟོག་མེད་དེ་བསྒོམ་བྱ། །ཞེས་གསུངས་པའི་ཕྱིར་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། མཁས་པས་འདུས་བྱས་འདུས་མ་བྱས་རིག་ནས། །མཚན་མའི་འདུ་ཤེས་ཐམས་ཅད་རྣམ་བཤིག་སྟེ། །མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རབ་ཏུ་ཤེས། །ཞེས་གསུངས་སོ། །ཀུ་ས་ལི་པ་དག་ནི། ཆགས་པ་མེད་པ་སྟེ་རབ་ཏུ་དབེན་པ་ཉིད་ལ་གནས་པས་ཞི་གནས་འགྲུབ་སླ་བའི་ཕྱིར་དང་། ཇི་ལྟར་ཕྱི་རོལ་གྱི་ཡུལ་ནི་རབ་ཏུ་མང་བའི་ཕྱིར་དེ་དགག་པ་ནི་ངལ་བ་ཆེན་པོར་མཐོང་ནས་ཐམས་ཅད་ཀྱི་རྩ་བ་སེམས་སུ་བཤད་པས། སེམས་ལས་བྱང་ཆུབ་ཚོལ་བ་ནི་ཐབས་ལ་མཁས་པར་མཐོང་སྟེ། འཕགས་པ་ལྷས། སེམས་ནི་ཡོངས་སུ་ཤེས་པ་ལས། །འགྲོ་བ་ཤེས་པར་འགྱུར་བའང་ཡིན། །དེ་ཕྱིར་འབད་པའི་ཚུལ་རྣམས་ཀྱིས། །སྣ་ཚོགས་པ་ཡི་སེམས་གོམས་བྱ། །ཞེས་དང་། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མི་ལྟའོ། །ཞེས་དང་། སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་བའི། །བདེན་པར་ལྟ་བ་བཟློག་བྱ་ཡིན། །ཞེས་གསུངས་པའི་ཕྱིར། གཅིག་ཤེས་པས་ཆོས་ཐམས་ཅད་ཤེས་པ་དང་། གཅིག་གཏན་ལ་ཕབ་པས་ཆོས་ཐམས་ཅད་གཏན་ལ་ཕེབས་པར་འགྱུར་བ་ནི་སེམས་ཀྱི་ངང་ཚུལ་ཁོ་ན་ཡིན་པས་དེ་ལ་འཇུག་པར་བཞེད་ནས། དེ་ལྟ་བུའི་དཔྱད་པ་སྔོན་དུ་མི་གཏོང་པར། དང་པོ་ཉིད་དུ་ཞི་གནས་འཚོལ་བར་བྱེད་པ་སྟེ། ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ལ། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་སོ། །ཞི་གནས་རྙེད་ནས་ལྷག་མཐོང་བསྒྲུབ་པའི་ཚུལ་ལ་ནི་ཁྱད་པར་ཡོད་པར་མི་འདོད་དོ། །དེ་ལས་འདིར་འཇོག་སྒོམ་གྱི་ཚུལ་སྨྲ་བར་བྱ་སྟེ། ཐམས་ཅད་ཟུང་འཇུག་ཅེས་པས། ཐབས་ཤེས་ཟུང་འཇུག་ཏུ་ལམ་དུ་ཁྱེར་བའི་ཚུལ་ཏེ། དེ་ཡང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་མྱུར་དུ་སེམས་ཅན་སྨིན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པས་སངས་རྒྱས་ཐོབ་པར་འདོད་པ་དག་གིས། བདེ་བའི་སྟན་ལ་འདུག་ནས། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སེམས་ཅན་གང་ཡང་ལན་གྲངས་བགྲང་དུ་མེད་པར་བདག་གིས་མ་མ་བྱས་པ་ཅིག་ཀྱང་མེད་ལ། དེ་དག་ལ་བྱེ་བྲག་ཅི་ཞིག་ཡོད་ན། ལ་ལ་ལ་རྗེས་སུ་ཆགས། ལ་ལ་ལ་ཁོང་ཁྲོ་བར་གྱུར། འདི་ནི་རིགས་པ་མིན་པས་བདག་གིས་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བྱའོ་སྙམ་ནས། མཛའ་བཤེས་ལྟར་དགྲ་ལ་ཡང་མཚུངས་པས་དགྲ་གཉེན་ལ་རྒྱུད་བཏང་སྙོམས་ཀྱི་ས་གཞི་བརྡལ་བར་བྱའོ། །དེ་ནས་བྱམས་པའི་ཆུས་བརླན་པར་བྱ་སྟེ། དེ་ནི་ཕན་པ་ཉེ་བར་བསྒྲུབ་པའི་མཚན་ཉིད་ཅན་ཏེ་མཛའ་བཤེས་ཀྱི་ཕྱོགས་ནས་བརྩམས་ཏེ་ཐ་མལ་པ་དང་དགྲ་ལ་ཡང་ངོ་། །དེ་རབ་ཏུ་དགའ་བས་ལེགས་པར་རྨེད་ལ། སྙིང་རྗེའི་ས་བོན་བཏབ་པར་བྱ་སྟེ། དེ་ནི་སེམས་ཅན་སྡུག་བསྔལ་པར་གྱུར་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ནོ། །གང་གི་ཚེ་བུ་ཆུང་ངུ་སྙིང་དུ་སྡུག་པ་སྡུག་བསྔལ་བར་གྱུར་པའི་མ་བཞིན་དུ་བདག་ཉིད་ཀྱི་སྡུག་བསྔལ་བ་ལས་འདོན་པར་འདོད་པའི་རྣམ་པ། རང་གི་ངང་གིས་འཇུག་པའི་བརྩེ་བ། དེ་སེམས་ཅན་ཐམས་ཅད་ལ་མཉམ་པར་ཞུགས་པ་དེའི་ཚེ་སྙིང་རྗེ་ཆེན་པོའི་མིང་ཡང་འཐོབ་སྟེ། དེ་ནས་ཤེས་པ་ཅིར་ཡང་མི་རྟོག །ཅི་ལ་ཡང་མི་སེམས། ཅི་ལ་ཡང་མི་གནས། ཅི་ལ་ཡང་མ་ཡིན་པ། ཅིའི་ངོ་བོར་ཡང་མ་སྐྱེས་པ། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་མ་བཅོས་པ་ལ་མ་ཡེངས་པ་ཉིད་ཀྱིས་བསྒོམ་པར་བྱའོ། །དེས་ཞི་གནས་ཀྱི་ཡན་ལག་ཕུན་སུམ་ཚོགས་པར་བྱས་ནས་མངོན་པར་ཤེས་པ་བསྐྱེད་པར་བྱའོ། །དེ་ནས་རྣམ་པར་མི་རྟོག་པའི་གཟུགས་བརྙན་མཚན་མ་མེད་པའི་ཏིང་ངེ་འཛིན་དེ་ཉིད་ལྷག་མཐོང་གི་གཟུགས་བརྙན་སོ་སོར་རྟོག་པའི་ཤེས་རབ་ཏུ་ལྡང་སྟེ། དེས་ཁ་ནང་ཁོ་ནར་ཕྱོགས་པ་ཉིད་ཀྱི་འཁོར་བ་འདི་ཅིའི་རྩ་བ་ཡིན་ཞེས་ཉེ་བར་བརྟགས་པས། འཁོར་བ་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཉིད་དུ་མཐོང་ཞིང་། བདག་ནི་འཇིག་ཚོགས་ལ་ལྟ་བ་དེའི་དམིགས་པ་ཡིན་པར་ཤེས་ནས། བདག་མ་དམིགས་པས་འཇིག་ལྟ་སྤོང་ཞིང་། དེ་སྤངས་པས་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ལས་ལྡོག་པར་རྟོགས་ཏེ། བདག་ཅེས་བྱ་བ་ནི་ཅི་ཞིག་ཅེས་ཐོག་མར་བདག་ཁོ་ན་ལ་ཉེ་བར་རྟོག་པར་བྱེད་དོ། །ཚུལ་ཇི་ལྟ་བུས་ཞེ་ན། བདག་ནི་ཕུང་པོ་དག་ལས་དེ་ཉིད་དེ་གཅིག་ཏུ་མེད་ཅིང་། ཕུང་པོ་དག་ལས་གཞན་ཉིད་དུ་སྟེ་ཐ་དད་པ་ཉིད་མེད་ལ། གང་ཞིག་དེ་ཉིད་དང་གཞན་ཉིད་དུ་མེད་པས་རྟེན་དང་བརྟེན་པ་དང་། དེ་དང་ལྡན་པའི་ཕྱོགས་རྣམ་པ་ལྔའམ་དབྱིབས་དང་ཚོགས་པ་བསྣན་ཏེ་བདུན་གྱིས་བཙལ་བས་བདག་གི་ངོ་བོ་ཅི་ཡང་དམིགས་པར་མི་འགྱུར་རོ། །དེ་ནི་གང་ཟག་གི་བདག་མེད་པ་སྟེ། དེའི་ངང་དུ་མཉམ་པར་འཇོག་པ་ནི་སྒོམ་པ་ཞེས་བྱའོ། །ཆོས་ཀྱི་བདག་མེད་པ་བསྒོམ་པ་ནི། ཕྱིའི་དངོས་པོ་རྣམས་རྡུལ་ཕྲ་རབ་ཏུ་བཤིག་ཅིང་། དེ་ཡང་ཆ་ཤས་སུ་ཕྱེ་ནས་དང་། ནང་གི་རྣམས་ནི་དུས་ཀྱི་ཆར་ཕྱེ་ནས་བརྟགས་ན་བློའི་ངོ་ན་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་རྟག་གོ་ཞེས་སམ། མི་རྟག་གོ་ཞེས་སམ། སྟོང་ངོ་ཞེས་སམ། མི་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ཅི་ཡང་མངོན་པར་འདུ་ཤེས་པར་མི་བྱེད་ལ། གང་ཡང་མ་དམིགས་པར་མ་བཅོས་པ་ཉིད་ལ་བསམ་གཏན་བྱེད་པ་དེའི་ཕྱིར་དེ་ནི་ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱའོ། །ཏིང་ངེ་འཛིན་ཤས་ཆེ་ན་ཤེས་རབ་བརྟེན། ཤེས་རབ་ཤས་ཆེ་ན་ཏིང་ངེ་འཛིན་བརྟེན་པས་ཆ་མཉམ་དུ་འཇུག་པས་མཚན་མ་མེད་པའི་ཞི་གནས་ཀྱིས་དངོས་པོར་འཛིན་པ་བཟློག་ཅིང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་མཚན་མེད་དམ་དངོས་པོ་མེད་པར་འཛིན་པ་ལས་ལོག་ནས། རིག་ངོ་དེར། བརྟག་བྱའི་དངོས་པོ་དང་རྟོག་བྱེད་ཀྱི་ཤེས་རབ་ལ་སོགས་པ་ཅི་ཡང་མི་དམིགས་པས་བལྟ་བྱ་དང་ལྟ་བྱེད་གཉིས་སུ་མེད་ལ། དངོས་པོ་མི་སྣང་ན་དངོས་པོ་མེད་པ་རྟེན་དང་བྲལ་བའི་ཕྱིར་ཅི་ལ་སྣང་། དངོས་པོ་དང་དངོས་པོ་མེད་པ་ལས་རྣམ་པ་གཞན་ནི་ཅི་ཡང་སྣང་རྒྱུ་མེད་པའི་ཕྱིར་ཞི་བ་སྟེ། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོར་འཛིན་པ་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱིས་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་ཏེ། དེ་ལྟ་བུའི་མཉམ་པར་བཞག་པའི་ཤེས་པས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་མཐོང་ལ། མཚན་མ་མེད་པའི་ཞི་གནས་དང་སོ་སོར་རྟོག་པའི་ཤེས་རབ་ཡོངས་སུ་དག་པ་དེས་གང་ཟག་དེ་ཡང་མཉམ་བཞག་གི་ངོས་ནས་སྣང་བ་མེད་པའི་འཕགས་པའི་གྲངས་སུ་འགྲོ་བ་ཡིན་ནོ། །དཀོན་བརྩེགས་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་བསྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། །ཅེས་སོ། །ཇི་སྲིད་སྒྲིབ་པའི་ལྷག་མ་ཡོད་པ་དེ་སྲིད་དུ། རྗེས་ལ་ཐོབ་པས་སྣང་བའི་ཚོགས་འདི་དག་སྒྱུ་མ་ལྟ་བུ་ལ་སོགས་པར་སྣང་ལ། ནམ་བག་ཆགས་ཐམས་ཅད་ཡོངས་སུ་དག་པ་ན་རྣམ་པ་ཐམས་ཅད་དུ་ཀུན་རྫོབ་ཀྱི་ཆོས་སྣང་མ་མྱོང་བ་རང་བཞིན་ཉིད་ལ་དུས་ཐམས་ཅད་དུ་མཉམ་པར་འཇོག་པ་ཡིན་ནོ། །དེ་ལྟར་ཡང་། རྗེ་བཙུན་ཆེན་པོས། ཕྱི་སྣང་བ་ཇི་ལྟར་སྣང་ལགས་ཀྱང་། །མ་རྟོགས་དུས་ནི་འཁྲུལ་སྣང་སྟེ། །ཡུལ་གྱི་ཞེན་པས་འཆིང་བར་བྱེད། །རྟོགས་པ་རྣམས་ལ་སྒྱུ་མར་སྣང་། །ཡུལ་སྣང་སེམས་ཀྱི་གྲོགས་སུ་འཆར། །མཐར་ཐུག་དོན་ལ་སྣང་མ་མྱོང་། །སྐྱེ་མེད་ཆོས་སྐུར་དག་གོ་གསུང་། །ནང་འགྱུ་བ་ཡིད་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འབྱུང་། །མཐར་ཐུག་དོན་ལ་ཡེ་ཤེས་མེད། །ཆོས་རྣམས་ཟད་སར་སྐྱོལ་ལོ་གསུང་། །ཞེས་གསུངས་སོ། །ཟླ་གྲགས་ཀྱིས། ཡེ་ནས་སྐྱེ་མེད་ངང་འདི་ལ། །དགག་བྱ་མེད་ལ་བསྒྲུབ་བྱ་མེད། །མྱ་ངན་འདས་དང་མ་འདས་པ། །སྐྱེ་མེད་ངང་དུ་ཁྱད་པར་མེད། །སྐྱེ་མེད་ཉིད་ཀྱང་མ་ཡིན་ཏེ། །སྐྱེ་བའི་དངོས་པོ་མེད་ཕྱིར་རོ། །ཞེས་གསུངས་སོ། །ཤིན་ཏུ་མཉམ་པར་བཞག་པའི་གནས་སྐབས་ན་སྣང་བ་མེད་པའི་ཕྱིར། སྦྱིན་པ་ལ་སོགས་པ་ཐབས་ལ་བརྟེན་པ་མི་འབྱུང་དུ་ཟིན་ཀྱང་། གཉིས་སུ་མེད་པའི་ཡེ་ཤེས་དེ་ལས་ལྡང་བ་ན་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་མཉམ་པའོ། །བློ་བུར་དུ་བྱུང་བ་མི་གནས་པ་ཆོས་ཐམས་ཅད་ནི་ཤེས་པར་བགྱི་བ་ཙམ་དང་། ཤེས་པ་པོས་སྟོང་པའི་ཕྱིར་ཡོངས་སུ་ཤེས་པར་བགྱི་བ་ཙམ་དུ་བས་ན་ཆོས་ཉིད་འདི་ལྟ་བུ་འདི་སེམས་ཅན་རྣམས་ཀྱི་ཁོང་དུ་ཆུད་པར་བྱའོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་སེམས་གང་སྐྱེ་བ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཞེས་བགྱིའོ། །སེམས་དེས་ཟིན་པའི་སྤྱོད་པ། དེ་ལ་སྦྱོར་བ་དང་དེའི་རྗེས་ལ་འབྱུང་བའི་ཤེས་རབ་ཀྱིས་སྒྱུ་མ་མཁན་བཞིན་དུ་ཕྱིན་ཅི་མ་ལོག་པ་ཁོ་ནའི་ཐབས་ལ་བརྟེན་པ་འབྱུང་བ་ཉིད་དོ། །དེའི་ཕྱིར་ཤེས་རབ་དང་ཐབས་ལྷན་ཅིག་ཏུ་འཇུག་པས་ཐབས་ཤེས་ཟུང་དུ་འཇུག་པ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བསམ་གཏན་པར་གྱུར་པ་ཡིན་ནོ། །ཇི་ལྟར་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་ཞེ་ན། གང་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་སྟོང་པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ལ་ཕ་རོལ་ཞེས་བྱ་བ་ནི། གང་འཁོར་བའི་རྒྱ་མཚོའི་ཕ་འགྲམ་དང་ངོགས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་རང་བཞིན་མངའ་བའི་སངས་རྒྱས་ཉིད་དོ། ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཕ་རོལ་ཏུ་འགྲོ་བ་ལ་ངེས་པར་བཞག་ནས་ནི་སྦྱིན་པས་ཕ་རོལ་ཏུ་ཕྱིན་པའི་མིང་རྙེད་པར་འགྱུར་རོ། །ཇི་ལྟར་བཞག་ཅེ་ན་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་སོ། །སྦྱིན་པ་འདི་ཡང་། སྦྱིན་པར་བྱ་བ་དང་། ལེན་པ་པོ་དང་། སྦྱིན་པ་པོར་དམིགས་པ་དང་བྲལ་བར་གྱུར་བའི་ཤེས་རབ་ཀྱིས་གཟུང་བ་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་ལ། གསུམ་དུ་དམིགས་པ་ནི་ཐ་སྙད་ཀྱི་བདེན་པས་བསྡུས་པ་ཉིད་ཀྱིས་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཕྱིར་གཏོང་བ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པ་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད། ཆགས་པ་མེད་པས་ཟིན་པའི་གཏོང་བ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད། ཆགས་པ་དང་མ་བྲལ་བའི་གཏོང་བ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པ་འཇིག་རྟེན་པའི་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད། དེ་བཞིན་དུ། ཚུལ་ཁྲིམས་ལ་སོགས་པ་རྣམས་ལ་ཡང་སྦྱར་ཏེ་ཤེས་པར་བྱ་ལ། འཆལ་ཚུལ་གྱི་གདུང་བ་མེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་མཚན་ཉིད་དང་། ཁྲོ་བ་མེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པ་བཟོད་པའི་དང་། དགེ་བ་ཡོངས་སུ་འཛིན་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པ་བརྩོན་འགྲུས་ཀྱི་དང་། དགེ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པ་བསམ་གཏན་གྱི་དང་། མྱ་ངན་ལས་འདས་པར་བགྲོད་པའི་ཕྱིར་འགའ་ལ་ཡང་ཆགས་པ་མེད་པའི་བློ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དེ། གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། །ཚུལ་ཁྲིམས་གདུང་མེད་མཚན་ཉིད་བཟོད། །ཁྲོ་མེད་མཚན་ཉིད་བརྩོན་འགྲུས་ཀྱི། །ཁ་ན་མ་ཐོ་ཉིད་མེད་དོ། །བསམ་གཏན་སྡུད་པའི་མཚན་ཉིད་ཅན། །ཤེས་རབ་ཆགས་མེད་མཚན་ཉིད་དོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །མཚན་ཉིད་འདི་དག་ཡིན་པར་བརྗོད། །ཅེས་གསུངས་སོ། །ཤེས་རབ་ཉིད་རྣམ་པ་ཁྱད་པར་ཅན་དུ་ཞུགས་པ་ལ་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཞེས་ཤེས་པར་བྱ་སྟེ། རབ་ཏུ་རྣམ་པར་འབྱེད་པའི་གནས་སྐབས་ཁོ་ནར་ཤེས་རབ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །རྗེས་ལ་དགེ་བའི་རྩ་བ་དེ་དག་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པས་ཡོངས་སུ་བསྔོ་བར་བྱའོ། །ཚུལ་དེ་ལྟ་བུས་ཤིན་ཏུ་གཡེལ་བ་མེད་པར་འབད་པར་བྱའོ། །ཡང་ན། ངེས་པར་འབྱུང་བར་བྱེད་པས་བྱང་ཆུབ་ཀྱི་ཕྱོགས་ཞེས་རྣམ་པར་བཞག་པ་སུམ་ཅུ་རྩ་བདུན་ལ་རིམ་གྱིས་བསླབ་པར་བྱའོ། །དེ་ལྟར་སྙིང་རྗེ་ཆེན་པོ་དང་གཉིས་སུ་མེད་པའི་ཡེ་ཤེས་དང་། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུ་ཡིན་པར་གྲུབ་སྟེ། རིན་ཆེན་ཕྲེང་བ་ལས། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟན་ཡེ་ཤེས་ལགས། །ཞེས་དང་། གཞན་ཡང་དེ་ལས། ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་སྤྱོད་པ་ཀུན། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་གསུངས་སོ།། །། གསུམ་པ་དེས་མངོན་པར་རྟོགས་པའི་ས་རྣམ་པར་ཕྱེ་བ་ནི། རྗེ་བཙུན་གྱིས། དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཞེས་གསུངས་པ། དབུ་མའི་བསྟན་བཅོས་ལ་འཇུག་པས་རྒྱས་པར་བཤད་པར་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སྲས་དང་བཅས་པ་ལས། ཐོག་མར་སྙིང་རྗེ་ཆེན་པོ་སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པོ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ལ་བསྟོད་པར་འོས་པ་ཉིད་དུ་སྟོན་པའི་ཕྱིར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཞིང་། །དེ་ཡང་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པས་དང་། ཐུབ་པ་ཉན་ཐོས་ལ་སོགས་པ་རྣམས་དེའི་བཀས་མངའ་སྒྱུར་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཐུབ་དབང་ཞེས་བྱའོ། །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དེ་དག་ནི་དེ་བཞིན་གཤེགས་པས་ཆོས་བསྟན་པ་ལས་ངེས་པར་བྱུང་བ་ཉིད་ཀྱི་ཕྱིར་ཐུབ་དབང་དེ་ལས་སྐྱེས་སོ། །ཐུབ་དབང་དེ་རྣམས་གནས་སྐབས་ཀྱི་ཁྱད་པར་དང་། ཡང་དག་པར་འཛིན་དུ་འཇུག་པ་ལས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་དེ་དག་ཅིའི་རྒྱུ་ཅན་ཡིན་ཞེ་ན། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །དེ་ཡང་སྙིང་རྗེ་དང་གཉིས་སུ་མེད་པའི་ཤེས་རབ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་ཆོས་གསུམ་པོ་འདི་དག་ཡིན་ཏེ། དེ་ལས་ཀྱང་སྙིང་རྗེ་ཆེན་པོ་ཉིད་རྒྱུའི་གཙོ་བོ་ཡིན་ནོ། །ལམ་མ་ཞུགས་སུ་སྙིང་རྗེ་ཆེན་པོ་བསྐྱེད་ནས་དེ་ལྟ་བུའི་ཁྱད་པར་བཞི་དང་ལྡན་པའི་དམ་བཅའ་བ་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པས། ཚོགས་ཀྱི་ལམ་དུ་འཇུག་ལ། དེར་དམ་བཅའ་བ་དེ་གཉིས་སུ་མེད་པའི་ཡེ་ཤེས་བྲལ་བས་མི་འགྲུབ་པར་ཤེས་ནས་ཡེ་ཤེས་དེ་བསྒྲུབ་པའི་ཕྱིར། ཐོས་བསམ་གྱི་ཤེས་རབ་བསྐྱེད་པས་མོས་པས་སྤྱོད་པའི་ས་ལ་འཇུག་སྟེ་འཇིག་རྟེན་པའི་སྒོམ་བྱུང་ཕུལ་དུ་བྱུང་བའི་སོ་སོར་རྟོག་པ་སྐྱེད་པར་བྱའོ། །དེ་རབ་ཀྱི་ཕུལ་དུ་གྱུར་ཀྱང་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཡིན་པས་ཡེ་ཤེས་སུ་མི་འདོད་དོ། །སོ་སོར་རྟོག་པ་དེས་ཁ་ནང་དུ་ཕྱོགས་པར་དཔྱད་པས་ཡེ་ཤེས་སྐྱེ་ལ། དེའི་ཚེ་བྱང་ཆུབ་སེམས་དཔར་འགྲོ་བས་སོ། །འོ་ན་གཉིས་མེད་ཀྱི་ཤེས་པ་དེ་ས་དང་པོའི་སྔོན་རོལ་དུ་མེད་པས་ས་དང་པོ་དང་དུས་མཉམ་པས་རྒྱུ་འབྲས་མཉམ་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། ཡེ་ཤེས་དེ་སྙིང་རྗེ་ཆེན་པོའི་ཁྱད་པར་དུ་སྐྱེས་པ་ཁོ་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་རྒྱུད་ལ་སྐྱེས་པ་ལ་སྐྱེས་པ་ཞེས་བཏགས་ནས། སེམས་འདི་བསྐྱེད་པས་ས་འདི་ཐོབ་བོ་ཞེས་རྟེན་འབྱུང་གི་རྒྱུ་འབྲས་སུ་འཐད་པས་རྒྱུ་འབྲས་སུ་ཁས་ལེན་ཏེ། དཔྱད་བཟོད་པར་ནི་མི་འདོད་དོ། །བྱང་སེམས་ནི། བྱང་འཕགས་ལ་ཆོས་ཉིད་ཀྱི་གནས་ལུགས་མ་མཐོང་བ་ལ། སྙིང་རྗེ་སྐྱེས་ནས་དེ་མཐོང་བར་བྱ་བའི་ཕྱིར་དམ་བཅའ་བས་རྗེས་ལ་ཐོབ་པའོ། །དེ་ལྟར་ཡང་འཇུག་འགྲེལ་ལས། འདི་ལྟར་སྙིང་རྗེ་ཅན་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་སེམས་ཅན་སྡུག་བསྔལ་བར་གྱུར་པ་མ་ལུས་པ་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར། གདོན་མི་ཟ་བར་བདག་གིས་འཇིག་རྟེན་འདི་མཐའ་དག་སྡུག་བསྔལ་ནས་བཏོན་ཏེ་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་སྙམ་དུ་ངེས་པར་སེམས་སྐྱེད་པར་བྱེད་དོ། །དམ་བཅའ་བ་འདི་ཡང་གཉིས་སུ་མེད་པའི་ཡེ་ཤེས་སྤངས་པས་བསྒྲུབ་པར་མི་ནུས་པས་གཉིས་སུ་མེད་པའི་ཡེ་ཤེས་ལ་ཡང་ངེས་པ་ཁོ་ནར་འཇུག་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ནི་སྙིང་རྗེ་ཉིད་ཡིན་ནོ། །ཞེས་གསུངས་པ་དང་། ཇི་ལྟར་ཕྱི་རོལ་གྱི་འབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པ་ལ། ཐོག་མ་དང་བར་དང་ཐ་མ་རྣམས་སུ་ས་བོན་དང་ཆུ་དང་སྨིན་པ་རྣམས་གཙོ་བོ་ཉིད་དུ་གྱུར་པས་ཉེ་བར་མཁོ་བ་ཉིད་ཡིན་པ་དེ་བཞིན་དུ། སྙིང་རྗེ་ཁོ་ན་དུས་གསུམ་ཆར་དུ་ཡང་རྒྱལ་བའི་ལོ་ཐོག་ཕུན་སུམ་ཚོགས་པ་ལ་ཉེ་བར་མཁོ་བ་ཉིད་སྟོན་པ་ལ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཟིན་ཀྱང་དུས་ཕྱིས་སྙིང་རྗེའི་ཆུས་ཡང་དང་ཡང་དུ་བཅུས་པར་མ་གྱུར་ན། འབྲས་བུའི་ཚོགས་ཡངས་པ་མ་བསགས་པ་འདིས་ཉན་ཐོས་དང་རང་སངས་རྒྱས་སུ་འགྱུར་བ་དང་། འབྲས་བུའི་ཚོགས་ཐོབ་ཏུ་ཟིན་ཀྱང་སྙིང་རྗེས་ཡོངས་སུ་སྨིན་པ་དང་བྲལ་བར་གྱུར་པས་དུས་རིང་པོ་ཉེ་བར་ལོངས་སྤྱོད་པར་མི་འགྱུར་བའམ། འཕགས་པའི་འབྲས་བུའི་ཚོགས་རིམ་པ་ནས་རིམ་པར་མངོན་པར་འཕེལ་བར་མི་འགྱུར་རོ། །ད་ནི་དམིགས་པའི་བྱེ་བྲག་གིས་སྙིང་རྗེ་རང་གི་ངོ་བོའི་ཁྱད་པར་གསལ་བར་བཤད་ནས། དེ་ཉིད་ལ་ཕྱག་འཚལ་བ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །ཞེས་པ་ལ་སོགས་པ་གསུངས་སྟེ། བདག་དང་བདག་གིར་མངོན་པར་ཞེན་པའི་འཇིག་རྟེན། ཉོན་མོངས་དང་། ལས་དང་། སྐྱེ་བའི་ཀུན་ནས་བླངས་པའི་ཉོན་མོངས་པ་གསུམ་ཡོད་ཀྱང་། སྔ་མ་དང་ཕྱི་མ་དང་བར་གྱི་རིམ་པས་ངེས་པར་མི་ཟིན་པར་ཟོ་ཆུན་གྱི་འཁྲུལ་འཁོར་འཁོར་བ་ལྟར་རང་དབང་མེད་པར་སྡུག་བསྔལ་གྱིས་སྡུག་བསྔལ་བ་ལ། དེ་ལ་དམིགས་ནས་སྡུག་བསྔལ་དེ་ལས་བསྐྱབ་པར་སྤྲོ་བ་དེའི་ཕྱིར། ཆེས་ཐོག་མ་ཁོ་ནར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་མཛད་དོ། །ཇི་ལྟར་ཆུ་ཤིན་ཏུ་དྭངས་པ་རླུང་ཧ་ཅང་དྲག་པ་མ་ཡིན་པས་ཟླ་བའི་གཟུགས་བརྙན་ལྟ་བུར་འཇིག་རྟེན་མི་རྟག་ཅིང་སྐད་ཅིག་རེ་རེ་ལ་འཇིག་པའི་སྡུག་བསྔལ་ལ་དམིགས་ནས་སྐྱོབ་པར་འདོད་པ་ཆོས་ལ་དམིགས་པའི་སྙིང་རྗེ་དང་། སེམས་ཅན་དང་སྡུག་བསྔལ་རང་བཞིན་མེད་པར་མཉམ་པ་ཉིད་ཀྱིས་ཡོངས་སུ་སྐྱོབ་པ་དམིགས་པ་མེད་པའི་སྙིང་རྗེ་གཉིས་ལ་ཡང་ཕྱག་འཚལ་བར་མཛད་དོ། །དེ་ལྟར་ཕྱག་འཚལ་ནས་མི་སྐྱེ་བའི་བཟོད་པ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་སས་བསྡུས་པ་འཇིག་རྟེན་ལས་འདས་པའི་ལམ་ཁོ་ནར་སྐྱེ་བའི་ཕྱིར། སེམས་དེ་བསྐྱེད་པ་ནི་དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ན་སྟེ། མོས་པས་སྤྱོད་པ་དག་ནི་སེམས་དེ་ལྟ་བུ་བསྐྱེད་པ་མ་ཡིན་པས་སོ། །འཇུག་འགྲེལ་ལས། ཇི་ལྟར་ཉན་ཐོས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སྐྱེས་པ་ནི། འབྲས་བུ་དང་པོ་ལ་ཞུགས་པའི་གནས་སྐབས་ཡིན་པར་མི་འདོད་པ་དེ་བཞིན་དུ། འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཡང་ཡིན་ཏེ། དཀོན་མཆོག་སྤྲིན་གྱི་མདོ་ལས། མོས་པ་ཆེན་པོའི་ཡང་ཆེན་པོས་སྤྱོད་པའི་ཆོས་ཉིད་ཀྱི་ས་དང་པོ་དེ་མ་ཐག་ཏུ་ཐོབ་པར་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སའོ། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །མོས་པས་སྤྱོད་པའི་སྐད་ཅིག་དེ་ལ་གནས་པ་ཡང་། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་མིའི་ཁ་དོག་ལས་ནི་འདས་ལ། ལྷའི་མདོག་ནི་མ་ཐོབ་པ་ཡིན་ཏེ། དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ནི་ཤིན་ཏུ་འདས་ལ། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ་ཞེས་དེ་ཉིད་ལས་རྣམ་པར་བཤད་དོ། །དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཡང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བས་ས་ཞེས་བྱ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ཡང་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་དང་། མཐུ་ཕུལ་དུ་བྱུང་བ་ཐོབ་པ་དང་། མཐར་ཕྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པས་བཀླགས་པ་དང་། རྣམ་པར་སྨིན་པ་འཕེལ་བའི་བྱེ་བྲག་གིས་གདུལ་བྱའི་རྟོག་ཚུལ་ལས་ས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བ་རྣམ་པ་བཅུར་བཞག་གི འདི་ལ་རང་གི་ངོ་བོའི་ཁྱད་པར་གྱི་བྱས་པའི་དབྱེ་བ་ནི་ཡོད་པ་མ་ཡིན་ཏེ། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང་། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་གསུངས་པའི་ཕྱིར་རོ། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །ཞེས་བྱ་བ་ནི་མ་དག་ས་བདུན་དུ། ལས་དང་ཉོན་མོངས་པའི་སྲིད་པར་སྐྱེ་བ་ལེན་པའི་རྣམ་ཤེས་ཟད་པས་རྣམ་ཤེས་མ་མཐོང་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཤེས་པས་ཡེ་ཤེས་མཐོང་བ་སྟེ། རྒྱུ་དེས་སྨོན་ལམ་གྱིས་ལུས་འཛིན་པར་བྱེད་པའོ། །ཞེས་དགོངས་ཏེ། དེ་ལས་བྱང་ཆུབ་ཀྱི་སེམས་དང་པོའི་དབང་དུ་བྱས་ནས། རྒྱལ་བའི་སྲས་པོ་འདི་ཡི་སེམས་གང་འགྲོ་བ་རྣམས། །རྣམ་པར་གྲོལ་བར་བྱ་ཕྱིར་སྙིང་རྗེའི་དབང་གྱུར་ཅིང་། །ཀུན་ཏུ་བཟང་པོའི་སྨོན་པས་རབ་བསྔོས་དགའ་བ་ལ། །རབ་ཏུ་གནས་པ་དེ་ནི་དང་པོ་ཞེས་བྱ་བའོ། །སྨྲས་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་ཇི་སྐད་བཤད་པའི་ཚུལ་གྱིས་འགྲོ་བ་རང་བཞིན་མེད་པར་མཐོང་བ་སྙིང་རྗེའི་ཁྱད་པར་ཉིད་དུ་ཉེ་བར་བཟུང་བའི་སེམས་གང་སྙིང་རྗེའི་གཞན་གྱི་དབང་དུ་གྱུར་ཅིང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་ཡོངས་སུ་བསྔོས་པ་རབ་ཏུ་དགའ་བ་ཞེས་བྱ་བའི་མིང་ཅན་གཉིས་སུ་མེད་པའི་ཡེ་ཤེས་དེའི་རྒྱུ་ཅན་གྱི་འབྲས་བུ་ཉེ་བར་མཚོན་པ་དེ་ལ་ནི་དང་པོ་ཞེས་བྱ་བར་བརྗོད་དོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་འདིའི་ནང་དུ་འདུས་པའི་ཕྱིར་ཀུན་ཏུ་བཟང་པོའི་སྨོན་ལམ་ཁྱད་པར་དུ་བཀོད་པ་ཡིན་ནོ། །སེམས་དེ་སྐྱེད་པ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲ་བཤད་དུ་ཡོད་པར་མ་ཟད་འཇུག་པ་ཡང་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྗེས་སུ་རྟོགས་ཤིང་ཤེས་པའི་ཚིག་བླ་དྭགས་ཡིན་པའི་ཕྱིར་རོ། །སོ་སོ་སྐྱེ་བོའི་ས་ལ་ནི་བཤད་དུ་ཡོད་ཀྱང་འཇུག་ཏུ་མེད་དོ། །གཞན་ཡང་སོ་སོ་སྐྱེ་བོ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་འདས་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་ས་ཀུན་ཏུ་འོད་ཅེས་བྱ་བའི་རྗེས་སུ་འགྲོ་བའི་ལམ་སྐྱེས་པའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ། །དེའི་ཚེ་གང་ཟག་གི་བདག་མེད་པ་མངོན་སུམ་དུ་མཐོང་བས་འདི་ནི་འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་ཚུལ་ཁྲིམས་དང་བརཏལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱ་བ་ཀུན་ཏུ་སྦྱོར་བ་གསུམ་དང་ཡང་བྲལ་བ་དང་། ངེས་པ་ལ་ཞུགས་པས་དེའི་རྒྱུ་ཅན་གྱི་ཡོན་ཏན་ཐོབ་པ་དང་། སའི་མི་མཐུན་པའི་ཕྱོགས་ཀྱི་སྐྱོན་དང་བྲལ་བས་ཐུན་མོང་མ་ཡིན་པའི་དགའ་བའི་ཁྱད་པར་སྐྱེས་པས་རབ་ཏུ་དགའ་བ་ཁྱད་པར་དུ་འཕགས་པ་མང་པོ་ཡོད་པའི་ཕྱིར་ན། ས་འདི་ནི་རབ་ཏུ་དགའ་བ་ཞེས་བྱ་བའི་མིང་ཡང་རྙེད་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་བརྒྱ་བསྐྱོད་པར་ནུས་པས་མཚོན་ནས་ཡོན་ཏན་བརྒྱ་ཕྲག་གཞན་བཅུ་གཉིས་པོ་ཐོབ་པར་འགྱུར་བ་དང་། ས་གཉིས་པ་ལ་སོགས་པ་གནོན་པ་ལ་སྤྲོ་བ་ཆེ་བའི་ཕྱིར་ས་ནས་སར་གོང་དུ་རབ་ཏུ་འགྲོ་བར་འགྱུར་རོ། །མདོར་ན་ཇི་ལྟར་འཕགས་པ་རྒྱུན་ཏུ་ཞུགས་པ་ལ་རང་དང་རྗེས་སུ་མཐུན་པའི་འཕགས་པའི་ཆོས་རྟོགས་པ་ལས་སྐྱོན་དང་བྲལ་ཞིང་ཡོན་ཏན་འབྱུང་བ་བཞིན་ཞེས་སྟོན་པ་ལ། དེ་ནས་གཟུང་སྟེ་དེ་ནི་ཐོབ་པར་གྱུར་པ་ཡི། །ཞེས་སོགས་དང་། བྱང་ཆུབ་སེམས་དཔའ་འདི་ལྷག་པའི་བསམ་པ་ཆེ་བ་ཉིད་ཀྱིས་ཞེས་སྨོས་པ་བྱང་ཆུབ་སེམས་སྟོང་པ་ཙམ་མིན་པ་སྙིང་རྗེས་ཁྱད་པར་དུ་བྱས་པ་དེ་རྟོགས་པའི་ཕྱིར། ཉོན་ཐོས་དང་རང་སངས་རྒྱས་ཐམས་ཅད་བསོད་ནམས་ཀྱིས་ཟིལ་གྱིས་གནོན་ནུས་པའི་ཡོན་ཏན་དང་ཡང་ལྡན་ཏེ། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང་། །ཐུབ་དབང་གསུང་སྐྱེས་དང་བཅས་རང་སངས་རྒྱས་རྣམས་ནི། །བསོད་ནམས་དག་གི་དབང་གིས་ཕམ་བྱས་རྣམ་པར་འཕེལ། །ཞེས་གསུངས་ཏེ། དེ་ཡང་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོ་མ་ལོན་པ་རྒྱལ་པོའི་མཚན་དང་ལྡན་པ་ནི་བློན་པོའི་ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པས་ཀྱང་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང་། མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ། དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་རྒྱུད་དུ་ཡང་དག་པར་བྱུང་བ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་པ་བརྒྱ་སྟོང་ངེས་པར་འབྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་རིང་དུ་སོང་བ་ཁོ་ན་ནས་གཟུང་ནས་ནི། བྱང་ཆུབ་སེམས་དཔས་རང་གི་བློ་སྟོབས་བསྐྱེད་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་དག་ཟིལ་གྱིས་གནོན་པར་འགྱུར་གྱི། ས་འོག་མ་རྣམས་སུ་ནི་མ་ཡིན་ནོ། །ཞེས་བྱ་བ་ཤེས་པར་བྱ་བ་ལ། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། ཞེས་འཕགས་པ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱིས། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པ་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་སོ། །རང་གི་ཡུལ་ཤེས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའོ། །དེའི་ཆེ་བ་ནི་ཤེས་རབ་ལ་གནས་པས་འགོག་པ་ཐོབ་ལ། དེ་ལས་སྐད་ཅིག་རེར་ལྡང་འཇུག་ནུས་པའོ། །དེ་ས་བདུན་པ་ན་ཡོད་པའི་ཕྱིར་བློའི་སྟོབས་བསྐྱེད་པས་ཟིལ་གྱིས་གནོན་ནུས་པ་དེ་ནས་འབྱུང་ངོ་། །སྟོབས་བསྐྱེད་པ་ཞེས་བྱ་བ་ཤེས་རབ་ལྷག་པར་གྱུར་པ་དང་ཕུལ་དུ་བྱུང་བར་གྱུར་པ་ཡིན་ནོ། །ལུང་འདི་གཉིས་ལས་ནི་ཉན་རང་ལ་ཆོས་ཐམས་ཅད་རང་བཞིན་མེད་བར་རྟོགས་པ་ཡོད་པར་ཡང་ཤེས་ཏེ། ཇི་ལྟར་ཞེ་ན། རིག་པ་གསུམ་དང་། ལུང་ལྔས་ཏེ། རིག་པ་དང་པོ་ནི། དེ་ལྟར་མ་ཡིན་ན་དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར། དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཞེས་པ་དང་། གཉིས་པ་ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་པ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤང་བར་ཡང་མི་འགྱུར་རོ་ཞེས་དང་། གསུམ་པ་གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་གང་ཟག་གི་བདག་མེད་པ་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཞེས་དང་། ལུང་ནི་རིན་པོ་ཆེའི་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །སོགས་དང་། ཇི་ལྟར་མིག་ནི་འཁྲུལ་པ་ཡིས། །མགལ་མེའི་འཁོར་ལོ་འཛིན་བྱེད་པ། །ཞེས་སོགས་དང་། ཉན་ཐོས་ལ་གདམས་པའི་མདོ་ལས། གཟུགས་ནི་དབུ་བརྡོས་པ་འདྲ། །ཞེས་སོགས་དང་། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཅེས་དང་། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པར་མཛད། །ཅེས་ལྔས་གསུངས་པ་ཡིན་ནོ། །འོ་ན་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་མེད་པ་བསྟན་ན། དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། འགྲེལ་པ་ལས། ཐེག་པ་ཆེན་པོ་བསྟན་པས་ནི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་དང་སྙིང་རྗེ་ཆེན་པོ་ལ་སོགས་པ་ཡོངས་སུ་བསྔོ་བ་དང་། ཚོགས་གཉིས་དང་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་ཡིན་ནོ། །ཇི་སྐད་དུ་རིན་པོ་ཆེའི་འཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང་། །ཞེས་གསུངས་སོ། །ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཇི་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱི་ཐེག་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །འདི་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་སོ། །ཞེས་སོ། །དེའི་ཕྱིར་བདག་མེད་བསྟན་ཚུལ་གྱི་སྒོ་ནས་ཀྱང་ཐེག་པ་ཆེ་ཆུང་ལ་མདོར་རྒྱས་ཀྱི་ཁྱད་པར་ཡོད་ལ། རྟོགས་ཚུལ་གྱི་སྒོ་ནས་མདོར་རྒྱས་གཉིས་ཡོད་དེ། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་པའི་འགྲེལ་པར། ཅིའི་ཕྱིར་བདག་མེད་པ་རྣམ་པ་གཉིས་ཉེ་བར་བསྟན་ཞེ་ན། བཤད་པ། འགྲོ་བ་རྣམ་དགྲོལ་ཕྱིར་ཏེ། བདག་མེད་པ་རྣམ་པ་གཉིས་པོ་འདི་ནི་བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་དུ་ཉེ་བར་བསྟན་ཏོ། དེ་ལ་གང་ཟག་གི་བདག་མེད་པ་ནི་རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ནི་གཉི་ག་བསྟན་ཏེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་བསྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐམས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་བསྒོམ་པ་ནི་ཡོད་པར་རྣམ་པར་བཞག་གོ །ཞེས་གསུངས་པས། ཉོན་མོངས་པ་སྤོང་བ་ནི་སྟོང་པ་ཉིད་མཐོང་བ་ལས་ཡིན་པས་དེ་ཙམ་ནི་ཡོད་ལ། སྙིང་རྗེ་ཆེན་པོས་ཟིན་པ་ནི་མེད་པས་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་མ་རྟོགས་པ་ཞེས་བཞག་སྟེ། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་གསུངས་པས། ཉན་རང་གི་སྟོང་པ་ཉིད་ལ་ཉི་ཚེ་བར་བཤད་པ་དེས་ཡིན་ནོ། །དེའི་ཕྱིར་རྒྱས་བསྡུས་ཀྱི་དོན་སྟོང་ཉིད་རྟོགས་ཚུལ་ལ་དངོས་པོ་གཅིག་གི་སྟེང་དུ་རིག་པ་མང་པོས་སམ། དངོས་པོ་མཐོང་བ་མང་ཉུང་གིས་བཞག་པ་ལྟ་བུ་ལ་འདོད་ན་དེ་ནི་རིགས་པ་མ་ཡིན་ཏེ། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་དང་། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་ཡིན། །ཞེས་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང་། ཇི་ལྟར་ཁྱོད་ཀྱི་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང་། །ཇི་སྙེད་མང་པོ་བཤད་བྱས་ཀྱང་། །དེ་ལ་དྲེགས་པ་སྐྱེ་བ་མེད། །ཅེས་གསུངས་པ་དང་འགལ་བའི་ཕྱིར་རོ། །འདིར་ཕ་རོལ་ཏུ་ཕྱིན་པ་བཅུ་མེད་པ་མ་ཡིན་ཀྱང་། ཉམས་སུ་བླང་པ་སྦྱིན་པ་ལྷག་པར་འགྱུར་ལ། སྦྱིན་པ་དེ་ཡང་མངོན་སུམ་མ་ཡིན་པའི་ཡོན་ཏན་ངེས་པའི་རྟགས་ཡིན་པ་དེ་བཞིན་དུ་སོ་སོ་སྐྱེ་བོ་དང་ཉན་རང་གི་ཡང་སྡུག་བསྔལ་ཕྱིར་བཅོས་པ་དང་གཏན་དུ་བའི་བདེ་བ་ཐོབ་པའི་རྒྱུ་ཡིན་ནོ། །ཞེས་སྟོན་པ། །སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །སོགས་དང་། བྱང་ཆུབ་སེམས་དཔའི་མ་ཡིན་པ་རྣམས་ནི་སྦྱིན་པ་དང་དུས་མཉམ་དུ་ཇི་སྐད་བཤད་པའི་འབྲས་བུ་ངེས་པར་ལོངས་སྤྱོད་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་དེ་ཉིད་དུ་སྦྱིན་པའི་འབྲས་བུ་ལོངས་སྤྱོད་དོ་ཞེས་བརྒལ་ལན་དང་བཅས་ཏེ་སྟོན་པ་ལ། འགྲོ་ལ་ཕན་པར་དམ་བཅས་ཡིད་ཅན་རྣམས། །ཞེས་སོགས་དང་། སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་སྟོན་པ། སྦྱིན་པ་སྦྱིན་བྱ་ལེན་པ་གཏོང་པོས་སྟོང་། །ཞེས་སོགས་ཀྱི་དང་། སླར་ས་དེའི་ཁྱད་པར་གྱི་ཕུལ་དུ་བྱུང་བའི་ཡོན་ཏན་རྗེས་སུ་བརྗོད་པ་ལ། དེ་ལྟར་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་གནས་ཤིང་། ཞེས་སོགས་ཀྱིས་གསུངས་སོ། །ད་ནི་སེམས་བསྐྱེད་པ་གཉིས་པ་སྟོན་པ་བཞེད་ནས། དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། །རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས། །ཞེས་པའི་འགྲེལ་པ་ལས། ས་ཞེས་བྱ་བ་ཤེས་པའི་ཁྱད་པར་ཐམས་ཅད་ནི་རང་བཞིན་གཅིག་པོ་དེ་ཉིད་ཀྱི་ཕྱིར། དེ་མེད་ན་མི་འབྱུང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕུལ་དུ་བྱུང་བ་ཉིད་ལས་སེམས་བསྐྱེད་པ་གཉིས་ལ་སོགས་པའི་ཁྱད་པར་སྟོན་པར་བྱེད་དོ། །ཞེས་སོ། །འདིར་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའ་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་ཉིད་ཡིན་ཏེ། དེ་ལ་ཉོན་མོངས་པ་དང་དུ་མི་ལེན་པའི་ཕྱིར་དང་། སྡིག་པ་མི་འབྱུང་བའི་ཕྱིར་སེམས་ལ་ཡིད་བཅགས་པ་ཕྱིར་ཞི་བས་བསིལ་བ་ཉིད་ཀྱི་ཕྱིར་རམ། བདེ་བའི་རྒྱུ་ཉིད་ཀྱིས་དམ་པ་དག་གིས་བསྟེན་པར་བྱ་བས་ན་ཚུལ་ཁྲིམས་ཏེ། དེ་ཡང་སྤོང་བ་བདུན་གྱི་མཚན་ཉིད་ཅན་ནོ། །ཆོས་གསུམ་པོ་མ་ཆགས་པ་དང་ཞེ་སྡང་མེད་པ་དང་། ཡང་དག་པའི་ལྟ་བ་ནི་དེ་དག་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་ཀུན་ནས་སློང་བར་བྱེད་པ་དང་བཅས་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་ལས་ཀྱི་ལམ་བཅུར་བཤད་དོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་རབ་ཏུ་གྱུར་པའོ། །ཡོན་ཏན་དག་ལྡན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡོངས་སུ་དག་པ་ཞེས་བྱ་བ་སྟེ། རང་གི་ཡོན་ཏན་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་ཉིད་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྨི་ལམ་ཙམ་དུ་ཡང་ཚུལ་ཁྲིམས་འཆལ་བ་རྩོམ་པའི་དྲི་མ་དག་གིས་མི་གོས་པའི་ཕྱིར་དྲི་མ་མེད་པ་ཞེས་བྱ་བའི་མིང་ཐོབ་བོ། །ཇི་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་ཤིང་ཡོངས་སུ་དག་པའི་རྒྱུར་ཡང་ས་དང་པོ་དེ་ལ་བལྟོས་ཏེ་ཤིན་ཏུ་དག་པ་དང་། རློམ་སེམས་པ་མེད་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པར་བརྗོད་པ་ལ། ལུས་ངག་ཡིད་ཀྱི་སོགས་དང་། དེའི་འོག་ཏུ་སྤྱིར་དེ་ལས་གཞན་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སྦྱིན་པ་ལ་སོགས་པ་དག་ལས་ཡོན་ཏན་ཆེ་བ་དང་། སྦྱིན་པའི་རྗེས་འགྲོར་ཚུལ་ཁྲིམས་དང་། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་ཉིད་དུ་བསྟན་པ། སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང་། །ཞེས་སོགས་དང་། འདིར་ཚུལ་ཁྲིམས་འཆལ་བ་དང་། མི་འགྲོགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱེ་བ་དང་། སའི་ཡོན་ཏན་རྗེས་སུ་བརྗོད་པ་རིམ་པ་བཞིན་ཏུ་སྟོན་པ། ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང་། །ཞེས་སོགས་སོ། །སེམས་བསྐྱེད་པ་གསུམ་པ་བཤད་པ། ཤེས་བྱའི་བུད་ཤིང་མ་ལུས་སྲེག་པའི་མེ། །འོད་འབྱུང་ཕྱིར་ན་ས་ནི་གསུམ་པ་འདི། །འོད་བྱེད་པ་སྟེ་འགྲེལ་པ་ལས། ཡང་འདི་ཅིའི་ཕྱིར་ན་འོད་བྱེད་པ་ཡིན་ཞེ་ན། དོན་དང་མཐུན་པ་ཉིད་སྟོན་པར་བྱེད་དེ། དེའི་ཚེ་ཤེས་བྱའི་བུད་ཤིང་མ་ལུས་སྲེག་པའི་བུད་ཤིང་གི་མེ་ཞི་བའི་བདག་ཉིད་ཅན་གྱི་འོད་འབྱུང་བའི་ཕྱིར་ས་འདི་ལ་འོད་བྱེད་པ་ཞེས་བཤད་དོ། །ཞེས་སོ། །དེ་ལ་ཡེ་ཤེས་ཀྱི་སྣང་བ་ཇི་ལྟ་བུ་འབྱུང་བར་སྟོན་པ། བདེ་གཤེགས་སྲས་ལ་སོགས་དང་། དེའི་ཉམས་སུ་བླང་བ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་བསྟན་པ། གལ་ཏེ་གནས་མིན་འཁྲུག་པ་སོགས་དང་། དེ་ལྟར་བཟོད་པའི་རྒྱུ་སྟོན་པ། བདག་མེད་མཐོང་བའི་སོགས་དང་། མི་བཟོད་པ་སྐྱོན་ཆེ་བས་དེ་ལས་བཟློག་པར་རིགས་པར་འཆད་པ་ལ། གནོད་པ་བྱས་ན་གལ་ཏེ་སོགས་དང་། བཟོད་པའི་ཡོན་ཏན་བསྟན་པ། བཟོད་པས་བཤད་ཟིན་སོགས་དང་། མྱུར་དུ་བརྟེན་པར་བྱ་བ་སྟོན་པ། སོ་སོ་སྐྱེ་བོ་དང་ནི་སོགས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དབྱེ་བ་ནི། རྫོགས་སངས་རྒྱས་ཀྱི་སོགས་དང་། ས་དེར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་བ་དེ་བཞིན་དུ་བསམ་གཏན་དང་། སྙོམས་པར་འཇུག་པ་དང་། ཚད་མེད་པ་དང་། མངོན་ཤེས་དང་། འདོད་ཆགས་ལ་སོགས་པ་ཡོངས་སུ་ཟད་པ་གདོན་མི་ཟ་བར་ཡོངས་སུ་ཐོབ་པར་འགྱུར་རོ་ཞེས་སྟོན་པ། ས་དེར་རྒྱལ་སྲས་བསམ་གཏན་སོགས་ཀྱི་དང་། དེ་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཐུག་པ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱི་རྟེན་གྱི་ཁྱད་པར་དང་། ཚོགས་ཀྱི་རང་བཞིན་དང་འབྲས་བུ་ཡོངས་སུ་འགྲུབ་པ་རྣམ་པར་གཞག་པ་གསལ་བར་བྱ་བའི་ཕྱིར། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཁྱིམ་པ་རྣམས་ལ་ནི་ཕལ་ཆེར་སྦྱིན་པ་ལ་སོགས་པའི་ཆོས་གསུམ་པོ་དེ་དག་བསྒྲུབ་པར་སླ་ལ། རབ་ཏུ་བྱུང་བ་རྣམས་ལ་ནི་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཡིན་ཏེ། ཅིག་ཤོས་དག་ལ་གཅིག་མི་སྲིད་པ་ནི་མ་ཡིན་ནོ། །སངས་རྒྱས་ཉིད་རྒྱུ་ཡི་ཚོགས་ནི་གཉིས་ཡིན་ཏེ། གང་འདི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་དེ་དག་ཉིད་ཡིན་པ་ཡེ་ཤེས་ཀྱི་ཚོགས་ནེ་བསམ་གཏན་དང་ཤེས་རབ་བོ། །བརྩོན་འགྲུས་ནི་གཉི་གའི་རྒྱུ་ཡིན་ནོ། །དེ་ལ་བསོད་ནམས་ཀྱི་ཚོགས་གང་ཡིན་པ་དེ་ནི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་བསོད་ནམས་བརྒྱའི་མཚན་ཉིད་ཅན་རྨད་དུ་བྱུང་ཞིང་བསམ་གྱིས་མི་ཁྱབ་པའི་གཟུགས་སྣ་ཚོགས་པ་དང་ལྡན་པའི་རྒྱུ་ཡིན་ནོ། །ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་སྐྱེ་བ་མེད་པའི་མཚན་ཉིད་ཅན་གྱི་རྒྱུ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །དེ་ནས་ས་གསུམ་པའི་ཡོན་ཏན་རྗེས་སུ་བརྗོད་པ། རྒྱལ་བའི་སྲས་པོ་ཉི་མ་ལ་གནས་འོད་བྱེད་འདི། །ཞེས་པ་ལ་སོགས་པ་གསུངས་སོ། །སེམས་བསྐྱེད་པ་བཞི་པ་བཤད་པ། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །བརྩོན་འགྲུས་གང་དུ་འབར་བར་གྱུར་པ་ཡི། །ས་དེ་བཞི་པ་འོད་ནི་འཕྲོ་བའོ། །ཞེས་པའི་འགྲེལ་པ་ལས། བརྩོན་འགྲུས་དེ་རང་གི་ཡོན་ཏན་ཡོངས་སུ་དག་པའི་སྒོ་ནས་ས་གང་ཞིག་ཏུ་ལྷག་པར་འབར་བ་འཆད་པ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཞི་པ་འོད་འཕྲོ་བ་ཞེས་པ་ཡིན་ནོ། །ཞེས་གསུངས། དེ་ཉམས་སུ་བླང་བར་བྱ་བ་ལྷག་པའི་བརྩོན་འགྲུས་ཀྱང་དེ་ཉིད་དུ། དགེ་བའི་ལས་ལ་སྤྲོ་བ་དང་མི་ལྡན་པ་ནི་རྣམ་པ་ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་དག་ལ་འཇུག་པ་མེད་པས་ཡོན་ཏན་ཐམས་ཅད་འབྱུང་བ་མི་སྲིད་ལ། སྔར་ཉེ་བར་བཀོད་པའི་ཡོན་ཏན་བསགས་པ་སྤྲོ་བ་དང་ལྡན་པ་ལ་ནི་ཐོབ་དང་མ་ཐོབ་པ་དང་འཕེལ་བ་དང་ཐོབ་པ་སྲིད་པས་ཡོན་ཏན་ཡིན་ནོ་ཅོག་གི་རྒྱུ་ནི་བརྩོན་འགྲུས་ཉིད་ཡིན་ནོ། །ཚོགས་གཉིས་ཀྱི་རྒྱུ་ནི་གོང་དུ་བཤད་ཟིན་ཏོ། །ཞེས་གསུངས་སོ། །དེ་ལྟ་བུའི་བརྩོན་འགྲུས་ཀྱི་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་པ་ལས་སྔར་བཤད་པའི་ཟངས་ཀྱི་སྣང་བ་ལས་ལྷག་པའི་སྣང་བ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་མེའི་འོད་འབྱུང་བས་བྱང་ཆུབ་སེམས་དཔའི་ས་དེ་ལ་འོད་འཕྲོ་བ་ཞེས་སྟོན་པ་ལ། དེར་ནི་བདེ་གཤེགས་སྲས་ལ་རྫོགས་པ་ཡི། །ཞེས་སོགས་དང་། རང་དུ་ལྟ་བ་དང་འབྲེལ་ཐམས་ཅད་ཡོངས་སུ་ཟད། །ཅེས་གསུངས་པ། དེས་བདག་ལྟ་དང་འབྲེལ་བ་རྣམ་པར་ཟད་པར་བྱས་སོ། །སེམས་བསྐྱེད་པ་ལྔ་པ་བཤད་པ། བདག་ཉིད་ཆེ་དེ་བདུད་རྣམས་ཀུན་གྱིས་ཀྱང་། །སྤྱང་དཀའི་ས་ལ་ཕམ་པར་ནུས་མ་ཡིན། །ཞེས་འགྲེལ་པར། བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ལྷའི་བུའི་བདུད་རྣམས་ཀྱིས་ཀྱང་ཕམ་པར་བྱ་བ་མི་ནུས་ན། དེ་དག་ལས་གཞན་བདུད་ཀྱི་བཀའ་ཉན་ལ་སོགས་པ་རྣམས་ཀྱིས་ལྟ་ཅི་སྨོས། དེ་ཉིད་ཀྱི་ཕྱིར་ས་འདིའི་མིང་སྦྱང་དཀའ་བ་ཞེས་བྱའོ། །ཞེས་སོ། །གནོན་པར་དཀའ་བའམ་བསྒྲུབ་པར་དཀའ་བས་སྦྱང་དཀའ་བ་ཞེས་བྱའོ། །ས་འདིར་ཉམས་ལེན་བསམ་གཏན་གྱི་ཕར་ཕྱིན་ཆེས་ལྷག་པར་འགྱུར་ཞིང་། དེ་ཡང་བློ་བཟང་ནི་འཕགས་པ། དེའི་བདེན་པ་ནི་འཕགས་པའི་བདེན་པ་སྟེ། དེ་རྣམས་ཀྱི་རང་གི་རང་བཞིན་ཞིབ་མོ་ཤེས་པ་ལ་མཁས་པར་འགྱུར་རོ་ཞེས་སྟོན་པ་ལ། བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། །ཞིབ་མོ་རྟོག་ལའང་ཤིན་ཏུ་མཁས་པ་འཐོབ། ཅེས་སོ། །འདིར་བདེན་པ་ནི་འཕགས་པའི་བདེན་པ་བཞི་དང་། བདེན་པ་གཉིས་དང་། མཚན་ཉིད་ཀྱི་བདེན་པ་དང་། རྣམ་པར་ཕྱེ་བའི་བདེན་པ་དང་། ཕྱེ་སྟེ་རྟོགས་པའི་བདེན་པ་དང་། དངོས་པོ་རྟོགས་པའི་བདེན་པ་དང་། རབ་ཏུ་སྐྱེ་བའི་བདེན་པ་དང་། ཟད་པ་ཤེས་པའི་བདེན་པ་དང་། ལམ་ཤེས་པ་ལ་འཇུག་པའི་བདེན་པ་དང་། བྱང་ཆུབ་སེམས་དཔའི་གོ་རིམ་ཐམས་ཅད་ཀྱི་མཚམས་སྦྱོར་བ་བསྒྲུབ་པ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བར་གྱི་བདེན་པ་དང་བརྒྱད་དོ། །དེ་ཡང་འགྲེལ་པ་ལས། དེ་ལ་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་རང་གི་བདེན་པའི་ངོ་བོའོ། །དེ་བཞིན་དུ་བདེན་པ་གཞན་གང་ཅུང་ཟད་ཅིག་ཡོད་པ་དེ་ཡང་ཅི་རིགས་པར་བདེན་པ་གཉིས་ཀྱི་ཁོངས་སུ་གཏོགས་པ་ཁོ་ནར་ངེས་པར་བྱའོ། །ཞེས་གསུངས་སོ། །སེམས་བསྐྱེད་པ་དྲུག་པ་བཤད་པ། མངོན་དུ་ཕྱོགས་པར་མཉམ་བཞག་སེམས་གནས་ཏེ། །རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང་། །འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པའི་འགོག་པ་ཐོབ་པར་འགྱུར། །ཞེས་སོ། །དེ་ལ་འགྲེལ་པ་ལས། བྱང་ཆུབ་སེམས་དཔའི་ས་ལྔ་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཐོབ་པས་ས་དྲུག་པར་མཉམ་པར་བཞག་པའི་སེམས་ལ་གནས་ཤིང་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་དེ་ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་འགོག་པ་ཐོབ་པར་འགྱུར་གྱི་སྔ་རོལ་དུ་ནི་མ་ཡིན་ཏེ། ཤེས་རབ་ལྷག་པར་གྱུར་པ་མེད་པའི་ཕྱིར། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་དང་ལྡན་པས་ནི་འགོག་པ་ཐོབ་པར་མི་ནུས་སོ། །གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་ཁོང་དུ་ཆུད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་ལྔ་པར་ལམ་གྱི་བདེན་པ་ལ་དམིགས་པའི་ཕྱིར་དང་། རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ཕྱིར་ན་ས་འདི་ལ་མངོན་དུ་གྱུར་པ་ཞེས་བྱའོ། །ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རག་ལས་པ་ཉིད་དུ་བསྟན་པའི་ཕྱིར། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། ཞེས་སོགས་དང་། སྟོང་པ་ཉིད་ཀྱི་ལྟ་བ་རང་དབང་དུ་འབྲེལ་བར་མི་ནུས་པ་དང་། དེ་བསྟན་པའི་ཡུལ་དང་། ཉན་པའི་ཡུལ་ཅན་གྱི་ཡོན་ཏན་ཇི་ལྟར་འབྱུང་བ་རྣམས་རིམ་པར་སྟོན་པ་ལ། ཇི་ལྟར་དེ་ཡི་ཆེས་ཟབ་ཆོས་རྟོགས་པ། །ཅེས་སོགས་དང་། ཇི་ལྟར་ཉན་པར་བྱ་བའི་ཆོས་ནི། ཇི་སྐད་དུ་འཕགས་པ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན་འདི་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང་། དེ་བཞིན་དུ་སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། དབེན་པ་དང་། གདོད་མ་ནས་རྣམ་པར་དག་པ་དང་། སྤྲོས་པ་མེད་པ་དང་། བླ་ན་མེད་པ་དང་། དོར་བ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་། བྲག་ཆ་དང་ཆུ་ཟླ་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པར་གཉིས་སུ་མེད་པར་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རབ་ཏུ་རྟོགས་ན་རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ་གསུངས་པས། ཆོས་སྐྱེ་བ་མེད་པར་མཉམ་པ་ཉིད་ཁོ་ན་རིགས་པས་བསྟན་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་གཞན་བསྟན་པར་བླ་བར་དགོངས་ཏེ། སློབ་དཔོན་གྱི་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་སོགས་ཀྱི་དམ་བཅའ་བ་བཞི་པོ་རྗེས་སུ་བརྗོད་པར་བཞེད་ནས། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག གཉི་ག་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །ཅེས་བདག་ལས་སྐྱེ་བ་མ་ཡིན་ཞེས་བྱ་བའི་དོན་གང་ཡིན་པ་དེ་ཉིད་དེ་ལས་འབྱུང་མིན་ཞེས་བྱ་བས་གསུངས་ཏེ། ལྷག་མ་ལ་ཡང་སྦྱར་རོ། །དོན་ནི་མྱུ་གུའི་རང་གི་རང་ཉིད་དེ་ཉིད་ལས་འབྱུང་བ་མ་ཡིན་ནོ་ཞེས་དམ་བཅའ་བ་ཡིན་ལ། དེ་རིགས་པས་བསྒྲུབ་པའི་ཕྱིར། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བ་རིགས་པ་མ་ཡིན་ཉིད། །ཅེས་གང་གི་ཕྱིར་བདག་ཉིད་ཡོད་པ་ཐོབ་པ་དེ་ཉིད་མྱུ་གུའི་རང་གི་བདག་ཉིད་ཡོད་བཞིན་པ་དེ་ཉིད་ལས་འབྱུང་བ་ལ་ཡོན་ཏན་ལྷག་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཡོད་པ་ཉིད་སྔར་ཐོབ་ཟིན་པའི་ཕྱིར་རོ། །ཞེས་དང་། བདག་ལས་སྐྱེ་བའི་ཕྱོགས་འདི་ནི་རིགས་པ་དང་འགལ་བ་ཡིན་ནོ་ཞེས། ཕྱི་མ་དམ་བཅའ་བ་ཙམ་ཞིག་ཏུ་བཀོད་ནས། རིགས་པ་དང་འགལ་བ་རྒྱས་པར་སྟོན་པའི་ཕྱིར། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་ན་ནི། །སོགས་ཀྱིས་བདག་ལས་སྐྱེ་བ་དེ་ཉིད་དང་འཇིག་རྟེན་དུ་ཡང་མི་རིགས་པར་བསྟན་པས་བདག་ལས་སྐྱེ་བ་སྤྱིར་དགག་པར་མཛད་དོ། །བདག་ལ་འབྱུང་བར་མི་འགྱུར་ཏེ་ཞེས་བྱ་བ་འདི་ངེས་པ་ཡིན་ལ། གཞན་དག་ལས་ལྟ་ག་ལ་ཞིག ཅེས་སྨྲ་བར་མི་རིགས་ཏེ། གཞན་དུ་གྱུར་པའི་རྐྱེན་བཞི་པོ་སྟེ། རྐྱེན་རྣམས་དངོས་པོ་རྣམས་ཀྱི་བསྐྱེད་པར་བྱེད་པའོ། །ཞེས་བྱ་བའི་གསུངས་རབ་ལ་བལྟོས་ནས་མི་འདོད་བཞིན་དུ་ཡང་གཞན་ལས་སྐྱེ་བར་ཁས་བླང་དགོས་སོ་ཞེས་རྒོལ་བ་ལ། འདི་ནི་བཞག་པར་མི་ནུས་ཏེ། རིགས་པ་དང་ལུང་དང་འགལ་བའི་ཕྱིར་རོ། །ཇི་ལྟར་རིག་པ་དང་འགལ་ཞེ་ན། རྒྱུ་གཞན་ལ་བརྟེན་ནས་འབྲས་བུ་གཞན་ཞིག་སྐྱེ་བར་འགྱུར་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་འགྱུར་ཏེ། མེ་ལྕེ་དང་མུན་པ་གཞན་ཉིད་ཡིན་པའི་ཕྱིར་རོ། །ཞེས་སྟོན་པ་ལ། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་། །ཞེས་འདི་ནི་མཐོང་བའི་རིགས་པ་མ་ཡིན་ཏེ།དེའི་ཕྱིར་འདི་ནི་ཡོད་པ་མ་ཡིན་ནོ་ཞེས་དེ་བསྒྲུབ་པའི་ཕྱིར། རྒྱུར་གྱུར་པ་དང་རྒྱུར་གྱུར་པ་མ་ཡིན་པ་ཐམས་ཅད་མཚུངས་པར་སྟོན་པ། རྒྱུར་གྱུར་པ་དང་རྒྱུ་མ་ཡིན་པར་གྱུར་པ་ཐམས་ཅད་ལས་ཀྱང་དངོས་པོ་འབྲས་བུར་གྱུར་པ་དང་འབྲས་བུར་མ་གྱུར་པ་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་འཕངས་པ། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པ་བྱེད་པ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས། །ཞེས་སོགས་དང་། དེ་ཙམ་དུ་མ་ཟད་རྒྱུ་དང་འབྲས་བུ་དག་གཞན་ཡིན་པ་མི་སྲིད་པར་བསྟན་པ་ནི། ས་བོན་དང་དུས་མཉམ་དུ་མྱུ་གུ་ཡོད་པ་མ་ཡིན་པ་དེའི་ཕྱིར། ས་བོན་ལས་མྱུ་གུ་གཞན་དུ་ཡོད་པ་མ་ཡིན་ལ། གཞན་ཉིད་མེད་པས་གཞན་ལས་མྱུ་གུ་སྐྱེའོ་ཞེས་བྱ་བ་འདི་ཡོད་པ་མ་ཡིན་ནོ་ཞེས་འཐད་པ་དང་བཅས་ཏེ་སྟོན་པ་ལ། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། །སོགས་དང་། གཞན་ཡང་རྒྱུ་འབྲས་བུ་ལ་བལྟོས་པའི་དུས་ཡོད་པ་མ་ཡིན་པར་སྟོན་པ་ལ། རེ་ཞིག་སྐྱེད་པར་བྱེད་པའི་རྒྱུ་བསྐྱེད་བྱ་ཡོད་པར་གྱུར་པའི་སྐྱེད་བྱེད་མ་ཡིན་ཏེ་ཉེས་པ་སྔར་བཤད་པས་དང་། བསྐྱེད་པར་བྱ་བ་ཡོད་པར་མ་ཡིན་པར་གྱུར་པ་ལ་ཡང་བསྐྱེད་པར་བྱ་བ་དེ་དག་གིས་ཅི་ཞིག་བྱ་སྟེ་བོང་བུའི་རྭ་ལྟར་མེད་པའི་ཕྱིར་རོ། །ཡོད་པ་དང་མེད་པའི་དངོས་པོ་གཅིག་དུས་གཅིག་གི་ཚེ་གཅིག་པ་སྲིད་པ་མ་ཡིན་པས་གཉིས་ཀྱི་རང་བཞིན་ཅན་གྱི་དངོས་པོ་ཡོད་པ་མ་ཡིན་ལ། དེ་མེད་པའི་ཕྱིར་དེ་ལ་སྐྱེད་པར་བྱེད་པའི་རྐྱེན་དག་གིས་ཅི་ཞིག་བྱ་སྟེ། བཤད་ཟིན་པའི་ཉེས་པར་ཐལ་བའི་ཕྱིར་རོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་འབྲས་བུ་གང་ཡིན་པ་དེ་ལ་ཡང་རྐྱེན་དེས་ཅི་ཞིག་བྱ་སྟེ་ཡོད་པ་དང་མེད་པའི་ངོ་བོ་སྤངས་པའི་འབྲས་བུ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཞེས་སྟོན་པ་ལ། སྐྱེད་པར་བྱེད་པ་བསྐྱེད་བྱ་གཞན་བསྐྱེད་པ་དེ་རྒྱུ་ཡིན་ན་སོགས་དང་། ད་ནི་ལུང་དང་འགལ་བར་བརྗོད་པའི་ཕྱིར། འགའ་ཞིག་རིག་པ་ཉེ་བར་འགོད་པ་ཡང་མངོན་སུམ་མ་ཡིན་པ་ཁོ་ན་ལ་འོས་ཀྱི་མངོན་སུམ་ལ་ནི་མ་ཡིན་གྱི། དེའི་ཕྱིར་འཐད་པ་མེད་པར་ཡང་དངོས་པོ་རྣམས་གཞན་ལས་སྐྱེ་བ་ཡོད་པ་ཁོ་ནའོ་ཞེས། གང་གི་རང་ལྟ་ལ་གནས་སོགས་སྨྲ་བ་ལ། འཇིག་རྟེན་གྱིས་གནོད་པའི་ཡུལ་ངོས་གཟུང་བ་དང་། དེ་ཉིད་ལ་འཇིག་རྟེན་གྱི་མི་གནོད་པ་དང་། གཞན་ལས་སྐྱེ་བ་དགག་པ་འཕགས་པའི་གཟིགས་པ་ཚད་མར་བྱས་ནས་དེའི་ལུང་ལ་བལྟོས་ཏེ་སྨྲས་པའི་ཕྱིར་ཞེས་སྟོན་པ་ལ། འཕགས་པ་ལྷས། འཇིག་རྟེན་པ་ཡིས་དོན་རྟོགས་པས། །འཇིག་རྟེན་གཞན་དུ་བསྒྲུབ་པར་བྱ། །ཀུན་ནས་ཉོན་མོངས་སྤོངས་འདོད་པས། །དམ་པའི་དོན་གྱིས་བཙལ་བར་བྱ། །ཞེས་གསུངས་པས། བདེན་གཉིས་རྣམ་པར་བཞག་པ་སྔོན་དུ་འགྲོ་དགོས་པ་བྱུང་བའི་ཕྱིར། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །སོགས་དང་། འཇིག་རྟེན་ལ་ཡང་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས། དེའི་ལྟ་བ་ལ་གནས་ནས་ཀྱང་གཞན་སྐྱེ་དགག་པར་འདོད་ནས། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །སོགས་དང་། ཡང་། བདག་ལས་མ་ཡིན་སོགས་ནི་སློབ་དཔོན་གྱིས་ཀུན་བཏགས་པའི་ངོ་བོ་ཉིད་ཁོ་ན་བཀག་པ་ཡིན་གྱི་གཞན་གྱི་དབང་གི་ངོ་བོ་ནི་མ་ཡིན་ནོ་སྙམ་དུ་རྣམ་རིག་པས་སེམས་པ་འདི་ཡང་བརྟག་པར་བྱ་བ་ཡིན་ནོ། །ཞེས་སྟོན་པ་ལ། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །སོགས་པ་དེ་དག་གི་འདོད་པ་རྒྱས་པར་བཀག་པ་དང་། སེམས་ཙམ་སྟོན་པའི་མདོའི་དགོངས་པ་བཤད་ནས་དེ་དག་དྲང་དོན་དུ་སྟོན་པ་ལ། དེའི་ཕྱིར་བློ་ལྡན་བློ་ནི་འཕེལ་བྱའི་ཕྱིར། །སོགས་དང་། གང་གི་ཕྱོགས་གཉི་ག་ལ་སྐྱོན་གང་དག་བསྟན་པ་དེ་དག་གཉི་གའི་ཕྱོགས་འདི་ལ་འབབ་པའི་ཕྱིར་གཉིས་ལས་ཀྱང་སྐྱེ་བ་སྲིད་པ་མ་ཡིན་ནོ། །ཞེས་དང་། རེ་རེ་ལ་སྐྱེད་པར་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །ཞེས་པའི་རིག་པ་གཉིས་སྟོན་པ་ལ། གཉིས་ལས་སྐྱེ་བའང་རིག་པའི་ངོ་བོ་མ་ཡིན་ཏེ། །བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་ཕྱིར་རོ། །ཞེས་སོགས་དང་། དངོས་པོ་རྣམས་ཀྱི་སྐྱེ་བ་བློ་བུར་བར་འགྱུར་ན་ནི། ཇི་ལྟར་པ་ན་ས་ཡི་ཤིང་དེའི་ཤིང་ཐོག་གི་རྒྱུ་མ་ཡིན་པ་བཞིན་དུ་ནི་མ་པ་དང་ཨ་མྲ་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱང་དེའི་རྒྱུ་མ་ཡིན་པས་དེ་དག་ལས་སྐྱེ་བར་འགྱུར་ཏེ་རྒྱུ་མ་ཡིན་པ་ཉིད་དུ་འདྲ་བའི་ཕྱིར་རོ། །ཞེས་རིག་པ་དང་འགལ་བ་དང་། འབྲས་བུ་འབྱུང་བའི་ཆེད་དུ་འཇིག་རྟེན་སྟོན་སྤྱད་པ་ལ་སོགས་པས་མཐོང་བ་དང་འགལ་བའི་སྐྱོན་བརྗོད་པ་བཞེད་ནས། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་ཏུ་ནི་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པ་ཡང་མི་འགྱུར། །ཞེས་སོགས་དང་། རྒྱང་འཕེན་པ་ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་སོགས་མེད་པར་ཤེས་པ་ཡང་ཕྱིན་ཅི་ལོག་ཡིན་ནོ་ཞེས་སྟོན་པ་ལ། འབྱུང་བ་དེ་དག་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི། །སོགས་དང་། མཐའ་བཞིས་སྐྱེ་བ་བཀག་ནས་དངོས་པོ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་དང་། གཏི་མུག་གིས་སླད་པ་རང་བཞིན་དང་བཅས་པར་སྣང་བ་དང་། རྣལ་འབྱོར་བས་མ་མཐོང་བས་གྲོལ་བ་དེའི་ཕྱིར་དེ་དག་རྟེན་འབྱུང་དུ་བཤད་པ་དང་། རྣམ་པར་དཔྱོད་པ་དོན་ཡོད་པར་བསྟན་པ་རྣམས་རིམ་པ་བཞིན་སྟོན་པ་ལ། གང་གི་ཕྱིར་ན་བདག་དང་གཞན་དང་གཉི་ག་ལས་བསྐྱེད་དང་། །སོགས་སོ། །ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དང་སྐྱོན་སྐྱེ་རྒ་སོགས་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ནི། ང་དང་ང་ཡིར་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་པ་ཅན་ནོ། །དེ་ལས་བྱུང་བས་ན་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བའོ། །འཇིག་ཚོགས་ལ་ལྟ་བ་དེའི་དམིགས་པ་ནི་བདག་ཁོ་ན་ཡིན་ཏེ། ངར་འཛིན་པ་ནི་བདག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་དང་སྐྱོན་མ་ལུས་པ་སྤོང་བར་འདོད་པས་འཇིག་ཚོགས་ལ་ལྟ་བ་སྤང་བར་བྱ་བ་ཡིན་ལ། དེ་ཡང་བདག་མེད་པ་ཁོང་དུ་ཆུད་པས་སྤོང་བར་འགྱུར་བའི་ཕྱིར་བདག་ཁོ་ན་འགོག་པར་བྱ་སྟེ། དེ་བཀག་པས་འཇིག་ལྟ་སྤངས་བར་འགྱུར་ལ། དེ་ལས་ཉོན་མོངས་པ་དང་སྐྱོན་ཐམས་ཅད་ལས་བཟློག་པས་ན་བདག་རྣམ་པར་དཔྱད་པ་ཐར་པ་བསྒྲུབ་པའི་ཐབས་ཡིན་ནོ་ཞེས་བཤད་པར་བྱ་ལ། དེའི་འཇིག་ཚོགས་ལ་ལྟ་བའི་དམིགས་པར་གྱུར་པ་བདག་ཅེས་བྱ་བ་འདི་ཅི་ཞིག་ཅེས་རྣལ་འབྱོ་པས་བརྟག་པར་བྱ་བ་ལས། རེ་ཞིག་མུ་སྟེགས་བྱེད་རྣམས་ཀྱི་གྲུབ་པའི་མཐའ་ལས་ཇི་ལྟར་བཞག་པ་བསྟན་པ་ལས། ཟ་པོ་རྟག་དངོས་སོགས་དང་། དེ་ལྟ་བུའི་བདག་ཐམས་ཅད་དུ་མ་སྐྱེས་པ་ཉིད་ཀྱི་གཏན་ཚིགས་དང་། མོ་གཤམ་གྱི་བུའི་དཔེས། དེ་རང་གི་ངོ་བོ་དང་ཁྱད་པར་གསལ་བས་ཕུང་པོ་ལས་ཐ་དད་པའི་བདག་ཡོད་པ་བཀག་པའི་ཕྱིར། མོ་གཤམ་བུ་ལྟར་སོགས་དང་། རང་སྡེ་མང་བཀུར་བ་དག་ལས་ཁ་ཅིག་གི་ཕུང་པོ་ལྔ་བདག་ཡིན་ནོ་ཞེས་དང་། ཁ་ཅིག་སེམས་ཅིག་པུ་བདག་ཡིན་ནོ་ཞེས་སྨྲ་བས། བདག་ཕུང་པོའི་རང་བཞིན་ཅན་ཡིན་པ་དགག་པ་ལ། ཁ་ཅིག་བདག་ལྟའི་རྟེན་དུ་སོགས་དང་། བདག་དང་ཕུང་པོ་རྟེན་བརྟེན་པ་ཉིད་དུ་ཡང་དགག་པ་ལ། ཕུང་པོར་བདག་ཡོད་མ་ཡིན་བདག་ལ་ཡང་། །སོགས་དང་། ཕུང་པོ་དང་ལྡན་པ་ཉིད་ཀྱང་བདག་ལ་ཡོད་པ་དགག་པ་ལ། བདག་ནི་གཟུགས་ལྡན་མི་འདོད་སོགས་དང་། བདག་ཕུང་པོ་སོགས་ལས་དེ་ཉིད་དང་གཞན་ཉིད་ཡིན་པ་དགག་པ་ལ། བདག་ནི་གཟུགས་ལས་དེ་ཉིད་གཞན་ཉིད་མེད། །སོགས་དང་། འཇིག་ཚོགས་ལ་ལྟ་བ་དམིགས་པ་དང་རྣམ་པ་ལོག་པ་ལ་འཇུག་པ་གྲངས་ཀྱི་སྒོ་ནས་བཞག་པའི་ཕྱིར། གཟུགས་བདག་མ་ཡིན་སོགས་དང་། མང་བཀུར་བའི་གང་ཟག་རྫས་སུ་ཡོད་པ་སྨྲ་བ་བསལ་བའི་ཕྱིར། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །སོགས་དང་། རིག་པ་ལྔ་པོས་བཙལ་ན་བདག་མི་རྙེད་པ་དང་། ཀུན་རྫོབ་ཀྱི་བདེན་པར་རྣམ་བཞག་མ་ཆད་ཙམ་གྱི་ཕྱིར། ཕུང་པོ་རྣམས་ལ་བརྟེན་ནས་བདག་ཏུ་བཏགས་པ་དང་། དེ་དག་མི་འགལ་བར་སྟོན་པ་ལ། དེ་ཕྱིར་ངར་འཛིན་རྟེན་ནི་སོགས་དང་། བདག་གདགས་པ་ཙམ་དུ་གྲུབ་པའི་དོན་དུ། ཕྱི་རོལ་གྱི་དཔེ་སྟོན་པ། ཤིང་རྟ་རང་ཡན་སོགས་དང་། ལྔའི་ཁར་ཚོགས་པ་དང་དབྱིབས་བཀག་པས་རྣམ་པ་བདུན་གྱི་རིག་པ་བཤད་པ། ཚོགས་ཙམ་སོགས་སོ། །དེ་ལྟར་བཤད་པ་ཡང་བདག་མེད་པ་གཉིས་སུ་བསྟན་པའི་ཕྱིར། བདག་མེད་འདི་ནི་སོགས་དང་། དེ་ཉིད་དེ་ལས་འབྱུང་མིན་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་བྱ་བའི་བར་འདིས་ནི་ཆོས་ཀྱི་བདག་མེད་པ་མངོན་པར་གསལ་བར་བྱས་སོ། །ཉོན་མོངས་སྐྱོན་རྣམས་མ་ལུས་ཞེས་བྱ་བ་ནས། དེ་སྐད་སྔར་བཤད་ལྷག་མ་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ། ཞེས་བྱ་བའི་བར་གྱི་གང་ཟག་གི་བདག་མེད་པ་གསལ་བར་བྱས་སོ། །སྟོན་པས་བདག་མེད་པ་རྣམ་པ་གཉིས་པོ་འདི་ནི་འདུལ་བའི་བསམ་པ་སྣ་ཚོགས་པ་ཉིད་ཀྱི་མང་པོར་ཡང་བསྟན་ཏེ། ཇི་ལྟར་ཞེ་ན། སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཇི་སྐད་དུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་སྐད་དུ་སྟོང་པ་ཉིད་བཅུ་དྲུག་བསྟན་ནས། གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱི་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་ཞེས་སླར་སྟོང་ཉིད་བཞི་བསྟན་ཏེ། སྟོང་པ་ཉིད་འདི་རྣམས་ནི་ཐེག་པ་ཆེན་པོའོ་ཞེས་སྟོན་པ་ལ། གང་ཕྱིར་དེ་ཡི་རང་བཞིན་ཏེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འགྲེལ་པར། དེ་ལ་མིག་ལ་སོགས་པ་རྣམས་མིག་ལ་སོགས་པ་རྣམས་ཉིད་ཀྱིས་སྟོང་པ་ཉིད་དུ་སྨྲས་པས་ནི་རང་བཞིན་སྟོང་པ་ཉིད་ཡོངས་སུ་གསལ་བར་བྱས་པ་ཡིན་གྱི། མིག་ནི་ནང་གི་བྱེད་པ་དང་བྲལ་བའི་ཕྱིར་སྟོང་ཞིང་གཟུང་བ་དང་འཛིན་པའི་བདག་ཉིད་ཀྱི་སྟོང་ངོ་ཞེས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་མ་ཡིན་ནོ། །ཞེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བ་བརྗོད་པའི་སྒོ་ནས་ཤེས་རབ་ཀྱི་སྐབས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པ། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །ཞེས་སོགས་སོ། །སེམས་བསྐྱེད་པ་བདུན་པ་བཤད་པ། རིང་དུ་སོང་བ་འདིར་ནི་སྐད་ཅིག་དང་། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཐབས་ཀྱི་ཕ་རོལ་ཕྱིན་ལེགས་འབར་བ་ཐོབ། །ཞེས་འགྲེལ་པ་ལས། འགོག་པ་ལ་སྙོམས་པར་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས། དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དེ། འདིར་སྤྲོས་པ་ཐམས་ཅད་འགོག་པར་འགྱུར་བའི་ཕྱིར་རོ། །འདིར་ནི་ས་དྲུག་པར་ཐོབ་པའི་འགོག་པ་དེ་ལ་སྐད་ཅིག་ལ་ལྡང་བ་སྐད་ཅིག་ལ་སྙོམས་པར་འཇུག་པར་འགྱུར་རོ། །ཞེས་སོ། །དེ་ཉམས་སུ་བླང་བ་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཆེས་ལྷག་པའོ། །མཚན་མ་མེད་པ་ལ་བགྲོད་པ་གཅིག་པུའི་ལམ་དང་ཉེ་ཞིང་སོ་སྐྱེའི་ས་ལས་རིང་དུ་ཕྱིན་པས་ན། ས་འདི་ལ་རིང་དུ་སོང་བ་ཞེས་བྱའོ། །སེམས་བསྐྱེད་པ་བརྒྱད་པ་བཤད་པ། སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཞེས་པ་དག་པའི་ས་གསུམ་དུ་འཁོར་བ་ཟད་པས་སེམས་ཅན་མ་མཐོང་བ་དང་། ཡིད་ཀྱི་ལུས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་བསྒྲུབ་པ་ལ་ཆེས་དཔའ་བས་འགྲོ་བའི་ཕྱིར་སངས་རྒྱས་མཐོང་ཞེས་སོ། །ཡང་ཡང་སྔར་དགེ་ལས་ལྷག་ཐོབ་བྱའི་ཕྱིར། །གང་དུ་ཕྱིར་མི་ལྡོག་པ་ཉིད་འགྱུར་བ། །མི་གཡོ་དེ་ལ་བདག་ཉིད་ཆེ་དེ་འཇུག །འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་དེ་ནི་ཡང་དང་ཡང་དུ་སྔར་གྱི་དགེ་བ་ལས་ལྷག་པར་ཐོབ་པར་བྱ་བའི་ཕྱིར་དུ་གང་དུ་ཕྱིར་མི་ལྡོག་པར་འགྱུར་བ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་ལ་འཇུག་པར་འགྱུར་རོ། །ཞེས་གསུངས། སྔར་གྱི་དགེ་བ་ལས་ལྷག་པར་ཐོབ་པ་གང་ཞེ་ན་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བའི་ཚོགས་ཤིན་ཏུ་བསགས་པ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབས་པ་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱ་མཚོར་ཕྱིན་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཡུད་ཙམ་ཞིག་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅི་ཙམ་གནོན་པ་དེ་ནི་སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱིས་བསྐལ་པ་འབུམ་དུ་ཡང་དེ་སྙེད་དུ་དཔག་ཏུ་མེད་པར་གནོན་པར་མི་ནུས་སོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གཡོ་བ་འདི་ནི་གཞོན་ནུའི་སར་རྣམ་པར་བཞག་སྟེ། དགུ་པར་ནི་རྒྱལ་ཚབ་ཐོབ་ལ། བཅུ་པར་ནི་འཁོར་ལོས་སྒྱུར་བ་ལྟར་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བ་ཡིན་ནོ། །སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་གང་དག་མངོན་པར་བཏབ་པ་དེ་དག་འདི་ལ་ཡོངས་སུ་དག་པར་འགྱུར་བས་འདིའི་ཉམས་སུ་བླང་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ལྷག་པས་སོ། །བྱང་ཆུབ་སེམས་དཔའ་ས་མི་གཡོ་བར་འགོག་པ་ལ་སྙོམས་པར་ཞུགས་པར་གྱུར་པ་ན། རྒྱལ་བ་རྣམས་ཀྱིས་འགོག་པ་ལས་སློང་བར་མཛད་དོ་ཞེས་སྟོན་པ་ལ། འདི་ཡི་སྨོན་ལམ་ཞེས་སོགས་དང་། འགྲེལ་པར། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས་མུན་པ་ལྟར་ཉོན་མོངས་སྔར་བྱུང་བ་འཁོར་བར་སྐྱེ་བའི་རྒྱུར་གྱུར་པ་ཁམས་གསུམ་ན་སྤྱོད་པ་གང་ཡིན་པ་དེ་དག་ཀྱང་རྩ་བ་དང་བཅས་པར་ཞི་བ་ཁོ་ནར་འགྱུར་ལ། དེ་སྤངས་པས་ཁམས་གསུམ་གྱི་བླ་མ་ཉིད་དུ་གྱུར་དུ་ཟིན་ཀྱང་། བྱང་ཆུབ་སེམས་དཔའ་འདིས་གནས་སྐབས་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འབྱོར་པ་ཐོབ་པར་མི་ནུས་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་འདིས་བསྒྲིམ་པར་བྱ་དགོས་ཞེས་ཉོན་མོངས་པ་སྔར་བྱུང་བ་ཞེས་སྨོས་པས་ནི། སྔར་སོ་སྐྱེའི་དུས་ཀྱི་ཉོན་མོངས་པའོ། །དེ་དག་སྐྱེ་བའི་རྒྱུར་གྱུར་པ་ཅེས་བྱ་བ་ནི། དེ་དག་གི་བག་ཆགས་ཙམ་སྟེ། མ་དག་ས་བདུན་དུ་དེ་ཁོ་ན་ཉིད་ཀྱི་གཉིད་ལོག་པས་ཉོན་མོངས་པ་དེ་དག་དངོས་མི་སྣང་ལ། དེའི་བག་ཆགས་སྒྱུ་མ་ཙམ་གྱི་རྨི་ལམ་སྣང་བས་ཀུན་རྫོབ་བཤད་པར་འཕགས་པ་སྣང་བ་བཅས་པ་ལ་ཀུན་རྫོབ་ཙམ་དུ་བཞག་པ་དེའོ། །དེ་ལ་ཉོན་མོངས་པའི་མིང་བཏགས་པས་དེ་དག་གི་རྗེས་ལ་ཐོབ་པར་མི་འཆིང་ཞིང་གྲོལ་བའི་གྲོགས་བྱེད་པ་དག་སྟེ་བསྒོམ་པས་སྤང་བྱ་ཡིན་པས་ཁམས་གསུམ་ན་སྤྱོད་པ་ཞེས་བཏགས་སོ། །རྩ་བ་དང་བཅས་པ་ནི་སྒྱུ་མ་ཙམ་དུ་འཛིན་པས་དེ་བཞག་པས་རྩ་བ་ནི་འཛིན་པ་དེའོ། །ཞི་བ་ཞེས་བྱ་བ་ནི། འཇིག་རྟེན་པའི་ཐ་སྙད་ཕྱིན་ཅི་མ་ལོག་པ་རྣལ་འབྱོར་པ་ལ་སྒྱུ་མ་ཙམ་དུ་སྣང་བ་དེ་འདི་ཐོབ་པས་ཟད་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་དུ་མཚན་མའི་སྣང་བ་མེད་པས་འཁོར་བ་ཟད་པ་ཞེས་དང་། དེས་ས་འདི་ལ་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །འདིའི་རྗེས་ལ་ཐོབ་པས་ནི་རྣམ་གྲངས་པའི་དོན་དམ་ཁོ་ན་སྤྱོད་ཡུལ་དུ་བྱེད་པའི་ཕྱིར། ཡེ་ཤེས་དེས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་སོ་སྐྱེ་ལ་བལྟོས་ནས་འཕགས་པ་འདི་སྣང་བ་མེད་པ་དང་། སངས་རྒྱས་ལ་བལྟོས་ནས་སྣང་བ་བཅས་པའོ། །ཞེས་སྟོན་པ་ལ། ཆགས་པ་མེད་པའི་བློ་ནི་ཞེས་སོགས་གསུངས་སོ། །རྗེས་ལ་ཐོབ་པས་སངས་རྒྱས་ཀྱི་ཡོན་ཏན་བསྒྲུབ་ཚུལ་ཇི་ལྟར་ཞེ་ན། འདིར་མཚན་མ་མེད་པར་ལྷུན་གྱིས་གྲུབ་པས་གཟུགས་ཀྱི་ལུས་མེད་དེ་ལུས་གྲུབ་པའི་རྒྱུ་སྤངས་པས་སོ། །འོན་ཀྱང་འདི་ལ་དབང་བཅུ་པོ་དག་ཉེ་བར་སྐྱེ་ལ། དེ་དག་གིས་འདིས་ཡིད་ཀྱི་རང་བཞིན་གྱི་ལུས་བཟུང་བའི་སྒོ་ནས་ཆོས་ཉིད་ཅིག་ཆོས་ཉིད་ཀུན་ཏུ་འགྲོ་བའི་ཚུལ་གྱིས་བདག་ཉིད་ཀྱི་དངོས་པོ་སྣ་ཚོགས་པ་སྟོན་པར་བྱེད། དེས་འདིའི་ཚོགས་མ་ལུས་པ་ཡོངས་སུ་རྫོགས་པར་བྱེད་དོ། །འདི་ལ་མཚན་མ་མེད་པ་ལ་བགྲོད་པ་ཅིག་པའི་ལམ་ཞེས་ཀྱང་ཟེར་རོ། །དེ་ལྟར་ཡང་། འཁོར་བ་འགགས་ཀྱང་དབང་རྣམས་བཅུ་པོ་ཞེས་སོགས་གསུངས་སོ། །མཚན་མའི་འདུ་ཤེས་དང་། མཚན་མ་མེད་པའི་འདུ་ཤེས་གཉི་གས་སྐྱོད་མི་ནུས་པས་མི་གཡོ་བ་ཞེས་བྱ་བ་ཕྱིར་མི་ལྡོག་པའི་སའོ། །སེམས་བསྐྱེད་དགུ་པ་བཤད་པ། དགུ་པ་ལ་ནི་དེའི་སྟོབས་ལྟ་ཞིག་མཐའ་དག་རྫོགས་པར་དག་འགྱུར་ཞིང་། །དེ་བཞིན་ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་འཐོབ། །འགྲེལ་པར། བྱང་ཆུབ་སེམས་དཔའི་ས་དགུ་པར་ནི་བྱང་ཆུབ་སེམས་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཡོངས་སུ་དག་པར་འགྱུར་ཞིང་། སོ་སོ་ཡང་དག་པར་རིག་པ་རང་གི་ཡོན་ཏན་ཡོངས་སུ་དག་པ་བཞི་ཡང་འཐོབ་བོ་ཞེས་སོ། །དེའི་ཕྱིར་བློ་གྲོས་གཞན་ལས་ཁྱད་པར་འཕགས་པས་ལེགས་པའི་བློ་གྲོས་ཞེས་ཀྱང་བྱའོ། །སེམས་བསྐྱེད་པ་བཅུ་པ་བཤད་པ། བཅུ་པའི་ས་ལ་དེ་ཡི་ཀུན་ནས་སངས་རྒྱས་རྣམས་ལ་དབང་བསྐུར་བ། །དམ་པ་ཐོབ་ཅིང་ཡེ་ཤེས་ལྷག་པར་མཆོག་ཏུ་འབྱུང་བ་འགྱུར་བའང་ཡིན། །ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །དགེ་བའི་ལོ་ཐོག་ཆེད་དུ་རྒྱལ་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབེབས། །འགྲེལ་པར། བྱང་ཆུབ་སེམས་དཔའི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དབང་བསྐུར་ཏེ། ཇི་སྐད་དུ། དེ་ལ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཇི་སྙེད་པའི་ཐ་མ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་ཅུང་ཟད་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་སུམ་དུ་འགྱུར་ཏེ། མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེ་ཆེན་པོའི་པདྨ་རིན་པོ་ཆེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྤྲས་པ་ཞེས་བྱ་བ་ནས་རྒྱས་པར་སྟོང་གསུམ་འབུམ་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པདྨའི་འཁོར་ལོ་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམ་ཞིང་དེའི་རྐྱེན་དུ་འབབ་པར་གནས་སོ། དེ་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་པདྨ་དེ་ལ་འདུག་པར་ཀུན་ཏུ་སྣང་ངོ་། །དེ་དེ་ལ་འདུག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞིང་ཀུན་ནས་གདན་འཛོམ་པ་རྣམས་ཀྱི་མཛོད་སྤུ་ནས་འོད་ཟེར་དག་བྱུང་ནས། བྱང་ཆུབ་སེམས་དཔའ་དེ་ལ་དབང་བསྐུར་བར་མཛད་དོ་ཞེས་སོ། །འདིར་ཉམས་ལེན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཡོངས་སུ་དག་པར་འགྱུར་ལ། སྤྲིན་ཆེན་པོ་ལྟར་འཇིག་རྟེན་གྱི་དགེ་བའི་ལོ་ཐོག་མངོན་པར་སྤེལ་བའི་ཕྱིར་ལྷུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་ཡང་མངོན་པར་འབེབས་སོ། །དེའི་ཕྱིར་ས་འདི་ལ་ཆོས་ཀྱི་སྤྲིན་ཞེས་བྱའོ། །ད་ནི་སེམས་བསྐྱེད་པ་དེ་དག་ཏུ་ཡོན་ཏན་ཇི་ལྟ་བུ་ཐོབ་ན། ས་དང་པོར་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བརྒྱ་ཕྲག་འཐོབ་ཅིང་། དེ་དག་ལ་སྙོམས་པར་ཡང་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་གྱིས་བརླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱར་ཡང་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། བསྐལ་པ་བརྒྱ་ལ་སྔོན་དང་ཕྱི་མའི་མཐའ་ལ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་ཀུན་ཏུ་སྟོན་པ་དང་། ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་ཀུན་ཏུ་སྟོན་པའོ། །ཞེས་འཆད་པ་ལ། དེའི་ཚེ་འདི་ཡིས་སངས་རྒྱས་བརྒྱ་མཐོང་ཞིང་། །ཞེས་སོགས་དང་། སེམས་བསྐྱེད་པ་གཉིས་པ་ཐོབ་པས་དེ་དག་སྟོང་དུ་བསྒྲེས་པ་དང་། གསུམ་པར་འབུམ་དང་། བཞི་པར་བྱེ་བ་ཕྲག་བརྒྱ་དང་། ལྔ་པར་བྱེ་བ་ཕྲག་སྟོང་དང་། དྲུག་པར་བྱེ་བ་ཕྲག་འབུམ་དང་། བདུན་པར་བྱེ་བ་ཁྲག་ཁྲིག་འབུམ་དང་། དེ་ཡན་ཆད་ལ་གྲངས་ཀྱིས་ཡོངས་སུ་བགྲང་བར་མི་ནུས་པས་རྡུལ་ཕྲ་རབ་ཀྱི་ཡོངས་སུ་བགྲང་བར་བཤད་དེ། བརྒྱད་པར་སྟོང་གསུམ་གྱི་འཇིག་རྟེན་འབུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་དེ་སྙེད་དང་། དགུ་པར་སྟོང་གསུམ་གྱི་འཇིག་རྟེན་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་སྙེད་དང་། ས་བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་པར་འགྱུར་རོ་ཞེས་སྟོན་པ་ལ། བློ་ལྡན་རབ་ཏུ་དགའ་བར་ཞེས་སོགས་དང་། བཅུ་པ་འདིར་ཡོན་ཏན་དེ་ཙམ་ཁོ་ནར་མ་ཟད་གཞན་ཡང་ཡོད་དོ་ཞེས་སྟོན་པ་ལ། བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང་། །ཞེས་སོགས་གསུངས་སོ།། །། གསུམ་པ་འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་མངོན་དུ་བྱ་བ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེས། རང་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་ཤེས་ནས་དེར་འབད་པ་བརྩམས་པས་ཆོས་ཅན་མ་མཐོང་ཞེས་ཆོས་ཅན་གྱི་བཅོས་མ་ཐམས་ཅད་ཟད་ནས་རང་བཞིན་མ་ནོར་བ་ཁོང་དུ་ཆུད་པས་མ་རིག་པའི་གཉིད་སངས་པ་ཞེས་བྱ་སྟེ། སྤངས་པ་མཐར་ཐུག་པའོ། །ཆོས་ཉིད་མཐོང་ཞེས་པ། བླ་ན་མེད་པའི་ཡེ་ཤེས་དེ་སྐད་ཅིག་གིས་གཟིགས་པས། ཆོས་ཐམས་ཅད་ཤིན་ཏུ་སངས་རྒྱས་པར་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་མཁྱེན་པའི་ཕྱིར་རྟོགས་པ་མཐར་ཐུག་པའོ། །ཤེས་རབ་ཀྱིས་འཁོར་བ་ལ་མི་གནས་པ་དེ་ལས་སྙིང་རྗེའི་ཤུགས་ཕྱུང་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པས། སྙིང་རྗེས་ཞི་བ་ལ་མི་གནས་པའོ། །མི་གནས་པ་དེ་ཉིད་འདོད་ཆགས་ལ་སོགས་པ་ལྟར་སྤངས་པ་མེད་ཅིང་། དགེ་སྦྱོང་གི་འབྲས་བུ་ལྟར་ཐོབ་པ་མེད་པ། ཕུང་པོ་ལ་སོགས་པ་ལྟར་ཆད་པ་མེད་ལ། གང་གིས་མི་སྟོང་པ་ལྟར་རྟག་པ་མ་ཡིན་པ་རང་བཞིན་གྱིས་འགག་པ་མེད་པ། སྐྱེ་བ་མེད་པ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་ཡིན་པས་མྱ་ངན་ལས་འདས་པ་སྟེ། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་གསུངས་སོ། །གཞན་དོན་ཀྱང་སྐུས་ཕྱེ་བའི་ཕྱིར་བཤད་པ། སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །ཞེས་པས། སྟོབས་དང་། མི་འཇིགས་པ་དང་། གཟུངས་དང་། རྣམ་པར་ཐར་པ་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་འདུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་ཅིང་ཐ་མི་དད་པར་གྱུར་པ་ནི་ཆོས་ཀྱི་སྐུའོ། །དེ་ལས་ཡིད་བཞིན་ནོར་བུ་ལྟར་རྟོག་པ་མེད་པར་གཞན་གྱི་མངོན་པར་འདོད་པ་མ་ལུས་པ་སྒྲུབ་པར་བྱེད་པ། ཆོས་ཀྱི་སྐུ་དེའི་བྱིན་གྱིས་བརླབས་ལས་བྱུང་བ་དེའི་གཞི་ལ་བརྟེན་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་བྱིན་རླབས་ལས་ངེས་པར་བྱུང་བ་གདུལ་བྱ་ལ་ཇི་ལྟར་མོས་པར་བྱུང་བ་ནི་སྤྲུལ་པའི་སྐུ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་ས་ན་རྗེས་ཐོབ་མེད་དེ་དུས་རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རོ། །དེ་ལྟར་ཡང་། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ལས། ཇི་ལྟར་ཆོས་ཀྱི་དབྱིངས་ལ་གནས་པ་དེ་བཞིན་དུ་ཡེ་ཤེས་མི་འཇུག་མི་ལྡོག་གོ །ཇི་ལྟར་ཡེ་ཤེས་མི་འཇུག་མི་ལྡོག་པ་དེ་ལྟ་བུར་ཆོས་ཉིད་ཀྱི་ཚུལ་གྱིས་འཇུག་པས་ཟག་པ་རྣམས་མི་སྐྱེ་ཞིང་མི་འགག་གོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། ཟླ་འོད་དྲི་མ་མེད་པ་ཁོ་ནས་འགྲོ་བ་མ་ལུས་པ་གསལ་བར་ནུས་པ་དེ་བཞིན། སྔོན་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པ་ལ་གེགས་བྱེད་པའི་མུན་པ་སྤྱོད་པ་ཉིད་དུ་མཛད་པ། ཐུགས་བསྐྱེད་པ་བཅུ་པ་བརྙེས་པས་རང་ཉིད་སངས་རྒྱས་ཀྱི་ཆོས་བརྙེས་ནུས་པར་མཁྱེན་ནས་དུས་ཕྱིས་སངས་རྒྱས་ཀྱི་ས་ལ་འབད་པ་བརྩམ་པར་གྱུར་ལ། གང་གི་དོན་དུ་འབད་པའི་བླ་ན་མེད་པའི་ཡེ་ཤེས་དེ་ཡང་བཅོམ་ལྡན་འདས་ཀྱི་ལོངས་སྐུའི་རྟེན་ལ་འོག་མིན་གྱི་གནས་ཁོ་ནར་བརྙེས་པར་གྱུར་ཏོ་ཞེས་སྟོན་པ་ལ། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་འགྱུར་བའི་ཕྱིར། །སྔོན་ཚེ་སྟོབས་བཅུ་སྐྱེད་པའི་ས་ལ་ཁྱོད་ཀྱི་སླར་ཡང་འབད་གྱུར་ཅིང་། །འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་བརྙེས། །དེའི་ཚེ་རང་བྱུང་གི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཁྱེན་པ་བརྒལ་ལན་དང་བཅས་ཏེ་བཤད་པ་ལ། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །སོགས་དང་། དེ་ལྟར་སྐྱེས་པའི་འབད་རྩོལ་མེད་པར་དེ་ཁོ་ན་ཉིད་སྟོན་པ་དང་། སེམས་ཅན་གྱི་དོན་བྱ་བ་ཡང་འགྲུབ་བོ་ཞེས་སྟོན་པ་ལ། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། །ཞེས་པ་ལ་སོགས་པ་དང་། ཆོས་ཀྱི་སྐུའི་དབང་དུ་བྱས་ནས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །འགྲེལ་པ་ལས། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པ་ལས་ཤེས་བྱའི་སྐྱེ་བ་མེད་པས་སྐྱེ་བ་མེད་པ་དང་ལྡན་པར་གྱུར་པ་གང་ཡིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །འདི་ཉིད་ཀྱི་དབང་དུ་མཛད་ནས། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱའང་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་སོ། །ཆོས་ཀྱི་སྐུ་འདི་ནི། དེའི་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད་པ་སྟེ། །འདི་ཉིད་ཀྱི་དབང་དུ་མཛད་ནས། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཞེས་གསུངས་སོ། །གཟུགས་ཀྱི་སྐུའི་དབང་དུ་མཛད་ནས། སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །འགྲེལ་པར། དེ་ལྟར་ན་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས་སྐུ་ཁོ་ནས་མངོན་སུམ་དུ་མཛད་པར་ཀུན་རྫོབ་ཏུ་རྣམ་པར་བཞག་གོ །ཞེས། དེ་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཉེ་བར་བསགས་པ་ལས་ངེས་པར་འཁྲུངས་པ། ཡིད་བཞིན་གྱི་ནོར་བུ་གཟུགས་སྣ་ཚོགས་ཅན་ལྟར་རྟོག་པ་མི་མངའ་བ། སྤྲོས་པ་ཐམས་ཅད་དང་བྲལ་བ། སྒྲིབ་པ་རྣམ་པ་གཉིས་སྤངས་པ། ཐམས་ཅད་ལ་ཕན་གདགས་པའི་ཕྱིར་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་བཞུགས་པ། ཡེ་ཤེས་ཀྱི་སྐུ་དང་ལྷན་ཅིག་ཏུ་མངོན་པར་གྲུབ་པ་འདི་ནི་བཅོམ་ལྡན་འདས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། གང་། བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་འདི་ནི་བྱང་ཆུབ་སེམས་དཔའ་སྤྲོས་དང་བྲལ་བ་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ཤེས་རབ་དྲི་མ་མེད་པའི་མེ་ལོང་ཐོབ་པ་རྣམས་ཁོ་ན་ལ་ཡོད་པ་ཉིད་དུ་སྣང་གི་སྤྲོས་པ་དང་བཅས་པ་རྣམས་ལ་ནི་མ་ཡིན་ནོ། །འདི་ཉིད། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུ་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་སྐུ་རྣམ་པར་མི་རྟོག་པ་དེ་ལས་གཞན་ཡང་ཕན་པ་བསྒྲུབ་པའི་ཚུལ་ཁྲིམས་ཀྱིས་ཡོངས་སུ་བསྒོས་པའི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་སྤྲུལ་པའི་སྐུས་ཐམས་ཅད་ལ་ཕན་འདོགས་པར་མཛད་པ། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་དག་ཏུ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ། འཕོ་བ་དང་། ལྷུམས་སུ་ཞུགས་པ་དང་། བལྟམས་པ་དང་། གཞོན་ནུའི་རོལ་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཀུན་ཏུ་སྟོན་པ་ཉིད་འབྱུང་ངོ་། །དེ་ལ་བརྟེན་ནས་ཡི་གེ་དང་། རྩ་བ་དང་། ཚིག་གི་དོན་གོ་རིམ་གྱི་མཚན་ཉིད་གསུངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་སེམས་ཅན་གྱི་བསམ་པ་རངས་པར་མཛད་པ་འབྱུང་ལ། དེ་ལྟར་དེ་དག་རྒྱུ་མཐུན་པའི་སྐུ་སྟེ། འགྲེལ་པར། ཆོས་ཀྱི་སྐུ་ལས་བྱུང་བའམ་གཟུགས་ཀྱི་སྐུའི་མཐུ་ལས་བྱུང་བ་ཡིན་ཀྱང་རུང་སྟེ། ཇི་སྐད་བཤད་པའི་སྐུ་ལས་གཞན་དུ་གྱུར་པ་རྒྱུ་མཐུན་པའི་སྐུ་གང་དག་སེམས་ཅན་འདུལ་བའི་རྒྱུས་འབྱུང་བ་དེ་དག་ལ་ཡང་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པར་མངའ་བ་བརྗོད་པའི་ཕྱིར་བཤད་པ། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཅེས་སོགས་དང་། །སྐུ་ཕུན་སུམ་ཚོགས་པ་བརྗོད་ནས་རྣམ་པར་རྟོག་པ་མི་མངར་ཟིན་ཀྱང་བཞེད་པ་ལ་མངའ་བསྒྱུར་བ་ཉིད་ཕུན་སུམ་ཚོགས་པར་བསྟན་པའི་ཕྱིར་བཤད་པ། དག་པ་འདི་ནི་བཞེད་པས་འཇུག་པ་ཡིས། །སོགས་དང་། སངས་རྒྱས་ཀྱི་ས་ནི་སྟོབས་བཅུས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། དེའི་རྣམ་པར་དབྱེ་བ་ཆ་ཤས་ཙམ་ཞིག་སྟོན་པར་བཞེད་ནས། གནས་དང་གནས་མིན་མཁྱེན་སྟོབས་དང་། །སོགས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུའི་བ་སྤུའི་བུ་ག་རེ་རེ་དང་། སྐྱེ་བུ་ཆེན་པོའི་མཚན་དང་དཔེ་བྱད་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་དཔྱོད་པར་ནུས་པ་ནི་སངས་རྒྱས་ཁོ་ན་ཡིན་ལ། གལ་ཏེ་གསུངས་ན་ནི་རང་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་བསྐལ་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པར་སྐུ་ཚེའི་ཚད་བྱིན་གྱིས་བརླབས་ཤིང་ཕྲིན་ལས་གཞན་མི་མངའ་བར་རྐྱེན་སྐྱེན་པར་གསུངས་པ་སྟེ། དེ་ལྟ་ན་ཡང་ཡོན་ཏན་དག་ཡོངས་སུ་རྫོགས་པར་མི་འགྱུར་ན། གཞན་དག་གིས་སྟོན་པར་ག་ལ་འགྱུར་ཞེས་སྟོན་པ་ལ། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །ཞེས་སོགས་དང་། སངས་རྒྱས་ཀྱི་ཡོན་ཏན་དེ་དག་མདོར་བསྡུས་ཏེ་ཟབ་རྒྱས་གཉིས་སུ་ཉེ་བར་སྟོན་པ། ཟབ་མོ་སྟོང་པ་ཉིད་ཡིན་ཏེ་སོགས་དང་། སྤྲུལ་པའི་སྐུ་འཇིག་རྟེན་དུ་ཇི་ལྟར་འབྱོན་པའི་ཚུལ་སྟོན་པ་ལ། སླར་ཡང་མི་གཡོ་སྐུ་མངའ་སོགས་དང་། ཐེག་པ་གསུམ་དགོངས་པ་ཅན་ཉིད་དུ་བཤད་པ་ལ། གང་ཕྱིར་འདི་ནི་དེ་ཉིད་ཤེས་ལ་སོགས་དང་། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་ཀྱི་དབང་དུ་བྱས་ནས། བདེ་བར་གཤེགས་པ་མ་ལུས་སོགས་དང་། བཞུགས་པའི་དུས་ཀྱི་དབང་དུ་བྱས་ནས། རྒྱལ་བ་ཇི་སྲིད་འཇིག་རྟེན་སོགས་དང་། བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ནི་སྐྱེ་བོ་སྡུག་བསྔལ་བ་ལ་དམིགས་ནས་ཐུགས་མྱ་ངན་ལས་འདའ་བར་ལས་བཟློག་སྟེ་གནས་སོ་ཞེས་སྟོན་པ་ལ། གཏི་མུག་སྐྱོན་གྱིས་སོགས་གསུངས་སོ། །ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །ཞེས་པ་ནས། ཡོངས་སུ་བསྔོ་བ་མཛད་པའི་བར་ནི་ཇི་སྐད་བཤད་པའི་བསྟན་བཅོས་ཕུན་སུམ་ཚོགས་པ་ཉིད་དུ་སྟོན་པ་ཡིན་ནོ།། །། རྒྱལ་བ་རྣམས་ཀྱི་ཐུགས་སུ་ཆུད་པའི་ཆོས་གང་ཅི་ལྟ་དཔྱོད་ལ་ཡིད་ནི་རང་གི་མཐུ། །མ་ལུས་གཏུགས་པ་ཚིག་གི་ཕྲེང་བས་བརྗོད་མེད་དུ་བཞག་དེ་ཚེ་དཔེ་ཡི་ཚོགས་རྣམས་ནི། །ཡུས་པོར་འོངས་ནས་མཚོན་པར་རློམ་པ་རང་ཉམས་དབང་གིས་རྣམ་པ་སྣ་ཚོགས་འདིར་གྱུར་པའི། །ལྟ་བའི་དུག་ནི་རྩད་ནས་འབྱིན་ལ་བསྒོམ་བྱུང་ཤེས་རབ་མཆོག་ལས་གཞན་པའི་སྨན་ནི་ཅི། །ཚིག་སྤུན་བསགས་པའི་པོ་ཏིའི་རྔམས། །གད་པ་འདྲ་བ་གཞུང་ལུགས་ཀྱི། །རྒྱ་མཚོའི་འགྲམ་འདིར་མང་མོད་ཀྱང་། །སྙིང་པོས་འཕོང་ཕྱིར་དཔྱད་མི་བཟོད། །ཡོད་མཐའ་བཀག་པའི་ལན་ཚྭའི་ཆབ། །སྟོང་ཉིད་ཆུ་གཏེར་སྙིང་པོར་ངོམ། །རྟེན་འབྱུང་རིན་ཆེན་ཐམས་ཅད་ཀྱི། །འབྱུང་ཁུངས་ཡིན་པ་དེས་མ་རྟོགས། །རྒྱ་ཆེའི་ཞེང་གིས་མ་འཇིགས་ཤིང་། །ཟབ་མོའི་ཀློང་ལ་མི་སྐྲག་འགའ། །སྤྲོས་བྲལ་འཛིན་ཁྲིའི་ཁྲོད་ཞུགས་ཀྱང་། །མཐའ་བྲལ་དབུ་མའི་ཕར་མ་རྒོལ། །ཨེ་མ་གནས་ལུགས་ཉག་གཅིག་གིས། །ཆོས་ཀུན་གཟིགས་མོད་མ་གཡེལ་པར། །བརྩེ་བས་གདམས་འདིས་སེམས་དཔའ་ཆེ། །སྙིང་ལ་དུས་སྟོན་ཅིས་མ་ཡིན། །ཞེས། ཡུལ་དབུས་དཔལ་འབྲས་སྤུངས་ཀྱི་ཆོས་གྲྭ་ཆེན་པོ་ནས་མར་ཡུལ་སླས་ཀྱི་ལྷའི་བཙུན་པ་ལུང་དང་རིགས་པ་སྨྲ་བའི་བཤེས་གཉན་གང་གིས་བསྐུལ་བའི་ངོར། དཀར་བརྒྱུད་ཀྱི་རིང་ལུགས་པ་རིག་པའི་གནས་ཕལ་མོ་ཆེ་ལ་བློ་བྱང་བ་པདྨ་དཀར་པོས་དབུ་མའི་གཞུང་ལུགས་གསུམ་གསལ་བར་བྱེད་པ་ངེས་དོན་གྲུབ་པའི་ཤིང་རྟ་ཞེས་བྱ་བ་གྲྭ་དར་ལུང་གི་རི་ཁྲོད་ནས་བྲིས་ཏེ་ཕྱོགས་ཐམས་ཅད་དུ་དགེ་བར་བསྲིངས་པ་སངས་རྒྱས་ཀྱི་བསྟན་པ་དར་བར་གྱུར་ཅིག །རྨད་འབྱུང་དོན་བརྒྱུད་བསྟན་པའི་བང་མཛོད་ཆེ། །ཀུན་མཁྱེན་བླ་མའི་གསུང་གསང་ནོར་བུའི་ཕྲེང་། །པར་གཞི་ཁ་སྐོང་དགོས་རིགས་འབྲུག་སྒར་གྱི། །མཛོད་ཁྲི་ཐབས་མཁས་ཅན་ནས་བཞེངས་དགེའི་མཐུས། །ཕ་མ་སྐུ་གཤེགས་དཔལ་ལྡན་ཅན་གྱི་གཙོས། །འབྲེལ་ཐོག་མཁའ་མཉམ་དུ་ཁའི་མུན་སེལ་སྟེ། །རྣམ་དག་སྐུ་བཞིའི་གྲོང་ཁྱེར་ཉམས་དགའ་བར། །རྡོ་རྗེ་འཆང་གི་རྒྱལ་སྲིད་བརྙེས་པར་སྨོན། །ཅེས་རྒྱུ་སྦྱོར་མི་དབང་གན་མཛོད་མཆོག་གི་བཀས་བསྐུལ་བ་ལྟར། ངག་གི་དབང་པོས་སོ།། །།