Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
ཁྲོ་བོའི་ཉམས་དགུ་དང་དུར་ཁྲོད་ཆས་དང་དཔལ་གྱི་ཆས་རྣམས་ཀྱི་བགྲང་ཚུལ་ཇི་ལྟར་ཡིན་ཞེས་དྲིས་པའི་ལན།། ལོ་ཆེན་དྷརྨ་ཤྲཱི།
   
   
   
   
   
   
   
   
   
   
   


 
previousཁྲོ་བོའི་ཉམས་དགུ་དང་དུར་ཁྲོད་ཆས་དང་དཔལ་གྱི་ཆས་རྣམས་ཀྱི་བགྲང་ཚུལ་ཇི་ལྟར་ཡིན་ཞེས་དྲིས་པའི་ལན།། ལོ་ཆེན་དྷརྨ་ཤྲཱི། next

ཁྲོ་བོའི་ཉམས་དགུ་དང་དུར་ཁྲོད་ཆས་དང་དཔལ་གྱི་ཆས་རྣམས་ཀྱི་བགྲང་ཚུལ་ཇི་ལྟར་ཡིན་ཞེས་དྲིས་པའི་ལན།། ལོ་ཆེན་དྷརྨ་ཤྲཱི།


MLP021_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་ཚུལ་དགུ་དང་རྒྱན་ཆས་བཅུ་གསུམ། ཁྲོ་བོའི་ཉམས་དགུ་དང་དུར་ཁྲོད་ཆས་དང་དཔལ་གྱི་ཆས་རྣམས་ཀྱི་བགྲང་ཚུལ་ཇི་ལྟར་ཡིན་ཞེས་དྲིས་པའི་ལན། ལོ་ཆེན་དྷརྨ་ཤྲཱི། ༈ ཞི་བའི་ཚུལ་དགུ་ནི། མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན་ལྔ་པོ་ཡུམ་གྱི་ཚུལ་དང་། གསལ་བ། འཚེར་བ། ལྷུན་སྡུག་པ། གཟི་བྱིན་ཆེ་བ་བཞི་ཡབ་ཀྱི་ཚུལ་ལོ། །ཞེས་བཞེད་པ་དང་། ཡང་ཡན་ལག་གསེར་ཞུན་ལྟར་མཉེན་པ་དང་། ཐབས་ཤེས་ཏེ་ཡབ་ཡུམ་ཕན་ཚུན་གཡུ་ལྗང་ལྟར་འཁྲིལ་བ། ཕྱག་སོར་སྦྲུལ་ལྟར་ལྕུགས་པ། སྐུ་རྐེད་ཐང་ཤིང་ལྟར་དྲངས་ཤིང་ལྡེམ་པ། སྐུ་ུབྱིས་པ་ལྟར་གཞོན་ཤ་ཆགས་པ། ཟླ་བ་ལྟར་གསལ་བ། ཉི་མ་ལྟར་འཚེར་བ། རི་རྒྱལ་ལྟར་ལྷུན་སྡུག་པ། ནོར་བུ་ལྟར་གཟི་བྱིན་དང་ལྡན་པ་ཞེས་བཞེད། ཡང་བཤད་ཚུལ་གཅིག་ལ། སྐུ་མཉེན་ཤ་ཆགས་པ་དང་། སྐུ་སྐབས་ཕྱེད་ཅིང་རིམ་པར་འཚམས་པས་ལྕུགས་པ་དང་། སྐུ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་ཤིང་ལྡེམ་པ་སྟེ་དྲང་བ་དང་། འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ཏེ་ལྔ་ནི་སྐུའི་ངོ་བོའི་ཡོན་ཏན་དང་། རྣམ་པའི་ཡོན་ཏན་ཡང་མཚན་དཔེས་སྤྲས་པའི་སྐུ་གཙང་ཞིང་འོད་གསལ་བ་དང་། སྐུ་བཀྲག་དང་ལྡན་པས་འཚེར་བའི་མདངས་གསལ་བ་དང་། བརྗིད་ཅིང་ཡིད་དུ་འོང་བས་ལྷུན་སྡུག་པ་དང་། ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བྱིན་འབར་བའོ། །ཞེས་གསུངས་ཏེ། ལུགས་གསུམ་གང་ལྟར་བཤད་ཀྱང་འགལ་བ་མེད་ཅིང་། འོན་ཀྱང་དང་པོ་ཡབ་ཡུམ་སོ་སོར་བཤད་པ་དང་། བར་པའང་འཁྲིལ་བ་སོགས་ཡབ་ཡུམ་ཟུང་འབྲེལ་མེད་ན་མི་ཚང་བས་ལུགས་གསུམ་པ་ལྟར་བཤད་ན་ཁྱབ་ཆེ་ཞིང་འཆད་བདེ་བར་སྣང་ངོ་། །ཞི་བའི་རྒྱན་ཆས་བཅུ་གསུམ་


MLP021_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་དར་གྱི་ཆས་ལྔ་ནི། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚི་གུ་སྟེ་ཞི་བ་ལྷ་རྒྱུད་ནས་སྨུག་པོ་ཡིན་པ་འདྲ་ཞིག་འབྱུང་ཡང་བླ་མ་རྣམས་བརླ་ཁྲའམ་ལྗང་ཁུའི་སྨད་དཀྲིས་ལ་བཞེད་དོ། །ཁ་དོག་སྣ་ཚོགས་པ་ལས་གྲུབ་པའི་སྙན་གོང་གཉིས་དར་གྱི་ཅོད་པན། ལྟག་པའི་ཕྱོགས་ནས་ཐུར་དུ་འཕྱང་བའི་ཟི་ལྡིར། གར་གྱི་ཕུ་རུང་སྟེ་གར་ཕོད་དོ༑ ༑དེ་ཡང་དར་དཔྱངས་ཞེས་གྲགས་པ་ནི་སྟོད་གཡོག་ལས་དཔྱངས་པས་སྟོད་གཡོགས་སུ་བགྲང་བ་ལས་ཟུར་དུ་མི་བགྲང་ངོ་། །གཉིས་པ་རིན་པོ་ཆེའི་རྒྱན་བརྒྱད་ནི། དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ་ནི་དོ་ཤལ་ཕྱེད་པ་སྟེ་ལྟེ་བའི་ཐད་ཙམ་སླེབ་པའི་ཕྲེང་བ། དོ་ཤལ་ནི་ལུས་ཚད་དང་མཉམ་པའི་ཕྲེང་བ། སྐ་རགས། ཕྱག་གདུབ། ཞབས་གདུབ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་དོ། །ཁྲོ་བོའི་ཉམས་དགུ་ནི། གློག་གི་ཕྲེང་བ་ལས། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་པས། སྒེག་པ་ནི་སྐུ་རྒྱན་གྱིས་སྤྲས་ཤིང་འཁྲིལ་བ་སོགས་ཀྱིས་འཆོར་སྒེག །དཔའ་བ་ནི་གཞན་གྱིས་ཐུབ་པར་དཀའ་བའི་སྟོབས་ཤུགས་མངའ་བ། མི་སྡུག་པ་ནི་མཐོང་བ་ཙམ་གྱིས་འཇིགས་པའི་ཁྲོ་ཉམས་ཏེ་སྐུའི་ཉམས་གསུམ། རྒོད་པ་ནི་ཆགས་པ་དགྱེས་པ་དང་ང་རྒྱལ་དྲེགས་པའི་རྒྱུ་ལས་བྱུང་བའི་བཞད་སྒྲ། དྲག་ཤུལ་ནི་ཚིག་རྩུབ་མོས་གཤེ་བ། འཇིགས་རུང་ནི་འབྲུག་ལྟར་ཆེམ་པའི་ང་རོ་དྲག་པོ་སྒྲོག་པ་སྟེ་གསུང་གི་ཉམས་གསུམ། སྙིང་རྗེ་ནི་དམིགས་པ་མེད་པའི་ཐུགས་རྗེས་སེམས་ཅན་རྗེས་སུ་འཛིན་པ༑ རྔམ་པ་ནི་ཁྲོ་ཆགས་ཀྱིས་ཐུགས་འཚེང་པ་ལྟ་བུའི་ཨུ་ུབྷུ་ཏ་ཞེས་ངོ་མཚར་བའི་ཡ་མ་ཟུང་གི་དོན་ནོ། །ཞི་བ་ནི་རྣམ་པར་མི་རྟོག་པའི་ཐུགས་ཏེ་ཐུགས་ཀྱི་ཉམས་གསུམ་མོ། །དུར་ཁྲོད་ཀྱི་ཆས་བརྒྱད་ནི། གླང་པོ་ཆེའི་ཀོ་རློན་དང་། ཞིང་ལྤགས་ཀྱི་སྟོད་གཡོག །སྟག་ཤམ་གྲོལ་བ་སྟེ་བགོ་བའི་གོས་གསུམ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་རྩེ་གསུམ་གྱི་རྣམ་པ༑ སྨིན་མཚམས་སམ་ཡང་ན་འབུར་བཞི་ལ་རཀྟའི་ཐིག་ལེ་པདྨའི་དབྱིབས་ཅན། མགྲིན་པར་ཞག་གི་ཟོ་རིས་ཟླ་གམ་གྱི་དབྱིབས་ཅན་ཏེ་བྱུག་པའི་རྩི་གསུམ། ཐོད་པའི་རྒྱན་དང་


MLP021_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ཆུན་ཏེ་གདགས་པའི་རྒྱན་གཉིས་སོ། །དེ་ལ་ཐོད་པའི་རྒྱན་ནི། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། ཐོད་རློན་ལྔ་བཅུ་རྒྱུ་མར་བརྒྱུས་པའི་དོ་ཤལ་ལམ། ལ་ལར་སྐམ་རློན་རྙིད་གསུམ་གྱི་དོ་ཤལ་ཚར་གསུམ་བཤད་པ་དང་། ཁ་ཅིག་ཏུ་ཐོད་ཚལ་གྱིས་དབུ་རྒྱན་བྱས་པའང་བཤད་དོ༑ ༑དེ་རྣམས་ཐམས་ཅད་རིགས་བསྡུས་ནས་ཐོད་པའི་རྒྱན་ཞེས་བྱའོ། །སྦྲུལ་ཆུན་ནི་ཀླུ་རྒྱལ་རིགས་དཀར་ཁྲས་དབུ་བརྒྱན་པ། རྗེ་རིགས་སེར་ཁྲས་སྙན་ཆ། བྲམ་ཟེའི་རིགས་དམར་ཁྲས་མགུལ་བརྒྱན། དམངས་རིགས་ནག་ཁྲས་སྐ་རགས། གདོལ་པའི་རིགས་ལྗང་ཁྲས་ཕྱག་ཞབས་ཀྱི་གདུ་བུ་བྱས་པ་སྟེ་རིགས་བསྡུས་ནས་སྦྲུལ་རྒྱན་ཞེས་གཅིག་ཏུ་བྱའོ། །ཡང་རུས་པའི་རྒྱན་དྲུག་ནི། སྤྱི་བོར་མི་རུས་ལས་བྱས་པའི་འཁོར་ལོ། རྣ་ཆ། མགུལ་རྒྱན། སེ་རལ་ཁ། གདུ་བུ། སྐ་རགས་ཀྱི་རྒྱན་འོག་པགས་ཏེ་དྲུག་ཡིན་ལ། ཡུམ་རྣམས་ལ་སེ་རལ་ཁ་སྤངས་པས་ཕྱག་རྒྱ་ལྔའོ། །དཔལ་གྱི་ཆས་དགུ་ནི། འཁོར་བའི་རུ་བཟློག་པའི་རྟགས་སུ་རལ་པ་གྱེན་བརྫེས། ཐབས་ཤེས་ཟུང་འཇུག་གི་རྟགས་རྡོ་རྗེའི་གཤོག་པ་གདེངས་པ། རྟག་ཆད་ཟིལ་གྱིས་གནོན་པའི་རྟགས་སུ་སྙན་གོང་གཡས་གཡོན་ན་དར་མཐིང་དམར་གྱི་ཅོད་པཎ་འཕུར་ཞིང་འཕྱང་བ། ལྟག་པར་རིག་པའི་ཆས་སྤྱི་བོར་རྡོ་རྗེ་ཕྱེད་པ། གཟི་བརྗིད་རབ་ཏུ་འབར་བའི་ཆས་བ་སྤུ་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པ། ཤེས་རབ་ཡུམ་གྱི་ཆས་ཡབ་ཡུམ་གཉིས་མེད་དུ་འཁྲིལ་བ། གནོད་གདུག་བཟློག་བྱེད་ལྕགས་ཀྱི་ཆས་དང་། ཉོན་མོངས་སྲེག་བྱེད་རྡོ་རྗེ་མེའི་ཆས་རྣམས་ཏེ་བཤད་ཚུལ་གཞན་ཡང་འབྱུང་ངོ་། །དཔལ་གྱི་ཆས་བཅུ་ནི༑ བདེ་འདུས་རྩ་རྒྱུད་ལས། རྒྱལ་བྱེད་ཆེན་པོ་ལྕགས་ཀྱི་ཆས་དང་། བསེ་ཁྲབ་དབང་གི་ཆས་དང་། གཅན་གཟན་གཟིག་གི་ཆས་དང་། སྤྲུལ་པ་རྡོ་རྗེའི་ཆས་དང་། གདུག་པ་སྦྲུལ་གྱི་ཆས་དང་། དཔའ་བོ་སྟག་གི་ཆས་དང་། གཟི་མདངས་ཞིང་ལྤགས་ཀྱི་ཆས་དང་། དམར་གསལ་ཁྲག་གི་ཆས་དང་། རྩལ་ཆེན་སེང་གེའི་ཆས་དང་། གཏུམ་པ་དོམ་གྱི་ཆས་ཏེ་དཔལ་གྱི་ཆས་བཅུས་བརྒྱན་པའི་སྐུར་བཞེངས་སོ། །ཞེས་པའི་བྲི་རྒྱུན་ལ་ལར་ཞིང་ལྤགས་སྟག་ལྤགས་སྦྲུལ་སོགས་དུར་ཁྲོད་ཆས་བརྒྱད་དུ་ཡོད་པས་འཐུས་པར་བྱས་ནས། བསེ་ཁྲབ་དང་


MLP021_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ལྕགས་སོགས་བྲིས་པའང་སྣང་ངོ་། །འོན་ཀྱང་ཀུན་འདུས་རིག་པའི་རྒྱུད་དུ་དབུ་རྒྱན་ལ་རྒྱལ་བྱེད་དཔའ་རྟགས་ཀྱི་མཚན་མ་འབར་བའི་རྒྱན་དུ་བཤད། རྒྱུད་དེ་ལས། རྒྱ་བྱེའུ་ལྕགས་ཀྱི་རྒྱལ་མཚན་དང་། གདུལ་བྱ་མི་ཡི་རྒྱལ་མཚན། གཅན་གཟན་གཟིག་གི་རྒྱལ་མཚན། སྤྲུལ་པ་རྡོ་རྗེའི་རྒྱལ་མཚན། རིན་ཆེན་སྦྲུལ་ནག་གི་རྒྱལ་མཚན། དཔའ་བོ་སྟག་གི་རྒྱལ་མཚན། གཟི་མདངས་མེའི་རྒྱལ་མཚན། དམར་གསལ་ཁྲག་གི་རྒྱལ་མཚན། རྩལ་ཆེན་སེང་གེའི་རྒྱལ་མཚན། གཏུམ་པ་དོམ་གྱི་རྒྱལ་མཚན་ཏེ། རྒྱལ་མཚན་དེ་རྣམས་ཀྱི་རྩེ་མོ་གཅིག་ཏུ་འདུས་ཏེ་གསེར་གྱི་གཙུག་ཏོར་ཏོག་སྟོང་འབར་བའོ། །ཞེས་གསུངས་པའི་ཕྱིར་དང་། རྒྱལ་མཚན་ཞེས་པའང་རྒྱ་ནག་གི་རྒྱལ་མཚན་ཤམ་བུ་ལ་སོགས་པའི་རྣམ་པ་ཅན་དུ་བྱས་པ་འདི་འདྲ་ནི་མིན་ཏེ། ཆས་དེ་དང་དེ་ཅོད་པཎ་གྱི་རྣམ་པ་ཅན་སྤྱི་བོར་འཁོར་ལོ་སོགས་ལས་རྒྱལ་བྱེད་ཀྱི་མཚན་མ་འབར་བའི་ཚུལ་དུ་སྣང་བ་ལགས་སོ། །དྷརྨ་ཤྲཱིས་སོ།། །།


previousཁྲོ་བོའི་ཉམས་དགུ་དང་དུར་ཁྲོད་ཆས་དང་དཔལ་གྱི་ཆས་རྣམས་ཀྱི་བགྲང་ཚུལ་ཇི་ལྟར་ཡིན་ཞེས་དྲིས་པའི་ལན།། ལོ་ཆེན་དྷརྨ་ཤྲཱི། next