ཤོག་ལྷེབ་ ༢༠༡ ནས་ ༢༤༠ བར།
རྗེ། །ཀརྨ་བསྟན་འཕེལ་ཡིན་པར་གདའ། །ཉིན་མཚན་དུས་རྣམས་ཐམས་ཅད་དུ། །རྣམ་སྣང་ཆོས་བདུན་མ་ཡིན་པར། །ཡུད་ཙམ་གཅིག་ཀྱང་མི་བཞུགས་སྐད། །དེ་ནི་གྲུབ་རྟགས་ཆེན་པོ་སྟེ། །ལུས་ནི་ཤིན་ཏུ་སྦྱངས་བ་ནི། །ཡོངས་སུ་སྦྱངས་བ་ཐོབ་རྟགས་ལགས། །ནུབ་མོ་ཉལ་བའི་ཚེ་ན་ཡང་། །དེ་ཡི་ངང་ནས་དགེ་བའི་ཆོས། །ཤ་ཟུང་རྒྱབ་ནས་ལྕམ་ལ་བཏགས། །གཉིད་ཀྱིས་ལུས་གནད་མི་ཞིག་པ། །དེ་འདྲ་ཐུབ་ན་རབ་ཡིན་ཏེ། །དེ་མིན་སྒལ་ཚིགས་བསྲང་བ་ཡི། །ཙོག་པུར་གཉིད་པ་ཙམ་ལ་ནི། །གཉིད་ནི་སྲབ་པར་འགྱུར་བ་དང་། །གཞན་དག་དང་བ་འདྲེན་པའི་ཕྱིར། །རྒོད་ཚང་པ་ཡི་ཕྱག་སྲོལ་ལགས། །མདོ་རྒྱུད་རྣམས་ནས་མ་གསུངས་སོ། །མ་བསླབས་ཆོས་ཀུན་ཁོང་ནས་བརྡོལ། །གཅིག་ཤེས་ཀུན་ལ་མཁས་པར་འགྱུར། །སྔས་ནི་ཅུང་ཟད་མཐོ་བྱས་ལ། །ལྷན་ཅིག་སྐྱེས་པའི་བདུད་གནས་པའི། །གཞོགས་གཡས་འོག་ཏུ་ཕབ་བྱས་ཏེ། །སྣ་གཡས་ཉི་མ་དུག་གི་རླུང་། །འགགས་ནས་གཡོན་དུ་རྒྱུ་བའི་ཕྱིར། །ལག་གཡས་འགྲམ་པ་བརྟེན་བྱས་ཏེ། །སྲིན་ལག་སྣ་བུག་གཡས་པ་བཀག །
ལྷན་ཅིག་སྐྱེས་པའི་ལྷ་གནས་པས། །གཞོགས་གཡོན་སྟེང་དུ་སྟོན་པ་སྟེ། །བུད་མེད་ཡིན་ན་གོ་ལྡོག་བྱ། །ལག་གཡོན་མེ་ཡི་དཀྱིལ་འཁོར་གྱིས། །མཁལ་གཡོན་ཆུ་ཡི་དཀྱིལ་འཁོར་བཀབ། །དེ་ཡིས་ལུས་དྲོད་སྐྱེ་བ་ཡིན། །རྐང་གཡས་ཅུང་ཟད་བསྐུམ་བྱས་ལ། །གཡོན་པ་ཅུང་ཟད་བརྐྱངས་པ་ཡིས། །ཐིག་ལེ་མི་འཆོར་འདོད་ཆགས་ཞི། །དེ་དོན་སྤྱོད་འཇུག་ལ་སོགས་ནས། །རྒྱལ་བ་མྱ་ངན་འདས་གཟིམ་ལྟར།།འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཞེས་གསུངས་སེང་གེ་ཉལ་སྟབས་ཡིན། །ཆོས་དྲུག་རྨི་ལམ་འོད་གསལ་སོགས། །མདོ་རྒྱུད་གསར་རྙིང་ཐམས་ཅད་ནས། །ཉལ་བའི་ལུས་གནད་འདི་ཉིད་གསུངས། །རྨི་ལམ་ངན་པ་མི་འབྱུང་ཞིང་། །དག་པའི་སྣང་བ་འཆར་བ་དང་། །རྨི་ལམ་ཟིན་དང་འོད་གསལ་ཟིན། །དེ་སོགས་ཕན་ཡོན་དུ་མ་འབྱུང་། །མ་གཉིད་བར་དང་གཉིད་པའི་དུས། །ལུས་གནད་བཅའ་ཚུལ་གླུ་ཆུང་འདི། །རཱ་ག་ཨ་སྱས་སྨྲས་པ་སྟེ་། །རྨོངས་པ་རྣམས་ལ་ཕན་ཕྱིར་ཡིན། །མཁས་པ་རྣམས་ཀྱིས་མི་ཁྲེལ་ཞུ། །བྷ་ཝནྟུ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། །ལུས་གནད་ཆོས་བདུན་
ལེགས་བཅས་ནས། །སེམས་ཀྱིས་སེམས་ལ་བལྟས་ཙ་ན། །མཐོང་རྒྱུ་ཅི་ཡང་མེད་པ་ལ། །མེད་པ་དེ་ཉིད་སེམས་ཀྱིས་མཐོང་། །ཅི་ཡང་སེམས་ལ་མི་དྲན་པར། །ཀྱི་ལེ་མེ་རེ་ལྷོད་དེ་གནས། །གནས་པ་དེ་ཡང་སེམས་ཀྱིས་རིག །གནས་ནི་ཡོད་དོ་བསམ་པ་ཡི། །སེམས་ཀྱི་འཛིན་པ་དམ་པོ་ཅན། །དེ་ལ་གནས་པ་མིང་དུ་བཏགས། །དེ་ནས་སེམས་དེ་ག་ཤེད་དུ། །འཕྲོས་ནས་སོང་ཡང་འགྲོ་ལུགས་ནི། །ཇི་ལྟར་སོང་བ་མ་ཤེས་པར། །ཐག་རིང་ཞིག་ཏུ་ཕྱིན་ནི་གདའ། །མ་གནས་འགྱུར་ནི་སོང་བསམ་པའི། །འཛིན་པ་ཞིག་ནི་སེམས་ལ་ཡོད། །དེ་ལ་འགྱུ་བ་མིང་དུ་བཏགས། །གནས་དུས་སེམས་ཀྱིས་གནས་པ་རིག །འགྱུ་བས་འགྱུ་བ་རིག་པ་དེ། །གནས་འགྱུ་གང་བྱས་རིག་སྙམ་པའི། །སེམས་ལ་འཛིན་པ་དམ་པོ་ཅན། །དེ་ལ་རིག་པ་མིང་དུ་བཏགས། །དེ་གསུམ་ནམ་ཡང་ལྟ་ཤེས་པ། །གནས་འགྱུ་ཕྲུག་ནི་ཚུད་པ་ལགས། གནས་དང་འགྱུ་བ་རིག་པ་གསུམ། །རྟག་ཏུ་རྒྱུན་ཆད་མེད་ན་ཡང་། །སྔར་ནས་མ་མཐོང་མཚར་པོ་ཆེ། །ད་རེས་མཐོང་བ་བླ་མའི་དྲིན། །དེ་གསུམ་རྒྱུན་དུ་བསྲུང་བ་ན། །
གནས་འགྱུ་ངོ་ཤེས་ཞི་གནས་ཡིན། །ངོ་ཤེས་ཙམ་དེས་མི་ཆོག་པར། །གནས་དུས་གནས་ནི་ཡོད་བསམ་པའི། །འཛིན་པ་དེ་ཡིས་མི་ཆོག་པར། །གནས་མཁན་ངོ་བོ་ཅི་ལྟར་སྣང་། །ཧྲིག་གེ་རྗེན་ནེ་བལྟས་པ་ན། །གནས་པ་ཅི་ཡང་མི་དྲན་པའི། །ངོ་བོ་སྟོང་པ་ལྷག་གེར་མཐོང་། །གནས་པའི་སྟེང་ནས་ལྷག་མཐོང་ཤར། །གནས་པ་ཀྱི་ལེ་གནས་པ་དང་། །ངོ་བོ་སྟོང་པར་འདུག་པ་གཉིས། །སོ་སོ་མ་ཡིན་དབྱེར་མེད་ཅིག །དེ་ནི་ཞི་ལྷག་ཟུང་འཇུག་ཡིན། །འགྱུ་བ་ཤོར་དུས་འགྱུ་ཤོར་ཙམ། །འཛིན་པ་དེ་ཡིས་མ་བཅིངས་པར། །འགྱུ་མཁན་ངོ་བོ་ཧྲིག་གེར་ལྟ། །བལྟས་པས་འགྱུ་བ་རང་སར་ཡལ། །ཚུར་ལ་ཇི་ལྟར་བྱུང་བ་དང་། །ཇི་ལྟར་ཡལ་ཚུལ་མི་ཤེས་པར། །གནས་པའི་སྟེང་དུ་ཧྲིག་གེར་གནས། །འགྱུ་བའི་ངོ་བོ་སྟོང་པར་རྟོགས། །འགྱུ་བའི་སྟེང་ནས་ལྷག་མཐོང་ཤར། །ངོ་བོ་སྟོང་པ་ཉིད་ཀྱི་ངང་། །སྟོང་པའི་ངང་ནས་སྟོང་པར་འགྱུ། །ཆུ་དང་ཆུ་རླབས་སོ་སོ་ཡིན། །དེ་ལྟར་ཨེ་གནས་ཨེ་འགྲུ་གཉིས། །རིག་མཁན་སེམས་དེ་དང་པོ་དུས། །སོ་སོར་ཡོད་ཡོད་འདྲ་ན་ཡང་། །སོ་སོར་མ་གྲུབ་ངོ་བོ་གཅིག །གནས་མི་
འགྱུ་མི་རིག་མི་གསུམ། །སེམས་ཉིད་གཅིག་པུ་ཁོ་རང་ལ། །བྱེད་ལས་གསུམ་དུ་མཚར་བ་ལ། གནས་པ་འགྱུ་བ་གཉིས་པོ་ནི། །རེས་མོས་ཡིན་གྱིས་མཉམ་དུ་མེད། །གནས་འགྱུ་ངོ་མཐོང་གླུ་ཆུང་འདི། །ཁྲིད་མ་ཐོབ་ལ་ཕན་ཕྱིར་སྨྲས། །ཁྲིད་ཐོབ་རྣམས་ཀྱིས་མི་ཁྲེལ་ཞུ། །མངྒ་ལཾ།། ༈ །།ན་མོ་མཉྫ་ཤྲཱི་ཡེ། ཤེས་རབ་ཆེན་པོ་འཇམ་དཔལ་དབྱངས། །ཆོས་སྐུ་མཁྱེན་ལ་ཕྱག་འཚལ་ལོ། །གནས་འགྱུ་རིག་གསུམ་ཆོས་སྐད་ལ། །བཤད་ལུགས་མི་མཐུན་རྣམ་གྲངས་མང་། །བོད་ཡུལ་མཁས་པ་ལ་ལ་ཡིས། །བདེ་གཤེགས་སྙིང་པོ་ཞེས་བྱ་བ། །སེམས་ཅན་རྣམས་ལ་ཁྱབ་ན་ཡང་། །དངུལ་རྡོ་ལ་ནི་དངུལ་ཡོད་ཀྱང་། །བཞུ་བརྟུལ་མ་བྱས་དེ་མི་འབྱུང་། །སེམས་ཅན་ཀུན་ལ་སངས་རྒྱས་ཀྱི། །སྙིང་པོ་ཡེ་ནས་གནས་ན་ཡང་། །བསྐལ་པ་གྲངས་མེད་གཅིག་གི་བར། །ཚོགས་བསགས་སྒྲིབ་སྦྱངས་མ་བྱས་པར། །ཝ་སངས་རྒྱས་སྙིང་པོའི་སེམས་མི་མཐོང་། །ད་ལྟ་མི་དྲན་དགུ་དྲན་གྱི། །སེམས་འདི་འཁྲུལ་པའི་རྣམ་རྟོག་ཡིན། །རྣམ་རྟོག་མ་རིག་འཁོར་བའི་རྒྱུ། །འདི་ལ་བལྟས་པས་ཕན་
ཡོན་མེད། །དེ་བས་ཚོགས་བསགས་སྒྲིབ་སྦྱང་འབད། །ཆོས་ཀུན་སྟོང་ཉིད་ཡིན་སྙམ་པའི། །མོས་པ་བྱེད་ཅིང་ཚོགས་བསགས་པའི། །བསྐལ་པ་གྲངས་མེད་གཅིག་གི་དུས། །དེ་བས་སྟོང་ཉིད་རྟོགས་པར་འགྱུར། །དེ་སྐད་གསུངས་པ་མདོ་ཡི་ལུགས། །མདོ་ཡི་ལུགས་ལ་དེ་ལྟར་བདེན། །བླ་མེད་སྔགས་ཀྱི་ལུགས་འདི་ལ། །ཚེ་གཅིག་སངས་རྒྱས་ཐོབ་གསུངས་པ། །སྟོང་ཉིད་རྟོགས་པས་སྨོས་ཅི་དགོས། །གྲངས་མེད་གཅིག་གི་བར་དག་ཏུ། །ཚོགས་བསགས་སྒྲིབ་སྦྱང་ཐམས་ཅད་ནི། །སྔོན་འགྲོ་བཞི་སྦྱོར་ཁོ་ནར་ཚང་། །སྟོང་ཉིད་ད་ལྟ་སྒོམ་རྒྱུ་ཡོད། །དེ་ལ་ཕྱག་རྫོགས་རྒྱུད་དང་གཞུང་། །པཎ་གྲུབ་ཐམས་ཅད་ཞལ་མཐུན་ཏེ། །འོན་ཀྱང་གནས་འགྱུ་ཞལ་མི་འཆམ། །བོད་ཀྱི་མཁས་པ་ལ་ལ་ཞིག །གནས་པ་ཀུན་གཞི་རྣམ་ཤེས་ཡིན། །དེ་ནི་མ་རིག་བག་ལ་ཉལ། །འགྱུ་བ་རྣམ་པར་རྟོག་པ་སྟེ། །རྣམ་རྟོག་མ་རིག་ཆེན་པོ་ཡིན། །དེ་ལ་བལྟ་ཞིང་སྐྱོང་བ་ཡང་། །ཆོས་སྐུའི་དགོངས་པ་མ་ཡིན་ཏེ། །ཕྱག་ཆེན་དོན་ལ་མི་གནས་ཀྱང་། །ཐ་མལ་རྨོངས་པའི་གང་ཟག་ལ། །དེ་ཙམ་བསྟན་ན་གོ་སླ་བས། །དང་པོ་དེ་ཙམ་
སྐྱོང་དུ་བཅུག །དེ་ནས་ཞི་གནས་ཆགས་ཐུབ་ན། །ལྷག་མཐོང་ངོ་བོ་སྤྱད་པར་བྱ། །ཞི་ལྷག་ཟུང་དུ་འཇུག་པ་ནི། །བདེ་གསལ་མི་རྟོག་འཆར་བའི་མཐར། །ཆུ་ཟླ་ལྟ་བུར་སྣང་སྲིད་ཀུན། །ཆོས་ཀྱི་བདག་མེད་མངོན་སུམ་དུ། །རྟོགས་ན་ཉམས་ལེན་གོ་ཆོད་གསུངས། །གྲུབ་མཐའ་འདི་ཉིད་འཆང་བ་ཡི། །དགེ་བཤེས་དེང་སང་ས་སྟེང་ཁྱབ། །མདོ་ལུགས་ཕྱག་ཆེན་ཡིན་པར་གསུངས། །རྗེ་བཙུན་མི་ལ་རས་ཆེན་དང་། །སེམས་དཔའ་རང་བྱུང་རྡོ་རྗེ་སོགས། །ཕྱག་རྫོགས་གཉིས་ཀྱི་དགོངས་པ་ནི། །གཞི་འབྲས་ངོ་བོ་དབྱེར་མེད་དེ། །སེམས་ཉིད་ཡེ་ནས་སངས་རྒྱས་ཉིད། །གནས་པ་ཆོས་སྐུ་རྗེན་པ་ཡིན། །རིག་པ་གསལ་སྟོང་ལོངས་སྤྱོད་རྫོགས། །འགྱུ་བ་ཐུགས་རྗེ་སྤྲུལ་པའི་སྐུ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །འགྱུ་བ་མ་རིག་རྣམ་རྟོག་སྟེ། །རིག་ནས་མི་རྟོག་ཡེ་ཤེས་ཡིན། །དང་པོ་སེམས་ངོ་གསལ་བ་ནས། །སྒོམ་མེད་ཆེན་ལ་པོའི་བར་དག་ཏུ། །གནས་འགྱུ་མིན་པ་སྟོན་རྒྱུ་མེད། །དང་པོ་ཀ་ཚར་བསླབ་པ་ནས། །བཀའ་འགྱུར་བསྟན་འགྱུར་པོ་ཏི་མང་། །ཀ་ཚར་མིན་པ་མེད་དང་མཚུངས། །དེ་
ཕྱིར་གནས་འགྱུ་སྐྱོང་ལུགས་དེ། །ལེགས་པར་ཤེས་ནས་མ་སྐྱུར་ན། །དེ་ལས་ལྷག་པ་མེད་པ་སྟེ། །གེགས་དང་གོལ་ས་ཤོར་བ་ཡང་། །རྣམ་རྟོག་འཛིན་པ་ཕྲ་མོ་རེ། །མ་བཅོས་རང་བབ་སྐྱོང་ཤེས་ན། །གེགས་དང་གོལ་ས་ཅི་ཡང་མེད། །རྒྱ་བོད་གྲུབ་ཐོབ་ཐམས་ཅད་ཀྱང་། །ཉམས་ལེན་འདི་ཡིས་གྲོལ་བ་ཡིན། །རྡོ་རྗེ་འཆང་ནས་ད་ལྟའི་བར། །སྙན་ནས་སྙན་དུ་བརྒྱུད་པ་ཡིན། །ཐུགས་ནས་ཐུགས་སུ་བརྒྱུད་པ་ཡིན། །གྲུབ་ཐོབ་ཟམ་མ་ཆད་པ་ཡིན། །མདོ་རྒྱུད་དཔེ་ཆ་རག་མ་ལུས། །མཚན་ཉིད་མཁས་པའི་རྟོག་གེ་བས། །རིགས་པས་དཔྱད་པས་དོན་མི་རྟོགས། །དེ་ཕྱིར་རང་སེམས་ཆོས་ཀྱི་སྐུ། །བཅོས་སླད་མེད་པར་རང་བབ་སྐྱོང་། །ཡོན་ཏན་མཁས་པས་འདི་མི་རྟོགས། །རིག་པ་རྣོ་བས་འདི་མི་རྟོགས། །འདོད་པ་ཆེ་བས་འདི་མི་རྟོགས། །མི་ཆེ་ཡུལ་ནི་གཉན་ན་ཡང་། །འདི་ཉིད་རྟོགས་པ་མ་ཡིན་ནོ། །སྔོན་སྦྱང་ལས་འཕྲོ་སད་པ་དང་། །མོས་གུས་བྱིན་རླབས་སྟོབས་ཀྱིས་སྐྱེ། །དེ་ཕྱིར་མོས་གུས་གསོལ་འདེབས་རེམ། །གནས་འགྱུ་བཞེད་པ་སོ་སོའི་གླུ། །རྟ་ལོ་ཁྲུམས་ཟླའི་དམར་པོའི་ཕྱོགས། །ཚེས་
གཉིས་ཉིན་པར་སྨྲས་པའོ། །སྒོམ་ཆེན་རྣམས་ཀྱིས་མི་ཁྲེལ་ཞུ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། །དང་པོ་གནས་འགྱུ་ངོ་བསྐྱངས་ནས། །ལུས་གནད་བཅས་ནས་སྐྱོང་བསམ་ཛ། །འགྱུ་བ་རྟ་རྒོད་སྲབ་མེད་འདྲ། །ལ་ནས་རྒྱུག་ཅིང་ལུང་ནས་མཆོང་། །འགྱུ་བ་བྱིས་པ་བསམ་མེད་འདྲ། །མི་བྱེད་དགུ་བྱེད་ཅ་ཅོ་བྱེད། །འགྱུ་བ་ཨ་ནེ་སྤྲེའུ་འདྲ། །འདུག་ཚུགས་མེད་དོ་བྱ་གླག་མང་། །འགྱུ་བ་ལ་ཁའི་བྱ་སྤུ་འདྲ། །རླུང་གིས་བསྐྱོད་ནས་གར་ཡང་འཁྱམས། །འགྱུ་བ་རི་ངོས་ཆུ་དང་འདྲ། །ཡུད་ཙམ་མི་སྡོད་ཁྱུག་ཁྱུག་ཁྱུག །འགྱུ་བ་བར་སྣང་རླུང་དང་འདྲ། །ཐོགས་པ་མེད་པར་གར་ཡང་ཁྱབ། །འགྱུ་བ་རྟ་རྒོད་སྒྲ་བྲོས་འདྲ། །བཟུང་ན་བྲོས་ལ་བཞག་ན་འདུག །འགྱུ་བ་བར་དོའི་རྣམ་ཤེས་འདྲ། །ས་རྡོ་རི་བྲག་ཐོགས་པ་མེད། །འགྱུ་བ་ལྷ་འདྲེ་དྲག་པོ་འདྲ། །བསམ་པ་ཙམ་གྱིས་སྟོང་གསུམ་འཁོར། །སྒོམ་ཆེན་རྒན་མོས་ལུག་འཚོ་འདྲ། །འདུག་ཁས་མི་ཉེན་སེམས་མི་བདེ། །ཅུང་ཙམ་གནས་ན་བློ་སེམས་དགའ། །ནན་ཏན་སྙིང་རུས་ཆེན་པོ་ཡི། །འགྱུ་བ་དགྲ་རུ་བལྟས་ནས་བཀག །བརྩོན་འགྲུས་ཆེ་
ན་སྲོག་རླུང་འབྱུང་། །དེ་དུས་བླ་མའི་གདམས་ངག་དགོས། །འགྱུ་བ་སྐྱོན་དུ་མ་བལྟ་ཞིག །གང་འགྱུ་རིག་པ་ཁོ་ནས་ཆོག །འགྱུ་བ་གཅིག་ནི་ངོས་ཟིན་ན། །ཡེ་ཤེས་གཅིག་ནི་སྐྱེ་བ་ཡིན། །འགྱུ་བ་བརྒྱ་ལ་ཡེ་ཤེས་བརྒྱ། །འགྱུ་བ་སྟོང་ལ་ཡེ་ཤེས་སྟོང་། །འགྱུ་བ་མང་ན་ལེགས་པ་ཡིན། །ལར་ནི་འགྱུ་བ་གནས་པ་གཉིས། །ཆུ་དང་ཆུ་རླབས་འདྲ་བ་སྟེ། །བཟང་ངན་ཁྱད་པར་མེད་པ་ཡིན། །འགྱུ་བ་གནས་པ་གཉིས་པོ་ནི། །རང་སེམས་ཡིན་ལ་ཁྱད་པར་མེད། །སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ། །མ་རིག་ན་ནི་འཁྲུལ་པ་སྟེ། །ལྷན་ཅིག་སྐྱེས་པའི་མ་རིག་པ། །འགྱུ་བ་མ་རིག་རྣམ་རྟོག་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རིག་ན་རང་རིག་ཡེ་ཤེས་ཏེ། །ཐར་པ་བགྲོད་པའི་ལམ་སྣེ་ཡིན། །གནས་འགྱུ་གདམ་ག་མི་བྱེད་པར། །གང་ཤར་སྐྱོང་བ་ཉམས་ལེན་ཡིན། །ཧ་ཅང་འགྱུ་བ་རྒོད་དྲགས་ན། །ལུས་སེམས་ཀློད་པ་མན་ངག་ཡིན། །ལྟ་སྟངས་བྱས་ནས་གདན་མཚམས་བསྲུང་། །ཉམས་དང་པོ་སྐྱེས་དུས་གླུ་ཆུང་འདི། །གསར་བུ་རྣམས་ལ་ཕན་ཕྱིར་སྨྲས། །རྒན་པ་རྣམས་ཀྱིས་མི་ཁྲེལ་ཞུ། །མངྒ་ལཾ། །
ན་མོ་མ་ཧཱ་མུ་ཏྲ་ཡེ། གནས་འགྱུ་ཡུན་དུ་བསྲུངས་བ་ན། །ཉམས་ནི་གཉིས་པ་འཆར་བའི་ཚེ། །སེམས་ནི་ཟླ་སྐར་འཕྲོག་འཛོམ་འདྲ། །རེས་འགའ་དལ་ལ་རེས་འགའ་བྲེལ། །སེམས་ནི་ལུང་རོང་ཆུ་དང་འདྲ། །རེས་འགའ་གནས་ལ་རེས་འགའ་འཚུབ། །སེམས་ནི་བུ་ཆུང་ཁེར་འགྲོས་འདྲ། །རེས་འགའ་འདུག་ཅིང་རེས་འགའ་རྒྱུག །གནས་དུས་སེམས་དགའ་སྤྲོ་བ་སྐྱེད། །འཚུབ་དུས་མི་དགའ་སེམས་མི་ཚིམ། །མ་ཡེངས་རྒྱུན་དུ་སྐྱོང་བ་དང་། །གནས་དུས་ངོ་བོ་ཧྲིག་གེ་བལྟ། །འཚུབ་དུས་ལུས་སེམས་ལྷོད་ལ་བལྟ། །འདི་དུས་དབེན་པར་བསྒོམ་པ་གཅེས། །ལྟ་ཡུན་རིང་ན་རྗེས་ནས་སྙོགས། །རྣ་སུན་བསྒོམ་ཁ་འཚེར་བར་འོང་། །ཡུན་ཐུང་གྲངས་མང་ཡང་ཡང་བལྟ། །བལྟ་རྒྱུ་ལྟ་མི་གཅིག་ཡིན་ཡང་། །སོ་སོར་ཡོད་པ་འདྲ་ཞིག་འོང་། །ཕར་ལ་ལྟ་དང་ཚུར་ལ་ལྟ། །དོན་ལ་ཁྱད་པར་མེད་ན་ཡང་། །དེ་སྐབས་ཚུར་ལ་སྙིང་ཁའི་ཐད། །རིག་པ་གཏད་ལ་བལྟས་ན་གསལ། །ཐུན་གྱི་གྲངས་མེད་ནམ་དྲན་ཀྱང་། །འོན་ཀྱང་ཐུན་དུ་བཅད་ན་གསལ། །འབོར་རྒྱུ་ཡར་རྒྱུ་མེད་ན་ཡང་། །གཞན་མ་གསལ་
གཞིང་བསྒོམས་ན་གསལ། །རེས་འགའ་ངེས་ཤེས་བློ་སེམས་དྲོ། །རེས་འགའ་ཐེ་ཚོམ་ཡིད་མི་ཆེས། །ངེས་ཤེས་སྐྱེས་ན་ང་རྒྱལ་སྤངས། །ཐེ་ཚོམ་བྱུང་ཡང་མི་སྐྱུར་སྐྱོང་། །འདི་ཙམ་ཁྲིད་ཕོག་རེ་རེ་ནས། །སྐྱེས་པ་ཤིན་ཏུ་མང་བ་ཡིན། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །ཐེ་ཚོམ་ཙམ་ཞིག་སྐྱེས་ན་ཡང་། །འཁོར་བ་ཧྲུལ་པོར་བྱེད་པར་འགྱུར། །གསུངས་པའི་ས་མཚམས་དེ་ལགས་པས། །འདི་ཙམ་ལ་ཡང་ཕན་ཡོན་ཆེ། །ཉམས་ནི་གཉིས་པའི་གླུ་ཆུང་འདི། །རཱ་ག་ཨ་སྱས་སྨྲས་པ་སྟེ། །ཉམས་གསར་རྣམས་ལ་ཕན་ཕྱིར་ཡིན། །སྒོམ་ཆེན་རྣམས་ཀྱིས་མི་ཁྲེལ་ཞུ། །བྱང་ལེབ་སྟེང་གི་ཀ་ཚར་ཏེ། །བྱིས་པ་རྣམས་ལ་ཕན་ཕྱིར་ཡིན། །ཨ་མཆོད་རྣམས་ཀྱིས་མི་ཁྲེལ་ཞུ། །མངྒ་ལཾ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། །ཉམས་ནི་གསུམ་པ་ཤར་ཙམ་ན། །ཆུ་བོ་ཆེན་པོ་དལ་འབབ་འདྲ། །ལུས་ངག་ཡིད་གསུམ་ལྷོད་བག་ཆེ། །རེས་འགའ་ཆུ་རླབས་གཡོ་བ་འདྲ། །འགྱུ་བ་འགའ་རེ་བྱུང་ན་ཡང་། །དེ་ངོ་ཤེས་ཤིང་རང་སར་ཞི། །ཆུ་རླབས་ཆུ་ལ་ཐིམ་པ་འདྲ། །དེ་ནས་སྒོམ་ལ་དྲོད་པ་རྙེད། །བསྒོམ་ཞིག་སྐྱེས་སོ་
བློ་སེམས་བདེ། །ཡེངས་སྐབས་ཐ་མལ་འཁྲུལ་པ་འབྱམས། །མ་ཡེངས་ཉམས་ལེན་གསལ་པོ་འཆར། །ཉིན་བར་བརྩོན་འགྲུས་ཆེ་བ་དང་། །སྒྲིབ་པ་ཆུང་བའི་རིགས་འགའ་ལ། །འདི་ནས་རྨི་ལམ་བན་བུན་ཟིན། །དད་པ་དག་སྣང་ཆེ་རུ་འགྲོ། །རི་ཁྲོད་གཅིག་ཏུ་འདུག་འདོད་ཆེ། །འདི་སྐབས་གནས་འགྱུ་གང་ཤར་ལ། །དེ་ཡི་ངོ་བོ་ཧྲིག་གེར་བལྟ། །སྟོང་པ་ཉིད་དུ་ལྷག་གེ་འཆར། །ངོ་མ་ཟིན་ན་འཁྲུལ་པ་ཆེ། །ངོ་ཤེས་ཙམ་གྱིས་མི་ཆོག་པར། །གང་ཤར་ངོ་བོར་བལྟས་པ་ཡིས། །སྟོང་པ་ཉིད་དུ་སང་ངེ་བ། །དེ་ནི་འདི་སྐབས་ཉམས་ལེན་ཡིན། །ཁབ་མིག་སྐུད་པ་འཛུད་པ་ལྟར། །མ་ཡེངས་ཧྲིག་གེ་དགོས་པ་སྟེ། །ཅུང་ཞིག་དཀའ་སྣང་འཚེར་སྣང་ཆེ། །ཡུན་རིང་བསྒོམས་ན་ཐང་ཡང་ཆད། །ལས་རྒྱུ་མེད་པའི་དཀའ་ལས་མཚར། །ཉམས་སྣང་གསུམ་པ་སྐྱེ་ཚུལ་འདི། །རཱ་ག་ཨ་སྱས་བྲིས་པའོ། །མངྒ་ལཾ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། །ཉམས་ནི་བཞི་པ་ཤར་ཙམ་ན། །གནས་ཉམས་རྒྱ་མཚོ་ཆེན་པོ་ལ། །རླུང་གིས་མ་བསྐྱོད་ལྟ་བུར་འཆར། །མེ་རེ་འཁྱིལ་ལེ་ཡུན་རིང་
གནས། །ས་ཁམས་པ་ཡི་རིགས་རྣམས་ལ། །འགྱུ་བ་གཏན་ནས་མེད་མེད་འདྲ། །དེ་མིན་ལན་རེ་འགྱུ་བ་འདི། །དྭངས་བའི་མཚོ་ལ་ཉ་འཁྱུག་འདྲ། །འགྱུ་བས་གནས་པ་བཤིགས་མི་ནུས། །འདི་ལ་དགོངས་ནས་ཇོ་བོ་རྗེས། །ཞི་གནས་མཚོ་ཆུང་འདྲ་བ་ལ། །ལྷག་མཐོང་ཉ་མོ་འཁྱུག་འདྲ་གསུངས། །འདི་དུས་ངོ་བོ་མ་བལྟས་པར། །མེ་རེ་གནས་པའི་ངང་དེ་ནི། །དོན་ལ་མཚན་མེད་ཞི་གནས་ཏེ། །ཞི་གནས་ཁ་རྐྱང་ཡིན་པ་སྟེ། །གནས་པའི་ངོ་བོ་དེ་ཉིད་ལ། །ཧྲིག་གེ་རྗེན་ནེ་བལྟས་པ་ཡིས། །གནས་པའི་ངོ་བོ་སྟོང་པ་ཉིད། །ས་ལེ་ཧྲིག་གེ་ཕྱམ་མེ་འཆར། །གནས་དང་ངོ་བོ་སྟོང་པ་གཉིས། །དབྱེར་མེད་གཅིག་ཏུ་འདྲེས་པ་སྟེ། །ཞི་ལྷག་ཟུང་འཇུག་ཉམས་ལེན་ཡིན། །འདི་སྐབས་ཟས་གོས་སྲེད་པ་ཆུང་། །ཞེ་སྡང་ལ་སོགས་ཉོན་མོངས་ཀྱི། །མགོ་བོ་ནོན་ནོན་འདྲ་བ་འབྱུང་། །ཅི་ཡང་དགོས་པ་མི་གདའ་སྙམ། །བྱ་བ་ཐོངས་ཐོངས་འདྲ་བ་འབྱུང་། །མི་མེད་ལུང་སྟོང་འགྲོ་འདོད་སོགས། །བློ་རྒོད་ཐོལ་ཐོལ་སྐྱེ་ན་ཡང་། །གཉུག་མའི་གཡོས་ཡིན་རྟག་མི་ཐུབ། །བློ་ཡང་རྩབ་རྩུབ་མི་བྱེད་པར། །གདན་གནོན་སྐྱོང་བ་གནད་དུ་
ཆེ། །འགྲོ་འདུག་བྱ་བྱེད་མང་དྲགས་ན། །ཉམས་དེ་ལྷ་དྭངས་བཞིན་དུ་ཡལ། །ཐ་མལ་ལོག་པར་འགྲོ་དོགས་ཡོད། །ཉམས་ནི་བཞི་པའི་ས་མཚམས་སུ། །རཱ་ག་ཨ་སྱས་སྨྲས་པ་འདིས། །གསར་བུ་རྣམས་ལ་ཕན་ཐོགས་ཤོག། ༈་།།ན་མོ་མ་ཧཱ་མུ་ཏྲ་ཡེ། །གོལ་ས་གསུམ་སོགས་མང་པོ་ཡང་། །ཉམས་ཀྱི་འཆར་སྒོ་རེ་རེ་ལ། །ཆགས་ཞེན་འཛིན་པ་དམ་པོ་ཡི། །མཆོག་ཏུ་བཟུང་བ་གོལ་ས་ཡང་། །ལན་རེ་དེ་འདྲའི་ཉམས་སྐྱེས་ཀྱང་། །སྐྱོན་དུ་འགྱུར་བ་མ་ཡིན་ནོ། །གང་ཤར་བཟང་ངན་གདམ་པ་མེད། །མ་ཡེངས་རྒྱུན་དུ་མ་སྐྱུར་བར། །ཡུགས་སས་ད་ཕྲུག་གསོ་བ་བཞིན། །གཉུག་ཏུ་བསྲིངས་ན་རྟོགས་པ་འཆར། །འདོད་ཐག་ཉེ་བའི་ཁ་ན་མེད། །མ་ཡེངས་དྲན་རྫི་བྱ་ར་བ། །ཧབ་འཆོང་བྱེད་ནས་རྒྱུག་པ་མེད། །རེས་འགའ་གནས་ལ་གདམ་ག་སྐྱེ། །གནས་ལ་གདམ་གའི་བློ་སྐྱེས་ཚེ། །གངས་དཀར་ཏི་སེའི་རྩེར་བསྒོམ་ཀྱང་། །རང་སེམས་ངོ་བོ་མ་བསྲུངས་ན། །ལྷག་རླུང་ཆེ་བ་མ་གཏོགས་པ། །རྟོགས་པ་ལོག་ནས་རྙེད་པ་མེད། །བསིལ་བའི་ཚལ་དུ་བསྒོམས་ན་ཡང་། །རང་
སེམས་ངོ་བོ་མ་སྐྱོང་ན། །སྐྲག་འཇིགས་ཆེ་ཙམ་མ་གཏོགས་པ། །ཉམས་རྟོགས་ལོག་ནས་འོང་རྒྱུ་མེད། །མི་མེད་ལུང་སྟོང་འགྲིམ་ན་ཡང་། །རང་སེམས་ངོ་བོ་མ་སྐྱོང་ན། །སེམས་རྩ་སྐྱོ་ཙམ་མ་གཏོགས་པ། །རྟོགས་པ་ལོག་ནས་འཆར་རྒྱུ་མེད། །རེས་འགའ་བླ་མ་ཚོལ་ན་བསམ། །མཁས་བཙུན་བླ་མ་བརྒྱ་བསྟེན་ཀྱང་། །ལུང་རྒྱ་ཆེ་ཙམ་མ་གཏོགས་པར། །རང་སེམས་ངོ་བོ་མ་སྐྱོང་ན། །ཉམས་རྟོགས་གསོལ་རས་གནང་ཐབས་མེད། །ད་རུང་ཁྲིད་འགའ་ཞུ་ན་བསམ། །ཁྲིད་རིམ་བརྒྱ་དང་སྟོང་ཞུས་ཀྱང་། །བཤད་རྒྱ་ཆེ་ཙམ་མ་གཏོགས་པ། །རང་སེམས་ངོ་བོ་སྐྱོང་བ་ལས། །ཟབ་པའི་གདམས་ངག་སྟོན་རྒྱུ་མེད། །རེས་འགའ་སློབ་གཉེར་བྱེད་ན་བསམ། །ཤེས་བྱ་ཡོན་ཏན་སྣ་རེ་ཡི། །མཐའ་ནི་ནམ་མཁའ་འདོམ་མཇལ་འདྲ། །ཚེ་ཐུང་ནམ་འཆི་ཅི་ཆ་ཡོད། རྟོགས་པ་ནང་ནས་ཤར་ཙམ་ན། །མ་བསླབ་ཆོས་ཀུན་ཁོང་ནས་རྡོལ། །གཅིག་ཤེས་ཀུན་ལ་མཁས་པར་གྱུར། །རེས་འགའ་ཟས་ནོར་བསོག་འདོད་སྐྱེ། །མི་ནི་ཆེ་ཆུང་མེད་པ་ཀུན། །བསམ་བློས་འཕྲོད་ནས་ནོར་བསོག་ཀྱང་། །སྦྱིན་འབྲས་མེད་ན་དབུལ་ཞིང་
ཕོངས། །བསོགས་པས་སོགས་པ་འགའ་ཡང་མེད། །རྟོགས་པ་ནང་ནས་ཤར་ཙམ་ན། །སེམས་ལ་ཞེ་འདོད་མེད་ན་ཡང་། །ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབས། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །མཐུན་གྲོགས་བརྩེ་གདུང་ཅི་ཆེ་ཡང་། །ཚིག་ངན་གཅིག་གི་གནད་མི་ཁྱག །མཐུན་གྲོགས་དགྲ་རུ་ལང་བ་མང་། །གྲྭ་འཁོར་ཕུན་སུམ་ཚོགས་ན་ཡང་། །འཆི་ཚེ་གྲོགས་མེད་གཅིག་པུར་འཁྱམས། །དེ་དུས་འབྲལ་མེད་སྐྱོབ་པའི་གྲོགས། །རང་སེམས་རིག་པའི་ཆེ་ཆུང་ཚོལ། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཤ་ཆང་ཞིམ་ལྟོ་ཅི་ཟོས་ཀྱང་། །ཞག་གཅིག་ལོན་ནས་མི་གཙང་རྫས། །ཞིམ་དང་མི་ཞིམ་བསམ་པ་ཡི། །ངོ་བོ་བལྟས་ནས་སྟོང་པ་ཉིད། །ཟས་ཀྱི་དམ་པ་ཏིང་འཛིན་ཟས། །ཞི་གནས་ལེགས་པར་ཆགས་པ་ན། །བཟའ་བཏུང་མེད་ཀྱང་ལྟོགས་སྣང་མེད། །འཚོ་བ་སྲབ་ཀྱང་ལུས་མདངས་བཟང་། །འཚོ་བ་སྣང་སྲིད་ལྷ་འདྲེས་སྒྱུ་འདྲེན། །ཆོས་པ་ལྟོགས་ནས་འཆི་མི་སྲིད། །རེས་འགའ་དཀའ་ཐུབ་བྱེད་སྙིང་འདོད། །རང་སེམས་ངོ་བོ་མ་སྐྱོང་ན། །ལྟོགས་པས་སྡིག་པ་དག་འདོད་པ། །དེ་ནི་ཕྱི་རོལ་མུ་
སྟེགས་ལུགས། །ཤུགས་ཀྱིས་བྱུང་ན་བགག་མི་དགོས། །མ་ཡེངས་ངང་ནས་ཟས་ཟ་བ། །ཟག་མེད་ཚོགས་ཀྱི་འཁོར་ལོ་ཡིན། །ཁོ་བོ་མི་ལ་རས་པ་ངས། །ཟ་ཞིང་ཟ་ཞིང་བསྒོམ་ཙ་ན། །ཟ་འཐུང་ཚོགས་འཁོར་གདམས་ངག་ཡོད། །གསུངས་པའི་དོན་ཡང་དེ་ལ་དགོངས། །རང་སེམས་རྒྱུན་དུ་བསྲུང་ནུས་ན། །དུག་ལྔ་མི་དགེ་རང་འགགས་ཡིན། །ཐབ་ཀྱི་མེ་ལ་ཆུ་བླུག་ན། །སྐར་ཁུང་རྩིག་ཁུང་དུ་བ་ཆད། །རང་སེམས་འདུལ་བ་འདུལ་བའི་མཆོག །ཆོས་རྣམས་ཀུན་གྱི་མདོ་འགགས་ནི། །རང་སེམས་བསྲུང་བ་འདི་ལ་འདུས། །མདོ་ཡི་ཉམས་ལེན་བླ་ན་མེད། །རང་སེམས་ངོ་བོ་སྐྱོང་ནུས་ན། །མངོན་སུམ་ཆོས་སྐུ་རྗེན་པ་འཆར། །མངོན་པའི་ཉམས་ལེན་གཙོ་བོ་ཡིན། །འདི་ནི་གསང་སྔགས་ཀུན་གྱི་གསང་། །ཡེ་ཤེས་མཁའ་འགྲོའི་གསང་ཚིག་སྟེ། །གསང་སྔགས་ཉམས་ལེན་འདི་རང་ཟབ། །རང་རིག་རྒྱ་སྟ་ངར་མ་དེས། །ཕན་དུ་རེ་བའི་ལྷར་འཛིན་གཅོད། །གནོད་དུ་དོགས་པའི་འདྲེ་འཛིན་གཅོད། །དུག་ལྔ་དུག་གསུམ་རྣམ་རྟོག་གཅོད། །མ་གཅིག་གཅོད་ཡུལ་རྩ་བ་ཡིན། །སྐྱིད་སྡུག་ན་ཚ་བདེ་སྡུག་སོགས། །གང་
ཤར་ངོ་བོ་སྟོང་པ་རྣམས། །རོ་སྙོམས་སྐོར་དྲུག་དེ་ལ་འདུས། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང་། །རང་སེམས་ལས་ཀུན་རྡུལ་ཙམ་མེད། །དེ་ལས་སྣང་སྲིད་མི་འདའ་ན། །འཁོར་ལོས་སྒྱུར་རྒྱལ་ཕྱག་རྟགས་འདྲ། །ཕྱག་རྒྱ་ཆེན་པོའི་རང་སེམས་ཉིད། །དེ་ལ་མ་རྫོགས་གཅིག་ཀྱང་མེད། །རྫོགས་ཆེན་ཁྲེགས་ཆོད་རང་གི་སེམས་། །དེ་ཤེས་ཤེས་བྱ་ཀུན་གྱི་རབ། །ཤེས་རབ་ཕ་རོལ་ཕྱིན་པ་ཟེར། །ཡོད་མེད་རྟག་ཆད་སྐྱེ་འགགས་བྲལ། །དབུ་མ་ཆེན་པོ་རང་གི་སེམས། །དེ་ལྟར་རང་སེམས་བསྲུང་བ་དེས། །ཆུ་བརྒྱ་ཟམ་པ་གཅིག་འོག་འདུས། །བྱ་བརྒྱ་འུར་རྡོ་གཅིག་གིས་འདེད། །གཅིག་ཤེས་ཀུན་ལ་མཁས་པ་སྟེ། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །འདི་ལྟར་རང་སེམས་ངོ་འཕྲོད་ན། །དེ་ཉིད་རྒྱུན་དུ་སྐྱོང་བས་ན། །དེ་ལས་ཟབ་པའི་ཆོས་འདོད་པ། །གླང་པོ་རྙེད་ནས་གླང་རྗེས་ཚོལ། །ནོར་བུ་རྙེད་ནས་འཆིང་བུ་ཚོལ། །མ་རིག་མགོ་གཏུམ་ཧར་ལོང་མིག །ཀླད་པ་མེད་པའི་མི་ཡིན་ནོ། །དེ་སྐད་རཱ་ག་ཨ་སྱ་ཡིས། །གང་དྲན་སྨྲས་པ་མཐོལ་ལོ་བཤགས།། །།ན་མོ་མ་ཧཱ་མུ་ཏྲ་
ཡེ། །ཉམས་ལེན་ངོ་བོ་སྐྱོང་བའི་ངང་། །རང་སེམས་ལྷན་ནེ་གནས་པ་དང་། །ངོ་བོ་སྟོང་པར་གནས་པ་གཉིས། །དབྱེར་མེད་ཞིག་ལྷག་ཟུང་དུ་འཇུག །དེ་ལ་མ་ཡེངས་རྩེ་གཅིག་ཏུ། །མར་མེ་རླུང་གིས་མ་བསྐྱོད་ལྟར། །ས་ལེ་སེང་ངེ་ཡེ་རེ་བ། །རེས་འགའ་རྣམ་རྟོག་འགྱུ་ན་ཡང་། །ཆུ་དང་རླབས་བཞིན་རང་སར་ཞི། །སྐབས་འགའ་ཡེངས་ཚེ་ཐ་མལ་པ། །མ་ཡེངས་བསྒོམ་ཚེ་རྗེན་ནེ་བ། །རེས་འགའ་བསྒོམས་ཀྱང་མི་གསལ་འཚུབ། །རེས་འགའ་ཆེད་དུ་མ་བསྒོམས་ཀྱང་། །ཚུར་ལ་གསལ་སྟོང་རྗེན་ནེ་འཆར། །རེས་འགའ་རྨི་ལམ་ཡུལ་དུ་ཟིན། །རེས་འགའ་ངོ་མཚར་དག་སྣང་རྨིས། །བཟང་ངན་གང་རྨིས་མངོན་ཤེས་འདྲ། །དད་པ་དག་སྣང་ངེས་འབྱུང་འཕེལ། །བརྩོན་འགྲུས་དང་ནི་ལས་འཕྲོ་སད། །སྐབས་འགའ་དེ་ལྟར་ཤར་ན་ཡང་། །ཕལ་ཆེར་ཐ་མལ་འཁྲུལ་པ་ཡིན། །རྩེ་གཅིག་ངོ་མཐོང་ཆུང་ངུ་ཙམ། །འཁྲུལ་པ་ཉུང་ཞིང་ཕལ་ཆེར་བ། །ཏིང་འཛིན་དེ་བརྟན་འབྲིང་པོ་ཙམ། །ཡེངས་སྐབས་ཅུང་ཙམ་མ་གཏོགས་པར། །ཉིན་མོ་ཕལ་ཆེར་ཏིང་འཛིན་ངང་། །དེ་ནི་རྩེ་གཅིག་ཆེན་པོ་སྟེ། །ཞི་ལྷག་ཟུང་འཇུག་ཏིང་འཛིན་ལ། །
རྩེ་གཅིག་གནས་པས་རྩེ་གཅིག་ཟེར། །དེ་ཡང་ལྟ་ས་ལྟ་རྒྱུ་གཉིས། །སོ་སོར་ཡོད་པ་འདྲ་བ་ལ། །ཧྲིག་གེ་རྗེན་ནེ་ས་ལེ་བ། །ངེས་ཤེས་འཛིན་པ་ཆེན་པོ་ཅན། །དཔེར་ན་གཅན་གཟན་སེང་གེ་དེ། །གོམ་པ་འདོར་ཞིང་མི་འགྲོ་སྟེ། །མཆོང་རྒྱང་ཆེན་པོ་བྱེད་ནས་འགྲོ། །དེ་ནས་ཕྱི་མིག་ལྟ་བྱས་ནས། །ཅི་ཙམ་མཆོང་ཐུབ་ཚུར་ལ་ལྟ། །དེ་བཞིན་རྩེ་གཅིག་རྣལ་འབྱོར་པས། །རྣམ་རྟོག་ཕར་ལ་འཕྲོ་སོང་ཡང་། །དེ་ཡི་རྗེས་ལ་མི་སྙོག་པ། །ཚུར་ལ་རང་སེམས་ངོ་བོ་ལྟ། །དེ་ཕྱིར་རྩེ་གཅིག་བསྒོམ་འདི་ལ། །སེང་གེ་རྣམ་པར་འགྱིང་བ་ཡི། །ཏིང་ངེ་འཛིན་དུ་རྒྱལ་བས་གསུངས། །རྩེ་གཅིག་སྐབས་ཀྱི་གླུ་ཆུང་འདི། །རྟ་ལོ་ཁྲུམས་ཟླའི་ཚེས་བཞི་ལ། །འཕྲལ་དུ་གང་དྲན་བྲིས་པ་འདི། །དགེ་སློང་རཱ་ག་ཨ་སྱས་སོ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། གང་ཟག་དབང་པོའི་བྱེ་བྲག་གི །ཉམས་རྟོགས་འཆར་ལུགས་མ་ངེས་ཏེ། །རིམ་སྐྱེས་པ་ཡི་གང་ཟག་དེ། །སྔོན་སྦྱང་ཆུང་བས་སྐྱེ་བར་དཀའ། །སྔོན་འགྲོའི་ཆོས་ལ་རྟགས་ཐོན་དུ། །བསྒོམས་པས་རིམ་བཞིན་དལ་བུས་སྐྱེས། །གང་སྐྱེས་འགྱུར་མེད་བརྟན་
པར་གནས། །གཞུང་ནས་བཤད་དང་མཚུངས་པར་འགྱུར། །ཐོད་རྒལ་བ་ཡི་གང་ཟག་དེ། །ལས་འཕྲོ་བཟང་སྟེ་བར་ཆད་རྒོད། །མ་རན་དུས་ནས་རྟོགས་པ་སྐྱེ། །སྐྱེ་རན་ཙམ་ནས་ཕྱིར་ལ་ཞེན། །རེས་མཐོ་རེས་དམའ་རྟགས་མི་ཐུབ། །རེས་འགའ་བྱ་བཏང་གྲུབ་ཐོབ་འདྲ། །རེས་འགའ་མི་ནག་སྡིག་ཅན་འདྲ། །ཕོག་ཏུ་བབ་དང་མི་ཕོག་ནི། །བློ་རྒོད་སྐྱེ་ཞིང་སྙིང་ཁམས་ཆེ། །རེས་འགའ་དབང་མེད་དད་གུས་སྐྱེ། །རེས་འགའ་ཅི་སྨྲས་ངག་མི་ཉན། །བར་ཆད་རྐྱེན་གྱིས་མ་ཁྱེར་ན། །གྲུབ་ཐོབ་འོང་བ་ཚེགས་མེད་དེ། །བར་ཆད་དབང་དུ་ཤོར་བ་ན། །ཆོས་མགོ་མི་ཐོན་མི་ནག་འགྱུར། །འདི་འདྲ་ཁེར་སྐྱ་མི་ཐུབ་པས། །བླ་མ་ཡུན་རིང་བསྟེན་གལ་ཆེ། །གཅིག་ཆར་བ་ནི་ཤིན་ཏུ་དཀོན། །སྔོན་སྦྱང་ལས་ཀྱི་འཕྲོ་སད་ན། །ངོ་སྤྲོད་ཐོབ་པ་ཙམ་ཉིད་ནས། །རྟོགས་པ་མཆོག་ཏུ་གྱུར་པ་སྐྱེ། །དེ་ལ་འཕོ་འགྱུར་མེད་པ་སྟེ། །འདི་དག་ཅི་བཞིན་དཀའ་ན་ཡང་། །རིམ་སྐྱེས་པ་ཡི་རིམ་སྐྱེས་ནི། །རིམ་སྐྱེས་པ་ཡི་ཐོད་རྒལ་བ། །རིམ་སྐྱེས་པ་ཡི་གཅིག་ཆར་བ། །དེ་ནི་ཐོད་རྒལ་གཅིག་ཆར་བ། །རེ་རེ་ལ་ཡང་གསུམ་གསུམ་
སྟེ། །དེ་ལྟར་རབ་འབྲིང་དགུ་པོ་ཡི། །ནང་དུ་གང་ཟག་ཕལ་ཆེར་འདུ། །བླ་མ་ཉམས་ཆེན་གྱིས་བརྟགས་ནས། །རིགས་ནི་གང་ཡིན་ངོས་བཟུང་ནས། །གང་ལ་གང་ཕན་གེགས་སེལ་དང་། །བོགས་འདོན་སོ་སོར་གལ་ཆེ་བའི། །གཅིག་ལ་ཕན་པའི་ངོ་སྤྲོད་དེས། །ཀུན་ལ་ཕན་པའི་ངེས་པ་མེད། །གཅིག་ལ་གནོད་པའི་སྤྱོད་ལམ་དེ། །ཀུན་ལ་གནོད་པའི་ངེས་པ་མེད། །སྨན་པ་མཁས་པས་རྩ་ཆུ་ལ། །ཡུན་རིང་བརྟགས་ནས་བཅོས་པ་ལྟར། །བླ་མ་ཉམས་ཅན་ཡུན་རིང་བསྟེན། །སོ་སོར་གེགས་བསལ་བོགས་འདོན་ན། །རང་རང་སྐལ་པ་འཚམས་པ་ཡི། །ཉམས་རྟོགས་མི་སྐྱེ་ཐབས་མ་མཆིས། །སྤྱི་ཆོས་སྤྱི་བཤད་འབྱམས་ཡུག་གིས། །ལུས་ཆོས་ཐོབ་པ་འདྲ་ཞིག་ལ། །གནད་དུ་འགྲོ་བ་དཀའ་འམ་སྙམ། །གང་ཟག་དབང་པོ་ཁྱད་པར་གླུ། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །བྷ་ཝན་ཏུ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། ཁྲིད་ལྟ་དཔེ་མིག་གིས་མ་བལྟས་ཤིང་། །བཀའ་བརྒྱུད་གོང་མའི་གསུངས་རྣམས་ལ། །དཔེ་ལྟས་བྲིས་བཤུ་མ་ཡིན་པའི། །རང་གི་མྱོང་བ་དང་བསྟུན་ནས། །ཉམས་ཀྱི་སྐྱེ་ཚུལ་ཅུང་
ཟད་བརྗོད། །དོན་དུ་གནས་རུང་མ་གནས་རུང་། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །གསུང་རབ་དོན་ལ་འགལ་ལོ་ཞེས། །མཁས་པ་རྣམས་ཀྱིས་མི་ཁྲེལ་ཞུ། །བདག་ནི་རིམ་སྐྱེས་པ་ཡི་རིགས། །ཉམས་རྟོགས་སྐྱེ་བ་དཀའ་མོ་བྱུང་། །བདག་ནི་བློ་རྨོངས་ཅོལ་ཆུང་བས། །བསྐྱེད་རིམ་བསྙེན་སྒྲུབ་རྣམས་གྲངས་མང་། །ཉམས་ལེན་ངོ་བོ་ཁོ་ན་ལ། །ཐེར་དྲིལ་ནེར་དྲིལ་མ་བྱུང་བས། །རྟོགས་པ་མཐོན་པོ་བདག་ལ་མེད། །འོན་ཀྱང་བྱིས་པ་ལོ་ལྔ་ནས། །གནས་འགྱུ་བསྲུང་ཕྱོགས་འཕྲིག་ཚུད་ཅིང་། །དེང་སང་སྒྲ་དཀར་སྐྱེས་ཀྱི་བར། །མ་བསྒྱུར་རྒྱུན་དུ་སྐྱོང་ལོ་བྱས། །དེ་ཕྱིར་ཉམས་ཀྱི་སྐྱེ་ཚུལ་དེ། །དེ་ཚེ་ཉམས་དང་བསྟུན་པ་ཡིན། །ཉམས་ཀྱི་སྐྱེ་ཚུལ་སྤྱི་ཁའི་ཉིན། །སྟོན་ཀའི་གནམ་བཞིན་འགྱུར་ལྡོག་མང་། །དབྱར་ཁའི་སྤང་བཞིན་སྣ་ཚོགས་སྐྱེས། །རེ་རེ་བརྗོད་པའི་མུ་མཐའ་མེད། །དང་པོ་རྣམ་རྟོག་འཕྲོ་རྒོད་འདི། །སྐྱོན་མེད་གསུངས་ཀྱང་གནོད་སྣང་ཆེ། །སེམས་ལ་རྣམ་རྟོག་ཤར་བ་དེ། །དང་པོ་གང་ནས་བྱུང་ན་སྙམ། །བལྟས་པས་བྱུང་བའི་ཡུལ་མ་རྙེད། །སང་གནང་འོང་རྒྱུའི་རྣམ་རྟོག་ཚོ། །དེ་རིང་གང་ནས་འོང་ཞིང་
ཡོད། །དེ་སྔ་བྱུང་ཚད་རྣམ་རྟོག་ཚོ། །དེ་ཙམ་གང་དུ་སོང་ནས་ཡོད། །ད་ལྟ་སེམས་ཀྱི་རྣམ་རྟོག་འདི། །གང་གི་ས་རུ་གནས་ནས་ཡོད། །དེ་ཚེ་རྩད་རྗེས་བཅད་ཙམ་ན། །སྐྱེས་པ་གནས་པ་འགགས་པ་མེད། །སེམས་ལས་བྱུང་ཞིང་སེམས་ལ་ཐིམ། །རང་ཞི་ཆུ་ཡི་པ་ཏྲ་འདྲ། །གནས་དང་འགྱུ་གཉིས་ཁྱད་མེད་པར། །སེམས་རང་ཡིན་པའི་ངེས་ཤེས་སྐྱེས། །དེ་གཉིས་སེམས་ཡིན་ཁྱད་མེད་ན། །ཁྱད་ཕྱེ་གདམ་ཁ་ཅི་ལ་ཡོད། །གང་ཤར་སྐྱོང་བས་ཆོག་པར་གོ །འོན་ཀྱང་རིག་དང་མ་རིག་ཁྱད། །རང་ངོ་མ་བལྟས་ཐ་མལ་པ། །བལྟས་ན་ཉམས་ལེན་ཡིན་པར་རྟོགས། །གནས་འགྱུ་གདམ་ཁ་སྤང་བའི་གླུ། །གསར་བུ་རྣམས་ལ་ཕན་ཕྱིར་སྨྲས། །སྒོམ་ཆེན་རྣམས་ལ་མཐོལ་ལོ་བཤགས།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། ལས་དང་པོ་པ་ཡི་སྒོམ་ཕྲུག་རྣམས། །རིག་པ་རྐྱང་དེད་ཟབ་ཅེས་ཐོབ། །ཁབ་མིག་སྐུད་པ་འཛུད་པ་བཞིན། །མ་ཡེངས་རིག་པ་རྩེ་གཅིག་གཏད། །སེམས་ཀྱི་སེམས་ལ་བལྟས་རྩ་ན། །ཅི་ཡང་མི་དྲན་ཀྱི་ལེ་གནས། །འདི་ནི་གནས་པ་ཡིན་ནོ་སྙམ། །ངོ་བོ་ལྟ་དགོས་བསམ་ནས་
བལྟས། །གནས་པའི་ངོ་བོ་སྟོང་པར་རྟོགས། །ཞི་ལྷག་ཟུང་འཇུག་ཡིན་ནོ་སྙམ། །ཡང་གཅིག་རྣམ་རྟོག་གཅིག་སྐྱེས་པས། །འགྱུ་བ་སོང་ངོ་ཡིད་ལ་བསམ། །དེ་ངོ་ལྟ་དགོས་བསམ་ནས་བལྟས། །འགྱུ་བ་ཡལ་ནས་སྟོང་པར་མཐོང་། །རང་ཞི་རང་གྲོལ་འདི་ཡིན་བསམ། །དེ་ལྟར་རིག་པ་བསྒྲིམ་དྲགས་པས། །དཀའ་ལས་ཆེ་བར་བྱུང་ན་ཡང་། །མ་སྐྱུར་ལོ་གྲངས་འགའ་ལ་བསྐྱངས། །དེ་ནས་དེ་ལ་ཐེ་ཚོམ་སྐྱེས། །གནས་དུས་གནས་ཡོད་སྙམ་པ་དང་། །དེ་ངོ་བལྟ་དགོས་བསམ་པ་གཉིས། །འགྱུ་བ་གཉིས་དེ་ཁ་ཡན་རེད། །བལྟས་པས་ངོ་བོ་སྟོང་པར་རྟོགས། །འདི་རང་ཉམས་ལེན་སྙམ་པ་ཡི། །འགྱུ་བ་ཕྱེད་པར་ཕྲའུ་དང་། །ཕྱེད་གསུམ་ཁ་ཡན་འཁྲུལ་པ་རང་། །རྣམ་རྟོག་འགྱུས་ནི་སོང་ཙམ་ན། །འགྱུས་སོང་སྙམ་པའི་རྣམ་རྟོག་གཅིག །དེ་ངོ་བལྟ་དགོས་བསམ་པ་གཉིས། །བལྟས་པས་འགྱུ་བ་སྟོང་པར་ཡལ། །རང་ཞི་རང་གྲོལ་ཡིན་བསམ་པའི། །འགྱུ་བ་ཕྲའུ་དེ་དང་གསུམ། །དེ་གསུམ་རྣམ་རྟོག་ཁ་ཡན་རང་། །དང་པོ་སྐྱོང་ལུགས་དེ་ཡིན་ཀྱང་། །དེ་ཡི་གྲོས་ཐུབ་ཡིན་པར་གོ །མ་བཅོས་པར་ཡང་མིན་པར་
སྣང་། །གང་ཡིན་འདྲེས་པའི་བླ་མ་དེ། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་དེ། །སྤྱི་བོར་བསྒོམས་ནས་གསོལ་བ་བཏབ། །བླ་སྒྲུབ་ཐུན་གསུམ་ཟླ་མཚམས་བྱས། །དེ་ཡི་བྱིན་རླབས་དངོས་སུ་བྱུང་། །མ་བཅོས་བཞག་པའི་གནད་དེ་རྟོགས། །གནས་དང་འགྱུ་བ་ཁྱད་པར་མེད། །ཧ་ཀྱང་སྒྲིམ་པ་དེ་མིན་པར། །མ་ཡེངས་ཙམ་དེ་ལྷོད་དེ་བཞག །གནས་ཉམས་རྒྱ་མཚོ་འཁྱིལ་འདྲ་ལ། །འགྱུ་བ་ཆུ་རླབས་ཆུར་ཐིམ་འདྲ། །འགྱུ་བས་བསྒོམ་ལ་མི་གནོད་པར། །རྣམ་རྟོག་བརྒྱ་སྟོང་འཕྲོ་ན་ཡང་། །མཚོ་ལ་ཆར་པ་འབབ་པ་བཞིན། །ཉམས་ལེན་དེ་ཡི་ངང་ལ་ཐིམ། །ཧྲིག་ཧྲིག་ཅེར་ཅེར་མི་དགོས་པར། །རང་བབ་བཞག་པས་དོན་ཆེན་འགྲུབ། །འགྱུ་བ་ཁོ་རང་བསྒོམ་དུ་ཤར། །གནས་འགྱུ་གདམ་ཁ་ཅི་ལ་བྱེད། །སྔོན་དང་མི་འདྲ་དཀའ་ལས་ཆུང་། །རྩོལ་བ་ཅི་ཡང་མི་དགོས་པར། །ཁ་རོག་བསྡད་པས་ཆོག་འདུག་པ། །ད་ནི་རྣམ་གཡེངས་མི་གནོད་པར། །གྲོང་དང་རི་ཁྲོད་ཁྱད་མེད་སྙམ། །དེ་འདྲའི་ཉམས་དེ་ཟླ་གསུམ་ཙམ། །དེ་ནས་གྲོང་ཆོག་ལ་སོགས་པ། །རྣམ་གཡེང་འབྱམས་པས་ཉམས་དེ་ཡལ། །གནས་འགྱུ་
གདམས་ག་མེད་ན་ཡང་། །བར་སྐབས་བརྗེད་ངས་ཆེ་བ་དང་། །ངེས་ཤེས་གསལ་ཆ་འགྲིབ་པར་འདུག །གནས་འགྱུ་སྐྱོང་ལུགས་ཉམས་མྱོང་འདི། །གཞོན་དུས་ཉམས་དེ་རྒས་དུས་དྲན། །གཞོན་ནུ་རྣམ་ལ་ཕན་ཕྱིར་སྨྲས། །མངྒ་ལཾ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། འདོད་ལྷ་རིགས་དྲུག་གོལ་ས་དང་། །བདེ་སྟོང་ཕྱག་རྒྱ་ཆེན་པོ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་ཡོད། །བར་དེར་སྤུ་ཡི་ཁྱད་ལས་མེད། །ལུས་བདེ་ཟས་གོས་སྲེད་པ་ཆུང་སེམས་བདེ་ཉོན་མོངས་མགོ་བོ་ནོན། །ཅི་སྐྱིད་མེད་པར་སེམས་རྩ་སྐྱིད། །མེ་རེ་འཁྱིལ་ལེ་གནས་ཉམས་ཆེ། །འགྱུ་བ་བྱུང་ཡང་དེ་མི་གནོད། །ཆོས་བཤད་དབང་བསྐུར་དྲི་བཤད་སོགས། །ཇི་ལྟར་བྱས་ཀྱང་ཉམས་ལེན་ངང་། །སྤྱོད་ལམ་ཀུན་ཏུ་འབྲལ་བ་མེད། །ད་ནི་ང་ཡི་འདོད་པ་འགྲུབ། །ང་ལས་སྐྱིད་པ་སུ་ཡོད་སྙམ། །ཆོས་ཀྱི་རྩ་བ་འདི་རྙེད་པས། །ཅི་ཡང་གང་གིས་དགོས་པ་མེད། །བླ་མའི་གསོལ་འདེབས་གཅིག་པུས་ཆོག །སློབ་སྦྱང་ཡོན་ཏན་དགོས་པ་མེད། །སྙམ་པའི་ཞེན་ལོག་གཏིང་ནས་སྐྱེས། །ཏིང་ངེ་འཛིན་ལ་བཞག་པའི་ཚེ། །སྟེང་གི་
ལྗིད་ཀྱི་འོག་མི་གནོད། །ཡུན་རིང་ལུས་གནས་ངང་ལ་གནས། །ལུས་ནི་ཞུ་འམ་མེད་དམ་སྙམ། །ལུས་སེམས་གཉིས་ཀ་བདེ་བས་ཁྱབ། །འདི་ལ་མཆོག་ཏུ་འཛིན་པ་ཡི། །ཆགས་ཞེན་ང་རྒྱལ་ཁེངས་པར་བསྒོམ། །འདོད་ཁམས་ལྷ་རུ་སྐྱེ་བའི་རྒྱུ། །ཐར་པ་ཐོབ་པའི་གེགས་སུ་ཆེ། །མ་ཆགས་དེ་ལ་མཆོག་འཛིན་མེད། །བདེ་བའི་ངོ་བོར་ཧྲིག་གེར་ལྟ། །བདེ་དང་སྟོང་པ་དབྱེར་མེད་འདྲེས། །མ་ཆགས་མ་ཞེན་ངོ་བོ་སྐྱོངས། །བདེ་སྟོང་ཕྱག་རྒྱ་ཆེན་པོ་ལགས། །ཉི་ཤུའི་སྐོར་ལ་སྐྱེས་པའི་ཉམས། །ལྔ་བཅུའི་མཇུག་ལ་བབ་པའི་དུས། །གཞོན་པ་འགའ་ལ་ཕན་སྙམ་ནས། །རཱ་ག་ཨ་སྱས་ངག་ཏུ་བརྗོད། །བྷ་ཝན་ཏུ། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། གསལ་སྟོང་ཕྱག་རྒྱ་ཆེན་པོ་དང་། །གཟུགས་ཁམས་ལྷ་ཡི་གོལ་ས་གཉིས། །འདྲ་འདྲ་འདྲ་སྟེ་གོལ་ས་ཆེ། །སྤུ་རྩེ་ཙམ་གྱིས་བྱེད་པ་ཡིན། །རྔམ་ཆེན་སྐྱོན་ཡོན་གཉིས་སུ་ལ་འགྱུར་། །རང་སེམས་གསལ་སྟོང་རྗེན་ཅེ་རེ། །སྤྲིན་མེད་ནམ་མཁའ་དྭངས་པ་འདྲ། །རྟོག་པ་མེད་པའི་ང་རྒྱལ་ཅན། །རང་མིན་གཞན་ལ་སེམས་མི་འགུ། །ངེས་ཤེས་
བརྟན་པ་ཆེན་པོ་རྙེད། །སུ་ཡིས་ཟེར་ཡང་བློ་མི་འགྱུར། །འདི་བས་ལྷག་པ་མི་སྲིད་སྙམ། །ལུས་གནད་ལྟ་སྟངས་བྱེད་སྙིང་འདོད། །ཡེངས་སྐབས་རྣམས་སུ་ཐ་མལ་པ། །ཡེངས་བ་དེ་ཡིས་བརྗེད་འདུག་སྙམ། །ནུབ་མོ་གཉིད་མ་ཐག་ཏུ་ཡང་། །རྨི་ལམ་མེད་པར་ཉམས་རྟོགས་འཆར། །དེ་ནས་ཡིད་ལ་མི་དྲན་པས། །གཉིད་འཐུག་ཡིན་ནམ་འོད་གསལ་ཡིན། །དེ་ནི་རང་གིས་ཚོད་མ་ཟིན། །རེས་འགའ་རྨི་ལམ་ངོས་ཟིན་ནས། །ཉིན་པར་བཞིན་དུ་ཉམས་ལེན་གསལ། །རེས་འགའ་འོད་གསལ་མི་ཟིན་པ། །འཁྲུལ་པའི་རྨི་ལམ་རྨིས་ན་ཡང་། །རྒྱ་བོད་གྲུབ་ཆེན་ཡི་དམ་ལྷ། །མ་ངེས་དུ་མ་མཇལ་བ་དང་། །ཆོས་གསུངས་བརྡ་ཡང་སྟོན་པ་འབྱུང་། །རེས་འགའ་གཉིད་དང་མ་གཉིད་མཚམས། །ཟླ་བ་ཤར་འདྲ་ཉི་ཞོར་རམ། །མེ་རུ་བཀྱག་འདྲ་འོད་བྱུང་ནས། །དེ་ཡི་རྐྱེན་བྱས་འོད་གསལ་ཟིན། །རེས་འགའ་ཉམས་དང་རྨི་ལམ་མཚམས། །ཐག་རིང་ཡུལ་དུ་ཅི་བྱེད་དང་། །ཅི་སྨྲས་མངོན་སུམ་བཞིན་དུ་མཐོང་། །རེས་འགའ་ཐག་རིང་མི་འགའ་རེས། །རང་ལ་བཟང་ངན་གང་སྨྲས་ནི། །དྲུང་ནས་སྨྲས་པ་བཞིན་དུ་ཐོས། །རེས་
འགའ་རང་ཉིད་གཉིད་སོང་བས། །ཁྱིམ་དུ་སེ་ར་སྤྱད་ལ་སོགས། །ཉིན་པར་བཞིན་དུ་སོ་སོར་མཐོང་། །རེས་འགའ་མི་ནི་ལ་ལ་ཡི། །ཁོ་རང་ཡིད་ལ་གང་བསམ་དེ། །ཁོ་རང་ངག་ནས་སྨྲ་འདྲ་བར། །ཡིད་ལ་ཅི་བསམ་ཤེས་སྙམ་བྱེད། །ཉིན་པར་ཉམས་ལེན་གསལ་སྟོང་ངང་། །འདི་ལ་དགའ་ཞིང་རློམ་སེམས་སྐྱེས། །རྟོགས་པའི་མཆོག་ཡིན་ཉམས་ནི་ཆགས། །འོད་གསལ་ཆེ་ཆུང་རིམ་པ་ལྟར། །ཚངས་རིས་ཚངས་པ་མདུན་ན་འདོན། །ཚངས་ཆེན་ལྷ་སོགས་གཟུགས་ཁམས་ཀྱི། །གནས་སུ་སྐྱེ་བའི་གོལ་ས་ལགས། །དེ་ལ་ཆགས་འཛིན་རློམ་སེམས་མེད། །གསལ་ལོ་སྟོང་ངོ་སྙམ་པ་ཡི། །འཛིན་པ་མ་ཞུགས་རང་ངོ་སྐྱོང་། །གསལ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །རང་ལོ་ཉི་ཤུ་སྐབས་འགའ་ལ། སྐྱེས་པའི་ཉམས་དེ་རྒས་དུས་སྨྲས། །གསར་བུ་འགའ་ལ་ཕན་པར་ཤོག། ༈ །།ན་མོ་མ་ཧཱ་མུ་དྲ་ཡ། མི་ཁོམ་གནས་བརྒྱད་ནང་ཚན་ནས། །ཚེ་རིང་ལྷ་རུ་གོལ་བའི་ས། །མུ་སྟེགས་ལུགས་ཀྱི་བསྒོམ་དེ་དང་། །མི་རྟོག་ཕྱག་རྒྱ་ཆེན་པོ་གཉིས། །འདྲ་བ་འདྲ་སྟེ་ནོར་དོགས་གདའ། །སྣང་སྲིད་འཁོར་འདས་
ཆོས་རྣམས་ཀུན། །རང་གི་སེམས་ཉིད་མ་གཏོགས་པ། །ལོགས་སུ་གྲུབ་པ་རྡུལ་ཙམ་གཅིག །མེད་པའི་ངེས་ཤེས་གདིང་ནས་སྐྱེས། །སེམས་ནི་སྟོང་པ་ནམ་མཁའ་འདྲ། །བསམ་པའི་ངེས་ཤེས་འཛིན་པ་ཅན། །རྣམ་ཤེས་མཐའ་ཡས་ཞེས་བྱ་བའི། གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ། །སེམས་ནི་ཡོད་པ་མ་ཡིན་ཏེ། །གཟུགས་དང་ཁ་དོག་དངོས་པོ་མེད། །སེམས་ནི་མེད་པ་མ་ཡིན་ཏེ། །སྣ་ཚོགས་ཅི་ཡང་འཆར་བར་འདུག །ཡོད་མེད་གཉིས་ཀ་མིན་སྙམ་པའི། །འཛིན་པ་དེ་ལ་ཨ་འཐས་པའི། །ཡོད་མིན་མེད་མིན་ཞེས་བྱ་བའི། །གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ། །སེམས་དང་ཆོས་རྣམས་ཐམས་ཅད་ནི། །ནམ་མཁའ་བཞིན་དུ་སྟོང་པ་ཉིད། །མཐའ་ལས་འདས་སྙམ་འཛིན་པ་ཅན། །སེམས་དང་ནམ་མཁའ་དབྱེར་མེད་དེ། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སྙམ་པའི་ཉམས་རྟོགས་གདེང་ནས་འཆར། །དེ་ལ་དེར་འཛིན་ཞུགས་པ་ན། །ནམ་མཁའ་མཐའ་ཡས་ཞེས་བྱ་བའི། །གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ། །རེས་འགའ་སེམས་དང་ཆོས་རྣམས་ཀུན། །ཅི་ཡང་མ་གྲུབ་སྟོང་པ་ཉིད། །ལུས་འདིའང་དངོས་སུ་མེད་དོ་
སྙམ། །ས་རྡོ་རི་བྲག་ཁང་ཁྱིམ་སོགས། །ཐམས་ཅད་སྟོང་པ་ཡིན་པར་མཐོང་། །དེ་ལ་འཛིན་པ་དམ་དྲགས་པས། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི། །གཟུགས་མེད་ལྷ་ཡི་ཁམས་སུ་སྐྱེ། །ཉམས་རྟོགས་དེ་ལྟར་ཤར་བའི་ཚེ། །ཐམས་ཅད་སེམས་ཡིན་བསམ་པ་དང་། །སེམས་ནི་ཡོད་མིན་གཉིས་མིན་དང་། །ནམ་མཁའ་སེམས་ཉིད་དབྱེར་མེད་དང་། །ཐམས་ཅད་སྟོང་པར་མཐོང་བ་ལ། །ངེས་ཤེས་དམ་པོས་མ་བཅིང་པར། །བསམ་མཁན་དེ་ཡི་ངོ་བོར་བལྟ། །འཛིན་པ་བཤིགས་ནས་ལྷོད་དེར་བཞག །མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན། །མཚམས་བསྡམས་ལོ་ངོ་གསུམ་ཙམ་སྐབས། །ཉམས་ལ་ཤར་བའི་གླུ་ཆུང་འདི། །དཔེ་རྒྱུད་རྣམས་དང་ཅུང་མི་མཐུན། །རང་གི་ཉམས་དང་བསྟུན་པ་ཡིན། །མཁས་པ་རྣམས་ཀྱིས་མི་ཁྲེལ་ཞུ།། །།ཨེ་མ་འདི་ཡི་སྐབས་འགའ་ལ། །སྟོང་ཉམས་ཧད་པོར་འཆར་བར་བཤད། །ཐམས་ཅད་སྟོང་པ་ཉིད་དུ་གོ །སྡིག་པ་དགེ་བ་གཉིས་པོ་སྟོང་། །སྟོང་པས་སྟོང་པར་ཕན་གནོད་མེད། །སྙམ་ནས་དགེ་བ་མི་སྒྲུབ་ཉལ། །སྡིག་པ་མི་སྤང་མ་གྲུབ་ཟེར། །
ཐམས་ཅད་སྟོང་པ་ཡིན་ནོ་སྐད། །སེམས་ཉིད་སངས་རྒྱས་ཡིན་ནོ་སྐད། །རྣམ་རྟོག་ཆོས་སྐུ་ཡིན་ནོ་སྐད། །འཁོར་བ་མྱང་འདས་ཡིན་ནོ་སྐད། །ནམ་ཤི་སངས་རྒྱས་ཡིན་ནོ་སྐད། །ཐོད་པ་བོར་ཆོག་ཡིན་ནོ་སྐད། །ཞེ་སྡང་གསལ་སྟོང་ཡིན་ནོ་སྐད། །འདོད་ཆགས་བདེ་སྟོང་ཡིན་ནོ་སྐད། །གཏི་མུག་འོད་གསལ་ཡིན་ནོ་སྐད། །དུག་ལྔ་ཡེ་ཤེས་ཡིན་ནོ་སྐད། །སྤྱོད་པ་རྩིང་ཞིང་ཚུལ་ཁྲིམས་འཆལ། །ནག་པོ་ཁ་འབྱམས་ཞེས་བྱ་བ། །བདུད་ཀྱི་ལྟ་བ་མནར་མེད་རྒྱུ། །འདི་འདྲ་འབྱུང་བར་གསུངས་མོད་ཀྱིས། །རང་ལ་དེ་འདྲ་འཆར་མ་མྱོང་། །བཀའ་འདི་མདོ་རྒྱུད་ནས་གསུངས་པས། །གེགས་སེལ་རྒྱུ་འབྲས་བླང་དོར་ཟབ། །རང་ཉིད་རང་གིས་མི་ཕུང་ཞུ། །རཱ་ག་ཨ་སྱས་ལྷ་ཕྱག་འཚལ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། བསྒོམ་ཡུན་རིང་ཞིག་སོང་བ་ན། །བླ་མའི་བྱིན་རླབས་ཞུགས་པའམ། །ཡི་དམ་ལྷ་ཡི་དངོས་གྲུབ་བམ། །སྔོན་བསགས་ལས་འཕྲོ་སད་ཙམ་ན། །རྐྱེན་ནི་གང་ཡིན་ངེས་ངེས་མེད། །སྐྱིད་སྡུག་ཅིས་ཀྱང་རྐྱེན་བྱེད་དེ། །ཕལ་ཆེར་མོས་གུས་དྲག་པོ་བྱེད། །སྔར་གྱི་སྒོམ་དང་ཉམས་རྟོགས་
ཀུན། །གར་སོང་ཆ་མེད་འཇའ་ལྟར་ཡལ། །བསྒོམ་བྱ་སྒོམ་བྱེད་འཛིན་པ་ཞིག །ལྟ་མི་ལྟ་རྒྱུ་གཅིག་ཏུ་འདྲེས། །ཕྱི་ནང་གཅིག་འདྲེས་འདི་ལྟ་མེད། །འདི་བྱ་འདི་བྱེད་ཅི་ཡང་མེད། །ཁ་རོག་བསྡད་པས་ཆོག་པ་འདྲ། །སྔར་དང་གཏན་ནས་མ་མཆིས་པས། །ཐེ་ཚོམ་ཁུ་འཕྲིག་ཡིད་གཉིས་ཟ། །གོལ་ས་ཨམ་དེ་ཨུ་ཡིན་ཨང་། །བསྒོམ་མེད་ཨམ་དེ་འདྲ་ལ་ཁད། །སྔར་གྱི་གསལ་སྟོང་རྗེན་པར་ཡལ། །བསྒོམ་དེ་བོར་བ་ཡིན་ཡང་དོགས། །དེ་དུས་བླ་མ་མེད་པ་ན། །ཐེ་ཚོམ་སྐྱེས་ནས་སྐྱུར་ཉེན་གདའ། །ཧམ་པ་ཆེན་པོའི་མ་རིག་གིས། །བསྒོམ་མེད་ཡིན་སྙམ་ང་རྒྱལ་སྐྱེས། །སྟོང་སྐད་མཐོན་པོ་བྱེད་སྙམ་གདའ། །དོན་ནི་སྤྲོས་བྲལ་ངོ་མཐོང་ཙམ། །ཚེས་གསུམ་ཟླ་བ་མཐོང་བ་ཙམ། །ཕྱག་རྒྱ་ཆེན་པོའི་ཞལ་མཐོང་ལགས། །དེ་ནས་དེ་ཡི་ངང་ལ་བཞག །ད་དུང་ཡེངས་སྐབས་འཁྲུལ་པར་འབྱམ། །མ་ཡེངས་དྲན་རྫི་ཡང་ཡང་བརྟེན། །སྐུ་འདི་ནི་མི་བརྟེན་རེས་འགའ་དང་། །ཕལ་ཆེར་བརྟེན་དང་རྒྱུན་དུ་བརྟེན། །ཆེ་འབྲིང་ཆུང་གསུམ་ཐ་སྙད་བྱེད། །རྣམ་གཡེང་སྤང་ཞིང་སྤྲོས་བཅས་རྣམས། །ཉུང་ངུར་བཏང་ལ་
ཏིང་འཛིན་བསྒོམ། །གང་ལའང་ཡ་ངའི་འཛིན་པ་མེད། །དཔའ་བར་འགྲོ་བའི་ཏིང་འཛིན་ཟེར། །འདི་ལ་འདྲ་མིན་བཤད་པ་མང་། །སྤྲོས་བྲལ་ངོ་མཐོང་གླུ་ཆུང་འདི། །རང་ལོ་ཞེ་གཅིག་ཙམ་དུས་ཀྱི། །ཉམས་མྱོང་གཞན་ལ་ཕན་པའི་ཕྱིར། །ང་བརྒྱད་ལོ་ལ་སྨྲས་པའོ།། ༈ །།ཨེ་མ་ཉམས་ཀྱི་འཆར་སྒོ་མཚར། ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ། །རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས། །འགྲོ་དྲུག་སེམས་ཅན་ཀུན་གྱི་སེམས། །སྣང་སྲིད་ལྷ་འདྲེ་ཀུན་གྱི་སྲོག །རྣལ་འབྱོར་རང་གི་སེམས་ཉིད་གསུམ། །དབྱེར་མེད་ངོ་བོ་གཅིག་ཏུ་རྟོགས། །ངོ་བོ་སྟོང་པ་ཉིད་དུ་གཅིག །རང་བཞིན་གསལ་རིག་རྗེན་པ་གཅིག །སྣ་ཚོགས་འགགས་མེད་ཤར་བ་གཅིག །ཕྱི་ནང་དབྱེར་མེད་གཅིག་འདྲེས་པས། །ཕྱི་ལྟ་ནང་ལྟའི་ཁྱད་པར་མེད། །ཉམས་དང་སྐབས་སུ་རང་བབ་སྐྱོང་། །ལྟ་བ་འཁོར་འདས་དབྱེར་མེད་ལགས། །འོན་ཀྱང་ཡེངས་སྐབས་བརྗེད་སྐབས་མང་། །བརྗོད་པ་དྲན་ཚེ་ཡིད་མི་དགའ། །དང་པོ་བརྗེད་ནས་མ་དྲན་བར། །སེམས་ཀྱི་ངོ་བོ་ཅི་ལྟ་བུ། །ཕྱི་
བལྟས་བྱེད་འདྲ་བྱས་ནས་ལྟ། །དེ་ཡང་ངོ་བོ་སྟོང་པར་མཐོང་། །དེ་ཡིས་ཅུང་ཞིག་བློ་ཁ་ཚིམ། །བཞི་བཅུའི་སྟོད་ལ་སྐྱེས་པའི་ཉམས། །དེང་སང་གཞན་ལ་ཕན་ཕྱིར་བྲིས། །གང་དྲན་བྲིས་པས་ཐུགས་མ་ཁྲེལ། །རཱ་ག་ཨ་སྱས་བཅོས་གཏམ་ལགས།། །།ཨེ་མ་ཉམས་ལ་མི་འཆར་མེད། །ཕྱི་ཡི་ས་རྡོ་རི་བྲག་དང་། །གྲོང་ཁྱེར་ཁྲོམ་ཚོགས་འདུ་ལོང་རྣམས། །སོ་སོར་གསལ་ཡང་ངོ་བོ་སྟོང་། །རྒྱ་མཚོར་ཤར་བའི་གཟའ་སྐར་བཞིན། །བཅོས་ནས་བསྒོམ་པ་མ་ཡིན་ཞིང་། །དཔེ་རྒྱུད་གོ་བ་སྐམ་པོ་མིན། །བླ་མའི་རྗེས་ཟློས་མ་ལགས་ཤིང་། །སྒོམ་ཆེན་གཞན་གྱི་ཁ་སྟོང་མིན། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཆུ་ཟླ་མེ་ལོང་གཟུགས་བརྙན་དང་། །སྒྱུ་མ་སྤྲུལ་པ་བཞིན་དུ་རྟོགས། །ཀྱེ་མ་དེ་ལྟར་རྟོགས་ངེས་ཀྱང་། །ཡེངས་སྐབས་བརྗེད་སྐབས་འཁྲུལ་པ་ཤོར། །ཡེངས་སྐབས་མེད་པར་ཅི་དྲག་སྙམ། །བླ་མ་ལྕསྒོམ་ཆེན་མང་པོ་ལ། །རྟོགས་འབུལ་བྱས་ཤིང་དྲིས་ལགས་ཀྱང་། །གདམ་ངག་སྟོན་མཁན་གསེར་བས་དཀོན། །ས་མཚམས་ཕྱེ་བའི་གསུང་ངག་དམ། །ལྔ་བཅུའི་སྟོད་ཀྱི་
ཉམས་རྟོགས་འདི། །རཱ་ག་ཨ་སྱས་རྨོངས་གླུ་བླངས། །གཞན་ལ་ཕན་པའི་བསམ་པས་བྲིས། །མངྒ་ལཾ།། །།ན་མོ་མ་ཧཱ་མུ་ཏྲ་ཡེ། རཱ་ག་ཨ་སྱའི་ཉམས་རྟོགས་ཀྱང་། །ཆེ་ནས་མེད་པའི་བུ་ངན་བཞིན། །ལྔ་བཅུའི་སྟེང་ལ་སླེབ་ཙམ་ན། །རྨི་ལམ་འོད་གསལ་ཉུང་དུ་སོང་། །དཀོར་སྒྲིབ་ཆེ་བ་ཡིན་ནམ་སྙམ། །བདེ་ཉམས་གསལ་སྣང་མི་རྟོག་ཉམས། །ཉམས་སྣང་མང་པོ་འཇའ་ལྟར་ཡལ། །ཡེངས་སྐབས་བརྗེད་སྐབས་མང་ན་ཡང་། །ཡེངས་དང་མ་ཡེངས་ཁྱད་པར་མེད། །བརྗེད་དང་མ་བརྗེད་ཁྱད་པར་མེད། །གཉིད་དང་མ་གཉིད་ཅི་ལ་ཡང་། །ཐམས་ཅད་ངོ་བོ་འགྱུར་བ་མེད། །ནམ་མཁའ་དྭངས་བའི་དཀྱིལ་ལྟ་བུ། །ནམ་མཁའ་སྤྲིན་དང་ཉི་ཟླ་དང་། །འཇའ་ཚོན་ཆར་དང་སེར་བ་ཡང་། །ནམ་མཁའ་ཉིད་ལ་འགྱུར་བ་མེད། །སེམས་ཉིད་འཁྲུལ་ལམ་མ་འཁྲུལ་རུང་། །དྲན་རྗེས་ཟིན་རུང་མ་ཟིན་རུང་། །ངོ་བོ་འགྱུར་མེད་ཆོས་ཀྱི་སྐུ། །དོན་ལ་རྡུལ་ཙམ་ཁྱད་མེད་པའི། །རྟོགས་པ་གཤའ་མ་གདེང་ནས་སྐྱེས། །དེ་ཉིད་དོན་དང་ལྡན་མི་ལྡན། །བླ་མ་སྒོམ་ཆེན་མང་པོ་ལ། དྲིས་ཀྱང་དེ་དོན་སུས་མ་
གསུངས། །དྭགས་པོ་ཕག་གྲུའི་ཞུས་ལེན་ལ། །བལྟས་པས་དོན་ལྡན་ཡིད་ཆེས་སྐྱེས། །སླར་ཡང་དཔལ་ལྡན་སྟག་ལུང་པ། །བཀྲ་ཤིས་དཔལ་གྲུབ་མཇལ་བའི་ཚེ། །ང་ཡི་རྟོགས་པ་འདི་ལྟ་བུ། །རྟོགས་པ་ལགས་སམ་ཧམ་པ་ལགས། །ཞིབ་པར་ཞུས་པས་བཀའ་སྩལ་པ། །གཞན་གྱིས་དེ་འདྲ་ཟེར་བྱུང་ཡང་། །ངེད་ཀྱིས་བདེན་པར་མི་འཛིན་ཏེ། །ཁྱེད་ནི་བསྒྲུབ་པ་ཡུན་རིང་བའི། །ཟེར་བ་དེ་ལ་བདེན་པར་འཛིན། །དེ་ནི་དོན་དང་ལྡན་པ་སྟེ། །དེང་སང་ངེད་ཀྱང་དེ་ལྟར་ཡིན། །འོན་ཀྱང་ཉལ་ནི་མ་འདུག་པར། །ཐུགས་དམ་དགེ་སྦྱོར་འབད་དགོས་གསུངས། །དེ་ཕྱིར་བོགས་སྐྱེད་མ་བྱུང་སྟེ། །གསལ་འགྲིབ་བག་རེ་འོང་བར་གདའ། །ཉམས་ཀྱི་རོ་གཅིག་ངོ་མཐོང་ཙམ། །མཉམ་རྗེས་འདྲེས་ལ་ཁད་པའི་གླུ། །རང་ལོ་ང་བརྒྱད་རྟ་ཡི་ལོ། །ཁྲུམས་ཟླའི་ཡར་ཚེས་བཞི་ལ་བྲིས། །སྣང་སྲིད་སྒྱུ་མར་རྟོགས་པའི་ཕྱིར། །སྒྱུ་མ་ལྟ་བུའི་ཏིང་པ་འཛིན་ཟེར། །ཆུ་རླུང་རོལ་པའི་རྒྱུད་ནས་གསུངས། །དེ་ཡན་ཉམས་རྟོགས་མགུར་མ་ལགས། །རྟོགས་པ་མཉམ་རྗེས་འདྲེས་པ་ནི། །སྒོམ་མེད་ཡིན་ཞིང་དེ་ལ་ཡང་། །ཆེ་
ཆུང་འབྲིང་དུ་དབྱེ་བ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི། །ཡིན་པར་ཁྲིད་གཞུང་རྣམས་ནས་བྱུང་། །རང་ལ་མྱོང་བ་ཞུ་རྒྱུ་མེད། །དགེ་སློང་ཨོ་རྒྱན་རིག་འཛིན་གྱིས། །བུམ་སྒྲུབ་གཙོ་བོ་དོ་དམ་སྐབས། །ཤོག་བུ་གཏད་ནས་བྲི་དགོས་ཟེར། །ངོ་ཆེན་ངོ་དེ་མ་ལྡོག་ཕྱིར། །ལག་པ་ནད་ཀྱིས་མི་བདེ་ཡང་། །ཨུ་ནུས་བསྐྱེད་ནས་བྲིས་པ་འདི། །བུམ་སྒྲུབ་རྣམས་ལ་ཕན་པའི་ཕྱིར། །ལུང་འདྲེན་གཅིག་ཀྱང་མ་བྱས་པར། །གོ་སླ་ཉམས་མྱོང་མགུར་མ་འདི། །རཱ་ག་ཨ་སྱས་སྨྲས་པའོ། །བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །