Nitartha Digital Library
Tibetan
 
previousགཉིས་པ་འགྱུར་ཕྱག་ནི།next

གཉིས་པ་འགྱུར་ཕྱག་ནི།

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་སེམས་ཅན་ལ་བྱམས་པས་ཁྱབ་པས་ཐུགས་འཇམ། གསུང་སྙན་ཞིང་མཉེན་པས་གསུང་འཇམ། སྐུ་མདངས་ཕུན་སུམ་ཚོགས་པས་སྐུ་འཇམ། ཡང་ན་ཐུགས་སྒྲིབ་གཉིས་ཞི་བས་འཇ༷མ་པ་དང༌། སྤངས་རྟོགས་ཕུན་ཚོགས་ཀྱི་དཔལ་དང་ལྡན་པས་དཔ༷ལ་དང༌། ས་བརྒྱད་པ་གཞོན་ནུའི་ས་ལ་གནས་པའི་ཚུལ་བཟུང་བའམ་གཞོན་ནུའི་ཤ་ཚུགས་ཅན་ཡིན་པས་གཞོ༷ན་ནུ༷ར་གྱུ༷ར་པ༷་ལ༷་ལོ་ཙཱ་བ་སོགས་ཀྱིས་སྒོ་གསུམ་གུས་པས་ཕྱ༷ག་འཚ༷ལ་ལོ། །འཇམ་དཔལ་ལ་ཕྱག་འཚལ་བ་ནི་འཇུག་པའི་གཞུང་འདི་མངོན་པའི་སྡེ་སྣོད་དུ་གཏོགས་པས་སྔོན་གྱི་བཀས་བཅད་དང་མཐུན་པར་འགྱུར་ཕྱག་མཛད་པ་ཡིན་ནོ། །ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང༌། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །དེ་ཡང་རྗོད་བྱེད་ཀྱི་སྒོ་ནས། མདོ་དབྱངས་ལུང་ཚིགས། ཆེད་གླེང་རྟོགས་དེ། སྐྱེས་ཤིན་རྨད་གཏན་ཞེས་པ་ལྟར། གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཀུན་ལས་བཏུས་པར། ཆོས་ཞེས་བྱ་བ་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང་གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པའི་སྡེ་དང་དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང་ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་གཏན་ལ་ཕབ་པར་བསྟན་པའི་སྡེའོ་ཞེས་གསུངས་པ་ལྟར་རོ། །བརྗོད་བྱའི་སྒོ་ནས་སྡེ༷་སྣོ༷ད་ད༷ག་ནི༷་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་སྟེ་གསུ༷མ་མ༷མ་དེ་རྣམས་ཀྱང་ཐེག་པ་དམན་པ་ཉན་ཐོས་ཀྱི་སྡེ་སྣོད་དང༌། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉི༷ས་སུ་བསྡུས་ཀྱ༷ང་རུ༷ང་བའོ། །བྱང་ས་ལས། སྔར་བཤད་པ་ལྟར་ཤིན་ཏུ་རྒྱས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང༌། གཞན་ཐམས་ཅད་ཉན་ཐོས་ཀྱི་སྡེ་སྣོད་དུའང་གསུངས་ཤིང༌། ཀུན་ལས་བཏུས་པར་ཡང༌། དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང༌། དེ་ནས་༼གླེང་གཞི་སོགས༽གཞི་གཉིས་ཀའི་འདུལ་བའི་སྡེ་སྣོད་དང༌།

ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་དང་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དང་གཏན་ལ་ཕབ་པ་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དུ་གསུངས་ལ། ཉན་ཐོས་ཀྱི་སར་གླེང་གཞི་འདུལ་བ་དང་གཏན་ལ་ཕབ་པ་མངོན་པ་དང་གཞན་རྣམས་མདོ་སྡེར་ཡང་གསུངས་ཏེ། དེ་དག་ཀྱང་གཙོ་གང་ཆེའི་དབང་དུ་བྱས་པའོ། །ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན་གཞི་དང་ལམ་དང་འབྲས་བུ་ལ་སོགས་པ་ཤེས་བྱའི་དོན་ཐམས་ཅད་བསྡུ༷ས་པ༷འི་ཕྱི༷ར་ཏེ༷། དཔེར་ན་འབྲུ་མང་པོ་བསྡུས་པའི་སྣོད་ལ་འབྲུའི་སྣོད་ཅེས་བརྗོད་པ་བཞིན་ནོ། །རྒྱུ་ཅིའི་ཕྱིར་སྡེ་སྣོད་གསུམ་རྣམ་པར་བཞག་ཅེ་ན། སྤང་བར་བྱ་བ་གསུམ་དང༌། བསྒྲུབ་པར་བྱ་བ་གསུམ་དང༌། ཤེས་པར་བྱ་བ་གསུམ་གྱི་དབང་དུ་བྱས་ནས་རྒྱུ༷་ནི༷་དགུ༷་ཡིན་པར་འདོ༷ད་དོ། །དེ་ཡང་སྤང་བྱ་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་གང་ལ་ཐེ་ཚོམ་ཟ་བ་དེ་ཉིད་ངེས་པར་བྱ་བའི་ཆེད་དུ་ཤིན་ཏུ་གསལ་བར་སྟོན་པ་མདོ་སྡེ་དང༌། ཉེ་བའི་ཉོན་མོངས་པ་མཐའ་གཉིས་སུ་ལྷུང་བའི་གཉེན་པོར་ཁ་ན་མ་ཐོ་བ་དང་བཅས་པའི་སོག་འཇོག་ལ་སོགས་པ་བཀག་པས་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་ཞིང༌། ཁ་ན་མ་ཐོ་བ་མེད་པའི་གོས་འབུམ་རི་བ་ལ་སོགས་པའང་གནང་བས་ངལ་ཞིང་དུབ་པའི་མཐའ་སྤོང་བ་འདུལ་བ་དང༌། ཉེ་བའི་ཉོན་མོངས་པ་རང་གི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོར་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་བསྟན་པས་བློ་བྱང་ནས་ཕྱོགས་ཞེན་སྤོང་བར་བྱེད་པ་མངོན་པའི་སྡེ་སྣོད་རྣམས་རྣམ་པར་བཞག་གོ། །ཡང་བསྒྲུབ་བྱ་བསླབ་པ་གསུམ་ལ་བློ་བྱང་བར་བྱ་བའི་ཆེད་དུ་དེ་རྣམས་ཤིན་ཏུ་གསལ་བར་སྟོན་པ་མདོ་སྡེ་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་ཆེར་སྒྲུབ་པ་དང༌། ཚུལ་ཁྲིམས་དང་ལྡན་ན་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་ཐོབ་པས་ལྷག་པའི་སེམས་ཀྱི་བསླབ་པ་སྒྲུབ་པ་འདུལ་བ་དང༌། ཆོས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པའི་ཐབས་རྒྱ་ཆེར་བསྟན་ནས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྒྲུབ་པ་མངོན་པའི་སྡེ་སྣོད་རྣམས་རྣམ་པར་བཞག་གོ། །ཡང་ཤེས་བྱ་བསླབ་པ་གསུམ་གྱི་ཆོས་དང་དོན་ཤིན་ཏུ་གསལ་བར་བཤད་པས་བློ་བྱང་བར་བྱེད་པ་མདོ་སྡེ་དང༌། ཆོས་དང་དོན་སྒྲུབ་པའི་ཆེད་དུ་ཉོན་མོངས་པ་འདུལ་བ་ལ་བརྩོན་པས་ཆོས་དང་དོན་མངོན་སུམ་དུ་རྟོགས་པར་བྱེད་པ་འདུལ་བ་དང༌། ཆོས་དང་དོན་ལེགས་པར་རྟོགས་ཏེ་འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པ་ལ་མཁས་པས་ཆོས་ལ་རྫོགས་པར་སྤྱོད་པའི་བདེ་བ་ལ་གནས་པར་བྱེད་པ་མངོན་པའི་སྡེ་སྣོད་རྣམས་རྣམ་པར་གཞག་གོ། །བྱེད་ལས་སྡེ་སྣོད་གསུམ་པོ་དེ༷་ནི༷་ཐོས་པའི་སྒོ་ནས་སེམས་ཀུན་གཞིའི་རྣམ་ཤེས་ལ་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་པའི་བ༷ག་ཆ༷གས་གཞག་སྟེ། བསམ་པ་ལ་བརྟེན་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོ༷གས་པ་ད༷ང༌། བསྒོམས་པ་ལ་བརྟེན་ནས་ཞི་གནས་ཀྱིས་ཉོན་མོངས་པ་ཞི༷་བ༷་ད༷ང་ལྷག་མཐོང་གིས་ཆོས་ཉིད་མངོན་སུམ་དུ་ར༷བ་ཏུ༷་རྟོ༷གས་པར་བྱས་པ༷ས། རང་གཞན་འཁོར་བའི་སྡུག་བསྔལ་ལས་རྣ༷མ་པ༷ར་གྲོ༷ལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ཐོབ་པ༷ར་བྱེ༷ད་པའོ། །ཕྱེ་སྟེ་བཤད་པ་ལ། ཕན་ཡོན་དང་བཅས་ཏེ་མདོར་བསྟན་དང༌། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། མདོ་དང་ཆོས་མངོན་འདུལ་བ་དག།མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །མདོ༷་སྡེ་ད༷ང་ཆོ༷ས་མངོ༷ན་པ་དང་འདུ༷ལ་བ༷་སྟེ་སྡེ་སྣོད་གསུམ་པོ་དེ་ད༷ག་ཀྱང་མདོ༷ར་བསྡུས་ན༷་རེ་རེ་ཡང་དོ༷ན་ནི༷་རྣ༷མ་པ་བཞི༷་བཞི་དང་ལྡན་པར་འདོ༷ད་ཅིང༌། བློ༷་ད༷ང་ལྡ༷ན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ༷་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེ༷ས་ནས་སྒྲིབ་པ་གཉིས་སྤངས་པ་ལས་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་རྣ༷མ་པ༷་ཐ༷མས་ཅ༷ད་མཁྱེ༷ན་པ་ཉི༷ད་འཐོ༷བ་པོ། །ཉན་ཐོས་རྣམས་ནི་ཚིགས་སུ་བཅད་པ་གཅིག་གི་དོན་ཤེས་ན་ཤེས་སྒྲིབ་མ་སྤངས་ཀྱང་ཉོན་སྒྲིབ་སྤངས་པ་ཙམ་གྱིས་རང་དོན་དུ་དགྲ་བཅོམ་པ་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །རྒྱས་པར་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་སོགས་ལས་ཤེས་པརབྱའོ། །སྡེ་སྣོད་སོ་སོའི་ཚད་དང་དེ་དག་འགལ་བ་ཡིན་མིན་སོགས་ལ་དཔྱད་པར་བྱའོ། །


previousགཉིས་པ་འགྱུར་ཕྱག་ནི།next