Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
མི་ལའི་རྣམ་ཐར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམི་ལའི་རྣམ་ཐར།next

མི་ལའི་རྣམ་ཐར།


CMR004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷ་ཛ་ཡེ། །འཇམ་དཔལ་བཤེས་གཉེན་རྣམ་འཕྲུལ་གྲུབ་པའི་གཙོ། །གུང་ཐང་མི་ལ་ཤེས་རབ་རྒྱལ་མཚན་གྱི། །སྲས་སུ་འཁྲུངས་ཏེ་ཐོས་པ་དགའ་ཞེས་གྲགས་། །ལོ་བདུན་ལོན་ཚེ་ཡབ་འདས་ཞལ་ཆེམས་བཞག །ཨ་ཁུ་ཨ་ནེས་ཞལ་ཆེམས་མ་བརྩིས་པར། །ནོར་འཕྲོག་གཡོག་བཀོལ་ཤིན་ཏུ་སྡུག་བསྔལ་ནས། །སློབ་དཔོན་གཅིག་ལ་ཀློག་བསླབ་གླུ་སྒྲུང་མཁས། །གཡུང་སྟོན་ཁྲོ་རྒྱལ་དྲུང་དུ་མཐུ་སློབ་བྱོན། །གཡུང་སྟོན་གྱིས་ཀྱང་གནུབ་ཆུང་རྩ་རུ་བཏང་། །དྲག་སྔགས་བསྒྲུབས་པས་མི་རྟ་སོ་ལྔ་བསྒྲལ། །དེ་ནས་སེར་བ་གྱང་རིམ་གསུམ་ཙམ་ཕབ། །རོང་སྟོན་ལྷ་དགའ་མཇལ་ཏེ་རྫོགས་ཆེན་ཞུས། །དེ་ནས་མར་པའི་དྲུང་དུ་བྱོན་པ་ལ། །མི་ལ་ཁོ་ནས་ཁུར་ཞིང་བརྩིགས་པ་ཡི། །སྐུ་མཁར་ཟླུམ་པོ་ཟླ་གམ་སོག་ཁ་དང་། །གྲུ་གསུམ་དགུ་ཐོག་བརྩིགས་ཚར་བཤིག་པར་མཛད། །དེ་ནས་གྲུ་བཞི་ཐོག་བདུན་ཁྱམས་ར་ནི། །ཀ་བ་སོ་དྲུག་ཡོད་པ་གཅིག་བརྩིགས་པས་། །སྐུ་རྒྱབ་སྟོད་སྨད་རྒལ་པ་ཁག་གསུམ་བྱུང་། །བླ་མའི་བཀའ་བཀྱོན་བརྡུངས་བཏག་ཆོས་མ་གནང་། །རྔོག་པའི་རྩར་བྱོན་སེར་བ་ཕབ་མཛད་ཅིང་། །དབང་བསྐུར་ཆོས་


CMR004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བསྒོམ་ཡང་ཉམས་མ་སྐྱེས། །དེ་ནས་མར་པས་དབང་བསྐུར་མཛད་པའི་ཚེ། །བླ་མ་བདེ་མཆོག་འཁོར་ལོ་དངོས་སུ་གཟིགས། །ཆོས་དང་གདམས་ངག་བུམ་པ་གང་བྱོར་གནང་། །རང་ཡུལ་བྱོན་ནས་ཡུམ་གྱི་རྣམ་ཤེས་དྲངས། །དེ་ནས་བྲག་དཀར་རྟ་སོར་དཀའ་ཐུབ་མཛད། །དེ་ནས་བྲག་དམར་སྤོ་མཐོར་སྒོམ་དུ་གཤེགས། །དེ་ནས་ལིང་པའི་བྲག་གི་བྲག་སྲིན་བཏུལ། །སིང་གྷ་ལ་ཡི་ནགས་སུ་བཞུགས་པའི་ཚེ། །བལ་པོའི་རྐུན་མ་རྣམས་ཀྱིས་མདའ་འགའ་བརྒྱབ། །བྲག་ལ་བརྒྱབ་ལྟར་ཡར་བས་དད་པ་སྐྱེས། །དུར་ཁྲོད་སུ་ལུ་དྷི་པ་ཞེས་བྱར་བྱོན། །ཊཱཀི་རྣམས་དང་ལྷན་ཅིག་ཚོགས་འཁོར་མཛད། །ཕུག་རོན་སྔོན་མོས་འབྲས་དཀར་ཁལ་གཅིག་ཕུལ། །དེ་ནས་རས་ཆུང་པས་མཇལ་ཉེ་གནས་མཛད། །དེ་ནས་མཆོག་དཀར་བྲག་ཏུ་བཞུགས་པའི་དུས། །ཡོན་བདག་མ་གཅིག་དད་པ་སྐྱེས་པའི་ཕྱིར། །རྗེ་བཙུན་སྐུ་ནི་མེ་དཔུང་གཅིག་ཏུ་སྤྲུལ། །དེ་ནས་ལ་ཕྱི་གངས་ལ་བྱོན་པའི་ཚེ། །ཁ་བ་ཉིན་མཚན་བཅོ་བརྒྱད་བབས་པ་ཡི། །རྗེ་བཙུན་འདས་སྙམ་དཔྱིད་དཀར་སོང་བ་ཡིས། །གསའ་རུ་སྤྲུལ་སོགས་སྐུ་ཡིས་རྫུ་འཕྲུལ་བསྟན། །མཁའ་འགྲོས་འཚོ་བ་དྲངས་པས་


CMR004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་མ་ཟད། །གངས་མགུར་གསུངས་ཤིང་གཏུམ་མོའི་ཆེ་བ་བསྟན། །དེ་ནས་སྨན་ལུང་ཆུ་བར་བཞུགས་པའི་ཚེ། །ཤ་ཟ་མཆེད་ལྔ་ལྷ་འདྲེ་ཐམས་ཅད་ཀྱིས། །འཇིགས་སུ་རུང་བའི་ཆོ་འཕྲུལ་བསྟན་ན་ཡང་། །ཐམས་ཅད་ཟིལ་གྱིས་མནན་ནས་དམ་ལ་བཏགས། །ཚེ་རིང་མཆེད་ལྔས་བ་མན་ཞོ་དྲངས་ཤིང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གདམས་པ་ཞུས། །དིང་མ་བྲིན་དུ་རིམས་ནད་འབྱུང་བའི་ཚེ། །ཚེ་རིང་མ་ཡིས་གདན་དྲངས་རིམས་ནད་བསལ། །དེ་ནས་དེ་ཡི་སྐུ་དྲིན་བསབ་པའི་ཕྱིར། །ཚེ་རིང་མཆེད་ལྔས་སྣ་ཚོགས་མཆོད་པ་ཕུལ། །གསང་བའི་ཡུམ་མཛད་དངོས་གྲུབ་ལྔ་ཡང་ཕུལ། །དེ་ནས་ལ་ཕྱི་ཆུ་བཟང་བཞུགས་པའི་དུས། །ལྷ་འདྲེས་བྲག་བསྙིལ་ཐོག་ཕབ་ཆོ་འཕྲུལ་བསྟན། །མགུར་བཞེངས་དད་ནས་ཟླ་གཅིག་ཞབས་ཏོག་བྱས། །མཆོང་ལུང་བྲག་ཏུ་མར་པ་ཞལ་གཟིགས་ཤིང་། །ཨ་ཙ་ར་བདུན་ཆོ་འཕྲུལ་བསྟན་པ་ལ། །མགུར་མ་བཞེངས་པས་རིམ་གྱིས་ཡལ་བར་གྱུར། །དམ་པ་རྒྱ་གར་མཇལ་བས་བསྟོད་བསྔགས་བརྗོད། །ཆུ་ལ་འཕུར་བས་ཁྱེའུ་གཅིག་དད་ནས། །རྗེས་སུ་འབྲངས་པ་ཞི་བ་འོད་དུ་གྲགས། །དེ་ནས་ལྕོགས་རོ་འབྲི་འཚམས་


CMR004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་ལྔས། །ཉམས་ཚད་མགུར་ཕུལ་ལན་གསུངས་དད་པ་སྐྱེས། །དབུས་ན་མོ་དེད་ཚགས་ཕྱིར་འབྲང་པ་ལས། །གནམ་མཚོར་ལོ་བརྒྱད་ངག་བཅད་མཁའ་སྤྱོད་གཤེགས། །མི་ལས་ལུང་བསྟན་རིས་ཆུང་རྒྱ་གར་བྱོན། །བོད་དུ་འཁོར་དུས་སེར་བ་དྲག་པོ་ཕབ། །མི་ལ་གཡག་རུའི་ནང་བཞུགས་འཁྲུལ་འཁོར་མཛད། །རས་ཆུང་ངན་སྔགས་དཔེ་རྣམས་མི་ལས་མེ་ལ་བསྲེགས། །རས་ཆུང་དད་པ་ལོག་པ་གསོ་བའི་ཕྱིར། །མི་ལའི་སྤྱི་བོར་བཀའ་བརྒྱུད་བླ་མ་དང་། །སྐུ་ཡི་གནས་ལྔར་ཡི་དམ་ལྷ་ཚོགས་བསྟན། །མཁའ་ལ་ལྡིང་དང་བྲག་ལ་འདམ་ལྟར་རྗེས། །རྒྱ་མཚོའི་དཀྱིལ་དུ་རྫུ་འཕྲུལ་སྟོན་པ་དང་། །སྐུ་ཡི་བཀོད་པ་མང་བསྟན་དད་པར་མཛད། །བོན་པོ་གཅིག་གིས་བདུན་ཚིག་མཛད་ཏེ་དྲངས། །བྲིན་ཁ་གསུམ་གྱིས་བསྐུར་པ་བརྡུང་བརྩོག་བྱས། །བཙོན་ཁང་བཅུག་སྟེ་སྒོ་ལྕགས་བརྒྱབ་པ་ལས། །དེ་བས་སྔོན་ལ་ཕྱི་ལོག་ཕེབས་ནས་འདུག །དེ་ནས་ནང་ཁྲིད་ཀ་བར་བཅིངས་པ་ལས། །བཅིངས་མཁན་ཁོ་རང་བཅིངས་ཏེ་སྣང་བ་ལ། །ཕྱི་རུ་ཕུད་སྙམ་སུས་ཀྱང་འཐེན་མ་ཐུབ། །ཐམས་ཅད་དད་དེ་ཕྱག་འཚལ་བསྐོར་བ་བྱས། །ཉིན་གཅིག་ཁོ་ནར་བཀོད་པ་མང་བསྟན་


CMR004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །མྱ་ངན་བསངས་དང་ཆུ་རྩད་ཆོས་གསུངས་དང་། །བྲག་ཕུག་བཞུགས་དང་རིར་གཤེགས་སྡོམ་བུ་མཛད། །དྲིན་གྱི་དམ་པོར་འདྲེ་ཡི་དམག་ཚོགས་བཏུལ། །རྒྱ་གར་གྲུབ་ཐོབ་དྷརྨ་བྷོ་ཏི་མཇལ། །མི་ལ་ནམ་མཁར་ལྡིང་ཤིང་བྱོན་པ་དང་། །སེངྒེ་ཆིབས་ཤིང་ཉི་ཟླའི་སྟེང་ན་བཞུགས། །གསེར་གྱི་མཆོད་རྟེན་སྤྲུལ་སོགས་མཛད་པ་ཡིས། །དྷརྨ་བྷོ་ཏིས་ཕྱག་འཚལ་བསྟོད་པ་མཛད། །སློབ་མ་རྣམས་ལ་དབང་བསྐུར་མཛད་པའི་ཚེ། །བུམ་པ་འཕུར་ཤིང་སོ་སོའི་མགོ་ལ་བབ། །མེ་ཏོག་ཆར་བབ་རོལ་མོའི་སྒྲ་རྣམས་གྲག །ཐང་ཀ་གཅིག་གཉིས་རབ་གནས་མཛད་པའི་ཚེ། །ལྷ་རྣམས་མེ་ཏོག་དགོས་ན་ལོང་གསུངས་པས། །ཐང་ཀའི་ལྷ་རྣམས་རང་རང་མེ་ཏོག་བླངས། །དེ་ནས་རྗེ་བཙུན་ཉིད་ཀྱིས་འབྲི་སྒོམ་ལ། །ཁྱོད་ནི་གླེན་པ་དྲང་པོའི་མི་ཡིན་པས། །ཁོ་བོ་འཆི་དུས་ཅི་འདྲ་འོང་ངམ་གསུངས། །སངས་རྒྱས་ཡིན་པས་འདས་གྲོངས་མེད་དམ་སྙམ། །འོང་སྙམ་ཞུས་པས་རྗེ་བཙུན་གྱིས། །དེ་བདེན་མཐོང་སྣང་སྣ་ཚོགས་འོང་གསུངས་ལྟར། །རྗེ་བཙུན་ཆེན་པོ་མོད་ལ་མི་སྣང་བས། །བཞུགས་མལ་རས་གོས་ལུས་ལ་དད་རྟེན་བྱས། །སྣང་བ་དག་པས་མཁའ་


CMR004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་གཤེགས་ཐག་བཅད། །མ་དག་སྣང་བ་བརྒྱད་ཅུ་རྩ་བཞི་ལ། །བོན་པོས་དུག་དྲངས་མཁྱེན་ཡང་གསོལ་ནས་འདས། །རས་ཆུང་མ་སླེབ་བྱོན་པས་སླར་ཡང་མཇལ། །སླར་ཡང་སོང་བས་གདུང་བཞུ་བ་དང་འཕྲད། །གསོལ་བ་བཏབ་པས་ཞལ་བསྟན་ཞལ་གདམས་གནང་། །དུ་བ་འཇའ་འཁྱིལ་འཇའ་འོད་བལྟས་བཟང་བྱུང་། །གདུང་དང་རིང་བསྲེལ་ཀིའི་གདན་དྲངས་སོ། །སློབ་མའི་གཙོ་བོ་རྣམ་པ་གསུམ་ཡིན་ཏེ། །མངོན་སུམ་འགྲོ་བ་དབང་བསྡུད་སྒམ་པོ་པ། །གཟུགས་མེད་ལྷ་འདྲེ་དབང་བསྡུད་ཚེ་རིང་མ། །སྐལ་ལྡན་ཡང་རབ་དབང་སྡུད་ལྷན་སྐྱེས་སྒྲོན། །དེ་སློབ་སློབ་མ་དཔག་ཏུ་མེད་བྱུང་ཞིང་། །གངས་ཅན་ལྗོངས་འདིར་སྒྲུབ་བརྒྱུད་སྲོལ་ཆེན་བསྟོད། །མི་ལ་རས་ཆེན་རྣམ་ཐར་རྒྱས་པ་ནི། །དར་ཆ་ཆེ་བས་ཞིབ་པར་མ་བྲིས་ཏེ། །འདིར་ནི་བརྡ་ཙམ་དད་པའི་རྟེན་དུ་བསྡུས། །འདི་ལ་ཉེས་པ་མཆིས་ན་ཆོས་ཀྱི་བདག །བཀྲ་ཤིས་ཚེ་རིང་མཆེད་སྡེ་ལྔ་ལ་བཤགས། །དགེ་བས་བདག་དང་བདག་ལ་ལྟོས་པ་རྣམས། །ཚེ་འདིར་བློས་གཏང་སྒྲུབ་པ་སྲོག་དང་བསྡོས། །མི་ལ་རས་ཆེན་རྣམ་ཐར་རབ་འཁྱོངས་ནས། །ཚེ་གཅིག་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །དེ་


CMR004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བྱ་བཏང་རཱ་གའི་མིང་གིས་བྲིས། །མངྒ་ལཾ།། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམི་ལའི་རྣམ་ཐར།next