Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

12 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]


  
 
  
ཕྱག་ཆེན་གྱི་ཟིན་བྲིས།
  
 
  
 
 
  
  


12 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]

 
previousཕྱག་ཆེན་གྱི་ཟིན་བྲིས།next

ཕྱག་ཆེན་གྱི་ཟིན་བྲིས།

ཕྱག་ཆེན་གྱི་ཟིན་བྲིས་བཞུགས་སོ། །དཀར་རྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །འདིར་ཐ་མལ་གྱི་ཤེས་རྒྱུད་ཡང་དག་པའི་ཡེ་ཤེས་སུ་ངོ་སྤྲོད་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་འདི་འཆད་པར་བྱེད་པ་ལ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་གཞན་དུ་གསལ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་སྔོན་དུ་འགྲོ་བས། རྣམ་སྣང་མངོན་བྱང་ལས། ལུས་བསྲང་རྡོ་རྗེ་སྐྱིལ་ཀྲུང་བྱ། །ཡིད་ནི་རྩེ་གཅིག་ཕྱག་རྒྱ་ཆེ། །ཞེས་གསུངས་པ་ལྟར། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅའ། སྒལ་ཚིགས་བསྲང་། ཐལ་གོང་དགྱེད། མགྲིན་པ་ལྕགས་ཀྱུ་ལྟར་གུག་པ་ཨོག་སྐོས་མདུད་ནོན་ཙམ། ལྕེ་ཡར་རྐན་ལ་གཏད། སྤྱིར་རིག་པ་དབང་པོས་བསྒྱུར། ཁྱད་པར་མིག་གིས་བསྒྱུར་བས། མིག་མི་འཛུམ་ཞིང་མི་འགུལ་བར་གཉའ་ཤིང་གང་ཙམ་གྱི་ཐད་དུ་བལྟ་བ་རྣམ་སྣང་གི་ཆོས་བདུན་ཞེས་བྱ་ལ། བྱེད་ལས་ཀྱི་སྒོ་ནས་བསམ་གཏན་གྱི་ཆོས་ལྔ་ཞེས་བཞག་པ་སྟེ། དེ་ཡང་སྐྱིལ་ཀྲུང་གིས་ཐུར་སེལ་དང་། མཉམ་བཞག་གིས་མེ་མཉམ་དང་། སྒལ་ཚིགས་བསྲངས་པ་དང་། དང་ཁ་དགྱེ་བས་ཁྱབ་བྱེད་དང་། མགྲིན་པ་གུག་པས་གྱེན་རྒྱུ་དང་། ལྕེ་ཡར་རྐན་ལ་སྦྱར་བ་དང་། ལྟ་སྟངས་ཀྱིས་སྲོག་འཛིན་གྱི་རླུང་དབུ་མར་ཚུད་པར་བྱེད་ཅིང་། དེ་ལྔ་དབུ་མར་ཚུད་པས་ལས་རླུང་མཐའ་དག་དབུ་མར་ཚུད་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བར་འགྱུར་བ་ནི་ལུས་དབེན་ནམ། ལུས་མི་གཡོ་བ་དང་། ལུས་རང་བབས་སུ་གནས་པ་ཞེས་བྱའོ། །ངག་རླུང་རོ་དོར་ནས་སྨྲ་བ་བཅད་དེ་གནས་པ་ངག་དབེན་ནམ། ངག་མི་གཡོ་བ་དང་། ངག་རང་བབས་སུ་གནས་པ་ཞེས་བྱའོ། །འདས་པ་མི་མནོ། མ་འོངས་པ་མི་བསམ། ཆེད་དུ་བློས་བཏགས་ནས་མི་བསྒོམ། སྟོང་པ་ཉིད་ཅེས་ཅང་མེད་པར་ཡང་མི་བལྟ། ད་ལྟ་སྒོ་ལྔའི་ཡུལ་དུ་གང་སྣང་ཡང་འདི་ཡིན་འདི་མིན་ཞེས་རྟོག་དཔྱོད་མི་བྱེད་པར་ཁ་ནང་དུ་ལོག་ནས་བུ་ཆུང་ལྷུག་པར་གནས་པ་བཞིན་དུ་སེམས་རང་བབས་སུ་འཇོག་པ་སྟེ་སྐད་ཅིག་ཀྱང་མ་ཡེངས་པར་བྱའོ། །བསམ་དང་བསམ་བྱ་ཐམས་ཅད་ཡོངས་སུ་དོར་ནས་སུ། །ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་དང་། ཏིལླི་པས། །མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབས་བཞག །ཅེས་གསུངས་ཤིང་། ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུས། མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་གསུངས་སོ། །དེ་ནི་སེམས་དབེན་ནམ། སེམས་མི་གཡོ་བ་དང་། སེམས་རང་བབས་སུ་བཞག་པ་ཞེས་བྱའོ། །ཀླུ་སྒྲུབ་ཀྱིས། དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱི། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ལ་བསྒྲིམས་ཏེ་མངོན་པར་བསྲུང་བགྱི་ཞིང་། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་པའི་དྲན་པ་ནི་མ་ཡེངས་པ་སྟེ། ཆོས་མངོན་པ་ལས། །དྲན་པ་ནི་འདྲིས་བའི་དངོས་པོ་མ་བརྗེད་པའོ། །ཞེས་གསུང་པས་སོ། ༡ །གཉིས་པ་དངོས་གཞི་ལ། ཐུན་མོང་གི་ཉམས་ལེན་དང་། ཐུན་མོང་མ་ཡིན་པའི་ཉམས་ལེན་གཉིས་ལས། དང་པོ་ཐུན་མོང་གི་ཉམས་ལེན་ལ། སྒོམ་གྱི་རྩ་བ་ཞི་གནས་ཀྱི་ཉམས་བཙལ་ནས་རྩེ་གཅིག་གི་རྣལ་འབྱོར་བསྒོམ་པ་དང་། གནས་འགྱུའི་རྩ་བ་དཔྱད་ནས་ལྷག་མཐོང་ངོས་གཟུང་སྟེ་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་གཉིས་ལས། དང་པོ་སྒོམ་གྱི་རྩ་བ་ཞི་གནས་ཀྱིས་ཉམས་བཙལ་ནས་རྩེ་གཅིག་གི་རྣལ་འབྱོར་པ་སྒོམས་པ་ལ། རྟེན་ཅན་དང་རྟེན་མེད་གཉིས་ལས། དང་པོ་རྟེན་ཅན་ལ། རླུང་མེད་དང་རླུང་ཅན་ནོ། །རླུང་མེད་ལ་མ་དག་པ་རྡེའུ་ཤིང་བུ་ལ་རྟེན་བཅའ་བ། དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ལ་རྟེན་བཅའ་བ་གཉིས་ཀྱི། དང་པོ་མ་དག་པ་རྡེའུ་ཤིང་བུ་ལ་རྟེན་བཅའ་བ་ནི། མདུན་དུ་རྡེའུ་ཆུང་ངུ་ཞིག་དམིགས་པའི་རྟེན་དུ་བཞག་ལ། དེ་ལས་ཤེས་པ་ཕྱིར་ཡང་མི་སྤྲོ། ནང་དུའང་མི་སྡུད་པར་དེ་ཁོ་ན་ལ་རྩེ་གཅིག་ཏུ་བལྟ་བར་བྱ་ཞིང་། བླ་མ་སྤྱི་བོར་བསྒོམ། སངས་རྒྱས་དངོས་སུ་བསམ། མ་ནམ་མཁའ་མས་གསོལ་བ་གདབ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་དངོས་གྲུབ་ཞུས་ནས་བདག་ཉིད་ལ་བསྟིམ། ཐུགས་ཡིད་འདྲེས་པར་བསམས་ལ། ཅི་ཙམ་མཉམ་པར་འཇོག་ནུས་པ་དེ་ཙམ་དུ་བཞག་ལ། སེམས་ཀྱི་ངང་ཚུལ་འཕྲལ་ལ་བྱུང་བ་རྣམས་བླ་མ་ལ་ཞུ་ཞིང་བསྒོམ་པར་བྱའོ། །བྱིང་ན་ལྟ་སྟངས་བསྟོད། ས་སྣང་གཡེར་ཆེ་སར་བསྒོམ། རྨུགས་པ་ལ་གཞན་སྔ་མ་བཞིན་དྲན་པས་གཞུར། རྒོད་ན་འགོལ་སར་འདུག ལྟ་སྟངས་སྨད། ལྷོད་ཆ་གཙོ་བོར་བྱའོ། ༢ །གཉིས་པ་དག་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ལ་རྟེན་བཅའ་བ་ནི། སྐུ་གཟུགས་བརྙན། གསུང་ཡིག་འབྲུ། ཐུགས་ཐིག་ལེ་ལ་རྟེན་བཅའ་བ་གསུམ་ལས། སྐུ་གཟུགས་བརྙན་ལ་རྟེན་བཅའ་བ་ནི། སྐུ་ལུགས་མའམ། རི་མོར་བྲིས་པའམ། །ཡང་ན་སངས་རྒྱས་ཀྱི་སྐུ་གསེར་བཙོ་མ་དང་འདྲ་བར་སེར་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་ཟེར་དང་བཅས་པ། ཆོས་གོས་གསུམ་བགོས་པ་མདུན་དུ་དམིགས་ཏེ་རྒྱུན་དུ་ཡིད་ལ་བྱའོ། ༣ །གསུང་ཡིག་འབྲུ་ལ་རྟེན་བཅའ་བ་ནི། མདུན་དུ་ཟླ་བའི་དཀྱིལ་འཁོར་སེན་མོ་ཙམ་པའི་སྟེང་དུ་ཧཱུྃ་སྤུས་བྲིས་པ་ལྟ་བུ་བསྒོམ་པའོ། ༤ །ཐུགས་ཐིག་ལེ་ལ་རྟེན་བཅའ་བ་ནི། ཐིག་ལེ་བྱའི་སྒོ་ངའི་དབྱིབས་འདྲ་བ་སྲན་མ་ཙམ་པའི་སྟེང་འོད་ཟེར་དང་བཅས་པའི་མཚན་མ་ཁྱད་པར་ཅན་ལ་སྔར་བཞིན་དུ་སེམས་འཛིན་ནོ། ༥ །གཉིས་པ་རླུང་ཅན་ལ་རྡོ་རྗེའི་བཟླས་པ་ལ་བརྟེན་པ་དང་། བུམ་པ་ཅན་ལ་བརྟེན་པའོ། །དང་པོ་རྡོ་རྗེའི་བཟླས་པ་ལ་བརྟེན་པ་ནི། ལུས་དང་སེམས་རྣལ་དུ་བཞག་སྟེ། དབུགས་རྔུབ་པ་དང་དབྱུང་བ་ལ་སེམས་གཏད་ནས་མངོན་པར་འདུ་བྱ་བ་གཞན་མེད་པར། གཅིག་དང་གཉིས་ལ་སོགས་པ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་བགྲང་བར་བྱའོ། །དེས་དབུགས་ཕྱི་ནང་དུ་རྒྱུ་བའི་གྲངས་ལ་མཁས་པར་འགྱུར་ཞིང་། ༦ །དེ་ནས་ཇི་སྲིད་དུ་འབྱུང་ཞིང་འཇུག ལུས་ཀྱི་ཐམས་ཅད་ནས་སམ། ཕྱོགས་གཅིག་ནས་རྒྱུ་བ་ཡིན་ཞེས་རྟོག་པས། དབུགས་འཇུག་པ་དང་དབྱུང་བའི་རྗེས་སུ་འགྲོ་བར་བྱའོ། །དེས་དབུགས་ཀྱི་མཚན་ཉིད་ལ་མཁས་པར་འགྱུར་རོ། ༧ །དེ་ནས་དབུགས་དང་ཤེས་པ་བསྲེས་ནས་སྣའི་རྩེ་མོ་ནས་ལྟེ་བའི་བར་དུ་འགྲོ་བ་དང་འོང་བ་དང་གནས་པའི་རང་བཞིན་ལ་བལྟ་བར་བྱའོ། །དེས་ནི་རླུང་སོ་སོའི་ཁ་དོག་དང་རིང་ཐུང་ཇི་ལྟ་བ་བཞིན་མཐོང་ངོ་། ༨ །དེ་ནས་འབྱུང་བ་ཆེན་པོ་ལྔ་སོ་སོར་མ་འདྲེས་པར་བརྟགས་པས། དབུགས་ཕྱི་ནང་དུ་རྒྱུ་བའི་འཕེལ་འགྲིབ་ཤེས་པར་འགྱུར་རོ། ༩ །དེ་ནས་དབུགས་ཕྱིར་འགྲོ་བ་ཨོཾ་ཡིག་དཀར་པོ་དང་། ནང་དུ་འོང་བ་ཧཱུྃ་ཡིག་སྔོན་པོ་དང་། གནས་པ་ཨཱཿཡིག་དམར་པོར་བསྒྱུར་བས་དབུགས་ཕྱི་ནང་དུ་རྒྱུ་བ་ཟད་པ་མངོན་དུ་འགྱུར་རོ། ༡༠ །གཉིས་པ་བུམ་པ་ཅན་ལ་བརྟེན་པ་ནི། རླུང་རོ་ལན་གསུམ་དོར་ནས། སྟེང་རླུང་སྣ་ནས་དལ་བུས་རྔུབས། འོག་རླུང་ཡར་འཐེན་ནས་ཙམ་ཐུབ་ཏུ་གཟུང་བ་ལ་འབད་དོ། །དེ་ལྟར་རབ་ཏུ་གདུལ་བར་དཀའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུད་དུ་མ་དམིགས་པའི་ཕྱིར། རླུང་གི་འཕོ་བ་ཟད་པས་སེམས་ཡུལ་ལ་འཕྱན་པའི་རྟོག་པ་ཟད་པར་འགྱུར་རོ། ༡༡ །གཉིས་པ་རྟེན་མེད་ལ། ཐོལ་སྐྱེས་རྦད་གཅོད། གང་ཤར་བཟོ་མེད་བཞག་ཐབས་ཀྱི་གནད་དང་གསུམ་ལས། དང་པོ་ཐོལ་སྐྱེས་རྦད་གཅོད་ནི། དེ་ལྟར་བསྒོམས་པས་སེམས་ཡུལ་གྱི་རྗེས་སུ་སོང་བའི་རྣམ་པར་རྟོག་པ་སྐྱེས་ན། འཕྲོ་མཐུད་དུ་མི་འཇུག་པར་རྟོག་པ་གཅིག་ཀྱང་མ་སྐྱེས་པར་བྱེད་དགོས་སྙམ་པའི་དྲན་པས་གཞུར་ནས། རྣམ་རྟོག་ཐོལ་གྱིས་སྐྱེས་པའི་འཕྲོ་རྦད་རྦད་བཅད་ལ་བསྒོམ་མོ། ༡༢ །དེ་ཡུན་བསྲིངས་ཀྱིན་བསྒོམས་པས་རྣམ་པར་རྟོག་པ་ཇེ་མང་དུ་སོང་ནས་མཐར་རྣམ་རྟོག་གཅིག་རྟིང་ལ་གཅིག་སྐྱེས་པས་རྒྱུན་མི་ཆད་པ་ལྟ་བུ་འབྱུང་སྟེ། དེ་ནི་རྣམ་རྟོག་ངོས་ཟིན་པ་དགྲ་ངོ་ཤེས་པ་ལྟ་བུའམ། གནས་པ་དང་པོ་རི་གཟར་གྱི་ཆུ་འབབ་པ་ལྟ་བུ་ཞེས་བྱའོ། །དེ་ཡང་སྐད་ཅིག་མ་རེ་རེ་ཙམ་སེམས་གནས་པས་རྣམ་རྟོག་གི་སྐྱེ་འགག་ཤེས། དེའི་དབང་གིས་རྣམ་རྟོག་མང་དུ་སོང་བ་འདྲ་ཞིག་བྱུང་བ་མ་གཏོགས་རྣམ་རྟོག་རྒྱུན་ཆགས་སུ་སྐྱེ་བས་མང་ཉུང་ཡོད་པ་མ་ཡིན་ཏེ། རྣམ་རྟོག་སྐད་ཅིག་ལ་སྐྱེ། དེའི་ཕྱི་ལོགས་ཀྱི་སྐད་ཅིག་ལ་འགག་པ་ཆོས་ཉིད་ཡིན་པས་སོ། ༡༣ །གཉིས་པ་གང་ཤར་བཟོ་མེད་ནི། དེ་ནས་རྣམ་རྟོག་ཁོ་རང་གང་བྱེད་དུ་བཞག དབང་དུ་ཡང་མ་སོང་། དགག་ཀྱང་མི་དགག རང་གི་སེམས་བྱ་ར་བར་བཞག་ནས་བསྒོམས་པས། རྣམ་པར་རྟོག་པ་འཕྲོར་མི་ཉན་པར་ཞི་གནས་ལ་རྩེ་གཅིག་ཏུ་གནས་པ་འབྱུང་། ༡༤ དེ་ནས་ཡང་རྣམ་རྟོག་ལ་སོགས་པར་ཁྱུར་ཁྱུར་འགྱུར་འགྲོ། དེ་ལ་སྔ་མ་བཞིན་བསྒོམས་པས་གནས་རྒྱུན་ཇེ་རིང་དུ་འགྲོ་བ་ནི། གནས་བ་བར་པ་ཆུ་ཀླུང་དལ་གྱིས་འབབ་པ་ལྟ་བུ་ཞེས་བྱའོ། །དེ་ལྟར་ལྷུག་པར་འཇོག་པའི་གནད་འདིས་སེམས་ཀྱི་དྭངས་སྙིགས་ཕྱེད་པ། ཆོས་རྗེས། སེམས་མ་བཅོས་ན་བདེ། ཆུ་མ་རྙོགས་ན་དྭངས། ཞེས་དང་། རྣལ་འབྱོར་དབང་ཕྱུག་ཆེན་པོས། །མ་བཅོས་སོ་མར་བཞག་ན་རྟོགས་པ་འཆར། །ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། །དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤངས་ལ། །རྟག་ཏུ་མཉམ་པར་ཞོགས་དང་རྣལ་འབྱོར་པ། །ཞེས་དང་། དེ་ལྟ་བུའི་བསྒོམ་པའི་ཚུལ་གཉིས་ཀ་ས་ར་ཧའི་ཞབས་གྱིས། བཅིངས་པར་གྱུར་ན་ཕྱོགས་བཅུར་འགྲོ་བར་རྩོམ། །ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་བཟློག་རྔ་མོ་ལྟ་བུ་བདག་གིས་རྟོགས། །ཞེས་གསུངས་པའི་དོན་ནོ། ༡༥ །གསུམ་པ་བཞག་ཐབས་ཀྱི་གནད་ལ་བཞི་ལས། བྲམ་ཟེ་སྐུད་པ་འཁལ་བ་ལྟར་བཞག་པ་ནི། སྐུད་པ་ལ་གྲིམས་ལྷོད་སྙོམས་པ་ཞིག་དགོས་པ་ལྟར། སྒོམ་པ་ལ་ཡང་གྲིམས་དྲགས་ན་རྟོག་པར་འཆོར། ལྷོད་དྲགས་ན་སྙོམས་ལས་སུ་ལུས་པས་གྲིམས་ལྷོད་སྙོམས་པར་བྱའོ། །དེ་ཡང་ལས་དང་པོ་པ་ལ། དང་པོར་ཐོལ་སྐྱེས་རྦད་གཅོད་ཀྱིས་བསྒྲིམས། དེ་ལ་སུན་པ་དང་གང་ཤར་བཟོ་མེད་ཀྱིས་གློད། དེ་ལྟ་བུའི་རེས་འཇོག་གིས་ཅི་ཞིག་ནས་གྲིམས་ལྷོད་རང་ལུགས་སུ་སྙོམས་པར་འགྱུར་བ་ལ་དགོངས་ནས། སེམས་སྒྲིམ་བསྒྲིམས་ནས་ལྷོད་གློད་པ་བྲམ་ཟེ་སྐུད་པ་འཁལ་བ་ལྟ་བུར་བཞག་པ་ཞེས་གསུངས་སོ། ༡༦ །སོག་ཕོན་ཐག་པ་ཆད་པ་ལྟར་བཞག་པ་ནི། དེ་ལྟར་སྔར་གྱི་གཉེན་པོ་ཐམས་ཅད་རྣམ་རྟོག་སྐྱེས་འདུག་པས་མ་ཡེངས་པ་བྱེད་དགོས་སྙམ་པ་ཁོ་ན་སྟེ། རྣམ་རྟོག་འགགས་ནས་གཉེན་པོ་སླེབ་པ་ལས་མ་བྱུང་བས། དྲན་པ་ཕྱིས་སྙེག་པ་ཞེས་བྱ་བ་སྒོམ་གྱི་དྲི་མ་ཡིན་པས། དེ་ལྟ་བུའི་དྲན་ཤེས་སྤངས་ནས་ཞི་གནས་ཀྱི་རྒྱུན་དེ་ཀ་ལ་རང་བབས་སུ་གཞོག་པ་ནི་སེམས་བྱ་རྩོལ་དང་བྲལ་བར་འཇོག་པ་སོག་ཕོན་ཐག་པ་ཆད་པ་ལྟ་བུ་ཞེས་བྱའོ། ༡༧ །བུ་ཆུང་ལྷ་ཁང་བལྟ་བ་ལྟར་བཞག་པ་ནི། སེམས་ཀྱི་གླང་པོ་དྲན་ཤེས་ཀྱི་ཀ་བ་ལ་དམ་པོར་ཐོགས་པས་རླུང་རང་མལ་དུ་ཟིན། དེའི་དབང་གིས་དུ་བ་ལ་སོགས་པའི་སྟོང་གཟུགས་དང་། བདེ་བས་བརྒྱལ་བ་ཙམ་དང་། མི་རྟོག་པ་ལུས་སེམས་ཡོད་དུ་མི་ཚོར་བ་བར་སྣང་སྟོང་པ་ལ་འདུག་པ་ལྟ་བུ་ལ་སོགས་པའི་ཉམས་ཀྱི་སྣང་བ་ཅི་ཤར་ཡང་དགའ་བ་དང་སྐྱོན་དུ་བལྟས་ནས། ཆེད་དུ་འཛིན་པ་དང་སྣང་ཆ་འགོག་པ་གང་ཡང་མི་བྱ་བས། སྣང་ཆ་མ་འགགས་ལ་འཛིན་པ་མེད་པ་བུ་ཆུང་ལྷ་ཁང་བལྟ་བ་ལྟ་བུར་བཞག་པ་ཞེས་བྱའོ། ༡༨ །གླང་པོ་ཆེ་ལ་ཚེར་མ་བཏབ་པ་ལྟ་བུར་བཞག་པ་ནི། གནས་ཐོག་ཏུ་རྟོག་པ་སྐྱེས་པ་དང་། ངོ་ཤེས་པའི་དྲན་པ་དུས་མཉམ་དུ་ལངས། སྤང་གཉེན་བྲང་འཕྲོད་པས། རྣམ་རྟོག་གཅིག་ནས་གཉིས་སུ་བརྒྱུད་མ་ཐུབ། གཉེན་པོ་རྩོལ་བས་བསྒྲུབ་མ་དགོས་པར་རང་བྱུང་བས་དྲན་པ་ཚུར་བཅིངས་པ་ཞེས་བྱ་བ་ནི། རྣམ་རྟོག་བྱུང་ཚོར་ལ་དགག་སྒྲུབ་མི་བྱེད་པར་འཇོག་པ་གླང་པོ་ཆེ་ལ་ཚེར་མ་བཏབ་པ་ལྟ་བུའི་བཞག་པའི་དོན་ནོ། །དེ་ལ་གནས་པ་ཐ་མ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཞེས་གསུངས་ཤིང་། དེ་དུས་གནས་ཐོག་ཏུ་འགྱུ་བའི་རང་ངོ་ཤེས། འགྱུ་ཐོག་ཏུ་གནས་པའི་རང་ས་ཟིན་པས་གནས་འགྱུའི་བར་ལག་འགྱེལ་བ་ཞེས་བྱ་སྟེ། རྩེ་གཅིག་གི་རང་ངོ་འཕྲོད་པ་ཡིན་ནོ། །དེ་དུས་ཀྱི་གནས་པ་དང་འགྱུ་བ་ངོ་ཤེས་མཁན་དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པའམ་སོ་སོར་རྟོག་པའི་ཤེས་རབ་དང་རང་རིག་པ་ཞེས་བྱའོ། །དེ་ཡང་མདོ་སྡེ་རྒྱན་ལས། དེས་ན་དེ་ཡིས་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་དཔྱད་ཤེས་བྱ། །ཞེས་གསུངས་པའོ། ༡༩ །གཉིས་པ་གནས་འགྱུའི་རྩ་བ་དཔྱད་དེ་ལྷག་མཐོང་ངོས་གཟུང་ནས་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་ལ། གནས་འགྱུའི་རྩ་བ་དཔྱད་པ། ལྷག་མཐོང་ངོས་འཛིན་པ། སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་གསུམ་ལས། དང་པོ་གནས་འགྱུའི་རྩ་བ་དཔྱད་པ་ནི། རྣམ་པར་མི་རྟོག་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ཏུ་ལངས་པ་དེས། གནས་ན་གནས་པའི་ངོ་བོ་ཅི་ལྟ་བུ་ཞིག །ཚུལ་ཇི་ལྟར་གནས། དེ་ལས་ཇི་ལྟར་འགྱུ། འགྱུ་བའི་ཚེ་གནས་པ་ལས་གཡེལ་ཏེ་འགྱུའམ། གནས་བཞིན་པར་འགྱུ། འགྱུ་བ་དེ་གནས་པ་ལས་གཞན་ཡིན་ནམ་མ་ཡིན། དེ་ཀའི་ངོ་བོ་ཇི་ལྟ་བུ་ཞིག མཐར་འགག་པའི་ཚུལ་གང་ཡིན་ཞེས་དཔྱད་ཅིང་། ༢༠ གནས་པ་ལས་གཞན་དུ་འགྱུ་བ་དང་། འགྱུ་བ་ལས་གཞན་དུ་གནས་པ་བཞག་ཏུ་མེད་པས། གནས་འགྱུའི་ངོ་བོ་མ་རྙེད་པ་དེའི་ཚེ། ལྟ་མཁན་གྱི་རིག་པ་དེ་ཉིད་བལྟ་བྱའི་གནས་འགྱུ་ལས་གཞན་དུའམ། གནས་འགྱུ་ཉིད་ཡིན་ནམ་ཞེས། རང་རིག་པའི་མིག་གིས་དཔྱད་པས་ཅི་ཡང་མ་རྙེད་པས་བལྟ་བྱ་ལྟ་བྱེད་དབྱེར་མེད་དུ་རྟོགས། དེའི་ངོ་བོ་གང་དུ་ཡང་བཞག་ཏུ་མེད་པས་བློ་འདས་ཀྱི་ལྟ་བའམ། ལྟ་བ་ཁས་ལེན་དང་བྲལ་བ་ཞེས་བྱ་སྟེ། རྒྱལ་བའི་དབང་པོས། བློས་བྱས་ཀྱི་ལྟ་བ་བཟང་ཡང་འཇིག །བློ་འདས་ལ་ལྟ་བའི་མིང་ཡང་མེད། །བལྟ་བྱ་དང་ལྟ་བྱེད་དབྱེར་མེད་པའི། །ངེས་པ་དེ་བླ་མའི་དྲིན་ལས་རྙེད། །ཅེས་གསུངས་སོ། །ཚུལ་དེ་ལྟ་བུའི་དཔྱད་པ་དེ་ཀ་སློབ་དཔོན་ཞི་བ་ལྷས། ཅི་ནས་ཏིང་འཛིན་བཙོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་ནི་གར་དཔྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །ཅེས་གསུངས་སོ། །དེ་ཡང་བུད་ཤིང་དང་མེའི་དཔེས། འོད་སྲུངས་ཀྱིས་ཞུས་པའི་མདོར་གསུངས་པ། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། ཅེས་སོ། །དེ་ལྟ་བུའི་དཔྱད་པ་ནི་ཁ་ནང་དུ་བལྟས་པའི་རང་རིག་གིས་དཔྱོད་པའི་ཕྱིར། ཀུ་ས་ལིའི་དཔྱད་བསྒོམ་ཞེས་བྱ་ལ། པཎྜྻི་ཏའི་དཔྱད་སྒོམ་ནི་མ་ཡིན་ཏེ། དེ་དག་ཁ་ཕྱིར་ལྟའི་ཤེས་པས་དཔྱོད་པས་སོ། ༢༡ །གཉིས་པ་ལྟག་མཐོང་ངོས་གཟུང་བ་ནི། རྣམ་པར་རྟོག་པའམ། ཉོན་མོངས་པ་ཇི་ལྟ་བུ་སྐྱེས་ཀྱང་མི་སྤང་ཞིང་། དེའི་དབང་དུ་མི་བཏང་བར་གང་ཤར་དེ་ཉིད་བཟོ་མེད་དུ་བཞག སྐྱེ་བའི་སྐད་ཅིག་དེ་ཀར་ངོ་ཤེས་པར་བྱས་པས། དེ་རང་མ་སྤངས་གནས་སུ་དག་པའི་སྟོང་པ་ཉིད་དུ་འཆར་ཞིང་། ཚུལ་དེས་འགལ་རྐྱེན་ཐམས་ཅད་ལམ་དུ་འཁྱེར་བར་ནུས་པས་རྐྱེན་ལམ་དུ་སློངས་པ་ཟེར། རྣམ་པར་རྟོག་པ་ཉིད་རང་གིས་ངོ་ཤེས་པ་ཙམ་གྱིས་གྲོལ་བས་སྤང་གཉེན་དབྱེར་མེད་དུ་རྟོགས་པ་འདི་ནི། རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་སྙིང་པོ་བཟློག་པའི་བསྒོམ་པ་ཞེས་བྱའོ། །དེ་ནས་རང་གི་སེམས་ཉིད་ཀྱི་རང་བཞིན་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ལྷག་པར་སྐྱེ་ཞིང་ལུས་ངག་ཡིད་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྐྱེད་པའི་རིམ་པ་ལ་སོགས་པའི་ཐབས་ཀྱི་བྱ་བས་འདའ་ཡང་། ཤེས་རབ་ཀྱི་ཚུལ་དེས་བདེན་པར་ཞེན་པ་ཡོངས་སུ་དེས་སྦྱངས་བའི་དབང་གི་སྔགས་ཀྱིས་ཟིན་པའི་དུག་སྤྱད་པས་ཉོན་མོངས་པར་མི་འགྱུར་བ་ལྟར་རོ། །ཚུལ་འདི་ལྟ་བུའི་ཉམས་ལེན་ལ་དགོངས་ནས། ལམ་གང་ཤར་ལ་སྤང་བླང་མེད་པ་ཞེས་གསུངས་སོ། ༢༢ །གསུམ་པ་སྤྲོས་བྲལ་གྱི་རྣལ་འབྱོར་བསྒོམ་པ་ལ། དུས་གསུམ་གྱི་སྒོ་ནས་དཔྱད་པ། དངོས་པོ་དངོས་མེད་ཀྱི་སྒོ་ནས་དཔྱད་པ། གཅིག་ཐ་དད་ཀྱི་སྒོ་ནས་དཔྱད་པ་དང་གསུམ་ལས། དང་པོ་དུས་གསུམ་གྱི་སྒོ་ནས་དཔྱད་པ་ནི། འདས་པའི་སེམས་ནི་འགགས་ཤིང་ཞིག མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟ་བའི་སེམས་ནི་ངོས་འཛིན་དུ་ཅི་ཡང་མེད་ལ། དེ་བཞིན་དུ་བརྟགས་པས་ཆོས་ཐམས་ཅད་ཀྱི་ཚུལ་ཡང་དེ་འདྲ་བ་ཞིག་སྟེ། ཐམས་ཅད་ཀྱང་བདེན་པ་མ་ཡིན་པ་རང་གི་བློས་བཏགས་པ་ཙམ་དུ་ཟད་པས། སྐྱེ་བ་དང་། འགག་པ་དང་། གནས་པ་ཅི་ཡང་གྲུབ་པ་མ་ཡིན་ནོ་སྙམ་པར་གོ་བ་ནི་ས་ར་ཧས། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངོས་པོ་རྣམས་སྤངས་ཕྱིས་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་བླ་མ་མགོན་པོས་བསྟན་པས་རྟོགས། །ཞེས་གསུངས་པ་ལྟར་དུ་དཔྱད་པའོ། ༢༣ །གཉིས་པ་དངོས་པོ་དངོས་མེད་ཀྱི་སྒོ་ནས་དཔྱད་པ་ནི། དེ་ཡང་། རང་གི་སེམས་ནི་ཡོད་པ་དངོས་པོར་གྲུབ་བམ། མེད་པ་དངོས་མེད་དུ་གྲུབ། དངོས་པོར་གྲུབ་ན་གཟུང་བ་འཛིན་པ་གང་དུ་གྲུབ། གཟུང་བར་གྲུབ་ན་དབྱིབས་ཁ་དོག་ཅི་ལྟ་བུ། འཛིན་པ་ཡང་དེར་སྣང་བ་ཉིད་དུ་ཟད་ལ། དངོས་པོ་མེད་པ་ཞིག་ན་སྣ་ཚོགས་སུ་སྣང་བ་འདི་གང་གིས་བྱས་ཞེས་བརྟག་པས། ངོ་བོར་གྲུབ་པ་ཞིག་ཡོད་ན་དངོས་པོར་བཞག་ཏུ་རུང་སྟེ། རིག་པས་བརྟགས་པའི་དོན་ཅི་ཡང་གྲུབ་པ་མེད་པས་ཡོད་པ་དངོས་པོའི་ཆོས་སུ་བཞག་ཏུ་མ་རྙེད། རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པས་མེད་པ་དངོས་མེད་ཀྱི་ཕྱོགས་སུ་མ་སོང་། དེས་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་དང་བྲལ་བས་རྟག་པ་དང་ཆད་པའི་ལམ་དུ་མ་ལྷུང་པ་དབུ་མའི་ལམ་ཞེས་བྱ་ལ། དེ་ཡང་རྟགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པས་གཏན་ལ་ཕབ་པ་མ་ཡིན་པ་བླ་མའི་མན་ངག་གིས་ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་བ་དང་འདྲ་བས་ཆེན་པོ་ཞེས་བྱའོ། །བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །ཞེས་གསུངས་སོ། ༢༤ །གསུམ་པ་གཅིག་ཐ་དད་ཀྱི་སྒོ་ནས་དཔྱད་པ་ནི། སེམས་འདི་གཅིག་པུ་ཞིག་གམ། དུ་མ་ཞིག གཅིག་པུ་ཡིན་ན། སེམས་ཞེས་བྱ་བ་འདི་སྣ་ཚོགས་སུ་སྣང་བ་ལ་བཏགས་པ་ཉིད་དེ། ཇི་ལྟར་གཅིག་ཏུ་བཞག དུ་མ་ཞིག་ན་དེ་ཐམས་ཅད་ཀྱང་རང་གི་ངོ་བོ་སྟོང་པ་ཉིད་དུ་མཉམ་པར་ཇི་ལྟར་འགྱུར་བརྟགས་པས། ཐ་དད་དང་བཅས་པ་དང་། མཐའ་དང་བྲལ་བ་ལས་འདས་པས་ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པ་ཞེས་བྱའོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པའི་མཉམ་བཞག་ཏུ་སོ་སོར་རང་རིག་པའི་ཡེ་ཤེས་འབའ་ཞིག་ལས་གཞན་ཅི་ཡང་མི་སྣང་བས་སྣང་བ་མེད་པ་ཞེས་བྱ་ལ། རྗེས་ཐོབ་ཏུ་ལམ་འདིས་ཆོས་ཐམས་ཅད་ལ་བདེན་པར་ཞེན་པ་དག་པའི་ཕྱིར་སྒྱུ་མ་ལྟ་བུར་སྣང་བ་ཡིན་ནོ། །དེ་ལྟར་ཡང་། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་པ་དེ་དེ་ཉིད། དེ་རིང་མགོན་པོ་ད་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་འདྲི་བར་མི་བྱའོ། །ཞེས་གསུངས་སོ། ༢༥ །གཉིས་པ་ཐུན་མོང་མ་ཡིན་པའི་ཉམས་ལེན་ལ། ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་དུ་རོ་སྙོམས་པ་རོ་གཅིག་གི་རྣམ་འབྱོར་དང་། ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་ཕབ་པ་སྒོམ་མེད་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་ཆོས་ཐམས་ཅད་སྣང་སེམས་དབྱེར་མེད་དུ་རོ་སྙོམས་པ་རོ་གཅིག་གི་རྣལ་འབྱོར་ལ། གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲོད། ཆུ་དང་ཁྱག་རོམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད། ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་དབབ་པ་དང་གསུམ་ལས། དང་པོ་གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲོད་པ་ནི། གཉིད་ཀྱི་དུས་སུ་ཇི་ལྟར་སྣང་ཡང་སེམས་ལས་ལོགས་སུ་མེད་པ་ལྟར། ད་ལྟར་གྱི་སྣང་བ་ཐམས་ཅད་ཀྱང་གཏི་མུག་གི་གཉིད་ལོག་པའི་རྨི་ལམ་ཡིན་ཅིང་། རང་སེམས་ལས་གཞན་དུ་མེད་པས། སྣང་བ་གང་སྣང་གི་ཡུལ་ཐོག་དེ་ཀར་གློད་ནས་བཞག་པ་ཉིད་ཀྱིས་ཕྱིས་ཡུལ་སྣང་དང་། རང་གི་སེམས་ཞེས་གཉིས་སུ་དབྱེ་རུ་མེད་པར་རོ་གཅིག་ཏུ་འདྲེས་པར་འགྱུར་ཏེ། རྣལ་འབྱོར་དབང་ཕྱུག་གིས། མདང་རྨི་ལམ་ཉམས་སུ་མྱོང་བ་དེ། །སྣང་བ་སེམས་སུ་ངོ་སྤྲོད་པའི། །སློབ་དཔོན་ཅིག་ལགས་ཏེ་གོ་ལགས་སམ། །ཞེས་དང་། ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཞིག་དང་། ཞེས་གསུངས་སོ། ༢༦ །གཉིས་པ་ཆུ་དང་ཁྱག་རོམ་གྱི་དཔེས་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད་པ་ནི། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་བའི་དུས་དེ་ཉིད་དུ་ངོ་བོ་ཅིར་ཡང་མ་གྲུབ་པས་སྟོང་པ་ཞེས་བྱ་ལ། ཅིར་ཡང་མ་གྲུབ་བཞིན་དུ་ཅིར་ཡང་སྣང་གི་འདུག་པས་སྣང་སྟོང་ཟུང་འཇུག་གམ་རོ་གཅིག་པ་ཞེས་བྱ་སྟེ། དཔེར་ན་ཁྱག་པ་དང་ཆུ་བཞིན་ནོ། །ཚུལ་དེས་བདེ་སྟོང་གསལ་སྟོང་རིག་སྟོང་ཟུང་འཇུག་ཀྱང་ཤེས་པར་བྱ་བས་དུ་མ་རོ་གཅིག་ཏུ་རྟོགས་པ་ཞེས་བྱའོ། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་བསྒོམ་པའང་དེ། །ཞེས་གསུངས་སོ། ༢༧ །གསུམ་པ་ཆུ་དང་རླབས་ཀྱི་དཔེས་ཆོས་ཐམས་ཅད་རོ་མཉམ་དུ་གཏན་ལ་དབབ་པ་ནི། ཆུ་རླབས་ཆུ་ཉིད་ལས་ཤར་བ་བཞིན་དུ་ཆོས་ཐམས་ཅད་རང་གི་སེམས་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་པར་ཤར་བའི་ཚུལ་གྱིས་བྱས་པར་རྟོགས་པ་སྟེ། ས་ར་ཧས། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཞེས་གསུངས་པས། འདི་ལ་ཆོས་ཉིད་གཅིག་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རོ་གཅིག་དུ་མར་ཤར་བ་ཞེས་བྱའོ། །འདི་རྟོགས་པའི་རྣལ་འབྱོར་པ་ལ་རྗེས་ཤེས་སྟོང་པ་ཉིད་ཀུན་ཏུ་འགྲོ་བར་འཆར་རོ། ༢༨ །གཉིས་པ་ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་སྒོམ་མེད་ཀྱི་རྣལ་འབྱོར་ཉམས་སུ་བླང་བ་ནི། སྤང་བྱ་ཉོན་མོངས་པ་ཟད་པས་སྤོང་བྱེད་ཀྱི་གཉེན་པོ་ཟད་ནས་ལམ་ཆད་དེ། དེ་ལས་གཞན་དུ་ཕྱིན་ས་མེད་དེ། འཇུག་པ་ཆད་དེ། དེ་ལས་གོང་དུ་འཕུལ་ས་མེད་པ་མི་གནས་པའི་མྱ་ངན་ལས་འདས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་བསྲེ་སྐོར་གྱི་གཞུང་ལས། ཀྱེ་ཧོ། །འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་དང་། མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབ་བཞག །ཅེས་གསུངས་པའི་དོན་ནོ། ༢༩ །གསུམ་པ་རྗེས་ལ་ཕྱག་རྒྱ་ཆེན་པོ་ངོས་གཟུང་ཞིང་རང་ངོ་སྤྲད་པ། གེགས་དང་གོལ་ཤོར་དཔྱད་པ། ཉམས་རྟོགས་གོ་བ་གསུམ་གྱི་ཤན་འབྱེད་པ་དང་གསུམ་ལས། དང་པོ་ཕྱག་རྒྱ་ཆེན་པོ་ངོས་གཟུང་ཞིང་རང་ངོ་སྤྲད་པ་ནི། གཞི་གཏན་ལ་དབབ་པ། ལམ་ཉམས་སུ་བླང་བ། ཉམས་མྱོང་གི་སྤུ་རིས་འབྱེད་པ། ས་ལམ་གྱི་དྲོད་རྟགས་འབྱེད་པ། འབྲས་བུ་མངོན་དུ་གྱུར་པའི་རྣལ་འབྱོར་བཞི་ཚན་རྣམས་སོ། ༣༠ །གཉིས་པ་གེགས་དང་གོལ་ཤོར་དཔྱད་པ་ནི། སྣང་བ་དགྲར་ལངས་ཀྱི་གེགས་སྣང་བ་སེམས་སུ་ཤེས་པས་སེལ། རྣམ་རྟོག་དགྲར་ལངས་རྣམ་རྟོག་ཆོས་སྐུར་ཤེས་པས་དང་། སྟོང་པ་དགྲར་ལངས་སྣང་སྟོང་ཟུང་འཇུག་ཏུ་ཤེས་པས་སེལ་ཞིང་། གོལ་ས་གསུམ་ནི་ཞི་གནས་ཀྱི་ཉམས་ལ་ཞེན་པ་སྟེ། ལྷག་མཐོང་དུ་ན་སྤར་བས་སེལ་ལོ། །ཤོར་ས་བཞི་སྟོང་ཉིད་གཤིས་ལ་ཤོར་བ། སྟོང་ཉིད་སྙིང་རྗེར་ལོངས་པས་གཅོད། རྒྱས་འདེབས་སུ་ཤོར་བ་ཡིན་ལུགས་ཡིན་བཞིན་པར་རྟོགས་པས་གཅོད། གཉེན་པོར་ཤོར་བ་སྤང་གཉེན་དབྱེར་མེད་དང་། ལམ་དུ་ཤོར་བ་ཤར་གྲོལ་དུས་མཉམ་དུ་རྟོགས་པས་ཁེགས་པར་འགྱུར་རོ། ༣༡ །གསུམ་པ་ཉམས་རྟོགས་གོ་བ་གསུམ་གྱི་ཤན་དབྱེ་བ་ནི། སེམས་ཀྱི་གནས་ལུགས་ཐོས་བསམ་གྱིས་རྟོགས་པ་གོ་བ། དོན་སྤྱིའི་ཚུལ་དུ་རྟོགས་པ་རྩེ་གཅིག་སྟེ་ཉམས། མངོན་སུམ་རྟོགས་པ་སྤྲོས་བྲལ་མན་ཆད་ལ་རྟོགས་པ་ཞེས་བྱ་ལ། སྒྲ་འཇུག་པ་གཅིག་པའི་དབང་གིས་ཐམས་ཅད་ལ་རྟོགས་པ་སྦྱར་ཡང་འགལ་བ་མེད་དོ།། ༣༢ །།དེ་ཡང་། ཁ་ཆེ་ཟངས་དཀར་གྱི་རྒྱལ་པོ་གཞན་ཕན་བཟང་པོས་གུར་གུམ་གྱི་གེ་སར་ཁལ་གཅིག་ལྷག་པའི་ཡོན་དང་བཅས་ཏེ། ཕྱག་ཆེན་དང་ཆོས་དྲུག་ལ་ཟིན་བྲིས་དགོས་ཞེས་བསྐུལ་བ་དང་། གསུང་རྒྱུན་ལ་བསྙད་པའི་སུག་བྲིས་མང་པོ་ལ་ཡིད་བརྟན་དུ་རུང་བ་ཅི་ཡང་མ་མཐོང་ནས། ཕྱི་རབས་ལ་ཕན་པའི་ཆེད་ཁོ་ནར་པདྨ་དཀར་པོས། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་མཁར་ཆུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་ཚེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།


previousཕྱག་ཆེན་གྱི་ཟིན་བྲིས།next