Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

11 occurrences of བརྒྱུད་གསུམ་
[Clear Hits]


 
  
  
  
རྟ་མགྲིན་གསུང་གི་སྒྲུབ་པ་མེ་རླུང་དམར་ནག་གི་འདོན་འགྲིགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
 
  
  
  
  
 
  
  
  
 
 
 
 
  
  
 
  
  
  


11 occurrences of བརྒྱུད་གསུམ་
[Clear Hits]

 
previousརྟ་མགྲིན་གསུང་གི་སྒྲུབ་པ་མེ་རླུང་དམར་ནག་གི་འདོན་འགྲིགས།next

རྟ་མགྲིན་གསུང་གི་སྒྲུབ་པ་མེ་རླུང་དམར་ནག་གི་འདོན་འགྲིགས།


CMR010_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གསུང་གི་སྒྲུབ་པ་མེ་རླུང་དམར་ནག་གི་འདོན་འགྲིགས་བཞུགས་སོ༔


CMR010_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྟ་གོན་བཅས་རྣམས་གཞུང་ལྟར་ལས༔ དྲག་པོའི་ལས་བྱང་གཞལ་ཡས་ཁང་ལྷ་བསྐྱེད་བར་འདོན༔ ལྷ་བསྐྱེད་མི་འདོན་པར༔ ༈ ཕོ་བྲང་དག་པའི་དཀྱིལ་འཁོར་དབུས༔ སྟོང་པའི་ངང་ལས་ཉི་ཟླ་པདྨ་བདུད་བཞིའི་སྟེང་དུ་དྷཱི༔ཡིག་དམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས༔ གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཚུར་འདུས་ཧྲིལ་ཐིམ་ཡོངས་སུ་གྱུར་པ་ལས༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་


CMR010_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་མིག་ཏུ་བསྒྲད་པ༔ ཞལ་གདངས་མཆེ་བ་གཙིགས་པ༔ སྨིན་མ་དང་སྨ་ར་ལས་མེ་འབར་བ༔ ཕྱག་གཡས་རལ་གྲི་ལས་མེ་འབར་བ་བསྣམས་པ༔ གཡོན་པས་སྡིག་པ་དང་སྦྲུལ་ཞགས་འཛིན་པ༔ དབུ་ལ་རིགས་ཀྱི་བདག་པོས་བརྒྱན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཞབས་གཉིས་འདོར་སྟབས་སུ་བསྒྲད་པ༔ མེ་འབར་བའི་ཀློང་ན་རྟ་སྐད་འཚེར་བ༔ ཁྲོ་བོའི་ཚོགས་ཀྱིས་སྤྲིན་ལྟར་གཏིབས་པར་གྱུར། བདག་གི་གནས་གསུམ་ལས་འོད་ཟེར་འཕྲོས་པས༔ ནུབ་ཕྱོགས་བདེ་ཆེན་པདྨ་རོལ་པའི་དུར་ཁྲོད་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ༔ བདག་ལ་ཐིམ་


CMR010_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཉིས་སུ་མེད་པར་བདག་བྱིན་གྱིས་བརླབས་པར་གྱུར༔ ༈ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ རང་བཞིན་གཞལ་ཡས་ཐམས་ཅད་ནས༔ སོགས་སྤྱན་འདྲེན་ཚང་བར་འདོན༔ རྒྱ་གྷི་ཝ་དྷེ་ཝ་ཌཱཀྐི་སོགས། ཁྲོ་རྒྱལ་དྲེགས་འཇོམས་དབང་ཆེན་ལྷ་ཚོགས་རྣམས༔ སོགས། ཧཱུྃ༔ རྟ་མགྲིན་གསུང་གི་ལྷ་ཚོགས་རྣམས༔ སོགས་མཆོད་པ་ནི་ལས་བྱང་གཞུང་ལྟར་རོ༔ བསྟོད་པ་ནི་རྣམ་རྒྱལ་འབར་བའི་རྟ་མགྲིན་བསྟོད་པ་དེ་བྱའོ༔ ཧཱུྃ༔ རྟ་མགྲིན་གསུང་གི་དཀྱིལ་འཁོར་ལྷ་ཡི་ཚོགས༔ སོགས་བཤགས་པ་བྱའོ༔ ཨོཾ་པདྨ་སཏཱ་ས་མ་ཡ་སོགས་ཡིག་བརྒྱ་བཟླས༔ བདག་མདུན་གྱི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧྲིའི་མཐའ་བསྐོར་དུ་རྩ་སྔགས་ཀྱིས་བསྐོར་བར་གྱུར༔ བདག་མདུན་བར་དུ་འོད་ཟེར་རམ་སྔགས་ཕྲེང་འཁོར་བ་སྤྱི་ལྟར་རོ༔ རྗེས་རྣམས་གཞུང་ལྟར་བྱའོ༔ ༈ རྟ་མགྲིན་གསུང་གི་སྒྲུབ་པའི་འཛབ་དགོངས་གསལ་བྱེད་བཞུགས་སོ༔ རྟ་མགྲིན་སྒྲུབ་པ་འདོན་འགྲིགས་ལྟར་བཏོན་པའི་རྗེས་སུ༔ བདག་མདུན་གྱི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རཾ་ཞུ་བ་ལས་ཉི་མའི་


CMR010_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གདན་ཐབས་ཀྱི་ལྟེ་བར༔ ཧིདམར་པོ་འགྲེང་སྟེ་གནས་པའི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས༔ སངས་རྒྱས་བྱང་སེམས་ཁྲོ་བོ་ཁྲོ་མོ་ཐམས་ཅད་མཆོད༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་དེས་ཚུར་བསྡུས་ནས་རང་ལ་བསྟིམ༔ སླར་ཡང་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་༔ རྟ་མགྲིན་གྱི་གོ་འཕང་ལ་བཀོད༔ དེ་རྣམས་ཀྱི་བསོད་ནམས་དང་མཐུ་སྟོབས་ཐམས་ཅད་བསྡུས་རང་ལ་ཐིམ་པར་བྷེ་ཞིང་ཞག་གསུམ་བཟླས་པ་བསྙེན་པ༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས༔ རང་གི་ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་ཞུགས༔ ཐུགས་ཀར་སོང་ནས་སྔགས་ཕྲེང་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ༔ ལྟེ་བ་ནས་ཚུར་བྱུང་རང་གི་ལྟེ་བ་ནས་ཐུགས་ཀར་ཐིམ༔ ཕར་མཆོད་པ་ཚུར་དངོས་གྲུབ་ཀྱི་ཚུལ་དུ་མགལ་མེའི་འཁོར་ལོ་ལྟར་འཁོར༔ དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་དུ་གྱུར༔ དེ་ཡང་འཁོར་བཞིན་པ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད༔ དེ་


CMR010_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནས་རྟ་མགྲིན་གྱི་སྐུ་དང་སྔགས་དང་ཕྱག་མཚན་དཔག་ཏུ་མེད་པ་ཆར་བཞིན་བབས་ནས༔ བདག་མདུན་རྣམས་ལ་སིབ་སིབ་ཐིམ༔ འགྲོ་དྲུག་གི་སེམས་ཅན་རྣམས་ཀྱང་རྟ་མགྲིན་གྱི་སྐུར་གྱུར་ནས་སྔགས་སྒྲ་དི་རི་རི་སྒྲོགས་པར་བྷེ་ལ་ཞག་བཞི་ཙམ་བཟླ་བ་སྒྲུབ་པ༔ དེ་ནས་ཚོགས་དང་བསྐང་བ་བྱ༔ དམར་གཏོར་གཅིག་ལ་རྣམ་རྒྱལ་འབར་མ་འདོན༔ ཆད་མདོ་གཏོར་སྐྱོང་ཡང་འབུལ༔ ཕུར་པ་གནས་གསུམ་དུ་ཡང་གཏུགས་ཤིང་༔ རྩ་སྔགས་མཇུག་ཏུ་ཀཱ་ཡ་སིདྡྷི་སོགས་དབང་བླངས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་སྔོན་གྱི་ཐུགས་རྗེ་ཐུགས་དམ་གྱི་དབང་གིས་ཕུར་པ་འདི་ལ་བརྟན་པར་བཞུགས་སུ་གསོལ༔ ཅེས་མདུན་བསྐྱེད་ཕུར་པ་ལ་བསྟིམ༔ བདག་བསྐྱེད་སྟོང་པར་བསྡུ༔ དེ་ལྟར་སྒྲུབ་པ་ཚར་ནས་དར་སྔོ་དམར་ཅོད་པན་ཤུབ་སོགས་བྱས་ནས་རྟ་མགྲིན་དངོས་སུ་གསལ་ལ་དད་རྟེན་བྱ༔ ལས་སྦྱོར་ནི་དགོས་པའི་དུས་སུ་རང་ཉིད་རྟ་མགྲིན་ང་རྒྱལ་གྱིས་ཕུར་པ་རྟ་མགྲིན་དུ་གསལ་བ་གདེངས་ཤིང་གཟིར་བས༔ དེ་ལ་རྟ་མགྲིན་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས་ནས། གནོད་བྱེད་སྤྲིན་ནག་རླུང་གིས་གཏོར་བ་ལྟར་ཟློག་པ་དང་ཚར་བཅད་པར་བསམ༔


CMR010_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ལས་གང་ཡིན་འགྲུབ་པ་ནི་ལས་སྦྱོར་རོ༔ སྔགས་རྒན་༧ རཱ་ག་ཨ་སྱས་བསྒྲིགས་པའོ༔ སརྦ་མངྒ་ལཾ། །༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་མགྲིན་གསུང་གི་སྒྲུབ་པ་མེ་རླུང་དམར་ནག་གི་འདོན་འགྲིགས།next