སྐབས་བཞི་པའི་སྤྱི་དོན།
སྐབས་བཞི་པའི་སྤྱི་དོན་བཞུགས་སོ། །
གཉིས་པ་ཉམས་ལེན་གྱི་སྦྱོར་བཞི་བཤད་པ་ལ། དབང་དུ་བྱེད་པའི་རྒྱུ་འབྲས་བཤད་པ་དང་། བརྟན་པ་རྒྱུ་འབྲས་གཉིས། དང་པོ་ལ། རྒྱུ་རྣམ་རྫོགས་སྦྱོར་བ་དང་། འབྲས་བུ་རྩེ་མོ་སྦྱོར་བ་བཤད་པ་གཉིས། དང་པོ་ལ། འདིར་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་དང་། སྤྱི་དོན་གྱིི་སྒོ་ནས་བཤད་པ་གཉིས། དང་པོ་ནི། སྐབས་དང་པོ་གསུམ་མཁྱེན་གསུམ་གྱི་རྣམ་པ་རྒྱས་པར་བཤད་ནས་འདིར་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་རྣམ་རྫོགས་སྦྱོར་བས་སྒོམ་ཚུལ་ཤེས་པའི་ཆེད་ཡིན་པའི་ཕྱིར། སྒོམ་པ་ལ་དགོས་པ་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་ལ་གོམས་པ་དབང་དུ་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཡང་འགྲེལ་པ་ལས། །ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས། རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ། ཞེས་གསུངས་པའི་ཕྱིར། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་བསྟན་པ་དང་འདིར་དེ་གསུམ་བསྟན་པ་གཉིས་ལ་ཟློས་པའི་སྐྱོན་མེད་དེ། བརྗོད་ཚུལ་དང་དགོས་པ་མི་འདྲ་བའི་ཁྱད་པར་ཡོད་པའི་ཕྱིར། དེར་ཐལ། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་རང་གི་ངོ་བོ་དང་འཛིན་སྟངས་ཀྱི་སྒོ་ནས་བཤད། འདིར་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བའི་ཡུལ་དུ་བསྡུས་ནས་སྒོམ་ཚུལ་དང་། མཁྱེན་གསུམ་གྱི་རྣམ་པ་མཐའ་དག་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་སྒྲོ་འདོགས་ཀྱི་གཉེན་པོར་འགྱུར་ཚུལ་གྱི་སྒོ་ནས་འཆད་པའི་ཕྱིར། གཉིས་པ་ལ། མཁྱེན་གསུམ་བསྡུས་བ སྒོམ་གྱི་དོན་དང་། གཞུང་དོན་སོ་སོའི་བཤད་པ་གཉ ིས། དང་པོ་ལ་ཁ་ཅིག །མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཐུན་མོང་མ་ཡིན་པའི་རྣམ་ཐར་སྒོ་གསུམ་དུ་བསྡུས་ནས་བདེན་མེད་དུ་བསྒོམ་པ་དེ། མཁྱེན་གསུམ་བསྡུས་བ སྒོམ་གྱི་དོན་དུ་འདོད་པ་མི་འཐད་དེ། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་པའི་སྐབས་སུ་གཞི་མི་རྟག་སོགས་བཅུ་དྲུག་ཀྱང་རྣམ་རྫོགས་སྦྱོར་བའི་བསྒོམ་བྱར་བསྟན་པ་གང་ཞིག །དེ་ལྟར་སྒོམ་པའི་རྣམ་རྫོགས་སྦྱོར་བ་དེ་བདེན་མེད་རྟོགས་པའི་ཡེ་ཤེས་མ་ཡིན་པའི་ཕྱིར། གཞན་ཡང་། དེ་མི་འཐད་དེ། ཚོགས་ལམ་གྱི་གནས་སྐབས་སུ་རྣམ་རྫོགས་སྦྱོར་བས་མཁྱེན་གསུམ་བསྡུས་བསྒོམ་གྱི་ཉམས་ལེན་བྱེད་ནུས་པ་གང་ཞིག །སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱི་ཐོག་མ་ནི་སྦྱོར་ལམ་དྲོད་ནས་འབྱུང་བའི་ཕྱིར། རང་ལུགས་མཁྱེན་གསུམ་བསྡུས་བསྒོམ་གྱི་དོན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་དོན་གསུམ་རྣམ་རྫོགས་སྦྱོར་བའི་འཛིན་སྟངས་ཀྱི་ཡུལ་དུ་བསྡུས་ནས་ཉམས་སུ་ལེན་པ་དེ། འདིར་མཁྱེན་གསུམ་བསྡུས་བ སྒོམ་གྱི་དོན་ཡིན་པའི་ཕྱིར། མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་ཡོད་དེ། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན། ལམ་ཤེས་ཀྱིི་རྣམ་པ་སོ་དྲུག རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ཡོད་པའི་ཕྱིར། ༈ གཉིས་པ་ལ། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་སོགས་ཀྱི་སྐབས་སུ། འདིར་བསྟན་པའི་རྣམ་པ་ངོས་བཟུང་བ། རྣམ་པ་གཉེན་པོའི་མཚན་ཉིད་དུ་བཤད་པའི་དོན། རྣམ་པ་མདོ་ལས་བསྟན་ཚུལ། བསྟན་བཅོས་ཀྱི་བསྡུ་ཚུལ། རྣམ་པ་སྒོམ་ཚུལ་དང་ལྔ། དང་པོ་ཡོད་དེ། སྤྱིར་རྣམ་པ་ཞེས་པའི་སྒྲ་ནི་དོན་དུ་མ་ལ་འཇུག་ཀྱང་འདིར་གཞིའི་ཁྱད་པར་ལ་འཇུག་པའི་དབང་དུ་མཛད་པའི་ཕྱིར་ཏེ། འདིར་སྡུག་ཀུན་གྱི་སྟེང་གི་མི་རྟག་པ་དང་སྟོང་པ་དང་བདག་མེད་པ་སོགས་ལ་དོན་གྱི་རྣམ་པ་ཞེས་བྱ་ལ། དེ་དག་རྟོགས་པའི་ཡེ་ཤེས་ལ་ཤེས་པའི་རྣམ་པ་ཞེས་བརྗོད་པའི་ཕྱིར། གཉིས་པ་ཡོད་དེ།'སྐབས་འདིར་ཉེར་ལེན་གྱི་ཕུང་པོའི་མི་རྟག་པ་སོགས་ཀྱི་རྣམ་པ་ཤར་བའི་སྒོ་ནས་ཉེར་ལེན་གྱི་ཕུང་པོ་རྟག་པར་འཛིན་པའི་སྒྲོ་འདོགས་སོགས་ལ་དངོས་སུ་གནོད་བྱེད་ཀྱི་སེམས་དཔའི་ཡེ་ཤེས་ལྟ་བུ། ཉེར་ལེན་གྱི་ཕུང་པོ་རྟག་འཛིན་སོགས་ཀྱི་གཉེན་པོའི་མཚན་ཉིད་དུ་འགྱུར་བའི་དོན་ཡིན་པའི་ཕྱིར་ཏེ། རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་པའི་དམིགས་ཡུལ་དོན་གྱི་རྣམ་པ་ལེགས་པར་ཤར་ནས་རྟོགས་པའི་ཡེ་ཤེས་ཞིག །འདིར་བསྟན་གཉེན་པོའི་མཚན་ཉིད་དུ་བཤད་པ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དམིགས་སུ་མེད་པའི་ཕྱིར། ཞེས་པ་ནས། ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་བ། ཆོས་ཀྱི་དབྱིངས་ལ་གནས་པ་ཉིད་ཀྱི་ཕྱིར། ཞེས་པའི་བར་གྱིས་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་འཕངས་ནས་བསྟན། ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། དངོས་པོ་མེད་པ་ངོ་བོ་ཉིད་ཀྱི་ཕ་རོལ་ཕྱིན་པའི་ཞེས་པའི་བར་གྱིས་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་བསྟན། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཆོས་ཐམས་ཅད། རྣམ་པ་ཐམས་ཅད་དུ་སངས་རྒྱས་པའི་ཕྱིར་རོ་ཞེས་པའི་བར་གྱིས་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་འཕངས་ཏེ་བསྟན་པའི་ཕྱིར། དེ་དག་གི་དོན་རྣམ་དང་ཤེས་རྣམ་གཉིས་ཀྱི་ནང་ནས་དོན་རྣམ་དངོས་སུ་བསྟན་ནས་ཤེས་རྣམ་ཤུགས་ལ་འཕངས་ཀྱང་གཞུང་ཕྱི་མས་ཤེས་རྣམ་ཡང་དངོས་སུ་བསྟན་ཏེ། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་འདིས་ཤེས་རྣམ་དངོས་སུ་བསྟན་པའི་ཕྱིར། བཞི་པ་མདོ་དེ་དག་གི་དོན་བསྟན་ཚུལ་ཡོད་དེ། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་པས་ན། ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་པའི་བར་གྱིས་མདོ་དང་པོའི་དོན་བསྡུས་ནས་བསྟན། རྒྱུ་དང་ལམ་དང་སྡུག་བསྔལ་དང་། ཞེས་པ་ནས། ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་པའི་བར་གྱིས་མདོ་བར་པའི་དོན་བསྡུས། དྲན་པ་ཉེར་བཞག་ནས་བཟུང་སྟེ། ཞེས་པ་ནས། སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་པའི་བར་གྱིས་མདོ་ཕྱི་མའི་དོན་བསྡུས་ནས་བསྟན་པའི་ཕྱིར། ལྔ་པ་ཡོད་དེ་ཐབས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་ཉེར་ལེན་གྱི་ཕུང་པོ་མི་རྟག་པར་བ སྒོམས་པ་དེ་གཞི་ཤེས་ཀྱི་རྣམ་པ་སྒོམ་ཚུལ་ཡིན་པས་ནས། ངེས་ཟིན་པའི་སྒོ་ནས་སྟོང་ཉིད་ཟབ་མོ་སྒོམ་པ་ནི་སངས་རྒྱས་ཉིད་ཀྱི་རྣམ་མཁྱེན་གྱི་རྣམ་པ་སྒོམ་ཚུལ་ཡིན་པའི་ཕྱིར། བསྒོམ་བྱ་སྒོམ་བྱེད་གཉིས་ཡ་བྲལ་དུ་བྱས་ནས་སྒོམ་པ་མ་ཡིན་ཏེ། ཉེར་ལེན་གྱི་ཕུང་པོ་མི་རྟག་པར་རྟོགས་པའི་ཡེ་ཤེས་བ སྒོམས་པ་ནི་དེ་རྟོགས་ཀྱི་གཞི་ཤེས་སྒོམ་པ་ཡིན་ལ། དེ་སྒོམ་པ་ཡང་ཉེར་ལེན་གྱི་ཕུང་པོ་མི་རྟག་པ་བ སྒོམས་པ་ཉིད་ཡིན་པའི་ཕྱིར། སྒོམ་ཚུལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད་པའི་ཕྱི་མ་ནི་བློ་ངོར་བསྐྱེད་ནས་བ སྒོམས་པར་བྱེད་ཡིན་ཏེ། བློ་ངོར་རྣམ་པ་མ་ཤར་བར་བསྒོམ་པ་ནི་འཇོག་སྒོམ་རྣམ་དག་ཏུ་འགྱུར་དཀའ་བའི་ཕྱིར། རང་རྒྱུད་ཀྱི་བློ་ངོར་བསྐྱེད་པ་ཙམ་གྱིས་བློ་ངོར་སྐྱེས་པ་ཡིན་མི་དགོས་ཏེ། རྣམ་མཁྱེན་ལྟ་བུ་བསྒོམ་པ་ནི་བློ་ངོ་བོར་དོན་གྱི་རྣམ་པ་ཤར་བ་ཙ མ་ཡིན་གྱི་རང་རྒྱུད་ལ་སྐྱེས་པའི་ཚུལ་གྱིས་སྒོམ་པ་མ་ཡིན་པའི་ཕྱིར། མཁས་པ་ཁ་ཅིག་མཁྱེན་གསུམ་གྱི་དོན་རྣམ་ཐམས་ཅད་མཁྱེན་གསུམ་གྱི་རྣམ་པར་བཞེད་ཀྱང་རང་ལུགས་ལ་དེ་ནི་མ་ཡིན་ཏེ། མཁྱེན་གསུམ་གང་རུང་གི་རྣམ་པ་ཡིན་ན། དེའི་ཤེས་རྣམ་ཡིན་དགོས་པར་འདོད་པའི་ཕྱིར། ༈ མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་སོགས་ཀྱི་སྐབས་སུ་འདིར་རང་ངོས་སུ་བསྟན་པའི་གཞི་ཤེས་ཀྱི་རྣམ་པའི་ངོ་བོ་ཡོད་དེ། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་སློབ་པ་འཕགས་པའི་མཁྱེན་པ་དེ། དེའི་ངོ་བོར་འཇོག་པའི་ཕྱིར། དེ་ལ་དབྱེ་ན་ཉེར་བདུན་ཡོད་དེ། བདེན་པ་དང་པོ་གསུམ་ལ་དམིགས་པ་བཞི་བཞི་དང་ལམ་བདེན་ལ་དམིགས་པ་བཅོ་ལྔ་ཡོད་པའི་ཕྱིར། སྡུག་བདེན་ལ་དམིགས་པ་བཞི་ཡོད་དེ། སྡུག་བསྔལ་རྟག་པར་མེད་པ་དང་། དོན་དམ་པར་མི་སྐྱེ་བ་དང་། དོན་གཞན་གྱིས་སྟོང་པ་དང་། རང་གི་ངོ་བོར་འགྱུར་པའི་བདག་གིས་མི་བརྫི་བ་བཞི་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བྱང་སེམས་ཀྱི་གཞི་ཤེས་ཀྱི་རྣམ་པ་བཞི་ཡོད་པའི་ཕྱིར། ཀུན་འབྱུང་ལ་དམིགས་པ་བཞི་ཡོད་དེ། རྣམ་པ་བཞི་རིམ་པ་བཞིན་དོན་དམ་པར་གནས་མེད་པ་དང་། ནམ་མཁའ་དང་འདྲ་བ་དང་། བརྗོད་དུ་མེད་པ་དང་། མིང་མེད་པ་དང་བཞི་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བཞི་ཡོད་པའི་ཕྱིར། འགོག་བདེན་ལ་དམིགས་པ་བཞི་ཡོད་དེ། རྣམ་པ་བཞི་རིམ་པ་བཞིན་དོན་དམ་པར་འགྲོ་བ་མེད་པ་དང་། མི་འཕྲོག་པ་དང་། མི་ཟད་པ་དང་། སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བཞི་ཡོད་པའི་ཕྱིར། ལམ་བདེན་ལ་དམིགས་པ་བཅོ་ལྔ་ཡོད་དེ། བྱེད་པ་པོ་གང་ཟག་གི་བདག་མེད་པ་དང་། ཤེས་པ་པོ་དང་། འཕོ་བ་པོ་དང་། འདུལ་བ་པོའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་བཞི་དང་། ཕྱི་དོན་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་དང་། མ་འགག་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པའི་ངོ་བོར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་སྒོམ་ལམ་ལྔ་དང་། ཕྱི་དོན་གྱིས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། བག་ཆགས་ཀྱིས་མ་གོས་པ་དང་། དབྱེ་བའི་སྤྲོས་པ་མེད་པ་དང་། དེར་རློམ་པ་མེད་པ་དང་། གཟུང་བྱ་དོན་གཞན་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དྲུག་དང་བཅོ་ལྔ་ཡོད་པའི་ཕྱིར། དེ་དག་བསྡུ་ན་ཉེར་བདུན་ཡིན་ཏེ། བདེན་པ་དང་པོ་གསུམ་ལ་བཅུ་གཉིས་དང་ལམ་བདེན་ལ་དམིགས་པའི་མཐོང་ལམ་ཟག་མེད་བཞི། སྒོམ་ལམ་ཟག་བཅས་ལྔ། ཟག་མེད་དྲུག་ཡིན་པའི་ཕྱིར། ༈ རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་སོགས་ཀྱི་སྐབས་སུ། འདིར་དངོས་སུ་བསྟན་པའི་ལམ་ཤེས་ཀྱི་རྣམ་པའི་ངོ་བོ་ཡོད་དེ། ལམ་ཤེས་གསུམ་གང་རུང་གི་རྣམ་པ་ཉམས་སུ་ལེན་པའི་བྱང་འཕགས་ཀྱི་མཁྱེན་པ་དེ། དེའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་སོ་དྲུག་ཡོད་དེ། དེར་གྱུར་པའི་ཀུན་འབྱུང་ལ་དམིགས་པ་བརྒྱད། ལམ་བདེན་ལ་དམིགས་པ་བདུན། སྡུག་བདེན་ལ་དམིགས་པ་ལྔ། འགོག་བདེན་ལ་དམིགས་པའི་རྣམ་པ་བཅུ་དྲུག་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུའི་རྣམ་པ་འདུན་སྲེད་དང་། འདོད་སྲེད་དང་། ཡང་སྲིད་ལ་དགའ་བའི་གཉེན་པོ་མཐོང་ལམ་གསུམ། ཀུན་འབྱུང་གི་འདོད་ཆགས་སོགས་གསུམ་གྱི་གཉེན་པོ་མཐོང་ལམ་གསུམ། རབ་སྐྱེའི་གཙང་བདེ་རྟག་བ དག་ཏུ་འཛིན་པའི་གཉེན་པོ་མཐོང་ལམ་གཅིག །རྐྱེན་གྱི་རང་དབང་གི་སེམས་ཅན་དུ་ཞེན་པའི་གཉེན་པོ་ཐེག་ཆེན་གྱི་མཐོང་ལམ་གཅིག་སྟེ་བརྒྱད་དང་། ལམ་བདེན་གྱི་རྣམ་པ་སེམས་ཅན་ཚད་མེད་པ་ལ་ཐར་པའི་གོ་སྐབས་འབྱེད་པ་དང་། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་བར་བྱེད་པའི་མཐོང་ལམ་གཉིས་རིག་པའི་ཆོས་ཐམས་ཅད་བདེན་སྟོང་དུ་ཐ་མི་དད་པར་རྟོག་པ་དང་། ཉན་རང་གི་ལམ་མཆོག་ཏུ་མི་འཛིན་པའི་མཐོང་ལམ་གཉིས། སྒྲུབ་པའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་དང་། གཞལ་དུ་མེད་པར་རྟོགས་པའི་མཐོང་ལམ་གཉིས། ངེས་འབྱིན་གྱི་ཆོས་ཐམས་ཅད་ལ་དོན་དམ་པར་མ་ཆགས་པའི་རྣམ་པ་ཅན་གྱི་མཐོང་ལམ་སྟེ་བདུན་དང་། སྡུག་བདེན་གྱི་རྣམ་པ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་པ་དང་དོན་དམ་པ་མཚན་ཉིད་མེད་པར་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ལྔ་དང་། འགོག་བདེན་གྱི་རྣམ་པ་བཞི་ལ། དེར་གྱུར་པའི་ནང་སྟོང་པ་ཉིད་ལ་སོགས་པའི་སྟོང་ཉིད་བཅུ་དྲུག་རྟོགས་པའི་དབྱེ་བས་དེ་ལྟར་དུ་ཡོད་པའི་ཕྱིར། ༈ དྲན་པ་ཉེར་བཞག་ནས་བཟུང་སྟེ། །ཞེས་སོགས་ཀྱི་སྐབས་སུ། འདིར་བསྟན་རྣམ་མཁྱེན་གྱི་རྣམ་པའི་ངོ་བོ་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་བ སྒོམས་པའི་ཡེ་ཤེས་མཐར་ཐུག་དེ། དེའི་ངོ་བོ་ཡིན་པའི་ཕྱིར། དབྱེ་ན། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། ཞེས་གསུངས་པ་ལྟར་གསུམ་ཡོད་དེ། ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བདུན། བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བཞི། ཐུན་མོང་མ་ཡིན་པའི་རྣམ་པ་སོ་དགུ་ཡོད་པའི་ཕྱིར་ཏེ། སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཞེས་གསུངས་པའི་ཕྱིར། དེ་ལྟར་གསུངས་པ་ནི་རྟེན་སོ་སོར་ཕྱེ་བའི་དབང་དུ་མཛད་ཀྱི། སྤྱིར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་གཉིས་མི་འགལ་ཏེ། དང་པོ་ཡིན་ན་གཉིས་པ་ཡིན་དགོས་པའི་ཕྱིར། དེ་ལྟར་བཤད་པའི་རྒྱུ་མཚན་ཡོད་དེ། །སངས་རྒྱས་ཀྱི་ས་ན་ཡང་མཁྱེན་གསུམ་གྱི་རྣམ་པ་ཡར་ལྡན་གྱི་ཚུལ་དུ་རྫོགས་པར་ཡོད་དོ་ཞེས་གོ་བ་སོགས་ཀྱི་ཆེད་ཡིན་པའི་ཕྱིར། སྡེ་ཚན་དང་པོ་གཉིས་ནི་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དང་ཕྱི་མ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་ཏེ། དང་པོ་གཉིས་རིམ་པ་བཞིན་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་དང་། ཕྱི་མ་སངས་རྒྱས་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་པའི་ཕྱིར། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་གཉིས་ཀྱི་རྒྱུད་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་ཡོད་ཀྱང་དེ་གཉིས་ཀྱི་རྒྱུད་ལ་ཡོད་པའི་རྣམ་མཁྱེན་གྱི་རྣམ་པ་མེད་དེ། དེ་གཉིས་ཀྱི་རྒྱུད་ལ་རྣམ་མཁྱེན་མེད་པའི་ཕྱིར། སྡེ་ཚན་དང་པོ་དེ་བྱང་ཕྱོགས་སོ་བདུན་གྱི་དབང་དུ་བྱས་ནས་བཞག་པ་སྟེ། འདི་ལ། སྒྲ་དོན། དབྱེ་བ། ས་མཚམས་དང་གསུམ། དང་པོ་ཡོད་དེ། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་དེ་བྱང་ཆུབ་ཡིན་ཞིང་དེ་ཐོབ་པ་དང་རྗེས་སུ་མཐུན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་དེ་ལ་སྡེ་ཚན་བདུན་ཡོད་དེ། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་ཡོད་པའི་ཕྱིར། དང་པོ་ལ། རང་གི་དམིགས་ཡུལ་སོ་སོར་དཔྱད་ནས་དྲན་པས་མི་བརྗེད་པར་འཛིན་པའི་ལྟ་བའི་ཆར་གཏོགས་ཀྱི་མཁྱེན་པ་ཞིག །དྲན་པ་ཉེར་བཞག་གི་ངོ་བོ་དང་། དེ་ལ་བཞི་ཡོད་དེ། ལུས་དྲན་པ་ཉེར་བཞག །ཚོར་བ་དྲན་པ་ཉེར་བཞག །སེམས་དྲན་པ་ཉེར་བཞག །ཆོས་དྲན་པ་ཉེར་བཞག་དང་བཞི་ཡོད་པའི་ཕྱིར། སོ་སོའི་དམིགས་ཡུལ་ཡོད་དེ། ལུས་ཚོར་སེམས་ཆོས་བཞི་ལ་དམིགས་པའི་ཕྱིར། དམིགས་ཚུལ་ཡོད་དེ། རང་གི་ལུས་འདི་ལྟ་བུ་ནི་མི་གཙང་བ་དང་། ཚོར་བ་སྡུག་བསྔལ་བ་དང་། སེམས་མི་རྟག་པ་དང་། ཆོས་བདག་མེད་པར་དམིགས་པའི་ཕྱིར། དགོས་པ་ཡོད་དེ། བྱིས་པ་རྣམས་ཀྱིས་ལུས་གཙང་བ་དང་བདག་གི་ངོ་བོར་ཕྱིན་ཅི་ལོག་ཏུ་ཞེན། ཚོར་བ་བདེ་བ་དང་བདག་གི་ལོངས་སྤྱད་བྱར་ཞེན། སེམས་རྟག་པ་དང་བདག་གི་དངོས་པོར་ཞེན། ཆོས་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་གཞིར་ཕྱིན་ཅི་ལོག་ཞེན་པས་ཞེན་པ་དེ་དག་བཟློག་པའི་ཆེད་དུ་སྒོམ་དགོས་པའི་ཕྱིར། གཉིས་པ་ལ། བདེན་བཞིའི་བླང་དོར་གང་རུང་ལ་སྤྲོ་བའི་ལྟ་བའི་ཆར་གཏོགས་ཀྱི་མཁྱེན་པ་ཞིག །ཡང་དག་སྤོང་བའི་ངོ་བོ་དང་། དེ་ལ་བ ཞི་ཡོད་དེ། མི་དགེ་བའི་ཆོས་སྐྱེ་འགྱུར་མི་སྐྱེ་བ་དང་། སྐྱེས་ཟིན་སྤོང་བ་དང་། དགེ་བ་སྐྱེ་འགྱུར་སྐྱེད་པ་དང་། སྐྱེས་ཟིན་སྤེལ་བར་བྱེད་པའི་ཡང་དག་སྤོང་བ་བཞི་ཡོད་པའི་ཕྱིར། གསུམ་པ་ལ། སྤྲུལ་སྒྱུར་སྣ་ཚོགས་ཀྱི་རྟེན་བྱེད་པའི་རིགས་གནས་ཀྱི་མཁྱེན་པ་ཞིག །རྫུ་འཕྲུལ་གྱི་རྐང་པའི་ངོ་བོ་དང་། དེ་ལ་བཞི་ཡོད་དེ། དེར་གྱུར་པའི་འདུན་པ་དང་། བརྩོན་འགྲུས་དང་། སེམས་པ་དང་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་བཞི་ཡོད་པའི་ཕྱིར། བཞི་པ་ལ། རང་འབྲས་འཕགས་ལམ་བསྐྱེད་པ་ལ་དབང་བྱེད་པའི་སྦྱོར་ལམ་ཐོབ་པའི་དད་སོགས་ཀྱི་བསྡུས་པའི་མཁྱེན་པ་ཞིག འདིར་བསྟན་གྱི་དབང་པོའི་ངོ་བོ་དང་། དེ་ལ་ལྔ་ཡོད་དེ། དེར་གྱུར་པའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་དང་ལྔ་ཡོད་པའི་ཕྱིར། ལྔ་པ་ལ། རང་འབྲས་འཕགས་ལམ་བསྐྱེད་པ་ལ་སྟོབས་དང་ལྡན་ཅིང་སྦྱོར་ལམ་བཟོད་པ་ཐོབ་པའི་དད་སོགས་ཀྱིས་བསྡུས་པའི་མཁྱེན་པ་ཞིག །འདིར་བསྟན་སྟོབས་ཀྱི་ངོ་བོ་དང་། དེ་ལ་ལྔ་ཡོད་དེ། དེར་གྱུར་པའི་དད་པའི་སྟོབས་ནས་ཤེས་རབ་ཀྱི་སྟོབས་ཀྱི་བར་ལྔ་ཡོད་པའི་ཕྱིར། སྤྱིར་དབང་སྟོབས་གཉིས་ཀྱི་ངོ་བོ་འདྲ་ཡང་ཁྱད་པར་ཡོད་དེ། དབང་པོ་ལྔ་ནི་མི་མཐུན་ཕྱོགས་མ་དད་པ་སོགས་ཀྱིས་ཚུར་ཟིལ་གྱིས་མི་གནོན་པ་ཡིན་ལ། སྟོབས་ལྔས་ནི་མ་དད་པ་སོགས་ཕར་ཟིལ་གྱིས་གནོན་པར་བྱེད་པའི་ཕྱིར། དྲུག་པ་ལ། བྱང་ཆུབ་ཀྱི་ཆ་ཤས་སམ་རང་འབྲས་བྱང་ཆུབ་ཀྱི་རྒྱུ་བྱེད་པའི་འཕགས་རྒྱུད་ཀྱི་མཁྱེེན་པ་ཞིག །བྱང་ཆུབ་ཀྱི་ཡན་ལག་གི་ངོ་བོ་དང་། དེ་ལ་བདུན་ཡོད་དེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དེ་བཞིན་དུ་ཆོས་རབ་ཏུ་རྣམ་འབྱེད་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བདུན་ཡོད་པའི་ཕྱིར། བདུན་པ་ལ། ཡང་དག་པའི་ལྟ་བ་སོགས་བརྒྱད་པོ་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་ཞིག །འཕགས་ལམ་ཡན་ལག་གི་ངོ་བོ་དང་། དེ་ལ་བརྒྱད་ཡོད་དེ། དེར་གྱུར་པའི་ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག །ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་དང་བརྒྱད་ཡོད་པའི་ཕྱིར། གསུམ་པ་དེ་དག་གི་ས་མཚམས་ཡོད་དེ། ཐོབ་སྐལ་རྩིས་པའི་དབང་དུ་བྱས་ནས་དྲན་ཉེ་ཚོགས་ལམ་དང་། ཡང་དག་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དབང་སྟོབས་བཞི་རིམ་པ་བཞིན་སྦྱོར་ལམ་དྲོད་སོགས་བཞི་དང་། བྱང་ཆུབ་ཀྱི་ཡན་ལག་དང་འཕགས་ལམ་ཡན་ལག་ནི། མཐོང་ལམ་གྱི་གནས་སྐབས་སུ་ཐོབ་པར་བཞེད་པའི་ཕྱིར་རོ། ། ༈ གཉིས་པ། བྱང་སེམས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ ་འཆད་པའི་སྐབས་སུ་དེའི་ལམ་བཤད་པ་ལ། གཉེན་པོའི་ལམ། སྤྲུལ་པའི་ལམ། མཐོང་ཆོས་ལ་བདེར་གནས་ཀྱི་ལམ། འདས་ལམ། སྤོང་ལམ། སངས་རྒྱས་ཀྱི་ལམ་དང་དྲུག ། དང་པོ་ནི། ལམ་ཤེས་པ་ཉིད་ལ་གཉེན་པོའི་ལམ་ལ་ཞེས་སོགས་ཀྱི་སྐབས་སུ་རྣམ་ཐར་སྒོ་གསུམ་ལ། ཐུན་མོང་བའི་རྣམ་ཐར་སྒོ་གསུམ་དང་། ཐུན་མོང་མ་ཡིན་པའི་རྣམ་ཐར་སྒོ་གསུམ་གཉིས། དང་པོ་ཡོད་དེ། བདེན་བཞིའི་ནང་ཚན་གྱི་སྟོང་བདག་མེད་ཀྱི་རྣམ་པ་ཅན་གྱི་རྣམ་པར་ཐར་པའི་སྒོ་དེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང་ཀུན་འབྱུང་གི་རྣམ་པ་བཞིའི་རྣམ་པ་ཅན་གྱི་རྣམ་པར་ཐར་པའི་སྒོ་དེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་། འགོག་ལམ་གྱི་རྣམ་པ་བརྒྱད་ཀྱི་རྣམ་པ་ཅན་གྱི་རྣམ་པར་ཐར་པའི་སྒོ་དེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་པའི་ཕྱིར། ཐུན་མོང་མ་ཡིན་པའི་རྣམ་ཐར་སྒོ་གསུམ་གྱི་ཁྱད་པར་ཡོད་དེ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་དང་། རྒྱུ་དང་། འབྲས་བུ་གསུམ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་རྣམ་ཐར་སྒོ་གསུམ་ནི་རིམ་པ་བཞིན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། སྒོ་མཚན་མེད་དང་། སྒོ་སྨོན་མེད་དུ་འཇོག་པའི་ཕྱིར། གཉིས་པ་ནི། སྤྲུལ་པའི་ལམ་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པ་དང་ཞེས་སོགས་ཀྱི་སྐབས་སུ། རྣམ་ཐར་ལ་གསུམ་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། གེགས་སེལ་སྡུག་པའི་རྣམ་ཐར་དང་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་ཁྱད་པར་ཡོད་དེ། བསམ་གཏན་གཟུགས་མེད་ཀྱི་དངོས་གཞི་གང་རུང་ལ་བརྟེན་ནས་རྣལ་འབྱོར་བ་རང་ལུས་ལ་གཟུགས་ཀྱི་འདུ་ཤེས་ཉེ་བར་བཞག་པའི་སྒོ་ནས་ཕྱིའི་གཟུགས་ཆེ་ཆུང་བཟང་ངན་སོགས་ལ་དམིགས་ནས་སྤྲུལ་སྒྱུར་སྣ་ཚོགས་བྱེད་པའི་གཟུགས་ཅན་གྱི་རྣམ་ཐར་དེ་དང་པོ་དང་། དེ་གང་རུང་ལ་བརྟེན་ནས་རྣལ་འབྱོར་བ་རང་ལུས་ལ་གཟུགས་མེད་པའི་འདུ་ཤེས་ཉེ་བར་བཞག་པ་སོགས་སྔར་བཞིན་བྱེད་པའི་གཟུགས་ཅན་གྱི་རྣམ་ཐར་དེ་གཉིས་པ་དང་། དེ་གང་རུང་ལ་བརྟེན་ནས་རྣལ་འབྱོར་པ་རང་ལུས་ལ་གཟུགས་མེད་པའི་འདུ་ཤེས་ཉེ་བར་བཞག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་སྡུག་མི་སྡུག་ཕན་ཚུན་ལྟོས་ནས་གྲུབ་པ་དང་རྗེས་སུ་འབྲེལ་བར་མོས་པ་ལ་བརྟེན་ནས་མཐར་གཟུགས་སྣང་ཐམས་ཅད་སྡུག་པར་རོ་གཅིག་ཏུ་སྣང་བའི་རིགས་གནས་ཀྱིི་གཟུགས་ཅན་གྱི་རྣམ་ཐར་དེ་གསུམ་པ་ཡིན་པའི་ཕྱིར། གཟུགས་སྡུག་མི་སྡུག་ནི་ཕན་ཚུན་ལྟོས་པ་ཡིན་པའི་ཕྱིར་ཏེ། དངུལ་བུམ་གྱི་གཟུགས་དེ་ཟངས་བུམ་གྱི་གཟུགས་ལ་ལྟོས་ནས་སྡུག་ཅིང་ཡིད་དུ་འོང་ལ། གསེར་བུམ་གྱི་གཟུགས་ལ་ལྟོས་ཏེ་མི་སྡུག་ཅིང་ཡིད་དུ་མི་འོང་བ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ནི། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་ཞེས་སོགས་ཀྱི་སྐབས་སུ། ལམ་དེ་ལ་ལྔ་ཡོད་དེ། གཟུགས་མེད་ཀྱི་རྣམ་ཐར་བཞི་དང་། འགོག་པའི་རྣམ་ཐར་ཏེ་ལྔ་ཡོད་པའི་ཕྱིར། བཞི་པ་ནི། འཇིག་རྟེན་ལས་འདས་པའི་ལམ་ལ་བསམ་གཏན་བཞི་དང་། ཞེས་སོགས་ཀྱི་སྐབས་སུ། འདས་ལམ་ལ་དགུ་ཡོད་དེ། དེར་གྱུར་པའི་བསམ་གཏན་གྱི་སྙོམས་འཇུག་བཞི་དང་། གཟུགས་མེད་ཀྱི་སྙོམས་འཇུག་བཞི་དང་། འགོག་པའི་སྙོམས་འཇུག་གཅིག་སྟེ་དགུ་ཡོད་པའི་ཕྱིར། འགོག་སྙོམས་ཀྱི་ངོ་བོ་ཡོད་དེ། སྲིད་རྩེའི་དངོས་གཞི་ལ་བརྟེན་ནས་དགག་གཞི་ཡིད་ཤེས་ཕྲ་མོའི་སྟེང་དུ་དགག་བྱ་ཚོར་འདུ་རགས་པ་འཁོར་བཅས་བཀག་པས་ཁྱད་པར་དུ་བྱས་པའི་འཕགས་རྒྱུད་ཀྱི་ལྡན་མིན་འདུ་བྱེད་ཞིག་དེའི་ངོ་བོ་ཡིན་པའི་ཕྱིར། ལྔ་པ་ནི། སྤོང་བའི་ལམ་ལ་ཞེས་སོགས་ཀྱི་སྐབས་སུ། དེ་ལ་བཞི་ཡོད་དེ། བདེན་བཞི་ལ་དམིགས་པའི་བདེན་མེད་དུ་རྟོགས་པའི་ཆོས་བཟོད་ཀྱིས་བསྡུས་པ་བཞི་ཡོད་པའི་ཕྱིར། དྲུག་པ་ནི། སངས་རྒྱས་ཉིད་ཀྱི་ལམ་ལ་ཞེས་སོགས་ཀྱི་སྐབས་སུ། དེ་ལ་བཅུ་ཡོད་དེ། དེར་གྱུར་པའི་ཕར་ཕྱིན་བཅུ་ཡོད་པའི་ཕྱིར་རོ། །འདིར་ནི་མཐུན་ཡུལ་དང་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་གཉིས་མ་ཕྱེ་བར་བཤད་ཀྱང་སོ་སོར་ཕྱེ་ན་དེ་འདྲའི་རྣམ་མཁྱེན་གྱི་རྣམ་པ་སོ་བཞི་འཇོག་དགོས་ཏེ། བྱང་སེམས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་རྣམས་འཆད་པའི་སྐབས་ཡིན་པའི་ཕྱིར། གསུམ་པ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཤིན་ཏུ་ཕུལ་ཏུ་བྱུང་བའི་ཕྱིར་ཞེས་སོགས་ཀྱི་སྐབས་སུ། རྣམ་པ་ཐུན་མོང་དུ་བཤད་པ་དང་། དུས་གསུམ་གྱི་རྣམ་གཞག་ཅུང་ཟད་བཤད་པ་གཉིས། དང་པོ་ལ་སྟོབས་དང་མི་འཇིགས་པ་དང་སོ་སོ་ཡང་དག་པ་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྡེ་ཚན་བཞི་ལས། དང་པོ་ཡོད་དེ། གདུལ་བྱའི་མི་མཐུན་ཕྱོགས་འཇོམས་པ་ལ་བརྒྱ་བྱིན་གྱི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་དེ། འདིར་བསྟན་སྟོབས་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་ལ་བཅུ་ཡོད་དེ། གནས་དང་གནས་མིན་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་ལས་ཀྱི་རྣམ་སྨིན། མོས་པ་སྣ་ཚོགས། ཁམས་སྣ་ཚོགས། དབང་པོའི་རིམ་པ། ཀུན་དུ་འགྲོ་བའི་ལམ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་། སྔོན་གྱི་གནས། འཆི་འཕོ་བ་དང་སྐྱེ་བ་ལེན་པ། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། སྤངས་རྟོགས་ཕུན་སུམ་ཚོགས་པ་མངའ་བར་དམ་བཅས་པ་ལ་ཆོས་མཐུན་གྱི་ཀླན་ཀ་མེད་པས་མི་འཇིགས་པའི་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་དེ། འདིར་བསྟན་མི་འཇིགས་པའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་བཞི་ཡོད་དེ། ང་ནི་སངས་རྒྱས་སོ་ཞེས་སོགས་རང་དོན་རྟོགས་པ་ཕུན་ཚོགས་མངའ་བར་དམ་བཅས་པ་དང་། སྒྲིབ་པ་མཐའ་དག་སྤངས་སོ་ཞེས་རང་དོན་སྤངས་པ་ཕུན་ཚོགས་མངའ་བར་དམ་བཅས་པ་གཉིས་དང་། ཆགས་སོགས་ཀྱིས་ཐར་པའི་བར་ཆད་བྱེད་དོ་ཞེས་བར་ཆད་ཀྱི་ཆོས་དམ་བཅས་པ་དང་། དེ་སྤོང་ཕྱིར་དུ་འབད་ན་ངེས་པར་འབྱུང་ངོ་ཞེས་ངེས་འབྱུང་གི་ཆོས་དམ་བཅས་པ་ལ་མི་འཇིགས་པའི་རྣམ་མཁྱེན་གྱི་རྣམ་པ་གཉིས་ཏེ་བཞི་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། འཆད་བྱ་འཆད་བྱེད་ཀྱི་དོན་ལ་ཆགས་ཐོགས་མེད་པར་འཇུག་པའི་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་དེ། འདིར་བསྟན་སོ་སོ་ཡང་དག་པའི་རིག་པ་ངོ་བོ་ཡིན་པའི་ཕྱིིར། དེ་ལ་བཞི་ཡོད་དེ། ཆོས་ཐམས་ཅད་ཀྱི་མིང་གི་རྣམ་གྲངས་ཇི་ལྟ་བ་བཞིན་མཁྱེན་པའི་ཆོས་སོ་སོར་ཡང་དག་རིག་པ། དོན་རྣམས་ཇི་ལྟ་བ་བཞིན་མཁྱེན་པའི་དོན་སོ་སོར་ཡང་དག་རིག་པ། སྐད་རིགས་རྣམས་ཇི་ལྟ་བ་བཞིན་མཁྱེན་པའི་ངེས་པའི་ཚིག་སོ་སོར་ཡང་དག་རིག་པ། ཆོས་རྣམས་ཀྱི་རབ་དབྱེ་མ་ལུས་པ་ཇི་ལྟ་བ་བཞིན་མཁྱེན་པའི་སྤོབས་པ་སོ་སོར་ཡང་དག་རིག་པ་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ཡོད་དེ། འཕགས་པ་འོག་མ་པ་དང་རྟོག་རིགས་མ་འདྲེས་པའི་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་དེ། འདིར་བསྟན་སངས་རྒྱས་ཀྱི་ཆོོས་མ་འདྲེས་པའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་བཅོ་བརྒྱད་ཡོད་དེ། སྤྱོད་པ་མ་འདྲེས་པ་དྲུག །རྟོག་པ་མ་འདྲེས་པ་དྲུག །འཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྐུ་ལ་འཁྲུལ་པ་མི་མངའ་བ། དེ་བཞིན་དུ་གསུང་ལ་ཅ་ཅོ་དང་། ཐུགས་དྲན་པ་ཉམས་པ་དང་མཉམ་པར་མ་བཞག་པ་མི་མངའ་བ་དང་། འཁོར་འདས་དོན་དམ་པར་ཐ་དད་པའི་འདུ་ཤེས་མི་མངའ་བ་དང་། མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་ཡེ་ཤེས་མཐར་ཐུག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། སེམས་ཅན་གྱི་དོན་བྱེད་པའི་འདུན་པ་དང་། དེ་འདུལ་བའི་བརྩོན་འགྲུས་དང་། ཐབས་མི་བརྗེད་པའི་དྲན་པ་དང་། སྟོང་ཉིད་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་ཤེས་རབ་དང་། སྒྲིབ་པ་སྤངས་པའི་རྣམ་གྲོལ་ལས་ཉམས་པ་མི་མངའ་བ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མ་འཁྲུལ་བར་ལྷུན་གྱིས་གྲུབ་པ་ཡེ་ཤེས་ཀྱི་སྔོོན་དུ་འགྲོ་ཞིང་། དེའི་རྗེས་སུ་འབྲང་བ་གསུམ་ཡོད་པའི་ཕྱིར། བཞི་པ་ཡོད་དེ། འདས་མ་འོངས་ཀྱི་དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་མཐར་ཐུག་གསུམ་ཡོད་པའི་ཕྱིར། གཉིས་པ་སྐབས་འདིར་དུས་གསུམ་གྱི་འཇོག་ཚུལ་ཡོད་དེ། དུས་དེར་ཞིག་ཟིན་པ། དུས་དེར་འདས་པ་དང་། དུས་དེར་སྐྱེས་ཟིན་མ་འགག་པ། དུས་དེར་ད་ལྟ་བ་དང་། དུས་དེར་སྐྱེ་འགྱུར་དུ་དམིགས་པ། དུས་དེར་མ་འོངས་པའི་ངོ་བོ་ཡིན་པའི་ཕྱིར། ཡང་གཞི་བྱེ་བྲག་པ་ལ་ལྟོས་ནས་དུས་གསུམ་འཇོག་ཚུལ་ཡོད་དེ། དངོས་པོ་དེར་སྐྱེས་པའི་རྒྱུ་ཡོད་ཅིང་རྐྱེན་མ་ཚང་བས་རེ་ཞིག་དེར་མ་སྐྱེས་པའི་ཆ། དངོས་པོ་དེའི་མ་འོངས་པ་དང་། དངོས་པོ་དེའི་སྐྱེས་ཟིན་ཞིག་པའི་ཆ། དངོས་པོ་དེའི་འདས་པ་དང་། དངོས་པོ་དེ་སྐྱེས་ལ་མ་འགགས་པའི་ཆོས་དེ། དངོས་པོ་དེའི་ད་ལྟ་བ་ཡིན་པའི་ཕྱིར། འདི་གཉིས་འཇོག་ཚུལ་དོན་མི་འདྲ་སྟེ། སྔ་མ་ལྟར་ན་མྱུ་གུའི་རྒྱུ་དེ་མྱུ་གུའི་དུས་སུ་འདས་པ་ཡིན་པའི་དོན་དུ་འགྲོ་ལ། ཕྱི་མ་ལྟར་ན། མྱུ་གུའི་འབྲས་བུ་དེ་མྱུ་གུའི་འདས་པ་ཡིན་པ འི་དོན་དུ་ཡང་འགྲོ་བའི་ཕྱིར་རོ། །༈ སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་དང་། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་སོགས་ཀྱི་སྐབས་སུ། སྦྱོར་བ་བསྒོམ་པའི་རྟེན་དང་། སྦྱོར་བ་བཤད་པ་གཉིས། དང་པོ་ལ། མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་སྒོམ་པ་པོ་རྟེན་གྱི་གང་ཟག་ཇི་ལྟ་བུ་ཞིག་གིས་སྒོམ་ཞེ་ན། ཡོད་དེ། སྔོན་སངས་རྒྱས་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསགས་པ་དང་། ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཞིག་གིས་ཉམས་སུ་ལེན་ནུས་པའི་ཕྱིར། གཉིས་པ་ལ། འདིར་དངོས་སུ་བསྟན་པའི་སེམས་དཔའི་སྦྱོར་བ འི་ངོ་བོ་ཡོད་དེ། བདེན་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་སེམས་དཔའི་ཡེ་ཤེས་དེ་དེའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་ཉི་ཤུ་ཡོད་དེ། ངོ་བོའི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཟུགས་སོགས་ལ་བདེན་ཞེན་བཀག་པའི་མི་གནས་པའི་སྦྱོར་བ་ནས། ཚད་མེད་པའི་སྦྱོར་བའི་བར་ལྔ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། དེ་ལ་སྒོམ་པ་པོའི་སྒོ་ནས་ཕྱེ་ན་བརྒྱད། སྒོམ་བྱེད་ཐབས་ཀྱི་སྒོ་ནས་ཕྱེ་བ་བཞི། འབྲས་བུ་དང་དུས་ཀྱི་སྒོ་ནས་ཕྱེ་བ་གསུམ་ཡོད་པའི་ཕྱིར། དེར་ཐལ། དང་པོ་ནི། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་སོགས་བརྒྱད་དང་། གཉིས་པ་ནི། གཞན་དོན་འཕེལ་མེད་འགྲིབ་ཀྱི་སྦྱོར་བ་སོགས་བཞི་དང་། གསུམ་པ་ནི། འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་སྦྱོར་བ་སོགས་གསུམ་ཡོད་པའི་ཕྱིིར། སྦྱོར་བ་འདི་རྣམས་ནི་མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་ཡེ་ཤེས་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་པོ་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་བསྡུས་ནས་ཉམས་སུ་ལེན་པའི་རྣལ་འབྱོར་གྱི་གཙོ་བོ་ཡིན་པའི་ཕྱིར། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཞེས་སོགས་ཀྱི་སྐབས་སུ། སེམས་དཔའི་སྦྱོར་བའི་ཡོན་ཏན་གྱི་ངོ་བོ་ཡོད་དེ། སེམས་དཔའི་སྦྱོར་བ་སྒོམ་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་དེ། དེའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་བཅུ་བཞི་ཡོད་དེ། དེར་གྱུར་བའི་བདུད་ཀྱི་མཐུ་བཅོམ་པ་ནས་། ཡུམ་ངེས་པར་འཐོབ་པར་འགྱུར་བའི་བར་གྱི་ཡོན་ཏན་བཅུ་བཞི་ཡོད་པའི་ཕྱིར། དེ་དག་ཚེ་འདི་ཕྱི་གང་གི་ཡོན་ཏན་ཡིན་པ་ཡོད་དེ། སྔ་མ་བཅུ་གསུམ་ཚེ་ཕྱི་མ་དང་ཐ་མ་ཚེ་འདིའི་དབང་དུ་བྱས་པ་གཙོ་ཆེ་བའི་ཕྱིར། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། ཞེས་སོགས་ཀྱི་སྐབས་སུ། སེམས་དཔའི་སྦྱོར་བའི་སྐྱོན་གྱི་ཁྱད་པར་ཡོད་དེ། སེམས་དཔའི་སྦྱོར་བ་སྐྱེ་གནས་གང་རུང་ལ་གེགས་བྱེད་པའི་ཆ་ཞིག་དེའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་ཞེ་དྲུག་ཡོད་དེ། དེར་གྱུར་པའི་སྦྱོར་བའི་འགལ་རྐྱེན་རང་ལ་བརྟེན་པ་ཉི་ཤུ། རང་གཞན་གང་རུང་ན་བརྟེན་པ་ཉེར་གསུམ། གཞན་ལ་བརྟེན་པ་གསུམ་དང་བཅས་པ་ཡོད་པའི་ཕྱིར། དང་པོ་ནི། ཡུམ་གྱི་ཚིག་དོན་ཚོགས་ཆེན་པོས་འཐོབ་པ་ནས་བདུད་ཀྱི་ལས་ལ་འཇུག་པའི་བར་ཉི་ཤུ་དང་། གཉིས་པ་ནི། ཉན་པ་པོ་འདུན་ཀྱང་འཆད་པ་པོ་མི་འདུན་པ་སོགས་ཉེར་གསུམ་དང་། གསུམ་པ་ནི། བདུད་ཀྱི་ཆོས་དང་གང་ཟག་སོ་སོར་འབྱེད་པ་སོགས་གསུམ་ཡོད་པའི་ཕྱིར། ༈ གང་གིས་མཚོན་དེ་མཚན་ཉིད་དུ། །ཞེས་སོགས་ཀྱི་སྐབས་སུ། མཚན་གཞི། མཚོན་བྱ། མཚན་ཉིད། ཇི་ལྟར་མཚོན་ཚུལ། ས་མཚམས་དང་ལྔ། དང་པོ་ཡོད་དེ། སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་དེ་དེའི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། འདིར་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དེ་ཉིད་ལ་མཚོན་བྱའི་ཐ་སྙད་མཛད་པའི་ཕྱིར། གསུམ་པ་ཡོད་དེ། སྤྱིར་ཤེས་མཚོན་སོགས་བཞིན་འདིར་བསྟན་པའི་མཚན་ཉིད་དམ་མཚོན་བྱེད་ཡིན་ཞིང་། ངོ་བོ་ཉིད་གང་མཚོན་བྱ་ཡང་། །ཞེས་པས་དེ་བཞི་མཚོན་བྱར་ཡང་བསྟན་པའི་ཕྱིར། བཞི་པ་ལ་གཉིས་ཡོད་དེ། སྤྱི་དང་བྱེ་བྲག་གི་མཚོན་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། འཆང་བར་འགྱུར་བའི་ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་མཚན་གཞི། འདིར་བསྟན་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་ཡིན་པར་མཚོན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་གཉིས་ཀྱིས་ཟིན་པའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། གཉིས་པ་ལ། དེ་བཞིན་གཤེགས་པ་འབྱུང་བ་དང་། །ཞེས་སོགས་ཀྱི་སྐབས་སུ། གཞི་ཤེས་སྦྱོར་བའི་མཚོན་ཚུལ་ཡོད་དེ། སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་དང་པོར་བཞི་པོ་མཚན་གཞི། འདིར་བསྟན་སེམས་དཔའི་གཞི་ཤེས་སྦྱོར་བར་མཚོན། དེ་བཞིན་གཤེགས་པ་འབྱུང་བ་སོགས་ཡུལ་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཚུལ་གྱིས་མཚོན་པའི་ཕྱིར། དབྱེ་ན་བཅུ་དྲུག་ཡོད་དེ། དེར་གྱུར་པའི་དེ་བཞིན་གཤེགས་པ་འབྱུང་བ་རྟོགས་པ་ནས། དེ་བཞིན་ཉིད་གཞན་ལ་བསྟན་པའི་བར་བཅུ་དྲུག་ཡོད་པའི་ཕྱིར། གཉིས་པ་ནི། སྟོང་ཉིད་མཚན་མ་མེད་བཅས་དང་། །ཞེས་སོགས་ཀྱི་སྐབས་སུ་ལམ་ཤེས་སྦྱོར་བའི་མཚོན་ཚུལ་ཡོད་དེ། གཞན་དོན་བྱ་དཀའ་བ་བསྒྲུབ་པ་སོགས་སེམས་དཔའི་རྣལ་འབྱོར་བར་པ་ལྔ་པོ་མཚན་གཞི། འདིར་བསྟན་སེམས་དཔའི་ལམ་ཤེས་སྦྱོར་བར་མཚོན། སྟོང་ཉིད་མཚན་མེད་སོགས་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱི་མཚོན་པའི་ཕྱིར། དེ་ལ་བཅུ་དྲུག་ཡོད་དེ། ཆོས་རྣམས་ཀྱི་ངོ་བོ་བདེན་སྟོང་དུ་རྟོགས་པ་ནས་དོན་དམ་པར་མཚན་ཉིད་མེད་པར་རྟོགས་པའི་བར་བཅུ་དྲུག་ཡོད་པའི་ཕྱིར། དེ་ནི་ཉིད་ཀྱི་ཆོས་བསྟན་ནས་ཞེས་སོགས་ཀྱི་སྐབས་སུ་རྣམ་མཁྱེན་སྦྱོར་བ་མཚོན་ཚུལ་ཡོད་དེ། གཞི་ལམ་གྱི་ཁྱད་པར་ལ་དམིགས་པ་སོགས་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་ཐ་མ་བདུན་པོ་མཚན་གཞི། འདིར་བསྟན་པའི་སེམས་དཔའི་རྣམ་མཁྱེན་སྦྱོར་བ་མཚོན། མཐོང་ཆོས་ལ་བདེ་བར་གནས་པ་སོགས་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིིིར། དེ་ལ་བཅུ་དྲུག་ཡོད་དེ། མཐོང་ཆོས་ལ་བདེ་བར་གནས་པ་རྟོགས་པ་ནས་དོན་དམ་པར་བླང་དོར་གྱི་འདུ་ཤེས་འགོག་པའི་བར་བཅུ་དྲུག་ཡོད་པའི་ཕྱིར། གསུམ་པོ་དེ་དག་ནི་ཤེས་མཚན་གྱི་མཚོན་ཚུལ་ཡིན་ལ། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཞེས་སོགས་ཀྱི་སྐབས་སུ་ཁྱད་མཚན་གྱི་མཚོན་ཚུལ་ཡོད་དེ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་མཚན་གཞི། འདིར་བསྟན་དམན་པའི་སྦྱོར་བ་ལས་འཕགས་པའི་སེམས་དཔའི་སྦྱོར་བ་ཡིན་པར་མཚོན། སྡུག་བདེན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། དེ་ལ་བཅུ་དྲུག་ཡོད་དེ། སྡུག་བདེན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་རྟོགས་པ་ནས་ཆོས་ཀུན་ལ་བདེན་ཞེན་གྱི་རོ་མྱང་བ་མེད་པར་རྟོགས་པའི་བར་བཅུ་དྲུག་ཡོད་པའི་ཕྱིར། ཕན་དང་བདེ་དང་སྐྱོབ་པ་དང་། ། ཞེས་སོགས་ཀྱི་སྐབས་སུ་བྱེད་མཚན་གྱི་མཚོན་ཚུལ་ཡོད་དེ། སྔར་གྱི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་དེ་མཚན་གཞི། འདིར་བསྟན་པའི་གཞན་དོན་ཁྱད་པར་ཅན་སྒྲུབ་པའི་བྱེད་ལས་ཅན་གྱི་སེམས་དཔའི་སྦྱོར་བ་ཡིན་པར་མཚོན། ཕན་བདེ་སྐྱོབ་པ་སོགས་བྱེད་ལས་བཅུ་གཅིག་པོ་གང་རུང་དང་ལྡན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། དེ་ལ་བཅུ་དྲུག་ཡོད་དེ། ཕན་བདེ་སྐྱོབ་པ་ནས་དུས་མ་ཡིན་པར་ཐེག་པ་གསུམ་གྱི་འབྲས་བུ་མངོན་དུ་མི་བྱེད་པའི་བར་བཅུ་དྲུག་ཡོད་པའི་ཕྱིར། ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་སོགས་ཀྱི་སྐབས་སུ་ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་བསྟན་ཅིང་། འདི་ལ་མཚོན་ཚུལ་སྔར་ལྟར་ལོགས་སུ་མི་དགོས་ཏེ། བཅུ་དྲུག་པོ་འདི་རྣམས་ནི་ཤེས་ཁྱད་བྱེད་པ་གསུམ་གྱི་མཚན་གཞི་ཡིན་པའི་ཕྱིར། འདི་ལ་བཅུ་དྲུག་ཡོད་དེ། ཉོན་མོངས་སྤོང་བ་སོགས་སེམས་དཔའི་གཞི་ཤེས་སྦྱོར་བ་བཞི་དང་། གཞན་དོན་བྱ་དཀའ་བ་སྒྲུབ་པ་སོགས་སེམས་དཔའི་ལམ་ཤེས་སྦྱོར་བ་ལྔ་དང་། གཞི་ལམ་གྱི་ཁྱད་པར་ལ་དམིགས་པ་སོགས་སེམས་དཔའི་རྣམ་མཁྱེན་སྦྱོར་བ་བདུན་ཏེ་བཅུ་དྲུག་ཡོད་པའི་ཕྱིར། སེམས་དཔའི་གཞི་ཤེས་སྦྱོར་བའི་སྐབས་སུ་གཡོ་བ་ལ་སོགས་ཞེས་བྱ་དང་། ཞེས་པ་ལས་འཕྲོས་པའི་ལུང་མ་བསྟན་གྱི་ལྟ་ངན་བཅུ་བཞིའི་དབྱེ་བ་ཅུང་ཟད་ཙམ་བརྗོད་ན་དེ་དག་གི་ཁྱད་པར་ཡོད་དེ། གང་ཟག་གི་བདག་དང་འཇིག་རྟེན་རྟག་པར་ལྟ་བ། མི་རྟག་པར་ལྟ་བ། རང་བཞིན་རྟག་ལ་གནས་སྐབས་མི་རྟག་པར་ལྟ་བ། རྟག་མི་རྟག་གཉིས་ཀ་མ་ཡིན་པའི་ཆོས་སུ་ལྟ་བ་བཞི་ནི་སྔོན་གྱི་མཐའ་ལ་བརྟེན་པ་དང་། གང་ཟག་གི་བདག་དང་འཇིག་རྟེན་མཐའ་ལྡན་སྐྱེ་བ་ཕྱི་མར་འཇུག་པར་ལྟ་བ། མི་འཇུག་པའི་ཆོས་སུ་ལྟ་བ། འཇུག་མི་འཇུག་གཉིས་ཀར་ལྟ་བ། གཉིས་ཀ་མ་ཡིན་པའི་ཆོས་སུ་ལྟ་བ་བཞི་ནི་ཕྱི་མའི་མཐའ་ལ་བརྟེན་པ་དང་། གང་ཟག་གི་བདག་གྲོང་ཕན་ཆད་འབྱུང་བར་ལྟ་བ། མི་འབྱུང་བའི་ཆོས་སུ་ལྟ་བ། འབྱུང་མི་འབྱུང་གཉིས་ཀར་ལྟ་བ། གཉིས་ཀ་མ་ཡིན་པའི་ཆོས་སུ་ལྟ་བ་བཞི་ནི་མྱང་འདས་ཀྱི་མཐའ་ལ་བརྟེན་པ་དང་། གང་ཟག་གི་བདག་ཕུང་རྫས་གཅིག་ཏུ་ལྟ་བ་དང་། རྫས་ཐ་དད་དུ་ལྟ་བ་གཉིས་ལུས་སྲོག་ལ་བརྟེན་པའི་ལུང་མ་བསྟན་གྱི་ལྟ་ངན་ཡིན་པའི་ཕྱིར། དེ་དག་ནི་གང་ལས་བསྟན་ཚུལ་ཡོད་དེ། ཡུམ་གྱི་མདོ་གསུམ་ལས་དོན་གྱིས་བསྟན་ཅིང་། མདོ་སྡེ་ཚངས་པའི་དྲ་བ་སོགས་ལས་ལྟ་ངན་དྲུག་ཅུ་རྩ་གཉིས་ཀྱང་བཤད་པའི་ཕྱིར་རོ། །༈ མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་སོགས་ཀྱི་སྐབས་སུ། ཐེག་ཆེན་གྱི་ཚོགས་ལམ་གྱི་རྟེན། ངོ་བོ། །དབྱེ་བ། ཐོབ་པའི་རྟགས་དང་བཞི། དང་པོ་ལ་གཉིས་ཡོད་དེ། ལུས་རྟེན་དང་སེམས་རྟེན་གཉིས་ཡོད་པའི་གཉིས་ཀ་ཡང་ཐེག་ཆེན་སེམས་བསྐྱེད་དང་མཚུངས་པའི་ཕྱིར། ངོ་བོ་ཡོད་དེ། སེམས་དཔའི་རྒྱུད་ཀྱི་ཐོས་བསམ་སྒོམ་གསུམ་པོ་གང་རུང་གིས་བསྡུས་པའི་ཆོས་མངོན་རྟོགས་དེ། དེའི་ངོ་བོ་ཡིན་པའི་ཕྱིར། དབྱེ་ན་གསུམ་ཡོད་དེ། དེར་གྱུར་པའི་ཆུང་འབྲིང་ཆེན་པོ་གསུམ་ཡོད་པའི་ཕྱིར། ཚོགས་ལམ་རང་རྒྱུད་ལ་སྐྱེས་པའི་རྟགས་ཡོད་དེ། དེ་ཐོབ་པའི་ཚེ་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་གྱི་ཁྱད་པར་ཐོས་པ་ན་ལུས་ཀྱི་བ་སྦུ་གཡོ་བ་དང་། མིག་ནས་འཆི་མ་འཁྲུགས་པ་སོགས་ཀྱི་རྟགས་ཁྱད་པར་ཅན་བཅོས་མིན་དུ་འབྱུང་བའི་ཕྱིར། འདིའི་དངོས་བསྟན་གྱི་ཚོགས་ལམ་གྲངས་མེད་གསུམ་ནས་འཚང་རྒྱ་བའི་ཐོག་མའི་ཚོགས་ལམ་གྱི་དབང་དུ་མཛད་ལ་དེའི་ཁྱད་པར་ཡོད་དེ། སྦྱིན་སོགས་དོན་དམ་པར་མཚན་མེད་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གྲུབ་པ་ལ་མཁས་པའི་ཚོགས་ལམ་ཞིག་ལ་འཇོག་པའི་ཕྱིར། དེར་ཐལ། སངས་རྒྱས་སོགས་དམིགས་དད་པ་དང་། །ཞེས་སོགས་ཀྱིས་དེ་ལྟར་སྒྲུབ་པ་ལ་མཁས་པའི་ཚུལ་བསྟན་པའི་ཕྱིར། དེར་ཐལ། དེ་ལ་མཁས་ཚུལ་བསྡུ་ན་དད་སོགས་ཡུལ་ལྔ་ལ་མཁས་དགོས་སོ་ཞེས་བསྟན་པའི་ཕྱིར། ལྔའི་ཁྱད་པར་ཡོད་དེ། ཐེག་ཆེན་གྱི་ལམ་འབྲས་ལ་དམིགས་པའི་དད་པ། རྫོགས་བྱང་དོན་གཉེར་གྱི་དྲན་པ། ཕྱིན་དྲུག་ལ་སློབ་པའི་བརྩོན་འགྲུས། ཞི་གནས་ཀྱིས་བསྡུས་པའི་ཏིང་ངེ་འཛིན། ཇི་ལྟ་ཇི་སྙེད་ཀྱི་དོན་རྟོགས་པའི་ཤེས་རབ་ཁྱད་པར་ཅན་དང་ལྔ་ཡོད་པའི་ཕྱིར། །༈ རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །ཞེས་སོགས་ཀྱི་སྐབས་སུ། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ཁྱད་པར་ཡོད་དེ། དགོངས་འགྲེལ་གཞན་ལ་མ་བརྟེན་པར་རྒྱན་ལ་བརྟེན་ནས་དེའི་དགོངས་པ་རྫོགས་པར་རྟོགས་ནུས་པའི་རྒྱན་གྱི་གདུལ་བྱ་དེ། དེའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་གཉིས་ཡོད་དེ། དེར་གྱུར་པའི་དབང་པོ་རྣོ་རྟུལ་གཉིས་ཡོད་པའི་ཕྱིར། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཕྱི་མ་དེ་དབང་རྟུལ་མ་ཡིན་ཏེ། དབང་རྣོན་ཡིན་པའི་ཕྱིར། དེའི་བྱང་སེམས་དེ་བྱང་སེམས་དབང་རྟུལ་ཀྱང་མ་ཡིན་ཏེ། བྱང་སེམས་དབང་རྣོན་ཡིན་པའི་ཕྱིར། མངོན་རྟོགས་རྒྱན་གྱི་གདུལ་བྱ་ལ་དེའི་ཆེད་དུ་བྱ་བའི་གདུལ་བྱས་མ་ཁྱབ་སྟེ། བྱང་སེམས་ཡིན་ན་མངོན་རྟོགས་རྒྱན་གྱི་གདུལ་བྱ་ཡིན་དགོས་པའི་ཕྱིར། །༈ དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོགས་ཀྱི་སྐབས་སུ། འདིར་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ་གྱི་ངོ་བོ་ཡོད་དེ། གཙོ་བོར་ཐབས་ཀྱི་ཆས་ཁྱད་པར་དུ་བྱས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་ཞིག་དེ་ཡིན་པའི་ཕྱིར། དེ་ལ་བཞི་ཡོད་དེ། སྦྱོར་ལམ་གྱི་སྐབས་སུ་གཙོ་བོར་ཤེས་རབ་ཀྱི་ཆ་ནས་བསྟན་ལ། འདིར་བཞི་ཀ་ཐབས་ཀྱི་སྒོ་ནས་བསྟན་ཏེ། དྲོད་ཀྱི་སྐབས་སུ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་བྱེད་པ་སོགས་དང་། རྩེ་མོའི་སྐབས་སུ་མི་དགེ་བཅུ་སྤོང་བ་སོགས་དང་། བཟོད་པའི་སྐབས་སུ་བདེན་བཞིའི་འདོར་ལེན་དང་། ཆོས་མཆོག་གི་སྐབས་སུ་སེམས་ཅན་སྨིན་གྲོལ་ལ་འགོད་པ་དང་སྦྱར་ནས་བསྟན་པའི་ཕྱིར། ། ༈ རྣམ་པ་དང་ལམ་དང་གཞི་ཐམས་ཅད་ཞེས་སོགས་ཀྱི་སྐབས་སུ་ཁ་ཅིག སྐབས་དང་པོ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་བསྟན་པ་དང་འདིར་ཡང་དེ་ལྟར་བསྟན་པ་གཉིས་ལ་ཟློས་པའི་སྐྱོན་མེད་དེ། སྐབས་དང་པོ་གསུམ་དུ་བསྟན་པའི་སྦྱོར་མཐོང་སྒོམ་གསུམ་པོ་ནི་དེ་གསུམ་མཚན་ཉིད་པ་ཡིན་ལ། སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པས་སྦྱོར་མཐོང་སྒོམ་གསུམ་ནི་དེ་གསུམ་བཏགས་པ་བ་ཡིན་པའི་ཕྱིར་ཞེས་ཟེར། རང་ལུགས་ལ་དེ་ནི་མི་འཐད་དེ། སྦྱོར་མཐོང་སྒོམ་གསུམ་པོ་དེ་སྐབས་གང་དུ་བསྟན་ཀྱང་སྦྱོར་མཐོང་སྒོམ་གསུམ་མཚན་ཉིད་པ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་བསྟན་པ་ནི་བརྗོད་ཚུལ་དང་དགོས་པ་མི་འདྲ་བས་ཟློས་པའི་སྐྱོན་ཡོད་པ་མ་ཡིན་པའི་ཕྱིར། མདོར་ན་ལམ་བཏགས་པའི་ལུགས་དེ་མི་འཐད་དེ། ལམ་གསུམ་པོ་སྐབས་གང་དུ་བསྟན་ཀྱང་མཚན་ཉིད་པ་ཡིན་པའི་ཕྱིར། དེས་ན་ལམ་རྐྱང་པའི་ལུགས་ཀྱང་མི་འཐད་དེ། ལམ་ཁུག་པ་བའི་ལུགས་ལྟར་འདོད་རིགས་པའི་ཕྱིར། དེར་ཐལ། དང་པོ་འདིར་བསྟན་པའི་ཚོགས་ལམ་དུ་ཞུགས་ནས། འདི་དང་སྐབས་དང་པོ་དང་རྩེ་སྦྱོར་གྱི་སྐབས་ནས་བསྟན་པའི་སྦྱོར་ལམ་དུ་འཇུག་ཅིང་། དེ་ནས་སྐབས་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པའི་སྐབས་ནས་བསྟན་པའི་མཐོང་ལམ་ནས་དང་། དེ་རྗེས་སྐབས་གཉིས་པ་དང་བཞི་པ་ལྔ་པ་ནས་བསྟན་པའི་སྒོམ་ལམ་དུ་འཇུག་པ་ཡིན་པའི་ཕྱིར། ༈ ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་སོགས་ཀྱི་སྐབས་སུ། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དགེ་འདུན་གྱི་དབྱེ་བ། ཕྱིར་མི་ལྡོག་པའི་དོན། དེ་རྟགས་ཀྱི་དཔོག་ཚུལ་དང་གསུམ། དང་པོ་ལ་གསུམ་ཡོད་དེ། སྦྱོར་མཐོང་སྒོམ་གསུམ་དུ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་གསུམ་ཡོད་པའི་ཕྱིར། མཚམས་གང་ནས་ཐོབ་ཚུལ་ཡོད་དེ། བྱང་སེམས་དབང་རྣོན་གྱིས་སྦྱོར་ལམ་ནས་དང་། དབང་འབྲིང་གིས་མཐོང་ལམ་ནས་དང་། དབང་རྟུལ་གྱིས་སྒོམ་ལམ་ནས་ཕྱིར་མི་ལྡོག་རྟགས་ཐོབ་པར་འགྱུར་བའི་ཕྱིར། དབང་པོ་ཇི་ལྟར་རྟུལ་ཡང་ས་བརྒྱད་པ་ནས་ཐོབ་པ་ཡིན་ལ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་དབང་རྟུལ་ནི་མེད་དེ། དེ་ཐོབ་ན་བྱང་སེམས་དབང་རྣོན་དུ་འགྱུར་བའི་ཕྱིར། ཕྱིར་མི་ལྡོག་པའི་དོན་ཡོད་དེ། ལམ་གཞན་གྱིས་བར་མ་ཆོད་པར་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་དེ། དེའི་དོན་ཡིན་པའི་ཕྱིར། དོན་དེ་ཚང་བ་ཙམ་གྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་མ་ངེས་ཏེ། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་ཐམས་ཅད་ལ་དོན་དེ་ཚང་བའི་ཕྱིར། རྟགས་ཀྱིས་དཔོག་ཚུལ་ཡོད་དེ། སྟོང་ཉིད་དང་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་མ་ནོར་བར་སྟོན་པའི་ངག་གི་ཐ་སྙད་ཁྱད་པར་ཅན་དང་། སེམས་ཅན་གཞན་སྡུག་བསྔལ་གྱིས་མནར་བར་མཐོང་ནས་ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཁྲུགས་པ་སོགས་ལུས་ཀྱི་ཐ་སྙད་ཁྱད་པར་ཅན་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་གཉིས་དང་ལྡན་པའི་སྒོ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་དཔོག་པའི་ཕྱིར། ཕྱིར་མི་ལྡོག་རྟགས་སོ་སོར་བཤད་པ་ལ། སྦྱོར་ལམ་པ་དང་། མཐོང་ལམ་དང་། སྒོམ་ལམ་པ་ཕྱིར་མི་ལྡོག་རྟགས་བཤད་པ་དང་གསུམ། དང་པོ་ཡོད་དེ། གཟུགས་ལས་སོགས་ལས་ལྡོག་སོགས་རྟགས། །ཞེས་པ་བཞིས་རྟགས་མདོར་བསྟན། གཟུགས་ལ་སོགས་ལས་ལྡོག་པ་དང་། ཞེས་པ་ནས། རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཞེས་པའི་བར་གྱིས་རྟགས་ཉི་ཤུ་པོ་རྒྱས་པར་འཆད་པར་བྱེད་པའི་ཕྱིར། ཉི་ཤུ་པོ་གང་ཞེ་ན། ཡོད་དེ། གཟུགས་སོགས་ལས་བདེན་ཞེ ན་མངོན་འགྱུར་བ་ཅི་རིགས་ལྡོག་པ་ནས། གོས་ལ་སོགས་པ་གཙང་བའི་བར་དྲོད་ལ་གནས་པའི་རྟགས་བཅུ་གཅིག་དང་། ལུས་ལ་སྲིན་བུ་རྣམས་མི་འབྱུང་བ་ནས། གཞན་དོན་དུ་དམྱལ་བར་འགྲོ་བར་ཚོལ་བའི་བར་རྩེ་མོ་ལ་གནས་པའི་རྟགས་དྲུག་དང་། སྟོན་པ་གཞན་གྱིས་ལན་མིན་དུ་བཀྲི་མི་ནུས་པ་དང་། ལམ་མིན་ལམ་དུ་སྟོན་པའི་བདུད་ལ་བདུད་ཅེས་བྱ་བར་རྟོགས་པའི་བཟོད་པའི་རྟགས་གཉིས་དང་། སྒོ་གསུམ་གྱི་སྤྱོད་པ་རྣམས་སངས་རྒྱས་དགེས་པའི་སྤྱོད་པ་ཞེས་བྱ་བའི་ཆོས་མཆོག་ལ་གནས་པའི་རྟགས་གཅིག་སྟེ་ཉི་ཤུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། མཐོང་བའི་ལམ་ལ་བཟོད་པ་དང་། །ཞེས་སོགས་ཀྱི་རྟགས་མདོར་བསྟན་ནས། གཟུགས་སོགས་འདུ་ཤེས་ལྡོག་པ་དང་། །ཞེས་པ་ནས། ཆོས་ཀྱི་དོན་དུ་སྲོག་གཏོང་བ། ཞེས་པའི་བར་གྱི་རྟགས་བཅུ་དྲུག་རྒྱས་པར་འཆད་པའི་ཕྱིར། བཅུ་དྲུག་པོ་གང་ཞེ་ན་ཡོད་དེ། ཤེས་བཟོད་སྐད་ཅིག་བཅུ་དྲུག་གི་མིང་ཅན་གྱི་མཐོང་ལམ་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་གཟུགས་སོགས་ལ་བདེན་པའི་འདུ་ཤེས་ཀུན་བཏགས་ལྡོག་པ་ནས། ཐོབ་བྱའི་ཆོས་ཁྱད་པར་ཅན་གྱི་དོན་དུ་རང་གི་སྲོག་གཏོང་ནུས་པའི་བར་བཅུ་དྲུག་ཡོད་པའི་ཕྱིར། མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གིས་དྲངས་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ནི་ཕྱིར་མི་ལྡོག་པའི་རྟགས་ཡིན་གྱི། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་ནི་ཕྱིར་མི་ལྡོག་གི་རྟགས་མིན་ཏེ། དེ་བཅུ་དྲུག་ནི་སོ་སྐྱེས་ཇི་བཞིན་ངེས་མི་ནུས་པས་གཞན་གྱི་ངོ་བོར་དཔོག་པའི་རྟགས་སུ་མི་རུང་བའི་ཕྱིར། གསུམ་པ་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་ཀྱི་སྐབས་སུ། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་ངོ་བོ་ཡོད་དེ། ཟབ་མོ་རྣམ་པ་བརྒྱད་རྟོགས་པའི་སྒོམ་ལམ་གྱིས་དྲངས་པའི་བྱང་སེམས་སྒོམ་ལམ་རྗེས་ཐོབ་པ་ཉིད་ཀྱི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ཞིག་དེའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་བརྒྱད་ཡོད་དེ། ཟབ་མོ་རྣམ་པ་བརྒྱད་རྟོགས་པའི་ཡེ་ཤེས་བརྒྱད་ཀྱིས་དྲངས་པའི་རྟགས་བརྒྱད་ཡོད་པའི་ཕྱིར། ཡེ་ཤེས་བརྒྱད་ཡོད་དེ། འཆད་འགྱུར་ལྟར་སྐྱེ་བ་ཟབ་པ་རྟོགས་པའི་ཡེ་ཤེས་སོགས་བརྒྱད་ཡོད་པའི་ཕྱིར། གྲངས་མེད་ལ་སོགས་བསྟན་པ་རྣམས། ། ཞེས་སོགས་ཀྱི་སྐབས་སུ་དབྱེ་བ་ལ། རྩོད་པ་དང་ལན་གཉིས། དང་པོ་ལ། དངོས་སྨྲ་བ་ཁ་ཅིག་ན་རེ། ཐེག་ཆེན་གྱི་སྒོམ་ལམ་ལ་རྣམ་པ་དགུར་གྲངས་ངེས་པར་མི་འཐད་པར་ཐལ། དེ་ལས་མང་བའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་སྒོམ་ལམ་གྱི་དབང་དུ་མཛད་ནས་འབྲས་བུ་བསོད་ནམས་གྲངས་མེད་པ་ཞིག་འབྱིན་པར་བཤད་པའི་ཕྱིར་ཞེ་ན། ལན་ལ། སྐྱོན་དེ་མེད་པར་ཐལ། ཐེག་ཆེན་གྱི་སྒོམ་ལམ་དགུ་ལས་འབྲས་བུ་དོན་དམ་པར་འབྱུང་བར་དབྱེར་མི་ནུས་ཀྱང་ཀུན་རྫོབ་ཏུ་འབྲས་བུ་དེ་ལྟར་འབྱུང་བ་སངས་རྒྱས་ཉིད་ཀྱིས་བཞེད་པའི་ཕྱིར། དངོས་པོ་བརྗོད་དུ་མེད་པ་ལ། །ཞེས་སོགས་ཀྱི་སྐབས་སུ་བྱེད་པ་ལ་དོན་དམ་ལ་ལྟོས་པའི་རྩོད་པ་དང་ལན་གཉིས། དང་པོ་ནི། ཐེག་ཆེན་སྒོམ་ལམ་ཆོས་ཅན། ཁྱོད་ཀྱིས་སྤང་བྱ་ཅི་ཞིག་སྤོང་ཞིང་གཉེན་པོ་ཅི་ཞིག་ཐོབ་པ་མེད་པར་ཐལ། དོན་དམ་པར་འཕེལ་ཉམས་མེད་པའི་ཕྱིར། དེར་ཐལ། དོན་དམ་པར་མ་གྲུབ་པའི་ཕྱིར་ཞེ་ན། ལན་ལ། སྐྱོན་དེ་མེད་པར་ཐལ། བྱང་ཆུབ་ཆེན་པོ་ཡེ་ཤེས་ཆོས་སྐུ་དོན་དམ་པར་མེད་ཀྱང་ཐ་སྙད་དུ་གདུལ་བྱའི་དོན་བྱེད་པ་དེ་བཞིན་དུ་སྒོམ་ལམ་གྱིས་ཀྱང་དེ་ལྟར་དུ་སྤང་བྱ་འགོག་པ་དང་ཐོབ་བྱ་མངོན་དུ་བྱེད་པའི་བྱ་བ་བྱེད་ནུས་པའི་ཕྱིར། སེམས་ནི་སྔ་མས་བྱང་ཆུབ་པར། ཞེས་སོགས་ཀྱི་སྐབས་སུ་དེ་ལ་ཐ་སྙད་ལ་ལྟོས་པའི་རྩོད་པ་དང་ལན་གཉིས། དང་པོ་ནི་། བྱང་སེམས་ཀྱི་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་བྱང་ཆུབ་བསྐྱེད་པ་མི་འཐད་པར་ཐལ། ཁྱོད་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ན་དང་། དུས་ཅིག་ཏུ་ཚོགས་པས་འབྲས་བུ་བྱང་ཆུབ་དེ་བསྐྱེད་མི་ནུས་པའི་ཕྱིར། དེར་ཐལ། སེམས་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ན་ལ་རྫོགས་པའི་བྱང་ཆུབ་བསྐྱེད་པའི་ནུས་པ་མེད་ཅིང་། སྐད་ཅིག་སྔ་ཕྱི་རྣམས་དུས་གཅིག་ཏུ་ཚོགས་ནས་འབྲས་བུ་འབྱིན་པ་མི་སྲིད་པའི་ཕྱིར། ཞེ་ན། ལན་ལ་སྐྱོན་དེ་མི་འཇུག་པར་ཐལ། མར་མེ་སྐད་ཅིག་རེ་རེ་ཁོ་ན་དང་སྔ་ཕྱི་དུས་གཅིག་ཏུ་ཚོགས་པས་སྡོང་བུ་སྣུམ་ལྡན་མི་སྲེག་ཀྱང་། མར་མེ་སྐད་ཅིག་སྔ་ཕྱི་དང་ཚོགས་རྒྱུན་ཕན་ཚུན་ལྟོས་པའི་རྟེན་འབྲེལ་གྱིས་སྡོང་བུ་སྲེག་པར་བྱེད་པ་དེ་བཞིན་དུ། སེམས་བསྐྱེད་གཉིས་ཀྱིས་ཀྱང་རང་འབྲས་སྐུ་གསུམ་གྱི་འབྲས་བུ་སྐྱེད་ནུས་ཞིང་། ཟབ་མོ་རྣམ་པ་བརྒྱད་ཀྱང་ཐུགས་སུ་ཆུད་པར་འགྱུར་བའི་ཕྱིར། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་ཀྱི་སྐབས་སུ། སྲིད་ཞི་མཉམ་ཉིད་སྦྱོར་བའི་ངོ་བོ་ཡོད་དེ། སྲིད་ཞི་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཆོས་སྐུའི་ལག་རྗེས་འཇོག་བྱེད་ཀྱི་དག་སའི་ཡེ་ཤེས་དེ། དེའི་ངོ་བོ་ཡིན་པའི་ཕྱིར། ས་བརྒྱད་པ་བའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཡིན་ན། དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་ཡིན་པས་ཁྱབ་སྟེ། ས་བརྒྱད་པ་ནས་བདེན་འཛིན་མངོན་འགྱུར་བ་སྤང་པས་རྗེས་ཐོབ་ཀྱི་སྐབས་སུ་ཇི་སྙེད་པའི་ཆོས་གང་སྣང་ཡང་བདེན་སྟོང་སྒྱུ་མ་བཞིན་དུ་སྣང་བས་ཁྱབ་པས་ཕྱིར། སྐབས་འདིའི་མདོ་ལས་ཀླན་ཀ་བཞི་བསྟན་ཏེ། སྲིད་ཞི་བདེན་པར་མེད་ན་ཉིན་པར་ལས་གསོག་པ་མེད་པར་ཐལ་བ། རྨི་ལམ་དུ་ལས་ལམ་རྫོགས་པར་གསོག་པ་ཡོད་པར་ཐལ་བ། ལུང་དང་འགལ་བར་ཐལ་བ། ཧ་ཅང་ཐལ་བའི་ཀླན་ཀ་བཞི་བསྟན་པའི་ཕྱིར། དེར་ཐལ། དང་པོ་ནི། མ་འོངས་པའི་རྩོད་པ་པོ་ལ་བསམས་ནས། ཤཱ་རིའི་བུས་སྨྲས་པ། ཉིན་པར་དགེ་མི་དགེའི་ལས་གསོག་སྤེལ་བྱེད་པ་མེད་པར་ཐལ། ལས་གཉིས་བདེན་པར་མེད་པའི་ཕྱིར། རྨི་ལམ་བཞིན། ལན་ལ་རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུས་སྨྲས་པའི་རྩོད་པ་དེ་མི་འཇུག་པར་ཐལ། ཀུན་རྫོབ་ལ་ལྟོས་ནས་ཁྱབ་པ་མེད་ཅིང་། དོན་དམ་ལ་ལྟོས་ནས་འདོད་ལན་ཐེབས་ལ། དཔེ་ཡང་མ་གྲུབ་པའི་ཕྱིར་ཞེས་བསྟན་པའི་ཕྱིར། གཉིས་པ་ལ་རྩོད་པ་དང་ལན་གཉིས། དང་པོ་ནི། ཤཱ་རིའི་བུས་སྨྲས་པ། རྨི་ལམ་དུ་སྲོག་གཅོད་པ་སོགས་རྨིས་ནས་སད་དུས་སུ་མངོན་ཞེ ན་དྲགས་པོས་གསོས་བཏབ་པས་ནི་སྲོག་གཅོད་སོགས་ཀྱི་དགེ་མི་དགེའི་ལས་ལམ་ཡོངས་སུ་རྫོགས་པར་འགྱུར་བར་ཐལ། རྨི་ལམ་དུ་དགེ་མི་དགེའི་ལས་གསོག་པ་ཡོད་པའི་ཕྱིིར། འདོད་ན། རྨི་ལམ་དུ་སྲོག་གཅོད་པ་རྨིས་པའི་དགེ་སློང་ལ་སྲོག་གཅོད་ཀྱི་ཕམ་པ་འབྱུང་བར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ལན་ལ། རབ་འབྱོར་གྱིས་སྨྲས་པ་ཀླན་ཀ་དེ་མི་འཇུག་པར་ཐལ། རྨི་ལམ་དུ་སྲོག་གཅོད་པ་རྨི་བ་སོགས་ཀྱིས་དགེ་མི་དགེའི་ལས་གསོག་པ་ཡོད་ཀྱང་། སྲོག་གཅོད་ཀྱི་ལས་ལམ་ཡོངས་སུ་རྫོགས་པ་མི་འབྱུང་བའི་ཕྱིར། དེར་ཐལ། རྨི་ལམ་གྱི་སྲོག་ཆགས་དེ་དང་དེ་དངོས་མིན་ཞིང་། བཅོམ་ལྡན་འདས་ཀྱིས་ཀྱང་རྨི་ལམ་ལ་བཅས་པ་མ་མཛད་པའི་ཕྱིར། གསུམ་པ་ལ་རྩོད་པ་དང་ལན་གཉིས། དང་པོ་ནི། ཤཱ་རིའི་བུས་སྨྲས་པ། སད་གཉིད་གཉིས་ཀའི་དུས་སུ་ཡང་ལས་གཉིས་གསོག་སྤེལ་བྱེད་པ་མེད་པར་ཐལ། ལས་གཉིས་དོན་དམ་པར་མེད་པའི་ཕྱིར། ལན་ལ། རབ་འབྱོར་གྱིས་སྨྲས་ཁྱོད་ཀྱིས་སྨྲས་པའི་རྩོད་པ་དེ་ཡང་མི་འཇུག་པར་ཐལ། དེ་ལ་ཁྱབ་པ་མེད་པའི་ཕྱིར་ཞེས་བསྟན་པའི་ཕྱིར། བཞི་པ་ལ་རྩོད་པ་དང་ལན་གཉིས། དང་པོ་ནི། ཤཱ་རིའི་བུས་སྨྲས་པ། བྱང་ཆེན་གྱིས་ཕྱིན་དྲུག་ལ་སྤྱད་པ་རྨིས་ནས་སད་དུས་སུ་དགེ་རྩ་རྫོགས་བྱང་དུ་བསྔོས་པས་ཀྱང་རྫོགས་བྱང་ཐོབ་པར་འགྱུར་སྲིད་པར་ཐལ། རྨི་ལམ་དུ་བསགས་པའི་དགེ་མི་དགེའི་ལས་ལ་སད་དུས་སུ་མངོན་ཞེན་དྲག་པོས་གསོས་བཏབ་པས་ལས་ལམ་རྫོགས་པ་ཞིག་ཡོད་པའི་ཕྱིར། འདོད་མི་ནུས་སོ་ཞེ་ན། ལན་ལ་རབ་འབྱོར་གྱིས་སྨྲས་པ། སྐྱོན་དེ་ཡང་མེད་དེ། དེ་ལ་བདག་གིས་ལན་དོན་གྱིས་བཏབ་ཟིན་པས་དོན་འདིའི་ལྷག་མ་བྱམས་པ་ལ་དྲིས་ཞིག་ཅེས་ཞལ་འཕངས་མཛད་ནས་བསྟན་པའི་ཕྱིར། འདི་དག་ནི་ཉན་ཐོས་ཆེན་པོ་གཉིས་ལ་དོགས་པ་དེ་ལྟ་བུ་ཡོད་ནས་མིན་གྱི། མ་འོངས་པ་ན་འབྱུང་འགྱུར་ལ་དགོངས་པ་ཡིན་ཏེ། མ་འོངས་པ་ན་དངོས་སྨྲ་བ་དག་གིས་རྩོད་ཚུལ་དེ་འདྲ་བྱེད་པའི་ཚེ་ལན་དེ་ལྟར་འདེབས་པའི་དོན་ཡིན་པའི་ཕྱིར། ༈ སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་སོགས་ཀྱི་སྐབས་སུ། ཞིང་དག་སྦྱོར་བའི་ངོ་བོ་ཡོད་དེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཁྱད་པར་ཅན་འགྲུབ་པའི་ནུས་པ་ཅི་རིགས་རྫོགས་པའི་དག་སའི་ཡེ་ཤེས་དེ། དེའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་གཉིས་ཡོད་དེ། ལོངས་སྐུའི་ཞིང་དག་སྦྱོར་དང་སྤྲུལ་སྐུའི་ཞིང་དག་སྦྱོར་གཉིས་ཡོད་པའི་ཕྱིར། ཞིང་དག་སྦྱོར་ཐོབ་པའི་གང་ཟག་ཡིན་ན། མ་དག་པའི་ཞིང་མི་འཛིན་པས་མ་ཁྱབ་སྟེ། བདག་ཅག་གི་སྟོན་པ་ལྟ་བུས་སྙིང་རྗེས་མ་དག་པའི་ཞིང་ཡང་འཛིན་པའི་ཕྱིར། ༈ ཡུལ་དང་སྦྱོར་བ་ཅན་འདི་ནི། །ཞེས་སོགས་ཀྱི་སྐབས་སུ། ཐབས་མཁས་སྦྱོར་བའི་ངོ་བོ་ཡོད་དེ། སྤྲུལ་སྐུའི་ལག་རྗེས་འཇོག་བྱེད་ཀྱི་དག་སའི་ཡེ་ཤེས་དེ། དེའི་ངོ་བོ་ཡིན་པའི་ཕྱིར། དེ་ལ་བཅུ་ཡོད་དེ། བདུད་བཞིའི་དགྲ་ཅི་རིགས་ལས་འདས་པ་ནས། རིགས་པའི་གནས་ལྔ་ལ་མཁས་པའི་རྟོགས་པ་ཚད་མེད་པ་ཞེས་བྱ་བའི་བར་བཅུ་ཡོད་པའི་ཕྱིར། འདིར་བདུད་བཞིའི་གྲངས་དང་། ངོ་བོ་དང་། བཅོམ་པའི་ས་མཚམས་བཤད་པ་གསུམ། དང་པོ་ནི། བདུད་ལ་བཞིར་གྲངས་ངེས་ཏེ། འཆི་མེད་ཀྱི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པའི་ཆ་ནས་དེ་བཞིར་ངེས་པའི་ཕྱིར། དེར་ཐལ། གང་འཆི་བའི་དབང་དུ་བྱས་ནས་ཕུང་པོའི་བདུད། གང་གིས་འཆི་བའི་དབང་དུ་བྱས་པའི་ཉོན་མོངས་པའི་བདུད། འཆི་བའི་ངོ་བོའི་སྒོ་ནས་འཆི་བདག་གི་བདུད། དེ་གསུམ་ལས་འདའ་བ་ལ་བར་དུ་གཅོད་པའི་དབང་དུ་བྱས་ནས་ལྷའི་བུའི་བདུད་བཞག་པའི་ཕྱིར། གཉིས་པ་ལ་བདུད་བཞི་སོ་སོའི་ངོ་བོ་བཞག་ཏུ་ཡོད་དེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཕུང་པོའི་བདུད་རགས་པ་དང་། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱི་དབང་གིས་བླངས་པའི་ཡིད་ལུས་ཕྲ་མོ་དེ་ཕུང་པོའི་བདུད་ཕྲ་མོ་དང་། ཉོན་མོངས་པ་དང་དེའི་ས་བོན་རྣམས་ཉོན་མོངས་པའི་བདུད་རགས་པ་དང་དེ་རྣམས་ཀྱི་བག་ཆགས་ཕྲ་མོ་དེ་ཉོན་མོངས་པའི་བདུད་ཕྲ་མོ། ལན་ཉོན་གྱི་དབང་གིས་སྲོག་དབང་འགགས་པའི་ཆ་དེ་འཆི་བདག་གི་བདུད་རགས་པ་དང་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བྱེད་པའི་ཆ་དེ་འཆི་བདག་གི་བདུད་ཕྲ་མོ། དགའ་རབ་དབང་ཕྱུག་དེ་ལྷའི་བུའི་བདུད་རགས་པ་དང་མ་རིག་བག་ཆགས་ཀྱི་དེ་ལྷའི་བུའི་བདུད་ཕྲ་མོ་ཡིན་པའི་ཕྱིར། བདུད་བཞི་གང་རུང་ལ་སྤང་བྱ་དང་བདུད་ཡིན་པས་མ་ཁྱབ་སྟེ། འཕགས་པའི་ཉེར་ལེན་གྱི་ཕུང་པོ་དང་ཟག་མེད་ཀྱི་ལས་ཀྱིས་ཐོབ་པའི་ཡིད་ལུས་ལྟ་བུ་ནི་སྤང་བྱ་དང་བདུད་དུ་མི་རིགས་པའི་ཕྱིར། གསུམ་པ་བདུད་བཞི་རགས་པ་དང་བཅོམ་པའི་ས་མཚམས་ཡོད་དེ། ཐེག་དམན་གྱི་མཐོང་ལམ་ནས་ལྷའི་བུའི་བདུད་རགས་པ་བཅོམ། ཐེག་དམན་དགྲ་བཅོམ་གྱི་གོ་འཕང་ཐོབ་ནས་ཉོན་མོངས་པའི་བདུད་རགས་པ་བཅོམ། དེའི་ལྷག་མེད་མྱང་འདས་ཐོབ་ནས་བདུད་གཞན་གཉིས་རགས་པ་བཅོམ། དམན་ལམ་སྔོན་དུ་མ་སོང་བས་ནི་ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས་ལྷའི་བུའི་བདུད་རགས་པ་དང་། ཐེག་ཆེན་གྱི་མཐོང་ལམ་ནས་འཆི་བདག་གི་བདུད་དང་ཕུང་པོའི་བདུད་རགས་པ་གཉིས་དང་། ས་བརྒྱད་པ་ནས་ཉོན་མོངས་པའི་བདུད་མངོན་འགྱུར་བ་བཅོམ་ཞིང་། བདུད་བཞི་ཕྲ་མོ་མ་ལུས་པ་བཅོམ་པ་དང་སངས་རྒྱས་པ་དུས་མཉམ་པའི་ཕྱིར། དེར་ཐལ། རྒྱུད་བླ་མ་ལས། འཆི་མེད་ཞི་བའི་གནས་ཐོབ་པ། །འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །ཞེ་གསུངས་པའི་ཕྱིར་རོ།། །། མདྒལཾ།།