Nitartha Digital Library
Tibetan
 
previousལམ་ཡེ་ཤེས་ཀྱི་སྒྲོན་མ་ཟང་ཐལ་མཁའ་གསལ་འཆར་ཚུལ་ལས་ཐག་གཅིག་ཐོག་ཏུ་བཅད་པ།།next

ལམ་ཡེ་ཤེས་ཀྱི་སྒྲོན་མ་ཟང་ཐལ་མཁའ་གསལ་འཆར་ཚུལ་ལས་ཐག་གཅིག་ཐོག་ཏུ་བཅད་པ།།

གཉིས་པ་དེ་ལས་བྱུང་པའི་མན་ངག་ལ་རྡོ་རྗེའི་ཚིག་རྐང་གསུམ་སྟེ༔ གཞི་ཡེ་ཤེས་ཀྱི་སྒྲོན་མ་ཁོང་གསལ་བུམ་པ་སྐུའི་གནས་ལུགས་ངོ་རང་ཐོག་ཏུ་སྤྲོད་པ་དང་༔ ལམ་ཡེ་ཤེས་ཀྱི་སྒྲོན་མ་ཟང་ཐལ་མཁའ་གསལ་འཆར་ཚུལ་ལས་ཐག་གཅིག་ཐོག་ཏུ་བཅད་པ་དང་༔ འབྲས་བུ་ཡེ་ཤེས་ཀྱི་སྒྲོན་མ་ཡུལ་གསལ་མངོན་དུ་གྱུར་ཚུལ་ལས་གདེང་གྲོལ་ཐོག་ཏུ་འཆོས་པའི་རྟགས་ཚད་བསྟན་པ་དང་གསུམ་གྱིས་ཆིངས་སུ་བཅིངས་བའོ༔

དང་པོ་ལ༔ ངོ་བོ་མདོར་བསྟན༔ རང་བཞིན་རྒྱས་པར་བཤད་པའོ༔ དང་པོ་ལ་གནས་ལུགས་དང་སྒྲ་དོན་ནོ༔

དང་པོ་ནི༔ རང་བྱུང་ངོ་བོ་ཉིད་ཀྱི་གཞི་ནི་ངོ་བོ་སྟོང་པས་ཆོས་སྐུ་སྤྲོས་དང་བྲལ་བ༔ རང་བཞིན་གསལ་བས་འབྲས་བུ་ཟག་མེད་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པ༔ ཐུགས་རྗེ་མཁྱེན་གཉིས་ཀྱི་ཤེས་རབ་འགག་པ་མེད་ཅིང་གཟུང་འཛིན་གྱི་རྣམ་པར་དག་བཞིན་པའི་ཆོས་ཉིད་ལ་གྲོལ་འཁྲུལ་དང་འཁོར་འདས་གང་ཡང་མ་གྲུབ་པ་རང་བཞིན་ལས་མ་གཡོས་བཞིན་དུ་རྩལ་ཡང་དག་དང་ལོག་པར་ཤར་བས་རོལ་བའི་འཁོར་འདས་སུ་སྣང་བ་དང་༔ དེ་དག་གི་དུས་སུ་ཕྲི་བསྣན་མེད་པར་བདེ་གཤེགས་སྙིང་པོ་ཁྱབ་པ་གཉིས་ལྡན་ཆེན་པོ་ཡུལ་དང་སྦུབས་ལ་གསལ་བའི་བདག་ཉིད་དུ་བཞུགས་ཀྱང་སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རིག་པར་དབུལ་མོའི་ཁྱིམ་གྱི་གཏེར་བཞིན་དུ་གསང་བ་བཞིས་ཆོད་པ་ཉིད༔ འདིར་བརྡ་དང་དབང་གི་ཐབས་ཀྱིས་གསལ་བར་བྱེད་པའོ༔

སྒྲ་དོན་ནི༔ དབྱིངས་ལྷུན་གྲུབ་ཕྱི་རྒྱ་མ་རལ་བར་ནང་གསལ་བུམ་པའི་སྐུ་ལྟར་བཞུགས་པའི་ཕྱིར་དང༔ གཞི་དུས་སུ་མ་དག་སུམ་བརྩེགས་ཀྱིས་བསྒྲིབས་པ་དང་༔ འཁྲུལ་བའི་ལམ་འབྲས་བུ་སྒོ་གསུམ་གྱི་སྦུབས་ཀྱིས་བསྒྲིབས་པའི་ཁོ༵ང་ངམ་ནང་ན་ཡེ་ཤེས་སྐུ་གསུམ་གྱི་ངོ་བོར་མ་བྱས་ལྷུན་གྲུབ་ཏུ་རང་གས༵ལ་བའི་ཕྱིར་དང་༔ བླ་མའི་མན་ངག་གིས་ངོ་སྤྲད་པས་ཡེ་ཤེས་ཁོང་ནས་འཆར་བ་དང་༔ ལམ་ཉམས་སུ་བླངས་པས་སྐུ་གསུམ་རྒྱུ་རྐྱེན་ལ་མ་ལྟོས་པར་རང་ལས་རྙེད་པའི་ཕྱིར་ན་ཐ་སྙད་སྒྲོན་མ་ཁོ༵ང་གས༵ལ་ཞེས་བྱའོ༔ དེ་སྐད་དུ་རྩལ་རྫོགས་ལས༔ གསང་བའི་ཡེ་ཤེས་ཁོང་གསལ་བ༔ དཔེར་ན་དབུལ་མོའི་གཏེར་དང་འདྲ༔ ཞེས་དང་༔ ཡེ་ཤེས་མཁའ་མཉམ་ལས༔ ཁོང་ནས་ཡེ་ཤེས་རང་ཤར་བ༔ དཔྱད་ནས་འབྱུང་བ་མ་ཡིན་ཏེ༔ གདམས་ངག་བསྟན་པས་འབྱུང་བ་ཡིན༔ དེ་ཕྱིར་བླ་མའི་བཀའ་འདི་གཅེས༔ ཞེས་དང་༔ དོན་གྱི་བཀའ་ཡི་མན་ངག་གིས༔ ཡེ་ཤེས་རིག་པ་ཁོང་ནས་ཤར༔ དེ་ཙམ་ཉིད་ན་སྐྱེ་བ་མེད༔ ད་ལྟ་ཉིད་ན་མངོན་གྱུར་པའོ༔ ཞེས་སོ༔

གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ་ལ༔ ཤེས་བྱ་གྲུབ་པའི་མཐའི་གཞི་དང་༔ གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་གཉིས་ལས༔

དང་པོ་ནི་ཕྱི་རོལ་བའི་ཏརྐ་ཆེན་པོ་སྡེ་ལྔས་བསྡུས་པའི་ལྟ་ལོག་སུམ་བརྒྱ་དང་དྲུག་ཅུ་ལ་སོགས་པ་དང་༔ ནང་པས་བསྡུས་པའི་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ༔ ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ༔ གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་དགུ་དང་༔ རྫོགས་པ་ཆེན་པོ་རང་གི་སེམས་ཀློང་མན་ངག་གི་འདོད་གཞུང་སོ་སོས་བསྡུས་པའི་གཞི་ཀ་སྟོང་ཆ་དག་ཏུ་ལྟ་བ་དང་༔ ལྷུན་གྲུབ་དུ་འདོད་པ་དང་སྣང་ཆ༔ མ་ངེས་པ་སྣང་ཆ་དང་༔ ངེས་པ་དོན་དུ་སྟོང་ཆ་དང་༔ ཅིར་ཡང་བསྒྱུར་དུ་བཏུབ་པ་སྣང་ཆ༔ ཅིར་ཡང་ཁས་ལེན་དུ་བཏུབ་པ་སྣང་ཆ༔ གཞི་སྣ་ཚོགས་ཁྲ་བོར་འདོད་པ་སྣང་ཆ་དང་བདུན་གྱིས་མཚོན་པ་སེམས་སྡེ་སྣང་ཆ་དང་ཀློང་སྡེ་སྟོང་ཆ་ལ་ཞེན་ཆ་ཆེ་བའི་དབང་དུ་རང་ཤར་ལས་དགག་བྱ་སྣང་ཚུལ་ངེས་པའི་གནད་ཟིན་ཕྱིར་བསྟན་པ་ཡིན་ཐམས་ཅད་ཀྱང་༔ ཕྱི་རོལ་བའི་ལྟ་བ་ཤེས་ན་གོལ་ཤོར་གྱི་འཕྲང་ཤེས་པ་དེ་ལས་ལྡོག་པ་དང་༔ ལྷ་མའི་ཐེག་པ་ལམ་རྟེན་ཐེག་པ་དགུ་པོ་ལམ་དང་གསང་ཆེན་རྫོགས་པ་ཆེན་པོ་འབྲས་བུ་ལ་འགོད་པའི་ཕྱིར་དང་༔ ཤེས་བྱའི་གཞི་ཤེས་ན་འཇུག་ཡུལ་གྱི་དམིགས་ངེས་པ་དང་༔ འདིའི་ལམ་གྱི་ཕྱོགས་རེའི་གསལ་བྱེད་ཡིན་པར་ཤེས་ནས༔ འདི་ལ་ཐམས་ཅད་ཡོངས་སུ་རྫོགས་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་ཤེས་པར་བྱ་དགོས་པས་ན་ཤེས་བྱའི་གཞི་ཞེས་བྱའོ༔ དེ་སྐད་དུ༔ ཀློང་ཆེན་རབ་འབྱམས་ལས༔ དབྱེ་ན་སྐྱོན་ཅན་སྐྱོན་མེད་གཉིས༔ ཀུན་གཞི་དང་སྦྱོར་བ་དོན་གྱི་ཀུན་གཞི་གཉིས་མ་བརྩིས་ན་དྲུག་བརྩིས་ན་བརྒྱད་དོ། །སྐྱོན་ཅན་དྲུག་དང་བརྒྱད་ཀྱིས་བསྟན༔ བབས་ལས་གྲུབ་པའི་ཀུན་གཞིའམ་སྤྱི་གཞི་དེ་ལ༔ སྣ་ཚོགས་ངོས་ནས་ལྷུན་གྲུབ་ལ༡༔ འགྱུར་པའི་ཆ་ནས་ངེས་མེད་གཞི༢༔ སྣ་ཚོགས་ངོས་ནས་ལྷུན་གྲུབ་ངེས་པ་ཅན༣༔ ཅིར་ཡང་བསྒྱུར་བཏུབ་གཞི་མ་དང་༤༔ ཐམས་ཅད་འབྱུང་ཕྱིར་ཁས་ལེན་གཞི༥༔ སྣ་ཚོགས་ཁྲ་བོར་འདོད་པའི་གཞི༔ སྣ་ཚོགས་པ་༦དང་ཀུན་གཞི་དང་༧༔ སྦྱོར་པ་དོན་གྱི་ཀུན་གཞིའོ༨༔ དེ་ལྟར་བརྒྱད་ཀྱིས་དབྱེ་ནའང་༔ སྐྱོན་མེད་ཀ་དག་ཉིད་དུ་གནས་རང་ཤར་ལས་དྲུག་པོའི་སྟེང་དུ་ཀ་དག་བསྟན་ནས་སྐྱོན་ཅན་བདུན་དུ་གསུངས་ཤིང་སྐྱོན་མེད་རང་གཞུང་གི་གཞི་ཀ་ལྷུན་ཟུང་འཇུག་ཏུ་བསྟན་པས་ཅུང་མི་འདྲ་ཡང་འདིས་ཀྱང་སྟོང་རྐྱང་དུ་བཞེད་པ་ནི་མིན་ནོ་གསུངས༔ ཞེས་སོ༔ དེ་ཡང་སྣ་ཚོགས་ཀུན་གཞི་ལ་གཞིར་འདོད་པ་ནི་སེམས་དང་ཡེ་ཤེས་མ་ཕྱེད་པའི་སེམས་ལམ་བྱེད་པའི་ལུགས་ཡིན་པས་དེ་ལ་གཞི་བཅས་པས་ངོ་བོ་ཉིད་ཀྱིས་འཁྲུལ་བའི་ཕྱིར་ན་སྐྱོན་ཅན་སེམས་སྡེ་ལ་མགོ་མཚུངས་པ་རྣམས་དང་ཤེས་བྱ་གྲུབ་མཐའི་གཞི་གཞན་རྣམས་ཀྱང་མ་རྟོགས་ལོག་རྟོག་ཕྱོགས་རྟོག་ཡང་དག་པ་ཉིད་མ་རྟོགས་པའི་ཆའི་སྐྱོན་ཅན་གཞན་ཐམས་ཅད་དང་༔ འདིར་རྡོ་རྗེ་སྙིང་པོ་ཐིག་ལེ་ཉག་གཅིག་གི་གྲུབ་མཐའ་ནི་སྐྱོན་ཐམས་ཅད་དང་བྲལ་བ་འཆད་འགྱུར་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཉིད་དོ༔ ཀློང་གསལ་ལས་ཀྱང་༔ གཞི་ལ་རྣམ་པ་གཉིས་ཡིན་ཏེ༔ ཤེས་བྱའི་གཞི་དང་གནས་ལུགས་གཞི༔ ཤེས་བྱ་འདོད་གཞུང་བསམ་ལས་འདས༔ ཞེས་སོ༔


previousལམ་ཡེ་ཤེས་ཀྱི་སྒྲོན་མ་ཟང་ཐལ་མཁའ་གསལ་འཆར་ཚུལ་ལས་ཐག་གཅིག་ཐོག་ཏུ་བཅད་པ།།next