Nitartha Digital Library
Tibetan
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

4 occurrences of གཡོན་རུ་
[Clear Hits]


collapse section
 
  
ལེའུ་གཉིས་པ་མ་ཅིག་གི་ལོ་རྒྱུས་ཀྱི་ཐ་མ།
  
  
 
 
  
  
  
  
  


4 occurrences of གཡོན་རུ་
[Clear Hits]

 
previousལེའུ་གཉིས་པ་མ་ཅིག་གི་ལོ་རྒྱུས་ཀྱི་ཐ་མ།next

ལེའུ་གཉིས་པ་མ་ཅིག་གི་ལོ་རྒྱུས་ཀྱི་ཐ་མ།

ལེའུ་གཉིས་པ། མ་ཅིག་གི་ལོ་རྒྱུས་ཀྱི་ཐ་མ། དེ་མན་ཆད་གདུལ་བྱ་དང་འཕྲིན་ལས་

ཀྱི་མཛད་ཚུལ་ཟུར་ཙམ་བརྗོད་པར་བྱ་སྟེ། དེ་ནས་བླ་མ་གྲྭ་པའི་ཡོན་བདག་ལྷ་མོ་སྒྲོན་བྱ་

བའི་རབས་ཆད་བཟའ་བ་གཉིས་འབྱོར་བ་དང་ལྡན་པས། བླ་མ་ལ་ཞུ་བ་བྱས་ནས་ཁྱེད་ཀྱི་

མཆོད་གནས་དཔོན་མོ་དེ་ངེད་བཟའ་བའི་མཆོད་གནས་མཛད་པར་ཞུ་དང་། ངེད་ཀྱིས་

ཟོག་པོ་གང་ཡོད་རྣམས་ཁོང་ལ་འབུལ་བའི་གཏོང་སྒོ་བྱེད་པས་ཅིས་ཀྱང་ཞུ་བ་གནང་

དགོས་ཟེར་ཏེ། བླ་མས་དེ་བྱའི་གསུངས་ནས་ལབ་སྒྲོན་ལ་ཁྱེད་དབྱེ་ཆུང་གི་གྲོང་དུ་ལྷ་མོ་

སྒྲོན་གྱི་མཆོད་གནས་བྱེད་པ་ལ་ཟླ་བ་གཅིག་ལ་བཞུགས་ལ་འབུམ་ཚར་སུམ་ཅུ་ཚར་བར་

མཛོད། ཁོང་བཟའ་བས་དངོས་པོ་ཐམས་ཅད་ཁྱེད་ལ་འབུལ་བར་ཡོད་གསུངས། དེ་ནས་

ཇོ་ཆུང་མ་བསོད་ནམས་བླ་མ་ལ་མཇལ་དུ་སོང་བས། འབུམ་ཀློག་པ་ལ་འགྲོའམ་ཞུ་པས།

བླ་མས་སོང་ཞིག་སྔོན་གྱི་རྟེན་འབྲེལ་ཡོད་པས་འགྲོ་དོན་འབྱུང་གི་གསུངས་པ་དང་། དེ་

ནས་བླ་མ་དེ་གཉིས་ཀྱིས་བཀའ་གནང་བ་དང་། དབྱེ་ཆུང་དུ་འགྲོ་སྙམ་པའི་ནུབ་མོ་མཁའ་

འགྲོ་མ་དམར་མོ་དཔྲལ་བར་མིག་གཅིག་ཡོད་པ་ཞིག་བྱུང་ནས་རྒྱ་གར་གྱི་ཐོད་པ་བྷ་དྲ་ཡ་

ཞེས་པ་དང་ཐབས་ཤེས་མཛོད་དང་འགྲོ་བའི་དོན་ཆེན་པོ་བྱུང་ནས་ཕྱིར་མི་ལྡོག་པའི་ས་

ནོན་པ་ཡིན་ཟེར་ནས་ཡལ་ནས་ཐལ་ལོ། །ཐོ་རངས་དུས་སུ་མཁའ་འགྲོ་མ་མཐིང་ནག་

ཁྲོས་པའི་ཆ་བྱད་ཅན་ཞིག་གིས། སངས་རྒྱས་ཐོད་པའི་སྤྲུལ་པ་བྷ་དྲ་ཡ་ཞེས་བྱ་བ་དང་

ཐབས་ཤེས་རབ་ཀྱི་སྒོ་ནས། གསང་སྔགས་ལམ་དུ་བྱེད་པའི་སྒོ་ནས་སྙོམས་པར་འཇུག་པ་

24

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དང་རིགས་རྒྱུད་ཀྱང་སྤེལ་དང་། བསྟན་པ་དར་རྒྱས་སུ་འགྱུར་ཞིང་། ས་བཅུའི་ཕ་རོལ་ཏུ་

ཕྱིན་ནོ་གསུངས་ནས། ནམ་མཁའ་ལ་ཡལ་སྙམ་ཙམ་མནལ་སངས་སོ། །དེ་ནས་ནངས་

པར་དབྱེ་ཆུང་དུ་སོང་། ནུབ་མོ་བཙུན་མ་གཅིག་གི་རྩར་ཉལ་ཏེ། ནམ་གྱི་གཞུང་ལ་བུད་

མེད་དཀར་མོ་བདུན་བྱུང་ནས་རྣལ་འབྱོར་མ་ཁྱོད་དང་རྒྱ་གར་གྱི་པཎྜི་ཏ་ཐོད་པ་བྷ་དྲ་

གཉིས་ལས་ཀྱི་སྨོན་ལམ་མཐུན་པས་སེམས་ཞུམ་པ་མེད་པར་ལས་ལ་སྤྱོད་ཅིག་ཅེས་

བདུན་གས་མགྲིན་གཅིག་ཏུ་ཟེར་སྐད། དེ་ནས་ཇོ་མོའ་ིཐུགས་དགོངས་ལ། ལུང་བསྟན་

འདི་རྣམས་ཇི་འདྲ་ཡིན། བདུད་ཀྱིས་བསླུས་པ་ཡིན་ནམ། བླ་མ་རྣམ་གཉིས་ཀྱིས་མཁྱེན་པ་

ཡིན་ནམ་སྙམ་སྟེ། འདི་བདུན་ལ་དྲི་བ་ཞིག་བྱེད་དགོས་སྙམ་ཙ། མཁའ་འགྲོ་མ་བདུན་

ཡལ་ནས་ཐལ་ལོ། །དེ་ནས་ནམ་ཐོ་རངས་ཁ་ལ་དངོས་སུ་བུད་མེད་དཀར་མོ་གཅིག་གིས།

དྲེའུ་དཀར་པོ་ཞིག་ཞོན་པ་བྱུང་སྟེ། མ་ཅིག་གསང་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་

བདུད་འདུལ་མ་ཆེན་མོ་ཁྱེད་བསུ་བ་ལ་འོང་གིས་བྱོན་ཟེར་རོ། །དེ་ནས་མ་ཅིག་གིས་ཁྱོད་

གང་ནས་འོངས་སུ་ཡིན་བྱས་པས། བུད་མེད་དཀར་མོ་དྲེའུ་ལས་བབས་ཏེ། ཕྱག་འཚལ་

ནས་འདི་སྐད་སྨྲས་སོ། །ང་ནི་དུང་སྐྱོང་མ་ཡིན། བླ་མ་ཐོད་པ་བྷ་དྲ་ཡའི་བཀའ་ཉན་ནས་

འདིར་འོངས་པ་ཡིན། ཁྱེད་ངེད་ཀྱི་རྗེ་མོ་གསང་ཆེན་ཡེ་ཤེས་ཀྱི་ཡུམ་ཆེན་ཡིན་ཟེར་རོ། །

དེ་ནས་ཡང་མ་ཅིག་གིས་གསུངས་པ། ཐོད་པ་བྷ་དྲ་ཡ་བྱ་བ་དེ་རིགས་རུས་གང་

ཡིན། ཡུལ་གར་ཡོད་བྱས་པས། བུད་མེད་དེ་ན་རེ། བླ་མ་བྷ་དྲ་ཡའི་ཡུལ་རྒྱ་གར་ཀོ་ས་

ཡིན། ཡབ་ཤཱཀྱ་ཡི་བཙད་རཏྣ་སིདྡྷི་བྱ་བ་ཡིན། ཡུམ་ནི་ས་ཏི་བྱ་བ་ཡིན། བླ་མ་ཁོང་རང་ནི་

སངས་རྒྱས་ཐོད་པའི་སྤྲུལ་པ་བྷ་དྲ་ཡ་བྱ་བ། ཕྱི་སྡེ་སྣོད་ལ་མཁས་པ་དང་། ནང་རྒྱུད་སྡེ་ལ་

མཁས་ཤིང་། ཁྱད་པར་འཁོར་ལོ་བདེ་མཆོག་ལ་མངའ་བརྙེས་ཤིང་། གྲུབ་པ་ཐོབ་པའི་རྣལ་

འབྱོར་པ་ཆེན་པོ་ཡིན་ཏེ། ཡུམ་ཆེན་མོ་ཁྱེད་ལ་མཇལ་བའི་ཆེད་དུ་འདིར་བོད་དུ་བྱོན་ནས་

དབྱེ་ཆུང་དུ་བཞུགས་ནས་ཡོད། ཁྱེད་བསུ་བ་ལ་ང་བཏང་བ་ཡིན་ཟེར་ནས་དྲེའུ་ཞོན་ནས་

25

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

འབྱོན་པར་ཞུ་ཟེར་ཏེ་ཐལ་ལོ། །དེ་ནས་ནངས་པར་སྔ་མོ་ནས་བྱོན་པས་ཉི་མ་ཕྱེད་ཙ་ན་

ཤེལ་གྲོང་དུ་སླེབས་ཏེ། སྟོན་པ་ཤེས་རབ་འབུམ་བྱ་བ་སྡེ་སྣོད་ལ་མཁས་པ་ཞིག་གིས། གྲྭ་

པ་སུམ་བརྒྱ་ཙམ་ལ་ཕར་ཕྱིན་གྱི་བཤད་པ་བྱེད་པ་ཞིག་འདུག །དེར་མ་ཅིག་ཕྱིན་ནས་དགེ་

བཤེས་རྣམས་ཀྱིས། ཁྱོད་ཇོ་མོ་ཟླ་བ་རྒྱལ་མཚན་གྱི་སྲས་མོ་ལབ་སྒྲོན་ཟེར་བའི་མིག་

གསུམ་ཡོད་པ་ཞིག་གྲགས་པ་དེ་ཡིན་ནམ་ཟེར་སྐད། ང་ཡིན་བྱས་པས། དེ་ལྟར་ན་ཁྱོད་

མཁའ་འགྲོ་མ་ཡིན་ཟེར་བར་གྲགས་ཤིང་། ཕར་ཕྱིན་ལ་མཁས་ཟེར་བས། ངེད་དང་ཆོས་

ཀྱི་རྩོད་པ་བྱེད་དོ་ཟེར་སྐད། རྩོད་པ་བྱའི་སྨྲས་པས། དགེ་བཤེས་གང་གྲགས་པ་བདུན་

དང་རྩོད་པ་བྱས་པས། དགེ་བཤེས་རྣམས་ཀྱིས་གླགས་མ་རྙེད་ནས། གྲྭ་པ་ཐམས་ཅད་

ཀྱིས་རྣལ་འབྱོར་མ་ཁྱོད་ཡུམ་ཆེན་མོའ་ིསྤྲུལ་བའམ། ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ཡིན་

ཟེར་བ་བདེན་པ་འདྲ་མོད། ད་ངེད་ཀྱི་བླ་མ་ལ་མཇལ་འགྲོའམ་ཟེར། འགྲོ་བྱས་པས་སོང་ཙ།

ད་རུང་མ་འབྱོར་ཟེར་ནས། འགྲོ་ས་མེད་དམ་སྙམ་ནས་དེར་བསྡད། གྲྭ་པ་ཉི་ཤུ་རྩ་ལྔས་

སྤོས་དུད་རོལ་མོ་མང་པོ་དང་བཅས་བསུ་བ་བྱས་ཏེ། བླ་མའི་དྲུང་དུ་ཕྱིན་ཏེ། བླ་མ་འཇམ་

དབྱངས་དམར་པོར་མཐོང་ནས་ཕྱག་འཚལ་བས། ཕྱག་མ་བཞེས་ནས་མ་ཅིག་སྒྲོན་མ་བྱོན་

ལགས་སམ་གསུངས་ནས་ཁྲི་ཐོག་ཏུ་བཞེངས་པར་མཛད་དོ། །

དེ་ནས་མ་ཅིག་བླ་མའི་བཞུགས་ཁྲིའི་ཟུར་དུ་གདན་གསུམ་བརྩེགས་ཏེ་བཞུགས།

བླ་མས་མ་ཅིག་སྒྲོལ་མ་དཀར་མོ་རུ་གཟིགས། དེ་ནས་བླ་མ་དང་མ་ཅིག་ཆོས་ཀྱི་ག་དར་ཐོ་

ཙམ་བྱུང་བས། བླ་མ་ལབ་སྒྲོན་ལ་ཡི་རངས་ཏེ་དགའ་བ་སྟེར། ལབ་སྒྲོན་གྱིས་བླ་མ་ལ་

ཆོས་ཞུ་བྱས་པས། ཁྱེད་ཀྱིས་མ་དགོངས་པའི་ཆོས་ཅི་ཡང་མེད་དོ་གསུངས། ཡང་ལབ་སྒྲོན་

གྱིས་ཆོས་འབྲེལ་བྱེད་པས་གང་ཡང་རུང་གསུང་བས་ཆོག་ཞུས། དེ་ནས་བླ་མས་དེ་འདྲ་བྱ་

གསུངས་ནས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་བཟློག་གི་ཚུལ་དུ་

ལེགས་པར་བཤད་པ་ཞག་བདུན་ཉིན་ཞག་བཅུ་བཞི་ལ་ལེགས་པར་ཉན་ཅིང་གཏན་ལ་

26

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཕབ་པར་བྱས་ནས། ཆོས་ཐམས་ཅད་རྟེན་འབྲེལ་གྱི་ཚུལ་དུ་མཁྱེན་ཅིང་། ཆོས་ཐམས་ཅད་

རྟེན་འབྲེལ་གྱི་སྒོ་ནས་འཆད་པ་དང་། རྟེན་འབྲེལ་ལ་བརྟེན་ནས་གྲོལ་བའི་ཚུལ་མཛད། དེ་

ནས་དབྱེ་ཆུང་དུ་བྱོན་ནས་ལྷ་མོ་སྒྲོན་གྱི་ཁང་བའི་ཐོག་ཀར་ཕྱིན་ཏེ། རྣལ་འབྱོར་པ་མིག་རྩ་

དམར་བ་ཤ་མདོག་སྨུག་ལ་ཧུ་རེ་བ་གཅིག་གིས་འཁོར་ལོ་བདེ་མཆོག་གི་དབང་བླང་ཞིང་

འདུག་པ་དེས། ཡུམ་འོ་མ་བརྒྱལ་བར་བྱོན་ལགས་སམ་ཞུས་རྒྱ་སྐད་དུ་སྨྲས་སོ། །ལབ་

སྒྲོན་གྱིས་རྣལ་འབྱོར་པ་རྒྱ་གར་ནས་ཕྱིན་པས་དབུ་མ་རྨོངས་སམ་གསུངས་ནས། མིག་རྩེ་

གཅིག་ཏུ་ཆོས་ཁང་བྱས་ཏེ་འབུམ་ཀློག་པ་དང་། སྐབས་སྐབས་སུ་པཎྜི་ཏ་དང་ཆོས་ཀྱི་

བཤད་པ་དང་རྒྱ་གར་གྱི་ལོ་རྒྱུས་རྣམས་དྲི་བ་བྱས། དེ་ནས་ཞག་བཅུ་བདུན་རེད་ནས།

ཚེས་བརྒྱད་ཀྱི་ནམ་སྲོད་ཡོལ་ཙམ་དུས་སུ་པཎྜི་ཏ་དང་ལབ་སྒྲོན་གཉིས་ཐབས་ཤེས་རབ་

ཀྱིས་སྙོམས་པར་འཇུག་པས། འོད་ཀྱིས་ཁྱིམ་ཐམས་ཅད་གང་བས། ཡོན་བདག་མོས་མར་

མེས་ཁྱིམ་འབར་བ་མ་ཚོར་རམ་སྙམ་ནས། ཐོག་ཁང་དུ་བལྟར་འོངས་པས། འོད་ཁ་དོག་

སྣ་ལྔ་འཇའ་ལྟ་བུས་ཁྱིམ་གང་བའི་ནང་དུ་འོད་དཀར་དམར་ཟླ་བ་ཙམ་གཉིས་སྦྱར་ཏེ་

འབར་བདོ་བ་མཐོང་། གཞན་སུ་ཡང་མ་མཐོང་བས་བྲེད་དེ། ཐོག་ཁང་ཕྱི་དེར་འོངས་ནས་

བསྡད་ཙ་མནལ་དུ་སོང་། དེ་ནས་ཐོ་རངས་ཁར་མནལ་སངས་ཏེ་བལྟས་པས། ཆོ་ག་

མཁན་པོ་ཇོ་མོའ་ིརྩ་ནས་བྱུང་བས། ཡོན་བདག་མོ་ཡིད་མ་ཆེས་པ་དང་། འོག་ཁང་དུ་སོང་།

ནངས་པར་འཚོ་བ་ཁྱེར་ཏེ། མདང་ཆོ་ག་མཁན་པོས་ཁྱེད་གནག་གིས། ངས་ཁང་པ་ལ་མེ་

འབར་སྙམ་ནས་དེར་ཕྱིན་བྱས་པས། ཇོ་མོས་ཚིགས་སུ་བཅད་པ་འདི་གསུངས་སོ། །

ལུང་བསྟན་ཕལ་ཆེར་བདུད་ཀྱིས་བསླུ་བ་ཡིན། །ཕོ་མོ་གཉིས་འགྲོགས་རྐྱེན་ངན་

བདུད་དང་འགྲོགས། །ཡོན་བདག་མོ་ཡང་ཁྲེལ་འདྲེས་དེད་ནས་འོངས། །འགྲོ་བའི་དོན་

ཡང་ཅི་ནུས་ཆ་མེད་དམ། །ཞེས་གསུངས། དེ་ནས་ཐོད་པ་བྷ་དྲ་ཡ་ཞག་བདུན་ནས་གནས་

འགྲིམ་ལ་བྱོན། ཇོ་མོས་ཟླ་བ་གཅིག་ལ་འབུམ་ཚར་སུམ་ཅུ་ཀློག། །ཡོན་བདག་ཕོ་མོས་ཆ་

27

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

རྐྱེན་མང་དུ་ཕུལ་ཞིང་། བླ་མ་གྲྭ་པའི་སར་བསྐྱལ་ལོ། །ཡོན་བདག་མོས་བྷ་དྲ་ཡ་དང་། ཇོ་

མོས་རྒྱུ་རྐྱེན་རྣམས་ཆོས་རོགས་དང་གཞན་སུ་ལ་ཡང་མ་བཟླས་ཤིང་གསང་། མོ་རང་གིས་

འདི་གཉིས་ཀ་རང་རྒྱུད་པ་མ་བྱུང་སྙམ་པའི་དད་པ་ཐུན་མོང་མ་ཡིན་པ་སྐྱེས་པ་ལབ་སྒྲོན་

ལ་ཞུས་སོ། །དེ་ནས་ལབ་སྒྲོན་གྱིས་བླ་མ་གྲྭ་པ་ལ་ང་བྷ་དྲ་ཡ་བྱ་བའི་ཆོ་ག་མཁན་ཞིག་

གིས་གནག་གི་ཞུས་པས། བླ་མའི་ཞལ་ནས། དེ་འགྲོ་དོན་འབྱུང་བའི་རྟེན་འབྲེལ་ཡོད་

པས་སེམས་ཞུམ་པ་མ་བྱེད་གསུངས། དེ་ནས་འབུལ་ནོར་ཁྱེར་ཏེ། བསོད་ནམས་བླ་མ་ལ་

མཇལ་དུ་སོང་བ་དང་། ང་དབྱེ་ཆུང་དུ་ཐོད་པ་བྷ་དྲ་ཡ་བྱ་བ་དང་འཕྲད་ནས་ང་གནག་གི་

ཞུས་པས། བླ་མའི་ཞལ་ནས། ཁྱོད་རབ་ཏུ་བྱུང་བའི་བཙུན་མ་ནི་མ་ཡིན་ཞིང་། བྷ་དྲ་ཡ་

ཡང་རིགས་ངན་མིན་པས་སྐྱོན་དུ་མི་འགྱུར། རིགས་རྒྱུད་སྤེལ་ལ་བྷ་དྲ་ཡ་དང་ལྷན་དུ་སྡོད་

དང་། འགྲོ་དོན་རྒྱ་ཆེན་པོ་ཡུན་རིང་དུ་དར་རྒྱས་སུ་འབྱུང་བའི་ལས་དང་རྟེན་འབྲེལ་ཡང་

ཡོད་པ་དང་། མདང་ངའི་རྨི་ལམ་ཡང་བཟང་གསུངས། དེ་ནས་བླ་མ་རྣམ་གཉིས་ཀྱིས་ལུང་

བསྟན་མཛད་པ་དང་། ལུང་བསྟན་གཞན་ཡང་མང་པོ་བྱུང་བས། དེ་ནི་བྷ་དྲ་ཡ་དང་རྟེན་

འབྲེལ་འགྲིག་པ་ཡིན་ནམ་སྙམ་སྟེ། དགུང་ལོ་ཉི་ཤུ་རྩ་གསུམ་དུས་བྷ་དྲ་ཡ་དང་ལྷན་ཅིག་ཏུ་

བསྡད་དེ་དབུས་སུ་མར་བྱོན་ཉི་ཤུ་རྩ་བཞི་ལ་སྲས་གཅིག་སྐུ་འཁྲུངས་ཏེ། ད་ལུང་བསྟན་

ཐམས་ཅད་ཀྱི་དོན་གྲུབ་པས་བུ་འདི་ལ་གྲུབ་པ་བཏགས་སོ་གསུངས་ནས། མིང་གྲུབ་པ་

ཞེས་བཏགས་སོ། །

དེ་ནས་དབུས་གཙང་གཉིས་ཀྱི་མི་ཐམས་ཅད་འབར་ནས་མི་ཁ་ལ་བྱོལ་ལོ་གསུངས་

ནས་དྭགས་པོར་བྱོན་ཏེ། དེ་ནས་ཉིང་བོར་ལོ་གཅིག་བཞུགས། དེ་ནས་ཀོང་པོར་བྱོན་ཏེ།

ཉི་ཤུ་རྩ་བདུན་ལ་སྲས་གཅིག་སྐུ་འཁྲུངས། མིང་གྲུབ་ཆེན་ཞེས་བཏགས་སོ། །སྐོང་པོ་

སྐྱབས་ཡང་ཟེར། དེ་ནས་དགུང་ལོ་སུམ་ཅུ་ལ། ང་ལའི་བཀྲལ་དོལ་བྱ་བ་ན་ཚོགས་འཁོར་

ཆེན་པོ་བྱས་པས། མཁའ་འགྲོ་མ་མང་དུ་འདུས་པའི་ཚེ། སྲས་མོ་ཞིག་སྐུ་འཁྲུངས་པ་ལ།

28

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

གྲུབ་ཆུང་མ་ཡང་ཟེར། ད་ལྟར་མཁའ་འགྲོ་མ་འདུས་སར་སྐུ་འཁྲུངས་པས་ལ་འདུས་ཡང་

ཟེར་སྐད། དེ་ནས་སུམ་ཅུ་རྩ་བཞི་ལ་ཡར་བྱོན་ནས་འཕན་ཡུལ་གླང་ཐང་དུ་བཞུགས། སོ་

ལྔ་ལ་མཁའ་འགྲོའ་ིལུང་བསྟན་མང་པོ་བྱུང་བ་དང་། འཁོར་བ་ལ་སྐྱོ་བ་སྐྱེ་བའི་ཚུལ་བསྟན་

ནས། བུ་རྦད་དེར་བཞག་ནས་ལ་སྟོད་དུ་བྱོན་ནས། བླ་མ་རྣམ་གཉིས་དང་མཇལ། བསོད་

ནམས་བླ་མ་ལ་ཕག་མོ་ཐུགས་སྒྲུབ་ལྷ་ལྔའི་དབང་བསྐུར་ཞུས་པས། དབང་གི་སྔོན་འགྲོ་

ཡན་ལག་བརྒྱད་པ་འདི་ཕུལ་ལོ། །

རང་རགི ་ཡ་ེཤསེ ་སྟནོ ་མཛད་པའ།ི །བླ་མ་རྣམས་ལ་ཕྱག་འཚལ་ལ།ོ །དངསོ ་གྲུབ་ངསེ ་

པར་སྟེར་མཛད་པའི། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །སྤངས་རྟོགས་ཕུན་སུམ་ཚོགས་གྱུར་

པའི། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཞི་གྱུར་འདོད་ཆགས་བྲལ་བའི་མཆོག །དམ་

ཆོས་རྣམས་ལ་ཕྱག་འཚལ་ལོ། །གང་ལ་ཕུལ་ན་དོན་ཆེ་བའི། །དགེ་འདུན་རྣམས་ལ་ཕྱག་

འཚལ་ལོ། །བར་ཆད་ངེས་པར་སེལ་མཛད་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཇི་

སྲིད་བྱང་ཆུབ་མ་ཐོབ་བར། །ཁྱེད་རྣམས་ལ་ནི་གསོལ་བ་འདེབས། །ཁྱེད་རྣམས་ལ་ནི་

བདག་བསྐྱབ་བོ། །འདོད་ཡོན་ལྔ་པོ་མཆོད་པར་འབུལ། །སྡིག་པ་མི་དགེ་སོ་སོར་

བཤགས། །འགྲོ་ཀུན་དགེ་ལ་རྗེས་ཡི་རངས། །ཆོས་ཀྱི་འཁོར་ལོ་སྐོར་དུ་གསོལ། །མྱ་ངན་

མི་འདའ་བཞུགས་སུ་གསོལ། །དགེ་རྣམས་སེམས་ཅན་དོན་དུ་བསྔོ། །ཞེས་པ་ཡན་ལག་

བརྒྱད་པ་འདི་ལབ་སྒྲོན་གྱིས་མཛད་དེ་ཕུལ་བས། བླ་མ་ཡང་མཉེས་སོ། །དེ་ནས་དབང་

རྫོགས་པར་བསྐུར་ཏེ། བླ་མས་མཁའ་འགྲོ་མར་དངོས་སུ་མཐོང་། ལབ་སྒྲོན་ཡང་དེ་ཕྱིན་

ཆད་མཁའ་འགྲོའ་ིབསྐྱེད་རིམ་ལ་བརྟན་པ་ཐོབ་པའི་ཚུལ་མཛད། བླ་མས་གསང་སྔགས་

བླ་ན་མེད་པ་ཉམས་སུ་ལེན་ཅིང་འཆད་རྩོད་རྩོམ་ལ་དབང་བའི་ལུང་ཕོག །གསང་མཚན་

རྡོ་རྗེ་དབང་ཕྱུག་མར་བཏགས་སོ། །བླ་མ་གྲྭ་པ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་

བགྲོ་གླེང་ཕུལ་བས། བླ་མ་མཉེས་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་

29

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ལུགས་ཟློག་གི་ཚུལ་དུ་བཤད་པ་དང་། ཉམས་སུ་བླངས་ཚུལ་དང་། གོ་དོན་དང་། གཏན་

ལ་ཕབ་ཚུལ་དང་བཅས་པ། དེང་སང་ཁྱེད་པས་དྲག་པ་འདི་སྐོར་ན་མེད་པས། རྟེན་འབྲེལ་

གྱི་གྲུབ་ཐོབ་ཆེན་མོ་ཡིན་གསུངས། དེ་ནས་སེམས་བསྐྱེད་ཀྱི་ཆོ་ག་ཞུ་བྱས་པས། བླ་མའི་

ཞལ་ནས། ཁྱེད་ལ་སེམས་བསྐྱེད་འབོག་དགོས་པ་མེད། ཁྱེད་རང་རྩོད་པ་དང་བྲལ་བའི་

གྲུབ་ཐོབ་ཆེན་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པའི་ཡུམ་

ཆེན་མོ། མདོ་རྒྱུད་གཉིས་ལ་རང་དབང་ཐོབ་པའི་བྱན་མ་ཆེན་མོ། སེམས་ཅན་ཐམས་ཅད་

ལ་བུ་བཞིན་བརྩེ་བའི་མ་མ་ཆེན་མོ། ཆོས་ཐམས་ཅད་ཀྱི་གཏེར་མཛོད་དང་གྲོལ་ཕུག་ཆེན་

མོ་ཡིན་པས། ཁྱེད་རང་ལ་སེམས་བསྐྱེད་ཀྱི་ཆོ་ག་མི་དགོས་ཤིང་། ང་ནི་ཁྱེད་ཀྱི་དྲུང་དུ་ཟླ་

བའི་འོག་ཏུ་སྐར་མ་དང་འདྲ་སྟེ། འོན་ཀྱང་ང་ཁྱེད་ཀྱི་སློབ་དཔོན་གྱི་རྣམ་པར་གྱུར་པས།

རྟེན་འབྲེལ་འགྲིགས་པའི་ཕྱིར་དུ་ཆོ་ག་བྱའི་གསུངས་ནས་སེམས་བསྐྱེད་ཀྱི་ཆོ་ག་

ཕོག། །དགེ་བསྙེན་གྱི་སྡོམ་པ་ཡང་ཕོག་གོ། །དེའི་ཚེ་བླ་མ་སངས་རྒྱས་ཤཱཀྱ་ཐུབ་པར་དངོས་

སུ་གཟིགས། དེའི་གཡས་སུ་འཇམ་དབྱངས་དང་། གཡོན་དུ་སྤྱན་རས་གཟིགས་དང་།

མདུན་དུ་ཕྱག་རྡོར་དང་གཙོ་འཁོར་བཞི་དངོས་སུ་གཟིགས། ཕྱག་འཚལ་ཏེ་བསྟོད་པ་འདི་

མཛད་དོ། །འཛམ་བུའི་ཆུ་བོའ་ིགསེར་ལྟར་བརྗིད་པའི་སྐུ། །མགོན་པོ་ཐམས་ཅད་མཁྱེན་ལ་

ཕྱག་འཚལ་ལོ། །གཞོན་ནུའི་མཛེས་ཚུལ་ཡོན་ཏན་ལྡན། །འཇམ་པའི་དབྱངས་ལ་ཕྱག་

འཚལ་ལོ། །སྙིང་རྗེས་ངེས་པར་གང་བ་ཡི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མཐུ་

སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་ཏེ།

བླ་མ་དང་སངས་རྒྱས་དབྱེར་མེད་པས་ལུང་འབོག་པའི་སྣང་བ་བྱུང་། སྤྱན་རས་གཟིགས་

ཀྱིས་ཕྱག་གཉིས་ཀྱིས་རིལ་བ་ཞིག་བསྣམས་པའི་ནང་ནས་འོད་དཀར་པོའ་ིརྒྱུན་བྱུང་བས་

ལུས་ཐམས་ཅད་ཁྱབ་པར་བྱས། འཇམ་དབྱངས་ཀྱིས་ཕྱག་གཡས་པས་རལ་གྲི་སྔོན་པོ་

ནམ་མཁའི་མདོག་འདྲ་བ་འོད་ཟེར་ལྔ་འབར་ཞིག་གིས། སྙིང་གར་གདེངས་ཏེ་བསད་པའི་

30

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཚུལ་མཛད། ཕྱག་རྡོར་གྱིས་རྡོ་རྗེ་ནག་པོ་གཅིག་ལ་རྡོ་རྗེའི་ཚ་ཚ་འཕྲོ་བ་ཞིག་བསྣམས་ནས་

བགེགས་ཐམས་ཅད་བསྐྲད་པའི་ཚུལ་མཛད་དོ་སྙམ་པ་དེ་རྣམས་ཀྱི་སྣང་བ་བྱུང་ནས། བྱང་

ཆུབ་ཀྱི་སེམས་ཀྱི་སྡོམ་པ་དང་། དགེ་བསྙེན་མ་བྱས་པའི་ཚུལ་མཛད་དོ། །དེ་ནས་བླ་མས་

མར་དབུས་སུ་རི་དམར་པོ་ཟངས་དམར་གྱི་མདོག་འདྲ་བར་གདུལ་བྱའི་འགྲོ་དོན་འབྱུང་

བར་ཡོད་གསུངས་ནས་ལུང་བསྟན་ཀྱང་། ད་རུང་ལ་སྟོད་དུ་དམ་པ་ལ་མཇལ་དུ་འགྲོ་དེ་

ནས་མར་དབུས་སུ་འགྲོ་ཞུས་པས། དེ་འདྲ་མཛོད་གསུངས། དེ་ནས་མ་ཅིག་དིང་རིར་

བྱོན་ཏེ། དམ་པས་མཁྱེན་ནས་བསུ་བ་བྱེད་དོ་གསུངས་ནས། དིང་རི་བ་ཐམས་ཅད་ཀྱིས་

བསུ་བ་བྱས། དམ་པ་དང་མཇལ་ནས་གདམས་པ་ཟབ་མོ་ཁྱབ་པར་ཅན་ཞིག་ཞུ་བྱས་པས།

དམ་པའི་ཞལ་ནས། གདམས་པ་སྔར་བཤད་པ་བས་ཟབ་པ་ཅི་ཡང་མི་བདོག་གི། འོན་

ཀྱང་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་ལམ། མདོ་ལས་དྲངས་པའི་ཡུམ་ཆེན་མོ་ལ་སྲས་ཕྱོགས་

བཅུའི་སངས་རྒྱས་དང་། འདས་མ་འོངས་ད་ལྟར་གྱི་དུས་གསུམ་གྱི་སངས་རྒྱས་དང་བྱང་

སེམས་ཉེ་སྲས་བརྒྱད། ཉན་ཐོས་ཆེན་པོ་བརྒྱད། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་བུ་དང་།

བུ་མོ་དང་། མཆོད་པའི་ལྷ་མོ་མང་པོའ་ིཚོགས་ཀྱིས་བསྐོར་བའི་ཕོ་བྲང་ཆེན་པོར་སྤྱན་

དྲངས་ཏེ་ཚོགས་དང་མཆོད་པ་ཕུལ་ཞིང་བྱིན་རླབས་དབང་གི་རྣལ་འབྱོར་བླངས་པས་བར་

ཆད་ངེས་པར་སེལ་ཞིང་། མཆོག་གི་དངོས་གྲུབ་འཐོབ་པར་ནུས་པ་ཞིག་ཡོད་གསུངས། དེ་

གནང་ཞུས་པས། དེ་བྱའི་གསུངས་ནས། དཀྱིལ་འཁོར་དང་མཆོད་པ་མང་པོ་བཤམས་

ནས་སྤོས་བསྲེག་རོལ་མོ་དང་བཅས་པས་སྤྱན་དྲངས་ཏེ། ཡུམ་ཆེན་མོ་འཁོར་བཅས་ཕོ་

བྲང་དབུས་སུ་བྱོན་པ་མ་ཅིག་གིས་དངོས་སུ་གཟིགས་ཤིང་དངོས་སུ་བྱིན་རླབས་དང་ལུང་

བསྟན་པ་མང་པོ་མཛད། དམ་པ་ཉིད་འཇམ་དཔལ་དམར་པོར་དངོས་སུ་རྟོགས་ནས་

མཆོད་པ་འདི་ཕུལ་ལོ། །

སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་

31

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

མཆོག་ཕྱག་རྒྱར་མཆོད་པར་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་

གསུམ་རབ་འབྱམས་འཇིག་རྟེན་གྱི། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་

ཕྱག་རྒྱར་མཆོད་པར་འབུལ། །གསུང་འགག་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་

རབ་འབྱམས་འཇིག་རྟེན་གྱི། །ཡིད་དུ་དྲན་པ་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱར་

མཆོད་པར་འབུལ། །ཐུགས་འཁྲུལ་བ་མེད་པའི་དངོས་གྲུབ་སྩོལ། །ཅེས་མཆོད་པ་ཕུལ་

བས། དབང་རྣམས་རྫོགས་པར་གནང་། དེའི་སྒྲུབ་ཐབས་དང་བཅས་པ་མ་ལུས་པར་

ཐུགས་སུ་ཆུད་པར་བྱས། ཡང་བཀའ་རྒྱུད་བླ་མའི་བྱིན་རླབས་ཀྱི་དབང་དང་གདམས་པ་

ཟབ་མོ་ཐུན་མོང་མ་ཡིན་པའི་མན་ངག་དང་། ནང་རིག་པའི་དམར་ཁྲིད་དབུ་མའི་ལམ་དུ་

ཞུགས་པའི་དོན་ཁྱད་པར་ཅན་གཅིག་དང་། ལུས་འཁྲུལ་འཁོར་ལ་གནས་ཤིང་། རླུང་

སེམས་ལས་སུ་རུང་བར་བྱེད་པ་ལ་སོགས་པའི་མན་ངག་མང་པོ་ཞུས་ཏེ། ཟླ་བ་གཅིག་དང་

ཞག་བདུན་གསུམ་བསྡད། བླ་མའི་གནས་ཀྱི་བསྟོད་པ་དང་། སྐུའི་བསྟོད་པ་མཛད། བླ་

མས་ཀྱང་གཉན་ཁྲོད་བརྒྱ་རྩ་བརྒྱད་བཅད་དེ། ཟངས་རིར་གདུལ་བྱ་འབྱུང་བའི་ལུང་

བསྟན་མཛད། དེ་ནས་ཟངས་རིར་བྱོན་ཏེ། ཡར་ལྷ་དང་། ཐང་ལྷ་དང་། གངས་རི་ཡི་ཇོ་མོ་

རྗེ་ཆེན་དང་། དགེ་བསྙེན་ཁ་རི་པ་ལ་སོགས་པ་གངས་གཉན་པ་བརྒྱ་རྩ་བརྒྱད་བཅད་ཅིང་།

ལྷོ་མོན་ངོས་སུ་མར་བྱོན་ནས། དགུང་ལོ་སུམ་ཅུ་སོ་བདུན་ལ། ཟངས་རི་མཁར་དམར་དུ་

བྱོན་ནས། གཞི་བདག་ཟངས་རི་འཁྱིལ་བས་སེམས་བསྐྱེད་ཞུས་ནས། བསྟན་པ་བསྲུང་

བར་ཁས་བླངས་སོ། །ཇོ་མོ་ཆོས་མཚོ་བྱ་བ་ཞིག་སྣང་བས། ཞབས་ཏོག་བྱེད་ཟེར་ནས་

བསྡད་པས། ཆོས་མཚོ་དང་ཡང་ཡོན་བདག་མོ་དར་སྒྲོན་དང་། གནས་བརྟན་ཀམ་པ་

གྲགས་བྱ་བ་དང་གསུམ་ལ། མོ་བཀྲ་བས་ལོ་འདིའི་ནང་དུ་འཆི་ཟེར་བས། དབང་ཟབ་པ་

ཞིག་ཞུ་ཟེར་ནས། དབང་གི་ཆས་ཀ་བྱིན་ནས་མ་རྒྱུད་མཁའ་འགྲོ་གནས་འགྱུར་གྱི་དབང་

དང་ཚོགས་བརྒྱ་བྱས་པས། མོ་ངན་འགྱུར་ནས། མ་ལབ་སྒྲོན་བྱིན་རླབས་ཆེ་ཟེར་བ་ཐམས་

32

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཅད་དུ་གྲགས་སོ། །

དགུང་ལོ་བཞི་བཅུ་ནས་མོའ་ིཡོན་ཏན་དང་སྙན་པས་མདོ་དབུས་ཁམས་གསུམ་དུ་

འབྲུག་ལྟར་གྲགས་སོ། །སྐུ་བསོད་འདུལ་ཞིང་བསམ་གྱིས་མི་ཁྱབ་པ་བྱུང་། རྒྱལ་པོ་ཆེན་པོ་

བཞིས་ཆོས་ཞུས་ཏེ་བསྟན་པ་སྐྱོང་བར་ཁས་བླངས། བསྟན་མ་བཅུ་གཉིས་ཀྱིས་བཀའ་ཉན་

པར་དམ་བཅས་སོ། །ཡར་ལྷ་དང་། ཐང་ལྷ་དང་། འོད་དེ་གུང་རྒྱལ་དང་། གངས་རིའི་ཇོ་

མོ་རྗེ་ཆེན་དང་། ཀླུ་རྒྱལ་ཟླ་བ་སྐྱོང་བྱེད་དང་། ལྔས་སེམས་བསྐྱེད་ཞུས་ཤིང་དགེ་བསྙེན་

གྱི་སྡོམ་པ་ཕོག་པས་ཕྱིན་ཆད་སེམས་ཅན་ལ་གནོད་པ་མི་བྱེད་པར་དམ་བཅས་སོ། །མ་

ཅིག་གི་རྒྱུད་འཛིན་སྐྱོང་བར་ཁས་བླངས་ཏེ། ཞག་ཉི་ཤུ་རྩ་གཅིག་གི་བར་དུ་སྐྱབས་འགྲོ་

དང་སེམས་བསྐྱེད་ཀྱི་བསླབ་བྱ་མཉན་ནོ། །ཞིང་སྐྱོང་གི་མཁའ་འགྲོ་མ་བདུན་རྟག་པར་

འདུག་པ་ཕལ་ཆེར་གྱིས་མཐོང་ངོ་། །ཤོལ་པོ་ལོ་ཙཱ་པ་དཔོན་སློབ་བཅོ་བརྒྱད། བླ་མ་ཡར་

ཏིང་པ་དཔོན་སློབ་ཉི་ཤུ་རྩ་ལྔ། སྟོད་ལུང་བ་དཔོན་སློབ་སུམ་ཅུ་སོ་ལྔ་སྔ་ཕྱིར་བྱོན་ནས།

ཆོས་ལ་རྩོད་པ་མང་དུ་བྱས་པས། ཚིག་དོན་གང་ལ་ཡང་མ་ཅིག་མ་ཐུབ། བླ་མ་དཔོན་སློབ་

རྣམས་དད་པ་རྩོལ་མེད་སྐྱེས་ནས་ཆོས་ཞུས་ཤིང་། རྗེ་བཙུན་མ་སྒྲོལ་མ་དངོས་ཡིན་པར་

འདུག་ཟེར་ཞིང་། སྙན་པ་མཐའ་ཡས་པ་བསྒྲགས་པས། དགེ་བཤེས་ཐམས་ཅད་ཀྱང་དད་

ཅིང་། སྟོང་སྡེ་ངག་གི་དབང་ཕྱུག་ཟེར་བ་དང་། གྲོལ་སྡེ་རྒྱལ་བའི་འབྱུང་གནས་བྱ་བའི་སྡེ་

སྣོད་གསུམ་ལ་མཁས་པའི་སྟོན་པ་གཉིས་ཀྱིས་ཆོས་ཞུས་པ་ལ་སོགས་པ་དགེ་འདུན་པ་

མང་རབ་ལ་ཆོས་བསྟན་ཅིང་གྲགས་པར་གྱུར་ཏེ། གྲུབ་ཐོབ་ཆེན་པོ་ཕམ་ཏིང་པ་བྱོན་ནས་

ཆོས་ཀྱི་དྲི་བ་མང་དུ་མཛད་པ་ལ། མ་ཤེས་པ་ནི་མ་བྱུང་ཞིང་མ་ཅིག་གི་ཐུགས་ལ་འཁྲུངས་

པའི་རྟོགས་མྱོང་ཆོས་ཀྱི་རྟོགས་ཚུལ་དང་། ཆོས་ཀྱི་སྲོལ་བཏོད་ཚུལ་རྣམས་ཞུས་པས། བླ་

མ་ཤིན་ཏུ་མཉེས་ནས། ལྷ་མོ་སྒྱུ་འཕྲུལ་གྱི་སྤྲུལ་པ་ཁྱོད་བོད་དུ་བྱོན་ནས། གངས་ཅན་ཁྲོད་ཀྱི་

སེམས་ཅན་མི་དང་མི་མ་ཡིན་པ་ཐམས་ཅད་བདེ་བ་ལ་འགོད་པར་བྱེད་པ་ངོ་མཚར་ཆེ་ཞིང་

33

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བདག་གིས་ཀྱང་ཕྱག་འཚལ་ལོ་མཆོད་པ་འབུལ་ཞིང་བསྟོད་པར་བྱ་ཞེས་གསུངས་སོ། །དེ་

ནས་མ་ཅིག་གིས་ཆོས་འབྲེལ་ཅིག་ཞུ་བྱས་པས། རྟེན་འབྲེལ་ཡོད་པས་དེ་འདྲ་བྱའི་

གསུངས་ནས་མངོན་པའི་བཤད་པ་རྒྱས་པར་མཛད། ཡང་ཕྱག་རྒྱ་ཆེན་པོ་སྙན་བརྒྱུད་དྲི་

མེད་མེ་ལོང་སྐོར་གསུམ་དང་བཅས་པ་ལྷག་ལུས་མེད་པར་གནང་ནས། མ་ཅིག་གིས་

ལེགས་པར་ཐུགས་སུ་ཆུད་པར་བྱས། འཇིག་རྟེན་ཀུན་གྱི་མ་ལབ་སྒྲོན་ལ་ཆོས་ཕྱག་རྒྱ་ཆེན་

པོ་གཅོད་བྱ་བའི་ནད་རིགས་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་

ཅུས་མི་ཚིགས་པའི་གདམས་པ་ཁྱད་པར་ཅན་ཞིག་ཡོད་ཅིང་། འབྲས་བུ་སངས་རྒྱས་ཀྱི་ས་

ལ་འགོད་པར་བྱེད་པའི་ཆོས་ཁྱད་པར་ཅན་ཡོད་ཟེར་བའི་སྙན་པ་འཛམ་བུའི་གླིང་ཐམས་

ཅད་དུ་རླུང་ལྟར་གྲགས་སོ། །

དེ་ནས་དགུང་ལོ་བཞི་བཅུ་ཞེ་གཅིག་ལ། འཆིང་ཕུག་གི་སྒྲུབ་གནས་ཕུག་བཟང་དུ་

བཞུགས་པའི་དུས་སུ། དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ཀྱི་ནུབ་མོ། རྗེ་བཙུན་མ་སྒྲོལ་མ་

མཁའ་འགྲོ་མ་མང་པོས་བསྐོར་ནས་བྱོན་ཏེ། གསང་སྔགས་ཨུ་དུམ་ཝ་རའི་རྒྱུད་ནས།

སངས་རྒྱས་རིགས་ལྔ་རེ་རེའི་སྒོ་ནས། དབང་བཞི་ཡོངས་སུ་རྫོགས་པ་རེ་རེ་བསྐུར་བའི་

རིགས་ལྔ་ཀའི་སྦྱོར་ཡུམ་སྒྲོལ་མ་མཛད་ཅིང་། ལུང་བསྟན་འདི་གསུངས། དུག་ལྔ་ཞི་ཞིང་

ཀླུ་ལྔ་བཏུལ་ནས་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་རིགས་ལྔའི་དབང་ཟབ་མོ་འདི་སེམས་ཅན་

ལ་ཕན་ཐོགས་པའི་ཕྱིར་དུ་རྣལ་འབྱོར་མ་ཁྱོད་ལ་ཕོག་པས་ལས་དང་སྐལ་བར་ལྡན་པའི་

རྣལ་འབྱོར་མ་ཁྱོད་ཀྱིས་གསང་སྔགས་ཨུ་དུམ་ཝ་ར་ཐུགས་སུ་བཙུད། མ་རིག་མུན་སེལ་

ཉམས་སུ་ལེན་ལ་ནང་གི་ཟབ་ཆོས་གྱིས་ལ། གསང་སྔགས་ཀྱི་ཉིང་ཁུའི་ཆོས་འདི་གཉིས་

ཀྱི་བསྐྱེད་རྫོགས་ཀྱི་སྲོལ་དུ་ཞུགས་ལ་རིགས་རྒྱུད་ཆུང་སྲས་མིང་གསུམ་པོ་གྲོལ་བར་

གྱིས་ལ། རྒྱུད་པ་མུ་ཏིག་གི་ཕྲེང་བ་ལྟ་བུ་ནི་ད་ནས་བཟུང་སྟེ་རྒྱུད་པ་བཅུའི་ཐ་མར་གསང་

སྔགས་ཀྱི་ཆོས་ལུགས་ནམ་མཁའི་དབྱིངས་སུ་རྫོགས་པ་འོང་། རྣལ་འབྱོར་མ་ཁྱོད་གསང་

34

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

སྔགས་དང་། གཟུངས་སྔགས་དང་རིག་སྔགས་དང་གསུམ་གྱི་གཙོ་མོ་བདག་མོ་ཆེན་མོར་

མངའ་གསོལ་ནས། དཀྱིལ་འཁོར་གྱི་གཙོ་མོར་བཞུགས་ཤིང་། གསང་བའི་མཁའ་འགྲོ་

མཐིང་ནག་རྡོ་རྗེའི་རིགས་ཀྱི་ཌཱ་ཀི་མ་ཡེ་ཤེས་ཀྱི་ལྷ་མོ་རྡོ་རྗེ་བདུད་འདུལ་མ། མཁའ་འགྲོ་

མ་ཐམས་ཅད་ལ་དབང་བསྒྱུར་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ཁྱོད་ཀྱི་ཡབ་ཧེ་རུ་ཀ་

སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་ག་ལ་བརྟེན་ནས་གསང་བའི་བརྟུལ་ཞུགས་བསྐྱེད་ལ། སེམས་

ཅན་སྐལ་བ་དང་ལྡན་པ་རྣམས་དཀྱིལ་འཁོར་དུ་བཅུད་ནས་སྨིན་ཅིང་གྲོལ་བར་གྱིས་

གསུངས། དེ་ནས་མ་ཅིག་གིས་སངས་རྒྱས་རིགས་ལྔ་ལ་བསྟོད་པ་རེ་རེ་མཛད། སྒྲོལ་མ་ལ་

ཤོ་ལོ་ཀ་ཉི་ཤུ་རྩ་གཅིག་མཛད་པའི་སྟེང་དུ་འདི་ཞུས་སོ། །

ཁྱེད་ཀྱིས་བདག་ལ་བརྩེ་བ་ཆེན་པོས་ཐུགས་བསྐྱེད་ནས། དབང་བསྐུར་དང་བྱིན་

གྱིས་བརླབས་པའི་ནུས་པ་ཐུན་མོང་མ་ཡིན་པ་གནང་བས། ང་འདྲ་བའི་སྐྱེ་དམན་བླུན་

རྨོངས་ཉམ་ཆུང་ཡང་། ད་ནས་ཁྱེད་ཀྱི་བཀའ་དྲིན་གྱིས། འགྲོ་བའི་དོན་ཀྱང་འབྱུང་བ་ཡིན་

ནམ་སྙམ་པའི་བློ་བསྐྱེད་ཙམ་ཡོད་མོད་ཀྱང་། ད་རུང་ཁྱེད་ཀྱིས་རྗེས་སུ་གཟུང་དུ་གསོལ་

ཞུས་པས། སྒྲོལ་མའི་ཞལ་འཛུམ་པའི་རྣམ་པ་ཅན་མཛད་དེ། འཁོར་གྱི་མཁའ་འགྲོ་མ་

རྣམས་ལ་དར་ཅིག་གཟིགས་པ་མཛད་ནས་འདི་གསུངས། རྣལ་འབྱོར་མ་ཁྱོད་སེམས་ཞུམ་

པར་མ་བྱེད་ཅིག ཁྱོད་ཀྱིས་སྔར་སྡེ་སྣོད་ཐམས་ཅད་ལ་སྦྱངས་པ་མཐའ་ཡས་པ་བྱས་པས།

དོན་ལ་མཐར་ཕྱིན་པ་ཡིན་པས་ངས་ཁྱོད་ལ་ད་ལྟ་བརྡ་བསྟན་པའི་ཚུལ་བྱེད་པ་ཡིན་ཅིང་།

ཁྱོད་ཡུམ་ཆེན་མོའ་ིཐུགས་ཀྱི་སྤྲུལ་བ་ཡིན་ནོ། །ང་ཉིད་དང་དབྱེར་མེད་པའི་ཡེ་ཤེས་ཀྱི་

མཁའ་འགྲོ་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བྱ་བ་ཡིན། ཤེས་བྱའི་ཆོས་ཐམས་ཅད་ཀྱི་

གྲོལ་ཕུག་ཁྱེད་རང་ཉིད་ཡིན་པས། བློ་མ་ཞུམ་ལ་སེམས་རྒྱ་ཆེན་པོ་སྐྱེད་ཅིག་གསུངས།

ཡང་མ་ཅིག་ན་རེ། ཡུམ་ཆེན་མོའ་ིཐུགས་སྤྲུལ་ཁྱེད་དང་དབྱེར་མེད་པ་ལ་ངའི་རྒྱུ་རྐྱེན་གང་

ལྟར་མཆིས། ཆོས་ཐམས་ཅད་ཀྱི་གྲོལ་ཕུག་ང་ལ་བྱུང་ལུགས་གང་ལྟར་ལགས། ཡུམ་ཆེན་

35

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

མོ་ད་ལྟར་བཞུགས་ཡུལ་གང་ལྟར་ལགས། ཞེས་སྒྲོལ་མ་ལ་ཞུས་སོ། །སྒྲོལ་མའི་ཞལ་ནས།

རྣལ་འབྱོར་མ་ཁྱོད་ཀྱིས་འདས་པ་དེ་རྣམས་ཐུགས་ལ་གསལ་མོད་ཀྱང་། ལེགས་པར་ཉོན་

དང་། ངས་བཤད་པའི་ཚུལ་བྱེད་དོ། །དེ་ཡང་ཡུམ་ཆེན་མོ་ཞེས་པ་ནི། ཆོས་ཐམས་ཅད་ཀྱི་

གནས་ལུགས་སྟོང་པ་ཉིད་ཅེས་པ་དང་བདག་མེད་པའི་ཤེས་རབ་སྟོང་པ་ཉིད་ཀྱི་དབྱིངས་

རྣམ་པར་དག་པའི་ངོ་བོ་ཉིད་སྒྲིབ་གཡོག་ཐམས་ཅད་དང་བྲལ་བའི་དོན་དམ་པའི་ཆོས་

ཉིད་དེ་ལ། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཞེས་ཟེར་ཏེ། འོན་ཀྱང་སེམས་ཅན་

ཐམས་ཅད་ཀྱི་བསོད་ནམས་གསོག་ཅིང་། མཆོད་པའི་ཡུལ་དུ་གྱུར་པའི་ཡུམ་ཆེན་མོ་ཞེས་

བྱ་བ་དེ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ང་ཉིད་ཀྱི་སྨོན་པའི་འདུན་པ་དྲག་པོས་

གསོལ་བ་བཏབ་པས་སྨོན་ལམ་དང་ཐུགས་རྗེའི་ཤུགས་ལས། ཆོས་ཉིད་སྟོང་པའི་འོད་

མདངས་ལས། འོད་ཀྱི་ཐིག་ལེ་དམར་སེར་ཡུམ་ཡིག་གིས་མཚན་པ་འོད་དུ་ཞུ་བ་ལས།

ཡུམ་ཆེན་མོ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་བཞི་མ་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་

བཞུགས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུར་སྟོན་ཅིང་བཞེངས་པ་ལ། སྲས་

ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་མ་རྣམས་ཀྱིས་བསྐོར་ནས། འོག་མིན་

སྟུག་པོ་བཀོད་པའི་ཞིང་ཁམས་ཤིན་ཏུ་དག་ཅིང་ཆེར་དག་པའི་གནས་ཀྱི་མཆོག་ཏུ་གྱུར་

པའི་ཕོ་བྲང་དེར་ད་ལྟར་ཡང་བཞུགས་པའོ། །

དེ་དུས་སུ་ངའི་ཐུགས་ཀ་ནས། འོད་ཟེར་ལྗང་ནག་ཧཱུཾ་གི་རྣམ་པ་ཅན་ཞིག་སྤྲོས་ཏེ།

ཡུམ་གྱི་ཐུགས་ཀར་ཞུགས། ཐུགས་རྒྱུད་བསྐུལ། འོད་ཟེར་ཕྱིར་འཕྲོས། ཕྱོགས་བཅུའི་

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནུས་པ་བསྡུས། ཡུམ་གྱི་ཐུགས་ཀར་

ཐིམ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོའ་ིརྣམ་པར་ཡོངས་སུ་གྱུར་པ་ལས། མཁའ་

འགྲོ་མ་སྔོ་སངས་ནམ་མཁའི་མདོག་འདྲ་ཞལ་གཅིག་ཕྱག་བཞི་དང་ལྡན་པ། རྡོ་རྗེ་དབྱིངས་

ཀྱི་དབང་ཕྱུག་མར་མངའ་གསོལ་ལོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་སྐུ་གསུང་ཐུགས་

36

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དང་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ཞིག་འགྱེད་ཅིང་། ངོ་བོ་ཐུགས་

ཀྱི་སྤྲུལ་བ་རྡོ་རྗེ་བདུད་འདུལ་མ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱི་བོར་ཕག་ཞལ་

རལ་བའི་དབུས་སུ་ཐོན་པ། མཁའ་འགྲོ་མ་ཐམས་ཅད་དབང་དུ་སྡུད་ཅིང་། སྲིད་པ་གསུམ་

ཟིལ་གྱིས་གནོན་པ་དྲེགས་པ་ཅན་ཐམས་ཅད་ལས་ལ་བཀོལ་བར་བྱེད་པ་དེ་ནི་ཆོས་

ཐམས་ཅད་ཀྱི་གྲོལ་ཕུག་འབྱུང་བའི་མཁའ་འགྲོ་མ་ཡིན་ནོ། །རྡོ་རྗེ་བདུད་འདུལ་མ་དེ་ནི་

འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། གང་ལ་གང་འདུལ་སྟོན་པའི་ཕྱིར་དུ། ཐ་མལ་

བའི་སྐྱེ་བ་མང་པོ་བཞེས་ནས། སྡེ་སྣོད་ཐམས་ཅད་ལ་བློ་སྦྱངས་ཤིང་། འགྲོ་བའི་དོན་

དཔག་ཏུ་མེད་པ་མཛད་པའི་མཐར་བོད་དུ་ལབ་སྒྲོན་མ་ཁྱོད་ཉིད་ཡིན་ནོ་གསུངས།

དེ་ནས་མ་ཅིག་ན་རེ། རྗེ་བཙུན་མ་ཆེན་མོ་ལགས་ཁྱེད་ཀྱིས་གསུངས་པ་དེ་རྣམས།

ད་ནི་ངའི་ཡིད་ལ་ཡང་ཤར་ནས་བྱུང་བ་ལགས། ཁྱེད་ཀྱིས་བདག་ལ་གནང་བའི་གསང་

སྔགས་ཀྱི་ཆོས་ཐམས་ཅད་ལ་དར་ཆ་བྱེད་ཅིང་། འཆད་ན་འགྲོ་བའི་དོན་བྱུང་ནས་དར་

རྒྱས་སུ་འགྲོ་བ་ལགས་སམ་ཞུས་པས། རྗེ་བཙུན་མས་ངས་བཤད་པའི་གསང་སྔགས་བླ་ན་

མེད་པའི་ཟབ་གནད་རྣམས་ལ་སྤྱིའི་འཆད་ཆོས་བྱས་པས་མི་འོང་། སྦས་པའི་ཚུལ་གྱིས་

ཉམས་སུ་ལེན་ཅིང་། ཆིག་བརྒྱུད་དུ་བྱས་ནས་སྐལ་བ་དང་ལྡན་པ་རེ་རེ་ཙམ་སྨིན་ཅིང་གྲོལ་

བར་བྱས་ལ་ཁྱད་པར་དུ་ཆོས་ཀྱི་དར་ཆ་རྣམས་ངས་བསྟན་པའི་ཕྱག་རྒྱ་བཞིའི་དོན་གྱི་

ཐབས་ཁྱད་པར་ཅན་དང་། ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་དོན་གྱི་ལྟ་བ་གཉིས་དབྱེར་མེད་

གཅིག་ཏུ་དྲིལ་ལ་འགྲོ་བའི་དོན་གྱིས་དང་། ཐུབ་པ་ཉིད་ཀྱིས་ལུང་བསྟན་པ་བཞིན་དུ་རྩོད་

ལྡན་གྱི་དུས་སུ་གངས་ཅན་ལྗོངས་ཀྱི་མི་དང་མི་མ་ཡིན་ཐམས་ཅད་ཁྱོད་ཀྱིས་འདུལ་བའི་

དུས་ལ་བབ་པས། རྣལ་འབྱོར་མ་ཁྱོད་ཀྱི་བསྟན་པ་དར་རྒྱས་སུ་འགྲོ་བས། ཁྱོད་ཀྱིས་ཕྱིར་

མི་ལྡོག་པའི་ས་ནོན་པ་ཡིན་ནོ་གསུངས་ནས། ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་

སྤྲོས་ཏེ་སྟེང་འོག་ཕྱོགས་མཚམས་ཀུན་ཁྱབ་པར་བྱས། འོད་ཟེར་ཚུར་བསྡུས་ང་ཉིད་ཀྱི་

37

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

སྙིང་གར་ཐིམ་པར་མཛད། དེ་ནས་སྒྲོལ་མ་འཁོར་བཅས་ནམ་མཁའ་འོད་ཀྱིས་གང་བ་ལ་

ཐིམ་ནས་ཐལ་ཙ་ནམ་ལངས་ཁ་སུན་ནེ་རེ་བ་འདུག །དེ་ནས་མ་ཅིག་ཟངས་རིར་བྱོན་པའི་

ལམ་དུ། མགོན་པོ་ནག་པོ་དར་ནག་གི་རལ་ཁ་གྱོན་པ་ཞིག་དང་། བྲག་ལྷ་མགོན་པོ་དང་

གཉིས་རང་རང་གི་འཁོར་དང་བཅས་པས་བསུ་བ་བྱས་ཏེ། མཁར་དམར་དུ་བྱོན། དེ་ནས་

དགུང་ལོ་བཞི་བཅུ་ཞེ་གཉིས་དུས་སུ། ནུབ་གཅིག་གི་རྨི་ལམ་དུ་མ་ཅིག་མེ་ཏོག་གི་ཚལ་

ཆེན་པོ་ཞིག་ཏུ་ཕྱིན་ཏེ། མེ་ཏོག་འདབ་མ་སྟོང་དང་ལྡན་པའི་ཁ་དོག་སྣ་ཚོགས་པ། འོད་ཀྱི་

རང་བཞིན་ཅན་ཅིག་གི་སྟེང་དུ་སྐྱོ་སྟོན་བསོད་ནམས་བླ་མ་སྐུ་མདོག་དཀར་པོ་འཇའ་འོད་

ཀྱི་རང་བཞིན་ཅན་ཅིག་ཏུ་བཞུགས་པའི་སྤྱི་བོར་དམ་པ་སངས་རྒྱས། དམ་པའི་སྤྱི་བོར་རྡོ་

རྗེ་འཆང་ཆེན་པོ། དེའི་གཡས་སུ་འཇམ་དཔལ་དམར་པོ། གཡོན་དུ་ཨརྱ་དེ་བ། རྒྱབ་ཏུ་སུ་

ཀ་སིདྡྷི། མདུན་དུ་རྗེ་བཙུན་མ་སྒྲོལ་མ་དང་། དེ་རྣམས་ལོངས་སྐུའི་རྣམ་པ་ཅན་སྣང་ལ་

རང་བཞིན་མེད་པར་བཞུགས་ནས། བདག་ལ་བྱིན་གྱིས་བརླབ་ཅིང་། སྐུ་གསུང་ཐུགས་ཀྱི་

དངོས་གྲུབ་སྩལ་ནས་ལུང་གི་རྗེས་སུ་གནང་བ་མང་པོ་མཛད། ང་ཡི་ཕྱོགས་བཞི་མཁའ་

འགྲོ་མ་དཀར་མོ་བཞིས་དུང་དཀར་བཞི་འབུད་པས། གླིང་བཞིར་ཐོས་པ་ཙམ་དུ་གྲག་གོ་

སྙམ་པ་བྱུང་ཙ་ན་མནལ་སངས་པར་འདུག །དེའི་ཕྱི་ཉིན་ཉི་མ་རྩེ་ཤར་བའི་དུས་སུ་སྲས་

ཆུང་བ་དང་། སྲས་མོ་གཉིས་ཡབ་ཀྱིས་བསྐྱལ་ཏེ་བྱུང་། དེ་ནས་ཡབ་ཡུམ་གཉིས་ཀྱིས་

རྟོགས་པའི་ཉམས་སྡུར་མཛད་ཅིང་སོ་སོར་སྨོན་ལམ་བཏབ་ནས་ཁམས་བཟང་གི་མགུར་

མ་རེ་རེ་མཛད་ནས། ཡབ་རྒྱ་གར་དུ་བྱོན། སྲས་གྲུབ་ཆེན་ལོ་བཅོ་ལྔ་ལོན་པ་དེས། ཡབ་ཀྱི་

ལུགས་ཀྱི་བདེ་མཆོག་དང་། མཚོ་སྐྱེས་དང་མི་འཁྲུགས་པའི་ཆོས་སྐོར་དང་། རྡོ་རྗེ་རྣམ་པར་

འཇོམས་པ་གསང་བའི་སྒྲུབ་ཐབས་དང་། རྟ་མགྲིན་ནག་པོའ་ིསྒྲུབ་ཐབས་རྣམས་ཤེས་སོ། །

སྲས་མོ་ལོ་བཅུ་ལོན་པ་དེས། རྗེ་བཙུན་མ་དམར་མོ་དང་། ཐུགས་རྗེ་ཆེན་པོ་ཁ་སར་པ་ཎིའི་

སྒྲུབ་ཐབས་དང་། ཉི་ཁྲི་དང་། འབུམ་དང་། ཡིག་ཆེན་རྣམས་ཤེས། དེའི་ཚེ་གྲུབ་ཆེན་ལ་

38

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཞལ་གྱི་སྨྱོ་བརྒྱལ་གྱིས་ཟིན་པས་མ་ཅིག་གིས་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་

བྱེད་པ། རིན་ཆེན་སྒྲོན་མེ་ཞེས་པའི་གདམས་པ་ཐུན་མོང་མ་ཡིན་པ་ཞིག་གནང་ནས། དུར་

ཁྲོད་གཅིག་ཏུ་ཞག་བདུན་ཉལ་བས། སྨྱོ་འབོག་གི་ནད་ཞི་ནས་རྟོགས་པ་ཁྱད་པར་ཅན་

རྒྱུད་ལ་སྐྱེས། གདམས་པ་དེའི་སྐོར་ཐམས་ཅད་མ་ཅིག་གིས་གནང་ནས། སྲས་ཀྱི་ཐུགས་

སུ་ཆུད་པར་བྱས། དེ་ནས་དམ་པ་སངས་རྒྱས་ཟངས་རིར་སྤྱན་དྲངས་ཏེ། སྲས་རབ་ཏུ་བྱུང་

ནས། ཆོས་སྟོན་ཆེན་པོ་མཛད། དེ་ནས་མ་ཅིག་གིས་སྲས་ཀྱི་མིང་དེ་ངས་གདགས་

གསུངས་ཏེ། དམ་པས་དེ་ཅི་ལགས་གསུངས་པས། མ་ཅིག་གིས་ངས་གདགས་དགོས་

པའི་རྟེན་འབྲེལ་བྱུང་བས། ད་ཁོའ་ིཕ་དེ་ཐོད་པ་ཡིན། ཁོ་ལ་ཞལ་གྱིས་ཐེབ་པའི་ནད་

བསལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ཁྱེད་ལྟ་བུ་དང་མཇལ་ནས་རབ་

ཏུ་བྱུང་བ་ཐོབ་པས། ཁོའ་ིབསམ་པ་ཐམས་ཅད་གྲུབ་ཡོད་པས། ད་ཁོ་ལ་ཐོད་སྨྱོན་བསམ་

གྲུབ་ཏུ་མིང་བཏགས་དང་། ངའི་ཆོས་རྒྱུད་འཛིན་པའང་ཁོ་ལ་འོང་བ་ཡོད་པ་དང་། ཁོ་སྣོད་

དང་ལྡན་པ་ཡིན། ངའི་རྨི་ལམ་དུ་ཌཱ་ཀི་མ་བཞིས་དུང་དཀར་གཡས་འཁྱིལ་བཞི་འབུད་པ་

གླིང་བཞིར་ཐོས་སྙམ་པ་ཙམ་བྱུང་བའི་ཕྱིའི་ཉིན་ཁོ་སླེབས་སོ་གསུངས་སོ། །

དེ་ནས་དམ་པ་སངས་རྒྱས་ཀྱིས་ཐོད་སྨྱོན་བསམ་གྲུབ་ལ་ཐུགས་དམ་འཇམ་དཔལ་

གྱི་རྗེས་སུ་གནང་བ་མཛད་རྗེ་བཙུན་མ་ལྷ་ལྔ་དང་། སྒྱུ་འཕྲུལ་ཆེན་མོ་མ་ཧཱ་མ་ཡ་དང་། ལྷ་

ལྔའི་དབང་རྣམས་རྫོགས་པར་བསྐུར། བླ་མའི་རྣལ་འབྱོར་ཟབ་ཆོས་དང་། གཞུང་གྲོལ་ཚོ་

དྲུག་གི་གདམས་པ་ལྷག་ལུས་མེད་པར་གནང་། མ་ཅིག་གི་བསྟན་པ་བཟུང་ནས་འགྲོ་བ་ལ་

ཕན་ཐོགས་པར་ལུང་བསྟན་མཛད། དམ་པ་སངས་རྒྱས་རིན་པོ་ཆེ་ལ་འབུལ་ནོམ་ཆེན་པོ་

བྱས་ཏེ། དམ་པ་ལ་སྟོད་དུ་བྱོན། དེ་ནས་ཐོད་སྨྱོན་བསམ་གྲུབ་དམ་པ་རིན་པོ་ཆེ་ལ་ལྷག་

པར་དད་ནས་ངའི་ཕ་ནི་དམ་པ་ཡིན་ཟེར་ཞིང་། ཉིན་ལན་གསུམ་མཚན་ལན་གསུམ་ལ་

དམ་པ་དང་མ་ཅིག་གཉིས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ཐམས་ཅད་ལ་ཕ་དམ་པ་

39

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཞེས་གྲགས་སོ། །སྲས་ཆེ་བ་གྲུབ་པ་ནི་ཨརྦ་མགོ་ཡག་བྱ་བའི་བཙན་དར་བ་གཅིག་གི་བུ་

མོ་ཆུང་མར་བླངས་ཏེ། ད་ལྟ་ཨརྦའི་ཚུལ་དུ་ཡོད་ཅིང་ཆོས་ལ་མ་ཚུད་དོ། །དེ་ནས་མ་ཅིག་

གིས་ཐོད་སྨྱོན་སྐལ་ལྡན་དུ་གཟིགས་ནས། དང་པོ་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས། ཆོས་དབང་

སེམས་ལ་བསྐུར་བའི་ཏིང་ངེ་འཛིན་གྱི་དབང་བཞི། ནམ་ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད།

འཕོ་བའི་གདམས་པ་ཞལ་ཤེས་དམར་ཁྲིད་དང་བཅས་པ་མ་ལུས་པར་གནང་། ཕྱོགས་

བཅུའི་སངས་རྒྱས་གནས་སུ་འགྱུར་བའི་སྐབས་སུ་དབང་བརྒྱ། མ་རྒྱུད་མཁའ་འགྲོ་གནས་

སུ་འགྱུར་བའི་དབང་བརྒྱ། གཏོར་མ་ལ་བརྟེན་པའི་དབང་བརྒྱ་དང་སུམ་བརྒྱ་རྫོགས་པར་

བསྐུར་ནས་སྨིན་པར་བྱས་ཤིང་། དེའི་བསྐྱེད་རིམ་ལ་བློ་སྦྱོང་དུ་བཅུག་པས་ཟླ་བ་བཞི་ནས་

བརྟན་པ་ཐོབ། དེ་ནས་རྫོགས་རིམ་ལ་སྦྱངས་པས། ཟླ་བ་གསུམ་ནས་དྲོད་ཚད་ཐོབ་སྟེ།

བསྐྱེད་རྫོགས་གཉིས་ལ་ནུས་པ་ཐོན། དེ་ནས་མ་ཅིག་གིས་ཆོས་ལུགས་ཕྱག་རྒྱ་ཆེན་པོ་

གཅོད་ཀྱི་ཆོས་སྐོར་རྣམས་གནང་བས་ཕྱག་རྒྱ་ཆེན་པོ་གཅོད་ལ་ནུས་པ་ཐོན་ཅིང་། ཐུགས་

སུ་ཆུད་པར་མཛད།

དེ་ནས་དགུང་ལོ་བཅུ་དྲུག་ལ་བྱོན་པའི་དུས་སུ་མ་ཅིག་གིས་ད་ནི་སྒྲུབ་པ་ཞིག་བྱེད་

པའི་རྟེན་འབྲེལ་གཤམ་པོའ་ིགངས་ལ་ཡོད་གསུངས་ནས། ཐོད་སྨྱོན་བསམ་གྲུབ་གྲོགས་

གསུམ་དང་འགྲོགས་ནས་བཏང་བས། ཟླ་བ་གཅིག་རེད་པའི་ནངས་པར་ཐོ་རངས་ཁ་ལ་

མ་ཅིག་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། ཉི་མ་རྩེ་ཤར་ཙ་གཤམ་པོའ་ིགངས་ལ་

བྱོན་ནས། ཚོགས་འཁོར་ཆེན་པོ་བཤམས་ཏེ། ཉི་མ་དྲོས་ཙ་སྲས་སླེབས་སོ། །ཁྱོད་བཞི་

ཐང་མ་ཆད་དམ་བྱས་པས། ངེད་མ་ཆད་ལགས། མ་ཅིག་བྱོན་པས་ཐུགས་ལ་བཏགས་སོ་

ཟེར་སྐད། དེ་ནས་མ་ཅིག་གིས་སྲས་ལ་བཀའ་བརྒྱུད་ཀྱི་བྱིན་དབང་ཆེན་མོ་དང་། རིགས་

ལྔའི་དབང་མོ་ཆེ་དང་། ཕག་མོ་གསང་སྒྲུབ་ལྷ་ལྔའི་དབང་རྣམས་རྫོགས་པར་བསྐུར། སྙན་

བརྒྱུད་ཀྱི་ཁུངས་རྣམས་བཀྲོལ་ནས་གདམས་པ་རྣམས་མ་ལུས་པར་གནང་། ཞག་བདུན་

40

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

བཞུགས་ནས་གནས་དང་ཕུག་པ་ལ་བྱིན་ཕབ་ཅིང་། བྱིན་གྱིས་བརླབ་པར་མཛད། དཔའ་

བོ་དང་། དཔའ་མོ་དང་། མཁའ་འགྲོ་མ་དཔག་ཏུ་མེད་པ་འདུས། སྲས་ཀྱིས་མ་ཅིག་རྡོ་རྗེ་

ཕག་མོ་དངོས་ལ་ཞལ་གཟིགས། མེ་ཏོག་གི་ཆར་དང་། འཇའ་འོད་དང་། རོལ་མོའ་ིསྒྲ་ལ་

སོགས་པ་ངོ་མཚར་བའི་ལྟས་མང་དུ་བྱུང་། གཞི་བདག་གཤམ་པོ་ལ་བཀའ་བསྒོ་མཛད་དེ།

སྲས་ཀྱིས་སྒྲུབ་པ་ལ་བར་ཆད་མི་བྱེད་པར་བསྒྲུབ་པའི་གྲོགས་བྱེད་པར་དམ་བཅས།

པདྨའི་རིགས་ཀྱི་མཁའ་འགྲོ་མ་དྲི་མེད་མ་བྱ་བ་ལ། སྲས་ལ་འཚོ་བ་སྦྱོར་བའི་ཡོན་བདག་

གྱིས་གསུངས་ནས། བཀའ་གནང་སྟེ། མཁའ་འགྲོ་མས་ཡོན་བདག་བྱེད་པར་ཁས་

བླངས་སོ། །

དེ་ནས་སྲས་ལ་ལོ་བཅུ་གསུམ་གྱི་བར་དུ་སྐྱོངས་ལ། ཕུང་པོ་ཁམས་དང་སྐྱེ་མཆེད་

ཐམས་ཅད་ལྷའི་ཕོ་བྲང་དུ་གྱུར་ཅིང་། དག་སྣང་སངས་རྒྱས་ཀྱི་ཞིང་ཁམས་ལ་བློ་སྦྱང་ཞིང་

བརྟན་པ་འཐོབ་པར་གྱིས་དང་། དེ་ཚེ་འཚོ་བ་སྦྱོར་བའི་ཡོན་བདག་འདིར་ཡོད་གསུངས་

ནས། སྲས་བྲག་ནང་དུ་བྱོན་ཏེ་རྩྭ་བཏིངས་པ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་

བཞུགས་ནས། བྲག་ཕུག་གི་སྒོ་ལ་བྲག་གིས་བཅད་དེ་སུས་ཀྱང་མི་མཐོང་བར་བྱས་ནས། མ་

ཅིག་གི་མཁའ་འགྲོའ་ིཚོགས་དང་བཅས་ནམ་མཁའ་ལ་གཤེགས་ཏེ་ཟངས་རིར་བྱོན་ནོ། །དེ་

ནས་ཟླ་བ་གསུམ་རེད་ཙ་ཐོད་སྨྱོན་ལ་བཀྲེས་པའམ། སྐོམ་པ་འདྲ་བའི་སྣང་བ་ཞིག་བྱུང་

བས། མས་འཚོ་བ་སྦྱོར་བའི་ཡོན་བདག་ཅིག་ཡོད་གསུངས་པ་མི་སྣང་སྟེ། གནས་འདི་མ་

ཅིག་གིས་བྱིན་གྱིས་བརླབས་པའི་གནས་ཡིན་པས། དེར་ང་ཡང་མའི་བྱིན་རླབས་ལ་

འཇུག་པའི་གནས་ཏིང་ངེ་འཛིན་གྱི་ཟས་ལ་བརྟེན་པས་ཆོག་པས། ལྟོགས་ནས་འཆི་ནི་མི་

འོང་སྙམ་ཙ། དར་ཅིག་ཉི་མའི་སྲབ་མདའ་ཤར་བ་འདྲ་བ་ཞིག་བྱུང་བའི་རྒྱུད་ལ་བུད་མེད་

དམར་མོ་གཟི་བརྗིད་དང་ལྡན་པ་གཅིག་གིས་བདུད་རྩི་ཡིན་ཟེར་བས་ཞལ་ལུ་གང་བཟུང་

བ་ཞིག་བྱུང་ནས་སྒྲུབ་པ་པོ་འདི་གསོལ་ལ་སྒྲུབ་པ་མཐར་སྐྱོལ་ཅིག་གསུངས། བདུད་རྩི་

41

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གསོལ་བས་རོ་མཆོག་བརྒྱ་དང་ལྡན་ཞིང་ལུས་སེམས་ཐམས་ཅད་བདེ་བ་ཆེན་པོས་རྒྱས་ཏེ།

འཇིག་རྟེན་གྱི་ཟས་ལ་སྲེད་པ་མི་སྐྱེ་བར་ཐལ་ལོ། །དེ་ནས་འདི་ཡེ་ཤེས་ཀྱི་མཁའ་འགྲོ་མ་

ཞིག་ཡིན་ནམ་སྙམ་ནས་སྒྲུབ་པའི་དྲོད་རྟགས་ཚད་ཅིག་བཤད་ན་སྙམ་ཙ། མཁའ་འགྲོ་མ་

དེས། ང་ལ་མ་ཅིག་གིས་ཁྱོད་ལ་འཚོ་བ་སྦྱོར་བ་དེ་ཡིན། ང་ཁྱོད་ཀྱི་སློབ་དཔོན་ནི་མ་ཡིན་

པས། སྒྲུབ་པའི་དྲོད་རྟགས་ང་ལ་མ་བཤད། ཆོས་ཉིད་ཀྱི་གཏེར་དུ་སྦོས། ཁྱེད་ལ་ད་དུང་

ཁུ་འཕྲིག་སྣང་བས། ལྟ་རྟོག་སེམས་ལ་གྱིས། དམར་ཐག་རིག་པ་ལ་ཆོད། ལྟ་སྤྱོད་ཟུང་

འཇུག་ཏུ་དྲིལ། དུ་མ་རོ་གཅིག་ཏུ་སྲེས་ཟེར་ནས་མི་སྣང་བར་སྐད།

དེ་ནས་ཟླ་བ་གསུམ་གསུམ་ནས་འཚོ་བ་ཐེབ་རེ་བྱུང་། ལོ་ལྔ་ནས་མ་ཅིག་གིས་སྔར་

རྒྱུས་ཡོད་པའི་རྣལ་འབྱོར་པ་ཞིག་བཏང་ནས། ཐོད་སྨྱོན་ཨེ་མཆིས་ལྟོས་གསུངས་ཏེ། རྣལ་

འབྱོར་པས་བྲག་ཕུག་གི་སྒོ་ནས་ཐོད་སྨྱོན་བྱས་པས། ཨ་ཨ་ཟེར་བ་གྲགས་སོ། །ཁྱོད་མ་

འཁྱགས་མ་ལྟོགས་སམ། མ་ཟུག་པ་མ་བྱུང་ངམ། ང་མས་ལྟ་རུ་བཏང་བ་ཡིན་བྱས་པས།

ཐོད་སྨྱོན་ན་རེ། ཁྱོད་འོ་མ་བརྒྱལ་ལགས་སམ། མ་སྐུ་ཁམས་བཟང་པོར་བཞུགས་པས་རེ་

དགའ་མོད། ངས་ཏིང་ངེ་འཛིན་གྱི་ཟས་ཟ་བ། ད་ནི་ཟས་ཀྱི་སྲེད་པ་དང་བྲལ་བས། ང་ཅི་

ལ་ལྟོགས། གཏུམ་མོ་གོས་སུ་གྱོན་པས་གོས་ཀྱི་སྲེད་པ་དང་། སྣང་བ་གྲོགས་སུ་ཤར་བས་

གྲོགས་ཀྱི་སྲེད་པ་དང་བྲལ། བལྟས་པས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་མཐོང་བས།

ཡུལ་ཁམས་གཞན་གྱི་སྲེད་པ་དང་བྲལ་ནས་ཐལ་ལོ་ཟེར་ཏེ། རྣལ་འབྱོར་པ་ཕྱིར་ལོག་སྟེ་

མ་ལ་ལོ་རྒྱུས་ཞུས་པས། མ་ཡང་མཉེས་ནས། ཁོ་ལ་དེ་ཙམ་གྱི་ནུས་པ་ཐོན་ཡོད་གསུངས།

མ་ཅིག་གི་གདུལ་བྱ་ནི་ནམ་མཁའ་དང་མཉམ་སྟེ། མདོ་དབུས་ཁམས་གསུམ་གྱི་བླ་མ་

གདུགས་ཐོགས་པ་མན་ཆད་དགེ་བཤེས་གྲྭ་པ་དང་། མིའི་རྒྱལ་པོ་དཔོན་པོ་བློན་པོ་བཙུན་

མོ་ཧོར་འདྲ་བཙུན་པ་དང་། སྐྱེ་བོ་ཕོ་མོ་དང་མཛེ་སྤྲང་ཡན་ཆད་དང་། བཟང་དགུའི་

གཏུགས་ས། ངན་དགུའི་བརྟེན་གནས་བྱེད་ཅིང་། དེ་ལྟ་བུའི་འཁོར་བཟང་ངན་ལྔ་སྟོང་

42

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཙམ་རྒྱུན་དུ་འཁོར་བ་ཡོད་ཅིང་། བལ་པོའ་ིཡུལ་ནས་མཇལ་བ་མང་པོ་འོངས་པས་སྐུ་

བསོད་དང་ཆོས་ཀྱི་སྙན་པ་ཆེན་པོ་རྒྱ་གར་དུ་ཡང་གྲགས་སོ། །དེ་ནས་རྒྱ་གར་རྡོ་རྗེ་གདན་

དུ་པཎྜི་ཏ་རྣམས་འདུས་ནས། ཆོས་ཀྱི་འབྱུང་གནས་འདི་ཡིན་པ་ལ། འདིར་མ་གྲགས་པའི་

ཕྱག་རྒྱ་ཆེན་པོ་གཅོད་བྱ་བའི་ཆོས་ཀྱི་སྲོལ་བཏོད་ནས། བལ་བོ་ཕན་ཆོད་ཐམས་ཅད་ཆོས་

ལ་དབང་བསྒྱུར་ནས། བཞི་བརྒྱ་རྩ་བཞིའི་ནད་དང་། སྟོང་ཕྲག་བརྒྱད་ཅུའི་གདོན་གྱིས་མི་

ཚུགས་པའི་གཅོད་ཟེར་བའི་ཆོས་འཆད་པ་པོ་ཡུམ་གྱི་སྤྲུལ་བ་ཡིན་ཟེར་བའི་བུད་མེད་མིག་

གསུམ་ཡོད་པ་གཅིག་གིས་བྱེད་དོ་ཟེར་བར་གྲགས་པ། ཡང་ན་ཡུམ་གྱི་སྤྲུལ་པ་ཡིན་ངེས།

ཡང་ན་བདུད་དང་རྒྱལ་བསེན་གྱི་སྤྲུལ་པ་འཇིགས་སུ་རུང་བ་འདི་འདུལ་བ་ཡང་དཀའ་

ཞིང་། འདུལ་བའི་གཉེན་པོ་གང་དགོས་པ་ཡང་ཤེས་དཀའ་བས། བུད་མེད་དེས་བོད་

བསྣུབས་ནས། རྒྱ་གར་ཡང་བསྣུབས་པར་གདའ་བས། བུད་མེད་དེ་རྩད་གཅད་པ་ལ་འགྲོ་

ཐང་ཟེར་ནས་ཐམས་ཅད་གྲོས་མཐུན་ནས། སུ་ཐོད་ཐོད་སོང་བས་བུད་མེད་མཐུ་ཆེན་རྩར་

སླེབས་ན། ཕྱིར་ལོག་ཏུ་མི་སྟེར་བ་འོང་བས་ནུས་པ་ཆེ་ལ་མཁས་ཤིང་གྲུབ་པ་བརྙེས་པ་

འགྲོ་དགོས་ཟེར་ཏེ། དེ་ནས་དེ་ལྟ་བུའི་རྣལ་འབྱོར་པ་གསུམ་ཁྲ་ཧོར་བས་གོང་སྲོང་འགྲིམ་

པ་ལྟར་ནམ་མཁའ་ལ་འཕུར་ཏེ་འོང་བས། ཕྱི་ཉིན་ཉི་མ་རྩེ་དྲོས་ཙ། མཁར་དམར་གྱི་བླ་

དབྱེར་ཕྱིན་པ། མའི་གསོལ་ཇ་བ་བསོད་ནམས་རྒྱན་གྱིས་མཐོང་ནས། རང་རེའི་བླ་དབྱེའི་

སྟེང་དུ་མི་ཤ་སྔོ་ལ་མིག་ཟབ་པ་ཧུར་ཧུར་བ་གསུམ་གྱིས་དར་ནག་པོའ་ིསྟོད་གཡོགས་བྱས་

པ་གསུམ་འདུག །རང་རེའི་ཡུལ་ཁམས་ཀྱི་མི་མ་རེད། བལ་བོ་པ་ཡིན་ནམ་མ་ཅིག་ལགས་

ཞུས་པས། མ་ཅིག་གིས་དེ་རྒྱ་གར་གྱི་རྐང་མགྱོགས་པ་ཡིན། གདན་བཟང་པོ་ཤོམས་

གསུངས་ནས། གདན་སུམ་བརྩེགས་བཏིངས་ཏེ། ལག་བརྡ་གྱིས་ལ་ནང་དུ་གདན་དྲོངས་

གསུངས་ནས། ལག་བརྡ་བྱས་པས་ཨ་ཙ་ར་གསུམ་ནང་དུ་བྱོན་ནས་གདན་ལ་བཞུགས་

པ་ལ། མ་ཅིག་གིས་རྒྱ་སྐད་ཀྱིས་ཁམས་བཟང་བྱས་པས། ཨ་ཙ་རས་ཀྱང་དེའི་ལན་བྱས།

43

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

དེ་ནས་རྒྱ་གར་གྱི་ལོ་རྒྱུས་རྣམས་མ་ཅིག་གིས་རྒྱ་སྐད་དུ་དྲིས་པས། དྲི་བ་རྣམས་ལ་ལན་

བཏབ་པ་དང་། ཁྱོད་ཀྱིས་རྒྱ་སྐད་ཤེས་པ་ཅི་ཡིན་ཟེར་ཏེ། མ་ཅིག་གིས་ང་རྒྱ་གར་དུ་ལན་

མང་པོ་སྐྱེས་པས་རྒྱ་སྐད་ཤེས་པ་ཡིན་བྱས་པས། ཨ་ཙ་རས་ཁྱོད་ཀྱིས་སྐྱེ་བ་དྲན་པ་ཡིན་

ནམ་བྱས་པས། ངས་སྐྱེ་བ་སྔ་ཕྱི་ད་ལྟ་དང་གསུམ་དྲན་བྱས་པས། ཨ་ཙ་རས་ད་ལྟ་ཁྱོད་

ཀྱིས་སྐྱེ་བ་ཤོད་ཟེར་བ་ལ། མ་ཅིག་གི་ཐུགས་དགོངས་ལ་ཨ་ཙ་ར་འདི་གསུམ་དང་རྒྱ་སྐད་

དུ་གཏམ་པས་ངའི་བུ་སློབ་རྣམས་ཀྱིས་ཀྱང་མི་གོ། ལར་ཡང་རྒྱ་གར་བའི་རྩོད་པ་འདི་

གསུམ་ཕྱིན་པ་དང་། བོད་ཐམས་ཅད་ཀྱིས་ཚོར་བའི་སྐྱེ་བ་བཤད་པ་དང་། ཚིག་གི་ཐ་སྙད་

རྒྱ་བལ་པོ། བོད་གསུམ་ལ་རྩོད་པ་ཞིག་བྱེད་དགོངས་ནས། ཨ་ཙ་ར་གསུམ་ལ་བྲང་ཁང་ཕྱེ་

ནས་བཞག །མདོ་དབུས་ཁམས་གསུམ་ཚུན་ཆད་ལ་རྐང་མགྱོགས་པ་སོ་སོར་བཏང་ནས་

མ་ཅིག་ལ་རྒྱ་གར་ནས་རྩོད་པ་པ་ཕྱིན་ནས། ཆོས་ཀྱི་རྩོད་པ་བྱེད་པ་དང་། མ་ཅིག་གིས་སྐྱེ་

བ་བཤད་རྒྱུ་ཡིན་པས། དེར་འོང་མི་གང་ཡོད་ཀྱིས་ཟླ་བ་གཅིག་གི་ཆས་ཀ་དང་བཅས་ཤོག་

ཅིག་བསྒྲགས་པས། མི་ཕོ་མོ་འབུམ་ཚོ་ལྔ་དང་། ལྔ་བརྒྱ་དང་། བདུན་ཅུ་རྩ་གསུམ་ཙམ་

འདུས། དེའི་ནང་དུ་རྒྱ་གར་ནས་བྱོན་པའི་ལོ་ཙཱ་བ་མཁས་པ་བཞི་འདུག་གོ། །

དེ་ནས་མ་ཅིག་གིས་ཚོགས་པ་རྣམས་ལ་ཆོས་སྟོན་བྱས་ཏེ། རྒྱུ་རྫས་ཐམས་ཅད་ཀྱིས་

གཏོང་སྒོ་བྱས། དགེ་བཤེས་དགེ་འདུན་པ་ཁྲི་ཚོ་བདུན་ཙམ་བཞུགས། དེ་ནས་ལོ་ཙཱ་བས་

བསྒྱུར་ཏེ། ཨ་ཙ་ར་གསུམ་དང་། མ་ཅིག་ཆོས་ཀྱི་བགྲོ་གླེང་ཆོས་གང་ལ་བྱས་ཀྱང་མ་ཅིག་

ལ་གླགས་མ་རྙེད་དེ། ཨ་ཙ་ར་གསུམ་གྱིས་ཆོས་ཐམས་ཅད་རྒྱ་གར་ནས་དར་བ་ལ། བོད་

ལ་ཆོས་མེད་དོ་ཟེར་རོ། །མ་ཅིག་གིས་དེ་ཁྱེད་བདེན། རྒྱ་གར་ནི་སངས་རྒྱས་ཐམས་ཅད་

དང་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། སངས་རྒྱས་གང་བྱུང་བའི་དུས་སུ་ཆོས་

གང་དར་བར་བྱེད་པའི་རྒྱུ་མཚན་ཡང་ཤོད་དང་གསུངས་པ་ལ། ཨ་ཙ་ར་གསུམ་གྱིས་

སངས་རྒྱས་གང་བྱུང་ནས་ཆོས་ཀྱི་འཁོར་ལོ་གང་བསྐོར་ནས་གདུལ་བྱ་སྐྱོང་བའི་ཚུལ་

44

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཐམས་ཅད་ངས་མི་ཤེས་པས། ཁྱོད་ཀྱིས་སངས་རྒྱས་གང་བྱུང་ནས་ཆོས་ཀྱི་འཁོར་ལོ་གང་

བསྐོར་བ་ཐམས་ཅད་ཤེས་ན་ཤོད་ཟེར་བ་ལ། ལོ་ཙཱ་བ་བཞི་ཀས་བསྒྱུར་མ་ལྕོགས་ལ། མ་

ཅིག་གིས་ཉི་མ་བདུན་ལ་གསུངས། དེ་ནས་ཨ་ཙ་ར་གསུམ་གྱིས། ད་ཁྱོད་ཀྱིས་སྐྱེ་བ་དྲན་

ཟེར་བ་དང་། ཁྱོད་རང་གི་ཆོས་འདིའི་རྒྱུ་མཚན་རྣམས་ཀྱང་ཤོད་ཟེར་བས། མ་ཅིག་གི་

ཞལ་ནས། འོ་འདིར་འཚོགས་པའི་ཁྲོམ་པ་རྣམས་གསོན་དང་། རྒྱ་གར་བ་རྣམས་ང་དང་

ངའི་ཆོས་ལུགས་རྣམས་ལ་ཡིད་མ་ཆེས་ནས། ཨ་ཙ་ར་གསུམ་བཏང་ནས། ངའི་ཉམས་

ལེན་པར་འོངས་པར་འདུག་པས། ང་ལ་ཆོས་ཀྱི་ཡིན་ཚུལ་དང་། སྐྱེ་བ་དྲན་ན་ཤོད་ཟེར་

བས། ངའི་ཆོས་ཀྱི་རྒྱུ་མཚན་རྣམས་མ་བཤད་ན། རྒྱ་གར་བ་ཨ་ཀྱང་ཡང་ཆེ་སྟེ། ཁྱེད་ངའི་

གྲྭ་སློབ་དང་། འདིར་འཚོགས་པ་རྣམས་དང་། བོད་གངས་ཅན་པ་ཐམས་ཅད་ཀྱང་ངའི་

གདམས་པ་ལ་ཡིད་མི་ཆེས་པ་འོང་བ་དང་། སྐྱེ་བ་མ་བཤད་ན། ང་ལ་ཡིད་མི་ཆེས་པ་ཞིག་

འོང་བ་ཡིན་པས་ཐམས་ཅད་ཉོན་ཅིག་གསུངས་ནས། དང་པོ་ཐུབ་པ་ཆེན་པོའ་ིབཀའ་རྒྱས་

འབྲིང་བསྡུས་གསུམ་ལ་བརྟེན་ནས་གཟིགས་རྟོགས་མཛད་ནས། བཀའ་ཐོག་ཏུ་གྲོལ་བའི་

ཚུལ་གྱིས་བཀའ་ལ་བརྟེན་ནས་བཀའ་ཚོམ་ཆེན་མོ་བརྩམས་པས། བཀའ་ཚོམ་ཆེན་མོའ་ི

སྐོར་རྣམས་མ་ལུས་པར་བཤད།

དེ་ནས་ཐུགས་ལ་འཁྲུངས་པའི་མྱོང་ཆོས་ཐམས་ཅད་བཤད། དེ་ནས་བླ་མ་ལ་ཞུས་

པའི་ཆོས་རྣམས་བརྒྱུད་ཚུལ་དང་བཅས་པ་དང་། སྒྲོལ་མ་ལ་སོགས་པའི་ཡི་དམ་གྱི་ལྷ་

རྣམས་ཀྱིས་གནང་བའི་ཆོས་དང་ལུང་བསྟན་མཛད་ཚུལ་དེ་རྣམས་ཐོ་རེ་ཙམ་ཞིག་བཤད།

དེ་ནས་སྐྱེ་བ་ནི་རྗེ་བཙུན་མ་སྒྲོལ་མས་ཐུགས་བསྐྱེད་ནས། ཡུམ་ཆེན་མོའ་ིཐུགས་ཀ་ནས་

སྤྲུལ་ནས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནས་བཟུང་སྟེ། ད་ལྟ་ལབ་སྒྲོན་གྱི་བར་དུ་སྐྱེ་བ་

བརྒྱ་དང་བདུན་བཞེས་པའི་ཚུལ་རྣམས་དང་། སྐྱེ་བ་འདིའི་སྔོན་དུ་རྒྱ་གར་དུ་འཁྲུངས་པའི་

པཎྜི་ཏ་སྨོན་ལམ་གྲུབ་ཅེས་བྱ་བར་སྐྱེ་བ་བཞེས་པ། པོ་ཏ་རིའི་བྲག་ཕུག་བྷ་དྲ་ཞེས་པ་རྗེ་

45

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བཙུན་མ་སྒྲོལ་མས་བྱིན་གྱིས་བརླབས་པའི་ཕུག་པར། ངའི་ལུས་དེ་ད་ལྟ་བཀྲག་མདངས་

མ་ཉམས་པ་གཞོན་ཤ་རྒྱས་པའི་ལང་ཚོ་དང་ལྡན་པ། ད་ལྟར་ཡང་ཡོད་པ་དེ་ཙན་དན་

དཀར་པོའ་ིམེ་སྦར་ན་དྲི་བཟང་གིས་ཡུལ་ཁམས་ཁྱབ་པ་དང་། རོལ་མོའ་ིསྒྲ་དང་། རིན་པོ་

ཆེའི་རྒྱུ་ལས་གྲུབ་པའི་གདུགས་ལ་སོགས་པའི་མཆོད་རྫས་སྣ་ཚོགས་པ་དང་། མེ་ཏོག་ཁ་

དོག་སྣ་ཚོགས་པའི་ཆར་ཆེན་པོ་འབབ་ཅིང་། འཇའ་དང་འོད་ཀྱིས་གང་བ་ལ་སོགས་པའི་

ལྟས་དུ་མ་འབྱུང་ཞིང་། ཁྱད་པར་ངོ་མཚར་བའི་རྟེན་འདྲ་འོང་ངོ་། །མགོ་བོ་དུང་ཁང་དེ་ལ་

རྣམ་སྣང་གིས་གཙོ་བྱས་པའི་རིགས་ལྔ་ལ་སངས་རྒྱས་སྤྱན་མ་ལ་སོགས་པའི་ལྷ་མོ་ལྔ་ཁ་

སྦྱོར་དུ་འཁྲིལ་ནས་བཞེངས་པའི་ཚུལ་གྱིས་འབུར་དུ་བཏོད་ནས་བྱོན། སྒལ་ཚིགས་རེ་རེ་

ལ་རྣམ་རྒྱལ་མཆོད་རྟེན་རེ་རེ། སོ་རྣམས་ལ་དུང་གཡས་འཁྱིལ་རེ་རེ། མན་ཁ་ལ་ཨ་དཀར་

པོ་རེ་རེ་རང་ཆས་སུ་བྱོན། ཨན་ཅན་དང་པོ་ལ་ཡུམ་ཆེན་མོ། སྐེ་ཚིགས་རིགས་གསུམ་

མགོན་པོ། དཔལ་གཉསི ་ལ་སྒྲལོ ་མ་དཀར་ལྗང་། སྙངི ་ལ་ཤཱཀྱ་ཐུབ་པ། བྲང་ག་ིདཀྱལི ་དུ་རྡ་ོ

རྗེ་འཆང་། དེ་ལ་སོགས་པའི་སྐུ་དང་རུས་པ་ལྷག་མ་རྣམས་ལ་རིང་བསྲེལ་ཁ་དོག་སྣ་ལྔ་པ་

གྲངས་ལས་འདས་པ་དང་། གདུང་ཤ་རིལ་རིལ་སྲན་ཆེན་ཙམ་མ་གྷ་དྷའི་བྲེ་གང་འབྱོན་པ་

ཡོད་པས། དེ་རྣམས་ལྷག་ཆད་མེད་པར་ཇི་ལྟར་བཤད་པ་བཞིན་མ་བྱུང་ན། ངས་བཤད་པ་

ཐམས་ཅད་རྫུན་པ་ཡིན་པས། ཁྱེད་པཎྜི་ཏ་རྣམ་པ་གསུམ་གྱིས་ངའི་གདམས་པ་དེ་རྣམས་

ལེགས་པར་རྩད་གཅོད་མཛོད་དང་། རྟགས་ཤིག་སྟོན་པ་འོང་བ་ཡོད། ད་ངས་ཀྱང་འགྲོ་

དོན་ཕྱེད་ཙམ་རྫོགས། ལོ་ཡང་ལྔ་བཅུ་རྩ་གཉིས་ལ་ཕྱིན། ལོ་དགུ་བཅུ་གོ་དགུ་ནས་ལན་

ཅིག་འོག་མིན་གནས་སུ་སྐྱེ་བ་འཕོ་བའི་ཚུལ་སྟོན་ནོ་གསུངས། དེ་ནས་དེར་འཚོགས་པ་

ཐམས་ཅད་མ་ཅིག་དང་། མིའི་ཆོས་དང་། སྐྱེས་རབས་དང་གླེང་གཞིའི་རྒྱུས་གཏམ་ཐམས་

ཅད་ལ་ཡིད་ཆེས་ཤིང་ཐེ་ཚོམ་བསལ། སྒྲོ་འདོགས་ལེགས་པར་ཆོད་ཅིང་། དམ་པ་སངས་

རྒྱས་དེར་འབྱོན་པ་ལ་ཞུ་བ་བྱས་ནས། དམ་པ་རིན་པོ་ཆེ་ཁྱེད་བོད་གངས་ཅན་པ་རྣམས་ཀྱི་

46

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དོན་དུ་རྐང་མགྱོགས་པ་འདི་གསུམ་དང་སྟབས་གཅིག་ཏུ་རྒྱ་གར་དུ་བྱོན་འཚལ། མ་ཅིག་

གི་སྐྱེ་བ་སྔ་མའི་གདུང་སྦྱངས་ནས་རྟེན་ངོ་མཚར་བ་རྣམས་འབྱོན་གསུངས་པའི་རྟེན་ངོ་

མཚར་བ་ཞིག་འདིར་གདན་དྲོངས་ལ་ཐུགས་ལ་འདོགས་པར་ཞུས་པས། དེ་འདྲ་བྱའི་

གསུངས་ནས། དམ་པ་དང་རྐང་མགྱོགས་པ་གསུམ་རྒྱ་གར་དུ་ཐོགས་པ་མེད་པར་བྱོན།

ཚོགས་པ་རྣམས་ཀྱང་སོ་སོར་ཞིག་གོ། །

དེ་ནས་དམ་པ་དང་རྐང་མགྱོགས་པས། རྒྱ་གར་བ་ཐམས་ཅད་རྡོ་རྗེ་གདན་དུ་

བསྡུས་ནས། མ་ཅིག་གིས་གསུངས་པ་རྣམས་ལྷག་ལུས་མེད་པར་ཞུས། དེ་ནས་ཚོགས་པ་

རྣམས་ཀྱིས་འདིའི་གདམས་པ་རྣམས་རྩད་ལེགས་པར་གཅད་དགོས་པས། པོ་ཏ་རིར་ལྟད་

མོ་བྱེད་དགོས་ཟེར་བས། པཎྜི་ཏ་ལྔ་བཅུ་རྩ་གཉིས་པོ་ཏ་རིར་བྱོན་པས། མ་ཅིག་གིས་

གསུངས་པ་བཞིན་གདུང་མ་ཉམས་པར་འདུག་པ་སྦྱངས་པས། མ་ཅིག་གིས་གསུངས་པའི་

རྟེན་རྣམས་བྱོན་པས་རྒྱ་གར་བ་ཐམས་ཅད་ཀྱང་། མ་ཅིག་འདི་ཡུམ་ཆེན་མོའ་ིསྐྱེ་བ་ཡིན་

པར་ངེས་ཟེར་ཞིང་ཡིད་ཆེས་ནས། སྒྲོ་འདོགས་ཆོད་ཅིང་མ་ཅིག་འདིར་གདན་དྲང་དགོས།

བོད་མཐའ་འཁོབ་ལ་སྣོད་མེད་པས། མ་ཅིག་སྐུ་ཡལ་དུ་འགྲོ་བར་གདའ་གཏམ་སྐད། དེ་

ནས་རྟེན་རྣམས་དད་པའི་རྟེན་དུ་ཐམས་ཅད་ཀྱི་ཆ་བགོས། དབུའི་རིགས་ལྔའི་འཁྲིལ་སྦྱོར་

དེ་རྡོ་རྗེ་གདན་དུ་བཞུགས། ཐུགས་ཀྱི་ཤཱཀྱ་ཐུབ་པ་དེ་དམ་པས་བོད་ཡུལ་དུ་གདན་དྲངས་ཏེ།

དམ་པ་དང་རྐང་མགྱོགས་པ་གསུམ་དང་བཞི་སྟེ། ཟངས་རིར་མའི་དྲུང་དུ་ཕྱིན་པ་དང་ཕྱག་

འཚལ་ཏེ་པུས་མོ་བཙུགས་བསྐོར་བ་བྱས། མཆོད་པ་ཕུལ་ནས། རྐང་མགྱོགས་པ་གསུམ་

གྱིས། མ་ཅིག་ཁྱེད་ཡུམ་ཆེན་མོའ་ིཐུགས་ཀྱི་སྤྲུལ་པ་ངོ་མཚར་ཆེ། ཞལ་ནས་ཇི་ལྟར་

གསུངས་པ་རྣམས་ལ་ནོར་འཁྲུལ་དང་ལྷག་ཆད་ཚིག་གཅིག་ཀྱང་མེད་པར་སྣང་། ཐུགས་

ཀྱི་ཤཱཀྱ་ཐུབ་པ་དེ་འདིར་གདན་དྲངས་པ་ཡོད་ཞུས་ཤིང་། མདོ་དབུས་ཁམས་གསུམ་གྱི་

འཚོགས་པ་ཐམས་ཅད་ལ་དམ་པས་བྱིན་རླབས་བྱས་ནས། ངས་ཐུགས་དམ་གྱི་རྟེན་བྱེད་

47

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གསུངས་ནས་ལ་སྟོད་དུ་གདན་དྲངས་སོ། །རྒྱ་བོད་གཉིས་ཀྱིས་མ་ཅིག་ལ་དད་པ་རྩོད་མེད་

དུ་ཆུད་ཅིང་། སྒྲོ་སྐུར་གཤེ་བར་བྱེད་པ་རྣམས་ཀྱང་ཐེ་ཚོམ་གྱི་སྙེམས་ཐག་ཆོད་ནས། མ་

ཅིག་ལ་འདུད་པར་བྱུང་ནས་དམ་ཆོས་བདུད་ཀྱི་གཅོད་ཡུལ་རྒྱ་བོད་གཉིས་ལ་གྲགས་ཤིང་

དར་བར་བྱུང་།

དེ་ནས་རྒྱ་གར་བས་མ་ཅིག་གདན་དྲངས་ཤིང་རྒྱ་གར་དུ་འབྱོན་དགོས་ཞུས་པ་ལ།

མ་ཅིག་གི་ཞལ་ནས། ང་རྒྱ་གར་ན་འགྲོ་བའི་དོན་ཆུང་། ངའི་གདུལ་བྱའི་སྐལ་བ་ལ་བོད་

འདུལ་དགོས་པའི་དུས་ད་ལྟར་གྱི་སྐབས་འདི་ཡིན་པས། རྒྱ་གར་དུ་ལུས་ཐོག་འདི་ལ་མི་

ཕྱིན་པར་ཡོད་པས། ཁྱེད་རྒྱ་གར་བ་སངས་རྒྱས་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་འབྱུང་

གནས་ཡིན་པ་ལ། ཆོས་རྒྱ་གར་ནས་བོད་དུ་འོངས་ནས་དར་བར་བྱེད་དགོས་པ་ཡིན་པས།

བོད་ཀྱི་ཆོས་རྒྱ་གར་དུ་ད་སྔ་ཕན་ཆད་ལ་ཡོད་མ་མྱོང་བ་ཡིན་མོད་ཀྱང་། ང་སྐྱེ་བ་མང་པོ་ལ་

རྒྱ་གར་དུ་སྐྱེས་པས་ཁྱེད་རྒྱ་གར་བ་དང་ཆོས་ཀྱི་འབྲེལ་བ་མང་རབས་ཡོད། ད་ལྟ་ང་བོད་

དུ་སྐྱེས་པས་ཁྱེད་རྒྱ་གར་དུ་མ་གྲགས་པའི་དམ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་བྱ་བ་སྟོན་པ་

ཡིན་པས། སྤྲང་མོ་ངའི་ཆོས་ལུགས་བོད་གངས་ཅན་གྱི་ལྗོངས་སུ་གྲགས་པའི་གཅོད་ཡུལ་

འདི་ཁྱེད་རྒྱ་གར་བ་ལ་ཡང་གཟིགས་ཕུལ་ཞིག་བྱེད་དགོས་གསུངས་ནས། མ་ཅིག་གི་

ཐུགས་ལ་འཁྲུངས་པའི་ཆོས་ཁྱད་པར་ཅན་རྣམས་རྒྱ་གར་དུ་བསྐུར་བ་ལ། དེ་ཡང་མ་ཅིག་

གིས་བཅོམ་ལྡན་འདས་ཉིད་ཀྱི་བཀའ་རྒྱས་འབྲིང་བསྡུས་གསུམ་ལ་གཟིགས་རྟོགས་

མཛད་པས། བདུད་ཀྱི་ལེའུའི་སྐབས་སུ་གཟིགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་

གང་ལ་ཆགས་ན་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་པ་ལ་སོགས་དང་། གཟུགས་ནི་

དཀར་པོ་སེར་པོ། དམར་པོ། སྔོན་པོ། ལྗང་ཁུ། ལེབ་རྒན་ཡང་མ་ཡིན་ནོ། །ཞེས་པ་ལ་

སོགས་པ་དང་། གཟུགས་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་

གནས་པར་འགྱུར་བ་མེད་དོ་ཞེས་པ་ལ་སོགས་པ་དང་ཆོས་ཐམས་ཅད་མཉམ་པ་ཉིད་ནས།

48

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉམ་པ་ཉིད་དོ་ཞེས་པ་ལ་སོགས་པ་ལ་ལེགས་པར་

གཟིགས་ནས་གྲོལ་བའི་ཚུལ་མཛད་དེ། བདུད་བཞི་རང་སར་གཅོད་པའི་ཉམས་ཁྱད་པར་

ཅན་རྒྱུད་ལ་སྐྱེས་པའི་མྱོང་ཆོས་ཤིན་ཏུ་ཟབ་པ་མ་ཅིག་གིས་མཛད་པའི་གཅོད་ཀྱི་བཀའ་

ཚོམ་ཆེན་མོ། ཡང་ཚོམ་ཆེན་མོ། ཉིང་ཚོམ་ལེའུ་ལག །གནད་ཐེམས། ཁོང་རྒོལ། གསང་

བ་བརྡ་ཆོས་ལ་བཟླ་སྐོར་གསུམ་གཞི་ལམ་དུ་སློང་བ། ཁྱད་པར་གྱི་གདམས་ངག་དང་བཅུ།

རྒྱ་གར་དུ་བསྐུར་བས། རྒྱ་གར་བ་ཐམས་ཅད་ཆོས་ལ་ཡིད་ཆེས་ནས་ཐམས་ཅད་ཀྱིས་

ཉམས་སུ་བླངས་ཏེ། བོད་ཆོས་རྒྱ་ལ་དར་བར་བྱས་སོ། །

དེ་ཡང་མ་ཅིག་གི་ཐུགས་ལས་འཁྲུངས་པའི་མྱོང་ཆོས་ཀྱི་བརྒྱུད་པ་ནི། མ་ཅིག་རང་

ཉིད་ནས་བཟུང་སྟེ། སྲས་པོ་སྲས་མོ། རིགས་རྒྱུད་དང་ཆོས་རྒྱུད་འཛིན་པ་བརྒྱ་དང་བཅུ་

དྲུག་ལ་སོགས་པ་མན་ཆད་དུ་བརྒྱུད་པ་ཡང་ཡོད་ལ། མ་ཅིག་ཡན་ཆད་ལ་བརྒྱུད་པ་

མེད་དོ། །བཀའ་བརྒྱུད་དོན་གྱི་མན་དག་གི་རྒྱུད་པ་ལ་གསུམ་སྟེ། ཤཱཀྱ་ཐུབ་པ། འཇམ་

དཔལ་སྨྲ་བའི་སེངྒེ། ཀླུ་སྒྲུབ་སྲས་པོ། ཨཱརྱ་དེ་བ༑ བྲམ་ཟེ་ཨཱརྱ་དེ་བ། དམ་པ་རྒྱ་གར། སྐྱོ་

ཤཱཀྱ་སེངྒེ། བསོད་ནམས་བླ་མ་དང་ཁུ་དབོན་གཉིས། མ་ཅིག་ལབ་སྒྲོན་མ་ལ་བརྒྱུད་པ་

ལ་ནི། ཐབས་ཀྱི་བརྒྱུད་པ་ཟེར་རོ། །ཡུམ་ཆེན་མོ། སྒྲོལ་མ། སུ་ཀ་སུདྡྷི། བྲམ་ཟེ་ཨཱརྱ་

དེ་བ། དམ་པ་བསོད་ནམས་བླ་མ། མ་ཅིག་ནས་བརྒྱུད་པ་ནི་ཤེས་རབ་ཀྱི་བརྒྱུད་པ་ཟེར།

ཡང་ཡུམ་ཆེན་མོ། ཤཱཀྱ་ཐུབ་པ། སྒྲོལ་མ། སྨྲ་བའི་སེངྒེ། ཨཱརྱ་དེ་བ། བྲམ་ཟེ་ཨཱརྱ་དེ་བ་

གཉསི ་མན་ཆད་སྔ་མ་དང་འདྲ་བ་ལ་གཉསི ་མདེ ་ཟུང་འཇུག་ག་ིབརྒྱུད་པ་ཟརེ ་ཏ།ེ ད་ེགསུམ་ག་

ནི་བཀའ་བརྒྱུད་ཡིན་ནོ། །གསང་སྔགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་

སྒྲོལ་མ། སྒྲོལ་མས་མ་ཅིག་ལ་གནང་། མ་ཅིག་གིས་གསང་སྔགས་བཀའ་བརྒྱུད་གནས་འགྱུར་ཡང་

ཐིག་མེ་ལོང་ཨུ་དུམ་ཝ་ར་དང་། དུག་ལྔ་ཀླུ་འདུལ་ཕྱོགས་བཅུའི་སངས་རྒྱས་གནས་འགྱུར་དང་། ཐུགས་

བཅུད་མ་རིག་མ་བརྒྱུད་མཁའ་འགྲོ་གནས་འགྱུར་གྱི་དབང་བརྒྱ་མུན་སེལ་དང་གསུམ་ལ། མ་རིག་མུན་

49

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

སེལ་ལ་བསྐྱེད་རིམ་རིན་པོ་ཆེའི་ལྗོན་ཤིང་དང་། རྫོགས་རིམ་རྡོ་རྗེའི་ཕྲ་ཐིག་ཡང་ཐིག་མེ་

ལོང་སྐོར་གསུམ་བརྩམས། དུག་ལྔ་ཀླུ་འདུལ་ལ་བསྐྱེད་རིམ་ཡེ་ཤེས་སྒྲོན་མེ་དང་། རྫོགས་

རིམ་གསལ་བྱེད་རིམ་གསུམ་ཟབ་ལམ་མཐར་ཕྱིན་བརྩམས། ཨུ་དུམ་ཝ་ར་ལ་བསྐྱེད་རིམ་

མུ་ཏིག་ཕྲེང་མཛེས་དང་། རྫོགས་རིམ་མཐའ་གཉིས་མུན་སེལ་ཉི་མའི་འོད་ཟེར་བརྩམས།

གསང་བ་ལྷ་ལྔ་ལ། བསྐྱེད་རིམ་ནོར་བུའི་གཏེར་མཛོད་དང་། རྫོགས་རིམ་རིགས་ལྔ་

གསང་སྐོར་བརྩམས་པའི་བསྐྱེད་རྫོགས་གཉིས་ཀྱི་བརྒྱུད་པ་ནི། ཐོད་སྨྱོན་བསམ་འགྲུབ།

གང་པ་རྨུག་སངས། གང་པ་ལྷུན་གྲུབ། སངས་རྒྱས་བསྟན་སྲུང་། མཉམ་མེད་རྡོ་རྗེ་

འཛིན་པ། གང་པ་རིན་པོ་ཆེ། བླ་མ་རྡོ་རྗེ། སྟོང་ཞིག་ནམ་མཁའ་རྒྱལ་མཚན། བཀྲ་ཤིས་

རྒྱལ་མཚན་ནས་རིམ་པར་བརྒྱུད་པ་ཡིན་ཏེ། དེ་ཡང་ནམ་མཁའ་རྒྱལ་མཚན་ཡན་ཆད་ལ་

བསྐྱེད་རྫོགས་ཀྱི་སྲོལ་མ་ཉམས་ཤིང་། ཚེ་སྒྲུབ་ཀྱི་སྐོར་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་དང་།

ལས་བཞི་མེ་མཆོད་དང་བཅས་པའི་སྔགས་ལུགས་དང་། བཀའ་བརྒྱུད་དོན་གྱི་མན་ངག་

གི་ལུགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་གྱི་དབང་བཞི་དང་། ཚོགས་ཀྱི་མཆོད་པ།

རིགས་ལྔའི་གཏོར་དབང་དང་བཅས་པ། ཕར་ཕྱིན་མདོ་ལུགས་དང་། མདོ་སྔགས་གཉིས་

གཅིག་ཏུ་དྲིལ་བ་ཟུང་འཇུག་གི་དོན་ཕྱོགས་བཅུའི་སངས་རྒྱས་གནས་འགྱུར་གྱི་དབང་ཙམ་

ལ་བརྟེན་པ་ལ་སོགས་པ་གཅོད་དང་བཅས་པ་མ་ཉམས་པར་ཡོད་ཅིང་། བཀྲ་ཤིས་རྒྱལ་

མཚན་མན་ཆད་ལ་ན།ི རྫགོ ས་རམི ་གྱ་ིསྲལོ ་ཆད་ནས། དབང་ཚགོ ས་ལ་བརྟནེ ་པ་ཙམ་ཉག་ག་ེ

བ་ལས་མ་བྱུང་བ་ཡནི ་ན།ོ །

ཡང་དབང་བརྒྱ་དང་ཚོགས་བརྒྱའི་བརྒྱུད་པ་ནི། ཐོད་སྨྱོན། གང་པ་རྨུག་སངས།

གྲུབ་ཆེན་པ། མཁས་གྲུབ་ཆེན་པོ། སྐྱེ་མེད་གནམ་མཚོ། མཉམ་མེད་ཆེན་པོ། རས་པ་

ཆེན་པོ། གཞོན་ནུ་བསོད་ནམས་རྡོ་རྗེ་ནས་བརྒྱུད་པ་ཡིན། མ་ཅིག་གི་ཐུགས་ལ་ཡོད་ཚད་

ཀྱི་ཆོས་མདོ་སྔགས་གཉིས་ཟུང་འཇུག་དང་གསུམ་གྱི་གདམས་པ་མ་ལུས་པ་ཐམས་ཅད་

50

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཐོད་སྨྱོན་གྱིས་ཐུགས་སུ་ཆུད་པར་བྱས། བཀའ་བརྒྱུད་དོན་གྱི་མན་ངག་ལས་བྱུང་བའི་ཕར་

ཕྱིན་སྐོར་གྱི་མན་ངག་ཟབ་པའི་དོན་གནད་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་དང་བཅས་

པ་ཕར་ཕྱིན་གྱི་སྐོར་མ་ལུས་པ་ཐམས་ཅད་སྲས་རྒྱལ་བ་དོན་གྲུབ་ཀྱིས་ཐུགས་སུ་ཆུད་པར་

བྱས། མདོ་སྔགས་ཟུང་འཇུག་གི་སྐོར་དང་ཐུགས་ལས་འཁྲུངས་པའི་མྱོང་ཆོས་ཀྱི་སྐོར་

དང། མ་རྒྱུད་མཁའ་འགྲོའ་ིདབང་བཞིའི་ཟབ་ལམ་དང་། སྒྱུ་འཕྲུལ་ཆེན་མོ་དང་། བླ་མའི་

རྣལ་འབྱོར་ཟབ་ལམ་དང་། རིགས་གསུམ་མགོན་པོའ་ིསྒོ་ནས་དམིགས་པ་སྐོར་གསུམ་

དང་། ཁྱད་པར་དུ་སྤྱན་རས་གཟིགས་སྒོམ་པའི་མན་ངག་དང་། རིན་པོ་ཆེའི་རྒྱ་མདུད་མ་

དང་། རྡོ་རྗེའི་ཚིག་རྐང་དང་། དེ་རྣམས་ལྷག་ལུས་མེད་པར་སྲས་མོ་རྒྱན་བཞི་དང་། ཁུ་

བསྒོམ་ཆོས་ཀྱི་སེངྒེ་དང་ལྔས་ཐུགས་སུ་ཆུད་པར་བྱས། ཕ་རོལ་ཏུ་ཕྱིན་པ་ལ་ཁོག་ཕུག་པའི་

གདམས་པ་ཁ་ཐོར་བ་མཐའ་ཡས་པ་ཞིག་སྟོང་སྡེ་ངག་གི་དབང་ཕྱུག་དང་། གྲོལ་སྡེ་རྒྱལ་

བའི་འབྱུང་གནས་དང་། མ་ཅིག་གིས་བཀའ་ཕབ་པའི་གང་ཟག་བཅུ་དྲུག་ལ་སོགས་པའི་

སྟོང་དང་ཉིས་བརྒྱ་དང་དྲུག་ཅུ་ར་གསུམ་སྨིན་ཅིང་གྲོལ་ནས་འགྲོ་བ་གཞན་ལ་ཡང་ཕན་

ཐོགས་ནུས་པ་བྱུང་། གཞན་ཡང་མཛེ་སྨིན་མ་བཞི་བརྒྱ་དང་ཉི་ཤུ་རྩ་བདུན་ལེགས་པར་

སོས་ཏེ། སྔར་གྱི་ཤ་ཚད་ལ་ཕྱིན་པ་ལ་སོགས་པའི་ནད་དང་གདོན་གྱིས་ཉེན་པ་གྲངས་ལས་

འདས་པ་ལ་ཕན་ཐོགས་པ་དང་། ཕྱི་མའི་ལམ་སྣ་ཟིན་པ་བསམ་གྱིས་མི་ཁྱབ་པ་བྱུང་། དེ་

ནས་མ་ཅིག་དགུང་ལོ་དགུ་བཅུ་གོ་དགུ་ལ་སྐུ་བདེ་བར་གཤེགས། སྲས་གྲུབ་པ་བཞི་བཅུ་

རྩ་གཉིས་ལ་ཕྱིན་དུས་རྐྱེན་གྱིས་དེད་པས། མའི་དྲུང་དུ་ཕྱིན་པས་མ་ཅིག་གིས་འདུལ་བའི་

དུས་ལ་བབ་པར་དགོངས་ནས་གདམས་པ་བསྟན་ཏེ། དགེ་བསྙེན་བྱས་ནས་རྒྱལ་བ་དོན་

གྲུབ་ཏུ་མིང་བཏགས། ལྔ་བཅུ་ང་གཉིས་ལ་ཕྱིན་ནས་གྲུབ་པ་ཐོབ་སྟེ། ངག་གི་གླུ་མཛོད་

རྡོལ་བ་ལ་སོགས་པ་གྲུབ་པ་རྩལ་མང་པོ་སྟོན། རྒྱལ་བ་དོན་གྲུབ་ལ་སྲས་གཉིས་ཡོད་པའི་

ཆེ་བ་ཚང་དབང་རྒྱལ་བྱ་བ་ཁྱིམ་པ་ཡིན། ཆུང་བ་ཁམས་བུ་ཡ་ལེ་ཞེས་པ་རབ་ཏུ་བྱུང་། ཚང་

51

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

དབང་རྒྱལ་ལ་བུ་གསུམ་ཡོད་པའི་ཆེ་བ་དམ་པ་སྟོན་ཆུང་། ཆུང་བ་སྐྱེ་མེད་འོད་གསལ་

ཆེན་པོ། འབྲིང་བ་ཐོད་སྨྱོན་གསང་གྲུབ་ཏུ་གྲགས་པ་དེ། འཁྲུག་པ་བྱུང་བའི་སྐབས་ལ།

ལན་མ་ལན་རྩོད་པའི་དུས་སུ་སྲས་མོ་གཅིག་སྐུ་འཁྲུངས་པ་ལ། ལན་ཏོ་མ་ཞེས་མིང་དུ་

བཏགས་ཏེ། མ་ཅིག་གི་སྤྲུལ་བ་ཆ་གཅིག་ཡིན་པས། ཕྱག་རྒྱ་ཆེན་པོ་གཅོད་ཀྱི་བསྟན་པ་

དར་རྒྱས་སུ་བྱས་ནས་རྒྱུད་པ་ཡང་མང་པོ་འཕེལ་ལོ། །དེ་ཡན་ཆད་མ་ཅིག་གི་ལོ་རྒྱུས་སྔ་

མའི་ཐོའུ་ཙམ་དང་། ཕྱི་མའི་ཚིག་མགོ་སྨོས་པ་ཙམ་གྱིས་མདོར་བསྡུས་པ་འདི་ཡན་ཆད་ལོ་

རྒྱུས་ཀྱི་ཐ་མ་སྟེ་ལེའུ་གཉིས་པའོ།། །།


previousལེའུ་གཉིས་པ་མ་ཅིག་གི་ལོ་རྒྱུས་ཀྱི་ཐ་མ།next