Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

11 occurrences of གཏེར་སྲུང་
[Clear Hits]


  
  
  
  
བགེགས་གཏོར།
 
  
 
  
  
 
  
 
  
 
  
  
  
  
  
  
 
  
  
  
  
  
  
  
  
 
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


11 occurrences of གཏེར་སྲུང་
[Clear Hits]

 
previousབགེགས་གཏོར།next

བགེགས་གཏོར།


CMR012_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བགེགས་ལ་གཏོར་མ་སྦྱིན་པ་ནི། གླུད་གཏོར་ལ་སྒྲུབ་པ་པོ་རྣམས་ཀྱི་ལུས་ལ་དྲུད་པའི་ཆངས་བུའི་བསྐོར་ལ། ཤ་དུམ། གླུད་གོས་བཀོན་ལ། ཆུ་གཙང་གིས་བྲན་ལ། བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷ་ཝས་སྦྱངས་ནས། སྟོང་པའི་ངང་ལས་པཾ་ལས་པད་གཞོང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་དཀར་པོ་ཡོངས་སུ་གྱུར་པ་ལས། ལན་ཆགས་གླུད་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་ཁྲོ་བོ་གནོད་མཛེས་ལྕགས་ཀྱུ་ཐོ་བ་འཛིན་པ་དཔག་ཏུ་མེད་པས་གནོད་བྱེད་འགུགས་པའི་ལས་བྱེད་པ་ཞིག་ཏུ་གྱུར། འཀི་རཱ་ཛ་ཧཱུྃ་ཛ༔ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུང་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་


CMR012_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བདེན་པ་དང་། ཁྱད་པར་དུ་ཡང་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གི་གདོང་པ་ཅན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པའི་ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ས་བདག །དམ་སྲི་རྒྱལ་འགོང་། ཐེའུ་རང་འགོང་པོ། ནད་འདྲེ་གཅོང་སྲི། ལ་སོགས་པའི་གདོན་བགེགས་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་དང་། བགེགས་ཀྱི་རྒྱལ་པོ་བྱི་ནྱ་ཀས་གཙོར་བྱས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་དང་བཅས་པ་ནད་བདག་ཡམས་བདག་རིམས་བདག་གི་ཚོགས་དང་བཅས་པ་རྣམས་བགེགས་ཀྱི་གཏོར་མ་ལེན་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག་ཌཀི་ཧཱུྃ་ཛ༔ ལན་གསུམ། སརྦ་བྷིགྷཱན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་སོགས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་རླབས། ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མོ་བདག་གི་བསམ་པའི་སོགས་ནས། འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་ནས། དམ་པ་གཉིས་ནི་ཐོབ་པར་ཤོག །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་


CMR012_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གྱུར་པ་ནི། ལན་ཆགས་ཀྱི་བདག་པོ་བདག་མོ། ནད་ཀྱི་བདག་པོ་བདག་མོ། ཡམས་ཀྱི་བདག་པོ་བདག་མོ། རིམས་ཀྱི་བདག་པོ་བདག་མོ། གྲིབ་ཀྱི་བདག་པོ་བདག་མོ་རྣམས་ལ་སྦྱིན་ནོ། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་བུ་ལོན་སོད། ཤ་འཁོན་བྱང་། ལན་ཆགས་དག །སྡིག་སྒྲིབ་དག་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །དེ་ནས་རྔ་བརྡུང་ཞིང་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། ཡང་དག་དོན་ལ་རྟག་ཏུ་མི་མོས་ཤིང་། །དཀྱིལ་འཁོར་སྒྲུབ་ལ་བར་དུ་གཅོད་པ་ཡི། །བགེགས་དང་ལོག་འདྲེན་ཚོགས་རྣམས་ཐམས་ཅད་ཀུན། །མཆོད་སྦྱིན་གཏོར་མ་འདི་ཡིས་ཚིམ་མཛོད་ལ། །གནོད་འཚེའི་བསམ་པ་ཐམས་ཅད་རབ་སྤངས་ནས། །སོ་སོ་རང་རང་གནས་སུ་བདེ་བར་དེངས། །ཅི་ཏེ་མི་འགྲོ་འདི་རུ་འཆེ་བྱེད་ན། །ཐལ་བ་རྡུལ་དུ་བརླག་པར་གདོན་མི་ཟ། །དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རིཀཱ་ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ་ཨ་ཀྲོ་རཱ་ཙ་ཡ་མ་རཱ་ཙ་ས་མཱ་ཡ། གནོད་བྱེད་སརྦ་ཤ་ཏྲོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཕྱི་རོལ་དུ་དོར། ཁྲོ་ཆུའི་ལུང་རིག་ལས། སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །།


previousབགེགས་གཏོར།next