Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  collapse section
  
  
མཚན་གྱི་དོན་བཤད་པ།
  
 
  
  
  
  
  
  
  
  
  
  
 
  
  
  
  
  
  
11   
 
  
  
 
 
  
  
  
  
  
  
  
expand section
  
17  expand section
expand section
 expand section
expand section
expand section


65 occurrences of དེའི་འོག་ཏུ་
[Clear Hits]

 
previousམཚན་གྱི་དོན་བཤད་པ།next

མཚན་གྱི་དོན་བཤད་པ།


GLG013_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་དོན་བཤད་པ། དེ་ལ་གསུམ། མཚན་གྱི་དོན། གཞུང་དོན། མཇུག་གི་དོན་ནོ། །དང་པོ་ལ། དངོས་དང་། ཞར་བྱུང་གཉིས་ལས། དང་པོ་ལ། མཚན་བསྒྱུར་བ་དང་། མཚན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ་ཞེས་པ་ནས། འགྲེལ་པ་ཞེས་པའི་བར་བྱུང་། སྦྱོར་ངག་ཏུ་དྲིལ་ན། ཤེས་བྱ་ཆོས་ཅན། རྒྱ་གར་གྱི་སྐད་དུ། བསྟན་བཅོས་འདིའི་མཚན་ལ་ཨ་བྷི་ཞེས་སོགས། བོད་ཡུལ་གྱི་སྐད་དུ་བསྒྱུར་ན། ཤེས་རབ་ཅེས་སོགས་ལ་འཇུག་པ་ཡིན་ཏེ། ཨ་བྷི་ས་མ་ཡ་མངོན་པར་རྟོགས་པ། ཨ་ལཾ་ཀ་ར་རྒྱན། ནཱ་མ་ཞེས་བྱ་བ། པྲཛྙཱ་ཤེས་རབ། པཱ་ར་མི་ཏ་ཕ་རོལ་ཏུ་ཕྱིན་པ། ཨུ་པ་དེ་ཤ་མན་ངག །ཤཱསྟྲ་བསྟན་བཅོས། བྲི་ཏི་འགྲེལ་པར་སྐད་ཤན་སྦྱོར་རིགས་པའི་ཕྱིར། དེས་ན་སློབ་དཔོན་དཎྜིས། ངག་གི་རང་བཞིན་དེ་དག་ཀྱང་། །ལེགས་སྦྱར་དེ་བཞིན་རང་བཞིན་དང་། །ཟུར་ཆག་འདྲེས་མ་ཞེས་བྱསྟེ། །རྣམ་པ་བཞི་རུ་མཁས་པས་གསུངས། །ཞེས་སྐད་རིགས་བཞིར་བཤད་པ་ལས།


GLG013_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ལེགས་པར་སྦྱར་བ་ལྷའི་སྐད་དེ། རྒྱལ་བའི་གསུང་རབ་དེའི་དགོངས་འགྲེལ་ཚད་ལྡན་ཕལ་ཆེར་ལེགས་སྦྱར་གྱི་སྐད་དུ་བརྗོད་པས་སོ། །དེའི་རྒྱུ་མཚན་གྱིས། མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས། རྒྱལ་བའི་གསུང་རབ་ཐམས་ཅད་སུཔྲ་དང་ནི། །ཏིང་གི་མཐའ་ཅན་ལེགས་སྦྱར་ལྷ་ཡི་སྐད། །བྱིངས་དང་རྣམ་འགྱུར་རྐྱེན་གྱི་རང་བཞིན་དུ། །གནས་ཕྱིར་འཕགས་ཡུལ་མཁས་རྣམས་ཚུལ་འདིར་རོལ། །ཞེས་གསུངས་པ་ལྟར་རོ། །སྤྱིར་སྒྲ་བསྒྱུར་བ་ལ། བརྒྱུད་དེ་བསྒྱུར་བ། ཡན་ལག་བསྒྱུར་བ། རྣམ་གྲངས་བསྒྱུར་བ། རང་ཐད་བསྒྱུར་བ་བཞིར། །གནས་བརྒྱད་ཆེན་པོའི་རྩ་བ་ལས་གསུངས་པའི་དང་པོ་ནི་གོ་ལུ་ཞེས་པའི་སྒྲ་ལས་བརྒྱུད་པས། འཛམ་བུའི་འབྲས་བུ་སྨིན་པ་ནི། །དྲི་མ་མེད་པའི་ཆུ་ལ་ལྷུང་། །ཉ་ཡིས་ཟ་བའི་ཆེད་དུ་ནི། །གུ་ལུ་གུ་ལུ་ཞེས་སུ་སྨྲ། །ཞེས་བསྒྱུར་བ་ལྟ་བུས་དང་། གཉིས་པ་ནི། ཨ་པྲ་ཤི་ཀ་ཞེས་པ་སོ་སོར་ཕྲལ་བས། སྙིང་དང་འདྲ་བའི་གྲོགས་པོ་འདིས། །དབེན་པའི་གནས་སུ་བདག་བཟུང་སྟེ། །རྐང་པས་མགོ་བོ་མནན་བྱས་ནས། །རལ་གྲིས་མགོ་བོ་ཉེ་བར་བཅད། །ཅེས་བསྒྱུར་བ་ལྟ་བུའོ། །གསུམ་པ་ནི། ཀཽ་ཤི་ཀ་ཞེས་པ་བརྒྱ་བྱིན། མཁས་པ། གུ་གུལ། འུག་པ། ཀུ་ཤ་ཐོགས་པ། མཛོད་ལྡན་རྣམས་ལ་འཇུག་པ་སྐབས་ཐོབ་ཀྱིས་བསྒྱུར་བ་ལྟ་བུ། བཞི་པ་ནི། དེ་དག་ལས་ལོགས་སུ་བསྒྱུར་བ་རྣམས་ཡིན་པས་འཆད་ཚུལ་མཐའ་ཡས་ལ། དེ་ལྟ་ན་ཡང་རྒྱ་གར་མཁས་པའི་གཞུང་། བོད་སྐད་དུ་བསྒྱུར་བ་ལ་དགོས་པའི་གཙོ་བོ་ནི། པང་ལོ་ཆེན་པོས། རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །ཞེས་པ་ལྟར། བྱིངས་ལ་རྐྱེན་དང་། རྟགས་ལ་རྣམ་དབྱེ་སྟེར་ཚུལ་འདི་ཉིད་གཙོ་བོ་ཡིན་ཀྱང་། སྐབས་


GLG013_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱིངས་སྒྲུབ་སོགས་ཀྱི་སྤྲོས་པ་བྱས་ཚེ། ཕྱོགས་འདི་ལ་བརྡ་མ་བྱང་བ་རྣམས་ཀྱིས་དོན་ལྟ་ཞོག །ཚིག་ཙམ་ཡང་ཚུལ་བཞིན་དུ་བརྗོད་པར་དཀའ་བས་མི་འཆད་ལ། སྐད་ཤན་སྦྱར་ཙམ་ནི་གོང་དུ་སྦྱོང་ངག་གི་སྐབས་སུ་སྨོས་ཟིན་ཏོ། །དེ་ཡང་ལོ་ཙཱ་བས་རྒྱ་སྐད་སྨོས་པའི་རྒྱུ་མཚན། རྒྱ་གར་གྱི་ཡུལ་དེ་དུས་གསུམ་གྱི་སངས་རྒྱས་རྣམས་བལྟམས་པ་དང་། འཚང་རྒྱ་ཚུལ་བསྟན། ཆོས་གསུངས་ཤིང་མྱ་ངན་ལས་འདས་པའི་མཛད་པ་རྣམས་བསྟན་ཅིང་། སྟོན་པར་འགྱུར་བའི་ཡོན་ཏན་ཁྱད་འཕགས་དང་ལྡན་པ། དམ་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་ན། ཁུངས་བཙུན་པའི་ཆེད་དུ་ཡིན་ལ། འགའ་ཞིག་རྒྱ་གར་ཞེས་པ་ལ་སྒྲ་བཤད་པར་བྱེད་ནའང་། འདི་ནི་འདོད་རྒྱལ་བར་མཁས་པ་ཚད་ཐུབ་ཕལ་ཆེར་བཞེད་ཅིང་། བློ་ཆུང་ལ་ལ་དག །སྒྲ་བཤད་དུ་མེད་ན་དོན་རྟོགས་མི་ནུས་སྙམ་པ་ནི་བློ་ཤིན་ཏུ་དམན་ཏེ། རྣམ་འགྲེལ་ལས། གྲགས་པ་བརྡ་ཡི་རྗེས་འགྲོ་ཅན། །དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། ཐ་སྙད་དོན་དུ་བྱས་པ་སྟེ། སྡེབ་སྦྱོར་མིང་དང་སྒྲ་ཆ་བཞིན། ཞེས་པའི་ཚིག་ཙམ་ཡང་རྣ་བར་མ་ཐོས་པའི་སྐྱོན་ནོ། །མཁས་རློམ་ཁ་ཅིག་གིས་རྒྱ་གར་གྱི་ཡུལ་དབུས་མ་ག་དྷ་ཞེས་པ་མང་པོས་བཀུར་བའི་རྒྱལ་པོའི་མཾ་གྷས་བཟུང་བའི་ཡུལ་ཡིན་པས་དེ་ལྟར་གྲགས་ཞེས་སྨྲ་བ་ནི། མ་དྷྱ་ག་ཏ་དྷ་ར་ལ་ཙནྡྲ་པའི་དགོངས་པ་ལྟར། པྲྀ་ཥོ་དྷ་རའི་བསྡུ་བ་བྱས་པ། བོད་སྐད་དུ་དབུས་འགྱུར་འཆང་ཡིན་པ་སོགས་མ་ཐོས་པའི་གཏམ་ཡིན་ཞིང་། འདི་འདྲའི་རིགས་ཀྱི་བརྗོད་བྱ། བཀའ་བརྒྱུད་པ་རྣམས་ཀྱིས་ནཱ་རོ་པའི་སྒྲ་བཤད་བྱེད་པ་ལྟ་བུའི་བླུན་གཏམ་ལ་བོད་ཡུལ་འདིར་ཟད་པ་མེད་པའི་ཕྱིར་དགག་གཞག་གི་སྤྲོས་པ་བསྐྱུངས་


GLG013_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དཀྱུས་ལ་འཇུག་པར་བྱེད་དོ། །གཉིས་པ་ནི། གདུལ་བྱའི་ཤེས་རྒྱུད་ཉོན་མོངས་པ་ལས་འཆོས་ཤིང་། ངན་འགྲོ་དང་སྲིད་པའི་འཇིགས་པ་ལས་སྐྱོབ་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཆོས་ཅན། ཁྱོད་ལ་མན་ངག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལམ་དང་འབྲས་བུ་ཤེར་ཕྱིན་བརྗོད་བྱར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་རྟོགས་བྱེད་ཀྱི་ཐབས་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། རྒྱན་གྱི་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་པོ་ཆོས་ཅན། ཁྱོད་ལ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུ་མཚན་ཡོད་དེ། རང་ཡུལ་མངོན་སུམ་དུ་རྟོགས་པའམ། དེ་ལ་མངོན་དུ་ཕྱོགས་པས་དེ་ལྟར་བརྗོད་པའི་ཕྱིར། བསྟན་བཅོས་འདི་ཆོས་ཅན། ཁྱོད་ལ་རྒྱན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཛེས་མ་རྒྱན་བཟང་གིས་སྤྲས་པ་མེ་ལོང་དུ་ཤར་བ་མཐོང་བ་ན་ཆགས་ལྡན་དགའ་བ་ལྟར། ཡུམ་ལ་དངོས་པོ་བརྒྱད་དོན་བདུན་ཅུས་སྤྲས་པ་བསྟན་བཅོས་འདིར་གསལ་བར་མཐོང་ཚེ་མཁས་པ་རྣམས་དགའ་བའི་ཕྱིར། ཤེས་བྱ་ཆོས་ཅན། འདི་ལ་ཅེས་བྱ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྒྱན་གྱི་མིང་དོན་དེ་ལྟར་དུ་སྒྲོགས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། འགྲེལ་པ་དོན་གསལ་ཆོས་ཅན། ཁྱོད་ལ་འགྲེལ་པ་ཞེས་བྱ་བའི་རྒྱུ་མཚན་ཡོད་དེ། རྒྱན་གྱི་དོན་ལེགས་པར་འགྲེལ་བས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ལ། བམ་གྲངས་དང་། འགྱུར་ཕྱག་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། བམ་པོ་དང་པོ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། བསྟན་བཅོས་འདི་ལ་ཤོ་ལོ་ཀ་སུམ་བརྒྱ་རེ་ལ་བམ་པོར་བྱས་པའི་བམ་པོ་ལྔ་ཡོད་པའི་དང་པོ་འདི་ནས་འཛིན་པས་དེ་ལྟར་དུ་བརྗོད་པའི་ཕྱིར། གཉིས་པ་ནི། བསྟན་པ་སྔ་དར་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཕྱི་དར་གྱི་ལོ་ཙཱ་བ་བློ་
ལྡན་ཤེས་རབ་གཉིས་ཆོས་ཅན། ཁྱོད་ཀྱིས་འདི་བསྒྱུར་བའི་ཐོག་མར་གུས་པའི་ཚུལ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་ལ་དགོས་པ་ཡོད་དེ། གནས་སྐབས་འགྱུར་གྱི་བར་ཆད་ཞི་ཞིང་། མཐར་ཐུག་བྱང་གྲོལ་འཐོབ་པའི་ཆེད་ཡིན་པའི་ཕྱིར།


previousམཚན་གྱི་དོན་བཤད་པ།next