གནམ་ཆོས་ས་སྙིང་གི་ས་བདག་འཁྲུགས་བཅོས་ཀྱི་སྲིད་པ་སྤྱི་ཡི་གཉེན་པོ་ཕྱག་རྡོར་གྱི་བདག་བསྐྱེད།
གནམ་ཆོས་ས་སྙིང་གི་ས་བདག་འཁྲུགས་བཅོས་ཀྱི་སྲིད་པ་སྤྱི་ཡི་གཉེན་པོ་ཕྱག་རྡོར་གྱི་བདག་བསྐྱེད་བཞུགས་སོ། །ན་མོ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུྃ་མཐིང་ཡོངས་སུ་གྱུར་པ་ལས། །རང་ཉིད་ཕྱག་ན་རྡོ་རྗེ་ནི། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །མཐིང་ནག་ཞལ་ཨ་གཅིག་ཕྱག་གཉིས་པ། །རྡོ་རྗེ་ཕྱར་ཞིང་སྡིགས་མཛུབ་སྒྲེང་། །དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན། །ཞབས་གཉིས་འདོར་ཐབས་པད་ཟླར་བཞུགས། །ཡེ་ཤེས་མེ་དཔུང་ཀློང་དུ་གསལ། །གནས་གསུམ་ཡིག་འབྲུའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དབང་བསྐུར་མི་བསྐྱོད་དབུ་བརྒྱན་གྱུར། །ཛཿཧཱུྃ་བཾ་ཧོཿ ཨོཾ་ཧཱུྃ་ཧཱུྃ་ཧྲཱིཿཨཱཿ ཨརྒྷཾ་སོགས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་
པ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཕྲེང་གསལ། །འོད་ཀྱིས་འཕགས་མཆོད་སྣང་སྲིད་དབང་སྡུས་ནས། །སྣང་སྲིད་ཐམས་ཅད་བདག་གི་བཀའ་ཉན་ནས། །བྱམས་དང་སྙིང་རྗེའི་ངང་ལ་གནས་པར་བསམ། །ཨོཾ་བཛྲ་པཱ་ཎི་ཧཱུྃ། ཅི་ནུས་བརྗོད། ཨོཾ་བཛྲ་པཱ་ཎི་ཨརྒྷཾ་སོགས། ཤབྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་རཱ་ག་ཨ་སྱས་ས་སྙིང་ལྷན་ཐབས་སུ་བཞག་པའོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།