Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
གཉིས་པ། དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousགཉིས་པ། དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ།next

གཉིས་པ། དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ།

༈ དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །དེ་ནས་བཙུན་མོ་བྱ་(༡༡༢)བ་མོ་ཆོས་ཀུན་ཏུ་བཟང་མོ། བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །

ཀྱེ་མའོ་ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་བརྗོད་པས། ཐམས་ཅད་ཡེ་ནས་སངས་རྒྱས་པར། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་ཀྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་། བཙུན་མོའི་ཚོགས་ཐམས་ཅད་ཀྱང་མཉེས་པས་ཁྱབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་ཐམས་ཅད་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །

ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ནའང་། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས། འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།


previousགཉིས་པ། དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ།next