Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་བཞི་པ།


   
   
   
  collapse section
ལེགས་བཤད་དཔལ་གྱི་དུམ་བུ་ལས་འཕྲོས་པའི་གཏམ་དཔག་བསམ་ལྗོན་འབྲས།
   
   
   
   
   
   
   
   
   
   
   
   


 
previousལེགས་བཤད་དཔལ་གྱི་དུམ་བུ་ལས་འཕྲོས་པའི་གཏམ་དཔག་བསམ་ལྗོན་འབྲས།no next

ལེགས་བཤད་དཔལ་གྱི་དུམ་བུ་ལས་འཕྲོས་པའི་གཏམ་དཔག་བསམ་ལྗོན་འབྲས།

ཡལ་འདབ་དང་པོ་ནས་བཅུ་པ་བར།


GTN004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་དཔལ་གྱི་དུམ་བུ་ལས་འཕྲོས་པའི་གཏམ་དཔག་བསམ་ལྗོན་འབྲས་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་མུ་ན་ཡེ། རྒྱལ་བ་མཆོག་གི་ཡོན་ཏན་རྒྱ་མཚོ་ལ། །རྟག་པར་རབ་གོམས་མཁས་དབང་ལྷག་མ་ཅན། །དགེ་བའི་དབང་པོས་བརྗོད་དོན་རབ་ཕྱེས་པའི། །གཏམ་རྒྱུད་སྨྲ་ལ་དྲན་པ་ཉེ་བར་བཞག །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སྐྱབས་གནས་མཐར་ཐུག་ཏུ་འོས་པ་ནི་སྟོན་པ་སངས་རྒྱས་ཏེ། བསྔགས་འོས་བསྔགས་བསྟོད་ལས། སྟོན་པ་ཐུགས་རྗེ་ཆེ་མངའ་བ། །བརྩེ་བར་ལྡན་ཞིང་ཐུགས་བརྩེར་མཛད། །དེར་བརྩོན་ལེ་ལོ་མི་མངའ་བ། །ཁྱོད་དང་འདྲ་བ་གཞན་སུ་མཆིས། །ཁྱོད་ནི་སེམས་ཅན་ཀུན་གྱི་མགོན། །


GTN004_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ཡི་རྩ་ལག་བཟང་པོ་ཞེས། །ཞེས་སོ། །དེས་ན་རྒྱལ་བ་མཆོག་གི་རྗེས་སུ་སློབ་པ་རྣམས་ཀྱིས་དེའི་རྣམ་པར་ཐར་པ་ལ་ཐོས་བསམ་བྱེད་པ་དང་གཞན་ལ་སྒྲོགས་པ་སོགས་ནི་དོན་དང་བཅས་ཤིང་ཤིན་ཏུ་འོས་པ་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་གསུངས་པས་འདིར་སྙན་དངགས་དཔག་བསམ་འཁྲི་ཤིང་གི་གཞུང་དོན་མདོར་བསྟན་ལེགས་བཤད་དཔལ་གྱི་དུམ་བུའི་གཏམ་རྒྱུད་གོ་དཀའ་བ་རྣམས་ཅུང་ཟད་སྤྲོས་པར་བྱ་བ་ནི་སྐབས་སུ་བབས་པ་འདི་ཉིད་དོ། །༈ ཡལ་འདབ་དང་པོ་ནི། འདུལ་བ་༼ཁ༽ལུང་ལས། སངས་རྒྱས་འདོད་ཆགས་བྲལ་ཐོས་ཤིང་། །གླང་པོ་དྲེགས་པའི་ཤས་ཆེན་དང་། །འཇིག་རྟེན་སྡུག་བསྔལ་གྱུར་མཐོང་ནས། །


GTN004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ནི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་འབྱུང་བའི་དོན་ཏེ། ལུང་སྨན་གྱི་གཞི་ལས། སྟོན་པ་ལ་རྒྱལ་པོ་གསལ་རྒྱལ་གྱིས། སྟོན་པས་ཐོག་མར་གང་དུ་སེམས་བསྐྱེད་ལགས་ཞུས་པས། བཀའ་སྩལ་པ། སྔོན་རྒྱལ་པོ་འོད་ལྡན་ཞེས་བྱ་བའི་ཡུལ་དུ་གླང་པོ་རིན་པོ་ཆེ་མེ་ཏོག་ཀུ་མུ་དའི་མདོག་ལྟར་དཀར་བ་ཡན་ལག་བདུན་ཤིན་ཏུ་གནས་པ་ཞིག་བྱུང་བ། དེ་རྒྱལ་པོ་འོད་ལྡན་གྱིས་མཐོང་ནས་གླང་པོ་འདུལ་མཁན་ལ། འདི་དུལ་བར་གྱིས་ལ་ང་ལ་ཕུལ་ཞིག་གསུངས་སོ། །དེར་གླང་པོ་འདུལ་མཁན་གྱིས་དུལ་བར་བྱས་ནས་རྒྱལ་པོ་ལ་ཕུལ་བ་དང་། རྒྱལ་པོས་གླང་པོ་ལ་ཞོན་འདུལ་མཁན་ཡང་གོང་དུ་ཞོན་ཏེ་རི་དྭགས་གཤོར་དུ་སོང་བ་ན་གླང་པོ་དེས་གླང་མོའི་དྲི་ཚོར་བའི་རྗེས་སུ་རྒྱུགས་ནས་རླུང་ལྟར་ཁྱེར་བ་དང་། རྒྱལ་པོས་འདུལ་མཁན་ལ་ནམ་མཁའ་འགུལ་བ་འདྲ་ཞིང་ཕྱོགས་ཀུན་མྱུལ་དུ་འགྲོ་བ་འདྲ་བ་འདི་ཟློགས་ཤིག །དེས་ཟློག་མ་ནུས་ཏེ་རྒྱལ་པོ་ལ་འདི་མི་ཐུལ་གྱིས་ཤིང་གི་ཡལ་ག་ལ་འཇུས་མཛོད་སྨྲས་པས། རྒྱལ་པོས་དེ་ལྟར་བྱས་ཏེ་སྲོག་གི་འཇིགས་པ་ལས་ཐར་རོ། །དེ་ནས་རྒྱལ་པོས་གླང་རྫི་ལ་ཁྱོད་ཀྱིས་གླང་པོ་མ་ཐུལ་བ་ང་ལ་ཕུལ་གསུངས། དེས་ལྷ་བདག་གིས་ཤིན་ཏུ་ཐུལ་ཡང་བ་གླང་མོའི་དྲི་ཚོར་ནས་ཉན་ཏུ་མ་བཏུབ་བོ། །འོན་ཀྱང་དཔྱད་དྲན་ཏེ་ལོག་མཆིའོ་ཞུས་སོ། །དེ་ནས་ཞག་བདུན་ལོན་པ་དང་གླང་པོ་མྱོས་པ་དང་བྲལ་ཞིང་དཔྱད་དྲན་ཏེ་རང་ཡུལ་དུ་ལོག་པས་འདུལ་མཁན་གྱིས་རྒྱལ་པོ་ལ་གླང་པོ་མཆིས་ལགས་སོ། །རྒྱལ་པོས་སྨྲས་པ་ཁྱོད་ཀྱིས་འདི་མ་ཐུལ་ལོ། །ལྷ་ཐུལ་ལོ། །ཅིས་མངོན། ཉིད་ཀྱི་སྤྱན་སྔར་བབ་


GTN004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱིའོ་ཞེས་གསོལ་ནས་ལྕགས་ཀྱི་ཐུ་ལུམ་མེས་བསྲེགས་ཏེ་དཔྱད་ཀྱི་སར་ཁྱེར་ནས་བྱིན་པས། བག་ཚ་བ་མེད་པར་ལེན་ནོ། །གླང་རྫིས་གསོལ་པ། ལྷ་ལེན་དུ་ནི་བཏུབ་ཀྱང་འགུམ་པར་འགྱུར་ལགས་སོ། །རྒྱལ་པོས། ཀྱེ་མཁས་པ་དེ་ལྟར་ཤིན་ཏུ་དུལ་བ་འདིས་བདག་ཅག་གཡེངས་པ་ལ་རྒྱུ་ཅི་ཡོད། གླང་རྫིས་གསོལ་པ། བདག་གིས་སྔར་སྨྲས་པ་བཞིན་ལུས་དུལ་ཀྱང་སེམས་མ་དུལ་བས་ལན་ནོ། །རྒྱལ་པོས་སེམས་འདུལ་ཤེས་པ་སུ་ཡིན་དྲིས་པས། དེའི་ཚེ་གླང་རྫི་དེ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བྱིན་རླབས་ཞུགས་པའི་ཕྱིར་དེས་སྨྲས་པ། རྒྱལ་པོ་ལུས་དང་སེམས་གཉིས་ཀ་འདུལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །རྒྱལ་པོ་ཆེན་པོ་སངས་རྒྱས་མཐུ་བོ་ཆེ། །ཉོན་མོངས་སྤངས་པ་དཔའ་བོ་སྟོབས་ལྡན་པ། །དེ་དང་གང་ཟག་དེ་འདྲར་རྗེས་འབྲང་བ། །དེ་དབང་འདིར་ནི་གཟུགས་མེད་སེམས་འགྱུར་རོ། །ཞེས་སོགས་སངས་རྒྱས་ཀྱི་ཡོན་ཏན་རྒྱ་ཆེར་བསྒྲགས་པས། རྒྱལ་པོས་བཅོམ་ལྡན་འདས་རྣམས་ཀྱི་བརྩོན་འགྲུས་དང་སྟོབས་ཐོས་ནས་ཤིན་ཏུ་དད་དེ། སྦྱིན་པ་ནི་བྱིན། བསོད་ནམས་ནི་བསགས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་སུ། །འགྲོ་བར་རང་བྱུང་སངས་རྒྱས་གྱུར་ནས་ནི། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བ། །སྐྱེ་བོའི་ཚོགས་རྣམས་བདག་གིས་བསྒྲལ་བར་བྱ། །བདག་གིས་སྐྱེ་དགུ་ལེགས་བསྐྱངས་ལས་བྱུང་བའམ། །བཏང་བ་ལས་བྱུང་བསོད་ནམས་ཡོད་པ་གང་། །དེས་ནི་སངས་རྒྱས་ཉིད་འཐོབ་འཇིག་རྟེན་དག །


GTN004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་རིམས་ནད་ལས་ནི་ཐར་བར་བྱ། །ཞེས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་གསུངས་སོ། །༈ ཡལ་འདབ་གཉིས་པ་ནི། མདོ་སྡེ་༼ཨ༽ལས། བགོ་བཤའ་དག་གི་རྣམ་པར་སྨིན། །ཇི་ལྟར་དོན་ཆེན་གྱུར་པ་དེ། །དྲང་སྲོང་ཆེ་རྣམས་གསུངས་པ་བཞིན། །ཞེས་འབྱུང་བའི་དོན་བསྡུས་ཏེ་བརྗོད་ན། སྔོན་བྱུང་བ་འདས་པའི་དུས་སུ་རྒྱལ་པོའི་ཕོ་བྲང་ཨ་རིཥྚིར་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་བ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཞིག་བྱུང་། དེ་ལ་བཙུན་མོ་རྒྱལ་བའི་འོད་དང་བློན་པོ་སྟོང་ཕྲག་བཅུ་གཉིས་ཡོད། བློན་པོའི་མཆོག་གི་ནི་བློ་གྲོས་ཆེན་པོ་ཡིན། ཕོ་བྲང་གི་སྒོ་བཞི་ནས་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང་འགྲོ་བའི་དབུལ་བ་བསལ་ཏེ་འབངས་ཚེ་འཕོས་པ་རྣམས་ཀྱང་དེའི་མཐུས་ལྷའི་ཡུལ་དུ་སྐྱེས་ཏེ། ལྷ་རྣམས་འཕེལ་ཞིང་། ལྷ་མ་ཡིན་རྣམས་འགྲིབ་བོ། །རྒྱུ་དེའི་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཐོང་ནས་ལྷའི་ཚོགས་ལ་དེ་ཡི་བསྔགས་པར་བརྗོད་དོ། །ནམ་ཞིག་གི་ཚེ་བཙུན་མོ་དམ་པའི་རྨི་ལམ་ན། སྟན་བཟང་པོ་ལས་བབ་ཅིང་སླར་འདུག་པ་དང་། རང་གི་མིག་ཕྱུང་བ་སླར་ཐོབ་པ་དང་། དཔུང་པ་གཡས་པ་བཅད་པ་ཚུར་སྐྱེས་པ། མི་མ་ཡིན་པས་རྒྱལ་པོའི་དཔུང་པ་གཡོན་པ་བཅད་དེ་སླར་སྐྱེ་བ་སོགས་ལྟས་ངན་པ་རྨིས་པས་འཇིགས་ཤིང་སྐྲག་སྟེ་རྒྱལ་


GTN004_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་རྒྱུ་མཚན་ཞུས་པས། མཁྱེན་བཞིན་དུ་བཙུན་མོར་གནོད་པ་མི་འབྱུང་བར་སེམས་གསོ་གནང་། དེ་བཞིན་བློན་པོ་མཆོག་གི་རྨི་ལྟས་ཀྱང་ཤིན་ཏུ་འཁྲུགས་ཤིང་སྡུག་བསྔལ་བར་གྱུར་ནས་མཚན་མཁན་ལ་དྲིས་པས་ཀྱང་རྒྱལ་པོའི་སྐུ་ལུས་སློང་མཁན་འོང་བར་ལུང་བསྟན། བློན་པོ་སྟོང་ཕྲག་བཅུ་གཉིས་པོར་རྨི་ལྟས་ངན་པ་ལྔ་སྟེ། བྱ་ཁྲས་རྒྱལ་པོའི་གདུགས་དང་ཅོད་པན་ཕྲོགས་ནས་སླར་བྱིན་པ། སྐྱེ་བོ་ཐམས་ཅད་ཀྱི་མགོ་བཅད་པ་སླར་བྱུང་བ། མིག་ཐམས་ཅད་བྲུས་པ་སླར་སོས་པ། རྐང་ལག་བཅད་པ་སླར་སྐྱེས་པ། རྒྱལ་པོ་སེངྒེའི་ཁྲི་ལས་བབས་ནས་སླར་འཛེགས་པར་བརྩོན་པ་སོགས་རྨིས་པས་དེ་དག་ཀྱང་འགྱོད་པ་ཆེ་བར་སྐྱེས་སོ། །འཛམ་བུའི་གླིང་གི་མི་ཐམས་ཅད་རྒྱལ་པོའི་སྐུ་ལུས་སློང་བ་འོང་བར་ཤེས་ནས་མྱ་ངན་གྱིས་ངུ་བའི་སྒྲ་གསན་ཀྱང་། རྒྱལ་པོ་ནི་ཐུགས་སྟོབས་ལྷག་པར་རྒྱས་ནས་དགའ་ཞིང་སྤྲོ་བ་བཅས་ཏེ་དངོས་པོ་ཐམས་ཅད་བདེན་པར་མ་གྲུབ་པར་སྒྱུ་མ་ལྟ་བུའི་གཏམ་གྱིས་མངའ་འོག་གི་དབུགས་ཕྱུང་ངོ་། །དེའི་ཚེ་རྒྱལ་པོའི་ཕོ་བྲང་གི་བྱང་ཕྱོགས་སུ་རི་བོ་གཅིག་ན་དྲང་སྲོང་ལྔ་བརྒྱ་ཙམ་གནས་པ་ལས་གཅིག་རྒྱལ་པོའི་ཕོ་བྲང་དུ་འོང་བས། བཙུན་མོ་རྒྱལ་བའི་འོད་མཐོང་མ་ཐག །སྐྱེ་བ་སྔ་མར་རང་གི་ཆུང་མར་གྱུར་པའི་རྒྱུས་དེ་འདོད་ཆགས་སྐྱེས་ནས་ཡིད་འཁྲེང་བཞིན་དུ་རང་གི་བསྟི་གནས་སུ་སོང་ངོ་། །རེ་ཞིག་ན་དེའི་སློབ་མ་བྲམ་ཟེའི་ཁྱེའུ་ཞིག་རིག་བྱེད་འདོན་པ་རྫོགས་པས། མཁན་པོ་ལ་དགོས་པ་བསྒྲུབ་པར་ཞུས་པས་རྒྱལ་པོ་དཔལ་གྱི་སྡེའི་ཆུང་མ་སློང་ནས་འབུལ་བར་གདམས་པ།


GTN004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་ཁྱེའུ་དེ་རྒྱལ་པོའི་ཉེ་བར་སོང་ནས་བཙུན་མོ་གནང་བར་ཞུས་པ་ན། རྒྱལ་པོ་དགྱེས་བཞིན་དུ་གནང་བ་ཁྲིད་དེ་རང་གི་མཁན་པོར་ཕུལ། རྒྱལ་པོས་བཙུན་མོ་བྱིན་པའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་པ་དེས་ལྷའི་དབང་པོ་བརྒྱ་བྱིན་གྱི་གནས་གཡོས་ལྷ་རྣམས་ཀྱི་ཤེས་པ་འོག་ཏུ་འཇུག་པས་རྒྱུ་མཚན་དེ་ལྟར་མཐོང་ནས་བྱང་ཆུབ་སེམས་དཔའི་སྙིང་སྟོབས་བརྟན་ཕྱིར་རང་ཉིད་དང་། ལྷ་ཡི་བུ་བཞིར་བཅས་རྒྱལ་པོའི་ཡུལ་གྱི་ཉེ་བར་ནགས་ཚལ་དུ་ཞུགས་ནས། བརྒྱ་བྱིན་ཉིད་བྲམ་ཟེ་རྒན་པོའི་ལུས་ཕྱེད་ཁོག་སྨད་མན་ཆད་སྟག་གིས་ཟོས་ཤིང་ལུས་ལས་ཁྲག་རྣག་འཛག་པས་ཤིན་ཏུ་ཡ་ང་ཞིང་ན་ཚ་མི་བཟོད་པའི་སྡུག་བསྔལ་ཅན་ཞིག་ཏུ་བརྫུས་ཏེ་ཁྲི་ལ་བསྡད་པ། ལྷའི་བུ་བཞི་བྲམ་ཟེ་དེའི་བུ་བཞིར་བརྫུས་ཤིང་ཕ་རྒན་འཆིར་དོགས་པའི་མྱ་ངན་དང་བཅས་པའི་ཚུལ་གྱིས་བཏེགས་ནས་རྒྱལ་པོའི་སྒོར་ལུས་སྨད་སློང་བར་ཆས་པ། དེའི་ཁྲག་གི་དྲི་ང་བས་སྟེང་ནས་ཁྭ་དང་། ཆུ་སྐྱར་དང་། བྱ་རྒོད་རྣམས་རྗེས་སུ་འབྲང་། འོག་ནས་ཁྱི་དང་ཝ་རྣམས་ཀྱང་རྗེས་སུ་འབྲང་ངོ་། །དེར་རྒྱལ་པོ་ལ་བྲམ་ཟེ་དབུལ་བོ་སློང་དུ་འོང་བར་ལམ་བར་དུ་སྟག་གིས་ལུས་སྨད་ཟོས་པས་སྡུག་བསྔལ་བ་ན་ནམ་མཁའ་ནས་ལྷ་མོ་ཞིག་གིས་རྒྱལ་པོ་དཔལ་གྱི་སྡེའི་སྐུ་སྨད་སློང་ནས་ལུས་སྟོད་ལ་སྦྱར་ན་སོས་པར་འགྱུར་བར་ལུང་བསྟན་ཚུལ་བཅས། རྒྱལ་པོར་སྐུ་སྨད་སློང་བ་ན་དགའ་སྤྲོའི་སེམས་ཀྱིས་གནང་སྟེ། རྒྱལ་པོ་རང་ཁ་སྦུབས་སུ་ཉལ་ནས་མི་གཉིས་ལ་སྙེད་པར་སོག་ལེས་དྲ་འཇུག་སྟེ་བྲམ་ཟེའི་ལུས་སྨད་ལ་སྦྱར་


GTN004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྔར་མཁོས་ལྟར་སོས་པས་རྒྱལ་པོའི་ཐུགས་དགོངས་དྭངས་ཤིང་སྤྲོ་བར་གྱུར་ཏེ་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ལུས་ལ་སྟོབས་བསྐྱེད་པ་དང་། འཚོ་བའི་སྨན་གྱིས་གསོས་ཤིང་། སྔར་གྱི་ཆ་བྱད་མི་སྣང་བར་རང་གི་ལུས་སུ་བསྟན་ཏེ་ལེགས་སོ་བརྗོད་དེ་ལུས་གཏོང་བ་ལ་འགྱོད་པའི་སེམས་མ་སྐྱེས་པའི་བདེན་ཚིག་རྒྱལ་པོ་ཉིད་ཀྱིས་བརྗོད་པས་སྐུ་ལུས་སྔ་མ་བཞིན་དུ་གྱུར་པའོ། །སྐབས་འདིར་ལྟས་དེ་དག་ཀྱང་མཐོང་ཞིང་ལྷས་ཀྱང་བསྐུལ་བས་དྲང་སྲོང་འཁོར་བཅས་ཀྱིས་བཙུན་མོ་རྒྱལ་བའི་འོད་རྒྱལ་པོ་ལ་ཚུར་ཕུལ་ནས་གཞན་གྱི་སློང་བ་ལ་མི་རྩོལ་བར་ནན་གྱིས་ཞུས་སོ། །༈ ཡལ་འདབ་གསུམ་པ་ནི། དཔག་བསམ་ལྗོན་ཤིང་ལས་འབྱུང་བ་ལྟར་ན། ཐུབ་པ་འདི་ཡུལ་ཤ་ཀེ་ཏ་བྱ་བར་རྒྱལ་པོ་གསེར་གྱི་གཙུག་ཏོར་དང་། བཙུན་མོ་མཛེས་ལྡན་དགའ་བྱེད་མའི་སྲས་སུ་འཁྲུངས་སོ། །འདིའི་དབུ་ལ་ནོར་བུ་རིན་པོ་ཆེའི་གཙུག་ཏོར་ཡོད་པ་ལས་བདུད་རྩི་འབབ་ཅིང་དེ་ལྕགས་ལ་རེག་པས་ལྕགས་རྣམས་གསེར་དུ་བསྒྱུར་བར་ནུས་པ་ཞིག་རང་ཆས་སུ་བྱུང་བས་དེའི་མཚན་ཡང་གཙུག་ན་ནོར་བུ་ཞེས་བྱ་བར་བཏགས་སོ། །འདི་འཁྲུངས་དུས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཡང་བབས་སོ། །དེ་ལ་གླང་པོ་བཟང་པོའི་རི་བྱ་བ་གླང་པོའི་མཆོག་ཅིག་ཀྱང་ཡོད་དོ། །རྒྱལ་པོ་དེས་


GTN004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་ནས་རྟག་ཏུ་སྦྱིན་པ་རྒྱ་ཆེན་བྱས་པས་ཕོངས་པ་དང་སློང་བ་རྒྱུན་ཆད་པར་བྱས་སོ། །དྲང་སྲོང་འབྲི་ཁུ་བྱ་བ་ལ་པདྨ་ལས་བརྫུས་ཏེ་སྐྱེས་པའི་བུ་མོ་མཚན་ལྡན་ཞིག་ཡོད་པ་དེ་རྒྱལ་པོ་ལ་བཙུན་མོར་ཕུལ་ལོ། །དེ་ལ་སྲས་པདྨའི་གཙུག་ཏོར་བྱ་བ་རྒྱལ་པོ་ཉིད་དང་མཚུངས་པར་ཞིག་ཀྱང་བཙས་སོ། །དེ་ནས་རྒྱལ་པོས་མཆོད་སྦྱིན་རྒྱ་ཆེན་པོ་བྱེད་པར་འདོད་ནས་དྲང་སྲོང་འབྲི་ཁུ་དང་། རྒྱལ་པོ་བཟོད་དཀའ་སོགས་སྐྱེ་བོ་མང་པོ་བསྡུས། དེའི་ཚེ་བརྒྱ་བྱིན་གྱིས་རྒྱལ་པོའི་བསམ་པ་བརྟག་ཕྱིར་སྲིན་པོར་སྤྲུལ་ནས་སྦྱིན་སྲེག་གི་མེ་ནང་ནས་འཐོན་ཏེ། རྒྱལ་པོའི་དྲུང་དུ་འོངས་ནས་བཟའ་བཏུང་བསླངས་སོ། །རྒྱལ་པོས་བཟའ་བཏུང་སྣ་ཚོགས་བྱིན་ཀྱང་ཟར་མ་འདོད། ཅུང་ཟད་བགད་ནས་ང་ལ་བསད་མ་ཐག་པའི་ཤ་ཁྲག་དྲོན་མོ་དགོས་ཞེས་སྨྲས་པས། རྒྱལ་པོ་ཅུང་ཟད་མྱ་ངན་དུ་གྱུར་ཏེ་འཚེ་བ་མི་བྱེད་པས་དེ་འདྲ་མི་རྙེད་ཅིང་། བདག་གི་སྲོག་བཅད་ཀྱང་འཚེ་བར་མི་ནུས་ལ་མ་བྱིན་ན་འདིའང་རེ་ཐག་ཆད་པས་ཇི་ལྟར་བྱ་དགོངས་པས། ད་ནི་རང་གི་ཤ་ཁྲག་སྦྱིན་པའི་དུས་ལ་བབ་བོ་སྙམ་སྟེ། ང་རང་གི་ཤ་ཁྲག་སྦྱིན་གྱི་གསུངས་པས་འཁོར་རྣམས་སྡུག་བསྔལ་ཏེ་ཐམས་ཅད་ཀྱིས་བཟློགས་ཀྱང་མ་བཟློག་པར་རང་གི་རྩེའུ་ཆུང་གཏར་ནས་ཁྲག་འཐུང་དུ་བཅུག་པས་དེས་ཀྱང་མགྲིན་པར་ཐུག་གི་བར་དུ་འཐུངས་སོ། །ཡང་རང་གི་ཤ་བཅད་ཅིང་བྱིན་པས་དེས་ཀྱང་རུས་པ་ལ་ཐུག་གི་བར་དུ་ཟོས་པས་འཁོར་ཐམས་ཅད་མྱ་ངན་གྱིས་ནོན་ཞིང་། ཁྱད་པར་བཙུན་མོ་བརྒྱལ་ནས་ས་ལ་འགྱེལ་ལོ། །ད་དུང་རྒྱལ་པོའི་


GTN004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་མ་ཉམས་པར་འདུག་པས་བརྒྱ་བྱིན་ཤིན་ཏུ་ཡི་རང་སྟེ། བདག་ནི་བརྒྱ་བྱིན་ལགས་པས་ཤ་ཁྲག་མི་འཚལ་གྱི་སྦྱིན་པའི་འཕྲོ་གཅད་དུ་གསོལ། །ཞེས་སྨྲས་ནས་ལྷའི་བདུད་རྩི་བླངས་ཏེ་རྒྱལ་པོའི་རྨ་ལ་བཏབ་པས་རྒྱལ་པོའང་སྔ་མ་ཁོ་ན་བཞིན་དུ་གྱུར་ཏོ། །དེ་ནས་རྒྱལ་པོས་གླང་པོ་བཟང་པོའི་རི་མདུན་ན་འདོན་ཚངས་པའི་ཤིང་རྟ་ལ་ཕུལ་ལོ། །དེའི་ཚེ་དྲང་སྲོང་མ་རུ་རྩེའི་སློབ་མ་བསམ་གཏན་ཐོབ་པ་ཞིག་བྱུང་བ་ལ་བཀུར་སྟི་ཆེན་པོ་བྱས་ནས་ཁྱེད་ཅི་བཞེད་དྲིས་པས། ངའི་སློབ་དཔོན་ལ་རིག་བྱེད་བསླབ་པའི་ཡོན་དུ་སློབ་དཔོན་རྒས་ཤིང་གཡོག་གིས་ཕོངས་པས། གཡོག་ཅིག་དབུལ་བར་འདོད་ནས་ཁྱེད་ཀྱི་བཙུན་མོ་དང་སྲས་སློང་དུ་མཆིས་སོ་བྱས་པས་རྒྱལ་པོས་ཀྱང་གནང་ངོ་། །དེས་ཀྱང་ཁྱེར་ནས་སློབ་དཔོན་ལ་ཕུལ། རྒྱལ་པོ་བཟོད་དཀའང་གླང་པོ་ལ་ཆགས་ནས་རང་གི་ཡུལ་དུ་ལོག་སྟེ། གླང་པོ་ངེད་ལ་སྦྱིན་དགོས་ཟེར་བའི་འཕྲིན་བཏང་པས་གླང་པོ་བྲམ་ཟེ་ལ་བྱིན་ཚར་བྱས་ཀྱང་མ་ཉན་པར་གླང་པོ་མི་སྟེར་ན་དམག་བྱེད་དོ་ཟེར་ནས། དམག་ཁྱེར་བྱུང་བས་རྒྱལ་པོ་གཙུག་ན་ཤིན་ཏུ་ཡིད་འབྱུང་བར་གྱུར་ཏེ། ཀྱེ་མ་འདོད་པའི་དབང་གིས་མཛའ་བཤེས་ཀྱི་དམ་པ་ཉིད་ཀྱང་སྐད་ཅིག་གིས་དགྲ་ཡི་མཆོག་ཏུ་གྱུར་ཏོ། །བདག་གིས་གཡུལ་བཤམས་ན་བདེ་བླག་ཉིད་དུ་ཐུབ་སྟེ། སེམས་ཅན་མང་པོ་ལ་གནོད་པས་བདག་རང་འབྲོས་པར་བྱ་དགོངས་པ་དང་། རང་སངས་རྒྱས་བཞི་དྲུང་དུ་བྱོན་ནས། རྒྱལ་པོ་ཆེན་པོ་ནགས་སུ་གཤེགས་པའི་དུས་ལ་བབ་བོ་གསུངས་ནས། རྫུ་འཕྲུལ་གཞན་བརྟེན་གྱིས་ནགས་སུ་གཤེགས་སུ་


GTN004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། དེར་བློན་པོ་རྣམས་ཀྱིས་མ་རུ་རྩེའི་གམ་དུ་སྲས་སློང་བར་ཕྱིན་པས་དེས་ཀྱང་བྱིན་ནོ། །དེ་ནས་སྲས་ཀྱིས་དམག་དཔོན་བྱས་ཏེ་འཐབ་པས་བཟོད་དཀའ་ཕམ་ནས་རང་གི་གནས་སུ་བྲོས་སོ། །དེར་བཟོད་དཀའ་བསམ་སྦྱོར་ངན་པའི་དབང་གིས་ནད་དང་མུ་གེ་ཆེན་པོ་བྱུང་བ་ལ་བཟོད་དཀས་བྲམ་ཟེ་རྣམས་ལ་ཅིས་ཕན་དྲིས་པས། རྒྱལ་པོ་གཙུག་ནའི་གཙུག་ཏོར་གྱི་ནོར་བུ་དེ་ཡོད་ན་ཕན་པས་སློང་དུ་སོང་ཟེར། མི་སྟེར་བྱས་པས། དེ་ལ་བསླང་ཚད་མི་སྟེར་བར་མེད་པས་སྟེར་ངེས་ཟེར། བྲམ་ཟེ་གཅིག་སློང་དུ་བཏང་ངོ་། །དེའི་ཚེ་རྒྱལ་པོ་གཙུག་ནས་ནགས་ཚལ་གྱི་གནས་རྣམས་བལྟ་ཞིང་སོང་སོང་བས་མ་རུ་ཙེའི་གནས་དང་ཉེ་བ་ཞིག་ཏུ་ཕྱིན་ཏོ། །དེའི་ཚེ་སྔར་གྱི་བཙུན་མོ་རྩ་བ་དང་ལོ་མ་ལ་སོགས་པ་འཚོལ་བ་ལ་ནགས་སུ་རྒྱུ་བ་དང་རྔོན་པ་ཞིག་དང་ཕྲད་ནས་དེས་གཙེས་པས། རྒྱལ་པོ་གཙུག་ན་བདག་བསྐྱབ་ཏུ་གསོལ་ཅེས་སྨྲེ་སྔགས་བཏོན་པ་རྒྱལ་པོས་རྒྱང་རིང་པོ་ནས་ཚོར་ཏེ། ཅི་ཡིན་སྙམ་ནས་ལྟར་ཕྱིན་པ། རྔོན་པས་མཐོང་བས་དྲང་སྲོང་དུ་རྟོགས་ཏེ་དམོད་པས་འཇིགས་ནས་བྲོས་སོ། །རྒྱལ་པོས་བཙུན་མོ་རྒྱལ་སྲིད་ཀྱི་བདེ་བ་རྒྱ་ཆེན་པོ་ལ་ལོངས་སྤྱོད་པ་དེ་སྡུག་བསྔལ་འདི་འདྲ་མྱོང་སྙམས་ནས་ཐུགས་དབྱུང་སྟེ། ཀྱེ་མ་འདུས་བྱས་ཀྱི་ཆོས་གང་ལ་ཡང་ཡིད་བརྟན་པ་མེད་དོ་སྙམ་དུ་དགོངས་སོ། །དེའི་ཚེ་བཟོད་དཀས་བཏང་བའི་བྲམ་ཟེ་རྒྱལ་པོའི་མདུན་དུ་ཕྱིན་ཏེ་ལོ་རྒྱུས་བརྗོད། གཙུག་ཏོར་བསླངས་པས་ཁྱོད་རང་ཆོད་ལ་ཁྱེར་གསུངས། བྲམ་ཟེས་ཀྱང་གཙུག་ཏོར་


GTN004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ནས་ཁྱེར་ཕྱིན་པས། བཟོད་དཀའི་ཡུལ་གྱི་ནད་མུག་ཐམས་ཅད་རྒྱུན་ཆད་དོ། །རྒྱལ་པོ་གཙུག་ན་གཙུག་ཏོར་བཅད་པའི་ཟུག་རྔུས་རྐྱེན་བྱས། ཚ་དམྱལ་ལ་སྙིང་རྗེ་སྐྱེས་ནས་བརྒྱལ་ཏེ་ས་ལ་འགྱེལ་ལོ། །བཙུན་མོས་ཀྱང་དེ་མཐོང་ནས་བརྒྱལ་བར་གྱུར་ཏོ། །དེའི་ལྟས་བཟང་པོས་བསྐུལ་ནས་ལྷའི་ཚོགས་མང་པོ་དང་རྒྱལ་པོའི་འཁོར་རྣམས་དེར་འདུས་ཏེ། རྒྱལ་པོ་ལ་ཅི་ནོངས་ཞུས་པས། ཡར་ཙོག་གེ་བཞེངས། གདོང་གི་ཁྲག་རྣམས་ཕྱག་གིས་ཕྱིས་ནས་བཟོད་དཀའ་གཙུག་ཏོར་སློང་དུ་བྱུང་ནས་བྱིན་པ་ཡིན་གསུངས། དེ་སྦྱིན་པ་ལ་ཐུགས་འདོད་ཅི་བདོག་ཞུས་པས། བཟོད་དཀའི་ཡུལ་གྱི་ནད་མུག་སོགས་ལ་ཕན་དུ་རེ་བ་མ་གཏོགས་རང་འདོད་གཅིག་ཀྱང་མེད། འོན་ཀྱང་འདོད་པ་ཆེན་པོ་ཞིག་རྟག་ཏུ་ཡོད་གསུངས། དེ་གང་ལགས་ཞུས་པས། སེམས་ཅན་ཐམས་ཅད་བསྐྱབ་པར་འདོད་པ་ཞིག་ཡིན་གསུངས། འོ་ན་འགྱོད་པ་མེད་ལགས་སམ་ཞུས་པས། འགྱོད་པ་མེད་གསུངས། འོ་བརྒྱལ་བའི་རྣམ་འགྱུར་ལ་བལྟས་ན་ཡིད་མི་ཆེས་སོ་ཞུས་པས། ངའི་གཙུག་ཏོར་བྱིན་པ་ལ་འགྱོད་པ་མེད་ན་ང་ཡི་ལུས་སྔ་མ་བཞིན་དུ་གྱུར་ཅིག་གསུངས་པས་དེ་བཞིན་དུ་གྱུར་ཏོ། །དེར་འཁོར་རྣམས་ཀྱིས་ཕོ་བྲང་དུ་གཤེགས་པར་ཞུས་ཀྱང་མ་གནང་བ་ལ། ཡང་རང་སངས་རྒྱས་བཞི་བྱོན་ནས། དགྲ་རྣམས་ལའང་ཕན་བཏགས་ན་གཉེན་རྣམས་ཅིའི་ཕྱིར་འདོར་གཤེགས་པར་འཚལ་ལོ་གསུངས། དེར་ཕོ་བྲང་དུ་གཤེགས་ཏེ་འཁོར་རྣམས་ཕན་བདེ་ལ་བཀོད་དོ། །


GTN004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་བཞི་པ་ནི། འདུལ་བ་༼ཁ༽སྨན་གྱི་གཞིར་འབྱུང་བའི་དོན་བསྡུས་ནི། སྔོན་སྐྱེ་དགུའི་ཚེ་ལོ་དཔག་ཏུ་མེད་པ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་གསོ་སྦྱོང་འཕགས་ཞེས་བྱ་བ་བྱུང་སྟེ། དེའི་སྤྱི་བོར་ཤ་ཡི་ལྦ་བ་ཤིང་བལ་གྱི་འདབ་མ་ལྟར་འཇམ་པ་ཞིག་བྱུང་བ། དེ་སྨིན་ཅིང་རྡོལ་བ་ལས་ཁྱེའུ་ལྤགས་པ་གསེར་གྱི་མདོག་ཅན་མཚན་བཟང་པོ་སུམ་ཅུས་བརྒྱན་པ་ཞིག་སྐྱེས་པ། བཙུན་མོའི་འཁོར་བརྒྱད་ཁྲིས་མཐོང་མ་ཐག་ནུ་མ་རྣམས་ལས་འོ་མ་ཟག་པ་དང་། བུད་མེད་རེ་རེས་ཀྱང་ང་ལས་ནུ་ཞེས་སྨྲས་པས་མིང་དེར་ཆགས་ཤིང་། སྐྱེས་པའི་གནས་ལས་སྤྱི་བོར་སྐྱེས་ཀྱང་ཟེར། གཞོན་ནུའི་རྩེད་མོས་རྩེ་བའི་ཚེ་བརྒྱ་བྱིན་དྲུག་གི་ཤི་འཕོས་པ་དང་། རྒྱལ་ཚབ་ལ་གནས་པ་ནའང་དེ་བཞིན་ལྷ་དབང་དྲུག་གི་ཚེ་ཚད་རྫོགས། དེ་ཡུལ་གཞན་ཞིག་ཏུ་གནས་ཚེ་ཡབ་རྒྱལ་པོ་འདས་ནས་བློན་པོ་རྣམས་ཀྱིས་རྒྱལ་སར་མངའ་གསོལ་ཕྱིར་རང་གནས་སུ་སྤྱན་དྲངས་ཀྱང་མ་ཕེབས་པར། སྔོན་གྱི་བསོད་ནམས་ཀྱི་མཐུ་ལས་ཡུལ་དེར་རྒྱལ་པོའི་འབྱོར་པ་ཕུན་སུམ་ཚོགས་པར་རྒྱལ་སྲིད་སྣ་བདུན་དང་བཅས། གླིང་བཞིར་འཁོར་ལོས་སྒྱུར་བ་བུ་སྟོང་ཚང་བར་བྱུང་ངོ་། །ཡངས་པ་ཅན་གྱི་ཉེ་འཁོར་ནགས་ཚལ་སྟུག་པོ་ཞིག་ན། དྲང་སྲོང་མངོན་


GTN004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་ལྔ་དང་ལྡན་པ་ལྔ་བརྒྱས་བསམ་གཏན་བྱེད་པར་བྱ་གར་མང་པོས་ལྡིང་ཞིང་སྒྲ་འབྱིན་པས་བསམ་གཏན་གྱི་ཚེར་མར་གྱུར་པས། དྲང་སྲོང་བཞིན་ངན་ཞེས་བྱ་བ་སེམས་འཁྲུགས་ནས་དམོད་བོར་བས་བྱ་གར་རྣམས་གཤོག་པ་ཆད་པ་རྒྱལ་པོས་མཐོང་བས་དྲང་སྲོང་ལྔ་བརྒྱ་རྣམས་ཆད་པས་བསྐྲད་པ་རི་རབ་ཀྱི་བང་རིམ་ལ་གནས་སོ། །རྒྱལ་པོ་འདི་ལ་བློན་པོ་རྣམས་ཀྱིས་བསྐུལ་བས་མངའ་འོག་ལ་འབྲུ་སྣ་ཉེར་བདུན་དང་། གོས་ཀྱི་ཆར་ཕབ་པས་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་ན། རྒྱལ་པོས་ཡུལ་མི་རྣམས་ལ་འདི་དག་སུའི་བསོད་ནམས་ཡིན་དྲིས་པས། ལྷ་དང་བདག་ཅག་ཐུན་མོང་གི་ལགས་ཞེས་སྨྲས་པས། རྒྱལ་པོས་རང་གི་ཕོ་བྲང་ཁོ་ནར་རིན་པོ་ཆེའི་ཆར་ཕབ་པས་རྒྱལ་པོའི་བསོད་ནམས་སུ་ཡིད་ཆེས། རྒྱལ་པོ་དཔུང་གི་ཚོགས་བྱེ་བ་བརྒྱད་འབུམ་དང་ཐབས་ཅིག་རྒྱལ་སྲིད་རིན་ཆེན་བདུན་དང་བཅས་ཤར་ནུབ་བྱང་གསུམ་གྱི་ནམ་མཁར་རྫུ་འཕྲུལ་གྱིས་བྱོན་ཏེ་ལོ་བརྒྱ་སྟོང་ཕྲག་མང་པོར་གླིང་གཞན་གསུམ་ལ་ཡང་དབང་བསྒྱུར་ཏེ། གླིང་རེ་རེའི་ལོངས་སུ་སྤྱོད་པ་ནི་བརྒྱ་བྱིན་དྲུག་རེ་དྲུག་རེའི་ཡུན་ལོན་ནོ། །དེ་ནས་སུམ་ཅུ་རྩ་གསུམ་པའི་ལྷ་གནས་ལ་དབང་བསྒྱུར་བར་འདོད་དེ་གསེར་གྱི་རི་བདུན་པོ་རེ་རེར་གནས་བཅས་ཏེ་བརྒྱ་བྱིན་དྲུག་རེ་དྲུག་རེའི་ཡུན་དུ་བདེ་བར་སྤྱོད་ཅིང་སྟེང་གི་ནམ་མཁའ་ལ་འཕགས་པ་ན་རི་རབ་ཀྱི་བང་རིམ་ལ་སྔར་གྱི་དྲང་སྲོང་ལྔ་བརྒྱ་འཁོད་པ་དང་། ཆུ་ལ་གནས་པའི་ཀླུ་སོགས་ལྷ་རྣམས་


GTN004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྲུང་མ་ལྔས་བཀག་ཀྱང་བསོད་ནམས་ཀྱི་ནུས་མཐུ་མ་ཁེགས་ཏེ། རི་རབ་ཀྱི་རྩེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱོད་བཞིན་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་པ་ན་ལྷ་དང་མིའི་རྒྱལ་པོ་གཉིས་ཀྱི་ཁྱད་པར་ནི་མིག་འཛུམ་པ་ཙམ་སྟེ། དེར་བརྒྱ་བྱིན་སུམ་ཅུ་རྩ་དྲུག་ཤི་འཕོས་པའི་བར་གྱི་བདེ་སྐྱིད་ཉམས་སུ་མྱོང་ཞིང་ལྷ་མ་ཡིན་གྱི་དམག་དཔུང་བཅོམ། ནུས་མཐུའི་སྐེམས་པས་བསོད་ནམས་མ་ཡིན་པའི་སེམས་བསྐྱེད་དེ། དབང་པོ་བརྒྱ་བྱིན་གནས་འདི་ནས་ཕྱུང་ལ་བདག་ཁོ་ནས་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་དཔལ་འབྱོར་དེ་ལས་ཡོངས་སུ་ཉམས་ཏེ་འཛམ་བུའི་གླིང་དུ་ལྷུང་ནས་ནད་ཚབས་པོ་ཆེ་ཞིག་གིས་ཐེབས་ཏེ་སྡུག་བསྔལ་མི་བཟད་པ་འཆི་བ་ལ་ཐུགས་མྱོང་བ་ན། འཁོར་རྣམས་ཀྱིས་རྒྱལ་པོ་ང་ལས་ནུ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་འདས་ནས་ཡུལ་གྱི་མི་སླད་མ་དག་གིས་རྒྱལ་པོས་འདས་པའི་ཚེ་ཅི་གསུངས་ཞེས་འདྲི་ན། ལན་ཇི་ལྟར་གདབ་པར་བགྱི། རྒྱལ་པོས་གསུངས་པ། བློན་པོ་དག་གལ་ཏེ་ཁྱེད་ཅག་ལ་དེ་སྐད་ཟེར་ན་འདི་སྨྲོས་ཤིག །རྒྱལ་པོ་ང་ལས་ནུ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན། མིའི་འབྱོར་པ་བཞིས་གླིང་བཞིར་དབང་བསྒྱུར། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་ནས་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་མ་ངོམས་བཞིན་དུ་འདས་སོ་ཟེར་རོ་ཞེས་གྱིས་ཤིག་གསུངས་སོ། །རྒྱལ་པོ་ང་ལས་ནུ་དེས་ཇི་སྲིད་གཞོན་ནུ་རྩེ་བའི་སར་རྩེས་པ་དང་། རྒྱལ་ཚབ་


GTN004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། འཛམ་གླིང་སོགས་གླིང་བཞིའི་རྒྱལ་སྲིད་ཆེན་པོ་བྱས་པ། གསེར་རི་བདུན་དང་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སོང་སྟེ་གནས་པ་དེའི་བར་ལ་བརྒྱ་བྱིན་བརྒྱད་ཅུ་རྩ་བཞི་ཤི་འཕོས་པ་ལེན་ནོ། །དབང་པོ་བརྒྱ་བྱིན་གྱི་ཚེའི་ཚད་ནི་མི་རྣམས་ཀྱི་ལོ་བརྒྱ་སུམ་ཅུ་རྩ་གསུམ་པའི་ལྷ་ཡི་ཉིན་ཞག་གཅིག་གོ །ཉིན་ཞག་སུམ་ཅུ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལོ་གཅིག་ཏུ་བརྩིས་པའི་ལོ་སྟོང་ནི་སུམ་ཅུ་རྩ་གསུམ་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ཏེ། མིའི་ལོ་བྱེ་བ་ཕྲག་གསུམ་དང་དྲུག་ཁྲི་ཡོད་དོ། །འདིའི་སྐྱེ་བ་སྔ་མར་ཚོང་དཔོན་ཞིག་གྱུར་དུས། བཅོམ་ལྡན་འདས་རྣམ་པར་གཟིགས་མཇལ་བའི་ཚེ་དད་པ་ལྷག་པར་ཐོབ་ནས་སྲན་མ་སྤར་གང་གཏོར་བས་འབྲུ་མ་བཞི་ལྷུང་བཟེད་དུ་སོང་། འབྲུ་མ་གཅིག་ལྷུང་བཟེད་ཀྱི་ཁར་ཕོག་ནས་ས་ལ་ལྷུང་ངོ་། །ལྷག་མ་རྣམས་ནི་གཞན་དུ་འཐོར་རོ། །དེའི་ཚེ་སྨོན་ལམ་ཡང་རྒྱ་ཆེན་བཏབ། དེའི་རྣམ་པར་སྨིན་པས་གླིང་བཞི་དང་སུམ་ཅུ་རྩ་གསུམ་སོགས་ལ་དབང་བྱེད་པའི་བསོད་ནམས་ཚད་མེད་པར་ཐོབ་པར་གྱུར་ཏོ། །ཞེས་གསུངས་སོ། །༈ ཡལ་འདབ་ལྔ་པ་ནི། མདོ་སྡེ་ཨ་(རྒྱལ་པོ་ཟླ་འོད་ཀྱི་རྟོགས་བརྗོད།) ལས་འབྱུང་བའི་དོན་བསྡུ་ན། མཆོག་ཟུང་སྟོན་པ་དགེ་འདུན་དང་བཅས་པའི་སྔོན་དུ་མྱ་ངན་ལས་འདས་པར་འཁོར་


GTN004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ངོ་མཚར་སྐྱེས་པ་ན་སྟོན་པས་སྔོན་བྱུང་གསུངས་པ་ཡིན་ཏེ། སྔོན་བྱུང་བ་འདས་པའི་དུས་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་བཞི་སྟོང་པ་ན་བྱང་ཕྱོགས་སུ་རྒྱལ་པོའི་ཕོ་བྲང་རྡོ་བཟང་ན་རྒྱལ་པོ་ཟླ་འོད་ཅེས་ལྕགས་ཀྱི་འཁོར་ལོས་གླིང་གཅིག་ལ་དབང་བསྐུར་བ། འཛམ་བུའི་གླིང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་བྱེད་དོ། །འདིའི་ལུས་ལ་འོད་ཡོད་པས་མིང་དེ་ལྟར་ཆགས། གྲོང་ཁྱེར་དྲུག་ཁྲི་བརྒྱད་སྟོང་ཡང་འབྱོར་པ་རྒྱས་ཤིང་། རྒྱལ་པོ་བྱང་ཆུབ་སེམས་དཔའ་སྟེ་གྲོང་ཁྱེར་གྱི་སྒོ་བཞི་ནས་སྦྱིན་པ་རྒྱ་ཆེན་གཏོང་བས་མི་གཏོང་བ་ནི་མེད་དོ། །བློན་པོ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་གྱི་ནང་ནས་ཁྱད་པར་འཕགས་པ་ནི་ཟླ་བ་བཟང་པོ་དང་། ས་འཛིན་གཉིས་ཡིན་པས་སྔ་མའི་རྨི་ལམ་དུ་ཤ་ཟ་རྣམས་ཀྱིས་རྒྱལ་པོའི་ཅོད་པན་ཕྲོགས་པར་རྨིས་པས་འཇིགས་སྐྲག་རེངས་ནས་སྤུ་ཟིང་བྱེད་དེ་རྒྱལ་པོའི་དབུ་སློང་བར་འོང་བར་འགྱུར་བ་ཤེས་ནས་བསླུ་བའི་བསམ་པས་རིན་པོ་ཆེ་ལས་བྱས་པའི་མགོ་དུ་མ་མཛོད་དང་བང་བ་རྣམས་སུ་བཞག་པར་གྱུར་ཏོ། །ཡང་བློན་པོ་མཆོག་ས་འཛིན་ཀྱང་རྨི་ལྟས་ངན་པས་བྲམ་ཟེ་ལྟས་མཁན་ལ་དྲིས་པས་ལུང་དེ་ལྟར་བསྟན་ཞིང་། བློན་པོ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་རྣམས་ཀྱིས་ཀྱང་སྦྱིན་གཏོང་གི་གནས་ཁང་བཞི་རུ་གནོད་སྦྱིན་ལག་ན་ཐོད་པ་ཐོགས་པ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་རྣམས་བསྒྱེལ་བ་དང་། གསེར་གྱི་རྔ་བོ་ཆེ་འདབ་བཅག་པ་རྨིས་པས་འགྱོད་ཅིང་སྐྲག་པར་གྱུར་པ་ལ། རྒྱལ་པོས་དོན་དེ་མཁྱེན་བཞིན་དུ་མངའ་འོག་རྣམས་ལ་སྒྱུ་མ་ལྟ་བུའི་རྨི་ལམ་ལ་ངེས་པར་


GTN004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཛིན་པས་དབུགས་ཕྱུང་ངོ་། །སྐབས་དེར་རི་སྤོས་ངད་ལྡན་ན་བྲམ་ཟེ་དྲག་པོའི་མིག་ཅེས་བྱ་བ་མིག་འཕྲུལ་གྱི་བྱ་བ་ཤེས་པས་བསམ་པ་ངན་པ་སྐྱེས་ཤིང་རྒྱལ་པོ་ལ་དབུ་སློང་བར་བརྩམ་པ་ན། རི་དེར་གནས་པའི་ལྷ་མོ་ཞིག་ཀྱང་ངུ་ཞིང་། འཇིག་རྟེན་ན་མི་དགེ་བའི་ལྟས་རྣམས་ཀྱང་བྱུང་བ་ན། ཕྱོགས་དེར་གནས་པའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་སྣ་ཚོགས་བཤེས་གཉེན་གྱིས་ཡུལ་དེར་ཉེ་བར་འཚེ་བ་འབྱུང་བར་འགྱུར་རོ་ཞེས་རང་གི་འཁོར་ལྔ་བརྒྱ་ལ་སྨྲས་སོ། །གྲོང་ཁྱེར་ལ་གནས་པའི་ལྷ་མོས་རྒྱལ་པོ་ལ་དབུ་སློང་བར་འོང་བས་དེ་ལས་སྲུང་བར་བསྐུལ་ཡང་མ་གནང་བར་ལྷག་པར་ཐུགས་སྟོབས་རྒྱས་སོ། །བྲམ་ཟེ་དྲག་པོའི་མིག་ཕོ་བྲང་གི་ལྷོ་སྒོ་ནས་ཞུགས་པར་བརྩམས་པས་སྔར་གྱི་ལྷ་མོས་བཀག་པ་རྒྱལ་པོས་གསན་ནས་བློན་པོ་མཆོག་ཟླ་བ་བྲམ་ཟེ་འབོད་དུ་མངགས་པས། དེས་རིན་པོ་ཆེའི་མགོ་རྣམས་བྱིན་ནས་བྲིད་ཀྱང་བཟློག་ཏུ་མ་འདོད་དོ། །རྒྱལ་པོའི་སྤྱན་སྔར་བྲམ་ཟེ་ཕྱིན་པས་དབུ་སྦྱིན་པར་ཐག་ཆོད་པ་ན། བློན་པོ་གཉིས་ནས་བྲམ་ཟེར་བྱམས་པའི་སེམས་བསྐྱེད་པ་དང་། ལྷའི་མི་རྟག་པ་ཉིད་ལ་བལྟ་བར་མི་ནུས་སོ་སྙམ་དུ་བསམ་ནས་སྐད་ཅིག་དེ་ཉིད་ལ་དུས་བྱས་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །རྒྱལ་པོའི་ཕོ་བྲང་གི་སྒོར་སྲོག་ཆགས་བརྒྱ་སྟོང་དུ་མ་འདུས་པ་དག་མཐོང་ནས་བྲམ་ཟེས་དབེན་པར་རྒྱལ་པོ་གཤེགས་པར་བསྐུལ་བས་ཕོ་བྲང་གི་ནང་དུ་ནོར་བུ་དང་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བའི་སྐྱེད་མོའི་ཚལ་དུ་ཕེབས་ཏེ། དེའི་དབུས་ཀྱི་སྟེགས་བུ་དེའི་དབུས་སུ་ཙམ་པ་


GTN004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཤིང་གི་རྩར་བཞུགས་ནས་བྲམ་ཟེ་ལ་དབུ་ལོངས་ཤིག་གསུངས་པར་དེས་གཅོད་པར་མ་ནུས་ཤིང་། སྐྱེད་ཚལ་གྱི་ལྷ་མོས་ཀྱང་བཤོལ་བ་ན། རྒྱལ་པོ་རང་གིས་སྨོན་ལམ་དང་བཅས་རང་གི་གཙུག་ཕུད་ཙམ་པ་ཀའི་ཤིང་ལ་བཅིངས་ནས་རལ་གྲི་རྣོན་པོས་བཅད་དེ་བྲམ་ཟེ་ལ་བྱིན་པ་དང་ཚེ་འཕོས་ཏེ་ཚངས་པའི་འཇིག་རྟེན་ལས་ཤིན་ཏུ་འདས་ནས་དགེ་རྒྱས་ཀྱི་ལྷའི་རིས་ཀྱི་ནང་དུ་སྐྱེས་སོ། །དབུ་ཡོངས་སུ་བཏང་བའི་དེ་མ་ཐག་ས་རྣམ་པ་དྲུག་ཏུ་གཡོས་ཤིང་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་དང་། རོལ་མོའི་སྒྲ་ཡང་བྱུང་། བྲམ་ཟེས་མགོ་ཁྱེར་ཏེ་འོང་བ་སྲོག་ཆགས་བརྒྱ་སྟོང་དུ་མས་མཐོང་ནས་མྱ་ངན་གྱིས་དུས་བྱས་པ་རྣམས་དགེ་རྒྱས་ཀྱི་ལྷ་དང་འོད་གསལ་གྱི་ལྷའི་རིས་སུ་སྐྱེས་སོ། །གཞན་རྣམས་འདུས་ནས་རྒྱལ་པོའི་གདུང་དྲི་བཟང་པོས་བསྲེགས་ཏེ། རུས་པ་རྣམས་གསེར་གྱི་བུམ་པར་བཅུག །ལམ་གྱི་གཞི་མདོར་སྐུ་གདུང་གི་མཆོད་རྟེན་བྱས་པར་མཆོད་ནས་སྐྱོ་བས་བསམ་གཏན་བསྐྱེད་པ་ན་འཇིག་རྟེན་ཕ་རོལ་ཏུ་ཚེ་འཕོས་པ་ཚངས་པའི་འཇིག་རྟེན་དུ་སྐྱེས། རྒྱལ་པོ་མ་མཐོང་བར་མྱ་ངན་གྱིས་ཤི་བ་རྣམས་འདོད་པ་ན་སྤྱོད་པའི་ལྷ་དྲུག་ཏུ་སྐྱེས་སོ། །གང་དེར་དུས་བྱས་པ་ཐམས་ཅད་ཀྱང་མཐོ་རིས་དང་ཐར་པ་ལ་གཞོལ་བར་གྱུར་ཏོ། །རྒྱལ་པོ་ཟླ་འོད་ནི་སྟོན་པ་ཉིད། བྲམ་ཟེ་དྲག་པོའི་མིག་ལྷས་བྱིན། བློན་པོ་གཉིས་མཆོག་གཉིས་ཡིན་པར་གསུངས་སོ། །


GTN004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་དྲུག་པ་ནི། སངས་རྒྱས་མཉན་ཡོད་ནས་མ་ག་དྷཱར་ཕེབས་པའི་ལམ་བར་དུ་ཚོང་པ་རྣམས་ཀྱང་ལམ་གྱི་འཇིགས་པ་ཞི་སླད་མྱུར་དུ་འོང་བར། ལམ་དུ་ཆོམ་རྐུན་པས་ཚོང་པ་རྣམས་ལ་གནོད་པ་བྱ་བར་སེམས་པས་དེ་སྟོན་པས་མཁྱེན་བཞིན་དུ་དེ་རྣམས་ལ་དྲིས་པ་ན། བདག་ཅག་མི་དགེ་བའི་ལས་ཀྱིས་འཚོ་བས་ཁྱེད་འཁོར་བཅས་སྔོན་དུ་ཕེབས་ཤིག །དེའི་རྗེས་སུ་བདག་ཅག་གི་བྱ་བ་ནི་ཚོང་པ་རྣམས་འཕྲོག་གོ་ཞུས་པས། སངས་རྒྱས་ཀྱིས་ཚོང་པ་རྣམས་ཀྱི་ནོར་གྱི་རིན་ཐང་དང་མཉམ་པའི་གཏེར་ཕྱུང་སྟེ་བྱིན་ནས་བློ་དེ་ལས་བཟློག་ཅིང་ལམ་དུ་གཤེགས་པ་ན། སླར་ཡང་འཕྲོག་འདོད་པས་དེ་ལྟར་ལན་དྲུག་གི་བར་དུ་མཛད་དོ། །དེ་རྗེས་ཆོམ་རྐུན་པ་དང་ཚོང་པར་བཅས་པས་སྟོན་པ་འཁོར་བཅས་མཆོད་པ་ན་ཆོས་ཐོས་ཤིང་། ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པས་རབ་ཏུ་བྱུང་ནས་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་ཏོ། །དེའི་རྒྱུ་མཚན་དགེ་སློང་རྣམས་ཀྱིས་ཞུས་པ་ན། སྔོན་གྱི་སྐྱེས་རབས་རྒྱ་ཤུག་གི་གླིང་དུ་འགྲོ་བའི་ལོ་རྒྱུས་གསུངས་པ་སྟེ། སློབ་དཔོན་སེངྒེ་ཞབས་ཀྱིས། གང་ཞིག་གཞན་གྱི་སྡུག་བསྔལ་རྣམས་ཀྱི་སྡུག །དེ་ནི་རྣམ་པར་གཅོད་ཕྱིར་དམ་བཅའ་བྱས། །འགྲོ་བ་རྣམས་ཀྱི་དོན་ནི་བྱེད་འགྱུར་བ། །དེ་ཉིད་ཤིན་ཏུ་སྡུག་བསྔལ་


GTN004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་བཟོད། །ཅེས་སོགས་ཀྱིས་འཆད་པ་སྟེ། ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱི་སྐྱོང་བར་དེད་དཔོན་དགའ་བའི་སྡེའི་བུ་ཤིན་ཏུ་དགའ་བ་ཞེས་བསོད་ནམས་ཀྱི་དཔལ་རྒྱས་པས་རྣམ་ཐོས་ཀྱི་བུ་དང་འབྱོར་པ་མཉམ་པ། ལས་བྱས་ཤིང་ཉེ་བར་བསགས་པ། བསྟན་བཅོས་དུ་མའི་ཆ་ལ་མཁས་པའི་གྲགས་པ་ཅན། གཏོང་བ་དང་ཁྲེལ་ཡོད་པ་དང་། བཟོད་པ་ལ་སོགས་པའི་ཡོན་ཏན་རྣམས་ལྷག་པར་གནས་པ། བཤེས་པ་དང་དོན་དུ་གཉེར་བ་དང་གཉེན་འདུན་དུ་གྱུར་པའི་སྐྱེ་བོ་རྣམས་ཀྱི་ཡིད་དུ་འོང་བ་སྦྱིན་པ་རྒྱ་ཆེར་གཏོང་བ་ལ་དགའ་ཞིང་བརྩོན་པ་མི་འདོར་བས་སློང་བ་རྣམས་རེ་བ་ཡོངས་སུ་སྐོང་བར་བྱེད་པ་དེས་བསམ་པ། ཅུང་བཟད་བསགས་པའི་བང་མཛོད་ནི་རེ་ཞིག་ནས་ཟད་པར་འགྱུར་བས། རྒྱ་མཚོར་སོང་ནས་ནོར་བུ་རིན་པོ་ཆེ་བླངས་ན་ཡུན་དུ་འབྱོར་རོ་སྙམ་ནས། དོན་མཐུན་དུ་མ་དང་བཅས་གྲུར་ཞུགས་པ་ན་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ་ཞིང་བྱམས་པ་ཆེན་པོས་བརྒྱན་པས་གནོད་པ་མི་མངའ་བར་འདོད་དོན་གྲུབ་སྟེ་ཕྱིར་ལོག་ནས་ཐང་ལ་བདེ་བར་རྒྱུ་བ་ཆོམ་རྐུན་པས་མཐོང་སྟེ་འཕྲོག་པར་བརྩམས་པ་ན། རང་གི་རྗེས་སུ་འབྲངས་པ་རྣམས་བསྲུང་ཕྱིར། དེ་དག་ཀྱང་སྦྱིན་པས་ཚིམ་པར་བྱས། སླར་མི་འཚེ་བར་བསྒོའོ། །དེ་ལྟར་ལན་དྲུག་རྒྱ་མཚོ་ནས་འཁོར་ཡང་། གོམས་པའི་ངན་གཡོ་མ་སྤངས་པས་ཆོམ་རྐུན་པ་རྣམས་ལ་ཡང་དེ་བཞིན་རྒྱུན་པར་རོ། །དོན་དེས་ཀྱེ་མའོ་ཆོམ་རྐུན་འདི་རྣམས་ལ་བདག་གི་འབྱོར་བ་ཆེན་པོ་ལན་དྲུག་བྱིན་ཀྱང་སེམས་མི་ཁེངས་


GTN004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

པར་ད་རུང་འཕྲོག་པའི་སྦྱོར་བ་ནི་མ་བཏང་པས། སླར་རྒྱ་མཚོར་ཞུགས་པའི་ལམ་ནི་ཆད་དོ་སྙམ་ནས། མྱ་ངན་གྱིས་ཡིད་མྱོས་པས་མཚན་མོ་ཤིན་ཏུ་རིང་བར་གདུང་ཞིང་། མཐར་གཉིད་ཡུར་བ་ན་རྨི་ལམ་དུ། འོད་ཀྱི་ཕུང་པོའི་ནང་དུ་ལུས་ཀྱི་ཕྱེད་འཐོན་པའི་ལྷ་མོ་མཛེས་སྡུག་ལང་ཚོའི་དཔལ་ལ་རིན་པོ་ཆེའི་རྒྱན་དང་ལྡན་པ་ཞིག་གིས་ལུང་བསྟན་པ་ནི། སྦྱིན་ལ་ཤིན་ཏུ་ཆགས་པས་མཛོད་ཀྱི་ཕུན་ཚོགས་ནི། །ཁྱོད་ཀྱིས་འདི་ནི་རིམ་གྱིས་སྲབ་པ་ཉིད་དུ་འགྱུར། །མཚན་མོ་མཛེས་པས་ཟླ་བའི་མཛེས་པ་ཟད་པ་སྟེ། །རྒྱ་མཚོའི་རླབས་ནི་ངེས་པར་བཟློག་པར་འགྱུར་བ་ལྟར། །སོགས་ནས། སྲིད་པ་རྣམ་པར་གཅོད་པའི་གོ་འཕང་ཚུལ་བྱེད་པ། །བྱ་བ་ཉུང་བ་ཉིད་ནི་མྱུར་དུ་བཅིངས་ནས་སུ། །འཇིག་རྟེན་རྣམས་ལ་འབྱོར་ཕྱིར་རྒྱ་ཤུག་གླིང་དུ་གཤེགས། །བདག་གིས་ཉེ་བར་བསྟན་པ་གང་ཡིན་དེ་ཉོན་ཅིག །སོགས་ཀྱིས་ལམ་གྱི་བསླབ་བྱ་རྒྱས་པར་བྱས་ནས་ལྷ་མོ་དེ་མི་སྣང་བར་གྱུར་ཏོ། །དེར་གཉིད་སད་པ་ན་དགའ་བ་ཁྱད་པར་ཅན་སྐྱེས་པས། ལྷ་ལ་མཆོད་ཅིང་སྦྱིན་གཏོང་རྒྱ་ཆེན་བྱས་ནས་རང་ཉིད་གཅིག་པུ་ལྷ་མོས་བསྙད་པ་ལྟར་ལམ་ཞུགས་པ་ནི། མི་ཕལ་པའི་ས་ལས་འདས་ཤིང་བསོད་ནམས་དང་སྙིང་སྟོབས་ཤིན་ཏུ་ཆེ་བའི་སར་གནས་པ་དག་གིས་སོ། །དེ་ཡང་ནུབ་ཀྱི་ཕྱོགས་སུ་ཤིན་ཏུ་ཆེ་བའི་གླིང་བདུན་བརྒྱ་དང་། རིན་པོ་ཆེ་བདུན། ཆུ་ཀླུང་ཆེན་པོ་བདུན་རྣམས་འདས་ནས་རི་མ་ལ་ཡར་འཛེགས་ཏེ། སྨན་ཆེན་དོན་ཡོད་ཟོས་པས་བཀྲེས་སྐོམ་དང་ངལ་བ་སེལ་ཞིང་ཀླུའི་དུག་ཞི། ཀུན་འཁོར་ཞེས་པའི་ཆུ་ཀླུང་ཆེན་པོ་


GTN004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་རླུང་བེ་ཏཱཾ་བྷས་བསྒྲལ་བའི་རིར་སྨན་ཆེན་དུང་གི་ལྟེ་བ་སྦྲུལ་ནག་པོས་འཁྱུད་པ་བླངས་ཏེ། མིག་དང་མགོ་ལ་བཞག་པས་རང་སྲུང་ཆུ་སྔོན་གྱི་མཚོ་བརྒལ་བའི་འགྲམ་དུ་ཕུག་པ་ན་སྲན་མ་སྐར་མའི་མིག་མཐོང་། གནོད་སྦྱིན་དང་ལྟོ་འཕྱེ་རྣམས་ཞི་བའི་དོན་དུ་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་མདོའི་ཚིག་རྣམས་བཀླགས་ཤིང་། སྨན་མ་གིར་སོགས་ཀྱིས་མཐོང་བ་དང་ཁ་རླངས། རེག་པ། མཆེ་བའི་དུག་རྣམས་ཞི་བར་བྱས། གསོ་སྦྱོང་བླངས་ཤིང་བྱམས་དང་སྙིང་རྗེས་སྲིན་པོ་ཤིང་རྟའི་རིའི་ཕུག་པ་བརྒལ་ནས། སྦྲུལ་སྦྲམ་ཆེན། ཟངས་མིག་སོགས་ཀྱི་འཇིགས་པ་ལས་ཐར། རི་ཆེན་པོ་བདུན་ཚེར་མ་རྣོན་པོར་ཁྱབ་པ་ལ་ཟངས་ཀྱི་རྐང་སྐྱོབས་བཅངས། ཤལ་མ་ལིའི་ནགས་དང་། ཆུ་ཀླུང་རྣམ་པ་བདུན་རྩེ་གསུམ་རི། བཅོ་བརྒྱད་འཁྱོག །ཕྲ་མོ་རི་རྣམས་ཀྱི་བར་དུ་རི་དང་མིང་མཚུངས་པའི་ཆུ་བོ་དུ་མ་ཡོད་པ་ལས་ཐར་བ་ན། དུག་གི་མིག་ཅེས་བྱ་བའི་རི། སྦྲུལ་གདུག་པའི་མཐོང་རེག་གི་དུག་གིས་ཁྱབ་པའི་རྩེར་བྲག་ཕུག་ཏུ་སྨན་ཆེན་འཚོ་བྱེད་ཡོད་པས་མགོ་དང་རྐང་ལག་ལྟོ་བ་སོགས་ལ་བྱུགས་ཤིང་། རྒྱལ་བའི་བཀའ་བཀླགས་པས་གནོད་པ་རྣམས་ཞི་ནས་དཀའ་བ་བརྒྱ་ཕྲག་དུ་མའི་བརྩོན་པས་གངས་རི་དཀར་པོའི་རྩེར་ཕྱིན་པ་ན། ལྷའི་དབང་པོའི་གྲོང་ཁྱེར་དང་མཚུངས་པ། རོ་ཧི་ཏ་ཞེས་དཔག་བསམ་གྱི་ཤིང་ཡང་ཡོད་པ་དེར་ཕྱིན་པ་ན་ལོ་བཅུ་གཉིས་སོང་ངོ་། །དེ་ན་དེད་དཔོན་སྙིང་སྟོབས་ཅན་མ་གྷ་དང་འཕྲད་པ། དེ་ནད་ལྕི་བས་ཐེབས་པར་སྨན་གྱིས་གསོས་ཀྱང་ཟླ་བ་དྲུག་གི་ཚེ་ལས་མེད་པར་ཤེས་སོ། །


GTN004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རྒྱ་ཤུག་གི་གླིང་གི་གཏམ་ཞིབ་པར་དྲིས་པས་རང་གིས་མ་མཐོང་ཡང་། ཐོས་པ་ནི་འདི་ལྟ་བུའོ་ཞེས་རྫོགས་པར་སྨྲས་ཤིང་བཀྲ་ཤིས་པར་བྱས་ཏེ། གྲུ་གཟིངས་ཀྱི་སྦྱོར་བ་དང་དེད་དཔོན་མ་གྷས་གྲོགས་བགྱིས་ཏེ་སོང་ངོ་། །སྙིང་རྗེས་རབ་ཏུ་བསྐུལ་བ་ན། སེམས་ཅན་ཕན་ཕྱིར་བསྟན་པ་རྣམས། །སྤྲོ་བ་དང་འབྲེལ་རང་བཞིན་ཆོས། །འདོད་པ་ཡང་དག་སྒྲུབ་པ་ཡིན། །ལམ་དུ་ཆུའི་ཁ་དོག་སྣ་ཚོགས་པར་མཐོང་ནས་དྲིས་པས། ལྕགས་ཀྱི་རི་བོ་ལྔ་དང་། གཞན་ཡང་ཟངས་དང་། དངུལ་དང་། རིན་པོ་ཆེ་གསེར་གྱི་རི་བོ་ཡོད་པས། དེ་རྣམས་ཀྱི་གྲིབ་མའི་བྱེ་བྲག་ཡིན་ནོ་ཞེས་བརྗོད་ཅིང་སྐབས་འདིར་མ་གྷ་ཚེའི་དུས་བྱས་སོ། །ཤིན་ཏུ་དགའ་བས་ཆུའི་ངོགས་སུ་གྲོགས་དང་བྲལ་བའི་མྱ་ངན་བསལ་ནས་ཕུང་པོ་སྦས་ཏེ། སླར་ཡང་གཟིངས་ལ་ཞུགས་ནས་རྒྱ་མཚོའི་ཕ་མཐར་ནགས་ཚལ་སྟུག་པོར་ཞུགས་ཏེ། རི་བོ་ཤིན་ཏུ་བགྲོད་དཀའ་བ་མཐོང་ནས་ཅི་བྱ་བརྟོལ་མེད་པར་གྱུར་པ་དང་། རི་དེར་གནས་པའི་གནོད་སྦྱིན་སྔོན་པོ་ཞེས་པས། གནས་འདིའི་ཤར་ཕྱོགས་སུ། རི་བོ་རྩེ་མོ་གསུམ་པ་ཐེམ་སྐས་ཀྱི་དབྱིབས་ཡོད་པས་དེར་འཛེགས་ཤིག་ཟེར་བ་བཞིན་བྱས་པ་ན། དེའི་རྩེར་ཤེལ་གྱི་རི་བོ་འདུག་པར་བགྲོད་དཀའ་བ་ན་བྲག་ཕུག་ཏུ་གནས་པའི་གནོད་སྦྱིན་ཟླ་འོད་ཀྱིས་འདི་ནས་ཤར་ཕྱོགས་སུ་རྒྱང་གྲགས་ཙམ་སོང་ནས་ཙནྡན་གྱི་ནགས་ཚལ་ནས་རང་སྲུང་གི་སྨན་ལོངས་ལ་སྐས་གྱིས་ཤིག་ཟེར་བས་བདེ་བླག་ཏུ་ལམ་རྙེད་ནས་གསེར་གྱི་ཁང་པ་དང་ལྡན་པའི་གྲོང་ཁྱེར་དང་པོ་དང་། དེ་བཞིན་དུ་གཉིས་པ་དངུལ། གསུམ་པ་བཻ་ཌཱུརྱ། བཞི་པ་རིན་པོ་


GTN004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་ཁང་པ་རྣམས་རིམ་པར་མཐོང་ཞིང་མིའི་ཅི་མོ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སོ་གཉིས་རྣམས་བྱུང་ཞིང་། དགའ་བའི་འཛུམ་གྱིས་བསུས་ཏེ་ཕེབས་པར་སྨྲས་ཤིང་། དགེ་བ་བཅུའི་ལམ་ཡང་བརྗོད་པས། དེ་རྣམས་ལས་དཔག་ཚད་སྟོང་དང་གཉིས་སྟོང་དང་། བཞི་སྟོང་དང་། བརྒྱད་སྟོང་དུ་ཆར་འབེབས་པའི་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་ཕྱག་ཏུ་སོན་པ་ན། རྟ་མཆོག་སྤྲིན་གྱི་ཤུགས་ལྡན་ཡང་སྐད་ཅིག་གིས་དེར་བྱུང་ནས། གོས་ཀྱི་སྐུད་པའི་རྣམ་པ་མཐུན་པའི་ཟེའུ་སོགས་ཅན་གྲོང་ཁྱེར་འདི་ལས་རི་དང་རྒྱ་མཚོས་བགྲོད་དཀའ་བའི། རང་ཡུལ་ལས་ཕྱོགས་ནམ་མཁའི་ལམ་ལས་སུ་བདག་ཁྱེར། ཞེས་མིའི་སྐད་དུ་སྨྲས་པས། དེད་དཔོན་ཤིན་ཏུ་དགའ་བ་རྟ་དེའི་རྒྱབ་ཏུ་བཞོན་ནས་སྐད་ཅིག་ལ་ཝཱ་རཱ་ཎ་སཱིར་སླེབས། རྒྱལ་པོ་ཚངས་བྱིན་གཤེགས་པས་མངའ་འོག་གིས་རྒྱལ་སར་དབང་བསྐུར་ནས་རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང་། ཚེས་བཅོ་ལྔའི་ཉིན་གསོ་སྦྱོང་ཡང་དག་པ་བླངས་ནས་རིན་པོ་ཆེ་རྒྱལ་མཚན་གྱི་ཏོག་ཏུ་བཀོད་དེ། གང་ཞིག་གང་གང་རྫས་འདོད་པ། །མི་རྣམས་ཀྱིས་ནི་འདི་རྙེད་དཀའ། །ཡིད་བཞིན་ནོར་འདི་ཡང་དག་པར། །དེ་ཕྱིར་དེ་དེ་སྦྱིན་གྱུར་ཅིག །ཅེས་བརྗོད་པས་ཐོག་མར་འབྲས་ཀྱི་སོ་བའི་ཆར་ཕབ། དེ་རྗེས་གོས་ཀྱི་ཆར་དང་། བཟའ་བཏུང་དང་། འབྲུའི་ཆར་དང་། རིན་པོ་ཆེ་སོགས་གང་ལ་ཅི་འདོད་པའི་ཆར་ཐམས་ཅད་ཡིད་བཞིན་དུ་ཕབ་པས་རྒྱལ་པོའི་བང་མཛོད་རྒྱས་ཤིང་མངའ་འོག་ཀྱང་ཤིན་ཏུ་འབྱོར་པས་བདེ་སྐྱིད་ཕུན་སུམ་ཚོགས་པས་རྒྱལ་སྲིད་ལོ་བརྒྱར་མཛད་


GTN004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་གི་སྲས་ལ་རྒྱལ་པོར་དབང་བསྐུར་རོ། །སྐབས་འདི་གོ་དཀའ་བས་འབྲུ་གནོན་ཅུང་ཟད་བྱས་པ་ལགས་སོ། །༈ ཡལ་འདབ་བདུན་པ་ནི། སྟོན་པ་སེར་སྐྱའི་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཤཱཀྱ་ཕལ་མོ་ཆེ་བདེན་པ་ལ་བཀོད་པ་དེའི་ཚེ་ཤཱཀྱ་རྣམས་དུས་གསུམ་དུ་གཙུག་ལག་ཁང་དུ་འགྲོ་ཞིང་ཆོས་ཀྱང་ཉན་ནོ། །རྒྱལ་པོ་ཟས་གཙང་མ་ཡང་དུས་གསུམ་དུ་ཤཱཀྱའི་ཚོགས་ཀྱིས་བསྐོར་ནས། སྟོན་པའི་སྤྱན་སྔར་འགྲོའོ། །སྟོན་པས་སྦྲང་རྩི་ལྟ་བུའི་ཆོས་བསྟན་པ་ན། འཁོར་ཤས་ཆེར་དག་ཀྱང་དབང་པོ་མི་གཡོ་བས་ཉན་ནོ། །དེའི་ཚེ་མིང་ཆེན་གྱིས་སངས་རྒྱས་འབྱུང་བ་ནི་བདག་ལ་འབྲས་བུ་དང་བཅས་པའོ། །ཞེས་སྨྲས་པས་རང་གི་ཆུང་མས་ཁྱེད་ལ་ནི་ལེགས་ན་བདག་ལ་ནི་མ་ཡིན་ཏེ། སྟོན་པ་ནི་བུད་མེད་ཀྱི་ཕྱིར་ཆོས་མི་སྟོན་པས་སོ། །མིང་ཆེན་གྱིས་ཁྱོད་དེ་སྐད་མ་ཟེར་སྟོན་པ་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་མཉམ་པ་ཡིན་གྱིས་ཆོས་ཉན་པའི་ཕྱིར་སོང་ཤིག །དེས་སྨྲས་པ་ལྷ་ཟས་གཙང་མ་འཁོར་དང་བཅས་པ་དུས་གསུམ་དུ་བྱོན་པས་བདག་ཅག་འགྲོ་བ་ངོ་ཚ་ལགས་སོ། །གལ་ཏེ་རྒྱལ་པོ་སྔ་དྲོ་བྱོན་ན་བདག་ཕྱི་དྲོ་འགྲོ་བར་འཚལ་ཟེར། དེ་ནས་མིང་ཆེན་གྱིས་རྒྱལ་པོ་ཟས་གཙང་མ་ལ་ཞུའོ་སྙམ་ན་དངོས་སུ་ཞུ་མ་ནུས་ཏེ་སྐྱེ་དགུའི་བདག་མོ་


GTN004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྒྱུད་ནས་ཞུས་པས་ཞུ་བ་གནང་ངོ་། །དེ་ནས་སྔ་དྲོའམ་ཕྱི་དྲོ་རྒྱལ་པོ་མི་འབྱོན་པའི་དུས་ན་བུད་མེད་རྣམས་ཆོས་ཉན་དུ་འགྲོའོ། །ལན་ཅིག་སྐྱེ་དགུའི་བདག་མོ་ཤཱཀྱའི་ཆུང་མ་ལྔ་བརྒྱས་བསྐོར་ཏེ་ཆོས་ཉན་དུ་སོང་བ་ན་མིང་ཆེན་གྱི་ཆུང་མའང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སོང་ངོ་། །དེ་ཀུན་དགའ་བོས་མཐོང་ནས་འདི་ཐམས་ཅད་འདོད་ཆགས་དང་བྲལ་བ་ཁོ་ན་ཡང་མིན་པས་རྒྱན་གྱིས་བརྒྱན་ཏེ་འོངས་པ་མ་ལེགས་ཞེས་སྨྲས་པས། དེ་རྒྱན་བཀྲོལ་ནས་གཡོག་མོ་སྐྱེད་མ་ལ་བསྐུར་ཏེ་ཁྱིམ་དུ་བཏང་ངོ་། །དེ་ཡང་མྱུར་དུ་འཁོར་ཏེ་སྟོན་པས་དེ་རྣམས་ལ་ཆོས་གསུངས་པ་ན། ཤཱཀྱའི་བུད་མེད་གཅིག་ཆོས་ལ་རྣ་བ་མི་གཏོད་པར་རང་གི་མུ་ཏིག་གི་དོ་ཤལ་ལ་ལྟ་ཞིང་ནོམ་པར་བྱེད་དོ། །དེ་མིང་ཆེན་གྱི་ཆུང་མས་མཐོང་ནས་སངས་རྒྱས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པར་གསུངས་ན་ཡང་། འདི་འདི་ལ་ཆགས་འདུག་པས་ངའི་མུ་ཏིག་གི་དོ་ཤལ་མཐོང་ན་འདིའི་ང་རྒྱལ་ཞི་བར་འགྱུར་རོ་སྙམ་སྟེ། གཡོག་མོ་སྐྱེད་མ་ལ་ངའི་མུ་ཏིག་གི་དོ་ཤལ་ལས་ཉུང་ཤས་ཤིག་ལོངས་ཤིག་ཟེར། གཡོག་མོ་སྐྱེད་མ་དེ་ཆོས་ཉན་པ་ལ་སེམས་བསྡུས་པས། ཀྱེ་ཧུད་བྲན་དུ་གྱུར་པ་ནི་རེ་སྡུག་བསྔལ། འདི་འདྲ་བའི་ཆོས་ཉན་པའི་དབང་ཡང་མེད་དོ་སྙམ་ནས་ཚིགས་བཅད་ཀྱང་སྨྲས་སོ། །སྟོན་པས་བྲན་མོ་འདིས་སངས་རྒྱས་ལ་བྱ་བ་བྱས་པ་ཡིན་ཡང་ཚེ་ཅུང་ཟད་ལས་མེད་པར་མཁྱེན་ནས་ཆོས་ཚིགས་བཅད་གཅིག་ཡི་གེར་བྲིས་ཏེ་དེ་ལ་སྩལ། དེ་ཡང་ཡིད་དགའ་ཞིང་སངས་རྒྱས་ལ་དད་པའི་སེམས་ཀྱིས་སོང་བ་ལས་ལམ་དུ་


GTN004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བ་དྲུས་མ་ཞིག་གིས་བརྡུང་སྟེ་ཤིའོ། །དེ་མ་ཐག་སིངྒ་ལའི་གླིང་གི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་ཞུགས་ཤིང་ཉིང་མཚམས་སྦྱར། ཕྱིས་བཙས་པ་ན་མུ་ཏིག་གི་ཆར་ཡང་བབས་སོ། །དེར་རྒྱལ་པོའི་བུ་མོ་མུ་ཏིག་ཅན་ཞེས་བཏགས་སོ། །དེ་ཆེན་པོར་གྱུར་པ་ན་བློ་གྲོས་གསལ་བ་དང་ཡིད་གཞུང་པ་དང་བྱ་བ་ཐམས་ཅད་ལ་མཁས་པར་གྱུར་པ་དེའི་ཚེ་ཡུལ་དབུས་ནས་འོངས་པའི་ཚོང་པ་རྣམས་ཀྱིས་སིངྒ་ལའི་གླིང་གི་རྒྱལ་པོའི་ཕོ་བྲང་དང་ཉེ་བར་མཚན་མོར་གནས་བཏབ་སྟེ། འདུག་པ་ལས་ཐོ་རངས་ཀྱི་དུས་ན་ཆེད་དུ་བརྗོད་པ་ལ་སོགས་པའི་མདོ་རྣམས་བཏོན་པས་མུ་ཏིག་ཅན་གྱིས་དཀར་ཁུང་ནས་ཐོས་ཏེ་ཤིན་ཏུ་ཡིད་བདེ་བ་སྐྱེས་པས། ནང་པར་རྒྱལ་པོ་ལ་ཞུས་ནས་ཚོང་པ་རྣམས་བོས་ཏེ་ཡུལ་དབུས་ཀྱི་རོལ་མོ་དག་ལོངས་ཤིག་བྱས་པས། ཚོང་པ་རྣམས་ཀྱིས་ལྷ་མོ་དེ་ནི་རོལ་མོ་མ་ལགས་སངས་རྒྱས་ཀྱི་བཀའ་འོ། །དེར་མུ་ཏིག་ཅན་སངས་རྒྱས་ཞེས་བྱ་བ་སྔར་མ་ཐོས་པ་གསར་དུ་ཐོས་པས་དགའ་བས་སྤུ་ཟིང་ཞེས་བྱེད་པར་གྱུར་ཏེ་སངས་རྒྱས་ཞེས་བྱ་བ་ཅི་འདྲ་དྲིས་པ་ན་ཚོང་པ་རྣམས་ཀྱིས་རྒྱས་པར་བཤད་དོ། །དེར་དད་པ་བླ་ན་མེད་པ་ཐོབ་ནས་དུས་གཞན་ཞིག་ན་ཚོང་པ་རྣམས་ཀྱིས་ཚོང་ཟིན་ནས་ཡུལ་དུ་ལྡོག་འགྲོ་བའི་ཚེ་མུ་ཏིག་ཅན་གྱིས་སྟོན་པ་ལ་ཞུ་བའི་འཕྲིན་ཡིག་ཕུལ་ཏེ། དེ་ཡང་འདི་སྐད་ཅེས། ལྷ་དང་ལྷ་མིན་མི་ཡིས་ཕྱག་བྱས་པ། །སྐྱེ་དང་བསྙུང་དང་བསྙེངས་ལས་ངེས་འབྱུང་ཞིང་། །གཙོ་བོ་གྲགས་པ་རྒྱ་ཆེར་རབ་གྲགས་པ། །དྲང་སྲོང་བདུད་རྩིའི་ཆ་ལས་ཐུགས་རྗེས་གནོང་། ཞེས་སོ། །


GTN004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚོང་པ་རྣམས་ཀྱིས་མུ་ཏིག་ཅན་གྱི་ཞུ་བའི་ཕྲིན་ཡིག་དེ་བཅོམ་ལྡན་འདས་ལ་ཕུལ། དོན་རྣམས་ཞིབ་ཏུ་གསོལ་ལོ། །དེར་སྟོན་པས་ཚོང་པ་རྣམས་ལ་ཁྱེད་རྣམས་སླར་སིངྒ་ལར་འདོང་བའི་ཚེ་ང་ལ་སྨྲོས་ཤིག་ཅེས་བཀའ་སྩལ་ཏོ། །ཡང་དུས་གཞན་ཞིག་ན་ཚོང་པ་རྣམས་ཟོང་བསྒྱུར་ཟིན་ནས། སྟོན་པའི་སྤྱན་སྔར་སོང་སྟེ་གསོལ་བས། སྟོན་པས་རི་མོ་མཁན་དག་ལ་རས་ཀྱི་གཞི་ལ་ཉིད་ཀྱི་སྐུ་གཟུགས་འབྲིར་སྩལ་པ་ན་དེ་དག་གིས་མཚན་མ་བཟུང་བར་མ་ནུས་ནས། དེར་སྐུའི་རྣམ་པ་ཇི་བཞིན་པའི་འོད་ཟེར་སྤྲོས་པ་རས་གཞིའི་སྟེང་དུ་ཕོག་པ་ལ་བཟོ་བོ་རྣམས་ཀྱིས་ཚོན་བཀྱེས་ཏེ་ལེགས་པར་ཟིན་ཏོ། །དེའི་གཤམ་དུ། སྐྱབས་འགྲོ། བསླབ་པའི་གནས་ལྔ། རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཚིག་དང་། སོ་ཐར་ཚིགས་བཅད་གཉིས། འཕགས་ལམ་བརྒྱད་ཀྱི་ཚིག་རྣམས་བྲིས་པ་སྩལ། ཚོང་པ་རྣམས་ལ་དེའི་དོན་རྒྱས་པར་གསུངས་ནས་ཁྱེད་དག་ལས་གཅིག་སྔོན་དུ་སོང་ལ་སིངྒ་ལའི་རྒྱལ་པོ་ལ་རས་བྲིས་འདི་མུ་ཏིག་ཅན་ལ་སྐྱེས་སུ་བསྐུར་བ་ཡིན་གྱི། ས་ཕྱོགས་ཡངས་པར་སྐྱེ་བོའི་ཚོགས་བསྡུས་ལ་བཀུར་སྟི་ཆེན་པོས་བྲིས་སྐུ་འདི་ཁྲོམས་ཤིག །མུ་ཏིག་ཅན་གྱིས་འདི་དང་འདི་ཅི་ཡིན་ཞེས་འདྲི་ན་འདི་དང་འདིའོ་ཞེས་བརྗོད་ཅིག །དེ་ནས་བཀའ་བཞིན་འཚལ་ལོ་ཞེས་ཟེར་ནས་ཚོང་པ་རྣམས་སོང་སྟེ་སིངྒ་ལའི་རྒྱལ་པོ་ལ་སྨྲས་པས་དེས་ཀྱང་ས་ཕྱོགས་ལེགས་པར་བསྟར། རྒྱལ་མཚན་བསྒྲེངས་པ་ལ་སོགས་པའི་མཆོད་པའི་ཁྱད་པར་དཔག་ཏུ་མེད་པར་བཤམས། སྐྱེ་བོའི་ཚོགས་རྣམས་བསགས་ནས་རིན་པོ་ཆེའི་ཁྲི་ཡི་སྟེང་


GTN004_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྲིས་སྐུ་ཞལ་ཕྱེ་བས་སྐྱེ་བོ་ཀུན་གྱིས་སྐད་གསང་མཐོན་པོས། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྒྲོགས་ཤིང་ཀུན་ཀྱང་དད་པ་ལ་བཀོད། མུ་ཏིག་ཅན་དད་པའི་ཤུགས་ཀྱིས་མཆི་མས་མིག་གང་ཞིང་འདི་དང་འདི་ཅི་ཞེས་སོ་སོར་དྲིས་པས་ཚོང་པ་རྣམས་ཀྱིས་དེ་དང་དེ་རྒྱས་པར་བཤད་པས། མུ་ཏིག་ཅན་གྱིས་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་གི་དོན་བསམ་ཤིང་། ཚོང་པ་རྣམས་ཀྱིས་ལན་གསུམ་བཟླས་པར་བྱས་པ་ལས་ལན་གཉིས་ནི་བསམ། གསུམ་པ་མ་བཟླས་པའི་སྔོན་རོལ་དེར་རྒྱལ་པོའི་བུ་མོ་མུ་ཏིག་ཅན་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེར་ཆེད་དུ་བརྗོད་པ་ཡང་བྱས་ནས། ཡང་ནམ་ཞིག་གི་ཚེ་ཚོང་པ་རྣམས་སླར་ལྡོག་པ་ལ། བདག་གི་མིང་གིས་སངས་རྒྱས་ལ་ཕྱག་འཚལ་ལོ། །བསྙུན་དྲིས་ལ་མུ་ཏིག་མཆོག་བྲེ་བོ་ཆེ་གསུམ་པོ་འདི་ཕུལ་ལ། ཆ་དང་པོ་ནི་སངས་རྒྱས། གཉིས་པ་ནི་ཆོས། གསུམ་པ་དགེ་འདུན་ལ་འབུལ་ལོ་ཞེས་བརྗོད་ཅིག་ཟེར་རོ། །དེ་ནས་ཚོང་པ་རྣམས་ཀྱིས་དེས་ཇི་སྐད་བསྒོ་བ་བཞིན་དུ་ཕུལ། ཀུན་དགའ་བོས་སྐྱེས་འདི་གང་ལས་བྱུང་ཞུས་པས་མིང་ཆེན་གྱི་གཡོག་མོ་སྐྱེད་མ་རྒྱལ་པོའི་བུ་མོར་སྐྱེས་པ་དེས་བསྐུར་བ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་སྐུ་སྐལ་ནི། དྲི་གཙང་ཁང་གི་ཞལ་བ་ལ་སོགས་པ་གཙུག་ལག་ཁང་གི་བྱ་བ་གྱིས་ཤིག །ཆོས་ཀྱི་སྐལ་བ་ནི་ཆོས་འཛིན་པའི་གང་ཟག་རྣམས་ལའོ། །དགེ་འདུན་གྱི་སྐལ་བ་ནི་དགེ་འདུན་ལ་མཉམ་པར་བགོས་ཤིག །ཅེས་བཀའ་སྩལ་ཏོ། །


GTN004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་བརྒྱད་པ་ནི། རྒྱལ་པོའི་ཁབ་ན་ཁྱིམ་བདག་མེ་སྐྱེས་ཀྱི་སྲིང་མོའི་ཁྱོ་གཅེར་བུའི་དགེ་བསྙེན་དཔལ་སྦེད་ཅེས་པ་ཡོད་པ་དེ་ལ་ཁྱིམ་བདག་མེ་སྐྱེས་དད་པ་ཅན་དེས་དཔལ་སྦེད་འདི་དགེ་འདུན་ལ་ཡོན་འབུལ་དུ་གཞུག་གོ་སྙམ་ནས། དེས་དེ་ལ་དཔལ་སྦེད་དགེ་འདུན་ལ་མཆོད་པ་དང་ཡོན་ཕུལ་ཅིག་དང་བསོད་ནམས་སུ་འགྱུར་རོ། །ཞེས་སྨྲས་སོ། །དེས་སྨྲས་པ་ངས་ཀྱང་དགེ་འདུན་ལ་མཆོད་ཅིང་ཡོན་འབུལ་ན་ཁྱོད་ཀྱིས་ཀྱང་གང་པོ་སོགས་ལ་བཤོས་གསོལ་ཅིག །མེ་སྐྱེས་ཀྱིས་བསམ་པ། ཁས་མ་བླངས་ན་དཔལ་སྦེད་ཀྱིས་དགེ་འདུན་མཆོད་པའི་བར་ཆད་དུ་འགྱུར་ན། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་ཉེས་མེད་ཀྱི་སྙམ་ནས་ཟས་སྦྱིན་པར་ཁས་བླངས་པས། དཔལ་སྦེད་ཀྱིས། ངས་དང་པོར་སངས་རྒྱས་སོགས་མཆོད་ན་མེ་སྐྱེས་ཀྱིས་ཟས་མི་སྦྱིན་གྱིས་གང་པོ་སོགས་ལ་སྔར་བཤོས་གསོལ་ན་ངས་ཕྱིས་ཟས་སྦྱིན་ནོ་སྙམ་ནས། མེ་སྐྱེས་ལ། དང་པོར་ཁྱོད་ཀྱིས་ཟས་བྱིན་དང་ངས་ཕྱིས་དགེ་སྦྱོང་གོའུ་ཏ་མ་འཁོར་བཅས་ལ་ཟས་སྦྱིན་ནོ་ཟེར། དེས་ཀྱང་ཁས་བླངས་ནས་གང་པོ་སར་སོང་སྟེ་ཁྱོད་གཅེར་བུ་བ་མང་པོ་དང་བཅས་སང་བདག་གི་ཁྱིམ་དུ་བཤོས་གསོལ་གྱིས་ཁས་ལོངས་ཤིག་སྨྲས་སོ། །གང་པོས་འདི་ནི་ངེས་པར་དགེ་སྦྱོང་


GTN004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གོའུ་ཏ་མ་ལ་སུན་ནས་བདག་ལ་དད་དོ་སྙམ་སྟེ་ཁས་བླངས་ནས་སང་མེ་སྐྱེས་ཀྱི་ཁང་པར་ཆས་པ་དང་། དཔལ་སྦེད་གང་པོ་སར་སོང་སྟེ། དགེ་སྦྱོང་གོའུ་ཏ་མ་ནི་ཁྱིམ་བདག་གི་ཁྱིམ་དུ་བཞུད་དེ། ནང་དུ་བཞུད་ཀར་སྒོ་ཐེམ་ལ་ཞབས་བཞག་ནས་འཛུམ་པ་དང་ཀུན་དགའ་བོས་འཛུམ་པའི་རྒྱུ་དྲིས། དེར་ཇི་ལྟར་དགོངས་པ་དེ་ལྟར་ལུང་བསྟན་པ་ལ་སྐྱེ་བོ་མང་པོ་དད་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་རིང་དེ་ལྟར་གྱིས་ཤིག་བྱས་སོ། །དེ་ནས་གང་པོ་གཅེར་བུ་བ་མང་པོས་བསྐོར་ནས་འོངས་ཏེ་མེ་སྐྱེས་ཀྱི་སྒོ་ཐེམ་རྐང་པ་བཞག་སྟེ་རྟ་བགད་དུ་བགད་པ་དང་། གཅེར་བུ་བ་ཞིག་གིས་དེའི་རྒྱུ་དྲིས་པས། ཀྱེ། ཆུ་བོ་དྲེགས་བྲལ་གྱི་འགྲམ་ན་སྤྲེའུ་ཕོ་ཞིག་གིས་སྤྲེའུ་མོ་ཞིག་མཐོང་བ་ལ་རབ་ཏུ་ཆགས་ཏེ་བརྒྱུགས་པ་དང་ཤིང་རྩེ་ནས་བརྡེག་འཆོས་ནས་འདས་པས། བདག་ནི་སེམས་ཅན་འདི་འདོད་པའི་དབང་གིས་སྡུག་བསྔལ་ལོ་སྙམ་མོ། །དེ་སྐད་ཟེར་མ་ཐག་མེ་སྐྱེས་ཐོས་ནས། གང་པོ་ནི་ཁབ་འཚོང་བ་སླར་ཁབ་རྡུང་བའི་ཁྱིམ་དུ་ཁབ་འཚོང་བར་སེམས་པ་བཞིན་ཏེ། ཅི་ནས་འདི་ལ་ཀྱལ་ཀ་ཞིག་བྱའོ་སྙམ། དེ་དག་འདུག་པ་དང་། བཟའ་བཅའ་བསོད་པས་ཕོར་པ་བཀང་ནས་སྟེང་དུ་ཚོད་མ་བླུགས་ཏེ་བྱིན་ནོ། །གང་པོ་གཅིག་པུ་ལ་ཞབས་སུ་ཚོད་མར་སྟེང་དུ་འབྲས་ཆན་གྱིས་གཡོས་ནས་བྱིན། གཅེར་བུ་བ་ལ་ལས་ཟ་ཞིང་འདུག་པ་དང། བདག་སྟོན་པར་བསམ་སྟེ་ཚོད་མ་ཞིམ་པོ་དང་ཁ་ཟས་བཟང་པོ་སྦྱིན་པར་བསམས་སོ་སྙམ་ནས། ཚོད་མ་བྲིམས་ཟིན་པ་དང་། ཁོས་བསམ་པ། དེ་བྲེལ་བས་བརྗེད་ཀྱི་བདག་གིས་བསྐུལ་ལོ་སྙམ་ནས། ང་ལ་ནི་འབྲས་ཆན་འབའ་ཞིག་


GTN004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོད་མ་མེད་དོ་ཟེར། མེ་སྐྱེས་ཀྱིས་སྨྲས་པ། མི་མཐོང་བ་ནི་མཐོང་བར་བྱེད། །མཐོང་བར་བྱ་བ་མི་མཐོང་སྟེ། །དྲེགས་བྲལ་འགྲམ་གྱི་སྤྲེའུ་མཐོང་ལ། །ཕོར་བུའི་ནང་གི་ཚོད་མ་མིན། །སྨྲས་ནས་ཕོར་བུའི་ཞབས་ཀྱི་ཚོད་མ་བསྟན་པས་དེ་སྐྱེངས་ནས་སྦྱིན་པའི་ཡོན་ཏན་བརྗོད་པའི་ཚེ་མདུན་དུ་མ་འདུག་གོ་ཟེར། དེས་ཟས་ཟོས་ནས་སྦྱིན་པའི་ཡོན་ཏན་བརྗོད་པ། སྦྱིན་བདག་གིས་ནི་སྦྱིན་པའི་དུས། །དགེ་སྦྱོང་གཞན་ནི་ཟ་བའི་དུས། །ལྷག་མ་གཞན་ལ་འོང་བའི་དུས། །བསོད་ནམས་མི་དགེ་ཡོད་མ་ཡིན། །དེ་སྒོ་བས་ཐོས་ནས་འདི་འདྲའི་སྦྱིན་པའི་ཡོན་ཏན་མི་སྲིད། འདི་ལ་ཀྱལ་ཀ་ཞིག་བྱའོ་སྙམ་ནས་འབྲས་ཁུ་བུམ་བ་གང་སྒོ་དྲུང་དུ་ཕོ། སྒོ་གཏན་དྲངས་ནས་བཞག་གོ །གཅེར་བུ་པ་དེ་ཕྱིར་བྱུང་བ་ན་འབྲས་ཁུ་ལ་འདྲེད་དེ་ཀླད་པ་སྒོ་གཏན་ལ་ཕོག་ནས་ཁྲག་བྱུང་ངོ་། །དེ་ནས་སྒོ་བས། སྒོ་གཏན་ཕྱུང་བའི་དུས་ལ་བབ། འབྲས་ཁུ་ཕོ་བའི་དུས་བབ་པས། །མགོ་བོ་སྣད་པའི་དུས་ཡིན་གྱི། །དགེ་དང་མི་དགེའི་དུས་མེད་དོ། །ཞེས་སྨྲས་པས་དེ་ཀླད་པ་ལ་ཁྲག་ཟག་བཞིན་དུ་དཔལ་སྦེད་སར་སོང་སྟེ་མེ་སྐྱེས་ཀྱིས་འདི་འདྲའི་གནོད་པ་བྱས་སོ་ཟེར། དཔལ་སྦེད་ཀྱིས་ཁྱོད་གསོན་པོར་ཐར་གྱིས་ད་སྡོད་ཅིག་དང་། གོའུ་ཏ་མ་ཉན་ཐོས་དང་བཅས་པ་གསད་དོ་ཟེར་ནས་ཁོས་བསམ་པར། འདིའི་དགྲ་ལ་ལན་གླན་གྱི་སྤྱན་འདྲེན་དུ་འགྲོའོ། །གལ་ཏེ་ཐམས་ཅད་མཁྱེན་པ་ཡིན་ན་མི་ཁུག་ལ་མིན་ན་ཁས་ལེན་ནམ་སྙམ་ནས་སྟོན་པའི་དྲུང་དུ་སོང་སྟེ་ཞུས་པས་གནང་ངོ་། །ཁོས་འདི་ནི་ཐམས་ཅད་མཁྱེན་པ་མིན་གྱིས་དགྲའི་ལན་ཀླན་ནོ་སྙམ་ནས། ཁྱིམ་གྱི་སྒོར་དོང་ཆེན་


GTN004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྐོས་ཏེ་ནང་དུ་ཤིང་ཀ་དི་དའི་མེ་བདག་གིས་བཀང་། སྟེང་དུ་རྩྭས་གཡོགས་ཏེ་སས་བཀབ། དུག་རྣོན་པོས་བཟའ་བཏུང་སྦྱར་ཏེ་བཞག་གོ །དེ་ནས་མེ་སྐྱེས་ཀྱི་སྲིང་མོས་དཔལ་སྦེད་ཅི་མཛད། དེ་ན་རེ། དགྲ་གོའུ་ཏ་མ་གསད་པའི་ཕྱིར་རོ། །མོ་ན་རེ་དེ་དགྲ་ཡིན་ན་གཉེན་སུ་མཆིས་ཟེར་བས་དཔལ་སྦེད་ཀྱིས་འདིའང་དགེ་སྦྱོང་གོ་ཏ་མ་ལ་དད་པས་གསང་བ་ཤོར་བར་འགྱུར་རོ་སྙམ་ནས་མོ་བང་མཛོད་དུ་བཅུག་གོ །གང་པོ་སོགས་ལའང་སྦྲན་པས་དེ་དག་དགའ་ནས་ཡང་ཐོག་ཏུ་འཁོད་དོ། །དཔལ་སྦེད་ཀྱིས་སྟན་བཏིང་ནས་སྟོན་པ་སྤྱན་དྲངས་པ་དང་སྟོན་པས་ཀུན་དགའ་བོ་ལ་དགེ་སློང་རྣམས་ལ་དཔལ་སྦེད་ཀྱི་ཁྱིམ་དུ་སངས་རྒྱས་མ་གཤེགས་པར་སྔར་དགེ་སློང་སུའང་མ་འགྲོ་སྒོས་ཤིག །དེས་བསྒོ་ནས་སྟོན་པ་དགེ་འདུན་དང་བཅས་དཔལ་སྦེད་ཀྱི་ཁྱིམ་དུ་གཤེགས་པ་ན། འོད་མའི་ཚལ་གྱི་ལྷ་བྲན་རྣམས་སྟོན་པའི་དྲུང་དུ་འཁོད་དེ། བཅོམ་ལྡན་འདས་དེ་ན་མ་གཤེགས་ཤིག །ཉིད་ལ་མ་རུང་བ་བགྱི་སླད་དེ། དོང་ཆེན་པོ་མེ་མདག་གིས་བཀང་བ་དང་། དུག་རྣོན་པོ་བཟའ་བཏུང་ལ་སྦྱར་ནས་ཡོད་དོ་ཞེས་ཞུས་པས། དེ་བཞིན་གཤེགས་པ་གནོད་པ་ཐམས་ཅད་དང་བྲལ་ན་དེས་ང་ལ་གནོད་པ་བྱར་ཅི་ཡོད་གསུངས་ནས་བྱོན་ནོ། །ཡང་རྒྱལ་པོའི་ཁབ་ཀྱི་ལྷ་དང་དཔལ་སྦེད་ཁྱིམ་གྱི་ལྷས་ཀྱང་སྔ་མ་བཞིན་གསོལ་ཡང་མ་གསན་ནོ། །དེའི་ཚེ་དཔལ་སྦེད་ཀྱི་ཆུང་མ་ནི། ད་ཙམ་དོང་གི་སྟེང་དུ་ཞབས་བཞག །ད་ཙམ་ལྷུང་། ད་ཙམ་ཚིག་གོ་སྙམ་ནས་ངུ་ཞིང་འདུག་གོ །


GTN004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྟོན་པས་དཔལ་སྦེད་གྱི་སྒོའུ་མེ་དོང་སྟེང་དུ་ཞབས་བཞག་མ་ཐག །དེ་ཉིད་མཚེའུ་པདྨ་ཅན་དུ་གྱུར་ཏེ་ཨུཏྤལ་སོགས་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཆུ་བྱ་མང་པོས་སྐད་འབྱིན་པ་ཞིག་ཏུ་གྱུར། ལྷ་རྣམས་ཀྱིས་ནམ་མཁའ་ལས་མེ་ཏོག་གི་ཆར་འབེབས་སོ། །དེ་ནས་སྟོན་པ་པདྨའི་སྙིང་པོ་ཅན་གྱི་སྟེང་དུ་ཞབས་བཞག་སྟེ་དཔལ་སྦེད་ཀྱི་ཁྱིམ་དུ་བྱོན་པས་དཔལ་སྦེད་ངོ་མཚར་ནས། གང་པོ་བཅོམ་ལྡན་འདས་ཀྱིས་རྫུལ་འཕྲུལ་ལ་ལྟོས་ཤིག་སྨྲས་སོ། །གང་པོ་མ་དགའ་སྟེ་བཞིན་བསྒྱུར་ནས་ཁྱོད་དགེ་སྦྱོང་གོའུ་ཏ་མའི་སྒྱུ་ལ་དད་དམ་ཟེར། སྨྲས་པ་ཁྱོད་ཀྱང་ཐམས་ཅད་མཁྱེན་པ་ཡིན་ན་སྒྱུ་མ་དེ་ལྟ་བུ་གྱིས་ཤིག་ཟེར་བས་གང་པོ་ཡི་ཆད་དེ་བྲོས་ནས་སོང་ངོ་། །དཔལ་སྦེད་ཀྱིས་ཆུང་མ་པ་ཚུར་ཤོག་སྟོན་པ་ལ་ཕྱག་འཚོལ་ཅིག །ཁོ་བོ་མངོན་དུ་འབྱུང་མི་ནུས་ཕྱིར་ང་ཁྲིད་ཅིག་སྨྲས་སོ། །དེར་མོས་སྟོན་པའི་དྲུང་ན་ཁྲིད་དེ། འདི་མི་དགེ་བའི་གྲོགས་པོས་བསླུས་ནས་མི་དགེ་བ་དེ་ལྟ་བུ་བྱས་པ་བཟོད་པར་མཛོད་ཅིག་གསོལ་བས་སྟོན་པས་ཕྱག་གླང་པོའི་སྣ་ལྟ་བུ་བརྐྱངས་ནས། ཁྱིམ་བདག་དེ་བཞིན་གཤེགས་པ་ལ་ནི་དགྲ་གཉེན་གྱི་བྱེ་བྲག་མེད་དོ་བཟོད་དོ་གསུངས་ནས་དབུགས་དབྱུང་བས་ཁྱིམ་བདག་རབ་ཏུ་དགའ་སྟེ། བདག་སྡིག་པའི་གྲོགས་པོས་བསླུས་པའི་ཕྱིར་བཤོས་ལ་དུག་རྣོན་པོ་བཏབ་པས་དེ་དག་ཕོ་ལ་ད་གཟོད་སྦྱར་གྱི་ཅུང་ཟད་བཞུགས་ཤིག་ཟེར། ཁྱིམ་བདག་ངས་ནི་དུག་གསུམ་ཡང་བོར་ན་དུག་ངན་པ་དེས་ཅི་བྱར་ཡོད། གང་སྦྱར་བ་དེ་ཁྱེར་ཤོག་གསུངས་ནས་གདན་ལ་བཞུགས་ཏེ། ཀུན་དགའ་བོ། དགེ་སློང་རྣམས་ལ་རྒན་


GTN004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་དུ་འབྱོར་ཚོགས་ཞེས་སྐད་མ་བྱུང་བར་དུ་སུས་ཀྱང་མ་ཟ་གྱིས་ཤིག་གསུངས་པས་དེས་ཀྱང་བསྒོའོ། །དེ་ནས་དགེ་འདུན་བདེ་བར་འཁོད་དེ་ཁ་ཟས་འདྲེན་པ་དང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་དེའི་ཁྱིམ་དུ་འབྱོར་ཚོགས་ཞེས་སྐད་བྱུང་བ་དང་དུག་ཐམས་ཅད་མེད་པར་གྱུར་ཏོ། །དཔལ་སྦེད་དོགས་བཞིན་དུ་ཁ་ཟས་འབྲིམ་ཞིང་རྒན་རིམ་ནས་གཞོན་ནུའི་བར་དུ་འོངས་ཏེ། བཅོམ་ལྡན་འདས་དུག་གསུམ་སྤངས་ཟིན་གྱི་ཉན་ཐོས་ཐམས་ཅད་དེ་ལྟར་མ་ཡིན་པས་ད་ཙམ་རྒན་རིམ་ནས་ཤིའོ་སྙམ་ཡང་གཅིག་ཀྱང་མ་གནོད་དེ། ཐ་ན་དེའི་ལྷག་མ་ཟ་བ་ཚུན་ཆད་ཀྱང་གནོད་པ་མ་གྱུར་བས་རབ་ཏུ་དད་དེ་ཆོས་ཞུས་ནས་བདེན་པ་མཐོང་། དེ་ཚུན་ཆད་མུ་སྟེགས་གཅེར་བུ་པ་རྣམས་ལ་སྒོ་བཅད། འཁོར་རྣམ་པ་བཞི་ལ་སྒོ་དབྱེའོ། །༈ ཡལ་འདབ་དགུ་པ་ནི། རྒྱལ་པོའི་ཁབ་ན་ཁྱིམ་བདག་རབ་ཏུ་བཟང་པོ་ཞེས་བྱ་བ་ལོངས་སྤྱོད་ཤིན་ཏུ་ཆེ་བ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དགའ་མགུར་སྤྱོད་པས་སེམས་ཅན་ཞིག་ཞུགས་སོ། །སྟོན་པ་བསོད་སྙོམས་ལ་བྱོན་པ་དང་ཁྱིམ་བདག་གིས་བདག་གི་མཆིས་བྲང་ལ་སེམས་ཅན་ཞིག་ཞུགས་ན་བུ་དང་བུ་མོ་གང་བཙའ་ཞུས་པས། སངས་རྒྱས་ཀྱིས་བུ་ཕོ་བཙའ་ཞིང་རིགས་གསལ་བར་བྱེད། ལྷ་མིའི་དཔལ་འབྱོར་ཉམས་སུ་མྱོང་། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་


GTN004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཞེས་ལུང་བསྟན་དེས་ཀྱང་བསོད་སྙོམས་ཕུལ་ལོ། །དེར་གཅེར་བུ་པ་ཞིག་ཡོད་པ་དེས་ངས་བསླང་བའི་ཁྱིམ་གཅིག་ཡོད་པ་དེ་ཁ་དྲངས་སོ་སྙམ་ནས། ཁྱིམ་བདག་སར་འོང་སྟེ་འདིར་གོའུ་ཏ་མ་འོང་ངམ་ཟེར། བྱོན་ནོ་སྨྲས་པས་ཅི་ལུང་བསྟན་ཟེར། འདི་ལྟར་བསྟན་ཏོ་བྱས་པས། དེ་རྩིས་ལ་མཁས་ཕྱིར་རྡོ་རྒྱུས་དཀར་པོ་བླངས་ཏེ་བརྩིས་པས་ཐམས་ཅད་བདེན་པར་མཐོང་ནས་ཕྲག་དོག་གི་བསམ་པས་བཞིན་བསྒྱུར་བས་ཅི་ཡིན་ཟེར། དེས་སྨྲས་པ། ཅུང་ཟད་བདེན་ལ་ཅུང་ཟད་རྫུན་ནོ། །བུ་ཕོ་བཙའ་བ་དང་རིགས་གསལ་བར་བྱེད་པ་ནི་བདེན་ཏེ། གསལ་བ་ཞེས་མེའི་མིང་ཡིན་ལ་བཙས་མ་ཐག་ཏུ་ཁྱོད་ཀྱི་ཁྱིམ་མེས་འཚིག་གོ །ལྷ་དང་མིའི་དཔལ་མྱོང་བ་མི་བདེན་ཏེ་མིས་ལྷའི་དཔལ་མྱོང་བ་སུ་ཡོད། རབ་ཏུ་འབྱུང་བ་ནི་བདེན་ཏེ་དེ་བཟའ་རྒྱུ་མེད་པའི་ཕྱིར། དགྲ་བཅོམ་འཐོབ་པ་ནི་མི་བདེན་ཏེ་གོའུ་ཏ་མའང་དགྲ་བཅོམ་མིན་ན་དེའི་ཉན་ཐོས་ལྟ་ཅི་སྨོས་ཟེར་བས་ཁྱིམ་བདག་སྡུག་སྟེ་དོར་བར་བྱའོ་སྙམ་ནས་སྦྲུམ་མ་ལ་སྨན་མ་ཡིན་པ་བྱིན་ནོ། །སྲིད་པ་ཐ་མལ་བ་ཡིན་པས་དེའི་སྨན་དུ་གྱུར་ཏོ། །གསུས་པ་མཉེ་བས་གཡས་དང་གཡོན་དུ་བྲོས་ཤིང་མས་ངུས་པས། ཁྱིམ་མཚེས་འོངས་ནས་ཅིའི་ཕྱིར་ངུ་། བུ་བཙའམ་ཞེས་སྨྲས་པས་སོང་ངོ་། །དེ་ནས་ཁྱིམ་བདག་དེས་ལྐོག་ཏུ་ཆུང་མ་དབེན་པར་ཁྲིད་ནས་བསད་དེ་རོ་སླར་ཁྱིམ་དུ་ཁྱེར། བདག་གི་ཆུང་མ་ཤིའོ་ཞེས་བསྒྲགས་ནས་དུར་ཁྲོད་དུ་ངུ་ཞིང་ཁྱེར་སོང་ངོ་། །གཅེར་བུ་པས་དེ་ཐོས་པས་ཤིན་ཏུ་དགའ་འོ། །


GTN004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་མཁྱེན་ནས་འཛུམ་པར་མཛད་པས་འོད་ཟེར་བཀྱེ་སྟེ་ལས་གཉིས་མཛད་ནས་ཞལ་དུ་ནུབ་བོ། །དེའི་རྒྱུ་ཞུས་པས། སྟོན་པ་དུར་ཁྲོད་དུ་གཤེགས་ཀྱིས་ཆོས་གོས་ལོངས་ཤིག་གསུངས། ལྷ་མི་བརྒྱ་སྟོང་དང་བཅས་ཏེ་བསིལ་བའི་ཚལ་དུ་གཤེགས་པ་ན། བྲམ་ཟེའི་ཁྱེའུ་ཞིག་གིས། གོའུ་ཏ་མས་ལུང་དུ་བསྟན་པ་བརྫུན་ནོ། །རྒྱལ་རིགས་ཀྱི་ཁྱེའུ་ཞིག་གིས། རྒྱལ་བས་བརྫུན་གསུངས་མི་སྲིད་ཀྱི་དེ་ལྟ་ན་དུར་ཁྲོད་དུ་འདེངས་སོ་ཟེར་ནས་སྟོན་པ་ལ་དད་པའི་ཚིགས་སུ་བཅད་པ་སྨྲ་ཞིང་། རྒྱལ་པོ་གཟུགས་ཅན་སྙིང་པོས་ཀྱང་དེ་ཐོས་ནས་སྟོན་པ་དོན་མེད་པར་མི་གཤེགས་ཀྱི་བལྟར་འགྲོའོ་སྙམ་ནས་འོངས་སོ། །སྟོན་པ་བྱོན་ཏེ་གདན་ལ་བཞུགས། ཁྱིམ་བདག་དེས་མེ་སྦར་ཏེ་ཆུང་མའི་རོ་བསྲེགས་པ་དང་ལྟོ་བའི་ཉེ་འཁོར་མ་ཚིག་ཅིང་གཞན་ཐམས་ཅད་ཚིག་གོ །ལྟོ་བའི་ཉེ་འཁོར་དེ་བརྡོལ་བས་པདྨའི་སྙིང་པོ་ལས་གཞོན་ནུ་གཟུགས་བཟང་བ་བལྟ་ན་སྡུག་པ་ཞིག་བྱུང་ངོ་། །སྐྱེ་བོ་རྣམས་ངོ་མཚར་ཞིང་གཅེར་བུ་བའི་ང་རྒྱལ་ཉམས་སོ། །སྟོན་པས་ཁྱིམ་བདག་གཞོན་ནུ་ལོངས་ཤིག་གསུངས་ཀྱང་། དེས་མེས་ཚིག་པའི་ཟོན་གྱིས་མ་བླངས་སོ། །འཚོ་བྱེད་ལོངས་ཤིག་གསུངས་པས་དེས་ཐེ་ཚོམ་མེད་པར་མེ་ནང་དུ་ཞུགས་ནས་བླངས་སོ། །འཚོ་བྱེད་མེས་མ་གནོད་དམ་གསུངས། བདག་རྒྱལ་པོའི་ཕོ་བྲང་དུ་སྐྱེས་ཀྱང་བསིལ་བ་འདི་ལྟ་བུ་སྔར་མ་མྱོང་ལགས་སོ་ཞུས། ཁྱིམ་བདག་ལ་བུ་ཁྱེར་ཞིག་གསུངས། དེས་གཅེར་བུ་པའི་གདོང་དུ་བལྟས་པས་ཁོ་ན་རེ་སྐལ་ཆད་འདི་མ་ཚིག་པས་ཁྱིམ་ངེས་པར་ཚིག་ཅིང་ཁྱོད་ཀྱང་སྲོག་དང་བྲལ་


GTN004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཟེར། དེས་མ་བླངས་པ་དང་གཟུགས་ཅན་སྙིང་པོ་ལ་བུ་འདིའི་མིང་མེ་སྐྱེས་ཏེ་ཁྱོད་ཀྱིས་ལོངས་ཤིག་གསུངས་པས་རྒྱལ་པོས་བླངས་ནས་མ་མ་བརྒྱད་ཀྱིས་བསྐྱེད་བསྲིངས། དེ་ནས་སྟོན་པས་ཆོས་འཆད་པས་སྐྱེ་བོ་ཕལ་ཆེར་འབྲས་བུ་བཞི་ལ་སོགས་པ་ཐོབ་བོ། །དེའི་ཞང་པོ་ཡུལ་གཞན་ཞིག་ཏུ་སོང་བ་དེས། དེ་ལྟ་བུའི་གནས་ཚུལ་ཞིབ་པར་ཐོས་པས། ཁྱིམ་བདག་རབ་བཟང་ལ། ཁྱོད་ཀྱིས་ངའི་སྲིང་མོ་བསད་པའི་བུ་ཡང་མ་བླངས་པས་རྒྱལ་པོ་ལ་ཞུ་འོ་སོགས་ཀྱིས་བསྔངས་པས་དེས་རྒྱལ་པོའི་མདུན་དུ་སོང་ནས་བུ་གནང་བར་ཞུས་པ་ན་སྟོན་པ་ལ་ཞུས་གསུངས། སྟོན་པས་གནང་བས་རྒྱལ་པོས་བསྐུར་བར་བརྩམས་ཏེ་འདི་ངས་བསྐྱེད་བསྲིངས་པས་ང་བལྟ་བའི་ཕྱིར་ཉིན་རེ་བཞིན་ལན་གསུམ་གསུམ་དུ་ཤོག་གསུངས་ནས་རྒྱན་མང་པོས་བརྒྱན་གླང་པོར་བསྐྱོན་ནས་བཏང་ངོ་། །འཇིག་རྟེན་ན་ཕ་མ་ཤི་བར་བུའི་མིང་མི་བསྒྲག་པ་ལ་དེའི་ཚེ་ཕ་ཤི་ནས་མེ་སྐྱེས་ཁྱིམ་བདག་ཏུ་གྱུར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་མ་བསད་པའི་སར་གཙུག་ལག་ཁང་བརྩིགས་པར་ཀུ་མཉེའི་ཚལ་གྲགས། དེའི་ཞང་པོས་གཏམ་ཐོས་ནས་ཙནྡན་ས་མཆོག་གི་ལྷུང་བཟེད་རིན་པོ་ཆེས་གང་བ་ཞིག་སྐྱེས་སུ་བསྐུར་རོ། །དེས་ཤིང་རིང་པོའི་རྩེ་ལ་བཏགས་ནས་འདི་སྐས་དང་ལྕགས་ཀྱུ་སོགས་མིན་པའི། དགེ་སྦྱོང་ངམ། བྲམ་ཟེ་རྫུ་འཕྲུལ་ཅན་ཞིག་གིས་ཁྱེར་ཅིག་སྨྲས་སོ། །དེ་འོད་སྲུང་སྟོབས་བཅུ་པས་མཐོང་ནས་ལག་པ་གླང་པོ་ཆེའི་སྣ་ཞགས་ལྟ་བུས་བླངས་ནས་ཁྱེར་རོ། །


GTN004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྐྱེས་ནི་ལྷའི་བདེ་སྐྱིད་གྱི་དཔལ་ཉམས་སུ་མྱོང་ལ། དེའི་ཚེ་རྒྱལ་པོའི་ཁབ་ན་བྲམ་ཟེ་བཟའ་མི་གཉིས་ཡོད་པའི་དེའི་ཆུང་མས་རས་བལ་ཉོས་ནས་འཁལ་ཏེ་འཐགས་སུ་བཏགས། འདི་ཚོང་དུས་སུ་ཁྱེར་ལ་ཀརྴ་པ་ན་སྟོང་སྟེར་ན་བྱིན་མ་ཡིན་ན་ཚོང་འདུས་མ་ཡིན་ནོ། །ཞེས་སྒྲོགས་ཤིག་ཟེར། དེས་ལན་གཉིས་སུ་ཚོང་འདུས་སུ་ཕྱིན་ནས་འགྲིམས་ཀྱང་ཉོ་མཁན་མ་བྱུང་བའི། རྗེས་མར་ཤོ་གམ་པ་ལས་བྱུང་བའི་རས་གཞན་ཞིག་ཀྱང་ཁྱེར་ནས་སོང་ཡང་སུས་མ་ཉོས་པས་ཚོང་འདུས་མ་ཡིན་ནོ་ཞེས་བསྒྲགས་པ་མེ་སྐྱེས་ཀྱིས་ཐོས་ནས་ལོ་རྒྱུས་དྲིས། དེའི་རྒྱུ་བཤད་པས་འདིར་ཁྱེར་ཤོག་ཟེར། ཁྱེར་ནས་བལྟས་པ། མ་སྤྱད་པ་འདིས་ལྔ་བརྒྱ་རི། སྤྱད་པ་འདིས་ཉིས་བརྒྱ་ལྔ་བཅུ་རི་སྨྲས་པས། ཁྱད་མེད་ཟེར། མེ་སྐྱེས་ཀྱིས་མངོན་དུ་བསྟན་གྱིས་བྱས་ནས། གཉིས་ཀ་ནམ་མཁར་བོར་བས་མ་སྤྱད་པ་དེ་ལྡིང་། སྤྱད་པ་དེ་ལྷུང་། ཚེར་མ་ལ་དྲུད་པ་མ་སྤྱད་པ་མ་ཐོགས། སྤྱད་པ་དེ་འཐོགས་སོ། །ཁོ་ན་རེ། ཁྱེད་མཐུ་ཆེ་བ་ཡིན་གྱིས་གང་དགར་གྱིས་ཟེར། དེར་མགྲོན་པོ་ཡིན་པས་མཆོད་པའི་ཕྱིར་སྟོང་བྱིན་ནོ། །མེ་སྐྱེས་ཀྱིས་མ་སྤྱད་པ་དེ་ཁྲུས་རས་བྱས། སྤྱད་པ་དེ་ཁྱེའུ་ཞིག་ལ་བྱིན། དེར་ཁྲུས་རས་བསྐམས་པར་རླུང་གིས་ཁྱེར་ནས་གཟུགས་ཅན་སྙིང་པོའི་པང་དུ་ལྷུང་བ་དང་། འདི་ག་ལས་འོངས་བློན་པོ་ན་རེ། ང་ལས་ནུ་བཞིན་དུ་གོས་ཀྱི་ཆར་ཏེ་རིན་པོ་ཆེའི་ཆར་ཡང་བབ་བོ་ཟེར། རྒྱལ་པོས་མེ་སྐྱེས་ལ་ལྷའི་དཔལ་མྱོང་བར་ལུང་བསྟན་གྱི་བོས་ཤིག་གསུངས། བོས་ནས་བྱིན་པས་ཅུང་ཟད་བགད་ནས་འདི་བདག་གིའོ་


GTN004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། ཅི་ལྷ་མིའི་དཔལ་མྱོང་ངམ་གསུངས་པས། མྱོང་ངོ་ཟེར། ང་སྤྱན་མི་འདྲེན་ནམ་གསུངས་། འདྲེན་ནོ་ཟེར། རྒྱལ་པོ་དེར་བྱོན་པ་དང་། བུད་མེད་ཀྱི་འཁོར་ཕྱི་པ་མཐོང་ནས་དབང་པོ་ཕྱིར་སློན་པར་བྱེད་དོ། །ཅིའི་ཕྱིར་འདི་ལྟར་བགྱིད། མནའ་མའོ། །མ་ལགས་སོ་ཕྱི་པའི་འཁོར་རོ། །དེ་བཞིན་ཏུ་བར་མ་ལའང་ངོ་། །བར་སྒོ་ནས་རྫིང་ཆུས་གང་བ་ལ་ཉ་རྒྱུ་བ་ལྟ་བུའི་འཕྲུལ་འཁོར་མཐོང་ནས་ལྷམ་ཕུད་པ་ན། ཅིའི་ཕྱིར། ཆུ་འབོག་པའོ། །ཆབ་མ་ལགས་ཏེ་རིན་པོ་ཆེའི་ས་གཞི་དང་ཉ་ནི་འཕྲུལ་འཁོར་རོ། །ཐུགས་མ་ཆེས་ནས་སོར་གདུབ་སྐྱུར་བས་ཀོ་ལ་ལ་ཟེར་ནས་སོང་བས་ཡིད་ཆེས་ཏེ་རིན་པོ་ཆེའི་ཁྲི་ལ་བསྡད། མནའ་མས་ཕྱག་འཚལ་བ་དང་མཆི་མ་བྱུང་། ཅིའི་ཕྱིར་ངུ་། མ་ཡིན་ཏེ་ཤིང་དུད་མནམ་པས་སོ། །དེ་ལྟར་ལྷ་མིའི་དཔལ་ལ་སྤྱོད་ཅིང་འདུག་པ་ན་རྒྱལ་པོའི་བྱ་བ་ཉམས་ནས་མ་སྐྱེས་དགྲས་སྦྲོན་དུ་བཏང་བས། ཁྱོད་ཀྱིས་ཞག་གཅིག་ཙམ་རྒྱལ་སྲིད་ཀྱི་བྱ་བ་བྱེད་མི་ནུས་སམ། བདག་གིས་དགུང་བདུན་དུ་འཚལ་ལོ། །མེ་སྐྱེས་ན་རེ། དེ་ལགས་ཏེ། མེ་ཏོག་ཁ་ཕྱེ་འཛུམ། ནོར་བུ་འོད་འབར་མི་འབར། བྱ་སྐད་འབྱིན་མི་འབྱིན་ལས་ཤེས་སོ། །མ་སྐྱེས་དགྲས་ནོར་བུ་ཞིག་བརྐུས་ནས་ཁྱེའུ་ཞིག་ལ་གཏད་པས། དེ་རང་གནས་སུ་སོང་ནས་བརྡེགས་པ་དང་། ཅི་ལ་བརྡེག །ང་རྐུན་མ་ཡིན་ན་འདི་དེ་བས་ཀྱང་རྐུན་ཆེན་པོ། མ་ལགས་ཏེ་རང་གནས་སུ་སོང་བ་ལགས། གཞོན་ནུ་ཅི་དགོས་པ་སྣོམས་ཤིག །དེ་སྐྱེངས་ནས་ཕ་ཤི་བ་དང་དབང་པོ་སྙམ་མོ། །མ་སྐྱེས་དགྲས་ཕ་སྲོག་དང་ཕྲལ་རང་རྒྱལ་པོར་སོང་བའི་ཚེ་ན།


GTN004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྐྱེས་ལ་ཁྱོད་དང་ང་སྤུན་ཡིན་པས་བགོའོ་ཟེར། དེ་སྐྲག་ནས། ཁྱོད་ལ་དབང་ན་བགོ་ཅི་འཚལ་འདིར་གཤེགས་སུ་གསོལ་བྱས་པ་ན། ལེགས་ཟེར་ནས་བརྗེས་པས་ལྷའི་ལོངས་སྤྱོད་དེ་མི་སྣང་བར་གྱུར་ནས་མེ་སྐྱེས་སར་སོང་། དེ་ལྟར་ལན་བདུན་དུ་གྱུར་པས་རྐུན་པོ་བཏང་ནས་འཛེགས་པ་དང་སྒྲ་བྱུང་བས་མེ་སྐྱེས་ཀྱིས་འདུག་པར་གྱུར་ཅིག་བསམ་པས་དེ་ཉིད་ན་འཁོད་དོ། །མ་སྐྱེས་དགྲས། ཐོང་ཞིག་ཟེར་བས་འགྲོ་བར་གྱུར་ཅིག་སྙམ་པས་སོང་ངོ་། །དེ་ནས་འདིས་ཕའང་བསད་པས་གསོད་ངེས་སྙམ་ནས་མེ་སྐྱེས་ཀྱིས་ལོངས་སྤྱོད་རྣམས་སྦྱིན་པར་བཏང་ནས་སྟོན་པའི་དྲུང་དུ་སོང་། ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་བོ། །དེའི་རྒྱུ་ཞུས་པས། སངས་རྒྱས་རྣམ་གཟིགས་ཀྱི་ཚེ་ཕོ་བྲང་རྩ་ལག་ཅན་ན་རྒྱལ་པོ་མཉེན་ལྡན་ཞེས་བྱ་བས་རྒྱལ་སྲིད་བྱེད་དོ། །ཁྱིམ་བདག་ཉེས་མེད་ཅེས་བྱ་བས་སྟོན་པ་ལ་ཟླ་བ་གསུམ་དུ་བསྙེན་བཀུར་ཞུས་པས་གནང་ངོ་། །དེའི་རྗེས་སུ་རྒྱལ་པོས་ཟླ་བ་གསུམ་དུ་བསྙེན་བཀུར་ཞུས་པས་ཉེས་མེད་ཀྱིས་སྤྱན་དྲངས་ཟིན་ཏོ། །རྒྱལ་པོས་ཉེས་མེད་ལ་སྔོན་ལ་ངས་གསོལ་ནས་ཁྱོད་ཀྱིས་ཕྱིས་སུ་དགའམ་གསུངས། བདག་གིས་སྤྱན་དྲངས་ཟིན་པས་སྔོན་ལ་གསོལ་ལོ་ཟེར། འོ་ན་སུ་བཟང་བས་སྔོན་ལ་གསོལ་ལོ་གསུངས། དེ་ལྟར་བགྱིའོ་ཟེར་ནས་སོང་། ཉེས་མེད་ཀྱིས་སྔོན་དུ་དྲངས་རྒྱལ་པོས་རྗེས་སུ་དྲངས་པས་ཁྱད་མེད་གྱུར། རྒྱལ་པོ་སེམས་ལས་ཆེར་གྱུར་པ་ན་བློན་པོ་ཞིག་གིས་ལྷ། ཤིང་འཚོང་བ་ཁོགས་ཤིག་དང་འགྲུབ་པར་འགྱུར་ཟེར། བཀག་པས་དེ་


GTN004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤིང་འཚོང་བ་མེད་པ་དང་། སྤོས་ཤིང་གིས་གདུགས་ཚོད་གཡོས། འབྲུ་མར་གྱིས་བརླན་པའི་རས་ཀྱིས་བག་ཆོས་བཙོས་པས་དྲི་ཞིམ་པོས་ཀུན་ཏུ་ཁྱབ་པ་རྒྱལ་པོས་ཚོར་ནས་ཅི་ཡིན་དྲིས། བློན་པོས་འདི་ལྟར་རོ་ཞེས་གསོལ་བས། ངས་དབང་བྱེད་དོ་གསུངས། ལྷ་ཁྱིམ་བདག་འདི་ལ་བུ་མེད་པས་ཤི་མ་ཐག་ནོར་ཁྱེད་ལ་མངའ་བར་འགྱུར་གྱིས་ཤིང་འཚོང་བ་གནང་མཛོད་གསོལ་བས། གནང་བ་དང་ཉེས་མེད་ཀྱིས་ཐོས་ནས། རྒྱལ་པོ་མ་དང་ལྷན་ཅིག་བསྲེག་ཀྱང་ཆོག་པའི་ཤིང་ཡོད་དོ་ཟེར། རྒྱལ་པོ་ཐུགས་མ་བདེ་བ་ན། བློན་པོས་དེ་འདྲ་མ་མཛད། ལྷའི་གྲོང་ཁྱེར་འདྲ་བའི་བཀོད་པ་ཕུན་སུམ་ཚོགས་པར་བཤམས་ནས་སྟོན་པ་སྤྱན་དྲངས་ཏེ། སྟོན་པའི་སྟེང་དུ་གླང་ཆེན་མཆོག་གིས་གདུགས་རྩིབས་བརྒྱ་པ་བཟུང་། དགེ་སློང་གཞན་ལ་གླང་ཆེན་ཕལ་གྱིས་གདུགས་བཟུང་། སྟོན་པ་ལ་བཙུན་མོ་དམ་པས་བསིལ་ཡབ་གཡོབ། གཞན་ལ་བཙུན་མོ་གཞན་གྱིས་གཡོབ་བོ་ཟེར་བས་དེ་ལྟར་བཤམས་པ་ན། ཉེས་མེད་ཀྱིས་ཚོར་ཏེ། གཞན་ནུས་ཀྱང་གླང་ཆེན་དང་བཙུན་མོ་མི་འབྱོར་སྙམ། མྱ་ངན་གྱིས་གདུང་བ་བརྒྱ་བྱིན་གྱིས་རྟོགས་ནས་ལྷའི་བུ་ལས་སྣ་ཚོགས་པ་ཉེས་མེད་ཀྱི་གྲོགས་ལ་བཏང་། དེས་སྔར་བས་ཆེས་ཁྱད་པར་དུ་འཕགས་པའི་གྲོང་ཁྱེར་ཞལ་ཟས་བཤམས། སྟོན་པའི་དབུ་ཐད་རྩིབས་བརྒྱ་པའི་གདུགས་གླང་ཆེན་ས་སྲུང་གིས་འཛིན། དགེ་སློང་རྣམས་ལ་ལྷའི་གླང་ཆེན་གཞན་གྱིས་གདུགས་འཛིན། སྟོན་པའི་སྤྱན་སྔར་བརྒྱ་བྱིན་གྱི་བཙུན་མོ་བདེ་སོགས་མས་བསིལ་ཡབ་གཡོབ། གཞན་ལ་ལྷའི་བཙུན་
མོ་མང་པོས་བསིལ་ཡབ་གཡོབ་ཏུ་བཅུག་གོ །རྒྱལ་པོས་བལྟ་རུ་བཏང་བ་ཀུན་ཡ་མཚན་ཏེ་དེ་ཉིད་དུ་བསྡད་པ་དང་། རྒྱལ་པོ་སོང་སྟེ་སྒོར་བསྡད་པས་སྟོན་པས། ཁྱོད་ཀྱིས་རྒྱལ་པོ་བདེན་པ་མཐོང་བ་ལ་ཚིག་རྩུབ་སྨྲས་པས་བཤགས་པ་ཕུལ་ཅིག་གསུངས། དེས་རྒྱལ་པོ་ལ་བཟོད་པར་གསོལ་ནས། ལྷ་ནང་དུ་གཤེགས་ལ་ཕྱག་ནས་བྲིམ་པར་མཛོད་ཅིག་ཟེར། ནང་དུ་བྱོན་པས་ལྷའི་འབྱོར་པ་མཐོང་ནས་ངོ་མཚར་ཏེ། ཁྱོད་གཅིག་པུས་གདུགས་ཚོད་གསོལ་བར་རིགས་ཀྱི། ཁོ་བོ་མ་ཡིན་ནོ་ཟེར། དེ་ནས་ཉེས་མེད་ཀྱིས་སྟོན་པ་ལ་ཕྱག་འཚལ་ནས། དགེ་བ་འདིས་བདག་ཕྱུག་ཅིང་ལོངས་སྤྱོད་ཆེ་བར་སྐྱེས། ཆོས་ཚུལ་འདི་ལྟ་བུ་ཐོས་ནས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ད་ལྟ་འབྱོར་པ་ཆེ་བ་སོགས་ཡིན་ལ་རྒྱལ་པོར་ཚིག་རྩུབ་སྨྲས་པས་ཚེ་རབས་ལྔ་བརྒྱར་མ་དང་ལྷན་ཅིག་བསྲེགས་ཤིང་ད་ལྟའང་བསྲེགས་སོ། །༈ ཡལ་འདབ་བཅུ་པ་ནི་གོ་སླའོ། །

ཡལ་འདབ་བཅུ་གཅིག་པ་ནས་ཉི་ཤུ་པའི་བར།


GTN004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་བཅུ་གཅིག་པ་ནི། སྟོན་པའི་གཅུང་དགའ་བོ་ཞེས་བྱ་བ་ལུས་གསེར་གྱི་མདོག་འདྲ་ཞིང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་དང་ལྡན་པ། སྟོན་པ་ལས་སོར་བཞིར་ཐུང་བ་ཞིག་ཡོད་པ་དེ། དེའི་ཆུང་མ་གཟུགས་མཛེས་པ། བལྟ་ན་སྡུག་པ་ཡིད་དུ་འོང་བ་


GTN004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་མ་ཞེས་བྱ་བ་ཡོད་པ་དེ་ལ་ལྷག་པར་ཆགས་སོ། །སྟོན་པས་དེ་གདུལ་བའི་དུས་ལ་བབས་པར་མཁྱེན་ནས། ཞམ་རིང་ཀུན་དགའ་བོ་དང་བཅས་སེར་སྐྱའི་གནས་སུ་བསོད་སྙོམས་ལ་གཤེགས་སོ། །སྟོན་པ་དགའ་བོའི་སྒོར་ཞུགས་ནས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུས་ཁྱིམ་དེར་སྣང་བར་བྱས་སོ། །དགའ་བོས་ངེས་པར་སྟོན་པ་གཤེགས་སོ་སྙམ་ནས། མི་ཞིག་ལྟར་བཏང་བས་སྟོན་པ་མཐོང་སྟེ་མགྱོགས་པར་དགའ་བོ་ལ་སྨྲས་སོ། །དགའ་བོ་གུས་པ་དང་བཅས་འགྲོ་བ་ན། མཛེས་མས་འདི་སྟོན་པའི་སྤྱན་སྔར་སོང་ན་ངེས་པར་རབ་ཏུ་བྱུང་བར་འགྱུར་རོ་སྙམ་ནས་གོས་ཀྱི་མཐའ་ནས་བཟུང་སྟེ། རྗེའི་སྲས་བཞུགས་ཤིག་ཟེར། ཐོང་ཞིག་དང་སྟོན་པའི་ཞབས་ལ་ཕྱག་འཚལ་ནས་སླར་འོང་ངོ་སྨྲས་སོ། །དེས་དེ་ལ་དཔྲལ་བར་མཆིལ་མ་བཏབ་ནས། འདི་མ་བསྐམ་བར་གཤེགས་ཤིག །མ་ཡིན་ན་བདག་ཀརྴ་པ་ཎ་ལྔ་བརྒྱ་དབང་པོ་ཟེར། དེ་ལྟར་བྱ་ཡི་སྨྲས་ནས་སྟོན་པའི་ཞབས་ལ་ཕྱག་འཚལ་ཏེ། སྟོན་པ་ལས་ལྷུང་བཟེད་བླངས་ནས་བཟའ་བཅའ་གཙང་ཞིང་བསོད་པས་ལྷུང་བཟེད་བཀང་ནས་བྱུང་བ་དང་། སྟོན་པ་གཤེགས་ནས་ཀུན་དགའ་བོ་ལའང་མ་ལེན་པའི་བརྡ་མཛད་དོ། །དེར་སྟོན་པ་ནི་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཡིན་པས། བཞེས་ཤིག་སྨྲ་མ་ནུས་སོ། །ཀུན་དགའ་བོ་ལ་ཕུལ་བ་ན། གང་ལས་བླངས་པ་དེ་ཉིད་ལ་ཕུལ་ཅིག་གསུངས། དེར་སྤོབས་པ་མེད་པར་གྱུར་ནས་ལྷུང་བཟེད་ཁྱེར་ཏེ་སྟོན་པ་གཙུག་ལག་ཁང་དུ་གཤེགས་ཏེ་བཞུགས་པ་ལ་ཕུལ་ལོ། །སྟོན་པས་ཡབ་ཡུམ་དང་མཁན་སློབ་དང་། བླ་མའི་གནས་དག་གི་


GTN004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྡན་གྱི་ཚིག་འགའ་ཡང་མ་བཅག་པས་བདག་རབ་ཏུ་འབྱུང་ངོ་ཞུས་སོ། །ཀུན་དགའ་བོ་སོང་ལ་དགའ་བོའི་སྐྲ་དང་ཁ་སྤུ་བྲེགས་ཤིག་གསུངས། ཀུན་དགའ་བོས་འདྲེག་མཁན་གཉེར་ཏེ། འདྲེག་པར་བརྩམས་པ་ན། དགའ་བོས། ང་རིང་པོར་མི་ཐོགས་པར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བས། འདྲེག་མཁན་ཁྱོད་ཀྱིས་ངའི་སྐྲ་དང་ཁ་སྤུ་བྲེགས་ན་ངས་ཁྱོད་ཀྱི་ལག་པ་མཁྲིག་མ་མན་ཆད་བཅད་དོ། །ཞེས་བསྡིགས་པས་དེ་སྐྲག་སྟེ་འདུག་པ་དང་ཀུན་དགའ་བོས་གསོལ་ཏོ། །དེ་ནས་སྟོན་པས་དགའ་བོ་སར་གཤེགས་ཏེ། དགའ་བོ་ཁྱོད་རབ་ཏུ་མི་འབྱུང་ངམ་གསུངས། བདག་རབ་ཏུ་འབྱུང་ངོ་ཞུས། དེར་སྟོན་པས་མགོ་ལ་ཆུ་བླུགས་ཤིང་འདྲེག་མཁན་གྱིས་སྐྲ་དང་ཁ་སྤུ་བྲེགས་པ་དང་དེས་བསམ་པ། རེ་ཞིག་སྟོན་པ་ལ་གུས་ཕྱིར་རབ་ཏུ་བྱུང་ལ་སྲོད་ལ་བྲོས་སོ་སྙམ་ནས་དེ་ལྟར་བྱས་པ་དང་སྟོན་པས་གཡང་ས་ཤིག་སྤྲུལ་བས། བདག་མཛེས་མ་དང་ཐག་རིང་ཞིང་འཆིར་དོགས་པས་ནམ་ལངས་ཏེ་འགྲོའོ་སྙམ། དེ་བཟང་མོ་ལ་རྟོག་ཅིང་སྡུག་བསྔལ་བས་མཚན་མོ་འདས་སོ། །སྟོན་པས་དེའི་སེམས་མཁྱེན་ནས། ཀུན་དགའ་བོ་ཁྱོད་སོང་ལ་དགའ་བོ་ལ་ཁང་སྐྱོང་གྱིས་ཤིག་སྒོས། དེ་ལྟར་བསྒོ་བ་དང་ཁང་སྐྱོང་ཞེས་བྱ་བ་ཇི་ལྟར་ལགས་ཟེར། ཀུན་དགའ་བོས་ཁང་སྐྱོང་ནི་གཙུག་ལག་ཁང་ཕྱག་དར་བྱ། བ་ལང་གི་ལྕི་བ་གསར་པས་སྐྱང་ནུལ་བྱ། གཙུག་ལག་ཁང་སྲུང་བ་དང་། དགེ་འདུན་ལ་དྲི་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པས་བྲིམ་པར་བྱ། མཚན་མོར་སྒོ་བཅད་ཅིང་ནང་པར་དབྱེ་བར་བྱ། བཤང་བ་དང་


GTN004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གཅི་བའི་གནས་སྦྱང་བར་བྱ། གཞན་ཡང་གཙུག་ལག་ཁང་དང་འབྲེལ་བའི་བྱ་བ་རྣམས་བྱའོ་གསུངས། དེ་བཞིན་འཚལ་ལོ་ཞེས་ཟེར། དགེ་སློང་རྣམས་བསོད་སྙོམས་ལ་ཞུགས་པ་དང་། དགའ་བོ་གཙུག་ལག་ཁང་ཕྱགས་ལ་འགྲོའོ་སྙམ་ནས་ཕྱག་བདར་བྱས་པ་དང་། སྟོན་པས་ཁྱམས་གཅིག་ཕྱགས་པས་གཉིས་པ་ཕྱག་དར་གྱིས་གང་བར་བྱིན་གྱིས་བརླབས་སོ། །ཕྱག་དར་བོར་ལ་འགྲོའོ་སྙམ་ཀྱང་ཕྱག་དར་ཕོ་བས་ཟད་པར་མ་གྱུར་ནས་སྒོ་བཅད་ལ་འགྲོའོ་སྙམ། སྒོ་བཅད་པ་དང་། གནས་ཁང་གཅིག་གིས་སྒོ་བཅད་པའི་ཚེ་གཞན་བྱེ་བར་གྱུར་བས། བདག་རྒྱལ་པོར་གྱུར་དུས་འདི་བས་ཆེས་ལྷག་པའི་གཙུག་ལག་ཁང་བྱ་ཡི་འགྲོའོ་སྙམ་སྟེ་དེས་གསེས་ལམ་ནས་ཕྱིན་པས། སྟོན་པས་མཁྱེན་ནས་དེའི་ལམ་ཉིད་དུ་གཤེགས་སོ། །དེས་སྟོན་པ་ཐག་རིང་པོ་ནས་མཐོང་བས་དེ་དང་ཧ་ཅང་མི་རིང་བ་ན་ཤིང་ཡལ་ག་སྟུག་པོ་ཐུར་དུ་འཕྱང་བ་ཞིག་མཐོང་ནས་མྱུར་དུ་སོང་སྟེ་དེའི་འོག་ཏུ་གབ་པ་དང་། སྟོན་པས་ཤིང་དེའི་ཡལ་ག་རྣམས་གྱེན་དུ་འཕགས་པར་བྱིན་གྱིས་རླབས་ནས། དགའ་བོ་ཁྱོད་གར་འགྲོ་ཚུར་ཤོག་གསུངས་དེ་སྟོན་པའི་ཕྱི་བཞིན་དུ་ངོ་ཚ་བའི་ཡིད་དང་བཅས་སོང་ངོ་། །དེར་སྟོན་པས། འདི་ཤིན་ཏུ་བཟང་མོ་ལ་ཆགས་པས་དེ་དང་ཕྲལ་བར་བྱའོ་དགོངས་ནས། སེར་སྐྱའི་གནས་ནས་མཉན་ཡོད་དུ་གཤེགས་པ་དང་། རི་དྭགས་འཛིན་གྱི་མ་ས་གས་སྟོན་པའི་གཅུང་དགའ་བོ་ལུས་གསེར་མདོག་འདྲ་བ། མཚན་སུམ་ཅུ་ཅན་སྟོན་པ་ལས་སོར་བཞིས་ཐུང་བ་དེ་སྟོན་པ་དང་ལྷན་ཅིག་འདིར་འོངས་སོ་ཞེས་ཐོས་ནས། དེ་བདག་གིས་


GTN004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཐོང་སྙམ་མོ། །དེ་ནས་རེ་ཞིག་ན་དེར་དགའ་བོ་བསོད་སྙོམས་བྱོན་ནས་རིམ་གྱིས་ས་གའི་ཁྱིམ་དུ་སླེབས་པ་དང་། དེས་འདི་ནི་ངེས་པར་དགའ་བོ་ཡིན་ནོ་སྙམ་ནས་དད་པ་སྐྱེས་ཏེ་རྐང་པར་ཕྱག་བྱས་སོ། །དེས་དེའི་རྐང་པ་ལ་རེག་པ་ན། བུད་མེད་ཀྱི་རེག་པ་ནི་གདུག་པ་ཡིན་པས་དེ་འདོད་ཆགས་བདོ་བའི་ཁུ་བ་ཤོར་བ་ས་གའི་མགོར་ལྷུང་ངོ་། །དེ་སངས་རྒྱས་ཀྱིས་དགོངས་ནས་ཏུ་རུ་ཀའི་འབྲུ་མར་དུ་བྱིན་གྱིས་བརླབས་སོ། །ས་གས། འདི་ན་ཏུ་རུ་ཀའི་འབྲུ་མར་རྩིས་འབྱུང་ངེས་པར་དགའ་བོས་ཁུ་བ་ཤོར་བ་དང་སངས་རྒྱས་ཀྱི་ཐུགས་རྗེར་ཤེས་ནས། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ལེགས་པར་གསུངས་པར་ཉིད་འདི་ལྟར་དགའ་བོ་སོགས་འདོད་ཆགས་ཆེས་ཆེ་བ་དག་ཀྱང་ཚངས་པར་སྤྱོད་དོ་ཞེས་ཆེད་དུ་བརྗོད་དོ། །སྟོན་པས་དགའ་བོ་འདི་ད་དུང་བཟང་མོ་ལ་ཆགས་པས་འདི་ལ་ཐབས་ཤིག་བྱ་དགོངས་ནས་ཁྱོད་ཀྱིས་རི་སྤོས་ཀྱི་ངད་ལྡང་མཐོང་ངམ། མ་མཐོང་ལགས། དེ་ལྟར་ན་དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་ཐུ་བར་ཟུངས་ཤིག །དེས་བཟུང་བ་དང་། ནམ་མཁར་འཕགས་ཏེ་རི་སྤོས་ངད་ལ་གཤེགས་པ་ན། ས་ཧ་ཀ་རའི་ཤིང་སྡོང་ཞིག་གི་དྲུང་ན་སྤྲ་མོ་ཞར་མ་ཞིག་འདུག །སྟོན་པས། སྤྲ་མོ་ཞར་མ་འདི་དང་བཟང་མོ་གཉིས་གཟུགས་གང་བཟང་གསུངས། འདིས་བཟང་མོའི་བརྒྱ་སྟོང་གི་ཆར་ཡང་མི་ཉེ་བཟང་མོ་ནི་ལྷའི་བུ་མོ་དང་འདྲའོ་ཟེར། དགའ་བོ་དེ་ལྟར་ན་ཆོས་གོས་ཀྱི་ཐ་མར་ཟུངས་ཤིག །དེས་བཟུང་ནས་སྟེང་གི་ནམ་མཁར་འཕགས་ཏེ།


GTN004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཁད་ཀྱིས་སུམ་ཅུ་རྩ་གསུམ་གྱི་དགའ་བའི་ཚལ་དུ་བཞུགས་ནས། དགའ་བོ་སོང་ལ་སུམ་ཅུ་རྩ་གསུམ་པའི་ལྷ་ལྟོས་ཤིག །དེས་སྐྱེད་མོས་ཚལ་རྣམས་བལྟས་པ་ན་གཅིག་བས་གཅིག་ལེགས་པར་མཐོང་། གྲོང་ཁྱེར་བལྟ་ན་སྡུག་ཏུ་སོང་བས། པི་ཝཾ་དང་གླིང་བུ་སོགས་རོལ་མོ་སྣ་ཚོགས་བཞག་པ་ན་ལྷའི་བུ་དང་བུ་མོ་དག་ལྷན་ཅིག་རྩེ་བར་མཐོང་། ཕྱོགས་ཤིག་ན་གཞལ་མེད་ཁང་ཞིག་ཏུ་ལྷའི་བུ་མེད་ཅིང་བུ་མོས་གང་བ་ལ། འདིར་ལྷའི་བུ་མེད་པ་ཅི་ཡིན་དྲིས་པས། དེ་དག་ན་རེ། གཅུང་དགའ་བོ་སྟོན་པའི་སྤྱན་སྔར་ཚངས་པར་སྤྱོད་པས་ཤི་ནས་འདིར་འོང་བར་འགྱུར་གྱི་བདག་ཅག་དེ་ལ་སྡོད་དོ་ཟེར། དེ་དགའ་ནས་མྱུར་བར་སྟོན་པའི་སྤྱན་སྔར་འོངས་པ་དང་། ཁྱོད་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་མཐོང་ངམ་གསུངས། ཇི་ལྟར་མཐོང་བའི་ཚུལ་གསོལ་བ་དང་། བཟང་མོ་དང་ལྷའི་བུ་མོ་དེ་དག་གཟུགས་གང་བཟང་གསུངས། ལྷའི་བུ་མོར་བཟང་མོས་བརྒྱ་སྟོང་གི་ཆར་ཡང་མི་ཉེའོ་ཞུས་སོ། །ཚངས་སྤྱོད་ལ་གནས་ན་ཕན་ཡོན་འདི་དང་གཞན་དག་ཀྱང་ཡོད་ཚུལ་གསུངས་པས་སྟོན་པའི་བཀའ་ལ་ཡི་རངས་ནས་ཅང་མི་སྨྲའོ། །དེ་ནས་མཉན་ཡོད་དུ་གཤེགས་སོ། །དགའ་བོ་ནི་ལྷའི་འཇིག་རྟེན་ལ་བསམ་ནས་ཚངས་པར་སྤྱོད་པ་ན། སྟོན་པས། ཀུན་དགའ་བོ། དགེ་སློང་རྣམས་ལ་ཁྱེད་ཅག་སུས་ཀྱང་དགའ་བོ་དང་ལྷན་ཅིག་མི་སྡོད་གཏམ་མ་སྨྲ་ཤིག་གསུངས། དེ་སྐད་བསྒོ་བས་དགེ་སློང་རྣམས་ཀྱིས་དེ་སྤངས་པ་ན་ཤིན་ཏུ་ངོ་ཚའོ། །དགེ་སློང་འདི་དག་གིས་བདག་སྤངས་ན་ཀུན་དགའ་བོ་བདག་གི་ཕུ་ནུ་ཡིན་པས་སྤོང་ངམ་སྙམ་


GTN004_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷན་ཅིག་འདུག་ཚད་པས་དེ་མྱུར་བར་ལངས་སོ། །དགའ་བོས་ཚངས་སྤྱོད་གཞན་གྱིས་བདག་རེ་ཞིག་སྤངས་མོད། ཁྱོད་བདག་གི་ཕུ་ནུ་ཡིན་པས་ཅིའི་ཕྱིར་སྤོང་ཟེར། དེ་ནི་བདེན་ཀྱང་ཁྱོད་བདག་ཅག་རྣམས་ཀྱི་ལམ་སོ་སོར་ཏེ་ཁྱོད་ནི་ལྷའི་འཇིག་རྟེན་དང་། ངེད་རྣམས་མྱ་ངན་ལས་འདའ་བའི་བསམ་པས་ཚངས་པར་སྤྱོད་པའི་ཕྱིར་ཆེས་སྤང་དགོས་སོ་སྨྲས་པས་དེ་ཤིན་ཏུ་སྐྱོ་བར་གྱུར་ཏོ། །སྟོན་པས་མཁྱེན་ཏེ་དགའ་བོ་དམྱལ་བ་མཐོང་ངམ། མ་མཐོང་ལགས། ངའི་ཆོས་གོས་ཀྱི་ཐ་མར་ཟུངས་ཤིག་གསུངས་ནས་དམྱལ་བའི་གནས་སུ་གཤེགས་སོ། །སྟོན་པ་ཕྱོགས་ཤིག་ཏུ་བཞུགས་ནས། དགའ་བོ་སོང་ལ་དམྱལ་བ་ལྟོས་ཤིག །དེས་ཆུ་བོ་རབ་མེད་ལ་སོགས་པ་གནས་གཅིག་ལས་གཅིག་འཇིགས་པ་མཐོང་ནས་དམྱལ་བའི་གནས་སུ་སོང་བ་ན། སོག་ལེས་གཤོག་པ། སྟྭ་རེས་གཅོད་པ། མདུང་ཐུང་གིས་འབུག་པ། ཐོ་བས་བརྡུང་བ་དང་། ཟངས་པོ་ཆེ་བསྐོལ་བའི་ནང་དུ་སེམས་ཅན་རྣམས་བཅུག་པར་མཐོང་ངོ་། །ཕྱོགས་ཤིག་ན་ཟངས་པོ་ཆེ་སེམས་ཅན་མ་བཅུག་པ་ཞིག་མཐོང་ནས་འདིར་སེམས་ཅན་མེད་པ་ཅི་ཡིན་བྱས་པས། དེ་དག་གིས། གཅུང་དགའ་བོ་ལྷའི་འཇིག་རྟེན་ལ་དགའ་ནས་ཚངས་པར་སྤྱོད་པ་དེ་ཤི་ནས་འདིར་འོང་བ་དེ་ལ་སྡོད་དོ་ཟེར། དགའ་བོ་ཤིན་ཏུ་སྐྲག་ནས་སྤུ་ཟིང་བྱེད་དེ་ད་ལྟ་བཅུག་པར་འགྱུར་རོ་སྙམ་ནས། རིངས་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྲོས་ནས་ངོ་འཛུམ་ནག་པོར་འདུག་པ་དང་། སྟོན་པས་ཁྱོད་ཀྱིས་དམྱལ་བ་མཐོང་ངམ་གསུངས་པ་ན། དེ་སྲོ་ཤི།


GTN004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་ལྡིབ་སྙིང་རྗེ་རྗེ་སྐད་དུ་གཅོམ་ཆུང་ངུས་གསོལ་པ། མཐོང་ལགས། ཇི་ལྟར་མཐོང་། མཐོང་ཚུལ་ཞིབ་པར་གསོལ་བས། ལྷའི་འཇིག་རྟེན་ལ་སྨོན་པའི་ཚངས་སྤྱོད་ལ་ཉེས་དམིགས་འདི་སོགས་འབྱུང་བས་ཁྱོད་ནི་མྱང་འདས་ལ་དགའ་བར་བྱའོ་གསུངས་ནས་གྲོང་ནས་གྲོང་ཁྱེར་ཙམ་པར་དྲང་སྲོང་གར་གའི་རྗིང་དྲུང་དུ་གཤེགས། དགའ་བོ་ཡང་འཁོར་ལྔ་བརྒྱ་དང་བཅས་དེར་སོང་ནས་སྟོན་པར་ཕྱག་འཚལ་ཏེ་ཕྱོགས་ཤིག་ཏུ་འདུག་པ་དང་། མངལ་དུ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པས་དགའ་བོས་བདེན་པ་མཐོང་། དགེ་སློང་ལྔ་བརྒྱས་དགྲ་བཅོམ་པ་ཐོབ་བོ། །དེ་ནས་སྟོན་པས་དགའ་བོ་མངལ་དུ་འཇུག་པའི་མདོའི་གཏམ་ནས་ཤིན་ཏུ་མཐར་ཐུག་པའི་གྲུབ་པ་ལ་བཞག་ནས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །དགེ་སློང་རྣམས་ཀྱིས་དགའ་བོས་ལས་ཅི་བགྱི་པས། ལུས་གསེར་མདོག་དང་མཚན་སུམ་ཅུ་ཡོད་པ། ལྷག་པར་ཆགས་པ་ལས་སྟོན་པས་ནན་གྱིས་ཕྲལ་ཏེ་མྱང་འདས་ལ་བཞག་ཞུས་སོ། །སྔོན་གྱི་ཚེ་སངས་རྒྱས་རྣམ་གཟིགས་འཁོར་དགེ་སློང་འབུམ་ཕྲག་དྲུག་ཅུ་རྩ་གཉིས་དང་ལྗོངས་རྒྱུ་ཞིང་མཉེན་ལྡན་གྱི་ཚལ་ན་བཞུགས་སོ། །སངས་རྒྱས་ཀྱི་གཅུང་འདོད་པ་ལ་ཤིན་ཏུ་ཆགས་པར་སྟོན་པས་ནན་གྱིས་ཕྲལ་ནས་མྱང་འདས་ལ་བཞག་གོ །དེའི་ཚེ་ཕོ་བྲང་མཉེན་ལྡན་ན་རྒྱལ་པོ་མཉེན་ལྡན་རྒྱལ་སྲིད་ཆོས་བཞིན་དུ་བྱེད་ལ་དེའི་ནུ་བོ་ནི་འདོད་པར་ཤིན་ཏུ་ཆགས་སོ། །རྒྱལ་པོ་མཉེན་ལྡན་འཁོར་


GTN004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སངས་རྒྱས་རྣམ་གཟིགས་ཀྱི་དྲུང་དུ་སོང་ནས་དེ་ལ་སངས་རྒྱས་ཀྱིས་ཆོས་བསྟན་ཏོ། །ནུ་བོ་ནི་འདོད་པར་ཆགས་པའི་དབང་གིས་ཁྱིམ་ནས་མ་བྱུང་བ་ལ། བློན་པོའི་བུ་དང་། ཆུང་གྲོགས་རྣམས་ཀྱིས་སྨྲས་པ། རྒྱལ་པོ་འཁོར་བཅས་སངས་རྒྱས་མདུན་དུ་བྱོན་ན། ཁྱོད་ཀྱིས་སངས་རྒྱས་མ་མཇལ་བས་མི་ལུས་ཆུད་གསོན་ནོ་ཞེས་སྨྲས་པས་དེ་ངོ་ཚ་སྟེ་དེ་དག་དང་འགྲོགས་ནས་སངས་རྒྱས་ཀྱི་དྲུང་དུ་སོང་བ་ན། སངས་རྒྱས་ཀྱི་གཅུང་དགྲ་བཅོམ་པས་མཐོང་ནས་ཅིའི་ཕྱིར་འདི་ལྟར་ཁྲིད་གསུངས། ལོ་རྒྱུས་ཞུས་པས། བདག་ཀྱང་དེ་ལྟར་ཡིན་ཏེ་གཏི་མུག་ཅན་ལ་དེ་འདྲ་དགོས་པས་ཁྲིད་འོངས་པ་ལེགས་ཀྱི་སྟོན་པའི་སྤྱན་སྔར་འདོང་ངོ་གསུངས། དེ་དག་གིས་སངས་རྒྱས་ཀྱི་སྤྱན་སྔར་ཁྲིད་དེ་ཆོས་བཤད་པས་དད་པར་གྱུར་ཏེ་བཅོམ་ལྡན་འདས་འཁོར་བཅས་བདག་གི་སྡུམ་པར་ཁྲུས་ཁང་དུ་ཁྲུས་མཛད་པར་གནང་བ་ཞུས་སོ། །དེར་ཅང་མི་གསུང་བས་གནང་བར་རིག་ནས་རྒྱལ་པོ་མཉེན་ལྡན་གྱི་གན་དུ་སོང་སྟེ། ལྷ་བདག་གིས་སངས་རྒྱས་དེ་ལྟར་སྤྱན་དྲངས་པས། དེ་ལ་བཀུར་སྟིའི་ཕྱིར་གྲོང་ཁྱེར་དུ་གཤེགས་པའི་གནས་ལམ་མཛེས་པར་བགྱི་བར་བོས་སོ་ཟེར་བས་གདུལ་དཀའ་འདི་ཡང་སྟོན་པས་ཐུལ་ལོ་སྙམ་ནས་རྒྱལ་པོ་དགྱེས་བཞིན་དུ། ནུ་བོ་ལེགས་ཀྱིས་ཁྱོད་སོང་ལ་མཆོད་རྫས་རྣམས་སྟ་གོན་གྱིས་ཤིག་གསུངས་ནས། དེ་དག་གིས་དེ་ལྟར་བྱས་སོ། །སང་སྟོན་པ་རྣམ་གཟིགས་གཤེགས་ནས་ཁྲུས་ཁང་དུ་ཁྲུས་མཛད་པར་བརྩམས་པ་ན། སངས་རྒྱས་ཀྱི་སྐུ་གསེར་གྱི་མདོག་ལྟ་བུ་མཚན་སོ་གཉིས་ཀྱིས་བརྒྱན་པར་མཐོང་ནས་དད་


GTN004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེས་ནས། དགེ་བ་འདིས་བདག་ཀྱང་ལུས་གསེར་མདོག་ལྟ་བུ་དང་། འདིའི་གཅུང་པོ་ཇི་བཞིན་དུ་བདག་ཀྱང་སྟོན་པའི་གཅུང་དུ་གྱུར་ནས། བདག་འདོད་པར་ཆགས་ནའང་སྟོན་པ་དེས་ནན་གྱིས་ཕྲལ་ཏེ་མྱང་འདས་ལ་འགོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །མཉེན་ལྡན་གྱི་ནུ་བོ་ནི་དགའ་བོ་སྟེ་སྨོན་ལམ་གྱི་མཐུས་སོ་གསུངས། དགའ་བོས་ལས་ཅི་བགྱིས་པས་མཚན་སུམ་ཅུ་གྲུབ་ལགས་ཞུས། སྔོན་རི་བྲགས་ཤིག་ན་ཁྱིམ་བདག་རབ་ཏུ་ཕྱུག་པ་ཞིག་གནས་པ་ལ་སྐྱེད་མོས་ཚལ་བཟང་པོ་རབ་ཏུ་བྱུང་བའི་གནས་སུ་འོས་པ་ཞིག་ཡོད་པ་དེར་རང་སངས་རྒྱས་ཤིག་བྱོན། སྐྱེད་ཚལ་སྲུང་བ་པོས་བྱོན་པ་མཐོང་ནས་བྱོན་པ་ལེགས་སོ་ཞེས་ཀུན་ཏུ་དཔྱད་ནས་ངལ་གསོར་བཅུག་གོ །དེ་མཚན་མོར་མེའི་ཁམས་ལ་སྙོམས་པར་ཞུགས་པ་སྐྱེད་ཚལ་སྲུང་བ་པོས་མཐོང་ནས་རབ་ཏུ་བྱུང་བ་འདི་ནི་བདག་ཉིད་ཆེན་པོ་བརྟུལ་ཞུགས་གྲུབ་པའོ་སྙམ་སྟེ་ནམ་ལངས་པ་དང་། ཁྱིམ་བདག་ལ་དེ་ལྟར་བྱུང་བར་སྨྲས་པས་དེ་རབ་ཏུ་དགའ་ནས་རིངས་པར་སོང་ནས་རྐང་པ་ལ་བཏུགས་ཏེ་ཁྱོད་ནི་བསོད་སྙོམས་དོན་དུ་གཉེར་ལ་བདག་ནི་བསོད་ནམས་དོན་དུ་གཉེར་བས་འདི་ཉིད་དུ་བཞུགས་ཤིག །བདག་ནི་བསོད་སྙོམས་སྦྱོར་ཟེར། དེས་ཁས་བླངས་ཏེ་དེར་བསམ་གཏན་དང་རྣམ་ཐར་དང་སྙོམས་འཇུག་གི་བདེ་བ་ཉམས་སུ་མྱོང་ཞིང་ཅུང་ཟད་ཅིག་བདུག་ནས་མྱ་ངན་ལས་འདས་སོ། །དེ་ནས་ཁྱིམ་བདག་དེས་དེའི་རུས་པ་རྣམས་བུམ་པར་བཅུག་སྟེ་མཆོད་རྟེན་བྱས་ནས་


GTN004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དང་རྒྱལ་མཚན་དང་བ་དན་དག་བཙུགས་ནས་དད་པ་སྐྱེས་ཏེ། གུར་གུམ་གྱིས་བྱུགས་ཤིང་དྲིའི་ལག་རིས་སུམ་ཅུ་བྱས་སོ། །དེའི་དུས་ཀྱི་ཁྱིམ་བདག་དེ་ནི་དགའ་བོ་ཡིན་ཏེ་དགེ་རྩ་དེས་མཚན་སུམ་ཅུ་གྲུབ་པ་ཡིན་ནོ་གསུངས། དགའ་བོས་ལས་ཅི་བགྱིས་པས་རབ་ཏུ་མ་བྱུང་ན་སྟོབས་ཀྱི་འཁོར་ལོས་སྒྱུར་རྒྱལ་གྱུར་ལགས། སྔོན་འོད་སྲུང་མྱ་ངན་ལས་འདས་པ་ན། རྒྱལ་པོའི་ཀྲྀ་ཀྲིས་དེ་ཡི་སྐུ་གདུང་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བཞིའི་མཆོད་རྟེན་ཁོར་ཡུག་ཏུ་དཔག་ཚད་གཅིག་པ། དཔང་དུ་དཔག་ཚད་ཕྱེད་པ་ཞིག་བརྩེགས་སོ། །དེ་ལ་ཀྲྀ་ཀྲིའི་སྲས་འབྲིང་པོས་གདུགས་འབྲིང་ཞིག་བཏགས་པ་དེ་ནི་དགའ་བོ་ཡིན་ཏེ། མཆོད་རྟེན་ལ་གདུགས་འབྲིང་བཏགས་པ་དེའི་ཕན་ཡོན་གྱིས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཉིས་སྟོང་ལྔ་བརྒྱ་བྱས་ལ། ད་ལྟ་ཡང་རབ་ཏུ་མ་བྱུང་ན་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བྱེད་པར་འགྱུར་རོ་གསུངས། དགའ་བོས་ལས་ཅི་བགྱིས་པས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་ལུང་སྟོན་ནོ། །འདིས་ཚེ་ཇི་སྲིད་བར་ཚངས་པར་སྤྱོད་ཀྱང་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་པར། འཆི་བའི་ཚེ། དགེ་བ་འདིས་བདག་སངས་རྒྱས་ཤཱཀ་ཐུབ་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་མངོན་དུ་བྱེད་པ་དང་། སངས་རྒྱས་འོད་སྲུང་གིས་བདག་གི་མཁན་པོ་ལུང་བསྟན་པ་བཞིན་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག །ཅེས་བྱས་པས་སོ། །


GTN004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་བཅུ་གཉིས་པ་ནི། སྟོན་པ་སེར་སྐྱའི་གནས་ནའོ། །ཤཱཀྱ་མིང་ཆེན་གྱི་ཁྱིམ་གྱི་ཞལ་ཏ་བ་འདས་ནས། རི་བྲགས་ན་གནས་པའི་སྐྱེ་བོ་རྣམས་ཤཱཀྱ་མིང་ཆེན་སར་སོང་ནས། ཁྱོད་ཀྱི་ཞལ་ཏ་བ་འདས་པས་གཞན་ཞིག་བསྐོས་འཚལ་ལོ་སྨྲས་པས་དེས་བྲམ་ཟེའི་ཁྱེའུ་ཞིག་ལ་རེ་ཞིག་ཁྱོད་སོང་ཞིག་བསྒོའོ། །དེ་སོང་ནས་ཆོས་བཞིན་དུ་རིགས་པར་སྤྱད་པས། དཔྱ་ནར་མ་དང། བླ་སྐྱེས་མང་པོ་ཕུལ་བ་དང་། མིང་ཆེན་གྱིས་སྨྲས་པ། དཔྱ་ནར་མ་དང། བླ་སྐྱེས་མང་བས་སྐྱེ་བོའི་ཚོགས་ལ་གནོད་པ་མ་བྱས་སམ། མ་བགྱིས་སོ། །དེས་རི་བྲག་པའི་སྐྱེ་བོའི་ཚོགས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་འདིས་ཁྱེད་ལ་གནོད་པ་མ་བྱས་སམ། མ་བགྱིས་སོ། །དེས་དེ་རི་བྲགས་ཀྱི་ཞལ་ཏ་བར་བཅུག་པ་དང་། དེ་ལ་བྲམ་ཟེའི་ཁྱེའུ་གཞན་ཞིག་གིས་བུ་མོ་བྱིན་པ་དེ་དང་དགའ་མགུར་སྤྱད་པས་བུ་ཞིག་བཙས། ཡང་བུ་མོ་ཞིག་བཙས་ནས་ཟླ་བ་ཞེས་མིང་བཏགས། དེ་ཆེན་པོར་གྱུར་པ་དང་། མཁས་ཤིང་སྤྱོད་ལམ་དང་འགྲོ་འདུག་ལེགས་པས་སྐྱེ་བོ་རྣམས་ཀྱི་ཡིད་དུ་འོང་བར་གྱུར་ཏོ། །དུས་ཤིག་ན་བྲམ་ཟེ་དེ་ན་བས། དཔྱ་ནར་མ་དང་། བླ་སྐྱེས་ཕུལ་བ་ཐམས་ཅད་སྤྱད་ཅིང་སྐྱིན་པོ་གཞན་དག་བླངས་ཀྱང་མ་གསོས་པར་དུས་ལས་འདས་སོ། །རི་བྲགས་ན་གནས་པའི་སྐྱེ་བོ་རྣམས་ཀྱིས་མིང་ཆེན་མ་ཞལ་ཏ་བ་དེ་གུམ་མོ། །


GTN004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་དཔྱ་ནར་མ་དང་བླ་སྐྱེས་ཕུལ་བ་ཡོད་དམ། ཡོད་མོད། དེ་ན་བའི་ཡོ་བྱད་དུ་སྤྱད་ཀྱང་མ་སོས་པར་སྐྱིན་པོ་གཞན་ཡང་བླངས་སོ། །སོང་ལ་ལྷག་མ་ཅི་ཡོད་དེས་བུ་ལོན་སོབས་ཤིག །དེ་ན་ཅུང་ཟད་ཀྱང་མ་མཆིས་ཏེ། དེའི་ཆུང་མ་དང་བུ་དང་བུ་མོ་ལུས་སོ། །དེའི་ཆུང་མ་དང་བུ་ཅི་དགར་ཐོང་ལ་བུ་མོ་འདིར་ཁུག་ཅིག །དེ་རྣམས་ཀྱིས་བུ་མོ་མིང་ཆེན་ལ་བྱིན་ནོ། །མིང་ཆེན་གྱི་ཆུང་མ་རྒན་མོ་ཞིག་ཁ་ཟས་གཡོ་བ་དང་མེ་ཏོག་འཐུ་བའི་ལས་གཉིས་བྱེད་པ་དེས་སྨྲས་པ། བདག་རྒན་པས་ལས་གཉིས་བགྱིད་མི་ནུས་ན་ཟླ་བ་འདི་བདག་གྲོགས་སུ་འོས་སོ་ཟེར་བས་དེས་དེའི་གྲོགས་སུ་བསྐོས་སོ། །དེས་ཟླ་བ་ཁྱོད་ཀུན་དགའ་ར་བ་ནས་མེ་ཏོག་ཐུས་ཤིག་ངས་ཁ་ཟས་གཡོ་འོ། །དེས་མེ་ཏོག་ཕྲེང་བར་བརྒྱུས་ནས་མིང་ཆེན་ལ་གཏད་པས། ལེགས་སོ་སྨྲས་ནས་ཆུང་མ་རྒན་མོ་ལ་ཅིའི་ཕྱིར་སྔོན་ལས་དེ་རིང་མེ་ཏོག་མང་བར་གྱུར། དེ་ན་རེ། སྔོན་ནི་ཁྱོད་ཀྱི་གཉེན་གྱིས་བསླངས་པར་བྱིན་ལ་འདིས་ནི་མ་བྱིན་ཏེ། བདག་མིག་རྡུལ་ལ་འདི་ནི་མིག་རྣོ་བས་འཐུ་མཁས་པར་གྱུར་ཏོ། །འོ་ན་དེ་ཀུན་དགའ་ར་བར་ཞོག་ཅིག །བཞག་པ་ན། དེས་མེ་ཏོག་གི་ཕྲེང་བ་བཟང་པོར་བརྒྱུས་པས་ཕྲེང་ལྡན་མ་གྲགས་སོ། །ནམ་ཞིག་ཁྱིམ་ནས་རང་གི་བཟའ་བཏུང་བླངས་ཏེ་སོང་བ་ན། སྟོན་པ་མཇལ་ནས་དད་དེ། བདག་ལས་བསོད་སྙོམས་བཞེས་ན་དབུལ་ལོ་སྙམ་པ་དང་། སྟོན་པས་དེ་རྗེས་སུ་བཟུང་བའི་ཕྱིར་ལྷུང་བཟེད་བཟེད་ནས། སྲིང་མོ་ཁྱོད་ཀྱིས་བཏང་ན་འདིར་བྱིན་ཅིག་གསུངས་པས་མོ་ཤིན་ཏུ་དད་ནས་བསོད་སྙོམས་ཕུལ་ཏེ། དགེ་བ་འདིས་བདག་


GTN004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་མོ་དང་དབུལ་པོར་མི་འགྱུར་བར་ཤོག་ཅིག་པའི་སྨོན་ལམ་བཏབ་བོ། །དེའི་ཕའི་གྲོགས་པོ་མཚན་མཁན་ཞིག་ཡོད་པ་དེས་མཐོང་ནས་ངོ་ཤེས་ཏེ་སྐད་ཆ་ཞིབ་ཏུ་དྲིས། ཁྱོད་བྲན་མོའི་འོས་མ་ཡིན་གྱི་ལག་པ་སྟོན་དང་ཟེར། དེའི་ལག་རིས་ལ་བལྟས་ནས། གང་གི་ལག་པའི་མཐིལ་དག་ལ། །ལྕགས་ཀྱི་འཁོར་ལོའི་མཚན་ཡོད་པ། །བྲན་གྱི་རིགས་སུ་སྐྱེས་གྱུར་ཀྱང་། །རྒྱལ་པོའི་བཙུན་མོར་བཞེས་པར་འགྱུར། །ཁྱོད་མི་དགའ་བར་མ་བྱེད་པར་སོང་ཤིག་རྒྱལ་པོའི་བཙུན་མོར་འགྱུར་རོ་ཟེར་བས་དེ་སྐྱེད་མོའི་ཚལ་དུ་སོང་ངོ་། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་རྔོན་པར་རྒྱུ་བ་རྟས་ཁ་ཁྱེར་ནས་དེར་སླེབས་པ་དང་བུ་མོ་མཐོང་ནས། འདི་སུའི་ཀུན་ར་ཡིན་དྲིས་པས། མིང་ཆེན་གྱིས་སོ་ཟེར། དེར་རྟ་ལས་བབས་ནས་རྐང་པ་བཀྲུ་ཡིས་བུ་མོ་ཆུ་ལོང་ཞིག །དེས་མྱུར་བར་རྫིང་བུར་ཉི་མས་བསྲོས་པའི་ཆུ་དྲོན་ཁྱེར་ནས་རྐང་པ་བཀྲུས། ཡང་གདོང་པ་བཀྲུ་བའི་ཆུ་ལོང་ཞིག །དེས་ཆུའི་སྟེང་རིམ་བསལ་ནས་དྲོ་གྲང་སྙོམས་པ་བླངས་ནས་གདོང་བཀྲུས། བཏུང་བའི་ཆུ་ལོང་ཞིག །དེས་ཆུ་ཤིན་ཏུ་བསིལ་བ་བླངས་ཏེ་རྒྱལ་པོས་གསོལ་ནས། འདིར་རྫིང་བུ་གསུམ་ཡོད་དེ། མ་མཆིས་སོ། །འོ་ན་ཆུ་རྣམ་པ་གསུམ་གང་ལས་བྱུང་། དེས་ལོ་རྒྱུས་བཤད་པས། ཅིའི་ཕྱིར་ཆུ་རྣམ་པ་གསུམ་ཁྱེར་འོངས། བདག་གིས་དང་པོར་དྲོན་མོ་ཁྱེར་བ་ནི། ལྷ་བསྙེལ་གསོ་བའི་སླད་དུའོ། །བར་མ་ནི་ཧ་ཅང་དྲོ་བ་དང་གྲང་ཆེས་པས་སྤྱན་ལ་གནོད་པའི་སླད་དུའོ། །ཤིན་ཏུ་བསིལ་བ་ནི། ལྷ་སྐྱེམས་དང་བྲལ་བའི་སླད་དུའོ། །བུ་མོ་འདི་ནི་


GTN004_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་འོ་སྙམ་ནས། རྐང་པ་མཉེ་དགོས་ཀྱིས་མལ་ཆོས་ཤིག །དེས་དེའི་རྐང་པ་མཉེས་པ་དང་དེ་རེག་བྱ་དང་ལྡན་པ་ཡིན་པས་མཉེས་མ་ཐག་གཉིད་ལོག་གོ །དེས་བསམ་པ། རྒྱལ་པོ་འདི་དག་ལ་དགྲ་མང་བས་འདི་གཉིད་ལོག་པ་ལ་འགའ་ཞིག་གིས་གནོད་པ་བྱས་ན་བདག་གི་རྗེ་བོ་ལ་གྲགས་པ་མ་ཡིན་པར་འགྱུར་བས་སྒོ་གཅད་པར་བྱའོ་སྙམ་ནས་དེས་སྒོ་བཅད་པ་དང། གཅིག་ནས་གཅིག་ཏུ་ཐོས་ཏེ་དཔུང་ཚོགས་ཡན་ལག་བཞི་པོ་སྐྱེད་མོས་ཚལ་དེར་ལྷགས་ནས་སྒོ་ཕྱེས་ཟེར་རོ། །དེས་སྒོ་མ་ཕྱེས་པ་དང་རྒྱལ་པོ་ཀུ་ཅོའི་སྒྲས་སད་ནས། བུ་མོ་དེ་ཅི་ཞིག་མི་མང་པོས་སྒོ་ཕྱེས་ཟེར་ཞིང་ལྷའི་མཚན་ཡང་སྨོན་ནོ། །སྒོ་སུས་བཅད། བདག་གིས་སོ། །ཅིའི་ཕྱིར་བཅད། དེར་མོས་བསམ་ཚུལ་བཤད་པས་རྒྱལ་པོ་མགུ་ནས་ཁྱོད་མིང་ཆེན་གྱི་བུ་མོའི་རིགས་སུ་ངེས་པར་འདུག་པས་སོང་ལ་རྒྱལ་པོ་གསལ་རྒྱལ་ཀུན་རར་བཞུགས་སོ་ཞེས་གྱིས་ཤིག །དེས་མིང་ཆེན་ལ་སྨྲས་པ་དང་དེས་བཟའ་བཏུང་བཤམས་ནས་ཀུན་རར་སོང་སྟེ་གཅིག་ལ་གཅིག་བྱོན་པ་ལེགས་སོ་ཞེས་སོ་སོར་དགའ་བ་བྱས་ནས་རྒྱལ་པོས་ཁྲུས་བྱས་ཟན་ཟོས་ཏེ་གཏམ་བྱས། བུ་མོ་འདི་ཁྱོད་ཀྱི་ཅིར་འོང་། བྲན་མོ་ལགས་སོ། །འདི་བྲན་མོ་མིན་ཏེ་བུ་མོར་འདུག་པས་ང་ལ་བྱིན་ཅིག །འདི་བས་ཁྱད་པར་དུ་འཕགས་པ་དག་མཆིས་ཀྱི་བཞེས་སུ་གསོལ། འདི་ཁོ་ན་བྱིན་ཅིག་གསུངས་པས་མིང་ཆེན་གྱིས་བུ་མོ་དེ་རྒྱན་གོས་སྣ་ཚོགས་པས་བཀླུབས། གླང་པོ་ཆེར་བསྐྱོན་ཏེ་ཕུལ་ལོ། །རྒྱལ་པོ་དང་བཅས་མཉན་ཡོད་དུ་སླེབས་པ་དང་། གསལ་རྒྱལ་གྱི་


GTN004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མས་གཏམ་ཐོས་ནས་བདག་གི་བུ་བྲན་མོའི་ཁྱོར་གྱུར་ཏོ་སྙམ་ནས་ཡིད་མི་དགའ་ཞིང་འདུག་པ་ན། རྒྱལ་པོས། ཕྲེང་ལྡན་མ་སོང་ལ་སྒྱུག་མོའི་ཞབས་ལ་ཕྱག་གྱིས་ཤིག་གསུངས། དེ་སོང་ནས་རྐང་པ་གཉིས་རེག་པ་ཙམ་གྱིས་མ་རྒན་གཉིད་ལོག་ནས་སད་པ་དང་རེག་པ་བཟང་པོས་མགུ་འོ། །གསལ་རྒྱལ་ལ་བཙུན་མོ་དམ་པ་རྒྱལ་རིགས་དབྱར་ཚུལ་མ་དང་། ཕྲེང་ལྡན་མ་གཉིས་ཡོད་དོ། །རྒྱལ་པོས་གཅིག་ལ་གཟུགས་མཛེས་པ། ཅིག་ཤོས་ལ་རེག་པ་དང་ལྡན་པའི་ཡོན་ཏན་བརྗོད་པས་ཕན་ཚུན་མཐོང་འདོད་པར་གྱུར་ཏོ། །སོ་ག་སྐྱེད་ཚལ་དུ་རྒྱལ་པོ་བཙུན་མོ་དང་བཅས་བྱོན་པ་ན། བུད་མེད་རྣམས་མེ་ཏོག་དང་འབྲས་བུ་ལ་དགའ་བས་དེར་འཁྱམས་ནས་རྒྱལ་རིགས་དབྱར་ཚུལ་མ་ངལ་བས་ཤིང་གྲིབ་ལ་འདུག་པ། ཕྲེང་ལྡན་མས་མཐོང་སྟེ། གཟུགས་མཛེས་འདི་འདྲ་བ་ངེས་པར་ཤིང་གི་ལྷ་མོའོ་སྙམ་ནས་རྐང་པར་ཕྱག་བྱས་པས་རེག་མ་ཐག་དེ་གཉིད་ལོག་གོ །དེ་ནས་ནམ་ཞིག་རྒྱལ་པོས་དབྱར་ཚུལ་མ་ལ་ཕྲེང་ལྡན་མའི་བསྔགས་པ་བརྗོད་པས། དེ་བདག་གིས་ནམ་མཐོང་ཟེར། མཐོང་ཟིན་ཏེ་སྐྱེད་ཚལ་དུ་རྐང་པར་ཕྱག་བྱས་པ་དེའོ་གསུངས། ལྷ་རེག་བྱ་ལྡན་པའི་བཙུན་མོ་དེ་ལྟ་བུ་སྤངས་ཏེ་བདག་རྩར་བྱོན་པ་ནི། བདག་ལ་ངེས་པར་བྱམས་སོ་ཟེར། ཡང་ནམ་ཞིག་ཕྲེང་ལྡན་མ་ལ་དབྱར་ཚུལ་མའི་བསྔགས་པ་བརྗོད་པས། དེ་བདག་གིས་ནམ་མཐོང་། ཁྱོད་ཀྱིས་མཐོང་ཟིན་ཏེ་སྐྱེད་ཚལ་གྱི་ཤིང་དྲུང་ན་འདུག་པ་དེའོ། །ལྷ་གཟུགས་བཟང་བ་དེ་ལྟ་བུའི་བཙུན་མོ་སྤངས་ནས་བདག་དྲུང་དུ་གཤེགས་པ་ནི་ངེས་པར་བྱམས་པ་ལགས་


GTN004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཟེར། དུས་གཅིག་ན་ཕྲེང་ལྡན་མར་སེམས་ཅན་ཞུགས་པ་དེ་ཉིད་ཀྱི་ཉི་མ་ལ། མདུན་ན་འདོན་གྱི་ཆུང་མ་ལའང་སེམས་ཅན་ཞུགས་ཏེ་ཉི་མ་དེ་ནས་མ་ཕྱི་མ་སྡུག་བསྔལ་བར་གྱུར། ཟླ་བ་དགུ་ནས་ཕྲེང་ལྡན་མ་ལས་ཁྱེའུ་གཟུགས་བཟང་བ་ཞིག་བཙས་པ་འཕགས་སྐྱེས་པོར་བཏགས། ཉི་མ་དེ་ལ་བློན་པོའི་བུ་བཙས་ནས་མ་ལ་གནོད་དུ་བཏགས་སོ། །དེ་གཉིས་ཆེར་སྐྱེས་པ་ན། རི་དྭགས་གཤོར་བའི་ཕྱིར་དོང་བ་དང་འཕགས་སྐྱེས་པོ་རྟས་ཁ་ཁྱེར་ཏེ། སེར་སྐྱར་གནས་པའི་ཤཱཀྱ་རྣམས་ཀྱི་སྐྱེད་ཚལ་དུ་སོང་ངོ་། །སྐྱེད་ཚལ་སྲུང་བ་པོས་ཤཱཀྱ་རྣམས་ལ་སྦྲན་པས་དེ་རྣམས་ཁྲོས་ནས་གསོད་དུ་འོང་བ་ཤཱཀྱ་རྒན་རབས་ཀྱིས་མཐོང་སྟེ་བཤོལ་ལོ། །དེ་གཅིག་ནས་གཅིག་ཏུ་ཐོས་ཏེ་འཕགས་སྐྱེས་པོའི་དཔུང་ཚོགས་ཡན་ལག་བཞི་སྐྱེད་མོས་ཚལ་དུ་ལྷགས་པས་ཤཱཀྱ་རྣམས་ཆེས་ཆེར་ཁྲོས་ནས་གསོད་དུ་འོངས་པ་འཕགས་སྐྱེས་པོས་ཐོས་ནས་མི་ཞིག་ལ། ང་གུད་དུ་འགྲོ་ཡི་ཁྱོད་ཀྱིས་ཤཱཀྱ་རྣམས་ཀྱི་གཏམ་ཉོན་ཅིག །དེར་ཤཱཀྱ་རྣམས་ཀྱིས་སྐྱེད་ཚལ་ནས་འཕགས་སྐྱེས་པོ་མ་རྙེད་ནས། མི་དེ་ལ་བྲན་མོའི་བུ་དེ་གར་སོང་དྲིས་པས་བྲོས་སོ་ཟེར། དེ་ལས་ཁ་ཅིག་ན་རེ། དེ་ངེད་ཀྱིས་མཐོང་ན་ལག་པ་གཅོད་དོ་ཟེར། ལ་ལས། དེ་མ་བྲོས་ན་རྐང་པ་གཅོད་དོ། །ལ་ལས། དེ་གསད་དགོས་ཏེ་བྲོས་པས་ད་ཅི་བྱ་ཟེར་རོ། །གླ་མི་རྣམས་ལ། སྐྱེད་ཚལ་ཕྱག་བདར་གྱིས་ལ་བྲན་མོའི་བུས་བཅགས་པའི་ས་རྣམས་ཕྱུང་ལ་ས་གཞན་གྱིས་ཁོངས། རྩིག་པའི་ཕྱོགས་གང་ལ་བརྟེན་པ་དེའི་ཞལ་བ་ཁོགས་ལ་གཞན་བྱུགས་ཤིག་བསྒོ་བས་དེ་རྣམས་ཀྱིས་ཀྱང་དེ་བཞིན་ཏུ་


GTN004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ། །མི་དེས་འཕགས་སྐྱེས་པོ་ལ་མཐོང་ཚུལ་རྒྱས་པར་བཤད་པ་དང་། ནང་མི་རྣམས་ལ། ཡབ་འདས་ནས་ང་རྒྱལ་པོར་གྱུར་ཚེ་ཐོག་མར་ཤཱཀྱ་རྣམས་ཁ་གདག་གིས་ཁྱེད་རྣམས་ཀྱིས་སྐུལ་ཅིག་སྨྲས་པས་ཀུན་གྱིས་ཁས་བླངས་སོ། །མ་ལ་གནོད་ན་རེ། ལེགས་སོ་ལྷ། དགེ་བ་རྣམས་ནི་དམ་བཅའ་བརྟན་པས་ཁྱོད་ཀྱིས་ངེས་པར་བགྱི་འཚལ་ལོ་ཟེར། དེའི་དུས་གསལ་རྒྱལ་ལ་བློན་པོ་ལྔ་བརྒྱ་ཡོད་པ་ལ། འཕགས་སྐྱེས་པོས་ཐམས་ཅད་དབྱེན་བྱས་པས་སྤྱོད་པའི་བུ་རིང་པོ་མ་གཏོགས་གཞན་གསལ་རྒྱལ་ལ་དགའ་བ་སུ་མེད་དོ། །དུས་ཤིག་ན་སྤྱོད་པའི་བུ་རིང་པོ་བྱ་བ་འགའ་ཞིག་གིས་ཕྱིར་འཕགས་སྐྱེས་པོའི་གན་དུ་སོང་བ་ན། ངས་སེར་སྐྱའི་ཤཱཀྱ་རྣམས་ལས་ཤ་གླན་པར་བྱ་ཡི། ང་རྒྱལ་པོ་ནམ་འགྱུར་ཤོད་ཅིག །དེ་ན་རེ། ལྷ་ཅིའི་སླད་དུ་བསོད་ནམས་མ་ཡིན་པ་བགྱིད། རྒྱལ་པོ་བགྲེས་པོ་ནི་ཅི་སྔར་ལྷ་ཉིད་དུ་གཤེགས་ན་ཁྱོད་རྒྱལ་པོར་འགྱུར་རོ། །སྤྱོད་པའི་བུ་རིང་པོ། ངས་ཁྱོད་བགམ་པར་སྨྲས་ཀྱི་སུ་ལ་མ་སྨྲ་ཞིག་ཟེར་རོ། །སྟོན་པ་ཤཱཀྱའི་གྲོང་བརྡལ་མེ་ཙུ་རུ་དེ་ཞེས་བྱ་བར་བཞུགས་སོ། །གསལ་རྒྱལ་གྱིས་རིང་པོ་ལ། སྟོན་པ་ད་ལྟ་གང་ན་བཞུགས་ཞེས་དྲིས་པས་དེས་ལོ་རྒྱུས་བཤད་པ་ན། འོ་ན་དེར་ཤིང་རྟ་དྲོངས་ཤིག་གསུངས། དེས་དེར་ཤིང་རྟ་དྲངས་ནས་ཕྱིན་ཏེ། ཀུན་རར་སླེབས་པ་དང་བབས་ཏེ་སོང་ངོ་། །དེའི་ཚེ་སྟོན་པ་གཙུག་ལག་ཁང་ཆེན་པོ་སྒོ་བཅད་པ་ཞིག་ན་ཉིན་མོ་གནས་པས་བཞུགས་སོ། །དགེ་སློང་རྣམས་ཕྱི་རོལ་ན་འཆག་པ་མཐོང་སྟེ། རྒྱལ་པོས་སྟོན་པ་གང་ན་བཞུགས། འདི་ན་བཞུགས་ཏེ་ཁྱོད་བཞེད་ན་དེར་བྱོན་


GTN004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དལ་བུས་སྒོ་རྡུངས་ཤིག་དང་སྟོན་པས་སྒོ་འབྱེད་པར་འགྱུར་རོ། །དེ་ནས་གསལ་རྒྱལ་གྱིས། གཙུག་ཏོར་དང་། གདུགས་དང་། རལ་གྲི་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། ལྷམ་ཁྲ་བོ་སྟེ་རྒྱལ་པོའི་རྟགས་ལྔ་པོ་རིང་པོ་ལ་བྱིན་ནས་ཁ་ཕྱིར་བལྟའོ། །དེས་བསམ་པ། ལྷས་རྒྱལ་པོའི་རྟགས་ལྔ་བདག་ལ་བྱིན་ནས་ཞལ་ཕྱིར་གཟིགས་པ་ཕྲིན་ལས་གསང་བ་ཞིག་མཛད་བཞེད་པས་འདིར་འདུག་པར་བྱའོ་སྙམ་མོ། །དེ་ནས་གསལ་རྒྱལ་གྱིས་དལ་བུས་སྒོ་བརྡུངས་པས་སྟོན་པས་སྒོ་ཕྱེའོ། །དེ་ནས་རྒྱལ་པོས་སྟོན་པའི་ཞབས་གཉིས་ལ་ཕྱག་བྱས་ནས་སྟོན་པ་བདག་གིས་རིང་མོ་ཞིག་ནས་མཐོང་ངོ་། །སྟོན་པས་ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་དམན་པ་བས་ཀྱང་ཆེས་དམན་པ་བྱེད། བདག་ལ་ཆོས་ལས་བྱུང་བའི་དད་པ་མཆིས་ཏེ་ཞེས་སོགས་སྟོན་པའི་སྤྱན་སྔར་ཆོས་སྣ་ཚོགས་རྒྱ་ཆེར་བཤད་ནས་སྟོན་པའི་ཞབས་ལ་ཕྱག་འཚལ་ཏེ་སོང་ངོ་། །གསལ་རྒྱལ་སྟོན་པའི་སྤྱན་སྔར་རིང་ཞིག་ཐོགས་པ་དང་རིང་པོ་ཡང་ཅུང་ཞིག་བསྡད་ནས་ཤིང་རྟར་ཞུགས་ཏེ་མཉན་ཡོད་ན་སོང་ནས་འཕགས་སྐྱེས་པོ་རྒྱལ་སར་བཞག་གོ །བཙུན་མོ་གཉིས་ཀྱིས། རིང་པོ། ལྷ་གར་བཞུགས། གྲོང་རྡལ་མེ་ཙུ་རུ་དི་ན་བཞུགས། དེ་གཉིས་རྐང་ཐང་གིས་གྲོང་རྡལ་མེ་ཙུ་རུ་དིར་སོང་ངོ་། །གསལ་རྒྱལ་ཡང་གཙུག་ལག་ཁང་ནས་བྱུང་སྟེ། རིང་པོ་མི་སྣང་བས་དགེ་སློང་རྣམས་ལ་གར་སོང་དྲིས་པས། ཚུལ་བཤད་པ་དང་རྒྱལ་པོ་རྐང་གིས་སོང་ངོ་། །སྟོན་པའང་སྔ་བར་རྒྱལ་པོའི་ཁབ་ཏུ་གཤེགས་སོ། །རྒྱལ་པོའང་ལམ་ཁར་བཙུན་མོ་གཉིས་དང་ཕྲད་ནས་ཕན་ཚུན་


GTN004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་རྒྱས་པར་བཤད་པས། རྒྱལ་པོས། ཕྲེང་ལྡན་མ་ཁྱོད་ཀྱིས་ཁྱོའི་རྒྱལ་སྲིད་ཉམས་སུ་མྱོང་ཟིན་གྱིས། ད་སོང་ལ་བུའི་རྒྱལ་སྲིད་ཉམས་སུ་མྱོང་བར་གྱིས་ཤིག་ང་དབྱར་ཚུལ་མ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་འགྲོའོ་གསུངས་ནས་མ་སྐྱེས་དགྲའི་སྐྱེད་མོས་ཚལ་དུ་གཤེགས་སོ། །ཕྲེང་ལྡན་མ་སྨྲེ་སྔགས་འདོན་བཞིན་པར་ཕྱིར་ལོག་གོ །རྒྱལ་པོས་དབྱར་ཚུལ་མ་ལ་སོང་ལ་མ་སྐྱེས་དགྲར་གསལ་རྒྱལ་ཁྱོད་ཀྱི་སྐྱེད་ཚལ་ན་འདུག་གོ་ཞེས་གྱིས་ཤིག །དེས་དེ་ལྟར་སྨྲས་པ་དང་། མ་སྐྱེས་དགྲ་དངངས་ཏེ། གསལ་རྒྱལ་དམག་མང་པོ་ཅན་ཡིན་པས་གློ་བུར་དུ་འོངས་ན་ཁྱེད་སུས་ཀྱང་མ་ཚོར་རམ་ཟེར། དབྱར་ཚུལ་མས། དེ་ལ་དམག་ཅི་ཡོད། བུས་རྒྱལ་སྲིད་ཕྲོགས་ནས་དེ་གཡོག་དང་གཉིས་འདིར་མཆིས་སོ། །ལེགས་སོ། །བདག་ནི་གཞོན་ནུའི་སར་གནས་ཏེ། དེ་རྒྱལ་པོ་རྒྱལ་རིགས་ཀྱིས་སྤྱི་བོ་ནས་དབང་བསྐུར་བ། ངས་བཀུར་སྟི་མེད་པ་སྤྱན་དྲངས་མི་རིགས་ཀྱི་གྲོང་ཁྱེར་དང་ལམ་མཛེས་པར་བྱའོ། །སྐྱེ་བོ་རྣམས་ཀྱིས་གདུགས་ལ་སོགས་པས་བསུ་བའི་གྲབ་གྱིས་ཤིག་གསུངས་ནས། མ་སྐྱེས་དགྲ་དཔུང་ཚོགས་ཡན་ལག་བཞི་དང་བཅས་བསུར་འོངས་པ་ན། དེ་རིང་ཞིག་ཐོགས་པས་གསལ་རྒྱལ་བཀྲེས་ནས་ལ་ཕུག་གི་ར་བར་སོང་བས། ལྡུམ་ར་བས། ལ་ཕུག་སྤར་གང་བྱིན་ནོ། །དེས་ལ་ཕུག་གི་རྡོག་མ་དང་། ལོ་མ་ཟོས་པས་སྐོམ་སྟེ་རྫིང་བུར་སོང་། ཆུ་ངོམས་པར་འཐུངས་ནས་ལངས་པ་དང་། ལག་པ་རེངས་ཤིང་མ་ཞུ་བས་ཐེབས་ནས་ཤིང་རྟའི་ལམ་དུ་འགྱེལ། དེར་འཁོར་ལོ་འདྲིལ་བའི་རྡུལ་གྱིས་ཁ་གང་ནས་འདས་སོ། །


GTN004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་དགྲས་སྐྱེད་མོས་ཚལ་དུ་སོང་སྟེ་བཙལ་ཡང་མ་རྙེད་པས་ཕྱོགས་བཞིར་ཕོ་ཉ་བཀྱེ་ནས་བཙལ་བས། ཕོ་ཉ་བ་ཞིག་གིས་ལ་ཕུག་གི་ར་བར་ལྡུམ་ས་ལ་དྲིས་པས་སྐད་ཆ་ཐོས་ནས་བཙལ་བས་འདས་པར་མཐོང་། མ་སྐྱེས་དགྲ་ལ་སྨྲས་པས་སྐྱེ་བོ་བརྒྱ་སྟོང་དུ་མས་བསྐོར་ནས་སོང་སྟེ་བལྟས་པས་ཤི་བའི་རོ་མི་སྡུག་པ་མཐོང་ནས། བློན་པོ་རྣམས་ལ། འདི་ངའི་ཡུལ་དུ་འདས་པ་ང་ལ་མི་སྙན་པར་འགྱུར་གྱིས། འདི་བཀུར་སྟི་ཆེན་པོས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སྐྱོལ་ཅིག །ང་ཡང་འདིའི་ཁོག་པ་ལ་མཆོད་པ་བྱ་བའི་ཕྱིར་སྟོན་པ་ལ་ཞུ་འོ་ཞེས་ཞུས་པས་ཅི་ནུས་ཀྱིས་མཆོད་པ་ཆེར་གྱིས་ཤིག་གསུངས། རྒྱལ་པོས་དེའི་ཁོག་པ་ལ་མཆོད་པ་ཆེར་བྱས་སོ། །ཇི་ཙམ་ན་མ་ལ་གནོད་ཀྱིས་འཕགས་སྐྱེས་པོ་ལ་སྨྲས་པ། ཡབ་རྒྱལ་པོར་མཛད་དུས་ལྷ་རྒྱལ་པོར་གྱུར་པ་ན་ཤཱཀྱ་རྣམས་ཁ་གདག་གོ །ལས་དེ་དང་པོར་བྱའོ་གསུངས་ན་དུས་ལ་བབ་བོ། །དེས་རེ་ཞིག་བཟློགས་ཀྱང་མ་ལ་གནོད་ཀྱིས་ནན་གྱིས་བསྐུལ་བས་འཕགས་སྐྱེས་པོ་སྡིག་པའི་གྲོགས་པོའི་དབང་དུ་སོང་ནས་དེ་ཉིད་དུ་དམག་བསྡུས་ཏེ་རིངས་པར་མཉན་ཡོད་ནས་སེར་སྐྱར་ཆས་སོ། །སྟོན་པས་ཤཱཀྱ་རྣམས་ལས་ཀྱིས་མནར་བར་མཁྱེན་ནས་མཉན་ཡོད་ནས་སེར་སྐྱར་གཤེགས། ལམ་དུ་ཤིང་ཤ་ཀོ་ཊ་ཀ །མི་སྡུག་པ། ལོ་མ་སྲབ་པ། གྲིབ་མ་ཆུང་བ་ཞིག་གི་དྲུང་དུ་སྐྱིལ་ཀྲུང་བཅས་ནས་བཞུགས་སོ། །འཕགས་སྐྱེས་པོས་མཐོང་སྟེ་དྲུང་དུ་སོང་ནས། ཅིའི་ཕྱིར་ཤིང་མི་སྡུག་པ་འདི་ཡི་བསིལ་


GTN004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ཏུ་བཞུགས། རྒྱལ་པོ། གཉེན་བཤེས་རྣམས་ལ་ནི་གཉེན་བཤེས་ཀྱི་གྲིབ་མ་བསིལ་ལོ་གསུངས། ཁོས་བསམ་པ་སྟོན་པ་དང་ཉེ་དུ་ལ་ངེས་པར་ཐུགས་བརྩེ་འོ་སྙམ་ནས་སླར་ལོག་གོ །སྟོན་པས་དགོངས་པ། ཤཱཀྱ་རྣམས་ཀྱིས་བདེན་པ་མ་མཐོང་བར་འཕགས་སྐྱེས་པོའི་དམག་གིས་ཐེབས་ན་བདེན་པ་མཐོང་བའི་སྣོད་དུ་མི་འགྱུར་བར་མཁྱེན་ནས། སེར་སྐྱར་བྱོན་ཏེ་ཤཱཀྱ་རྣམས་ལ་ཆོས་བསྟན་པས་བདེན་པ་མཐོང་ངོ་། །མ་ལ་གནོད་ཀྱིས་འཕགས་སྐྱེས་པོ་མཐོང་ནས། ལྷ་ཅི་སླར་ལོག་གམ་ཟེར། རྒྱུ་མཚན་བཤད་ནས། ད་ཤཱཀྱ་རྣམས་བསད་པ་ཐོང་ཞིག་སྨྲས་པས། དེ་ན་རེ། ལྷ་དགེ་སྦྱོང་གོའུ་ཏ་མ་ནི་འདོད་ཆགས་དང་བྲལ་བས་ཉེ་དུ་ལ་མི་བལྟ་ཡི། དེ་རིང་ཉི་མ་དང་སྐར་མ་བཟང་བས་དེང་ཉིད་སེར་སྐྱར་གཤེགས་ཤིག །དེ་མི་དགེ་བའི་གྲོགས་པོས་བསླུས་པས་དཔུང་ཚོགས་གོ་བསྐོན་ནས་སེར་སྐྱར་སོང་སྟེ། ཧ་ཅང་མི་རིང་བར་དམག་སྒར་བཏབ་བོ། །དེ་ནས་སྟོན་པ་ལ་མོའུ་འགལ་གྱི་བུ་ཆེན་པོས། བདག་གིས་འཕགས་སྐྱེས་པོ་དཔུང་དང་བཅས་པ་ཡུལ་གཞན་ཞིག་ཏུ་བསྐྱལ་བའམ། ཁོར་ཡུག་གི་ཕ་རོལ་ཏུ་འཕང་བའམ་སེར་སྐྱའི་གྲོང་ཁྱེར་ལྕགས་ཀྱི་ར་བས་བསྐོར་བའམ། ལྕགས་ཀྱི་དྲྭ་བས་བསྐོར་བར་སྤྲོ་ལགས། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་ནུས་མོད་འོན་ཀྱང་ཤཱཀྱ་རྣམས་ལས་ལ་གཞོལ་བར་བྱའོ་གསུངས། དེའི་ཚེ་ཤཱཀྱ་རྣམས་ཀྱིས་དེ་ལྟར་ཐོས་ནས་དེ་དག་གིས་ཀྱང་དཔུང་ཚོགས་གོ་བསྐོན་ནས་གཡུལ་སྤྲད་པའི་ཕྱིར་འཕགས་སྐྱེས་པོའི་ལོགས་སུ་འདུག་གོ །དེ་རྣམས་བདེན་པ་མཐོང་


GTN004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བས་གསོད་པར་ནི་ཅུང་ཟད་ཀྱང་མི་བྱེད་ཀྱི། དབྱུག་པ་དང་ལྕག་གིས་བསྣུན་ཅིང་། གཞུ་རྒྱུད་དང་འབྲེང་པ་རྣམས་གཅོད་པ་དང་། རྣ་རྒྱན་ལ་མདའ་འཕེན་པ་སོགས་བྱེད་དོ། །འཕགས་སྐྱེས་པོའི་དཔུང་གོ་ཆ་ཞིག་པར་བྱས་ནས་སེར་སྐྱའི་གནས་སུ་ཞུགས་ཏེ་སྒོ་བཅད་ནས་ར་བ་ལ་སྦྲེངས་ཤིང་འཁོད་དོ། །མ་ལ་གནོད་པས་སྨྲས་པ། ཤཱཀྱ་རྣམས་ཀྱིས་བདག་ཅག་བརླག་པར་བྱ་འོང་གི་ད་འགྲོ་ཞིག །དེ་ན་རེ། ལྷ་ཐུགས་མ་ཆད་ཅིག །ཤཱཀྱ་རྣམས་བདེན་པ་མཐོང་བར་ཡིན་གྱི་སྲོག་ཆགས་གྲོག་སྦུར་ཙམ་ཡང་མི་གསོད་དེ་སྔར་བདག་ཅག་རྣམས་མ་བསད་པས་སོ། །དེ་ཅང་མི་སྨྲའོ། །ཤཱཀྱ་རྣམས་ཀྱིས་འདི་ལས་དགྲ་གཅིག་ཀྱང་སུས་བསད་པར་བྱས་ན་མི་དེ་བདག་ཅག་གི་གཉེན་མ་ཡིན་ནོ་ཞེས་ནང་ཁྲིམས་བཅས་སོ། །ཤཱཀྱ་ཤམ་བྷ་ཀ་ཞེས་རི་བྲགས་ཤིག་ན་ལས་ཀྱི་མཐའ་བྱེད་པ་དེས་ཤཱཀྱ་རྣམས་ཀྱིས་ནང་ཁྲིམས་བཅས་པ་མ་ཐོས་ཤིང་བདེན་པ་ཡང་མ་མཐོང་བས་འཕགས་སྐྱེས་པོ་ཤཱཀྱ་རྣམས་གསོད་པའི་ཕྱིར་འོངས་སོ་ཞེས་ཐོས་ནས་ཁྲོས་ཏེ་མྱུར་བར་འཕགས་སྐྱེས་པོའི་དཔུང་གི་སྟེང་དུ་བརྒྱུགས་ནས་སྐྱེ་བོ་མང་པོ་ཞིག་བསད། ཁ་ཅིག་མ་ཤི་ཙམ་དུ་བྱས་སོ། །དེ་ནས་འཕགས་སྐྱེས་པོ་ཡིད་འཁྲུགས་ཏེ། མ་ལ་གནོད་མཐོང་ངམ་ཁྱོད་ཀྱིས་འདི་དག་བདེན་པ་མཐོང་བས་སྲོག་ཆགས་གྲོགས་སྦུར་ཙམ་ཡང་མི་གསོད་ཟེར་བ་ཞིག་ན་མི་གཅིག་གིས་ཀྱང་འདི་ཙམ་བསད་པས་ཆོག་གི་སླར་འདོང་ངོ་། །དེ་ན་རེ། ཤཱཀྱ་རྣམས་ཀྱི་ཁྲིམས་བཅས་པ་འདི་དག་གིས་མ་ཐོས་པས་ད་ནི་འདི་ནང་དུ་མི་ཆུད་དོ་ཟེར། དེ་སེར་


GTN004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱའི་སྒོར་སོང་ནས། ནང་དུ་འོང་གི་སྒོ་ཕྱེས་ཤིག །དེ་དག་གིས། ཁྲིམས་ཉམས་པས་གཞན་དུ་སོང་ཞིག་ཟེར། ངས་ཁྱོད་ཀྱི་ཁྲིམས་བཅས་པ་མ་ཐོས་ཏེ་དེ་ལྟ་ན་ངའི་འཁོར་ཕྱིར་ཕྱུང་དང་ང་འགྲོ་འོ་ཟེར་བས་འཁོར་རྣམས་ཕྱིར་ཕྱུང་། དེས་དེ་དག་ཁྲིད་ནས་སྟོན་པའི་དྲུང་དུ་སོང་སྟེ། བདག་ཅག་གིས་སྟོན་པ་ལ་བྱ་བ་བྱེད་པའི་སླད་དུ་མཚན་མ་ཅུང་ཟད་སྩོལ་ཅིག་ཞུས་སོ། །སྟོན་པས་རྫུ་འཕྲུལ་གྱི་དབུ་སྐྲ་དང་སེན་མོ་དང་ཚེམས་གནང་ནས་དེ་རྣམས་ཡུལ་བ་ཀུ་དར་ཆས་སོ། །དེ་རྣམས་ཀྱིས་ཤཱཀྱ་ཤམ་བྷ་ཀ་ཞེས་སྟོབས་དང་བརྩོན་པ་དང་ཕ་རོལ་གནོན་པ་ཞིག་རང་ཅག་གི་ཡུལ་དུ་འོངས་སོ་ཞེས་ཐོས་ནས་རེ་ཞིག་གི་དྲུང་དུ་འདུས་ཏེ། དེ་དང་འཕྲད་དམ་མི་འཕྲད་འགྲོ་ཡིན་འདུག་པ་ན། ཤམ་བྷ་ཀས་འཁོར་རྣམས་ཕྱོགས་ཤིག་ཏུ་བཞག་རང་ཉིད་བང་ཆེན་གྱི་གཟུགས་སུ་བྱས་ནས་དེ་དག་གི་དྲུང་དུ་སོང་བ་དང་། གང་ནས་འོངས་ཟེར། དེས་སྨྲས་པ། ཤཱཀྱ་ཤམ་བྷ་ཀ་ཞེས་པས་རྒྱལ་སྲིད་འདོད་ཅིང་འདིར་འོང་བར་འདོད་ནས་དེས་སྤྲིང་ཡིག་འདི་བསྐུར་བས་ལྷོགས་ཤིག །དེ་དག་ན་རེ། འདིར་སྟན་ཡང་མེད་ན་གར་འཁོད། དེས་རལ་གྲི་ཤུབས་ནས་ཕྱུང་སྟེ། ཕ་བོང་དུམ་བུ་དུམ་བུར་བཤགས་ནས་འདི་ལ་འཁོད་ཅིག་བྱས་པས། ཀུན་ཧ་ལས་ནས། དེ་ལ་ཁྱོད་འདྲ་བའི་མི་དུ་ཡོད། བདག་ནི་བང་ཆེན་ཏེ་དེ་ལ་དཔའ་བོ་གཞན་མང་དུ་ཡོད་དོ། །དེར་ཁོང་རྣམས་ཡ་མཚན་པར་གྱུར་ནས་དེ་བདག་ཅག་གི་རྒྱལ་པོར་གཞུག་གོ་ཞེས་སྨྲས་ནས་སྤྲིང་ཡིག་བཀླགས་ཏེ། དེའི་ལན་བྱིན་པ། བྱོན་པ་ལེགས་སོ། །ཕན་བཏགས་པས་


GTN004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བཞིན་བགྱི་འོ་དེས་སྤྲིང་ཡིག་གི་ལན་དེ་ཁྱེར་ནས་འཁོར་དང་བཅས་པ་ཡུལ་བ་ཀུ་དར་འོངས་པ་དང་། དེ་དག་གིས་བཀུར་སྟི་ཆེན་པོས་བསུ་ནས་རྒྱལ་སྲིད་ལ་བཞག་གོ །དེས་དེར་སྟོན་པའི་དབུ་སྐྲ་སོགས་ལ་མཆོད་རྟེན་བརྩིགས་པ་ཤམྦྷ་ལ་ཞེས་གྲགས་སོ། །འཕགས་སྐྱེས་པོས་མ་ལ་གནོད་ལ་སྨྲས་པ། ད་ནི་ཤཱཀྱ་རྣམས་ཀྱིས་སྒོ་བཅད་དེ་ར་བར་སྦྲེངས་ནས་བག་བརྐྱངས་ཏེ་འཁོད་ན་ངེས་པར་མི་ཐུབ་པས་ཅི་ཞིག་བྱ་ད་འགྲོའོ། །དེས་སྨྲས་པ། གྲོང་ཁྱེར་ཐམས་ཅད་ཕ་རོལ་གནོན་པ་གཅིག་པུས་ཆོམས་སམ། དེས་ན་དབྱེན་བགྱི་འཚལ་ལོ། །འཕགས་སྐྱེས་པོས་དེ་དག་ལ་སྤྲིངས་པ། ད་ནི་ཁྱེད་ལ་ཆགས་སྡང་མེད་ཀྱི། འོན་ཀྱང་བྱ་བ་ཅུང་ཟད་ཡོད་པ་དེ་ཐོབ་ན་འགྲོ་ཡི་སྒོ་ཕྱེས་ཤིག །ཤཱཀྱ་རྣམས་འདུས་ནས་ཁ་ཅིག་ན་རེ་སྒོ་དབྱེ་འོ། །ཁ་ཅིག་ན་རེ་ཕྱེ་ན་མི་ལེགས་སོ། །ཁ་ཅིག་ན་རེ་ཁྱེད་འདོད་ན་ཚུལ་ཤིང་བྲིམས་ལ་མང་བའི་འདོད་པ་དེ་བྱའོ། །དེ་རྣམས་ཀྱིས་ཚུལ་ཤིང་བྲིམ་པར་བརྩམས་པ་ན། བདུད་སྡིག་ཅན་བཅོམ་ལྡན་འདས་ལ་སྙིང་ན་བའི་ལན་གྱིས་འདིའི་ཉེ་དུ་རྣམས་ལ་གནོད་པ་བྱ་འོ་སྙམ་ནས་ཤཱཀྱ་རྒན་པོར་སྤྲུལ་ཏེ་འདུག་ནས་དེས་ཐོག་མར་ཚུལ་ཤིང་བླངས་པ་དང་། ཤཱཀྱ་རྒན་པོས་ཚུལ་ཤིང་བླངས་སོ་ཞེས་ཀུན་གྱིས་བླངས་སོ། །དེ་ནས་འཕགས་སྐྱེས་པོར་ནང་དུ་ཞུགས་ཤིག་སྤྲིངས་པས། དེ་དཔུང་དང་བཅས་པས་ནང་དུ་ཞུགས་ཏེ་མཚོན་རྣོན་པོས་ཤཱཀྱ་རྣམས་གསད་པར་བརྩམས་པས་ཤཱཀྱ་རྣམས་ཀྱིས་ཀུ་ཅོ་ཆེན་པོ་བཏོན་པ་ཤཱཀྱ་མིང་ཆེན་གྱིས་ཐོས་ནས་མགྱོགས་པར་འཕགས་སྐྱེས་པོའི་རྩར་སོང་ནས།


GTN004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་འོངས་པ་བདག་ལ་དམ་པ་སྩོལ་ཅིག་བྱས་པས། དམ་པ་ཅི་སློང་ཟེར། བདག་གི་ཉེ་དུ་རྣམས་ལ་མི་འཇིགས་པ་སྩོལ་ཅིག །དེས་ངས་མི་སྦྱིན་གྱི། ཁྱོད་ཀྱི་འཁོར་རྣམས་ཕྱིར་ཕྱུང་ཞིག་ཟེར། ལྷ་བདག་ཆུ་ནང་དུ་ནུབ་སྟེ་འདུག་པ་ཇི་སྲིད། དེ་སྲིད་ཀྱི་མི་ཕྱིར་ཕྱུང་བ་དེ་ལ་མི་འཇིགས་པ་སྩོལ་ཅིག །དེར་བློན་པོ་རྣམས་ཀྱིས་ཀྱང་། མིང་ཆེན་ཡུམ་མེས་དང་ཡབ་ཀྱི་གྲོགས་པོའང་ཡིན་པས་བཀའ་གནང་བར་རིགས་སོ་སྨྲས་པས་དེས་ཕྱིན་པ་དང་། མིང་ཆེན་ཆུའི་རྫིང་བུར་སོང་སྟེ། སཱ་ལའི་ཡལ་ག་ལ་གཙུག་ཕུད་བཏགས་ནས་མ་འཆི་བར་ནུབ་སྟེ་འདུག་གོ །དེར་སེར་སྐྱ་ན་གནས་པའི་ཤཱཀྱ་རྣམས་ལས་མ་བསགས་པ་རྣམས། གྱད་རྒྱུ་བ་དང་། བལ་ཡུལ་དང་། གྲོང་དང་གྲོང་རྡལ་སོགས་སུ་སོང་ངོ་། །ཚོགས་པ་ཅན་གྱི་ལས་བྱས་པ་རྣམས་ནི། ཤར་སྒོ་ནས་བྱུང་ལྷོ་ནས་འཇུག །ལྷོ་ནས་བྱུང་ནུབ་ནས་འཇུག །ནུབ་ནས་བྱུང་བྱང་ནས་འཇུག །བྱང་ནས་བྱུང་ཤར་ནས་འཇུག་པ་དང་། བློན་པོ་རྣམས་ཀྱིས། ཀྱེ་མ་ཤཱཀྱ་རྣམས་ཚིག་གོ །འཕགས་སྐྱེས་པོས་མེས་པོ་དེ་རིང་ཞིག་ལོན་པས་ལྟོས་ཤིག །བལྟས་པས་འདས་པར་མཐོང་ནས་དེ་ལྟར་སྨྲས་པས། ད་ཐམས་ཅད་གསོད་པར་བྱེད་པས་སྟན་ཤོམས་ཤིག །ལམ་པོ་ཆེར་ཁྲག་གི་རྒྱུན་བབ་པར་གྱུར་པ་དེ་སྲིད་དུ་འདུག་གོ་སྨྲས་ནས་འདུག་པ་ན། དཔའ་བོ་རྣམས་བསད་ན་ཁྲག་ཉུང་བ་ཆོས་ཉིད་ཡིན་པས། དེ་ཙམ་གྱི་ཁྲག་གང་ནས་འབྱུང་སྙམ་དུ། བློན་པོ་རྣམས་བགྲོས་ཏེ། རྒྱ་སྐྱེགས་ཀྱི་ཁུ་བ་མང་པོ་ལམ་པོ་ཆེར་བླུགས་པས། འཕགས་སྐྱེས་པོས་བདག་དམ་བཅའ་རྫོགས་པས་འགྲོའོ་སྙམ་སྟེ། གཞོན་ནུ་ལྔ་


GTN004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ། བུ་མོ་ལྔ་བརྒྱ་ཁྲིད་དེ་ཀུན་ཏུ་རྒྱུ་རྣམས་ཀྱི་ཀུན་དགའ་ར་བ་ཕག་མོའི་གནས་ཞེས་བྱ་བར་སོང་ངོ་། །དེའི་ཚེ་ཤཱཀྱ་བདུན་ཁྲི་བདུན་སྟོང་བསད་དེ་ཕལ་ཆེར་བདེན་པར་མཐོང་བ་ཤ་སྟག་གོ །དེ་ནས་མ་ལ་གནོད་ཀྱིས་ཤཱཀྱའི་ཁྱེའུ་དང་བུ་མོ་རྣམས་གསོད་པར་བསྐུལ་ཏེ། འཕགས་སྐྱེས་པོས་གླང་པོ་ཆེར་རྫིར་བཅུག་པ་ན། དེ་དག་གིས་གླང་པོ་གན་རྐྱལ་དུ་མནན་ནས་ལག་པ་ནས་ལག་པར་སྦེད་པར་བརྩམས་སོ། །མ་ལ་གནོད་ཀྱིས་སྨྲས་པ། འདི་དག་གི་སྟོབས་འདི་ལྟར་ཆེ་ན་ལྷ་ལ་གནོད་ཀྱི། དོང་དུ་ཆུག་ལ་སྟེང་ནས་ལྕགས་ཀྱི་ཤལ་མས་ནོན་ཅིག །རྒྱལ་པོས་ཀྱང་དེ་བཞིན་ནོ་ཞེས་སྨྲས་པས། དོང་དུ་བཅུག་ལ་ལྕགས་ཀྱི་ཤལ་མས་མནན། དེ་ལས་གཉིས་བྲོས་ནས་སྟོན་པའི་སྤྱན་སྔར་སོང་བ་དང་སྟོན་པས་ལྷུང་བཟེད་ཀྱིས་བཀབ་པས་དེ་ཉིད་དུ་ཤི་འོ། །དེའི་ཚེ་སྟོན་པ་ཡང་དབུ་བསྙུང་བར་གྱུར། དེ་ནས་འཕགས་སྐྱེས་པོས་མི་ཞིག་ལ་ཁྱོད་སྟོན་པའི་སྤྱན་སྔར་སོང་ལ་ཅི་གསུང་ཉོན་ཅིག །དེས་སོང་བ་དང་། སྟོན་པས་ཀུན་དགའ་བོ་ལ། ང་ལ་ཆུ་ལྷུང་བཟེད་གང་བྱིན་ཅིག །དེས་ཀྱང་ཕུལ་ལོ། །སྟོན་པས་དེར་ཆུའི་ཐིགས་པ་གཉིས་གསུམ་ཙམ་བླུགས་པ་དང་། དེ་དག་ཆུ་ཡི་ནང་དེ་ནས་དུ་བར་འཐུལ་ཞིང་། ཅི་རི་རི་ཟེར་སྒྲའང་འབྱིན་ནོ། །དགེ་སློང་རྣམས་ཆོ་འཕྲུལ་དེ་མཐོང་ནས་ཡིད་དད་ཅིང་། དེ་རྣམས་ཀྱི་རྒྱུ་མཚན་ཞིབ་པར་ཞུས་པས། སྟོན་པ་ཕྱོགས་གཅིག་ཏུ་གདན་བཤམས་པ་ཉིད་ལ་བཞུགས་ནས། དགེ་སློང་དག་ཀོ་ས་ལའི་རིགས་ཞག་བདུན་ན་སྦྲུལ་གྱིས་བལྟས་པ་བཞིན་དུ་རབས་ཆད་པར་འགྱུར་རོ། །འཕགས་སྐྱེས་པོའང་མ་ལ་གནོད་དང་བཅས་ཞག་


GTN004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ན་མེས་ཚིག་སྟེ་ཆོ་ངེ་འདོན་བཞིན་དུ་མནར་མེད་དུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཆུ་བོ་ཞིག་གི་འགྲམ་ན་ཉ་པ་ལྔ་བརྒྱ་གནས་སོ། །དེ་རྣམས་ཀྱིས་རྒྱ་མཚོ་ཆེན་པོ་ནས་ཉ་གཉིས་ཆུ་བོ་དེར་ཞུགས་པར་མཐོང་བ་དང་ཉ་རྒྱ་ཆེན་པོས་བཅུས་སོ། །དེ་རྣམས་ཀྱིས་དེ་གཉིས་ཀྱི་ལུས་མཐོང་ནས། ལུས་ཤིན་ཏུ་ཆེ་བས་གསོད་ན་ཤ་རྗེས་མ་རུལ་འགྲོ་བར་ཤེས་ཏེ། ཚོང་འདུས་སུ་ཤ་གསར་པ་འབྲིམ་པའི་ཕྱིར། དེ་གཉིས་ཤིང་སྡོང་ལ་བཏགས་ནས་གསོན་པོར་ཤ་བཅད་ཅིང་བཙོང་བར་བགྲོས་ཏེ་དེ་ལྟར་བྱས་པ་ན་རང་གི་སྐད་དུ་འོ་དོད་འབོད་པར་བརྩམ་མོ། །དེ་དག་མི་བདེ་བ་ཉ་བའི་ཁྱེའུ་ཞིག་གིས་ཐོས་པས་རབ་ཏུ་དགའོ། །དེའི་ཚེ་ཉ་གཉིས་ཀྱིས། འདི་ལྟར་ཉེས་པ་མེད་པར་བསད་པས་བདག་ཅག་གིས་ཀྱང་འདི་རྣམས་ཉེས་པ་མེད་པར་གསོད་པར་གྱུར་ཅིག་སྙམ་མོ། །དེའི་དུས་ཀྱི་ཉ་གཉིས་ནི་འཕགས་སྐྱེས་པོ་དང་མ་ལ་གནོད་ཡིན་ལ། ཉ་པ་ལྔ་བརྒྱ་ཤཱཀྱ་ལྔ་བརྒྱ། ཉ་པའི་ཁྱེའུ་ནི་ང་ཉིད་དོ། །ཡང་སྔོན་ཆོམ་རྐུན་པ་ལྔ་བརྒྱས་ལམ་འགྲུལ་ཐམས་ཅད་བཅོམ་ཞིང་། རི་བྲགས་ན་གནས་པའི་སྐྱེ་བོ་འགའ་ཡང་བཅོམ་སྟེ་རྫས་རྣམས་ཁྱེར་བ་ན། ཡང་ཐོག་ཞིག་ཏུ་ཁྱིམ་བདག་གཉིས་འཛེགས་ཏེ་འདུག་གོ །རྐུན་པོ་རྣམས་ཀྱིས། བོབས་ཤིག་སྨྲས་པས། མ་ཤི་བར་དུ་མི་འབབ་བོ་ཟེར། དེ་རྣམས་ཀྱིས་རྩྭ་ཤིང་ལ་མེ་བཏང་སྟེ། དེ་གཉིས་བསྲེགས་པས་སྡུག་བསྔལ་གྱིས་གདུངས་ནས། ཉེས་པར་མེད་པར་འདི་རྣམས་ཀྱིས་བསད་པས། བདག་ཅག་གིས་ཀྱང་འདི་རྣམས་ཉེས་


GTN004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་གསོད་པར་གྱུར་ཅིག་སྙམ་མོ། །དེའི་དུས་ཀྱི་ཁྱིམ་བདག་གཉིས་ནི་འཕགས་སྐྱེས་པོ་དང་མ་ལ་གནོད། ཆོམ་རྐུན་པ་ལྔ་བརྒྱ་ནི་ཤཱཀྱ་ལྔ་བརྒྱ་པོ་རྣམས་ཡིན་ནོ། །ཞེས་གསུངས་སོ། །འཕགས་སྐྱེས་པོས་ཤཱཀྱ་རྣམས་བསད་ནས་མཉན་ཡོད་དུ་ཕྱིན་པའི་ཚེ་གཞོན་ནུ་རྒྱལ་བྱེད་ཁང་བཟང་གི་སྟེང་དུ་གྲོགས་མེད་པར་རོལ་མོར་རྩེ་བར་ཐོས་ནས་འཕགས་སྐྱེས་པོས་བློན་པོ་ལ་སུ་ཡིན་དྲིས། དེས་རྒྱལ་བྱེད་ཡིན་ནོ་ཟེར་བོས་ཤིག །བོས་པ་དང་ངས་དགྲ་བསད་ནས་འོངས་ན་ཁྱོད་ཀྱིས་རྩེ་ཞིང་འདུག་གམ། དེ་ན་རེ། དགྲ་སུ་ལགས། ཤཱཀྱ་རྣམས་སོ། །ཤཱཀྱ་རྣམས་ཁྱོད་ཀྱི་དགྲ་ཡིན་ན་གཉེན་སུ་སྨྲས་པས། འདི་ཡང་ཤཱཀྱ་ལ་མོས་པས་གསོད་ཟེར་ནས་བསད་པ་ན། སུམ་ཅུ་རྩ་གསུམ་དུ་སྐྱེས་ཏེ་མིའི་རོལ་མོའི་སྒྲ་མ་ཞི་བར་ལྷའི་རོལ་མོའི་སྒྲ་བྱུང་ངོ་། །དེ་ནས་སྟོན་པས། བསོད་ནམས་བྱས་པ་འདིར་དགའ་ཕྱི་མར་དགའ། །གཉིས་ཀར་དགའ་སྟེ་དེ་ནི་བདག་ཉིད་ཀྱི། །ལས་རྣམས་མཐོང་དེ་དགའ་བ་རབ་ཏུ་དགའ། །འགྲོ་བ་བཟང་པོར་སོང་བ་ཕྱིར་ཞིང་དགའ། །ཀུན་དགའ་བོས་གསོལ་པ་ཚིགས་བཅད་འདི་ཡི་དོན་མ་འཚལ་ཏོ། །རྒྱལ་བྱེད་ཉེས་པ་མེད་པར་འཕགས་སྐྱེས་པོས་གསོད་པས་དེའི་མིའི་རོལ་མོའི་སྒྲ་མ་ཞི་བར་ལྷའི་རོལ་མོའི་སྒྲ་བྱུང་བ་ལ་དགོངས་ནས་གསུངས་སོ། །ཇི་ཙམ་ན་འཕགས་སྐྱེས་པོ་བཙུན་མོའི་འཁོར་གྱི་ནང་དུ་རྣམ་པར་ངོམ་སྟེ་ང་རྒྱལ་ནས་ད་ང་འདྲ་བ་སུ་ཡོད་ཟེར། དེར་ཤཱཀྱའི་བུ་མོ་ལྔ་བརྒྱ་པོས་སྨྲས་པ། ཁྱོད་ཀྱིས་གང་དག་རྨེག་མེད་བྱས། །དེ་དག་རྒྱལ་སྲས་


GTN004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱའི་སྲས། །བསླབ་པའི་སྡོམ་པས་བསྡམ་པ་ཡིན། །ཁྱོད་ཀྱིས་འདིར་སྨྲས་ཅི་ཞིག་རུང་། །དེ་ཁྲོས་ཏེ་བློན་པོ་རྣམས་ལ། བུ་མོ་ལྔ་བརྒྱ་ཐམས་ཅད། དམར་བུ་ཅན་གྱི་རྫིང་འགྲམ་དུ་རྐང་ལག་ཆོད་ཅིག་བསྒོ་བས། དེ་ལྟར་བྱས་པ་ན། ལག་པའི་དོང་ཞེས་མིང་ཆགས། དེ་རྣམས་སྡུག་བསྔལ་མི་ཟད་པར་མྱོང་བ་ན། བདག་ཅག་ཉམ་ང་བ་སྟོན་པས་མ་དགོངས་སོ་སྙམ་པ་སྟོན་པས་མཁྱེན་ཏེ་དེར་གཤེགས་པ་དང་། བུད་མེད་དེ་དག་གཅེར་བུར་གྱུར་པ་གཟིགས་ནས། འཇིག་རྟེན་པའི་ཐུགས་བསྐྱེད་དེ། ལྷའི་བུ་མོ་བདེ་སོགས་ཀྱིས་གོས་དང་ཆུ་ཁྱེར་འོངས་ཀྱང་བླ་སྙམ་པ་དང་། དེ་མ་ཐག་བདེ་སོགས་ཀྱིས་རས་ཟུང་ལྔ་བརྒྱ་དང་། མཚོ་མ་དྲོས་པ་ནས་ཆུ་བླངས་ཏེ་ཤཱཀྱའི་བུ་མོ་རྣམས། རྐང་ལག་བཀྲུས་པ་ལ་གོན་པ་སྐོན་ཏེ་དབུགས་ཕྱུང་ངོ་། །སྟོན་པས་དེ་རྣམས་ཀྱི་སྡུག་བསྔལ་ཞི་བར་མཛད་ནས། སྲིང་མོ་དག །ལས་ལ་གཞོལ་བར་གྱིས་ཤིག་གསུངས་ཏེ་གཤེགས་སོ། །དེ་རྣམས་སྟོན་པར་སེམས་དད་བཞིན་དུ་ཤི་ནས་རྒྱལ་ཆེན་རིགས་བཞིའི་ལྷར་སྐྱེས་ནས་རྒྱུ་མཚན་མཐོང་སྟེ་ཞག་མ་ལོན་པར་མཚན་མོར་ལྷ་རྫས་ཀྱི་མེ་ཏོག་ཁྱེར་ནས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བས་ཁྱབ་པར་བྱས་ཏེ་སྟོན་པ་ལ་མེ་ཏོག་སྣ་ཚོགས་གཏོར་ཆོས་མཉན་པས་བདེན་པ་མཐོང་ཞིང་སླར་སོང་ངོ་། །དེའི་རྒྱུ་ཞུས་པས། སྔོན་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རྣམས་རབ་ཏུ་བྱུང་ཡང་དགེ་སློང་རྣམས་ལ་རྐང་རྡུམ་ལག་རྡུམ་ཞེས་ཚིག་ངན་བརྗོད་པས་ལོ་མང་པོ་དམྱལ་བར་སྐྱེས། ལས་ཀྱི་ལྷག་མས་ཚེ་རབས་ལྔ་བརྒྱར་རྐང་


GTN004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བཅད་དེ། ང་ལ་སེམས་དང་བར་བྱས་པ་ལྷ་རྣམས་སུ་སྐྱེས་སོ། །འདི་རྣམས་ཀྱིས་ལུང་མནོས་པ་དང་། བཀླགས་པ་དང་། ཁ་ཏོན་བྱས་པས་བདེན་པ་མཐོང་བ་ཡིན་ནོ་གསུངས། དེ་ནས་མི་དེ་འཕགས་སྐྱེས་པོའི་དྲུང་དུ་སོང་བ་ན། འཕགས་སྐྱེས་པོས། བཅོམ་ལྡན་འདས་ཅི་གསུངས། མི་དེས་ཚུལ་རྒྱས་པར་བསྙད་པས། དེ་ཡིད་མི་བདེ་བར་གྱུར་པ། མ་ལ་གནོད་ཀྱིས་མཐོང་ནས་ཅིའི་ཕྱིར་སེམས་མི་བདེ། སྟོན་པས་འདི་ལྟར་གསུངས་ན་ཡིད་ཅི་ལ་བདེ། དེ་ན་རེ་གང་ཞིག་བྲམ་ཟེ་འོངས་པ་ལ། ཟ་མ་མི་སྩོལ་བ་དེ་ལའང་ཕུང་བ་བརྒྱ་སྟོང་དུ་སེམས་ན། ལྷས་དགེ་སྦྱོང་གོའུ་ཏ་མའི་ཉེ་དུ་དེ་ཙམ་བཀུམ་པས། དེ་སྐད་གསུང་ཡང་རུང་། གཞན་གསུང་ཡང་རུང་སྟེ། སྐྱེད་ཚལ་དུ་ཁང་བཟང་ཀ་བ་བཞི་པ་ཞིག་བགྱིད་དུ་སྩལ་ཏེ། དེར་གཤེགས་ནས་དགུང་བདུན་དུ་བཞུགས་ལ་སླར་གཤེགས་པར་མཛོད་ཅིག་ཟེར་བས། དེ་ལྟར་བྱས་ནས་བཙུན་མོའི་འཁོར་དང་བཅས་དེར་སོང་སྟེ་འདུག་གོ །དགུང་བདུན་སོང་བ་དང་། ལྷ་དེང་ཁོ་ནར་མཉན་ཡོད་དུ་གཤེགས་སོ། །དེ་ལྟར་བརྩམས་པ་ན། གནམ་ལ་སྤྲིན་ཚོགས་འདུས་ཏེ་ཡུལ་ངན་ཞིག་བྱུང་ངོ་། །བུད་མེད་རྒྱན་ལ་དགའ་བས་བཙུན་མོ་རྣམས་ཀྱིས་ལམ་སྣ་གཟབ་འཕྱོར་གྱི་ཕྱིར་རྒྱན་བཏགས་པ་ན། བཙུན་མོ་ཞིག་གིས་སྔས་ནང་ཚངས་ཅན་གྱི་སྟེང་དུ་མེ་ཤེལ་བཞག་ཡོད་པར་སྤྲིན་སངས་ནས་ཉི་མ་ཤར་བའི་འོད་མེ་ཤེལ་ལ་ཕོག །དེ་ལས་མེ་བྱུང་བས་སྔས་ནང་ཚངས་ཅན་ལ་མཆེད་ནས་བཙུན་མོ་རྣམས་བྲོས་སོ། །འཕགས་སྐྱེས་པོ་དང་མ་ལ་གནོད་ཚིག་བཞིན་ཏུ་བྲོས་པས་མི་མ་ཡིན་དག་གིས་སྒོ་བཅད་དོ། །མ་


GTN004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་ཚིག་གོ་སྨྲས་པས། དེ་ན་རེ་ལྷ་ཆོས་སོ་ཞེས་དེ་གཉིས་འོ་དོད་འབོད་ཅིང་མནར་མེད་དུ་སྐྱེས་སོ། །སྟོན་པས། སྡིག་པ་བྱས་པ་འདིར་ཚིག་ཕྱིར་མར་ཚིག །གཉིས་ཀར་ཚིག་སྟེ་དེ་ནི་བདག་ཉིད་ཀྱི། །ལས་རྣམས་སྨིན་མཐོང་དེ་ཚིག་རབ་ཏུ་ཚིག །འགྲོ་བ་ངན་པར་སོང་བ་ཕྱིར་ཞིང་ཚིག །ཅེས་གསུངས་པས། ཀུན་དགའ་བོས་ཚིགས་བཅད་འདིའི་དོན་མ་འཚལ་ཏོ། །འཕགས་སྐྱེས་པོ་དང་མ་ལ་གནོད་མེས་ཚིག་རབ་ཏུ་ཚིག །འགྲོ་བཞིན་དུ་མནར་མེད་དུ་སོང་བ་ལ་དགོངས་སོ། །འཕགས་སྐྱེས་པོས་ཤཱཀྱ་རྣམས་གསོད་པའི་ཚེ། ཤཱཀྱའི་བུ་མོ་རྣམས་ཀྱིས་དེ་རྣམས་ཀྱི་རྒྱན་དག་མཐོང་ནས་ངུ་བར་བརྩམས་ཏེ་བསམ་པ། ཤཱཀྱ་རྣམས་འཕགས་པ་ལ་དད་པས་རྒྱན་རྣམས་འཕགས་པ་རྣམས་ལ་དབུལ་ལོ་ཞེས་དགེ་སློང་ལ་ཕུལ་ལོ། །༈ ཡལ་འདབ་བཅུ་གསུམ་པ་ནི། མ་ག་དྷཱར་གནོད་སྦྱིན་ལྔ་རྩེན་མ། གནོད་སྦྱིན་པ་ཏིའི་བུ་མོ་དགའ་བྱེད་མ་བག་མར་བཏང་བ་ལ། བུ་གཅིག་ནས་ལྔ་བརྒྱའི་བར་དུ་རིམ་པས་བཙས་སོ། །དེའི་དུས་ན་དགའ་བྱེད་མ་བུའི་ང་རྒྱལ་གྱིས། ལྔ་རྩེན་ལའང་མི་ཉན་ཞིང་། ཁྱིམ་ཐབ་རང་གྱེས་སུ་བཏང་ནས་རི་བོ་དང་ནགས་ཚལ་དང་ལྗོངས་མ་ངེས་པ་དག་ཏུ་རྒྱུའོ། །དེ་ནས་མ་ག་དྷཱར་བུད་མེད་བུ་ཆགས་པ་ཐམས་ཅད་མངལ་གྱི་སེམས་ཅན་ཞིག །བུ་བཙས་པ་ཐམས་ཅད་ཀྱང་གཅིག་ཀྱང་མ་འཚོའོ། །ལྟས་མཁན་


GTN004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གནོད་སྦྱིན་འཁྲུགས་པས་གཏོར་མ་གྱིས་ཤིག་པར་བསྐུལ་བས། དེར་རྒྱལ་པོ་ལ་སོགས་པར་སྐྱེ་བོ་ཐམས་ཅད་ཀྱིས་གྲོང་ཁྱེར་རྒྱན་ཐམས་ཅད་ཀྱིས་བརྒྱན། ལྷ་དང་གནོད་སྦྱིན་ཆེར་མཆོད་ཀྱང་མ་ཕན་ཏེ། རྒྱལ་པོའི་ཁབ་ཀྱི་ལྷ་རྣམས་ཀྱིས་ལུང་བསྟན་པ། ཁྱེད་རྣམས་ལ་གནོད་སྦྱིན་མོ་དགའ་བྱེད་གནོད་ཀྱི་བཅོམ་ལྡན་འདས་ལ་དེ་འདུལ་བར་ཞུས་ཤིག །དེ་ནས་སྐྱེ་བོའི་ཚོགས་རྣམས་ཀྱིས་འདི་ནི་མ་ག་དྷཱ་པའི་ཚོགས་རྣམས་ཀྱི་བུ་འཕྲོག་པར་བྱེད་པས་འཕྲོག་མའོ། །ཞེས་འཕྲོག་མར་མིང་ཆགས་སོ། །དེར་མ་ག་དྷཱའི་སྦྲུམ་མ་ཐམས་ཅད་ཡུལ་གཞན་དུ་འབྲོས་པར་བརྩམས་པ་ན། འཕྲོག་མ་རང་ཉིད་འཇིགས་པའི་གཟུགས་དངོས་སུ་སྟོན་ཏེ་ལམ་བཀག་པས་འབྲོས་མ་ནུས་སོ། །དེར་མ་ག་དྷཱ་པས་བསྐུལ་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོས་སྟོན་པ་ལ་འཕྲོག་མ་འདུལ་བར་གསོལ་བ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་དུས་སུ་གཟིགས་ཏེ་ཅང་མི་སྨྲ་བས་གནང་ངོ་། །དེ་ནས་སྔ་དྲོའི་དུས་ཤིག་ན་བཅོམ་ལྡན་འདས་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་ནས་ཕྱི་དྲོའི་དུས་སུ་གནོད་སྦྱིན་མོ་འཕྲོག་མའི་གནས་སུ་གཤེགས་སོ། །དེའི་ཚེ་འཕྲོག་མ་རང་ཉིད་བུ་གཞན་རྣམས་དང་བཅས་སྤྱོད་ཡུལ་དུ་སོང་། ཐ་ཆུང་དགའ་བྱེད་གཅིག་པུ་ཁྱིམ་ན་འདུག་གོ །དེ་ནས་སྟོན་པས་དགའ་བྱེད་ལ་ལྷུང་བཟེད་ཀྱིས་བཀབ་སྟེ། དེས་གཞན་མཐོང་ལ། གཞན་དག་གིས་དེ་མི་མཐོང་བར་བྱིན་གྱིས་བརླབས་སོ། །དེ་ནས་འཕྲོག་མ་དེ་མ་ཐག་ཏུ་འོངས་ཀྱང་ཐ་ཆུང་དགའ་བྱེད་ནི་མ་རྙེད་པས་ཁྱིམ་གྱི་


GTN004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ར་ཁོར་ཡུག་ཏུ་བཙལ་ཀྱང་མ་མཐོང་ངོ་། །བུ་གཞན་རྣམས་ལ་དྲིས་ཀྱང་མཐོང་བ་མ་བྱུང་། དེ་མིག་མཆི་མས་གང་བཞིན་དུ་རྒྱལ་པོའི་ཁབ་ཀྱི་གྲོང་དང་། ཚོང་འདུས་དང་། ལམ་སྲང་རྣམས་སུ་རྒྱུ་ཞིང་ཀྱེ་ཧུད་བུ་ཞེས་སྐད་ཕྱུང་ཡང་ལན་སྟེར་བ་མ་མཐོང་ཞིང་མེད་དོ། །དེ་ནས་གྲོང་ཁྱེར་ཆེན་པོ་དྲུག་དང་རི་ནག་པོ་དགུ་འདས་ཤིང་གླིང་གཞན་རྣམས་དང་། གསེར་གྱི་རི་བདུན། རི་རབ་ཀྱི་བང་རིམ་རྣམས་སུ་བཙལ་ཀྱང་མ་རྙེད་དེ། ལྷའི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་དང་སུམ་ཅུ་རྩ་གསུམ་གྱི་གྲོང་ཁྱེར་རྣམས་སུ་འཇུག་པར་བརྩམས་པ་ན་སྒོ་སྲུང་ཁྲོ་བོ་ལག་ན་རྡོ་རྗེ་རྣམས་ཀྱིས་བཀག་གོ །དེ་ནས་ལྕང་ལོ་ཅན་དུ་ཕྱིན་ནས། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་བུ་ལ་དྲིས་ཤིང་གསོལ་བ་བཏབ་པ་ན། ཁྱོད་ཀྱི་གནས་སུ་ཉིན་པར་སུ་འོང་ཟེར། འཕྲོག་མས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་བྱོན་ནོ། །འོ་ན་སོང་ལ་དེར་སྐྱབས་སུ་གསོལ་དང་རྙེད་པར་འགྱུར་རོ་ཟེར་བས་དེ་ཐོས་ནས་འཕྲོག་མ་རང་ཉིད་ཤི་བ་ལས་སོས་པ་ལྟ་བུའི་དགའ་བདེ་ཐོབ་ནས་རང་གནས་སུ་སོང་ངོ་། །བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས། དགེ་སྦྱོང་གཽ་ཏ་མ། བདག་ལ་བུ་དགའ་བྱེད་བསྟན་དུ་གསོལ། བཀའ་སྩལ་པ། ཁྱོད་ལ་བུ་མང་ཞེས་གྲགས་ན་ཇི་སྙེད་ཅིག་ཡོད། གསོལ་པ། ལྔ་བརྒྱ་མཆིས་སོ། །བཀའ་སྩལ་པ། འོ་ན་གཅིག་མེད་པས་ལྟ་ཅི་ཉེས། གསོལ་པ། བུ་དགའ་བྱེད་མེད་ན་ཁྲག་དྲོན་མོ་སྐྱུགས་ཏེ་འཆིའོ། །བཀའ་སྩལ་པ། ཁྱོད་བུ་དང་བྲལ་བའི་སྡུག་བསྔལ་འདི་འདྲ་ཤེས་བཞིན་དུ་གཞན་


GTN004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བུ་ཅིའི་ཕྱིར་ཟ། གང་ལ་བུ་གཅིག་ལས་མེད་པ་དེ་དག་བསད་ན་སྡུག་བསྔལ་ཅི་འདྲ་བ་འགྱུར་གསུངས། དེ་ནས་དེས་ཀྱང་བཀའ་བཞིན་བགྱིད་པ་དམ་བཅས། མ་ག་དྷཱ་པ་རྣམས་ལ་མི་འཇིགས་པ་སྦྱིན། སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་རྣམས་ཡང་དག་པར་བླངས་པ་ན་དེས་ཀྱང་དགའ་བྱེད་མཐོང་བས་དགའ་བོ་དེ་ཕྱིན་ཆད་མ་ག་དྷཱ་པའི་སྐྱེ་བོ་རྣམས་ལ་གནོད་པ་ཞི་ནས་བདེ་བར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་ཞུས་པ། འཕྲོག་མ་ལས་ཅི་བགྱིས་པས་མདངས་ཕྲོག་པའི་གནོད་སྦྱིན་མོར་སྐྱེས་ལ་བུ་ལྔ་བརྒྱ་བཙས། བཀའ་སྩལ་པ། སྔོན་རྒྱལ་པོའི་ཁབ་འདི་ཉིད་ན་རང་སངས་རྒྱས་ཤིག་གཤེགས་པ་དང་དུས་སྟོནའང་ཉེ་བར་གྱུར་ཏོ། །དེར་སྐྱེ་བོ་ལྔ་བརྒྱ་ཙམ་ཞིག་བཟའ་བཏུང་སྣ་ཚོགས་ཁྱེར་གོས་སྣ་ཚོགས་ཀྱིས་བཀླུབས། མེ་ཏོག་དྲི་ཞིམ་པོས་བརྒྱན་ཏེ་གླུ་གར་དང་བཅས་སྐྱེད་མོས་ཚལ་དུ་སོང་བ་ན། བ་ལང་རྫི་མོ་སྦྲུམ་མ་ཞིག་ཀྱང་དར་བ་བུམ་པ་གང་ཐོགས་ཏེ་ལམ་ནས་བྱུང་བ་དེ་དག་གིས་མཐོང་ནས་གླུ་ལེན་པར་བསྐུལ་བས་དེས་ཀྱང་དེ་དག་གིས་གར་ཇི་ལྟར་བྱེད་པ་ལྟར་བྱས་པས་དེའི་མངལ་ཞིག་གོ །དེ་ཁྲོས་ནས་རང་སངས་རྒྱས་ལ་ཨ་མྲའི་འབྲས་བུ་སྨིན་པ་ལྔ་བརྒྱ་ཕུལ་ཏེ། དགེ་བ་འདིས་བདག་གང་དུ་སྐྱེས་པ་དེར་མདངས་འཕྲོག་པའི་གནོད་སྦྱིན་མོར་སྐྱེས་ནས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱི་བུ་དང་བུ་མོ་ཕྲོགས་ནས་ཟ་བར་གྱུར་ཅིག །བདག་ལ་བུའང་ལྔ་བརྒྱ་བཙའ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་བ་ལང་རྫི་མོ་དེ་ནི་ད་ལྟའི་འཕྲོག་མ་འདི་ཡིན་ནོ། །


GTN004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་བཅུ་བཞི་པ་ནི། རགས་རྩིས་ཀྱི་དབང་དུ་བྱས་ན། སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་གྱི་དུས་ཕྱེད་ནི་འདས། ཕྱེད་ནི་ལུས་པ་ན། ཆོ་འཕྲུལ་ཆེན་པོ་ནས་ལྷ་བབས་ཀྱི་བར་བསྟན་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་སངས་རྒྱས་དང་དགེ་འདུན་ལ་མཆོད་པས་མུ་སྟེགས་བྱེད་རྣམས་ཀྱི་བསོད་སྙོམས་དང་རྙེད་པ་ངན་པར་གྱུར་ཏོ། །དེར་བདུད་སྡིག་ཅན་གྱིས་བསམ་པ་ངན་ཡུན་རིང་ནས་གཽ་ཏ་མ་ལ་གླགས་བལྟས་ཀྱང་མ་རྙེད་པས། ད་ནི་མུ་སྟེགས་བྱེད་རྣམས་ཐོ་འཚམ་མོ་སྙམ་ནས་འོད་སྲུང་རྫོགས་བྱེད་ཀྱི་དྲུང་དུ་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུའི་གཟུགས་སུ་སྤྲུལ་ནས་མེ་འབར་བ། འོད་འབྱིན་པ། ཆར་བབས་པ་ལ་སོགས་པའི་ཆོ་འཕྲུལ་བསྟན་ཏེ། གདན་ལ་འཁོད་ནས་དགའ་བ་དང་མགུ་བའི་གཏམ་བྱས་སོ། །དེ་བཞིན་དུ་མུ་སྟེགས་སྟོན་པ་དྲུག་ལས་གཞན་རྣམས་ཀྱིས་ཀྱང་གཟུགས་སུ་རིམ་པར་འོངས་ཏེ་ཆོ་འཕྲུལ་བསྟན་པས། སྟོན་པ་དྲུག་ལས་བདག་གཅིག་པུ་ཉམ་ཆུང་བ་ཞིག་སྟེ། གཞན་འདི་དག་ནི་མཐུ་ཆེ་བའོ་སྙམ་མོ། །དེ་བཞིན་དུ་གཞན་ལྔ་པོའི་སར་ཡང་ཆོ་འཕྲུལ་དེ་ཁོ་ན་འདྲ་བར་བསྟན་པས། སྟོན་པ་སོ་སོ་ནས་རང་གཅིག་པུ་ཉམ་


GTN004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བར་ཟད་དོ་སྙམ་མོ། །དེ་ནས་དུས་གཞན་ཞིག་ན་སྟོན་པ་དྲུག་ལྷན་ཅིག་ཏུ་འདུས་པའི་སྐབས་ཤིག །འདི་སྐད་ཅེས་གྲོས་གླེང་བར་གྱུར་ཏེ་ཤེས་ལྡན་དག་སྔོན་ནི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་བདག་ཅག་ལ་དད་ན་ད་ནི་གོའུ་ཏ་མ་ལ་དད་པས། བདག་ཅག་གིས་ཆོ་འཕྲུལ་འགྲན་པའི་ཕྱིར་བཀུག་ལ་ཉིས་འགྱུར་གྱིས་ལྷག་པས་ཕམ་པར་བྱའོ་ཟེར་ནས་ཐམས་ཅད་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་སོང་སྟེ། རྒྱལ་བ་དང་ཚེ་སྤེལ་བ་བྱས་ནས། ལྷ་བདག་རྣམས་ཀྱང་རྫུ་འཕྲུལ་དང་ཡེ་ཤེས་ཅན་དུ་སྨྲ། གཽ་ཏ་མ་ཡང་དེ་ལྟར་སྨྲ་ན། ད་ནི་ལྷན་ཅིག་ཏུ་ཆོ་འཕྲུལ་འགྲན་གྱི། ངེད་རྣམས་ཀྱང་ལམ་གྱི་ཕྱེད་དུ་འགྲོ་ལ། གཽ་ཏ་མ་ཡང་ལམ་གྱི་ཕྱེད་དུ་འགུགས་པར་གནང་དུ་གསོལ། རྒྱལ་པོས་འདི་ལྟར་ཀྱེ་རོ་དང་འདྲ་བ་ཁྱེད་རྣམས་ཀྱིས་ཀྱང་སངས་རྒྱས་ལ་རྫུ་འཕྲུལ་འགྲན་ནམ་གསུངས་པས་དེ་རྣམས་ཕྱིར་སོང་ངོ་། །ལན་ཅིག་རྒྱལ་པོ་དེ་སངས་རྒྱས་ལ་ཕྱག་འཚལ་བར་འགྲོ་བའི་ལམ་དུ་ཡང་སྔར་ལྟར་གསོལ་བས་དོན་འདི་ཁྱེད་རྣམས་ཀྱིས་ལན་གསུམ་སྨྲས་ན་ཁྱེད་རྣམས་སྤྱུགས་པར་བྱའོ་གསུངས་པས། དེ་རྣམས་ཀྱིས། རྒྱལ་པོ་འདི་གོའུ་ཏ་མའི་ཕྱོགས་བྱེད་ཀྱི། མཉན་ཡོད་རྒྱལ་པོ་གསལ་རྒྱལ་དེ་ནི་གཟུ་བོ་ཞེས་ཐོས་པས་དུས་ལན་ཅིག་དེར་འགྲོ་འོ་ཞེས་སོ། །དུས་ཤིག་ན་སྟོན་པ་རྒྱལ་པོའི་ཁབ་ནས་མཉན་ཡོད་དུ་ལྗོངས་རྒྱུ་ཞིང་གཤེགས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་བྱོན་ཏོ། །དེའི་རྗེས་ཉིད་ནས་སྟོན་པ་དྲུག་པོ་སོང་སྟེ། རྒྱལ་པོ་གསལ་རྒྱལ་ལ་སྔར་བཞིན་ཞུས་སོ། །


GTN004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་དེ་ལྟར་ན་སྟོན་པ་ལ་ཞུ་འོ་གསུངས་ནས་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ཏེ་ཞབས་ལ་ཕྱག་བྱས་ནས། བཙུན་པ་མུ་སྟེགས་བྱེད་རྣམས་དེ་སྐད་ཟེར་ན། ཆོ་འཕྲུལ་བསྟན་ཏེ་འདི་རྣམས་ཕམ་པར་མཛད་དུ་གསོལ། བཀའ་སྩལ་པ། རྒྱལ་པོ་བདག་ནི་དགེ་སློང་རྣམས་ལ་ཡང་ཁྱིམ་པ་ལ་རྫུ་འཕྲུལ་སྟོན་ཞེས་མི་ཟེར་གྱི་དགེ་བ་རྣམས་ནི་མ་ངོམས་ཤིག་སྡིག་པ་ནི་བཤོགས་ཤིག་ཅེས་སྟོན་ནོ་གསུངས། ལན་གཉིས་སུ་ཞུས་ཀྱང་དེ་ལྟར་གསུངས། ལན་གསུམ་ཞུས་པས་ཞག་བདུན་ནས་དུས་ལ་བབ་པར་མཁྱེན་བཞིན་དུ་བཀའ་སྩལ་ཏོ། །རྒྱལ་པོས་མུ་སྟེགས་ལ་དེ་ལྟར་དུ་གསུངས་པས་དེར་ཁོང་རྣམས་བགྲོས་པ། གཽ་ཏ་མས་ད་ལྟ་ཆོ་འཕྲུལ་མི་སྟོན་པར་ཞག་བདུན་ནས་དུས་འབེབས་པ་འདི། ཡང་ན་ཁོ་འབྲོས་ལ། ཡང་ན་གྲོགས་འཚོལ་བ་ཡིན་ལ་གལ་ཏེ་འབྲོས་ན་ནི་དེར་ཟད་ལ། རེ་ཞིག་བདག་ཅག་ཀྱང་གྲོགས་བཙལ་ལོ་ཞེས་གླེང་ནས་ཐམས་ཅད་སོ་སོར་བཀྲམ་སྟེ་སོང་ངོ་། །དེ་ནས་དེ་དག་གིས་ཞག་བདུན་འདས་ནས་དྲུག་ལུས་སོ། །ད་ནི་ལྔ་ལུས་སོ་ཞེས་ཟེར་ནས་ཡིད་མི་བརྟན་བཞིན་དུ་དེར་སོང་ནས། གྲོང་ཁྱེར་རྩྭ་ཅན་ཀུ་ཤའི་གྲོང་དུ། ཀུན་ཏུ་རྒྱུ་རབ་བཟང་ལ་གྲོགས་བྱ་བར་བསྐུལ་བ་ན། དེས་སྨྲས་པ། དགེ་སྦྱོང་དེ་ནི་རྫུ་འཕྲུལ་ཤིན་ཏུ་ཆེ་བ་ལགས། ངས་སྔོན་བསོད་སྙོམས་བླངས་ཏེ་མཚོ་མ་དྲོས་པའི་འགྲམ་དུ་ཟ་བའི་ཚེ་དེར་གནས་པའི་ལྷས་ཆུ་བཅུས་ཏེ་སྟོར། གཽའུ་ཏ་མའི་ཡང་སློབ་དགེ་ཚུལ་སྐུལ་བྱེད་ཀྱིས་ཕྱག་དར་ཁྲོད་ཀྱི་གོས་འཁྲུད་པ་ན་ལྷ་དེ་སོགས་ཀྱིས་ཁྲུས་ཁུ་རང་རང་གི་མགོ་བོར་འདེབས་པའི་ཆོ་འཕྲུལ་དེས་ང་ཡང་ཕམ་ན།


GTN004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་སྨྲས་པས་འདི་ཡང་གཽ་ཏ་མའི་ཕྱོགས་སོ་སྙམ་སྟེ་སོང་ངོ་། །དེ་ནས་ནགས་ཚལ་ཞིག་ན་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ལྔ་བརྒྱ་ཡོད་པ་དེ་རྣམས་ལ་གྲོགས་གྱིས་ཤིག་བྱས་པས། དེ་དག་གིས་ཁས་བླངས་ཏེ་ནམ་རན་དུས་སུ་བརྡ་ཐོངས་ཤིག་བྱས་པས། དེ་རྣམས་དགའ་སྟེ་སོང་ངོ་། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་ཕ་སྤུན་ནུ་བོར་གྱུར་པ། གཞོན་ནུ་ནག་པོ་ཞེས་བྱ་བ་ཞིག་ཕོ་བྲང་དང་ཉེ་བར་སོང་བ་ལས་བཙུན་མོའི་འཁོར་ཞིག་གིས་མེ་ཏོག་རྙིང་པ་དོར་བ་དེ་ལ་ཕོག །བློན་པོ་ཕྲ་མ་མཁན་རྣམས་ཀྱིས་མཐོང་ནས། ནག་པོ་ནི་ལྷའི་བཙུན་མོ་དང་འཁྲིའོ་ཞེས་སྨྲས་པས། རྒྱལ་པོ་རྣམས་ནི་མ་བརྟག་པར་སྤྱོད་པ་མང་བས། ནག་པོའི་རྐང་ལག་གཅོད་དུ་བཅུག །གཞི་མདོ་ཞིག་ན་ཉེ་དུ་མང་པོས་བསྐོར་ཏེ་ངུ་ཞིང་འདུག་གོ །ཕྱོགས་དེར་སྟོན་པ་དྲུག་པོ་སྔ་ཕྱི་རིམ་ཅན་དུ་འོངས་པ་ལ། ཉེ་དུ་རྣམས་ཀྱིས་འདི་གསོ་བར་མཛོད་ཅིག་བྱས་པས་དེ་དག་ཅང་མི་སྨྲ་བར་འགྲོའོ། །འཕགས་པ་ཀུན་དགའ་བོ་ཕྱོགས་དེར་བྱུང་བ་ན། དེ་དག་སྔར་བཞིན་ཟེར་བས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་ཤིང་། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ་བཞིན་དུ་ཀུན་དགའ་བོས་གཞོན་ནུ་ནག་པོའི་སར་སོང་ནས། དཀོན་མཆོག་གསུམ་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཡིན་པའི་བདེན་པས་ནག་པོའི་ཡན་ལག་དང་ཉིང་ལག་སྔོན་བཞིན་དུ་གྱུར་ཅིག །ཅེས་གསུངས་པའི་མོད་ལ་སྔ་མ་བཞིན་ཁོ་ནར་གྱུར་པས་


GTN004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་ཐམས་ཅད་འཕགས་པ་ཀུན་དགའ་བོས་མུ་སྟེགས་ཐམས་ཅད་ཕམ་པར་བྱས་སོ་ཞེས་ཟེར་རོ། །དེ་ནས་གཞོན་ནུ་ནག་པོ་སྟོན་པའི་སྤྱན་སྔར་སོང་ནས་སྟོན་པས་ཆོས་བསྟན་པས་ཕྱིར་མི་འོང་གི་འབྲས་བུ་ཐོབ། རྫུ་འཕྲུལ་ཡང་གྲུབ་བོ། །དེ་རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་དུ་ཁྲིད་པར་བརྩམས་པ་ལ། བདག་སངས་རྒྱས་ལ་བསྙེན་བཀུར་བགྱིད་ཅིང་འདི་ཉིད་དུ་སྡོད་དོ། །རྒྱལ་པོས་ཀྱང་གནང་སྟེ་ཀུན་དགའ་ར་བ་ཞིག་གི་ནང་དུ་འཆག་པའི་སྤྱོད་ལམ་གྱིས་འདུག་པས་དུམ་བུའི་ཀུན་དགའ་ར་བར་གྲགས། དེ་ལྟར་རྒྱལ་པོས་ཞག་བདུན་པོའི་བར་ལ་མཉན་ཡོད་དང་རྒྱལ་བྱེད་ཚལ་གྱི་བར་དུ་ཆོ་འཕྲུལ་གྱི་ཁང་པ་ཆེན་པོ་ལྷའི་ཁང་བཟང་དང་རྗེས་སུ་མཐུན་པར་བྱས་ཤིང་བཞུགས་ཁྲི་གསེར་ལས་གྲུབ་པ་རིན་པོ་ཆེ་དུ་མས་སྤྲས་པ་ཡང་བཤམས་སོ། །མུ་སྟེགས་ཅན་གྱི་དགེ་བསྙེན་སོགས་སྟོན་པ་དྲུག་གི་ཕྱོགས་འཛིན་པ་རྣམས་ཀྱིས་ཀྱང་རང་རང་གི་འབྱོར་པར་བསྟུན་པའི་ཆོ་འཕྲུལ་གྱི་ཁང་པ་དྲུག་རྒྱན་གྱིས་བརྒྱན་པ་དང་གདན་ཁྲི་དྲུག་ཀྱང་བཤམས་ཟིན་ཏོ། །དེ་ནས་ཉིན་ཞག་བརྒྱད་པ་ལ་མུ་སྟེགས་ཅན་རྣམས་རང་རང་གི་འཁོར་གྱིས་བསྐོར་ནས་ཤིན་ཏུ་སྔ་བར་འོངས་ཏེ་རྒྱལ་པོ་ལ། བདག་ཅག་ནི་འདིར་འོངས་ལགས་ན། དགེ་སྦྱོང་གོའུ་ཏ་མ་དགུག་ཏུ་གསོལ། ཞེས་ཕོ་ཉ་བཏང་བས། རྒྱལ་པོ་འཁོར་དང་བཅས་པ་མདུན་ཁང་དུ་སོང་སྟེ་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་སྤྱན་འདྲེན་དུ་བཏང་ངོ་། །དེ་ལ་སྟོན་པས་ཁྱོད་སོང་ཤིག་ང་འོང་ངོ་གསུངས་ནས་བྱ་ངང་པའི་རྒྱལ་པོ་ལྟར་ནམ་མཁའི་དཀྱིལ་དུ་འཕགས་ནས་ཆོ་འཕྲུལ་ཁང་པའི་མདུན་ཁང་


GTN004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཤེགས་སོ། །སྐྱེ་བོ་ཐམས་ཅད་ཀྱིས་དེ་མཐོང་ནས་ངོ་མཚར་བའི་སྒྲ་འབྱིན་ཞིང་རྒྱལ་པོས་སྟོན་པ་དྲུག་ལ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་ཟིན་གྱི་ད་ཁྱོད་རྣམས་དུས་ལ་བབ་བོ་ཞེས་སོ། །དེའི་མོད་ལ་གཞོན་ནུ་ནག་པོས་རི་སྤོས་ངད་ལྡན་ནས་ཨ་མྲའི་སྡོང་པོ་ལོ་འབྲས་རྒྱས་པ་བྱ་སྣ་ཚོགས་སྐད་འབྱིན་པས་བརྒྱན་པ་ཞིག་ཆོ་འཕྲུལ་གྱི་ཁང་པའི་བྱང་ཕྱོགས་སུ་བཞག་གོ །དེ་བཞིན་དུ་ཁྱིམ་བདག་ངན་ལེགས་སྦྱིན་ཞེས་ཕྱིར་མི་འོང་ཐོབ་པ་ཞིག་གིས་ཀྱང་། སུམ་ཅུ་རྩ་གསུམ་ནས་ལྷའི་ཤིང་གི་ཡལ་ག་བླངས་ཏེ་ལྷོ་ཕྱོགས་སུ་བཞག་གོ །དེ་དག་ལ་ཡང་རྒྱལ་པོས་སྔར་བཞིན་བརྗོད་པས། ཆོ་འཕྲུལ་དེ་གཽ་ཏ་མའི་ལགས་སམ། བདག་ཅག་གི་ལགས་སུས་འཚལ་ཞེས་ཅི་བརྟོལ་སྨྲ་བར་བྱེད་དོ། །དེ་ལ་དེ་བཞིན་གཤེགས་པས་ཞག་བདུན་གྱི་དུས་འདེབས་པ་ཡང། དེའི་གདུལ་བྱ་རྣམས་འདུ་བར་འགྱུར་བའི་དུས་ལ་དགོངས་པ་སྟེ། དེར་ཆོ་འཕྲུལ་ཆེན་པོ་བལྟ་བར་སྤྲོ་བའི་མི་དཔག་ཏུ་མེད་པར་འདུས། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། གྲུལ་བུམ་དང་། མིའམ་ཅི་དང་། འབྱུང་པོ་གྲངས་མེད་པ་དག་ཀྱང་འདུས་པར་མཁྱེན་ནས། སྟོན་པས་ཞབས་བཀྲུས་ཏེ་མདུན་ཁང་གི་ནང་དུ་གཤེགས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་པ་དང་། སྒོ་འཕར་གྱི་གསེབ་ནས་མེ་འོད་བྱུང་ཞིང་། དེ་ལས་མཆེད་པ་བཞིན་དུ་ཆོ་འཕྲུལ་གྱི་ཁང་པའི་ཕྱི་ནང་ཐམས་ཅད། ཁ་དོག་དང་དབྱིབས་དང་འོད་ཀྱི་སྤྲོ་བ་རྣམས་དུ་མར་ལྡན་པའི་མེ་དཔུང་འབར་བ་ན། ཆོ་འཕྲུལ་ཁང་པ་མེས་ཚིག་གོ་སྙམ་ནས་


GTN004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་ཅན་རྣམས་རབ་ཏུ་དགའ་ཞིང་གཽ་ཏ་མ་མཐུ་དང་ལྡན་ན་འདི་ཞི་བར་བགྱིད་གྲང་ཞེས་སྨྲས་སོ། །དེ་མ་ཐག་མེ་ལྕེའི་ཆོ་འཕྲུལ་བསྡུས་པ་ན། དྲི་མ་ནག་ནོག་མི་མཛེས་པ་ཐམས་ཅད་མེ་ལྕེའི་འོད་ཀྱིས་སྦྱངས་པས་མདུན་ཁང་སྔར་བས་ཀྱང་མཛེས་ལ་དྲི་མ་མེད་པར་སྣང་ངོ་། །དེ་ནས་རྒྱལ་པོ་དང་སྐྱེ་བོ་ཐམས་ཅད་ཡིད་དགའ་བ་སྐྱེས་ཏེ། རྒྱལ་པོས་དེ་དག་ལ་སྟོན་པས་རྫུ་འཕྲུལ་བསྟན་ཟིན་གྱི། ད་ཁྱེད་རྣམས་ཀྱི་རེས་ལ་བབ་བོ་བྱས་པས་དེ་དག་ཅང་མི་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞབས་གཡས་པ་དྲི་གཙང་ཁང་གི་སར་བསྣུན་པས། ས་རྣམ་པ་དྲུག་ཏུ་གཡོས་པར། སྔར་སྟོན་པ་དྲུག་གིས་བཙལ་བའི་དྲང་སྲོང་ལྔ་བརྒྱ་གངས་རི་དང་ཉེ་བའི་ནགས་ཁྲོད་ན་གནས་པ་དེ་རྣམས་དེར་ས་གཡོས་པ་བརྡའ་ཡིན་ནམ་སྙམ་སྟེ། ནམ་མཁར་འཕུར་ཞིང་འོངས་པ་ན། བཅོམ་ལྡན་འདས་ཀྱིས་སྣང་བའི་འོད་ཟེར་ཆེན་པོ་བཀྱེ་བ་ལ་བསྟད་འོངས་པས། སངས་རྒྱས་མཐོང་བའི་མོད་ལ་ཤིན་ཏུ་དད་ནས། ས་ལ་བབས་ནས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་འདུག་པ་ན་ཆོས་བསྟན་པས་བདེན་པ་མཐོང་། རབ་ཏུ་བྱུང་བར་གསོལ་བ་བཏབ་པས་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་སླར་ཡང་གདམས་ངག་བསྟན་པས་ཐམས་ཅད་དེ་ཉིད་དུ་དགྲ་བཅོམ་པ་ཐོབ་བོ། །དེ་ནས་སྟོན་པ་དགྲ་བཅོམ་གསར་པ་ལྔ་བརྒྱ་པོས་ཀྱང་བསྐོར་ནས་ཆོ་འཕྲུལ་གྱི་མདུན་ཁང་གི་སེངྒེའི་ཁྲིར་བཞུགས་སོ། །དེའི་ཚེ་རྫུ་འཕྲུལ་ལེན་གྱི་མ་དགེ་སྙེན་མ་དང་། ཁྱིམ་བདག་ངན་པ་ལེགས་སྦྱིན་དང་། དགེ་ཚུལ་སྐུལ་བྱེད་དང་། དགེ་ཚུལ་མ་བརྗེད་མེད་


GTN004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགེ་སློང་མ་ཨུཏྤལའི་མདོག་དང་འཕགས་པ་མཽངྒལ་གྱི་བུ་རྣམས་རེ་རེ་ནས་མུ་སྟེགས་ཅན་འདི་རྣམས་བདག་གིས་བཟློག་ཏུ་གསོལ་ཞུས་ཀྱང་མ་གནང་སྟེ། འཁོར་དཔག་ཏུ་མེད་པའི་དབུས་སུ། རྒྱལ་པོ་ཆེན་པོ་ང་ལ་མུ་སྟེགས་ཅན་དང་ལྷན་ཅིག་ཆོ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་སུ་ཡིན་གསུངས་སོ། །རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་བ་བཏུད་ནས། ཀྱེ་བཙུན་པ་བདག་ལགས་ཏེ་བསྟན་དུ་གསོལ། །དེ་ནས་སྟོན་པས་མཉམ་པར་བཞག་སྟེ་གདན་ལས་མི་སྣང་བར་གྱུར་ནས་ཕྱོགས་བཞིའི་ནམ་མཁར་སྤྱོད་ལམ་བཞི་མཛད་པ་དང་། མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་འོད་ཟེར་དྲུག་འགྱེད་པ་དང་། མེ་འབར་ཞིང་ཆུ་འབྲུབ་པ་སོགས་ཟུང་གི་ཆོ་འཕྲུལ་དང་། གཞན་རྫུ་འཕྲུལ་རྣམ་པར་འཕྲུལ་པ་དུ་མ་བསྟན་ནས་སེངྒེའི་ཁྲིར་བཞུགས་ཏེ། རྫུ་འཕྲུལ་འདི་ནི་ཉན་ཐོས་རྣམས་དང་ཐུན་མོང་བ་ཡིན་ནོ་གསུངས། ཡང་བཀའ་སྩལ་པ། དེ་བཞིན་གཤེགས་པ་ལ་བླ་ན་མེད་པའི་ཆོ་འཕྲུལ་སྟོན་པར་ཞུ་བ་སུ་ཡིན། རྒྱལ་པོས་སྔར་བཞིན་གསོལ་བས། བཅོམ་ལྡན་འདས་ཀྱི་ཕྱག་གཡས་པ་སར་རེག་པར་མཛད་པས། ས་འོག་ནས་ཀླུ་རྣམས་ཀྱིས་ཕུལ་བའི་གསེར་གྱི་པདྨ་ཤིང་རྟའི་འཕང་ལོ་ཙམ་འདབ་མ་སྟོང་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་པའི་ཡུ་བར་རྡོ་རྗེའི་ཟེ་འབྲུ་ཅན་ཞིག་ས་བརྟོལ་ནས་བྱུང་སྟེ་པདྨ་དེའི་སྙིང་པོ་ལ་བཅོམ་ལྡན་འདས་ཉིད་བཞུགས་སོ། །པདྨའི་སྡོང་པོ་ཡང་ཤིན་ཏུ་ཆེ་བར་གྱུར་ཏེ་འོག་མིན་གྱི་བར་དུ་ཁྱབ་པ་ལས། གཡས་གཡོན་སོགས་ཕྱོགས་


GTN004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་རབ་ཏུ་རྒྱས་ནས་པདྨ་ཆེན་པོ་ལྔ་བརྒྱར་གྱུར་པ་ལ་སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་བཞུགས་སོ། །དེ་ལ་སངས་རྒྱས་ཁ་ཅིག་ནི་མེ་འབར། ལ་ལ་ནི་འོད་གསལ་བར་མཛད། གཞན་དག་ནི་ཆར་འབེབས། འགའ་ཞིག་ནི་གློག་འབྱིན། དེ་བཞིན་དུ་ཀུན་ཤེས་པར་ལུང་སྟོན་པ་དང་། ཞུ་བ་ཞུ་བ་དང་། ལན་འདེབས་པ་དང་། འཆག་པ་དང་། བཞུགས་པ་དང་། བཞེངས་པ་དང་། གཟིམ་པ་ལ་སོགས་པ་མཛད་པ་ཐ་དད་པ་དང་། ཆོ་འཕྲུལ་ཐ་དད་པ་དཔག་ཏུ་མེད་པ་ཞིག་སྟོན་ཏོ། །དེར་བྱིས་པ་གཞོན་ནུ། སྲོག་ཆགས་ཕྲ་མོ་ཚུན་ཆོད་ཀྱིས་ཀྱང་མཐོང་བར་བྱིན་གྱིས་བརླབས་སོ། །དེར་རྒྱལ་པོ་ལ་སོགས་པ་སྐྱེ་བོ་འབུམ་ཕྲག་དུ་མ་དག་དང་། ནམ་མཁའ་ལ་ལྷ་འབུམ་ཕྲག་དུ་མ་རྣམས་ཀྱིས་མིག་མི་འཛུམ་པ་བལྟ་ཞིང་བསྟོད་དབྱངས་བྱེད། རྔ་བོ་ཆེ་དག་བརྡུངས། དུང་སྒྲིལ་མ་དག་འབུད། རོལ་མོ་སྣ་ཚོགས་བཀྲོལ་གླུ་གར་བྱེད་དོ། །ལྷ་རྣམས་ཀྱིས་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་དང་། དྲི་ཞིམ་པོའི་ཕྱེ་མ། ལྷ་རྫས་ཀྱི་གོས་སྣ་ཚོགས། རྒྱན་སྣ་ཚོགས་ཀྱང་འཐོར་རོ། །ཨ་ལ་ལ་ཞེས་སྒྲོགས་སོ། །བྱོལ་སོང་རྣམས་ཀྱང་ཡིད་བདེ་ནས་རང་རང་གི་སྐད་སྒྲོགས་ཏེ། གླང་པོ་ཆེ་ནི་འབོད། རྔ་མོང་ནི་འཁང་། རྟ་ནི་འཚེར། རྨ་བྱ་འགྱུར་བ་སོགས་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །ཞེས་སོགས་གསུངས་ཤིང་། སྤྲུལ་པ་རྣམས་ཀྱང་མགྲིན་གཅིག་ཏུ། ཇི་སྲིད་ཉི་མ་མ་ཤར་བར། །དེ་སྲིད་སྲིན་བུ་མེ་ཁྱེར་གསལ། །མཁའ་ལ་ཉི་མ་ཤར་བ་ན། །མོག་མོག་པོར་གྱུར་གསལ་མི་འགྱུར། །ཇི་སྲིད་དེ་བཞིན་གཤེགས་མ་


GTN004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །རྟོག་གེ་བ་རྣམས་སྔོན་གསལ་ཏེ། །རྫོགས་པའི་སངས་རྒྱས་འཇིག་རྟེན་སྣང་། །རྟོག་གེ་མི་གསལ་དེའི་སློབ་མིན། །ཞེས་སོ། །དགེ་སློང་དག་ཆོ་འཕྲུལ་ཆེན་པོ་མི་སྣང་བར་འགྱུར་གྱི། མཚན་མ་ཟུངས་ཤིག །དགེ་སློང་རྣམས་ཀྱིས་ཡང་མཚན་རྟགས་སུ་བཟུང་སྟེ། དེ་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོས་མུ་སྟེགས་བྱེད་རྣམས་ལ། ད་ཁྱེད་ཀྱི་རེས་ལ་བབ་ཀྱི་རྫུ་འཕྲུལ་སྟོན་ཅིག །དེ་ནས་རྫོགས་བྱེད་ནི་རྣག་ལྷས་བུ་ལ་གྲུ་སུག་བྱེད། དེས་ནི་ཡང་དག་རྒྱལ་བ་ཅན་ལ། དེས་ནི་སྐྲའི་ལྭ་བ་ཅན་ལ། དེས་ཀྱང་ནོག་ཅན། དེས་ཀྱང་གཉེན་གྱི་བུར། དེས་རྫོགས་བྱེད་ལ་སྟེ་ཅང་མི་སྨྲའོ། །རྒྱལ་པོས་ཀྱང་སྔར་ལྟར་ལན་གསུམ་བསྐུལ་པས། སྔར་ལྟར་གྲུ་སུག་ལན་གསུམ་བྱེད་ཅིང་། དེ་དག་ཡུལ་ཡུལ་པོར་གྱུར་ལ། ཞུམ་ཞིང་སེམས་ཁོང་དུ་ཆུད་ལ་གདོང་སྨད་དེ་འདུག་གོ །དེའི་ཚེ་གནོད་སྦྱིན་ལག་ན་རྡོ་རྗེ་འཁོར་དེ་ཉིད་དུ་འདུག་པས། བླུན་པོ་འདི་རྣམས་སངས་རྒྱས་ལ་ཡུན་རིང་ནས་ཐོ་བཙམས་པས་ཚར་གཅོད་དོ་སྙམ་ནས། ཉེ་སྐོར་གཞན་གང་ལའང་མེད་པར་མུ་སྟེགས་རྣམས་གར་སོང་གར་འདུག་ཆར་རླུང་དྲག་པོ་མི་བཟད་པ་བཏང་བ་དང་རྡོ་རྗེ་མེ་འབར་བ་ཐོགས་པའི་གནོད་སྦྱིན་མི་བཟད་པ་མང་པོས་དེད་པ་ཡང་མཐོང་ནས་ཤིན་ཏུ་བྲེད། ཕྱོགས་ཐམས་ཅད་དུ་འཐོར་ཞིང་བྲོས་སོ། །རྣག་ལྷས་ཀྱི་བུ་ལ་སོགས་པ་ནི་རི་ཕུག་ཏུའོ། །རྒྱལ་བ་ཅན་སོགས་རྩྭ་ཚང་ཚིང་དུའོ། །མི་ཕམ་སོགས་ནགས་ཐིབས་པོར་རོ། །ནོག་ཅན་ནི་མདུན་ཁང་དུའོ། །གཉེན་གྱི་བུ་ནི་མགྲོན་ཁང་དུ་ཞུགས་སོ། །སྟོན་པས་ཀྱང་། འཇིགས་པས་


GTN004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་བ་ལྗོན་ཤིང་དང་། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །ཞེས་སོགས་གསུངས། དེར་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྒྱ་ཆེར་གསུངས་པས་མུ་སྟེགས་བྱེད་ཀྱི་དགེ་བསྙེན་རང་ཡང་ཁྲི་ཕྲག་དགུས་བདེན་པ་མཐོང་བ་སོགས་གཞན་སྐྱེ་བོ་དཔག་ཏུ་མེད་པ་ཞིག་འབྲས་བུ་བཞི་ཐོབ་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དཀོན་མཆོག་གསུམ་ལ་དད་པར་བཀོད་དོ། །འོད་སྲུང་རྫོགས་བྱེད་ནི་སྔ་རོལ་དུས་ཤིག་ནས་སློབ་མ་ལ་ལར་བདག་དང་འཇིག་རྟེན་མི་རྟག་པར་སྟོན། ལ་ལར་རྟག་པར། ལ་ལར་གཉིས་གར། ལ་ལར་གཉིས་མིན་སོགས་ལུང་བསྟན་མི་འོས་པ་བཅུ་བཞིར་བཤད་དོ། །དུས་དེའི་ཚེ་ཆར་རླུང་གིས་བདས་ཤིང་བྲོས་ནས་ནམ་ཞིག་གི་ཚེ་ཆར་རླུང་སངས་པ་ན་མྱ་ངན་གྱི་མེས་གདུངས་ཤིང་། དུས་གཞན་ཞིག་ན། རང་ཉིད་གཅིག་པུར་འགྲོ་བ་ལ་ཉི་མས་གདུངས་ཏེ་ཆུ་བསིལ་བ་འདོད་ནས་འཚོལ་ཞིང་ཕྱིན་པ་ལས། ལམ་དུ་མ་ནིང་ཞིག་གིས་ཚིག་རྩུབ་པོས་སྤྱོས་པ་ན། མིའི་ཐ་མ་འདི་ལྟ་བུས་ཀྱང་ད་ནི་སྨད་དོ་སྙམ་ཡིད་ཆད་དེ། རྫིང་འགྲམ་དུ་སོང་ནས་བྱེ་མས་གང་བའི་བུམ་པ་མགུལ་དུ་བཏགས་ཏེ། རྫིང་བུ་ཟབ་མོ་དེར་མཆོངས་ནས་དུས་ལས་འདས་སོ། །དེ་ནས་ཕྱིས་དེའི་སློབ་མ་དག་གིས་ཕྱི་བཞིན་དུ་སོང་ནས་བཙལ་བས་མ་རྙེད་དེ། ཕན་ཚུན་འདུས་ནས་བདག་ཅག་རྣམས་ལ་མཁན་པོས་ལུང་བསྟན་པ་དག་ཡོད་དམ་ཞེས་བློ་བསྡུར་བ་ན་ཐམས་ཅད་མི་མཐུན་པར་གྱུར་ཏེ། ད་ནི་མཁན་པོ་ཉིད་བཙལ་


GTN004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྲིའོ་ཞེས་ཐམས་ཅད་བཙལ་བར་ཕྱིན་པ་ན། རྫིང་དང་ཉེ་བར་བུད་མེད་ཅིག་ལ་དྲིས་པས་དེས། ངན་སོང་སེམས་ཅན་དམྱལ་བ་པ། །ལག་པ་བརྐྱང་ནས་འགྲོ་བ་ཡི། །རྫོགས་བྱེད་དེ་ནི་ཆུས་གཡེངས་ཏེ། །རྐང་ལག་སྐྱ་བོར་གྱུར་ཅིང་འདུག །ཟེར་བས་རྫིང་འགྲམ་དུ་སོང་བ་ན་དེ་ལྟར་ཤི་བ་མཐོང་བའི་སློབ་མ་ཡིད་བརྟན་པ་རྣམས་མཁན་པོའི་འདི་ཁོ་ནར་བདེན་ཏེ་གཞན་རྣམས་གཏི་མུག་གོ་ཟེར་ནས་ཆུར་མཆོངས་ཏེ་ཤིའོ། །ལྷག་མ་རྣམས་མཐའ་ཁོབ་ཏུ་བྲོས་ཤིང་རྫོགས་བྱེད་དང་མིང་རུས་མཐུན་པར་ཞིག་སྟོན་པར་བསྐོས། སྟོན་པ་དྲུག་གི་ཐ་སྙད་འདོགས་ནས་ཡུལ་དབུས་རྣམས་སུ་ངོ་ཚ་བས་ཕལ་ཆེར་མཐའ་ཁོབ་ཏུ་གནས་པར་བྱེད་དོ། །༈ ཡལ་འདབ་བཅོ་ལྔ་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་བསྟན་པ་དེ་ཕྱིན་ཆད། ལྷ་དང་མི་རྣམས་སངས་རྒྱས་ཀྱི་བསྟན་པ་ཁོ་ནར་དད་དོ། །དེར་དགེ་སློང་རྣམས་རྙེད་བཀུར་ཆེས་མང་བས། སོ་སོ་སྐྱེ་བོ་རྣམས་ཀྱི་སྤོང་བ་ལ་བར་དུ་གཅོད་པར་གཟིགས་ནས། འབྱོར་པ་དང་རྙེད་བཀུར་སྤང་བ་དང་། ཡུམ་ལྷའི་གནས་སུ་སྐྱེ་བ་བཞེས་པ་དེ་ཉིད་བདེན་པ་ལ་འགོད་པའི་ཕྱིར། སངས་རྒྱས་འཁོར་བཅས་རི་རབ་ཀྱི་རྩེ་མོ་ལྷ་གནས་སུམ་ཅུ་རྩ་གསུམ། ཤིང་ཡོངས་འདུས་ས་བརྟོལ་དང་ཉེ་བ་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཏུ་བཞུགས་ཏེ་ཡུམ་ལ་སོགས་པ་ལྷ་རྣམས་


GTN004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་སྟོན་པར་མཛད་དོ། །འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་རབ་ཏུ་མང་པོ་དག་མཉན་ཡོད་དུ་དབྱར་གནས་མཛད་པ་ན་དེར་དགེ་སློང་རྣམས་ཀྱིས་མོའུ་འགལ་གྱི་བུ་ཆེན་པོ་ལ། དེ་བཞིན་གཤེགས་པ་ཕྱོགས་གང་དུ་དབྱར་གནས་པར་མཛད་བྲིས་པས་སུམ་ཅུ་རྩ་གསུམ་གྱི་གནས་སུ་མཛད་དོ་གསུངས། དེ་ནས་ཟླ་བ་གསུམ་འདས་པ་དང་འཁོར་རྣམ་བཞིས་མོའུ་འགལ་གྱི་བུ་ཆེན་པོ་ལ། བདག་ཅག་ནི་སངས་རྒྱས་བལྟ་བར་འདོད་ཀྱང་དེར་འགྲོ་བའི་མཐུ་ཟད་ཀྱི། འཕགས་པ་བཞུད་ལ་སྤྱན་དྲོངས་ཤིག་དང་ལྷ་རྣམས་ནི་འཛམ་བུའི་གླིང་དུ་འོང་བ་ལ་དཀའ་བ་མེད་དོ། །དེ་ནས་འཕགས་པ་རྫུ་འཕྲུལ་གྱིས་སོང་ནས་སྟོན་པའི་ཞབས་ལ་ཕྱག་བྱས་ཏེ། ཕྱོགས་ཤིག་ཏུ་འདུག་ནས། ལྷའི་འཁོར་འདི་རྣམས་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་འདིར་སྐྱེས་སོ་ཞུས་པས། སྟོན་པས་དེ་བཞིན་ནོ་ཞེས་བསྔགས་སོ། །དེ་ནས་ལྷ་རྣམས་ཕྱིར་གྱེས་པའི་འོག་ཏུ། འཕགས་པ་མོའུ་འགལ་གྱི་བུས་འཁོར་རྣམས་ཀྱི་ཕྲིན་གསོལ་བས། ཁྱོད་སོང་ལ། ཞག་བདུན་ནས་གྲོང་ཁྱེར་སཾ་ཀཱ་ཤིའི་ཨ་པ་ཛི་རིའི་ནགས་ཨུ་དུམ་ཝ་རའི་ཤིང་སྡོང་དྲུང་དུ་གཤེགས་པར་འགྱུར་རོ་ཞེས་སྒོས་ཤིག །དེས་སྐད་ཅིག་ལ་འོངས་ནས་འཁོར་རྣམ་བཞིར་བཤད་པས། དེ་རྣམས་ཀྱིས་ས་ཕྱོགས་དེ་བྱི་དོར་བྱས་ཤིང་མཆོད་པ་སྣ་ཚོགས་བཤམས་སོ། །དེ་ལྟ་བུའི་བར་སྐབས་ཞག་བདུན་གྱི་རིང་ལ་བཅོམ་ལྡན་འདས་ཀྱིས་མཐའ་


GTN004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ནས་འོག་མིན་གྱི་བར་དུ་གཤེགས་ཏེ། ས་ཕྱོགས་གཞན་དུ་འགྲོ་བར་མི་སྤྱོད་ལ་གདུལ་བྱར་གྱུར་པ་དཔག་ཏུ་མེད་པ་ཡོད་དེ། དེ་འདྲ་དཔག་མེད་ལ་ཆོས་བསྟན་ཏོ། །ལྷའི་འགྲོ་བ་ཚད་མེད་པ་སྨིན་གྲོལ་ལ་བཀོད་སླར་ཡང་སུམ་ཅུ་རྩ་གསུམ་དུ་བྱོན་པས། ལྷའི་དབང་པོས། བཅོམ་ལྡན་འདས་འཛམ་བུའི་གླིང་དུ་འབྱོན་པར་བཞེད་དམ་ཞུའོ། །དེ་ལྟར་ཞེས་སྩལ་པས་དེས་བཟོ་བོ་ལས་སྣ་ཚོགས་པར་བསྒོ་ནས་གཤེགས་ལམ། དབུས་སུ་བཻཌཱུརྱའི་སྐས་དང་། གཡས་སུ་གསེར་དང་། གཡོན་དུ་ཤེལ་ཀྱི་སྐས་བྱས། དེའི་ཚེ་ལྷ་ཚངས་པ་གསེར་གྱི་སྐས་ལས་བབ་ཅིང་གཟུགས་ཁམས་ལྷ་དང་ལྷན་ཅིག་ཏུའོ། །བརྒྱ་བྱིན་གདུགས་རྩིབས་མ་སྟོང་དང་ལྡན་པ་འཛིན་ཅིང་ཤེལ་གྱི་སྐས་ལས་བབ་ཅིང་འདོད་ཁམས་ཀྱི་ལྷ་དུ་མས་བསྐོར་བའོ། །བཅོམ་ལྡན་འདས་ནི་དབུས་ཀྱི་བཻཌཱུརྱའི་སྐས་ལས་གཤེགས་ཏེ། གལ་ཏེ་ཞབས་ཁོ་ནས་བྱོན་ན་མུ་སྟེགས་བྱེད་རྣམས། དགེ་སྦྱོང་གཽ་ཏ་མ་ལྷའི་འདོད་ཡོན་དང་ལོངས་སྤྱོད་དང་བཟང་མོ་དག་མཐོང་བས་རྫུ་འཕྲུལ་ཉམས་སོ་ཟེར་བར་འགྱུར་ལ། རྫུ་འཕྲུལ་ཁོ་ནས་གཤེགས་ན་ལྷ་རྣམས་ཀྱི་སྐས་བཙུགས་པ་དོན་མེད་ཅིང་བསོད་ནམས་མི་འགྱུར་བར་གཟིགས་ནས་བར་འགའ་རྫུ་འཕྲུལ་གྱིས་བྱོན། རེས་འགའ་ནི་ཞབས་ཀྱིས་གཤེགས་སོ། །མིའི་འགྲོ་བའི་དྲི་མི་ཞིམ་པ་ནི་ལྷ་རྣམས་ཀྱིས་མི་བཟོད་པ་ལ་སྟོན་པས་ཙནྡན་ས་མཆོག་གི་དྲིར་བྱིན་གྱིས་བརླབས་སོ། །དེའི་སྐབས་སུ་ཚེ་དང་ལྡན་པ་རབ་འབྱོར་ཤིང་དྲུང་ན་འདུག་པ་དེས་མཐོང་སྟེ།


GTN004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མའོ་ལྷ་འདི་དག་ཀྱང་མྱུར་བར་རང་གནས་སུ་འགྲོ། མི་འདི་དག་ཀྱང་ལོ་བརྒྱ་ཚུན་ཆད་འཆི། དེ་བཞིན་གཤེགས་པ་ཡང་མྱ་ངན་ལས་བཟླའོ་སྙམ་ཡིད་འབྱུང་བས་རྐྱེན་བྱས་ནས་བདེན་པ་ཡང་མཐོང་། མི་རིང་བར་དགྲ་བཅོམ་པ་ཐོབ་བོ། །དེ་ནས་སྟོན་པ་སར་བྱོན་ཏེ་ཁྲི་ལ་བཞུགས་སོ། །ས་ཕྱོགས་ཐམས་ཅད་འཁོར་རྣམ་པ་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་ལ་སོགས་པ་སྐྱེ་བོའི་ཚོགས་མཐའ་ཡས་པས་ཡོངས་སུ་བསྐོར་ཏེ། ཆོས་ཀྱི་སྒོ་དུ་མ་དག་འབྱེད་པར་མཛད་དོ། །དེའི་ཚེ་འཕགས་མ་ཨུཏྤལའི་མདོག །བདག་དགེ་སློང་མའི་གཟུགས་ཀྱིས་ཕྱིན་ན་སྟོན་པའི་སྤྱན་སྔར་མི་གཏོང་ངོ་སྙམ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་དང་བཅས་པ་སྤྲུལ་ཏེ་སོང་བ་ན། འཁོར་རྣམས་ཡ་མཚན་དུ་གྱུར་ཅིང་རྟོག་པ་སྣ་ཚོགས་དང་བཅས་ལམ་ཕྱེའོ། །དེ་འཕགས་མ་ཨུཏྤལའི་མདོག་ཏུ་འཆར་ཀས་དྲི་བསུང་ལས་རྟོགས་སོ། །དེར་འཁོར་ལོས་སྒྱུར་བའི་རྣམ་པ་མཐོང་བས་འཁོར་ཁ་ཅིག་ནི་ལྷའི་སྲིད་པར་ཆགས། འགའ་ཞིག་ནི་མིའི་སྲིད་པར་ཆགས་པ་དེ་ལས་བཟློག་པའི་ཕྱིར་ཆོས་གསུངས་པས་འབྲས་བུ་བཞི་ཐོབ་པ་དང་། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་དཔག་ཏུ་མེད་དོ། །བཀའ་སྩལ་པ། ས་རྣམས་གཅིག་གིས་ཐོབ་པ་དང་། །ལྷ་རྣམས་སུ་ཡང་འགྲོ་བ་དང་། །ཡང་ན་ཏིང་འཛིན་ཐོབ་པ་བས། །རྒྱུན་དུ་ཞུགས་པའི་འབྲས་བུ་མཆོག །ཅེས་སོགས་གསུངས་སོ། །དེ་དག་ནི་ལྷ་ལས་བབས་པའི་མཛད་པ་སྟེ་ཆོ་འཕྲུལ་ཆུང་བའམ། ཆོ་འཕྲུལ་གཉིས་པའམ། ཆོ་འཕྲུལ་ཕྱི་མར་ཡང་གྲགས་སྐད་དོ། །


GTN004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་ཨུཏྤལའི་དྲི་ལས་འཆར་ཀས་ངོ་ཤེས་པའི་སྔོན་འབྱུང་ནི། སྔོན་འཁོར་མོ་འཇིག་ན་དེད་དཔོན་ཞིག་གི་ཆུང་མ་སེམས་ཅན་དང་ལྡན་ནོ། །དེད་དཔོན་རྒྱ་མཚོར་འཇུག་པར་ཆས་སར་ཆུང་མས་ངའང་ཁྲིད་ཟེར། ཁྱོད་ཀྱི་གཡོག་སུས་བྱེད་སྨྲས་པས། འཁོར་རྣམས་ཀྱིས་བདག་ཅག་གིས་བྱ་ཡི་ཁྲིད་ཅིག་ཟེར་ནས་ཁྲིད་པ་དང་། རྒྱ་མཚོར་ཆུ་སྲིན་གྱིས་གྲུ་བཤིག་ནས་དུས་ལས་འདས། ཆུང་མས་ཤིང་ལེབ་གཅིག་ལ་འཇུས་པ་དང་ཀ་ཤེ་རུའི་གླིང་དུ་ཕྱིན་ཏོ། །དེ་ན་བྱའི་རྒྱལ་པོ་གཤོག་བཟང་གནས་པར་དེའི་ཆུང་མ་བྱས་ནས་དེད་དཔོན་གྱི་བུ་གཟུགས་བཟང་བ་ཞིག་སྐྱེས་སོ། །དེའི་འོག་ཏུ་བྱའི་བུ་འདབ་གཤོག་བཟང་བ་ཞིག་སྐྱེས་སོ། །འདབ་བཟང་ཤི་ནས་དེ་བྱའི་རྒྱལ་པོར་བཅུག་གོ །མས་ཁྱོད་ཕའི་རྒྱལ་ཚབ་ཏུ་རྒྱལ་པོར་བཅུག་ན། ཕུ་བོ་འདིའང་འཁོར་མོ་འཇིག་ཏུ་རྒྱལ་པོར་ཆུག་ཅིག །དེ་ལྟར་བྱའོ་ཟེར་ནས་འཁོར་མོ་འཇིག་གི་རྒྱལ་པོ་ཚངས་བྱིན་སྤར་མོས་བཏབ་སྟེ་རྒྱ་མཚོར་བོར་ནས་ཕུ་བོ་རྒྱན་གྱིས་བརྒྱན་པ་ཁྲིར་བཞག་སྟེ། འདི་ལ་གནོད་པ་ཅུང་ཟད་བྱས་ན་ངས་འདི་ལྟར་བྱའོ་ཞེས་བསྒྲགས་པས་ཐམས་ཅད་སྐྲག་ནས་གསང་སྟེ་འཇིག་རྟེན་པ་རྣམས་ཀྱིས་ཚངས་བྱིན་ཡིན་སྙམ་མོ། །བྱའི་རྒྱལ་པོས་ཀྱང་དེ་ལ་དུས་སུ་བལྟ་བ་ལ་ཆད་དོ། །དེའི་ཚེ་རྒྱལ་པོ་ཚངས་བྱིན་གྱི་བ་ལང་མོར་བེའུ་བྱུང་བ་མངལ་སྒོར་འཐོགས་ནས་རྒྱལ་པོས་བཙུན་མོ་རྣམས་ལ་བདེན་ཚིག་བརྗོད་ཅིག་ཟེར་བས་རང་རང་གི་བདེན་པ་བརྗོད་ཀྱང་མ་ཐོན་པར་སྒྲ་ཆེན་པོ་གྲགས་པ་བ་ལང་རྫི་མོ་ཞིག་གིས་ཐོས་ནས། དེས་བདག་སྐྱེས་པ་གཉིས་མེད་པའི་


GTN004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པས་བ་ལང་མོ་ཟུག་རྔུ་དང་བྲལ་བར་གྱུར་ཅིག་ཅེས་བརྗོད་པས་བེའུ་བྱུང་། མཇུག་མ་འཐོགས་པས་མོས་བགད་ནས། འདི་ཙམ་ཡང་མི་བཟོད་དོ། །དེ་ཅི་ཡིན་དྲིས་པས། ཁྱེའུ་ཆུང་ངུ་ཞིག་པང་དུ་བླངས་པས་དེས་གཅིན་ཤོར་བ་མཚན་མར་སོང་། དགའ་བ་ཚོར་བས་མཇུག་མ་འཐོགས་སོ་ཞེས་སྨྲས་པས་མཇུག་མའང་བྱུང་ངོ་། །དེ་རྒྱལ་པོར་སྨྲས་པས། འདི་ལ་བུ་མོ་ཆུང་ངུ་ཡོད་ན་ཚུལ་ཁྲིམས་དེ་འདྲར་འགྱུར་རོ་སྙམ་ནས། ཁྱོད་ལ་བུ་མོ་ཡོད་དམ། ཤོ་ཤུམ་པ་ཞེས་བྱ་བ་མཆིས་སོ་བྱས་པས་བདག་ལ་ཕུལ་ཅིག་ཟེར་བ་ན་དེས་ཕུལ། འདི་བཙུན་མོའི་འཁོར་དུ་བཞག་ན་ཚུལ་ཁྲིམས་ངན་པར་འགྱུར་རོ་སྙམ་དུ་འདབ་བཟང་ལ་འདི་ཉིན་པར་ཀ་ཤེ་རུའི་གླིང་དུ་ཁྲིད་ལ་མཚན་མོ་འདིར་བྱིན་ཅིག་སྨྲས་པས་དེས་དེ་ལྟར་བྱས་སོ། །ཀ་ཤེ་རུའི་གླིང་ན་མེ་ཏོག་ཏི་མི་ར་ཞེས་བྱ་བ་དྲི་ཞིམ་པ་ཞིག་ཡོད་པ་དེས་ཕྲེང་བར་བརྒྱུས་ཏེ་རྒྱལ་པོར་བསྐུར་རོ། །འཁོར་མོ་འཇིག་ན་བྲམ་ཟེ་ཞིག་ནགས་གསེབ་ཏུ་ཤིང་ཐུ་རུ་སོང་བ་མིའམ་ཅི་མོས་བཟུང་སྟེ་བྲག་ཕུག་ཏུ་བཅུག་ནས་དེ་དང་དགའ་མགུར་སྤྱོད་ཅིང་། མིའམ་ཅི་མོ་གཞན་དུ་འགྲོ་བའི་ཚེ་དེའི་སྒོ་རྡོ་ལེབ་ཆེན་པོས་འགེབས་སོ། །ཕྱིས་དེ་ལ་བྲམ་ཟེའི་བུ་ཞིག་བཙས། འགྲོས་མྱུར་བས་མྱུར་འགྲོ་བཏགས་སོ། །ཕས་དེའི་གམ་དུ་འཁོར་མོ་འཇིག་གི་ཡོན་ཏན་བརྗོད་པས། ཅིའི་ཕྱིར་དེར་མི་འབྲོས་ཟེར། ཁྱོད་ཀྱི་མས་འདི་ལྟར་བྱས་པས་སོ་བརྗོད་པ་ན། ཕ་ངས་སྒོ་དབྱེའོ་ཟེར་ནས་རིམ་གྱིས་རྡོ་ལ་བསླབས་སྟེ་ལོབས་པ་དང་། མ་འབྲས་བུ་ཁྱེར་ཏེ་འོངས་པ་ཕྱིར་


GTN004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ནས། ཐག་རིང་པོ་ནས་འབྲས་བུ་ལེན་དགོས་པའི་ཐབས་བྱས་པས་སོང་བ་དང་། དེ་གཉིས་ཀྱིས་བྲོས་སོ། །དེའི་མ་ངུ་བ་གྲོགས་མོས་མཐོང་སྟེ་བུ་མི་ཡིན་པས་དེ་མིའི་ནང་ན་འདུག་པ་བདེ་ཡིས་མྱ་ངན་མ་བྱེད་ཅིག་ཟེར། བདག་གིས་ནོར་མ་བྱིན་ནོ་སྨྲས་པས། ཅི་སྟེར་ངས་སྦྱིན་ནོ་ཟེར། དེས་པི་ཝཾ་ཞིག་བསྐུར་ནས་འདིས་འཚོ་བར་གྱིས། རྒྱུད་ཡང་ཐོག་མ་ལ་མ་རེག་ཅིག་སྒོས་ཤིག་ཟེར། དེས་དེ་ལ་པི་ཝཾ་བྱིན་ནས་བསྒོའོ། །ཕས་བུ་ཆུང་དེ་བྲམ་ཟེ་ཞིག་ལ་ཀློག་ཏུ་བཅུག་པ་དང་། དེ་ལ་ཁྱེའུ་ཟླ་བོས་སོ། །པི་ཝཾ་གི་རྒྱུད་ལྷག་མ་ལ་མི་རེག་པ་ཅི་ཡིན། ཉེས་དམིགས་འོང་ངོ་། །ཅི་འོང་རེག་ཅིག །རེག་པས་ཐམས་ཅད་མཆོང་བརྒལ་གར་བྱེད་དོ། །དེ་དག་ནང་དུ་སོང་བར་མཁན་པོས་ཀྱང་ནན་གྱིས་རེག་ཏུ་བཅུག་པས་ཐམས་ཅད་མཆོང་བརྒལ་ཏེ་རྫ་སྤྱད་ཐམས་ཅད་བཅག་པས་ཁྲོས་ནས་བསྐྲད་དོ། །ཚོང་པ་ལྔ་བརྒྱ་རྒྱ་མཚོར་ཆས་པ་དེ་རྣམས་ཀྱིས་མྱུར་འགྲོ་ཁྲིད་དེ་སོང་བ་རྒྱ་མཚོར་པི་ཝཾ་ལེན་ཅིང་གླུ་བླངས་པ་ན། དེ་རྣམས་ཀྱིས་རྒྱུད་ལྷག་མར་ནན་གྱིས་རེག་ཏུ་བཅུག་པས་གྲུ་ལོག་ནས་ཚོང་པ་རྣམས་ཤི །དེས་ཤིང་ལེབ་ཅིག་ལ་འཇུས་པས་ཀ་ཤེ་རུ་ལ་ཕྱིན་པས་ཤོ་ཤུམ་པ་མཐོང་ནས་ལྷན་ཅིག་ཉལ་ལོ། །དེས་གཏམ་བསྙད་ནས་ངའང་འཁོར་མོ་འཇིག་ཏུ་ཁྲིད་ཅིག་བྱས་ཏེ། གཉིས་ཀས་འདབ་བཟང་ལ་ཞོན་ནས་སོང་། ཇོ་ཇོ་མིག་མ་ཕྱེ་ཞིག་ཕྱུང་བར་འགྱུར་རོ་ཟེར། དེར་སྐྱེ་བོའི་ཅ་ཅོའི་སྒྲ་ཐོས་པ་དང་ད་སླེབས་སོ་སྙམ་ནས་མིག་ཕྱེ་བས་མིག་འཐོན་ནོ། །ལོང་བ་སྐྱེད་མོས་ཚལ་དུ་བཞག །མོ་བཙུན་མོའི་ནང་དུ་སོང་ངོ་། །


GTN004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་བཙུན་མོ་དང་བཅས་པ་སྐྱེད་ཚལ་དུ་སོང་བ་དང་། ལོང་བས་མེ་ཏོག་ཏི་མི་རའི་དྲི་ཚོར་ནས་གླུ་བླངས་པ། རླུང་གིས་སུ་ནི་བསྐྱོད་པས་ན། ཏི་མི་ར་ཡི་དྲི་མནམ་མོ། །གང་ན་ཤོ་ཤུམ་པ་གནས་པ། །ཀ་ཤེ་རུ་ཡི་གླིང་དག་གོ །རྒྱལ་པོས་ཐོས་པས། ཚོལ་ཅིག་གསུངས། བཙལ་ནས་དྲིས་ཏེ་སྔར་གྱི་གླུ་བླངས་པ་དང་། ཤོ་ཤུམ་པ་ཁྱོད་ཀྱིས་མཐོང་ན་དེའི་ལུས་ལ་མཚན་མ་ཅི་ཡོད་གསུངས། སྭ་སྟི་ཀ་ནི་བརླ་ལ་ཡོད། །དེ་ཡི་ནུ་མར་འཁྱིལ་པ་སྟེ། །ཏི་མི་ར་ཡི་མེ་ཏོག་རྣམས། །བརྒྱུད་པ་ཁྱོད་ཀྱི་ཕྱིར་ཡིན་ནོ། །ཟེར། དེར་རྒྱལ་པོ་ཁྲོས་ནས་ལོང་བ་དང་ཤོ་ཤུམ་པ་བོང་བུར་བསྐྱོན་ནས་བསྐྲད་དོ། །དེས་འཁྱམས་བཞིན་དུ་ལྷ་ཁང་སྟོངས་པ་ཞིག་ཏུ་ཕྱིན་པ་དང་། རྐུན་པོ་ལྔ་བརྒྱ་གྲོང་འཇོམས་སུ་ཕྱིན་པ་གྲོང་པས་ཚོར་ནས་དེ་རྣམས་བཅོམ། དཔོན་པོ་ལྷ་ཁང་དེར་བྲོས་སོ། །རི་བྲགས་པས་ལྷ་ཁང་བསྐོར་ནས། འདི་ན་སུ། ལོང་བས་སྨྲས་པ་མགྲོན་པོའོ། །མི་རྒོད་དེ་ཕྱིར་ཕྱུང་ཞིག་ཟེར་མི་རྒོད་ཀྱི་དཔོན་དེས་ཤོ་ཤུམ་པ་ལ། ལོང་བ་འདིས་ཅི་བྱ་འདི་བསྐྲད་ལ་བདག་ཅག་གཉིས་དགའ་མགུར་སྤྱོད་དོ། །ལེགས་སོ་ཟེར་ནས་ལོང་བ་རྩིག་པའི་ཁ་ནས་བོར་བས་གྲོང་མིས་དེའི་མགོ་བོ་བཅད་ནས་སོང་ངོ་། །མི་རྒོད་ཀྱི་དཔོན་དང་དེ་གཉིས་ཆུ་བོ་ཀ་ར་དོའི་བར་དུ་ཕྱིན་པ་དང་བརྒལ་དུ་གྲུ་མེད་ནས། འདི་ལ་རྒོལ་བ་ལ་ཁྱོད་རྒྱན་དང་བཅས་པ་བརྒལ་མི་ནུས་ཀྱིས་སྔོན་ལ་རྒྱན་བསྐྱལ་ལ་དེ་ནས་ཁྱོད་བརྒལ་བར་བྱའོ། །ཞེས་ཟེར་ནས་གོས་དང་རྒྱན་རྣམས་དེས་ཁུར་ཏེ་སོང་བ་དང་ཆུའི་དབུས་སུ་ཕྱིན་པ་དང་མོ་འགྱོད་ནས་ང་མི་


GTN004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བསླུའམ་ཞེས་སྨྲས་པས། དེས། མི་ཤེས་ཁྱོད་ཀྱིས་བཤེས་རྙིང་བསད། །སྐྱེས་བུ་དེ་ནི་དོན་མེད་དོ། །དེ་བས་ཁྱོད་ལ་ཡིད་བརྟན་དཀའ། །བདག་ཀྱང་ཁྱོད་ཀྱིས་མི་བསད་དམ། །ཞེས་ཟེར་ནས་བྲོས་སོ། །དེ་གཅེར་བུར་ནགས་གསེབ་ན་འདུག་པ་དང་། ཝ་རྒན་ཞིག་གིས་ཤ་ཞིག་ཁྱེར་ནས་ཆུ་འགྲམ་ན་འདུག་པར། ཉ་ཞིག་རྒྱགས་ཆེས་ནས་ཆུ་ལ་འཕར་བས་སྐམ་ལ་ལྟུང་བ་ན། ཝས་ཤ་བཞག་སྟེ་དེར་བརྒྱུགས་པ་དང་། ཉ་དེ་ཆུར་སོང་། ཤ་དེ་འོལ་བས་ཁྱེར། ཤོ་ཤུམ་པས་མཐོང་ནས། ཤ་དུམ་དེ་ནི་འོལ་བས་ཕྲོགས། །ཉ་ནི་ཆུ་བོའི་ནང་དུ་བྲོས། །གཉི་ག་ལས་ནི་བྲལ་བར་གྱུར། །ཝས་ནི་མྱ་ངན་ཅི་ཞིག་བྱ། །དེས་བལྟས་པས་མོ་མཐོང་ནས་ཁྱོད་སུ་ཡིན། ཤོ་ཤུམ་པའོ། །དེ་ཁྲོས་ནས། ཁྱོ་ནི་ཁྱོད་ཀྱིས་བསད་པས་ན། །བྱི་བོ་དེ་ནི་བྲོས་པས་ན། །གཉི་ག་ལས་ནི་བྲལ་བར་གྱུར། །སྤྱར་མ་མྱ་ངན་ཅི་ཕྱིར་བྱེད། །མོས་ད་ཁྱོ་རྙེད་ན་དེ་ལྟར་མི་བྱའོ་སྨྲས་པས། དེས་སྤྱོ་བའི་ཚིགས་བཅད་བརྗོད་ནས། དེ་ནི་དེར་ཟད་ན། ངས་ཁྱོད་སྔོན་གྱི་གནས་སུ་བཞག་ན་ཅི་སྦྱིན། ཉིན་རེ་བཞིན་ཤ་སྦྱིན་ནོ། །དེ་བྱའི་ཁྱོད་ཆུ་ཀླུང་དུ་ཞུགས་ལ་ལྐོག་མ་མན་ཆད་ཆུར་ཆུག །ཁ་ཤར་དུ་ལྟོས་ལ་སྡོད་ཅིག་ཟེར་ནས། ཝས་རྒྱལ་པོའི་ཕོ་བྲང་དང་ཉེ་བར་སོང་སྟེ། ཤོ་ཤུམ་པ་དགེ་ཞིང་དཀའ་ཐུབ་སྤྱོད་ཀྱིས་མྱུར་དུ་བོས་ཤིག །རྒྱལ་པོ་དེ་ཝ་ཡི་སྐད་ལ་མཁས་པས། དེ་བཀུག་ནས་སྔར་གྱི་གནས་སུ་བཞག །དེས་ཀྱང་ཉིན་རེ་བཞིན་ཝ་ལ་ཤ་དུམ་བྱིན་ནོ། །དུས་ཅུང་ཞིག་ནས་ཆད་པ་དང་། བྱིན་ན་དགེའོ། །མ་བྱིན་


GTN004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྔར་གྱི་གནས་སུ་བཞག་གོ །དེ་སྐྲག་ནས་ཤ་མ་ཆད་པར་བྱིན་ནོ། །དེའི་དུས་ཀྱི་ཤོ་ཤུམ་པ་ནི་ཨུཏྤལའི་མདོག་ཡིན་ལ། མྱུར་འགྲོ་ནི་འཆར་ཀའོ། །༈ ཡལ་འདབ་བཅུ་དྲུག་པ་ནི། སྟོན་པ་ཡུལ་སྡིག་པ་ཅན་དུ་བྱོན་ཏེ། དེར་ལམ་ཁ་ན་ཕ་བོང་ཤིན་ཏུ་ཆེ་བ་སྲ་ཞིང་སྐྱེ་བོ་རྣམས་བསྐོར་ཏེ་འགྲོ་དགོས་པ་ཞིག་ཡོད་པ་ལས། ཡུལ་དེའི་གྱད་ལྔ་བརྒྱས་ཕ་བོང་དེ་ཕྱོགས་གཞན་དུ་སྤོ་བའམ་རྩད་ནས་བཤིག་པར་ནུས་ན། ལམ་ཡང་བདེ་ཞིང་གྲགས་པ་ཆེན་པོར་འགྱུར་རོ་སྙམ་ནས། གྱད་ལྔ་བརྒྱ་པོས་ཐབས་རྣམས་པ་སྣ་ཚོགས་བཤམས་ཀྱང་ཅིར་ཡང་བྱར་མ་བཏུབ་བོ། །ཕྱོགས་དེར་བཅོམ་ལྡན་འདས་ཀྱིས་བྱོན་ཏེ་བཀའ་སྩལ་པ། གནས་འཇོག་དག་ཅི་བྱེད། གསོལ་པ། ཤུལ་ལམ་བཟང་པོར་བགྱིད་སྙམ་ན། ཕ་བོང་འདི་དོར་བར་རྔོ་མི་ཐོགས་སོ། །འོ་ན་ངས་དོར་རམ། དོར་བར་མཛོད་ཅིག །དེར་སངས་རྒྱས་ཀྱིས་ཞབས་གཡས་པའི་མཐེ་བོས། ཕ་བོང་དེ་ནམ་མཁར་འཕངས་ཏེ། མིག་གིས་མི་བཟོད་པ་ཙམ་དུ་སོང་བ་ན། གྱད་ལྔ་བརྒྱ་སྐྲག་ཅིང་དངངས་པ་ལ། སངས་རྒྱས་ཀྱིས་ཕ་བོང་དེ་ནམ་མཁར་ཕྱེ་མར་མཛད་ནས་རྡུལ་དུ་བབ་པ་ན། གསོལ་པ་རྡུལ་འདི་ཅི་ལས་བྱུང་། བཀའ་སྩལ་པ་ཕ་བོང་དེའོ། །མ་ལགས་སོ། །འོ་ན་སླར་སྦྱར་རམ། སྦྱར་དུ་གསོལ། དེ་མ་ཐག་ལམ་དུ་འགྲོ་བ་ལ་གནོད་པ་མེད་ཅིང་


GTN004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་སྐོར་གྱི་སར་རྡུལ་རྣམས་འབྱར་ཏེ་ཕ་བོང་སྔོན་བཞིན་དུ་གྱུར་ཏོ། །དེ་ནས་གྱད་རྣམས་ཀྱིས་ཞུས་པ། བཅོམ་ལྡན་འདས་ཀྱིས་སྟོབས་གང་གིས་ཕ་བོང་འདི་འཕངས་ཏེ་བཤིག་ལ་འབྱར་བར་མཛད་པ་ལགས། བཀའ་སྩལ་པ། ཡབ་ཡུམ་ལས་བྱུང་བའི་སྟོབས་དང་། རྫུ་འཕྲུལ་གྱི་སྟོབས་དང་། མོས་པའི་སྟོབས་ཀྱིས་སོ། །དེ་ལས་ལྷག་པའི་སྟོབས་གཞན་མཆིས་སམ། ཡོད་དེ་བསོད་ནམས་ཀྱི་སྟོབས་ཀྱིས་བདུད་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བཅོམ་མོ། །གཞན་ཡང་མཆིས་སམ། ཡོད་དེ་ཡེ་ཤེས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་རྩད་ནས་བཅོམ་མོ། །གཞན་ཡང་མཆིས་སམ། ཡོད་དེ་ཆོ་འཕྲུལ་གྱི་སྟོབས་ཀྱིས་སྟོན་པ་དྲུག་བཅོམ་མོ། །གཞན་ཡང་མཆིས་སམ། ཡོད་དེ་མི་རྟག་པའི་སྟོབས་ཀྱིས་ཤིང་ས་ལ་ཟུང་གི་དྲུང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །ད་ལྟར་གྱི་མིའི་ཚེ་དང་སྟོབས་ལ་སོགས་པ་ཉམས་པ་ལ་ལྟོས། རྡོ་འདི་ནི་བསྐལ་པ་དང་པོའི་མི་རྣམས་ཀྱི་ཕང་ཚད་ཡིན་ཏེ་ལག་རྗེས་ཀྱང་ཡོད་དོ། །ཞེས་སྟོན་པར་མཛད་དོ། །དེ་ནས་གྱད་ལྔ་བརྒྱ་སྟོབས་ཀྱིས་དྲེགས་པ་དང་བྲལ་བ་ལ་ཆོས་བསྟན་པས། དེ་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པ་ཐོབ་བོ། །སྐབས་འདིར་ཡབ་ཡུམ་ལས་གྱུར་པའི་སྟོབས་ཀྱི་ཚད་ནི། མི་དང་གླང་ཕལ། བ་མེན་སྔོན་པོ་དང་། གླང་ཆེན་ཕྲུ་གུ་གླང་ཆེན་མོ་དང་ནི། གླང་ཆེན་ཕལ་པ་གླང་ཆེན་མཆེ་བ་མེད། །གླང་ཆེན་སྔོ་སེར་དཀར་པོ་དམར་པོ་དང་། །འབིགས་བྱེད་གླང་ཆེན་སྤོས་ཀྱི་གླང་ཆེན་དང་། །ཚན་པོ་ཆེ་དང་རབ་རྣོན་སྟོབས་མཆོག་རྣམས། །སྔ་མ་སྔ་མའི་བཅུ་འགྱུར་ཕྱི་མའི་སྟོབས། །


GTN004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ལྷག་མོ་ཡོད༽


GTN004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་མཆོག་ཉི་ཤུ་སྲེད་མེད་བུ་ཡི་སྟོབས། །དེ་སྟོབས་ཚིགས་དང་ཚིགས་ཕྲན་རེ་རེར་ཡོད། །ཅེས་བྱའོ། །༈ ཡལ་འདབ་བཅུ་བདུན་པ་ནི། འདུལ་བ་༼ཁ༽སྨན་གྱི་གཞི་ནས་གསུངས་པ་ཅུང་ཟད་བསྡུས་ཏེ་འགོད་ན། བཅོམ་ལྡན་འདས་ཆུ་བོ་གངྒཱ་དང་ཉེ་བར་ཕེབས་པ་ན། མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་གྲུ་ཟམ་འཛུགས་པ་དང་། ཡངས་པ་ཅན་གྱི་ལིཙྪ་བི་རྣམས་ཀྱིས་ཀྱང་གྲུ་ཟམ་འཛུགས་སོ། །ཀླུ་རྣམས་ཀྱིས་བསམ་པ། བདག་ཅག་ཀླུ་རྣམས་ནི། རྣམ་པར་ལྟུང་བའི་ལུས་ཅན་ཡིན་པས་གདེངས་ཀའི་ཟམ་པས་བཅོམ་ལྡན་འདས་ཆུ་བོ་ལས་བསྒྲལ་བར་བྱའོ་སྙམ་པ་ན་དགེ་སློང་རྣམས་གྲུ་ཟམ་ཁག་གཉིས་དང་། སྟོན་པ་དང་ཀུན་དགའ་བོ་ཀླུའི་ཟམ་པ་ལས་བརྒལ་ཏོ། །སྟོན་པས་ས་ཕྱོགས་མཐོ་བ་ཞིག་ལ་གཟིགས་ནས། ཀུན་དགའ་བོ་ཁྱོད་རྒྱལ་པོས་སྒྲ་ཆེན་འཛིན་གྱི་ལྷའི་མཆོད་སྡོང་སྲིད་དུ་འདོམ་སྟོང་ཡོད་པ། སྦོམས་སུ་འདོམ་དྲུག་ཅུ་ཡོད་པ་ཐམས་ཅད་གསེར་ལས་བྱས་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་ཆུ་བོ་གངྒཱའི་ནང་དུ་བོར་བ་གང་ཡིན་པ་དེ་ལྟ་བར་འདོད་དམ་གསུངས། དེ་བཞིན་འཚལ་ལོ་ཞུས་པས། སྟོན་པས་ཕྱག་ས་ལ་རེག་པར་མཛད་པས་ཀླུའི་ཡིད་བསྐུལ་ཏེ་མཆོད་སྡོང་ས་སྟེང་དུ་འཐོན་པ་འཁོར་རྣམ་བཞི་ལྟད་མོར་གཡེངས་ཀྱང་། ཚེ་དང་ལྡན་པ་ལེགས་ལྡན་


GTN004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདོད་པ་ཆུང་བས་ཕྱག་དར་ཁྲོད་དག་འཚེམ་པ་ལས་མི་ལྟའོ། །དེའི་རྒྱུ་ཞུས་པས། ལེགས་ལྡན་འདོད་ཆགས་དང་བྲལ་བའི་ཕྱིར་དང་། སྔོན་བསྟེན་པའི་ཕྱིར་ཡིན་ཏེ། སྔོན་རྒྱལ་པོ་རབ་སྒྲོགས་དང་། ལྷའི་དབང་པོ་བརྒྱ་བྱིན་གཉིས་གྲོགས་པོར་གྱུར། རྒྱལ་པོ་བུ་མེད་པས་སྡུག་བསྔལ་བ་ན། བརྒྱ་བྱིན་གྱིས་ལྷའི་བུ་ཚེ་འཕོས་པ་ཞིག་དེའི་བུར་མངགས་པར། དེ་རྒྱལ་པོ་རྣམས་ཉེས་པ་མང་པོ་བྱེད་པ་ཡིན་པས་སེམས་ཅན་དམྱལ་བར་སྐྱེ་དོགས་མ་འདོད་པས། བརྒྱ་བྱིན་གྱིས་སླར་དྲན་པ་གསོ་བར་ཆེད་བྱས་ཏེ་རྒྱལ་བུར་བཙས་པའི་ཉིན་སྐྱེ་བོའི་ཚོགས་ཆེན་པོས་སྒྲ་ཕྱུང་བས་མིང་སྒྲ་ཆེན་དུ་བཏགས། དེ་ཆེན་པོར་གྱུར་ཏེ་ཡབ་རྒྱལ་པོ་འདས་ནས་རྒྱལ་སྲིད་ལ་བཞག་པ་ན། རེ་ཞིག་གི་བར་ཆོས་ལྡན་གྱི་བྱ་བས་འཚོ་ཞིང་མངའ་འོག་སྐྱོང་ཡང་། དེ་ནས་ཆོས་མ་ཡིན་པར་སྤྱོད་དོ། །བརྒྱ་བྱིན་གྱིས་ལན་མང་དུ་ལྡོག་ཀྱང་དྲན་ཤེས་མ་བསྟེན་པས་ཉམས་པ། སླར་མི་བརྗེད་པའི་མཚན་མ་ཞིག་ཞོག་ཅིག་སྨྲས་པས་ལྷའི་དབང་པོས་ལས་ཐམས་ཅད་པ་ལ་རྒྱལ་པོ་སྒྲ་ཆེན་ལ་མཆོད་སྡོང་སྤྲུལ་དུ་བཅུག་པ་ན། དེར་མཆོད་སྦྱིན་གྱི་ཁང་པ་རྩིག་ཏུ་བཅུག་ནས་རང་གི་ཞང་པོ་མྱ་ངན་མེད་མཆོད་སྡོང་གི་ཞལ་ཏ་བར་བཞག་གོ །འཛམ་བུའི་གླིང་ན་གནས་པའི་སེམས་ཅན་ཐམས་ཅད་མཆོད་སྡོང་གི་ལྟད་མོར་གཡེངས་པས་འཇིག་རྟེན་གྱི་བྱ་བཞག་ཉམས་པ་ན། རྒྱལ་པོས་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས་མཆོད་སྡོང་ཆུ་བོ་གངྒཱའི་ནང་དུ་བོར་རོ། །རབ་སྒྲོགས་ཀྱི་ཞང་པོ་མྱ་ངན་མེད་དེ་དགེ་སློང་ལེགས་ལྡན་ནོ། །མ་འོངས་པ་ན་


GTN004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་རྒྱལ་པོ་དུང་ཞེས་འཁོར་ལོས་སྒྱུར་བ་མཐའ་བཞིར་རྣམ་པར་རྒྱལ་བ་རིན་ཆེན་སྣ་བདུན་དང་ལྡན་པ་འབྱུང་། དེའི་བློན་པོ་བྲམ་ཟེ་ཚངས་པའི་ཚེ་དང་ཆུང་མ་ཚངས་ལྡན་མ་ལ་བུ་བྱམས་པ་བཙའ་བར་འགྱུར། ཡབ་བྲམ་ཟེ་ཁྱེའུ་བརྒྱད་ཁྲི་ལ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་པ་དེ་རྣམས་བུ་བྱམས་པ་ལ་གཏད་དོ། །རྒྱལ་པོ་ཆེན་པོ་བཞིས་གཏེར་ཆེན་པོ་བཞི་དང་། མཆོད་སྡོང་འདི་རྒྱལ་པོ་དུང་ལ་འབུལ་བ་རྒྱལ་པོས་བློན་པོ་བྲམ་ཟེ་དང་། དེས་བུ་བྱམས་པ། དེས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་མཆོད་སྡོང་འདི་བྱིན་པ་ན། དེ་དག་གིས་དུམ་བུ་དུམ་བུར་བཅད་ནས་བཤིགས་སོ། །རྐྱེན་དེས་བྱམས་པ་ལ་མི་རྟག་པ་སྐྱེས་ནས་སྐྱོ་བས་ནགས་སུ་འགྲོ་བར་འགྱུར་ཞིང་། ཉི་མ་དེ་ཁོ་ནར་ཡེ་ཤེས་མཐོང་ཞིང་མཚན་མོར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །བྱམས་པ་སངས་རྒྱས་པའི་ཉིན་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་གི་རིན་ཆེན་སྣ་བདུན་ནུབ་པར་གྱུར་ནས། རྒྱལ་པོ་དུང་ཡང་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲིའི་འཁོར་དང་བཅས། དེའི་ཆུང་མ་རིན་པོ་ཆེ་ས་ག་ཡང་བུད་མེད་བརྒྱད་ཁྲི་དང་བཅས། བྲམ་ཟེ་ཚངས་པའི་ཚེ་ཡང་བྲམ་ཟེའི་ཁྱེའུ་བརྒྱད་ཁྲི་དང་བཅས་སངས་རྒྱས་བྱམས་པ་ལས་རབ་ཏུ་བྱུང་ནས་འཁོར་དགེ་སློང་འབུམ་ཕྲག་དགུ་བཅུ་རྩ་དྲུག་དང་ཐབས་ཅིག་བྱ་རྒོད་སྤུངས་རིར་གཤེགས་ནས་དགེ་སློང་འོད་སྲུང་གི་སྐུ་གདུང་མ་ཉམས་པ་ཁ་དབྱེ་ནས་འཁོར་རྣམས་ལ་ཚེ་ལོ་བརྒྱ་པའི་སྟོན་པ་ཤཱཀ་ཐུབ་ཀྱི་སྦྱངས་ཡོན་དང་ལྡན་པའི་མཆོག་ཡིན། སྟོན་པ་མྱ་ངན་ལས་འདས་ནས་


GTN004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་བསྟན་པ་ཡང་འདིས་ཡང་དག་པར་བསྡུས་སོ་ཞེས་ཆོས་སྟོན་པས་འཁོར་རྣམས་སྐྱོ་བ་སྐྱེས་ཏེ་དགྲ་བཅོམ་པར་འགྱུར་བའི་རྒྱུ་བྱེད། སྐབས་འདིར་དཀོན་ཅོག་གཉིས་ལྷན་དུ་འབྱུང་བ་ནི་སྨོན་ལམ་གྱི་དབང་གིས་ཏེ། སྔོན་ཡུལ་དབུས་སུ་རྒྱལ་པོ་གསོ་སྦྱིན་དང་། བྱང་ཕྱོགས་ན་རྒྱལ་པོ་ནོར་ལྡན་ཞེས་གཉིས་ཀ་རྒྱལ་སྲིད་ཕུན་སུམ་ཚོགས་སོ། །རྒྱལ་པོ་གསོ་སྦྱིན་གྱི་སྲས་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཡིན། རྒྱལ་པོ་ནོར་ལྡན་གྱིས་རང་གི་མངའ་ཐང་དང་འདྲ་བའི་རྒྱལ་པོ་གཞན་ཡོད་མེད་འཁོར་ལ་དྲིས་པས་ཡུལ་དབུས་ཀྱི་རྒྱལ་པོ་གསོ་སྦྱིན་ཡོད་པར་ཐོས་ཏེ་ཕྲག་དོག་སྐྱེས་ནས་དཔུང་ཚོགས་བཞིའི་གཡུལ་བཤམས་ནས་ཆུང་བོ་གངྒཱའི་ལྷོ་ཕྱོགས་ན་དམག་སྒར་བཏབ། རྒྱལ་པོ་གསོ་སྦྱིན་གྱི་དཔུང་ཚོགས་བཞི་ཡང་གངྒཱའི་བྱང་ཕྱོགས་སུ་ལོགས་ཀྱི་འགྲམ་ན་འཁོད་དོ། །སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་དེ་གཉིས་འདུལ་བའི་དུས་མཁྱེན་པས་གངྒཱའི་འགྲམ་དུ་བཞུགས་ནས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ན་ཚངས་པ་དང་བརྒྱ་བྱིན་སོགས་ལྷ་རྣམས་ཀྱིས་སྟོན་པའི་སྤྱན་སྔར་འོང་བའི་འོད་ཀྱིས་མཚན་མོ་ཉིན་མོ་ལྟར་སྣང་བ་རྒྱལ་པོ་ནོར་ལྡན་གྱིས་མཐོང་ནས་རྒྱུ་དྲིས་པས་རྒྱུ་མཚན་ཐོས་ཏེ། རྒྱལ་པོ་གསོ་སྦྱིན་དང་མཛའ་བར་བྱས་ནས་རྩོད་པ་རང་སར་ཞི། གསོ་སྦྱིན་གྱིས་སྟོན་པའི་སྤྱན་སྔར་ཕྱིན་ནས་སྤྱན་དྲངས་ཞུས་ཏེ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་གིས་སྟོབས་ཤིང་མཐར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བར་སྨོན་ལམ་བཏབ་ཅིང་


GTN004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དུང་བུས་སོ། །སྟོན་པས་ཀྱང་མ་འོངས་པ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་པར་ལུང་བསྟན་པ་ན། རྒྱལ་པོ་ནོར་ལྡན་གྱིས་ཐོས་ནས་སྟོན་པ་འཁོར་བཅས་ལ་བཤོས་གསོལ་ཏེ་རྫོགས་པའི་སངས་རྒྱས་སུ་སྨོན་ལམ་བཏབ་པས་སངས་རྒྱས་བྱམས་པར་ལུང་བསྟན་ནོ། །དེས་ན་རྒྱལ་པོ་གཉིས་མཛའ་བའི་བག་ཆགས་ཀྱིས་བསྒོས་ཤིང་དེའི་མཐུ་ལས་སོ། །སྟོན་པས་བྱམས་པ་ལུང་བསྟན་པ་དང་འཁོར་རྣམས་ལ་མཚན་མ་ཟུང་ཞིག་བཀའ་སྩལ་ནས་མཆོད་སྡོང་ས་འོག་ཏུ་ནུབ་བོ། །༈ ཡལ་འདབ་བཅོ་བརྒྱད་པ་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟོན་པ་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་སོ། །དེའི་ཚེ་འོད་སྲུང་ཆེན་པོ་འབྲོག་དགོན་པ་ནས་བྱོན་ཏེ། སྐྲ་དང་ཁ་སྤུ་རིང་ཞིང་ཕྱག་དར་ཁྲོད་གྱོན་ནས་བྱོན་པ་སྒོ་སྲུང་བས་ཀྱང་ངོ་མ་ཤེས་ཏེ་ནང་དུ་མ་བཏང་ངོ་། །འོད་སྲུང་དེ་ནས་ཕྱིར་ལྡོག་སྟེ་སྐྱེད་མོས་ཚལ་དུ་འགྲོ་བའི་ལམ་དུ། གྲོང་གི་ཕྱི་ཉུག་མ་ཞེས། གཞན་ནས་འོངས་པའི་གྲོང་སྤྲང་མོ་མཛེ་ནད་ཀྱིས་ཐེབས་པ་ཞིག་གིས་ཀྱང་རང་གིས་བསླངས་པའི་འབྲས་ཀྱི་ཁུ་བ་ཕུལ་ལོ། །དེར་སྦྲང་བུ་ལྷུང་བ་སོལ་དུ་ཕྱིན་པ་ན་སོར་མོ་ཆད་དེ་དེར་ལྷུང་ངོ་། །


GTN004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བསམ་པ། བདག་གི་ངོ་བསྲུང་བའི་ཕྱིར་ལྷུང་བཟེད་དུ་བླངས་པ་མ་གཏོགས་གསོལ་བར་མི་འགྱུར་སྙམ་པ། འཕགས་པས་མཁྱེན་ནས་དེ་ཉིད་དུ་གསོལ་བར་མཛད་དོ། །གྲོང་ཉུག་མ་དེ་ཡང་རབ་ཏུ་དགའ་ཞིང་དད་པས་ཚེའི་དུས་བྱས་ཏེ་དགའ་ལྡན་དུ་སྐྱེས་སོ། །སྟོན་པའི་དྲུང་དུ་ཆོས་ཉན་པས་བདེན་པ་མཐོང་། འོད་སྲུང་ཆེན་པོས་བཀྲེན་པའི་སེམས་ཅན་རྣམས་ལ་ལྷག་པར་བརྩེ་བས་བསོད་སྙོམས་མཛད་ཅིང་སྦྱིན་པ་ནས་ཁྱད་པར་ཅན་དུ་གྱུར་པ་ལྷ་མི་ཀུན་ནས་ཐོས་པས་བརྒྱ་བྱིན་གྱིས་ཐ་ག་པར་སྤྲུལ་ནས་བསོད་སྙོམས་སུ་ལྷའི་བདུད་རྩི་དྲངས་པར་མ་མཉེས་ཤིང་ནམ་མཁའ་ནས་ལྷུང་བཟེད་དུ་བླུགས་པའང་ཕྱིར་ཕོ་བར་མཛད་དོ། །གཏམ་དེ་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་འཕགས་པ་འོད་སྲུང་ཆེན་པོ་ལ་མཆོད་པ་དུ་མས་ཀྱང་མཆོད། འོད་སྲུང་ཆེན་པོའི་ཆེད་དུ་སངས་རྒྱས་དགེ་འདུན་དང་བཅས་པ་ལ་ཞག་བདུན་དུ་གདུགས་ཚོད་གསོལ་བར་ཞུས་ཤིང་། སྟོན་པས་གནང་བ་ཡང་སྩལ། ནང་པར་སྔ་བར་སངས་རྒྱས་དགེ་འདུན་དང་བཅས་པ་རྒྱལ་པོའི་མཆོད་ཁང་དུ་བྱོན་ཏེ་གདན་བཤམས་པ་ལ་བཞུགས་སོ། །དེར་རྒྱལ་པོ་རང་ཉིད་ཀྱིས་ལག་བསྟར་ཏེ་ཁ་ཟས་བཟང་པོ་དག་འབྲིམ་པར་བྱེད་པ་མུ་ལྟོ་བ་ཞིག་གིས་མཐོང་ནས། དེར་རྒྱལ་པོ་དེ་དེ་ལྟ་བུའི་དགེ་བའི་ལས་བྱེད་པ་ལ། མུ་ལྟོ་བ་དེ་དང་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས་སོ། །དེ་ནས་རྒྱལ་པོ་ཆོས་ཉན་པའི་ཕྱིར་འོངས་པ་ལ་ཆོས་ཀྱི་གཏམ་གྱིས་དགའ་བར་མཛད་ནས། ཡོན་བསྔོ་བ་དང་སྦྱིན་པ་བཤད་པ་མཛད་པའི་ཚེ།


GTN004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཁྱོད་ཀྱི་མིང་ནས་བསྔོའམ། དེ་རིང་ཁྱེད་བས་བསོད་ནམས་ཆེས་མང་དུ་བསྐྱེད་པ་དེའི་མིང་ནས་བསྔོ་གསུངས། རྒྱལ་པོས་བསམ་པ། དེ་རིང་འདིར་བདག་བས་བསོད་ནམས་ཆེས་མང་དུ་བསྐྱེད་པ་དེ་སུ་ཡིན་སྙམ་ནས་དེའི་མིང་ནས་བསྔོ་བར་ཞུས་པས། རྗེས་སུ་ཡི་རང་བསྐྱེད་པ་དེར་རྒྱལ་པོ་རང་མིང་ནས་བསྔོ་བར་མཛད་དོ། །དེ་ལྟར་ཉི་མ་དྲུག་གི་བར་དུ་མཛད་པས་རྒྱལ་པོ་སེམས་ཁོང་དུ་ཆུད་པ་ལ། བློན་པོ་མཁས་པ་རྣམས་ཀྱིས། སང་ཉིན་ཅི་ནས་ཀྱང་ལྷའི་མཚན་ནས་བསྔོ་བར་འགྱུར་བ་དེ་ལྟར་བགྱིའོ་བྱས་ནས། བློན་པོས་ལས་བྱེད་རྣམས་ལ་དེ་རིང་ཁ་ཟས་ཆེས་བསོད་པ་མང་པོ་སྟ་གོན་གྱིས་མ་འབྲིམས་པའི་ཚེ་ཕྱེད་དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ནང་དུ་འོང་བ་དང་ཕྱེད་ས་ལ་བོ་བ་དེ་ལྟར་གྱིས་ཤིག །ཅེས་བསྒོས་པ་ལྟར་བྱས་པས་མུ་ལྟོ་བ་ཟས་ས་ལ་བོ་བ་དག་བསྡུད་པའི་ཕྱིར་ཆས་པ་ན་ཕྱག་ཚང་འབྲིམ་པ་དག་གིས་ཕྱིར་བསྐྲད་དོ། །དེར་མུ་ལྟོ་བ་སེམས་འཁྲུགས་པས་སྔར་ལྟར་ཡི་རང་བྱེད་པ་མ་བྱུང་ངོ་། །དེ་ནས་རྒྱལ་པོ་ཡང་ཡོན་ཕུལ་མ་ཐག་བདག་གི་མིང་ནས་ཡོན་བཤད་པ་མི་མཛད་དོ་སྙམ་ནས་ཡོན་བཤད་པ་མ་ཉན་པར་སོང་བ་ན། སྟོན་པས་རྒྱལ་པོའི་མིང་ནས་སྨོས་ཏེ། གླང་པོ་ཤིང་རྟ་རྟ་དང་དཔུང་བུ་ཆུང་། །ཞོན་ནས་གྲོང་ཁྱེར་ཡུལ་བཅས་འཁོར་བྱེད་པ། །ཟན་དྲོན་ལན་ཚྭ་དག་གིས་མ་བཏབ་ཅིང་། །སྣུམ་བག་ཡིན་པའི་མཐུ་ནི་ཡིན་པར་ལྟོས། །ཞེས་གསུངས། དེའི་རྒྱུ་ཞུས་པས། སྔོན་གསལ་རྒྱལ་འདི་བྱིས་པར་གྱུར་པས་རང་སངས་རྒྱས་ལ་ཟན་དྲོན་ལན་ཚྭ་མེད་པ་ཞིག་ཕུལ་བས། སྔར་


GTN004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གསུམ་དུ་ལྷའི་རྒྱལ་པོ་ལན་དྲུག་དང་མཉན་ཡོད་ཀྱི་རྒྱལ་པོ་ལན་དྲུག་བྱས་ཤིང་ལས་ཀྱི་ལྷག་མས་ད་ལྟའང་རྒྱལ་པོར་གྱུར་ཏོ་ཞེས་ལུང་བསྟན་པ་རྒྱལ་པོས་གཏམ་དེ་བརྒྱུད་ནས་ཐོས་པས། ཡང་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་སོང་ནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ། བདག་གིས་ཟླ་བ་གསུམ་དུ་ན་བཟའ་དང་། ཆོས་གོས་དང་། བསོད་སྙོམས་དང་། བསྙུན་སེལ་བའི་སྨན་དག་གི་ཡོ་བྱད་རྣམས་འབུལ་བར་ཞུས་པས་གནང་སྟེ་རབ་ཏུ་དགའ་ཞིང་མཆོད་པའི་ཡོ་བྱད་བཤམ་པའི་སྟ་གོན་གྱི་ཚེ། ཅ་ཅོའི་སྒྲ་ཆེན་པོ་བྱུང་བ་ན་དབུལ་མོ་གྲོང་ཉུག་མ་བུ་མོ་སློང་བ་མོ་གཅིག་གིས་ཐོས་ནས་ཅི་ཡིན་དྲིས། དེར་གཏམ་གོ་ནས་མོས་ཀྱང་སྐྱེ་བོ་རྣམས་ལ་ཅུང་ཟད་བསླངས་པས། འབྲུ་མར་ཉུང་ངུ་དག་རྙེད་པ་གྱོ་དུམ་གྱི་ནང་དུ་བླུགས། མར་མེ་གཏམས་ནས་སངས་རྒྱས་ལ་དད་པ་བླ་ན་མེད་པས་ཕུལ་ཏེ་འཆག་པར་བཞག་གོ །སྟོན་པའི་ཞབས་ལ་སྤྱི་བོས་གཏུགས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ཇི་ལྟར་སྟོན་པ་ཤཱཀྱ་ཐུབ་པ་འདི་ཇི་ལྟ་བར་བདག་ཀྱང་ཚེ་ལོ་བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་སངས་རྒྱས་སུ་གྱུར་ཅིག །འདིའི་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་དང་། རྫུ་འཕྲུལ་ཅན་གྱི་མཆོག་མོའུ་འགལ་གྱི་བུ་དང་། ཉེ་གནས་ཀུན་དགའ་བོ་དང་། ཡུམ་སྒྱུ་འཕྲུལ་ཆེན་མོ་དང་། སྲས་སྒྲ་གཅན་ཟིན་དང་། གྲོང་ཁྱེར་སེར་སྐྱ་དང་། སྐུ་གདུང་རྒྱས་པར་འགྱུར་བ་དེ་བཞིན་དུ་བདག་ཀྱང་དེ་འདྲ་བར་གྱུར་ཅིག །ཅེས་སོ། །དེ་ནས་མཚན་མོའི་དུས་སུ་མར་མེ་ཐམས་


GTN004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མནལ་བ་ན་དེས་ཕུལ་བའི་མར་མེ་ནི་རབ་ཏུ་འབར་བར་སྣང་ངོ་། །སྟོན་པ་ནི་མར་མེའི་འོད་ལ་མནལ་བར་མི་མཛད་པས། འཕགས་པ་ཀུན་དགའ་བོས་མར་མེ་དེ་གསད་དོ་སྙམ་སྟེ་ལག་པ་དང་ཆོས་གོས་ཀྱི་གྲྭ་དང་རླུང་གཡབ་ལ་སོགས་པས་བཏབ་ཀྱང་དེ་བསད་པར་མ་ནུས་སོ། །བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་རྣམ་པར་འཐོར་བའི་རླུང་གིས་ཀྱང་བསད་པར་མི་ནུས་ན། གཞན་གྱིས་ལྟ་ཅི་སྨོས། སེམས་མངོན་པར་འདུ་བྱེད་པ་ཆེན་པོས་སྦར་བ་ཡིན་ཏེ། བུ་མོ་འདི་ནི་ཇི་ལྟར་སྨོན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས། མར་མེ་དེ་ཡང་ཞག་བདུན་གྱི་བར་དུ་རབ་ཏུ་འབར་ཞིང་མཆོད་པ་གཞན་ཐམས་ཅད་ཟིལ་གྱིས་མནན་ཏེ་འདུག་གོ །དེའི་སྙན་པ་ཕྱོགས་བཅུར་རྒྱས་པར་གྱུར་པས་རྒྱལ་པོས་ཀྱང་འབྲུ་མར་གྱི་བུམ་པ་སྟོང་དང་ནོར་བུའི་སྒྲོན་མེ་བཞི་འཆག་པའི་སླད་དུ་བཞག་ཅིང་གཞན་ཟླ་བ་གསུམ་དུ་གདུགས་ཚོད་གཞན་བས་ཆེས་མཆོག་ཏུ་གྱུར་པ་གསོལ། དགེ་སློང་གཞན་རེ་རེ་ལ་ཆོས་གོས་འབུམ་རི་བ་རེ་ཡང་བསྐོན། འབྲུ་མར་གྱི་མར་མེ་མཐའ་ཡས་པའང་བསྒྲེངས་པར་བྱས་སོ། །བུ་མོ་དབུལ་མོ་དེ་ལ་ཡང་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་མ་འོངས་པའི་ཡོན་ཏན་ལ་བསམ་ནས་ཡོ་བྱད་མང་པོ་དག་ཀྱང་བྱིན་ཏོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་གསོལ་པ། བདག་གིས་དགེ་བའི་ལས་འདི་ཙམ་བགྱིས་ན་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ནི་ཟབ་པ། ལྟ་བར་དཀའ་བ། རྟོགས་


GTN004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ་བ་སྟེ་ཁྱོད་ཀྱིས་སྦྱིན་པ་ལན་གཅིག་གིས་ཐོབ་པར་མི་འགྱུར་བརྒྱས་ཀྱང་མ་ཡིན། སྟོང་གིས་ཀྱང་མ་ཡིན། བརྒྱ་ཕྲག་སྟོང་གིས་ཀྱང་མ་ཡིན། འོན་ཀྱང་ཁྱོད་བྱང་ཆུབ་འདོད་ན་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས། དགེ་བའི་བཤེས་གཉེན་ལ་བསྙེན་ཅིང་བཀུར་ན་ཁྱོད་ནམ་ཞིག་སངས་རྒྱས་སུ་འགྱུར་གྲང་། དེ་ནས་རྒྱལ་པོ་ངུས་ཤིང་གོས་ཀྱིས་མཆི་མ་ཕྱིས་ཏེ། བཅོམ་ལྡན་འདས་ཀྱིས་སྔོན་སྦྱིན་པ་དང་བསོད་ནམས་ཇི་སྙེད་ཅིག་མཛད་ལགས། བཀའ་སྩལ་པ། །ངས་བསྐལ་པ་གྲངས་མེད་གསུམ་དུ་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས། སངས་རྒྱས་བྱུང་བ་དག་མཆོད་པར་བྱས་པ་ཕར་ཞོག་གི། རེ་ཞིག་བསྐལ་པ་འདི་ལ་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་པ་དེ་ཉོན་ཅིག །སྔོན་འདས་པའི་དུས་ན་བསྐལ་པ་གྲངས་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེ་ལ་བུ་ནི་ལྔ་བརྒྱ་ཡོད་དོ། །དུས་ཕྱིས་ཤིག་ན་བཙུན་མོ་ཆེན་མོ་ལ་བུ་ཞིག་བཙས་ཏེ་གསེར་གྱི་མདོག་ཅན་སྐྲ་ཐོན་མཐིང་ལྟ་བུ་ལག་མཐིལ་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་ཡོད་པ། རྐང་པ་གཡོན་གྱི་མཐིལ་ན་རྟ་ཡི་རི་མོ་ཡོད་པ། རྐང་པ་གཡས་ཀྱི་མཐིལ་ན་གླང་པོ་ཆེའི་རི་མོ་ཡོད་པ་བསོད་ནམས་དང་ལྡན་པ་ཞིག་བཙས་ཏེ། མིང་ཡང་མེ་ལོང་གདོང་ཞེས་བྱ་བར་བཏགས་སོ། །རྒྱལ་པོ་ཆེན་པོར་ནད་ཀྱིས་བཏབ་སྟེ་ཚེའི་དུས་བྱེད་དུ་ཉེ་བ་ན་བློན་པོ་རྣམས་ཀྱིས་སྲས་འདི་རྣམས་ཀྱི་ནང་ན་རྒྱལ་


GTN004_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་ཏུ་གང་གཞུག་རྒྱལ་པོའི་དབང་གང་ལ་བསྐུར་ཞེས་དྲིས་པ་དང་། རྒྱལ་པོའི་ཡོན་ཏན་དང་མཚན་རྣམ་པ་འདི་བཅུ་དང་ལྡན་པ་དང་། རྐང་པ་གཡས་པའི་མཐིལ་ན་གླང་པོ་ཆེའི་རི་མོ་དང་། གཡོན་པའི་མཐིལ་ན་རྟའི་རི་མོ་ཡོད་པ་དང་། རྒྱལ་པོའི་གོས་གོན་ན་ལུས་དང་འཚམ་ཞིང་མི་ཆེ་མི་ཆུང་བ་དང་། རྒྱལ་པོའི་སྟན་ལ་འདུག་ན་གཟི་བརྗིད་མཐུ་དང་ལྡན་པ་དང་། རྒྱལ་ཕྲན་རྣམས་ཀྱིས་རིམ་གྲོ་ཆེར་བྱེད་ཅིང་བཙུན་མོ་དང་འཁོར་རྣམས་ཀྱང་དེ་ལ་དགའ་བས་ཕྱག་བྱེད་པ་དང་། ལྷ་རྣམས་ཀྱི་རྟེན་དུ་ཁྲིད་ན་ལྷ་རྣམས་ཀྱིས་ཕྱིར་ཕྱག་བྱེད་པ་དང་། ཡོན་ཏན་དང་བསོད་ནམས་ཀྱི་མཐུས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་པས་ཐམས་ཅད་ཡིད་ཚིམ་པར་བྱེད་པ་དང་། བཙུན་མོ་ཆེན་མོ་ལས་བཙས་པ་དང་བཙའོ་ཞེས་ཟེར་ནས་ཚེ་འཕོས་སོ། །དེ་ནས་རྒྱལ་བུ་དང་བློན་པོ་ཀུན་འདུས་ཏེ་རྒྱལ་བུ་ནང་གི་ཆེ་བ་ལས་མཐར་གྱི་ཡོན་ཏན་བཅུ་གང་ལ་ཡོད་པ་བརྟགས་པ་ན་བུ་ཐ་ཆུང་མེ་ལོང་གདོང་ཁོ་ནར་མཚན་རྫོགས་པར་ལྡན་པས་རྒྱལ་ཕྲན་དང་བློན་པོ་རྣམས་ཀྱིས་རྒྱལ་པོར་དབང་བསྐུར་ཏེ། ཚེས་བཅོ་ལྔའི་ཉིན་ཉི་མ་ཐོག་མར་ཤར་བ་ན་གསེར་གྱི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ཆེ་ཁྱད་དཔག་ཚད་གཅིག་པ་ཤར་ཕྱོགས་ནས་འོངས་ཏེ། དེ་ལ་པུས་མོ་བཙུགས་ནས་གལ་ཏེ་བདག་ཡོན་ཏན་དང་ལྡན་ཏེ་རྒྱལ་པོར་གྱུར་ན་འཁོར་ལོ་འདི་བདག་གི་དྲུང་དུ་ཉེ་བར་ཤོག་ཅིག་སྨྲས་པས་ནམ་མཁའི་མཐོང་ནས་ཉེ་བར་འོངས་སོ། །གླང་པོ་རིན་པོ་ཆེ་ནི་རི་སྤོས་ངད་ཅན་


GTN004_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོངས་ཏེ་མཇུག་མར་ནོར་བུས་བརྒྱན་པ། རྒྱལ་པོ་དེ་ལ་ཞོན་ནས་ནམ་མཁར་འཕུར་ཏེ་ཉི་མ་ཕྱེད་ཀྱིས་གླིང་བཞི་འཁོར་རོ། །གལ་ཏེ་རྐང་པས་འགྲོ་ན་རྐང་པའི་རྗེས་གང་རིགས་པར་གསེར་གྱི་བྱེ་མར་གྱུར་ཏོ། །རྟ་རིན་པོ་ཆེ་ནི་ཁ་དོག་མཐིང་ག་རྔ་རྔོག་དམར་བ་རིན་པོ་ཆེ་སྣ་བདུན་འབབ་པ་རྒྱལ་པོ་དེ་ལ་ཞོན་ནས་ཟན་ཞིག་བཟའ་རིན་ཙམ་གྱིས་གླིང་བཞི་ནས་འཁོར་ཏེ་མི་ངལ་མི་དུབ་བོ། །ནོར་བུ་རིན་པོ་ཆེ་ནི་འོད་ཟེར་ཉིན་མཚན་དུ་གསལ་ཏེ། རྒྱང་གྲགས་བརྒྱ་ཉི་ཤུ་ལྷག་ཙམ་འོད་ཀྱིས་སྣང་བར་བྱེད་ལ་རིན་པོ་ཆེ་སྣ་བདུན་ཆར་བཞིན་དུ་འབེབས་ཤིང་ཐམས་ཅད་ལ་སྦྱིན་པར་བྱེད་དོ། །བུད་མེད་རིན་ཆེན་ནི་བཟང་བ། མཛེས་པ། རྒྱལ་པོའི་ཡིད་ཚིམ་པར་བྱེད་དོ། །ཁྱིམ་བདག་རིན་ཆེན་ནི་རྒྱལ་པོའི་རིན་པོ་ཆེ་སྣ་བདུན་ཅི་དགོས་པ་ཡིད་བཞིན་དུ་སྦྱར་ཏེ་ཟད་མི་ཤེས་པར་བྱེད་དོ། །བློན་པོ་རིན་པོ་ཆེ་ནི་རྒྱལ་པོས་དཔུང་རྣམ་བཞི་བགོས་ན་བལྟས་པ་ཙམ་གྱིས་དཔུང་གི་ཚོགས་འདུས་ཏེ་རྩལ་དང་མཐུར་ལྡན་ནོ། །དེ་ལྟར་རིན་པོ་ཆེ་སྣ་བདུན་དང་ལྡན་ནས་དེ་ཡིས་བསམ་པ། ཐབས་འདི་ལྟ་བུ་ཡང་སྔོན་གྱི་བསོད་ནམས་ཀྱིས་ཐོབ་པས་རྒྱལ་པོའི་གདུང་རྒྱུད་མི་ཆད་པར་བྱའོ་སྙམ་ནས་སྤོས་ཆུས་ཁྲུས་བྱས་ཏེ་གོས་གསར་པ་བགོས་ནས་ལག་ན་སྤོས་ཕོར་ཐོགས་ཏེ། ཤར་ཕྱོགས་ལོགས་སུ་པུས་མོ་སར་བཙུགས་ནས། ཤར་ཕྱོགས་ན་སྐྱེས་བུ་འཕགས་པ་བཞུགས་པ་རྣམས་བདག་གསོལ་བ་བཞིན་དུ་གཤེགས་སུ་གསོལ་ཞེས་སྨྲས་པ་དང་། ཤར་ཕྱོགས་ནས་རང་སངས་རྒྱས་ཉི་ཁྲི་སྙེད་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །ཕྱོགས་


GTN004_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གསུམ་ཡང་དེ་བཞིན་དུ་གསོལ་བ་དང་སོ་སོར་ནས་རང་སངས་རྒྱས་ཉི་ཁྲི་ཏེ་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །དེ་ནས་རྒྱལ་པོ་བློན་པོ་རྣམས་ཀྱིས་ཡོ་བྱད་རྣམ་བཞི་སྦྱར་ཏེ་མཆོད་པ་བྱས་སོ། །དེ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་རང་ཡུལ་དུ་འགྲོ་བར་གསོལ་ཏེ་མཆི་ཕྱག་འཚལ་བ་ན། འཕགས་པ་རྣམས་ལ་ཡོ་བྱད་ཀྱིས། བདག་ཅག་མཆོད་པ་འཚལ་ཏེ་བསོད་ནམས་བགྱིའོ། །ཞེས་གསོལ་ནས། རྒྱལ་བློན་དེ་རྣམས་ཀྱིས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་རང་སངས་རྒྱས་བཞི་ཁྲི་ལ་ཡིད་བཞིན་དུ་མཆོད་ནས་ཚེའི་དུས་བྱས་ནས་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དགེ་སློང་དག་དེའི་ཚེ་ན་རྒྱལ་པོ་མེ་ལོང་གདོང་དེ་ནི་ད་ལྟར་ང་ཡིན་ནོ། །རྒྱལ་པོ་དེ་ཡི་ཕ་དེ་ནི་ངའི་ཡབ་ཟས་གཙང་མའོ། །བཙུན་མོ་དེ་ནི་ངའི་ཡུམ་ལྷ་མཛེས་ཡིན་ནོ། །རྒྱལ་བུ་ལྔ་བརྒྱ་དེ་ནི་ཤཱཀྱའི་རིགས་ལྔ་བརྒྱ་ཡིན་ནོ། །ཞེས་གསུངས་པ་མདོ་སྡེ་མཛངས་བླུན་གྱི་དཔེ་སྣ་ཚོགས་བསྟན་པའི་ལེའུ་ནས་འབྱུང་བ་བཞིན་བཀོད་དོ། །བྲམ་ཟེ་ཞིག་ལ་ཁྱིམ་བདག་ཞིག་གིས་བ་རྐུ་བཙུགས། མི་ཞིག་གི་རྟ་རྒོད་མ་ཤོར་བ་བཀག་རོགས་ཟེར་བར་རྡོ་འཕངས་པ་རྟ་ལ་ཕོག་ནས་ཤི་བ་དང་། ཤིང་བཟོས་སྟེའུ་ཁས་ཁུར་ནས་ཆུ་བརྒལ་བར་གཏམ་དྲིས་པས་སྟེའུ་ཆུར་ལྷུང་བ། རྩིག་པའི་ཁ་ནས་མཆོང་བ་ཐག་མཁན་གྱི་སྟེང་དུ་ཕོག་པས་དེ་ཤི། ཆང་འཚོང་མའི་བུ་བསྙལ་བ་མ་མཐོང་ནས་དེའི་སྟེང་དུ་བསྡད་པས་བུ་ཤི་བ་རྣམས་ཀྱིས། རྒྱལ་པོ་འདིའི་ཁྲིམས་སར་གཏུགས་ཀྱང་རྩོད་པ་རང་ཞིར་སོང་། བྲམ་ཟེ་ལ་སྦྲུལ་


GTN004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁྭ་ཏ་གཉིས་ཀྱིས་རྒྱལ་པོར་ཞུ་འཕྲིན་བསྐུར་བ་སོགས་ཡོད་ཀྱང་ལེའུ་འདིར་མི་བཞུགས་སོ། །༈ ཡལ་འདབ་བཅུ་དགུ་པ་ནི། བཅོམ་ལྡན་འདས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྐྱེད་ཚལ་བྱ་ཀ་ལན་ཏ་ཀའི་ཀུན་དགའ་ར་བ་ན་བཞུགས། དེའི་ཚེ་ཀུན་ཏུ་རྒྱུ་ཉེ་རྒྱལ་ཞེས་བྱ་བ་ཤཱ་རིའི་བུ་དང་། པང་ནས་སྐྱེས་ཞེས་བྱ་བ་མོའུ་འགལ་གྱི་བུ་སྟེ་ཀུན་ཏུ་རྒྱུ་གཉིས་པོ་དེ་འཁོར་ལྔ་བརྒྱ་དང་བཅས་ནས། གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན། གྲོང་ཁྱེར་ཅ་ཅོ་ཉུང་ཞིང་རྒྱུ་འགྲུལ་ཉུང་སྟེ་ཆེམ་མེར་འདུག་པ་མཐོང་ནས་བསམ་པ། ཨེ་མ་རྒྱལ་པོ་གཞན་གྱི་དམག་ཚོགས་ཀྱིས་འཇིགས་པའམ། ཡང་ན་དགེ་སྦྱོང་དང་བྲམ་ཟེ་དབང་ཆེ་བར་གྲགས་པ་དག་གནས་པ་ལས་བྱུང་ངོ་བསམས་ནས་ནུབ་མོ་རྒྱུ་སྐར་ལ་བལྟས་པས་འཇིགས་པ་ནི་མེད་པར་ཤེས་སོ། །ནང་པར་དཔྲལ་རིས་གསུམ་བྱས་ཏེ་སྤྱོད་ཡུལ་དུ་སོང་བ་ན། སྔར་དེ་གཉིས་ལ་སྐྱེ་བོ་འབུམ་ཕྲག་དུ་མ་ཕྱི་བཞིན་དུ་འབྲང་བ་ལས། དེ་ཉིན་གཅིག་ཀྱང་འབྲང་བ་མེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་གཉིས་པོ་འདུལ་བའི་དུས་ལ་བབ་པར་མཁྱེན་ཅིང་། དེ་ཡང་སྤྱོད་ལམ་གྱིས་འདུལ་བ་ཡིན་པས་འཕགས་པ་རྟ་ཐུལ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ཀུན་ཏུ་རྒྱུ་གཉིས་པོ་ལ་སོམས་ཤིག །དེས་ཀྱང་སྔ་དྲོའི་དུས་སུ་སྤྱོད་ལམ་མཆོག་གིས་བསོད་སྙོམས་ལ་ཞུགས་པའི་ཚེ་ཀུན་ཏུ་རྒྱུ་


GTN004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོས་ཐག་རིང་པོ་ནས་མཐོང་སྟེ་ངོ་མཚར་སྐྱེས་སོ། །གྲོང་ཁྱེར་ནས་ཕྱིར་འོང་བའི་ཚེ་དྲི་བ་བྱའོ་སྙམ་ནས་གྲོང་ཁྱེར་དུ་བྱ་བ་རྣམས་མགྱོགས་པར་བྱས་ཏེ། ཉེ་རྒྱལ་སྔོན་ལ་གྲོང་ཁྱེར་གྱི་ཕྱིར་བྱུང་སྟེ་ལམ་ཐམས་ཅད་འདུས་པའི་མདོ་ཞིག་ཏུ་དགུག་ཅིང་འདུག་གོ །ཇི་ཞིག་ན་འཕགས་པ་རྟ་ཐུལ་ཡང་གྲོང་ཁྱེར་གྱི་ཕྱིར་བྱུང་བ་དང་། ཉེ་རྒྱལ་གྱིས་སྨྲས་པ། ཁྱོད་ཀྱི་སྟོན་པ་སུ་ཡིན། གང་གི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དགའ། རྟ་ཐུལ་གྱིས་སྨྲས་པ། ཁོ་བོའི་སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེའི་ཕྱིར་རབ་ཏུ་བྱུང་ཞིང་དེའི་ཆོས་ལ་དགའོ། །ཉེ་རྒྱལ་གྱིས་སྨྲས་པ། དགེ་སློང་དེའི་ཕྱིར་ཆོས་སྟོན་ཅིག །རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །དེའི་ཚེ་ཉེ་རྒྱལ་གྱིས་བདེན་པ་མཐོང་སྟེ། རྟ་ཐུལ་ལ་ཐལ་མོ་སྦྱར་བ་བཏུད་ནས། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་མང་བྱེ་བ་ཁྲག་ཁྲིག་ཏུ། །སྔོན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་འདས་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །བཅོམ་ལྡན་འདས་དེ་ད་ལྟར་གང་ན་བཞུགས། རྟ་ཐུལ་གྱིས་སྨྲས་པ། འོད་མའི་ཚལ་འདི་ཉིད་ནའོ། །དེ་ནས་ཉེ་རྒྱལ་པང་ནས་སྐྱེས་ཀྱི་སར་སོང་སྟེ་བདུད་རྩི་ཐོབ་པར་བརྡ་སྤྲད་དེ། སྔར་ཚིགས་བཅད་དེ་བརྗོད་པས་པང་ནས་སྐྱེས་ཀྱིས་ཀྱང་བདེན་པ་མཐོང་ཞིང་ཆེད་དུ་བརྗོད་པའི་


GTN004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྔ་མ་བཞིན་ནོ། །དེ་ནས་ཀུན་ཏུ་རྒྱུ་གཉིས་ཀྱིས་འཁོར་རྣམས་ལ་རིགས་པར་བྱས་ཏེ། དེ་དག་ཀྱང་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་འཇུག་པར་ཁས་བླངས་ནས། ཀུན་ཏུ་རྒྱུ་གཉིས་པོ་བྲམ་ཟེའི་ཁྱེའུ་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་ཏེ་འོད་མའི་ཚལ་དུ་ཞུགས་པ་ན། འཕགས་པ་རྟ་ཐུལ་ཤིང་དྲུང་ན་འདུག་པར་མཐོང་སྟེ། དང་པོར་སངས་རྒྱས་ལ་བསྙེན་བཀུར་བྱའམ། འོན་ཏེ་ཆོས་ཐོས་པ་ལ་བྱ་སྙམ་པ་ལས། ཆོས་ཐོས་པ་ལ་ཐོག་མར་བྱ་དགོས་པར་ཤེས་ནས་དང་པོར་རྟ་ཐུལ་ལ་ཕྱག་བྱས་སོ། །སྟོན་པས་བཀའ་སྩལ་པ། རྒན་ནམ་ཡང་ན་གཞོན་ཡང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་ཐོག་མར་ཕྱག་བྱ་སྟེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། །དེ་ནས་དེ་གཉིས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མས་བསྐོར་བའི་དྲུང་དུ་འོང་བ་ན་སྐུའི་དྲུང་དུ་མ་ཕྱིན་གོང་། སྟོན་པས་རྒྱང་རིང་པོ་ནས་གཟིགས་ཙམ་ནས་དེ་གཉིས་ཀྱི་ཆེད་དུ་བརྗོད་པ་དུ་མ་མཛད་དེ་རྫུ་འཕྲུལ་དང་ལྡན་པའི་མཆོག་དང་ཤེས་རབ་ཅན་གྱི་མཆོག་ཏུ་སྔ་ཉིད་ནས་ལུང་བསྟན་ཏོ། །དེའི་ཚེ་དགེ་སློང་དགྲ་བཅོམ་པ་གཅིག་གིས་ཆེད་དུ་བརྗོད་དེ། སྟོན་པ་དགོངས་ཡུལ་མཐའ་ཡས་པ། །སྐྱེ་དགུའི་དབང་པོ་ཁྱོད་མཐར་བྱོན། །བཅོམ་ལྡན་སྲིད་པ་མཐར་མཛད་པས། །གྲོགས་པོ་ཉེ་རྒྱལ་པང་ནས་སྐྱེས། །དེ་ལྟར་འོངས་པ་གཟིགས་གྱུར་ནས། །འོད་མའི་ཚལ་དུ་མ་ཕྱིན་པར། །ཚོགས་མཆོག་དབུས་སུ་དེ་གཉིས་ནི། །འདི་གཉིས་ང་ཡི་ཉན་ཐོས་ཀྱི། །མཆོག་ཟུང་འགྱུར་ཞེས་ངས་


GTN004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། །གཅིག་ནི་རྫུ་འཕྲུལ་ལྡན་པའི་མཆོག །གཅིག་ཤོས་ཤེས་རབ་ལྡན་པ་ཡི། །མཆོག་ཏུ་འགྱུར་བར་ལུང་བསྟན་མཛད། །ཅེས་སོ། །དེ་ནས་ཉེ་རྒྱལ་དང་པང་ནས་སྐྱེས་ལ་སོགས་པ་བྲམ་ཟེའི་རིགས་ཀྱི་ཀུན་ཏུ་རྒྱུ་ལྔ་བརྒྱ་དག །བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་གསོལ་བ་བཏབ་པ་ན། བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་པ་སྤྱོད་ཅིག །ཅེས་བཀའ་སྩལ་པའི་མཇུག་ཁོ་ནར་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། ལག་ན་ནི་ལྷུང་བཟེད་བྱ་མ་བུམ་ཐོགས། ལུས་ལ་ནི་ཆོས་གོས་རྣམ་པ་གསུམ་གཡོགས། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟར་ཤིན་ཏུ་དུལ་བར་གྱུར་ཏེ། དེའི་ཚེ་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །མོད་ལ་དབང་པོ་ཤིན་ཏུ་དུལ་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་ཟུང་བཀབ་པར་གྱུར། །ཅེས་ཆེད་དུ་བརྗོད་པར་བྱེད་དོ། །དེའི་ཚེ་དགེ་སློང་མང་པོ་བསོད་སྙོམས་ལ་ཞུགས་པ་ན། སྐྱེ་བོ་མ་དད་པ་དག་འདི་སྐད་ཅེས། སངས་རྒྱས་མ་ག་དྷཱ་དག་གི །གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་རྒྱལ་བའི་ཀུན་ཁྲིད་ན། །ཕྱི་ནས་ཅི་ཞིག་བཀྲི་བར་བྱ། །ཞེས་ཟེར་བ་ན། དགེ་སློང་རྣམས་ཀྱིས་ལན་སྨྲ་བར་མ་ནུས་སོ། །ནང་པར། འདི་ན་དཔའ་ཆེན་བདེ་གཤེགས་དག །དམ་པའི་ཆོས་ཀྱིས་བཀྲི་མཛད་དེ། །ཐམས་


GTN004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཆོས་ཀྱིས་བཀྲི་བ་ལ། །མཁས་པ་སུ་ཞིག་མི་བཟོད་བྱེད། །ཅེས་སྨྲོས་ཤིག་བཀའ་སྩལ་པ་ལྟར་བྱས་པས། སྤོབས་པ་ལན་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བསྙེན་པར་རྫོགས་ནས་ཞག་བཅོ་ལྔ་ལོན་པ་ན་བཅོམ་ལྡན་འདས་ཀྱི་སྐུའི་དྲུང་དུ་བསིལ་ཡབ་གཡོབ་ཅིང་འདུག་གོ །དེའི་ཚེ་སངས་རྒྱས་ཀྱིས་ཀུན་ཏུ་རྒྱུ་སེན་རིངས་ལ་ཆོས་བསྟན་པས་སེན་རིངས་ཀྱིས་བདེན་པ་མཐོང་ཞིང་། ཤཱ་རིའི་བུས་དགྲ་བཅོམ་པ་ལེན་པ་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་རིང་པོར་མ་ལོན་པ་ཁོ་ནར་མོའུ་འགལ་གྱི་བུ་ལ་སོགས་ཀུན་ཏུ་རྒྱུ་ལྔ་བརྒྱ་ཡང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱས་ཏེ། དེ་ཡན་ཆད་ཉན་ཐོས་དགྲ་བཅོམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་གྲངས་ངེས་པ་དང་བཅས་པ་ཡིན་ཏེ་དགེ་སློང་དགྲ་བཅོམ་པ་སྟོང་དྲུག་བརྒྱ་ཉི་ཤུའོ། །བདེན་པ་མཐོང་ནས་དགྲ་བཅོམ་པ་མ་ཐོབ་ཀྱི་བར་ལ་ཅུང་ཟད་རེ་ཐོགས་པའི་སྐབས་མ་གཏོགས། གཞན་དགྲ་བཅོམ་པ་ཁོ་ནའི་འཁོར་ཡིན་པས། སོ་སོ་སྐྱེ་བོའི་དགེ་འདུན་མེད་དོ། །དེར་དུས་ཅུང་ཟད་གཅིག་ལ་ཐོག་མའི་དགྲ་བཅོམ་པ་བརྒྱ་ཉི་ཤུ་དང་། མཆོག་ཟུང་གཅིག་གི་འཁོར་ཉིས་བརྒྱ་ལྔ་བཅུ་ནི་ཡུལ་ཐ་དད་པ་སོ་སོར་ལྗོངས་རྒྱུ་ཞིང་ཆོས་སྟོན་པའི་ཕྱིར་གཤེགས་ལ་རལ་པ་ཅན་སྟོང་རབ་ཏུ་བྱུང་བ་དང་། མཆོག་ཟུང་གཅིག་གི་འཁོར་ཉིས་བརྒྱ་ལྔ་བཅུ་ནི་སྟོན་པའི་ཞབས་འབྲིང་དུ་ཆོས་ཉན་པའི་ཕྱིར་འདུག་པས་ན། དེར་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཞེས་གྲགས་སོ། །དེ་ནས་ནི་གང་ཟག་དེ་དག་ཏུ་མ་ངེས་མདོ་ཕྱིས་ཀྱང་སྟོན་པའི་སྐུ་དྲུང་དུ་ཉན་ཐོས་


GTN004_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགེ་སློང་དགྲ་བཅོམ་པ་སྟོང་ཉིས་བརྒྱ་ལྔ་བཅུ་ཙམ་ཚོགས་པ་ཉིད་ཤས་ཆེ་བར་གྲགས། གང་གི་ཚེ་མཆོག་ཟུང་གཅིག་དགྲ་བཅོམ་པ་ཐོབ་པ་ནས་དགེ་སློང་གི་དགེ་འདུན་ཉིན་རེ་བཞིན་ཕྱོགས་ཐམས་ཅད་དུ་འཕེལ་བར་གྱུར་པས་གྲངས་ངེས་པའི་ཚད་བཟུང་བར་དཀའ་བ་ཉིད་དེ། དེ་ཕྱིན་ཆད་ནས་དགྲ་བཅོམ་པ་དང་། འཕགས་པ་སློབ་པ་དང་། སོ་སོ་སྐྱེ་བོ་ཡང་རུང་སྟེ་མ་ངེས་པ་སྣ་ཚོགས་པའོ། །དགེ་སློང་རྣམས་ཀྱིས་ཤཱ་རིའི་བུའི་སྔོན་འབྱུང་ཞུས་པར། རི་བྲགས་ཤིག་ན་བྲམ་ཟེ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བཙས་དེའི་མིང་ཞིབ་མ་བཏགས་སོ། །ཡང་བུ་མོ་ཞིག་བཙས་ནས་ཞིབ་མ་མོ་བཏགས་སོ། །རེ་ཞིག་དེ་གཉིས་ཀྱི་ཕ་མ་ཤི་ནས་ཞིབ་མ་དབེན་པར་དགའ་བས་སྲིང་མོ་ཁྲིད་དེ་ནགས་སུ་སོང་ངོ་། །ཞིབ་མ་མོ་ཆེན་པོར་གྱུར་པའི་ཚེ་ཉོན་མོངས་པས་གནོད་པར་གྱུར་ནས་སྨྲས་པ། བདག་དགོན་པའི་ཟས་ཀྱིས་འཚོ་བར་མི་ནུས་ཀྱི་གྲོང་མཐར་འདོང་ངོ་། །དེ་གཉིས་ཅིག་ཅར་ཁྱིམ་ཞིག་ཏུ་སློང་མོ་ལ་ཞུགས་པས་ནང་ན་འདུག་པའི་བྲམ་ཟེས་ཐོས་ཏེ་ཕྱིར་བྱུང་ནས་སྨྲས་པ། ཅི་དྲང་སྲོང་ཡང་ཆུང་མ་དང་ལྷན་ཅིག་ཏུའམ། འདི་ནི་ཁོ་བོའི་ཆུང་མ་མིན་གྱི་སྲིང་མོའོ། །ཅི་གཞན་ལ་བྱིན་ནམ། མ་བྱིན་ནོ། །འོ་ན་ཁོ་བོ་ལ་ཆུང་མར་བྱིན་ཅིག །འདིས་སྡིག་པའི་ཆོས་སྤངས་སོ། །ཞིབ་མ་མོས་སྨྲས་པ། བདག་ཉོན་མོངས་པས་གནོད་པར་གྱུར་ཏོ། །འོ་ན་ཁྱོད་ཉིད་ཤེས་སོ། །དེས་དེ་བག་མར་བླངས་སོ། །ཞིབ་མ་མོས་སྨྲས་པ། མིང་པོ་ཚུར་ཤོག །ལྷན་ཅིག་འཁོད་དོ། ཁོ་བོ་ནི་འདོད་


GTN004_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོན་དུ་མི་གཉེར་བས་དགོན་པར་འགྲོའོ། །དེ་ལྟ་ན་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཐོབ་ན་བདག་ལ་རྗོད་ཅིག །ཞིབ་མ་མཐའ་ཞིག་ཏུ་སོང་ནས་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་སོ། །དེས་སྲིང་མོ་ལ་སྙིང་བརྩེ་བས་ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་སྟེང་གི་ནམ་མཁར་འཕགས་སོ། །སོ་སོ་སྐྱེ་བོ་ནི་རྫུ་འཕྲུལ་ལ་སེམས་མྱུར་དུ་གཏོད་པ་ཡིན་པས་ཞིབ་མ་མོས་དེའི་རྐང་པ་གཉིས་ལ་གཏུགས་ནས་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །འཕགས་པ་ཁྱོད་ནི་བསོད་སྙོམས་བཞེད་ལ་བདག་ནི་བསོད་སྙོམས་འཚལ་བས་འདི་ཉིད་དུ་བཞུགས་ཤིག་བསོད་སྙོམས་བསྟབ་པར་བགྱིའོ། །སྲིང་མོ་ཁྱིམ་ཐབ་ལ་དྲིས་ཤིག །དེས་ཁྱིམ་ཐབ་ལ་དྲིས་པས། དེ་རབ་ཏུ་མ་བྱུང་ཡང་མི་འདོད་བཞིན་དུ་སྦྱིན་དགོས་ན། རབ་ཏུ་བྱུང་ནས་བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོར་གྱུར་པ་ལྟ་ཅི་སྨོས་བསོད་སྙོམས་སྟོབས་ཤིག །དེས་རང་སངས་རྒྱས་དེ་ལ་ཟླ་བ་གསུམ་དུ་བསོད་སྙོམས་བསྟབས། རས་ཡུག་ཆེན་ཆེན་པོ་ལ་འོས་པ་ཞིག་བསྐོན་ཏེ་གྲི་དང་ཁབ་སྐུད་ཀྱང་ཕུལ་ལོ། །དེས་དེ་དག་བླངས་ཏེ་དེའི་མདུན་དུ་དྲས་པས་གྲི་དེས་རྣོ་བར་གཅོད་ནས། ཞིབ་མ་མོས། གྲི་འདིས་རྣོ་བར་གཅོད་པ་དེ་ལྟར་བདག་ཀྱང་ཤེས་རབ་རྣོ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རང་སངས་རྒྱས་དེས་ཁབ་ཀྱིས་ཕུག་པ་ན་ཟབ་མོར་འབིགས་ནས། དགེ་བའི་རྩ་བ་འདིས་ཁབ་འདིས་ཟབ་མོར་འབིགས་པ་ལྟར་བདག་ཀྱང་ཤེས་རབ་ཟབ་མོར་གྱུར་ཅིག །དེས་སྐུད་པས་དྲུབས་པས་སྐུད་པ་དེ་ཐལ་བྱུང་དུ་འགྲོ་བར། དགེ་


GTN004_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་བ་འདིས་སྐུད་པ་འདི་ཐལ་བྱུང་དུ་འགྲོ་བ་ལྟར་བདག་ཀྱང་ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཞིབ་མ་མོ་ནི་ཤཱ་རིའི་བུ་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པས་ད་ལྟར་ཤེས་རབ་རྣོ་བ་དང་། ཟབ་པ་དང་། ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཏོ། །ཡང་སྔོན་རྒྱལ་པོ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དགའ་མགུར་སྤྱད་པས་བུ་བྱུང་ནས་བསྐྱེད་བསྲིངས་ཏེ་ཆེན་པོར་གྱུར་པ་དང་། ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་མཐོང་སྟེ། བདག་ཀྱང་ཕ་འདས་ནས་རྒྱལ་པོར་གྱུར་པ་ན་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་ན། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་སྙམ་ནས་རྒྱལ་པོའི་གན་དུ་སོང་སྟེ། བདག་རབ་ཏུ་འབྱུང་ངོ་། །སྨྲས་པ། གང་གི་དོན་དུ་མཆོད་སྦྱིན་སོགས་བྱེད་པའི་རྒྱལ་སྲིད་ལག་ཏུ་འོངས་ན། ཅིའི་ཕྱིར་རབ་ཏུ་འབྱུང་། ཞེས་མ་གནང་ངོ་། །རེ་ཞིག་ན་དེས་མི་དབུལ་པོ་འཁར་བ་དང་། སློང་ཕོར་ཆག་པ་ཐོགས་ཏེ་སློང་མོ་ལ་རྒྱུ་བ་ཞིག་མཐོང་ནས་དེ་ལ་སྨྲས་པ། ཀྭ་ཡེ། ཁོ་བོ་ནི་འདི་ལྟ་བུའི་ཁྱིམ་དུ་སྐྱེས་པས་རབ་བྱུང་མ་ཐོབ་ན། ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་ངོ་། །དེས་སྨྲས་པ། བདག་ལ་ལྷུང་བཟེད་དང་། ཆོས་གོས་མ་མཆིས་པས་རབ་ཏུ་མ་བྱུང་ངོ་། །ཚུར་ཤོག །ངས་ལྷུང་བཟེད་དང་ཆོས་གོས་སྦྱིན་ནོ་ཞེས་དེས་ཁྲིད་ནས་དྲང་སྲོངམངོན་ཤེས་ལྔ་དང་ལྡན་པ་ཞིག་འདུག་པའི་གན་དུ་སོང་སྟེ་འདི་ཁྱོད་ལས་རབ་ཏུ་འབྱུང་བར་འདོད་ཀྱིས་


GTN004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཕྱུང་དང་བདག་གིས་འདི་ལ་ཆོས་གོས་དང་ལྷུང་བཟེད་སྦྱིན་ནོ། །དྲང་སྲོང་དེས་དེ་རབ་ཏུ་ཕྱུང་ངོ་། །རྒྱལ་བུས་དེ་ལ་ལྷུང་བཟེད་དང་ཆོས་གོས་བྱིན་ནས་སྨྲས་པ། ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཅུང་ཞིག་ཐོབ་ན་བདག་ལ་རྗོད་ཅིག །དེས་ཁས་བླངས་ནས་བསྒོམས་པས་རང་རྒྱལ་གྱི་བྱང་ཆུབ་ཐོབ་སྟེ། ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་སྟེང་གི་ནམ་མཁར་འཕགས་ནས་རྫུ་འཕྲུལ་བསྟན་པས། རྒྱལ་བུས་དེའི་རྐང་པ་གཉིས་ལ་གཏུགས་ཏེ། ཁྱོད་ཀྱིས་འདི་ལྟ་བུའི་ཡོན་ཏན་བརྙེས་སམ། ཐོབ་བོ། །དེས་བསམ་པ་འདིས་སྔོན་རབ་བྱུང་མ་ཐོབ་པ་ནི་དབུལ་པོར་སྐྱེས་པས་ཡིན་ལ། བདག་གིས་རབ་བྱུང་མ་ཐོབ་པ་ནི་ཁྱིམ་འདི་ལྟ་བུར་སྐྱེས་པས་ལན་ནོ་སྙམ་ནས། དགེ་བའི་རྩ་བ་འདིས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང་། །རྟག་པར་རབ་བྱུང་མང་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་རྒྱལ་བུ་དེ་ནི་ཤཱ་རིའི་བུ་ཡིན་ཏེ་རང་རྒྱལ་ལ་མཆོད་ཅིང་སྨོན་ལམ་བཏབ་པས་དེ་བཞིན་དུ་གྱུར་ཏོ། །ཡང་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་བའི་དུས་ན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་རབ་ཏུ་བྱུང་སྟེ། འདི་རབ་ཏུ་འབྱིན་པའི་དགེ་སློང་དེ་སངས་རྒྱས་འོད་སྲུངས་ཀྱིས་ཤེས་རབ་ཅན་གྱི་མཆོག་ཏུ་ལུང་བསྟན་ཏོ། །འདིས་ཚེ་ཇི་སྲིད་བར་ཚངས་པར་སྤྱད་ཀྱང་ཡོན་ཏན་མ་ཐོབ་པར་འཆི་ཁར་སྨོན་ལམ་བཏབ་པ། མཁན་པོ་འདི་སངས་རྒྱས་འོད་སྲུངས་ཀྱིས་ཤེས་རབ་ཅན་གྱི་


GTN004_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་ལུང་བསྟན་པ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ། ཤེས་རབ་ཅན་གྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སོ། །༈ ཡལ་འདབ་ཉི་ཤུ་པ་ནི། སྟོན་པ་མཉན་ཡོད་ནའོ། །རྡོ་ཅན་ཞེས་བྱ་བའི་ཡུལ་གྱི་མཐའ་གྲོང་གནས་པ་ཞེས་བྱ་བ་ན་ཁྱིམ་བདག་སྟོབས་སྡེ་ཞེས་བྱ་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ཀྱང་བུ་མེད་ནས་ལྷ་ལ་གསོལ་བ་བཏབ་པས་སེམས་ཅན་སྲིད་པ་ཐ་མལ་པ་ཞིག་ལྷའི་རིས་ནས་དེའི་ཆུང་མའི་མངལ་དུ་ཞུགས་སོ། །ཟླ་བ་དགུ་འདས་ནས་ཁྱེའུ་གཟུགས་བཟང་བ། མདོག་གསེར་འདྲ་བ། རིན་པོ་ཆེས་སྤྲས་པའི་རྣ་ཆ་རྣ་བ་ལ་བཏགས་པ་ཞིག་བཙས་ཏེ་རིན་ཆེན་དཔྱོད་པ་ཐམས་ཅད་བོས་ནས་རིན་ཐང་ཆོད་ཅིག་སྨྲས། རིན་ཐང་གཅོད་མ་ནུས་ནས་ཆོས་ཉིད་ཀྱིས་རིན་ཐང་གཅོད་མ་ནུས་པའི་རིན་ཆེན་དེ་བྱེ་བ་རི་མ་ཡིན་པས་རིན་ཆེན་འདི་ནི་བྱེ་བ་རིའོ། །རིན་ཆེན་བྱེ་བ་རི་བས་སྤྲས་པའི་རྣ་ཆ་རྣ་བ་ལ་བཏགས་ཤིང་། རྒྱུ་སྐར་གྲོ་བཞིན་ལ་བཙས་པས། གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཞེས་མིང་བཏགས་སོ། །དེ་བཙས་པའི་ཉིན་མོ་མངག་གཞུག་པའི་ཁྱེའུ་བྲན་བུ་དང་སྐྱོང་བ་གཉིས་ཀྱང་བཙས་སོ། །དེ་ཆེན་པོར་གྱུར་པའི་ཚེ།


GTN004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རྩིས་སོགས་དང་བརྟག་པ་བརྒྱད་ལ་མཁས་པར་གྱུར་པ་དང་། དེའི་ཕས་ཁང་པ་དང་སྐྱེད་མོས་ཚལ་བྱས། ཆུང་མ་གསུམ་བཞག་ནས་དགའ་མགུར་སྤྱད་ལ་སྟོབས་སྡེ་ནི་རྟག་ཏུ་ཞིང་ལས་ལ་འབད་པ་མཐོང་ནས་ཅིའི་ཕྱིར་འདི་ལྟར་བྱེད་དྲིས་པས། བུ་ངས་ཀྱང་ཁྱོད་བཞིན་དུ་བསྡད་ན་རིང་པོ་མི་ཐོགས་པར་ལོངས་སྤྱོད་ཟད་པར་འགྱུར་རོ། །ཡབ་དེ་ལྟར་ན་བདག་ཟོང་ཐོགས་ཏེ་ཡུལ་གྱི་མཐར་མཆིའོ་ཞེས་ཡང་ཡང་སྨྲས་པས་གནང་ནས། ང་རྒྱ་མཚོར་འཇུག་གིས་སྤྲོ་བ་དག་ཟོང་སྟ་གོན་གྱིས་ཤིག་ཅེས་དྲིལ་བསྒྲགས་སོ། །ཕས་ཚོང་པ་ལྔ་བརྒྱ་ལ་བུ་ལ་ལེགས་པར་སྒྲུབ་པར་བཅོལ་ཏེ། བཞོན་པ་གླང་པོ་ཆེ་དང་རྟ་ནི་འཚོ་སྐྱོང་དང་གསོ་དཀའ། བོང་བུ་ནི་གསོ་སླ་ཞིང་དྲན་པ་དང་ལྡན་པས་བཏང་ངོ་སྙམ། དེས་བུ་ཁྱོད་ཐོག་མ་དང་ཐ་མ་ནས་མ་འགྲོ་ཞིག །ཆོམ་རྐུན་པ་མཐུ་ཆེ་ན་མགྲོན་པོ་ཐོག་མ་དང་ཆུང་ན་ཐ་མ་ནས་འཇོམས་ཀྱིས་དབུས་ནས་འགྲོ་བར་བྱའོ། །བྲན་བུ་དང་སྐྱོང་བ་གཉིས་ལ་ཁྱེད་གཉིས་ཀྱིས་འདི་ནམ་ཡང་མ་གཏོང་ཞིག །དེ་ནས་དེས་དགེ་མཚན་དང་། བཀྲ་ཤིས་དང་། བདེ་ལེགས་སུ་འགྱུར་བ་དག་བྱས་ཏེ། མའི་གན་དུ་སོང་ནས་མཆི་ཕྱག་བཙལ་བས་དེ་ངུས་སོ། །ཅིའི་ཕྱིར་བཤུམ། ཁྱོད་གསོན་པོར་ཁོ་མོ་དང་ནམ་འཕྲད་སྙམ་མོ། །དེས་བདག་བཀྲ་ཤིས་པར་ཆས་པ་ལ་བཀྲ་མི་ཤིས་པའི་ཚིག་སྨྲའོ་སྙམ་ནས་ཁྲོས་ཏེ། ངན་སོང་ལ་ཅིའི་ཕྱིར་མི་གཟིགས། བུ་ངག་གི་ལས་རྩུབ་པོ་བྱུང་གིས་ཤོགས་ཤིག །དེས་བཟོད་པར་གསོལ་ཏེ་སོང་ངོ་། །


GTN004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱ་མཚོར་ཞུགས་ནས་རིན་པོ་ཆེས་གྲུ་བཀང་སྟེ། ཉེ་ཞོ་མེད་པར་རྒྱ་མཚོའི་འགྲམ་ལ་འཁོར་ནས་དེ་ཉིད་དུ་བྲང་བཏབ་བོ། །དེས་བྲན་བུ་དང་སྐྱོང་བ་ཁྲིད་དེ་ཕྱོགས་ཤིག་ཏུ་སོང་ནས་འདུ་འགོད་ཀྱི་རྩིས་བྱས་ཏེ། བྲན་བུ། ཚོང་བ་དག་ཅི་བྱེད་ལྟོས་ཤིག །གཉིད་ལོག་པ་མཐོང་ནས་དེའང་དེ་ཉིད་དུ་ཉལ་ལོ། །དེ་རིང་ཞིག་ཐོགས་པས། སྐྱོང་བ་ཚོང་བ་དག་ཅི་བྱེད་ལྟོས་ཤིག །དེ་སོང་བ་ན། ཚོང་པ་ཁལ་འགེལ་བ་མཐོང་ནས་དེས་ཀྱང་ཁལ་བཀལ་ལོ། །བྲན་བུ་དང་སྐྱོང་བས་དེད་དཔོན་སྦྲན་སྙམ་མོ། །ཚོང་པ་རྣམས་ཁལ་བཀལ་ནས་དོང་། གྲོ་བཞིན་སྐྱེས་ནི་གཉིད་ཀྱིས་མྱོས་ནས་ཉལ་ལོ། །ནམ་ལངས་པ་དང་ཚོང་པ་རྣམས་ཀྱིས་དེད་དཔོན་གར་སོང་ཟེར་ཞིང་སྔར་སོང་ངོ་། །མཇུག་ནས། བར་ནས་འོང་ངོ་ཟེར། དེ་གཉིས་ཀྱིས་ཀྱང་གཅིག་གིས་གཅིག་ལ་མ་སྦྲན་ནམ། བདག་ཅག་གིས་དེད་དཔོན་བོར་ནས་འདོང་བ་མ་བཟང་གིས་ཕྱིར་འདོང་བདག་ཅག་ཕྱིར་ལོག་ན། ཐམས་ཅད་སྡུག་བསྔལ་བར་འགྱུར་གྱིས་ནང་ཁྲིམས་བཅའོ་ཟེར་ནས་རྫས་རྣམས་མ་བྲུབས་ཀྱི་བར་དུ་ཕ་མ་ལ་མི་བཤད་པའི་ཁྲིམས་བཅས་སོ། །ཕ་མས་འོང་བ་ཐོས་ནས་བསུར་དོང་བ་དང་། དེད་དཔོན་གར་སོང་། སྔར་སོང་ངོ་། །མཇུག་ནས། བར་ནས་འོང་ངོ་སོགས་ཟེར། རྫས་རྣམས་བྲུབས་ནས། ཡབ་ཡུམ་བདག་ཅག་གིས་དེད་དཔོན་བརྗོད་དོ། །དེ་གཉིས་ཀྱི་དྲུང་དུ་མི་ཞིག་འོངས་ནས་བྱེ་བ་རི་མཆིས་སོ། །དེ་ལ་རྔན་པ་བྱིན་ནས་བསུར་འོང་བས་མ་མཐོང་། མ་ཡིད་མ་ཆེས་ནས་ལྷ་ཁང་དང་འདུན་ཁང་རྣམས་སུ་དྲིལ་བུ་དང་རྔ་ཡབ་སོགས་


GTN004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ནས། གསོན་ན་མྱུར་དུ་འོང་བ་དང་། ཤི་ན་བདེ་འགྲོ་ཁྱད་པར་ཅན་དུ་སྐྱེ་བར་གྱུར་ཅིག་ཅེས་ཡི་གེ་བྲིས་ཤིང་མྱ་ངན་གྱིས་མིག་ལོང་ངོ་། །གྲོ་བཞིན་སྐྱེས་ཉི་མ་ཟེར་གྱིས་ཕོག་ནས་སད་པ་ན་བོང་བུ་གཉིས་མ་གཏོགས་སུ་མ་མཐོང་ནས་དེ་གཉིས་སྦྲེལ་ཏེ་དེད་སོང་བ་ན། རླུང་ལངས་ཏེ་བྱེ་མས་གཡོགས་པ་བོང་བུ་དྲན་པ་དང་ལྡན་པས་ལམ་སྣས་སྣོམ་ཞིང་དལ་གྱིས་སོང་བ་དང་། དེས་ལྕགས་གཟེར་བུ་ཅན་གྱིས་བཞུས་ཤིང་དེད་པས་དེ་གཉིས་དྲན་པ་འཁྲུགས་ནས་དགོན་པ་ཞིག་ཏུ་ཕྱིན་པ་ན། དེ་གཉིས་སྐོམ་པས་སྲོ་ཤི། ལྕེ་ཕྱུང་སྟེ་འཐོམ་པ་མཐོང་ནས་སྙིང་རྗེ་སྐྱེས་ཏེ། མ་བཞག་ན་འདི་གཉིས་སྡུག་བསྔལ་བར་འགྱུར་རོ་སྙམ་ནས་དེ་གཉིས་བོར་སྟེ་རྐང་པས་སོང་བ་ན། ལྕགས་ཀྱི་གྲོང་ཁྱེར་ཞིག་གི་སྒོར་གཤིན་རྗེའི་སྐྱེས་བུ་དབྱུག་ཐོགས་ཞིག་མཐོང་ནས། འདི་ན་ཆུ་ཡོད་དམ་དྲིས་པས་ཅང་མི་སྨྲའོ། །ནང་དུ་ཞུགས་ནས་ཆུ་ཆུ་ཞེས་སྒྲ་བྱུང་བ་དང་། ཡི་དྭགས་ལུས་རིད་པ། ལྟོ་རི་སུལ་ཙམ་ཁ་ཁབ་མིག་ཙམ་ཡོད་པ་དུ་མ་འོང་ནས། གྲོ་བཞིན་སྐྱེས་སྙིང་རྗེ་ཅན་ཁྱོད་ཀྱིས་བདག་ཅག་སྐོམ་པར་ཆུ་ལྡུད་ཅིག །བདག་ཀྱང་སྐོམ་ན་ཆུ་བླུད་དུ་ག་ལ་ཡོད། དེ་དག་ན་རེ། འདི་ན་ཆུ་ག་ལ་ཡོད། བདག་ཅག་གིས་ལོ་བཅུ་གཉིས་སུ་ཆུའི་མིང་དེང་ཐོས་སོ། །ཁྱེད་ལས་གང་གིས་འདིར་སྐྱེས། ཛམ་བུ་གླིང་པའི་མིར་བཤད་ཀྱང་ཡིད་མི་ཆེས་སོ། །ངས་མངོན་སུམ་དུ་མཐོང་ན་ཅི་སྟེ་ཡིད་མི་ཆེས། ནད་མེད་རྒྱགས་པས་མྱོས་པ་དང་། །ལང་ཚོ་ལོངས་སྤྱོད་དྲེགས་མྱོས་ཏེ། །སྦྱིན་པ་ཅི་ཡང་མ་བཏང་བས། །བདག་ཅག་ཡི་དྭགས་འཇིག་རྟེན་


GTN004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྷགས། །ཡི་དྭགས་ཀྱི་གྲོང་དུ་ཞུགས་ན་གསོན་པོར་འགྲོ་བ་མེད་ཀྱང་ཁྱོད་བསོད་ནམས་ཆེ་བས་སོང་ཞིག་ཟེར། དེ་སོང་བ་དང་ཉི་མ་ནུབ་ཁར་གཞལ་མེད་ཁང་ཞིག་ན་ལྷ་མོ་གཟུགས་བཟང་བ་བཞི་དང་སྐྱེས་བུ་ཞིག་ལྷན་ཅིག་རྩེ་བར་མཐོང་ནས་ལྷའམ་ཀླུ་ཞེས་ཡིན་ནོ་སྙམ་སྟེ། བདག་བཀྲེས་ཤིང་སྐོམ་མོ། །དེ་དག་གིས་ཁྲུས་བྱས་ནས་ཟན་བྱིན། དེར་ཉི་མ་མ་ཤར་བར་འདུག་པ་དང་། དེ་དག་གིས་ཉེས་དམིགས་འབྱུང་གིས་ཕྱུང་ཞིག །དེས་མཐའ་ཞིག་ཏུ་སོང་བ་དང་། གཞལ་མེད་ཁང་བུ་མོ་རྣམས་མི་སྣང་སྟེ། ཁྱི་སྲེ་བོ་བཞི་བྱུང་ནས། སྐྱེས་པ་དེ་ཁ་སྦུབ་ཏུ་བསྙལ་ཏེ། རྒྱབ་ཀྱི་ཤ་པགས་ཁམ་ཚད་ཁམ་ཚད་དུ་བཅད་ཅིང་ཉི་མ་ནུབ་ཀྱི་བར་དུ་ཟོས་སོ། །དེའི་འོག་ཏུ་སྔར་བཞིན་བྱུང་བས། ཁྱེད་ལས་གང་གིས་འདིར་སྐྱེས། ཛམ་བུའི་གླིང་པའི་སོགས་འདྲ། བདག་གནས་པའི་གྲོང་གི་ཤན་པ་ཡིན་པ་ལ། ཀཱ་ཏྱཱ་ཡ་ནས་ནུབ་མོར་ཚུལ་ཁྲིམས་སྲུངས་ཤིག་གདམས་ནས་དེ་བཞིན་མནོས་པས་བདེ་བ་མྱོང་ངོ་། །ཉིན་པར་སྲོག་བཅད་པས་འདི་ལྟ་བུའི་སྡུག་བསྔལ་མྱོང་ངོ། །ཁྱོད་ཀྱིས་བདག་གི་བུ་ཤན་པ་དེ་ལ། ང་མཐོང་ཚུལ་དང་ལས་འདིས་སྡུག་བསྔལ་མྱོང་གིས་སྤོངས་ཤིག་གསུངས་ཤིག །དེ་ཡིད་མ་ཆེས་ན་རལ་གྲིས་བསད་པའི་འོག་ན་གསེར་བུམ་པ་གང་ཡོད་པས། དེ་ཕྱུང་ལ་བདག་ཉིད་ཡུན་དུ་བདེ་བ་དང་། ཀཱ་ཏྱཱ་ཡ་ནར་བསོད་སྙོམས་དུས་སུ་ཕུལ། བདག་གི་མིང་ནས་སྨོས་ཏེ་ཡོན་བསྔོ་བ་གྱིས་དང་ལས་དེ་བསྲབ་པར་འགྱུར་རོ་ཞེས་གསུངས་ཤིག །དེ་སོང་བ་ལས། ཉིན་མོ་གཞལ་མེད་ཁང་དུ་ལྷ་མོ་ཞིག་དང་སྐྱེས་པ་ཞིག་རྩེ་བར།


GTN004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་མོ་སྲིན་གྱི་བུད་མེད་ཆེན་མོ་ཞིག་བྱུང་ནས་སྐྱེས་པ་དེའི་ལུས་ལ་ལན་བདུན་དཀྲིས་ནས་ཉི་མ་ཤར་གྱི་བར་དུ་ཀླད་རྒྱས་ཟ་བར་བྱེད་དོ། །ཉི་མ་ཤར་བ་དང་སྔར་བཞིན་གྱུར་ནས་དྲིས་པས་གནས་པའི་གྲོང་གི་བྲམ་ཟེ་བྱི་བོ་བྱེད་པ་ལ་ཀཱ་ཏྱཱ་ཡ་ནས་ཉིན་མོ་ཚུལ་ཁྲིམས་བསྲུང་དུ་བཅུག་པ་ལས་འདི་ལྟར་རོ། །ཁྱེད་ཀྱིས་བདག་གི་བུ་བྱི་བོ་བྱེད་པ་ལ་དེ་སྤངས་ཤིག་གསུངས། ཡིད་མི་ཆེས་ན་མེ་ཐབ་ཀྱི་འོག་ན་གསེར་བུམ་པ་གང་ཡོད་པས་ཀཱ་ཏྱཱ་ཡ་ན་ལ་བསོད་སྙོམས་ཕུལ་སོགས་འདྲ། དེ་ནས་སོང་བ་དང་། བུད་མེད་གཟུགས་བཟང་བ་ཞིག་གིས་ཁྲིའི་རྐང་པ་བཞི་ལ་ཡི་དྭགས་བཞི་བཏགས་འདུག་གོ །དེས་དེ་རྒྱང་རིང་པོ་ནས་མཐོང་སྟེ་འོངས་པ་ལེགས་སོ། །མི་སྐོམ་མམ་ལྷ་མོའམ་ཀླུ་མོ་ཞིག་གོ་སྙམ་ནས། སྐོམ་མོ། །དེས་དེ་ལ་ཟན་བྱིན་ཏེ་ཡི་དྭགས་འདི་ལ་ཅུང་ཟད་ཀྱང་མ་སྦྱིན་ཅིག་ཟེར་ནས་གཞལ་མེད་ཁང་དུ་ཞུགས་ཏེ་འདུག་གོ །དེ་དག་གིས་བསླངས་པས་ཁམ་རེ་བྱིན་པ་ན། གཅིག་ལ་ཕུབ་མ། གཅིག་ལ་ཐུ་ལུམ། གཅིག་ལ་རང་གི་ཤ །གཅིག་ལ་རྣག་ཁྲག་ཏུ་སོང་ནས་བུད་མེད་དེ་བྱུང་སྟེ། ཁྱོད་ལ་ཁོ་མོས་མ་བཟློག་གམ། འདི་དག་ལ་ཅིའི་ཕྱིར་བྱིན། ཁོ་མོའི་སྙིང་རྗེ་ལས་ཁྱོད་ཀྱི་སྙིང་རྗེ་ལྷག་གམ་ཟེར། འདི་དག་ཁྱོད་ཀྱི་ཅིར་འོང་བྱས་པས། སོ་སོར་ཁྱིམ་ཐབ། བུ། མནའ་མ། བྲན་མོའམ་ཟེར། ལས་གང་གིས་འདིར་སྐྱེས་བྱས་པས། ཁོ་མོ་གནས་པའི་གྲོང་གི་བྲམ་ཟེ་མོ་སྟེ་རྒྱུ་སྐར་བཟང་པོའི་ཚེ་ཟས་བསོད་པ་སྟ་གོན་བྱས་པ་དང་། ཀཱ་ཏྱཱ་ཡ་ན་བྱོན་ནས་དེ་ལ་བསོད་


GTN004_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་དྲངས་ཏེ་ཁྱིམ་ཐབ་ལ་རྗེས་སུ་ཡི་རང་གྱིས་ཤིག་བྱས་པས་དེ་ཁྲོས་ནས། བྲམ་ཟེ་དང་གཉེན་བཤེས་རྣམས་ལ་སྲི་ཞུ་མ་བྱས་པར་དགེ་སྦྱོང་མགོ་རེག་ལ་ཕུད་སྦྱིན་ནམ། དེ་ཅིའི་ཕྱིར་ཕུབ་མ་མི་འགམ། བུ་ལ་སྨྲས་པས། ཅིའི་ཕྱིར་ལྕགས་ཀྱི་ཐུ་ལུམ་མི་ཟ་ཟེར། གཉེན་གྱིས་ཁོ་མོ་ལ་ཟས་ལེགས་པ་བསྐུར་བ་དེ་ཁོ་མོའི་མནའ་མ་ལ་གཏད་པས་དེས་ཟས་བསོད་པ་དག་ཟོས་ལ་ངན་པ་ཁོ་མོ་ལ་བྱིན་ཏོ། །ཁོ་མོས་གཉེན་རྣམས་ལ་ཁྱེད་ཅག་ལོ་ཉེས་སམ་འདི་འདྲའི་ཟས་སྐལ་ངན་བསྐུར་བྱས་པས། དེ་དག་ན་རེ། བསོད་པ་བསྐུར་རོ་ཟེར། མནའ་མ་ལ་ཁྱོད་ཀྱིས་ངེད་ཀྱི་ཟས་བསོད་པ་ཟོས་སམ་བྱས་པས། མོ་ན་རེ། ཁྱོད་ཀྱི་ཟས་སྐལ་ཟ་ན་རང་གི་ཤ་ཅིའི་ཕྱིར་མི་ཟ་ཟེར། བདག་གིས་བྲན་མོ་ལ་ཟས་བསོད་པ་ཞིག་ཉེ་དུ་ལ་བསྐུར་བས་དེས་ལམ་དུ་བསོད་པ་ཟོས་ཏེ་ངན་པ་དེ་དག་ལ་བྱིན་པས་དེ་དག་གིས་ཁོ་མོ་ལ་ལོ་ཉེས་སམ་ཅི། བདག་ཅག་ལ་ཟས་ངན་པ་བསྐུར་བ་ཟེར། བྲན་མོ་ལ་དྲིས་པས། ཁྱོད་ཀྱི་ཟས་སྐལ་ཟ་ན་རྣག་ཁྲག་ཅིའི་ཕྱིར་མི་བཏུང་། བདག་གིས་བསམ་པར་འདི་དག་གིས་ལས་འབྲས་མྱོང་བ་དེ་མཐོང་བར་ཤོག་སྙམ་མོ། །ཀཱ་ཏྱཱ་ཡ་ནར་བསོད་སྙོམས་ཕུལ་བས་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་འགྱུར་བ་ལས་བདག་གི་སྨོན་ལམ་ལོག་པས་ཡི་དྭགས་མོ་མཐུ་ཆེ་བར་སྐྱེས་སོ། །གནས་པའི་གྲོང་ན་བདག་གི་བུ་མོ་སྨད་འཚོང་བྱེད་པ་དེ་ལ། ཁྱོད་ཀྱི་ཕ་མ་མིང་པོ་མནའ་མ་བྲན་མོ་རྣམས་མཐོང་ཚུལ་ཤོད་ལ་སྡིག་པ་སྤོངས་ཤིག་གྱིས། ཡིད་མི་ཆེས་ན་ཕའི་སྔོན་གྱི་ཁང་པ་ན་ལྕགས་ཟངས་གསེར་གྱིས་གང་བ་ཟུང་བཞི་དང་། དབུས་ན་གསེར་གྱི་འཁར་བ་


GTN004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རིལ་བ་སྤྱི་བླུགས་ཡོད་ཀྱིས་ཕྱུང་ལ་ཀཱ་ཏྱཱ་ཡ་ན་ལ་བསོད་སྙོམས་ཕུལ་སོགས་སྔར་དང་འདྲ། དེས་དེ་ལ་ཁས་བླངས་ཏེ། དེ་ལྟར་འཁྱམས་པ་ལ་ལོ་གཅིག་གཉིས་ལངས་སོ། །དེས་དེ་ལ་ཁྱོད་གནས་པའི་གྲོང་དུ་འགྲོའམ་དེས་ཡི་དྭགས་རྣམས་ལ། གྲོ་བཞིན་སྐྱེས་ཉལ་བཞིན་དུ་ཕའི་སྐྱེད་མོས་ཚལ་དུ་ཞོག་ལ་སླར་ཤོག་ཅིག །དེ་དག་གིས་དེ་དེ་ལྟར་བཞག་པ་དང་། གྲོ་བཞིན་སྐྱེས་སྐྱེད་མོས་ཚལ་ན་གཉིད་སད་པ་ན། དྲིལ་བུ་ལ་སོགས་པ་བཏགས་པའི་ཡི་གེ་མཐོང་ནས། བདག་ཕ་མས་ཤི་བའི་ཁོངས་སུ་བརྩིས་ཀྱིས་རབ་ཏུ་འབྱུང་ངོ་སྙམ་ནས་ཀཱ་ཏྱཱ་ཡ་ནའི་གན་དུ་སོང་བ་དང་། འོངས་པ་ལེགས་སོ། །འཇིག་རྟེན་འདི་དང་ཕ་རོལ་མཐོང་ངམ་གསུངས། མཐོང་ངོ་། །བདག་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞུས། དེས་སྔར་གྱི་ཕྲིན་རྣམས་རིམ་པར་བྱས་པས་ཡིད་ཆེས་ཏེ་གྲོ་བཞིན་སྐྱེས་ཀྱིས། འཇིག་རྟེན་འདི་དག་གསེར་གྱིས་ཡིད་ཆེས་ཏེ་བདག་མ་ནི་ཡིད་མི་ཆེས་སོ་སྙམ་ནས་འཛུམ་བྱུང་བས་མཆེ་བ་གསེར་གྱིས་བརྒྱན་པ་སྨད་འཚོང་མས་ངོ་ཤེས་ནས་དཔོན་པོ་གྲོ་བཞིན་སྐྱེས་ཡིན་ནམ་དྲིས་པས། ཡིན་ནམ་ཟེར། དེས་ཀྱང་ཕ་མ་ལ་སྦྲན་ཡང་ཡིད་མ་ཆེས་དེ། རང་ཉིད་འོངས་ཏེ་ཡབ་ཡུམ་ཕྱག་འཚལ་ལོ་ཞེས་སྨྲས་པ་དང་། དེ་དབྱིག་གི་ང་རོ་ཅན་ཡིན་པས་སྐད་ངོ་ཤེས་ཏེ། དེའི་མགུལ་པ་ནས་འཇུས་ཏེ་ངུས་པས་མཆི་མས་ལིང་ཏོག་བྱིད་ནས་མཐོང་ངོ་། །དེས་རབ་ཏུ་བྱུང་བར་གནང་བ་ཞུས་པས། ཕ་མ་གཉིས་ཤི་བ་དང་རབ་ཏུ་བྱུང་བར་གྱིས་ཤིག་ཟེར། དེས་ཀཱ་ཏྱཱ་ཡ་ན་ལ་ཆོས་ཉན་པས་རྒྱུན་ཞུགས་ཐོབ། ཕ་མའང་


GTN004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་དང་བསླབ་པའི་གཞི་ལ་བཀོད་དོ། །ལུང་གཞི་རྟོགས་པར་བྱས་ཏེ་ཕྱིར་འོང་ཐོབ། ཕ་མའང་བདེན་པ་ལ་བཀོད། ཕ་མ་ཤི་ནས་རབ་ཏུ་བྱུང་སྟེ་མངོན་པ་རྟོགས་ནས་ཕྱིར་མི་འོང་ཐོབ། རྡོ་ཅན་ན་དགེ་སློང་ཉུང་བས་གྲངས་བཅུར་མ་ཚང་ནས་ཟླ་བ་གསུམ་དུ་དགེ་ཚུལ་དུ་བཞག་གོ །དེ་ནས་དགག་དབྱེ་ཐོན་པ་དང་ཀཱ་ཏྱཱ་ཡ་ནའི་སློབ་མ་གནས་སོ་སོར་དབྱར་གནས་པ་རྣམས་དེར་འཚོགས་ཏེ་བསྙེན་པར་རྫོགས། སྡེ་སྣོད་གསུམ་རྟོགས་ནས་དགྲ་བཅོམ་པ་ཐོབ། མཁན་པོ། བདག་གིས་བཅོམ་ལྡན་འདས་ཀྱི་ཆོས་སྐུ་མཐོང་ན་གཟུགས་སྐུ་མ་མཐོང་བས་བལྟར་མཆིའོ། །སོང་ལ་ཞུ་བ་ལྔ་པོ་འདི་ཞུས་ཤིག །རྡོ་ཅན་གྱི་ཡུལ་གྱི་མཐའ་ན་དགེ་སློང་ཉུང་བས་བཅུར་ལོངས་པ་དཀའ་བ་དང་། བ་ལང་རྗེས་ཀྱིས་ས་རྩུབ་པ་དང་། གདིང་བ་ར་ལུག་དང་བ་ལང་དང་རི་དྭགས་ཀྱི་པགས་པ་ལས་བགྱིད་པ་དང་། ཆུས་འདག་པར་འཚལ་བའི་མི་རྣམས་རྟག་ཏུ་ཁྲུས་ལ་སྤྱོད་པ་དང་། དགེ་སློང་གིས་དགེ་སློང་ལ་ཆོས་གོས་བསྐུར་བ་ཚུར་རོལ་ནས་སྤངས་ལ། དེར་ནི་མ་མཆིས་ན། གང་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་ཞུས་ཤིག །དེ་སོང་ནས་སྟོན་པའི་ཞབས་ལ་ཕྱག་བྱས་ཏེ་འདུག་གོ །སྟོན་པས་ཀུན་དགའ་བོ་སོང་ལ། དེ་བཞིན་གཤེགས་པ་དང་གྲོ་བཞིན་སྐྱེས་གཙུག་ལག་ཁང་གཅིག་ཏུ་ཁྲི་ཤོམས་ཤིག །དེས་དེ་ལྟར་བྱས་པ་དང་། སྟོན་པ་དང་གྲོ་བཞིན་སྐྱེས་དེར་བྱོན་ཏེ། འཕགས་པའི་མི་སྨྲ་བས་དེའི་མཚན་མོ་འདས་ནས་ནམ་ལངས་སུ་ཉེ་བ་ན། སྟོན་པས་གྲོ་བཞིན་སྐྱེས། ཆོས་གང་དེས་སངས་རྒྱས་


GTN004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས་པ་ལ་ཁྱོད་སྤོབས་པར་གྱིས་ཤིག །དེས་རྣོ་ཅན་ཞེས་བྱ་བའི་མཐའི་དབྱངས་ཀྱི་ང་རོས་ཆེད་དུ་བརྗོད་པ་དང་། ཕ་རོལ་འགྲོ་བྱེད་ལ་སོགས་པ་དག་གསང་བསྟོད་དེ་སྟོན་ཏོ། །དེ་ནས་དྲི་བ་ལྔ་པོ་ཞུས་པས། འདིར་དུས་མ་ཡིན་གྱིས་ཚོགས་སུ་ཞུས་ཤིག་གསུངས། ཞུས་པས་ངས་གནང་གིས། མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པ་དང་། རྟག་ཏུ་ཁྲུས་བྱ་བ་དང་། མཆིལ་ལྷམ་རིམ་པ་གཅིག་པ་བཅང་སྟེ་ཟད་ན་ལྷན་པ་གདབ་པ་དང་ཀོ་ལྤགས་བཅང་བར་བྱའོ། །ཆོས་གོས་བསྐུར་བ་དེར་མ་བྱིན་ཡང་དེར་གང་ལའང་ལྟུང་བྱེད་དུ་མི་འགྱུར་རོ། །གྲོ་བཞིན་སྐྱེས་ཀྱིས་ལས་ཅི་བགྱིས་པས་ཕྱུག་པོའི་རིགས་དང་རིན་པོ་ཆེའི་རྣ་ཆ་དང་བཅས་ཏེ་བཙས་ལ། ངན་སོང་མཐོང་ཞིང་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་ལགས། བཀའ་སྩལ་པ། སྔོན་ཝཱ་རཱ་ཎ་སཱི་ན་ཁྱིམ་བདག་ཁྱོ་ཤུག་གཉིས་ཀྱིས་སངས་རྒྱས་འོད་སྲུང་ལས་སྐྱབས་འགྲོ་དང་བསླབ་པའི་གཞི་མནོས་སོ། །དེ་མྱ་ངན་ལས་འདས་པ་དང་། རྒྱལ་པོ་ཀྲྀ་ཀྲིས་རིན་པོ་ཆེ་སྣ་བཞི་ལས་དེའི་མཆོད་རྟེན་ཁོར་ཡུག་ཏུ་དཔག་ཚད་ཙམ་ལ། དཔངས་སུ་དཔག་ཚད་ཕྱེད་བཞི་པ་ཞིག་བྱས་ནས། དེ་ཞིག་པ་གསོ་བའི་ཕྱིར་དུ། གྲོང་ཁྱེར་གྱི་ཤར་སྒོ་ནས་དཔྱ་འདུ་བ་ཐམས་ཅད་མཆོད་རྟེན་དེ་ལ་ཕུལ་ཏེ། དེ་ཤི་བ་དང་། དེའི་བུ་ལེགས་སྐྱེས་རྒྱལ་སྲིད་ལ་བཞག་ནས། བློན་པོ་རྣམས་ཀྱིས་དཔྱ་ཉུང་ཤས་ཤིག་ཕུལ་བ་དང་། ཅིའི་ཕྱིར་ང་ལ་དཔྱ་ཉུང་ཤས་ཤིག་ཕུལ། གྲོང་ཁྱེར་གྱི་ཤར་སྒོ་ནས་དཔྱ་འདུ་བ་རྣམས་ཡབ་ཀྱིས་མཆོད་


GTN004_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཞིག་པ་འཆོས་པའི་རྒྱུར་བཞག་གོ །ལྷས་གནང་ན་དེ་དགུམ་མོ། །ངའི་ཡབ་ཀྱིས་མཛད་པ་ནི་ཚངས་པས་བྱས་པའོ། །དེ་དག་གིས་མི་གནང་ན་རང་མི་འདུ་བར་བྱའོ་སྙམ་སྟེ་སྒོ་བཅད་ནས་བཞག་པས་དཔྱ་འདུ་བ་རྒྱུན་ཆད། མཆོད་རྟེན་ཡང་གོག་གོ །ཁྱོ་ཤུག་དེ་གཉིས་རྒས་ནས་མཆོད་རྟེན་ལ་བྱི་དོར་བྱེད་ཅིང་འདུག་པ་དང་། བྱང་ཕྱོགས་དེད་དཔོན་ཞིག་དེར་ཕྱིན་ཏེ། མཆོད་རྟེན་འདི་སུའི་ཡིན། སངས་རྒྱས་འོད་སྲུངས་ཀྱིའོ། །སུས་བགྱིས། རྒྱལ་པོ་ཀྲྀ་ཀིས་སོ། །དེས་མཆོད་རྟེན་ཞིག་པ་འཆོས་པའི་ཕྱིར་ཕུལ་བ་ཅུང་ཟད་མེད་དམ་ཟེར། ཡོད་མོད་འདི་ལྟར་རོ་སྨྲས་པས། དེས་རིན་པོ་ཆེས་སྤྲས་པའི་རྣ་ཆ་རྣ་བ་ལས་བཀྲོལ་ནས་དེ་གཉིས་ལ་བྱིན་ཏེ། འདིས་མཆོད་རྟེན་གསོས་དང་ཕྱིས་ཀྱང་སྦྱིན་ནོ་ཟེར། དེ་གཉིས་ཀྱིས་ཀྱང་བཙོངས་ནས་མཆོད་རྟེན་གསོས་པས་གྲུབ་ཅིང་ལྷག་མ་དང་བཅས་སོ། །དུས་ཕྱིས་དེད་དཔོན་འོངས་པས་མཆོད་རྟེན་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། དགའ་བ་དང་། དད་པ་སྐྱེས་ཏེ་གཞན་ཡང་ཕུལ། མཆོད་པ་དང་བཀུར་སྟི་ཆེར་བྱས་ཏེ། དགེ་བ་འདིས་བདག་ཕྱུག་པོའི་རིགས་སུ་སྐྱེ་བ་དང་། ཆོས་འདི་ལྟ་བུ་ཐོབ་པ་དང་། སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེད་དཔོན་དེ་གྲོ་བཞིན་སྐྱེས་འདི་ཡིན་ལ། མ་ལ་ཚིག་རྩུབ་སྨྲས་པས་ངན་སོང་མཐོང་ངོ་། །

ཡལ་འདབ་ཉེར་གཅིག་པ་ནས་སུམ་ཅུ་པའི་བར།


GTN004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་འདབ་ཉེར་གཅིག་པ་ནི། འདུལ་བ་༼ག༽གོས་ཀྱི་གཞི་ལས་འབྱུང་བ་ནི། ལུས་འཕགས་ན་རྒྱལ་པོ་འཕགས་སྐྱེས་པོའི་བློན་པོ་དུམ་བུ་སོགས་ལྔ་བརྒྱ་ཡོད་པ་ལས། བློན་པོ་མཆོག་གསུམ་བུ་ནི་ཆོས་དང་མཐུན་པར་རྒྱལ་སྲིད་བྱེད། དེའི་ཆུང་མ་ལ་བུ་ས་སྐྱོང་དང་སེངྒེ་གཉིས་བྱུང་། བློན་པོ་དུམ་བུས་བློན་པོ་གཞན་རྣམས་ཟིལ་གྱིས་མནན་པས་ཐམས་ཅད་ནས་མ་འདོད་དེ་གྲོས་བྱས་ནས་རྒྱལ་པོར་ཕྲ་མས་རྒྱལ་སྲིད་ཕྲོག་པར་བསྙད་པས་རྒྱལ་པོ་ཡང་ཐེ་ཚོམ་ཟ་ནས། དུམ་བུར་དོགས་པ་བཅས་པས་སྡོད་ཟོས་མ་བདེ་ནས་ཡུལ་གཞན་དུ་འབྲོས་རྒྱུར། རྒྱལ་པོའི་འོག་ཏུ་མ་འདུས་པ་ཡངས་པ་ཅན་གྱི་ཚོགས་ཡིན་པས། དེར་ལིཙྪ་བཱི་རྣམས་ལ་འཕྲིན་བསྲིངས་པས་འཐད་དེ། རང་འཁོར་དང་བཅས་བྲོས་པ། རྒྱལ་པོའི་བཀས་བློན་པོ་གཞན་གྱིས་ར་མདའ་སློག་ནས་རྗེས་ཟིན་པར། ཁྱོད་རྣམས་ངེད་མ་འདོད་པས་བསམ་པ་རྫོགས་པར་བྱས་ཡོད་ཅེས་བྲོས་སོ། །ཡངས་པ་ཅན་ན་རིས་དང་པོ་ལ་ཁང་བརྩེགས་བདུན་སྟོང་བ་གམ་གསེར་ལས་བྱས་པ། རིས་བར་མར་ཁང་བརྩེགས་ཁྲི་བཞི་སྟོང་བ་གམ་དངུལ། རིས་ཐ་མར་ཁང་བརྩེགས་ཉི་ཁྲི་ཆིག་སྟོང་བ་གམ་ཟངས། དེར་མི་དམ་པ་དང་། བར་པ་དང་ཕལ་པ་སྣ་ཚོགས་གནས་སོ། །ཚོགས་ཀྱིས་ཁྲིམས། རིས་དང་པོར་བུ་མོ་བཙས་པ་ནི་རིས་དང་པོར་གཏོང་གི་བར་ཐ་ལ་མ་ཡིན་ཏེ། བར་མ་ནི་རིས་དང་པོ་བར་མར།


GTN004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་རིས་གསུམ་ཀར་རོ། །བུད་མེད་རྣམས་ནི་ཡངས་པ་ཅན་མ་གཏོགས་མི་གཏོང་། བུད་མེད་རིན་པོ་ཆེ་ཚོགས་སྤྱིའི་ལོངས་སྤྱོད་དུ་འཇོག་པ་ལས་གང་ཡང་མི་གཏོང་ངོ་། །དུམ་བུ་སྐྱེས་བུ་མཆོག་ཡིན་ནོ་ཞེས་རིས་དང་པོར་ཁང་པ་བྱིན་ནོ། །ཚོགས་པའི་ཚེ་དེ་བོས་པས་འོངས་ཏེ་བློ་གྲོས་བྱིན། སྔོན་ཡངས་པ་ཅན་རྣམས་ཡི་གེ་རྩུབ་པོས་སྤྲིང་བ་ལས་དུམ་བུས་བློ་གྲོས་བྱིན་ནས་འཇམ་པོས་སྤྲིང་ངོ་། །དུམ་བུས་ས་སྐྱོང་དང་སེངྒེ་གཉིས་ལ་ཆུང་མ་བླངས་བཅོལ་སེངྒེ་ལ་བུ་མོ་ཞིག་བཙས་ནས་གོས་ཅན་མིང་བཏགས། ལྟས་མཁན་གྱིས། གོས་ཅན་ལ་བུ་ཕ་བསད་ནས་རང་ཉིད་རྒྱལ་པོར་བྱེད་པ་ཞིག་བཙའ་བར་ལུང་བསྟན། ཡང་བུ་མོ་ཞིག་བཙས་ནས་ཉེ་གོས་ཅན་བཏགས། ལྟས་མཁན་གྱིས། བུ་མཚན་རྫོགས་ཤིག་བཙའ་བར་ལུང་བསྟན། ས་སྐྱོང་ནི་གདུག་པ་རྩལ་ཆེ་བས་ཡངས་པ་ཅན་གྱི་སྐྱེད་ཚལ་མ་རུང་བར་བྱས་ཚེ་སྲུང་བ་པོས་བཟློག་ཀྱང་མ་བཏུབ་པས་དུམ་བུ་ལ། ཁྱོད་ཀྱི་བུས་འདི་ལྟར་བྱས་པས་ལིཙྪ་བཱི་རྣམས་ཀྱིས་འཚེར་འོང་གིས་ཟློགས་ཤིག །དེས་བུ་ལ་བསྒོ་བས་དེ་ན་རེ། བདག་ལ་སྐྱེད་ཚལ་མེད་པས་སོ་ཟེར། དུམ་བུས་ཚོགས་སུ་ཕྱིན་ནས། བདག་གི་བུ་གཉིས་ལ་སྐྱེད་ཚལ་མེད་པས་སྩོལ་ཅིག་བྱས། དེ་རྣམས་ཀྱིས་སྐྱེད་ཚལ་རྙིང་པ་ཞིག་བྱིན་པ་དེར་ཤིང་སཱ་ལ་ཆེན་པོ་ཞིག་སྐྱེས་པ་ལས་གཅིག་གིས་སྐུ་གཟུགས་བྱས་གཅིག་གིས་ཞལ་བསྲོས་སོ། །ས་སྐྱོང་གིས་བྱ་བ་ངན་པ་སྟོང་ཕྲག་བྱས་པས་ལིཙྪ་བཱི་རྣམས་སྨོད་པ་ན། དུམ་བུས་རི་བོར་ཞིག་ཏུ་ཞིང་ལས་སར་བསྐོས་སོ། །


GTN004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡངས་པ་ཅན་གྱི་སྡེ་དཔོན་ཤི་ནས་དུམ་བུ་སྡེ་དཔོན་དུ་བསྐོས་སོ། །དེས་ཀྱང་ཆོས་མཐུན་གྱིས་སྡེ་དཔོན་བྱས་ཏེ་དུས་ཐུང་ངུ་ནས་ཤིའོ། །ཚོགས་འདུས་ནས་བགྲོས་པས། དེའི་བུ་སེངྒེ་དེས་པ་འགྲོགས་ན་བདེ་བ། ཚོགས་ཀྱི་སེམས་མགུ་བར་བྱེད་པས་བསྐོ་བར་རིགས་སོ་ཟེར་ནས་སེངྒེ་སྡེ་དཔོན་དུ་བསྐོས་སོ། །སྔར་དུམ་བུས་བློ་གྲོས་སྦྱིན་པས་ཡི་གེ་འཇམ་པོར་འབྲི་བ་ལ། དེར་སེངྒེ་ལ་སོགས་པའི་ཚོགས་ཀྱིས་བཀའ་སྩལ་པ་སོགས་འབྲི་བར་བྱེད་པས་ས་སྐྱོང་གིས་ཐོས་ཏེ། རང་གིས་སྡེ་དཔོན་མ་ཐོབ་པས་ཁྲོས་ནས་རྒྱལ་པོའི་ཁབ་ཏུ་སོང་བ་ན་གཟུགས་ཅན་སྙིང་པོས་བློན་པོར་བཅུག་གོ །དུས་ཤིག་ན་གཟུགས་ཅན་སྙིང་པོའི་བཙུན་མོ་དམ་པ་ཤི་བས་རྒྱལ་པོ་ཡིད་ཁོང་དུ་ཆུད་པ་ས་སྐྱོང་གིས་ཇི་བཞིན་མཐོང་སྟེ། ལྷ་ཐུགས་ངལ་མ་མཛད་དང་། བདག་གི་ནུ་བོ་ལ་བུ་མོ་རྒྱལ་པོར་འོས་པ་གཉིས་ཤིག་བདོག་ན་གང་རེད་ཅིག་འབུལ་ལོ་ཞུས་པས། ཕྱི་མ་འབུལ་བར་གནང་པས། དེས་སེངྒེ་ལ་ཚུལ་སྤྲིངས་པས། དེ་ན་རེ། དེ་ནི་ལེགས་མོད། ཚོགས་ཀྱིས་ཁྲིམས་སུ་བཅས་པ་ལ་བུ་མོ་{ཡངས་པ་ཅན་ལས་}གཞན་དུ་མི་གཏང་ངོ་ཞེས་ཆེད་པས་{བཅས་མོད་ཀྱི་འོན་ཀྱང་}ཁྱོད་སྐྱེད་མོས་ཚལ་དུ་ཤོག་ལ་ཁྲིད་དེ་སོང་ཞིག་སྤྲིངས་སོ། །དེའི་ཡངས་པ་ཅན་གྱི་སྒོ་སྲུང་ཞིག་ཤི་ནས་མི་མ་ཡིན་དུ་སྐྱེས། དེས་ཡངས་པ་ཅན་པ་ལ། བདག་མི་མ་ཡིན་དུ་སྐྱེས་པས་གནོད་སྦྱིན་གྱི་གཟུགས་གྱིས་ལ་མགུལ་དུ་དྲིལ་བུ་ཐོགས་དང་ཕྱིར་རྒོལ་བ་བྱུང་ན་ཟིན་ནམ་བྲོས་ཀྱི་བར་དུ་དྲིལ་


GTN004_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྲ་བསྒྲག་གོ །དེ་རྣམས་དེ་ལྟར་བྱས་ནས་སྒོ་ཁང་དུ་བཞག་གོ །དེར་ས་སྐྱོང་འོངས་ནས་སེངྒེ་ལ་བརྡ་བྱས་པས། དེས་ཉེ་གོས་ཅན་ལ་བསྐུལ་ནས། རྒྱན་འདོགས་པར་བརྩམས་པ་ན་གོས་ཅན་གྱིས་མཐོང་ནས་ཅིའི་ཕྱིར་རྒྱན་འདོགས་དྲིས་པས། དེས་གཟུགས་ཅན་སྙིང་པོར་བག་མ་འགྲོའམ། དེ་ན་རེ། ང་ཕུ་མོ་ཡིན་ན་ཁྱོད་ཅིའི་ཕྱིར་བག་མར་གཏོང་། འོ་ན་ཁྱོད་རྒྱན་ཐོགས་ཤིག །དེ་གཉིས་གཏམ་པའི་ཚེ་དྲིལ་གྱི་སྒྲ་བསྒྲགས་པས་ཡངས་པ་ཅན་གྱི་ཚོགས་རོད་རོད་པོར་གྱུར་ཏེ་གནོད་པ་ཞིག་ཞུག་གོ་སྙམ། སེངྒེ་ཡང་དངངས་པས། ཉེ་གོས་ཅན་ཡིན་ནོ་སྙམ་མྱུར་དུ་ཁྲིད་སོང་བས། ས་སྐྱོང་ཡང་དངངས་ཏེ་གོས་ཅན་ཤིང་རྟར་བཅུག་སྟེ་སོང་ངོ་། །ཡངས་པ་ཅན་པས་ཕྱི་བཞིན་དུ་འཐབས་པ་དང་། དེ་གནས་ལྔ་ལ་བྱང་བ་ཡིན་པས། ལིཙྪ་བཱི་ལྔ་བརྒྱའི་གནས་སུ་བསྣུན་ནས། ངས་ཁྱེད་ཅག་ལྔ་བརྒྱ་བསད་ཟིན་ལ་ལྷག་མ་སྲོག་བསྐྱབ་ཀྱིས་ཕྱིར་ལོག་ཅིག །དེ་རྣམས་ན་རེ། ངེད་གཅིག་ཀྱང་མ་ཤིའོ། །འོ་ན་གོ་ཕུད་ཅིག །གོ་ཕུད་པ་དང་ལྔ་བརྒྱ་སར་འགྱེལ་ནས་སྲོག་དང་བྲལ་ལོ། །འདི་ནི་སྲིན་པོའོ་ཟེར་ནས་ཀུན་བྲོས། དེར་ས་སྐྱོང་རྒྱལ་པོའི་ཁབ་ཏུ་སླེབས་པ་དང་གོས་ཅན་ཡིན་པར་མཐོང་སྟེ་ཡིད་མི་བདེ་བཞིན་དུ་རྒྱལ་པོ་ལ་ཞུས་པས། འདིར་ཁྲིད་ཤོག་གསུངས། ཁྲིད་པས་མཐོང་མ་ཐག་རྒྱལ་པོ་ཆགས་ནས། བུ་ཕ་གསོད་པ་ནི་རྒྱལ་སྲིད་ཀྱི་ཕྱིར་ཡིན་ལ་བུ་བཙས་མ་ཐག་ཅོད་པཎ་བཅིང་ངོ་ཟེར་ནས་བག་མར་བླངས། ཡུལ་གྱི་མིང་ཆགས་པས་ལུས་འཕགས་མར་གྲགས།


GTN004_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བསྟི་གནས་ཤིག་ཏུ་རི་དྭགས་ཀྱི་ཕྱིར་སོང་བ། དྲང་སྲོང་མངོན་ཤེས་ལྔ་ལྡན་ཞིག་ལ་རི་དྭགས་སྐྱབས་པར་རྒྱལ་པོས་མདས་བསྣུན་ནོ། །དྲང་སྲོང་ཁྲོས་ནས་རྒྱལ་པོ་ལ་ཁ་བྱས་པས་དེ་ཡང་བསད་དོ། །དེས་ང་ཉེས་པ་མེད་པར་གསོད་ཀྱིས་ང་གང་དུ་སྐྱེས་པར་རྒྱལ་པོ་འདི་གསོད་པར་གྱུར་ཅིག །ཡང་རྒྱལ་པོ་འདི་ཤིན་ཏུ་སྦས་པ་ཡིན་པས་གཞན་དུ་སྐྱེས་ན་གླགས་མི་རྙེད་ཀྱིས་འདིའི་བཙུན་མོ་དམ་པའི་མངལ་དུ་སྐྱེ་བར་གྱུར་ཅིག་ཅེས་དམོད་བོར་རོ། །དེས་གོས་ཅན་གྱི་མངལ་དུ་ཞུགས་པ་དེ་ཉིན་ཁྲག་གི་ཆར་བབ། གོས་ཅན་འདོད་པ་སྐྱེས་པ། བདག་གིས་ལྷའི་རྒྱབ་ཀྱི་ཤ་བཅད་ཅིང་ཟོས་ཀྱང་ཅི་མ་རུང་སྙམ་པ་དེ་གསོལ་བས། རྒྱལ་པོས་ལྟས་མཁན་ལ་སྨྲས་པས། དེས་བཙུན་མོར་སེམས་ཅན་ཞུགས་པ་དེའི་མཐུ་ལགས་ཀྱིས། རས་ཀྱི་བར་ཚངས་ཤས་ཁོང་ལ་བཙུན་མོར་སྟོབས་ཤིག །དེ་ལྟར་བྱས་པས། དེའི་རྒྱབ་ཀྱི་ཤའོ་སྙམ་ནས་ཟོས་པས་འདོད་པ་ཞི། ཡང་རྒྱལ་པོའི་ཁྲག་འདོད་ནས་ཡན་ལག་ལྔའི་རྩ་གཏར་ནས་འཐུང་བས་འདོད་པ་ཞིའོ། །ཟླ་བ་དགུ་སོང་བ་ན་ཁྱེའུ་གཟུགས་བཟང་བ་ཞིག་བཙས་པའི་ཉིན་ཁྲག་གི་ཆར་བབ། ལྟས་མཁན་གྱིས། བསྟན་བཅོས་ལྟར་ན་ཁྱེའུ་འདིས་ལྷ་བསད་ནས་རང་ཉིད་ཅོད་པན་བཅིངས་ཏེ་རྒྱལ་པོར་བྱེད་པར་འགྱུར་རོ། །རྒྱལ་པོས། དེ་རྒྱལ་སྲིད་ཀྱི་ཕྱིར་ཡིན་པས་རྒྱལ་སྲིད་བྱིན་ན་བདག་ཅིའི་ཕྱིར་སྲོག་དང་ཕྲལ་སྙམ་མོ། །དེའི་ཚེ་ཡངས་པ་ཅན་ན་ལིཙྪ་བཱི་མིང་ཆེན་གྱི་སྐྱེད་ཚལ་དུ་ཨ་མྲའི་ཚལ་ཡོད་པ་དེར་གློ་བུར་ཆུ་ཤིང་གི་སྡོང་བུ་ཞིག་སྐྱེས་ནས་དེ་མ་ཐག་མེ་ཏོག་ཆགས་པ་སྲུང་


GTN004_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བ་པོས་མཐོང་ནས་མིང་ཆེན་ལ་སྨྲས། དེས་ལྟས་མཁན་བཀུག་ནས་བསྟན་པས་ལུང་བསྟན་པ་བཞིན། ཉི་མ་བདུན་གྱི་ནང་དུ་ཆུ་ཤིང་གི་སྡོང་པོ་གས་ནས་བུ་མོ་གཟུགས་བཟང་བ་ཞིག་བྱུང་། མིང་ཨ་མྲ་སྐྱོང་མར་བཏགས། དེ་བུད་མེད་རིན་པོ་ཆེ་ཡིན་པས་ཚོགས་ཀྱི་ལོངས་སྤྱོད་དུ་བགྲོས་ཏེ་བཞག་གོ །མིང་ཆེན་ཡིད་མ་བདེ་བ་ཨ་མྲ་སྐྱོང་མས་མཐོང་ནས་རྒྱུ་དྲིས་པས། ཁྱོད་བུད་མེད་རིན་པོ་ཆེ་ཡིན་ནོ་ཞེས་ཚོགས་ཀྱིས་སྤྱད་པར་གྱུར་ཏེ་རེ་བ་མ་རྫོགས་སོ། །ཡབ་ཁྱོད་གཞན་དབང་དུ་གྱུར་རམ། སྔོན་ཚོགས་ཀྱིས་དེ་ལྟར་ཁྲིམས་བཅས་པས་བདག་ལ་དབང་མེད་དོ། །དེ་ལྟ་ན་ཚོགས་ཀྱིས་དམ་པ་ལྔ་སྩལ་ན་བདག་ཚོགས་ཀྱིས་སྤྱད་པར་བགྱི་སྟེ། རིས་དང་པོར་ཁང་པ་སྩལ་པ་དང་། སྐྱེས་པ་གཅིག་དང་པོར་ཞུགས་ན་ཅིག་ཤོས་མི་འཇུག་པ་དང་། ནང་དུ་འཇུག་པ་དེས་ཀརྴ་པ་ཎ་ལྔ་བརྒྱ་ཁྱེར་འོང་བ་དང་། ཁྱིམ་མྱུལ་བའི་ཚེ་བདག་གི་ཁྱིམ་ཞག་བདུན་ནས་མྱུལ་བ་དང་། བདག་གི་ཁྱིམ་དུ་འོང་བ་རྣམས་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་ལ་མི་བརྟག་པའོ། །དེ་ཚོགས་ཀྱིས་བྱིན་ནས་སྤྱད་པར་གྱུར། ལིཙྪ་བཱི་རྣམས་དེའི་ཁྱིམ་དུ་ཞུགས་པ་ན། ཁ་ཅིག་ཡུལ་ལ་ཆགས་ཆེས་པས་མཐོང་མ་ཐག་འདོད་ཆགས་བྲལ། ཁ་ཅིག་གིས་རེག་པས་འདོད་ཆགས་བྲལ་ནས་སུས་ཀྱང་ཆགས་པ་མ་སྤྱད་དོ། །དེས་འདི་དག་ནི་སྐྱེས་པ་མ་ཡིན་གྱིས་ཐབས་ཤིག་བྱའོ་སྙམ་ནས། རི་མོ་མཁན་ལ་མི་གཟུགས་མང་པོ་འབྲིར་བཅུག་ནས་བལྟས་པས་གཟུགས་ཅན་སྙིང་པོ་ལ་ཆགས་སོ། །དུས་གཅིག་ན་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟང་གི་གཞིར་སོང་སྟེ་


GTN004_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོའི་ཚོགས་ཀྱིས་བསྐོར་ནས། སུས་སྨད་འཚོང་མ་ཇི་ལྟ་བུ་མཐོང་། ས་སྐྱོང་ན་རེ། ཡངས་པ་ཅན་ན་ཨ་མྲ་སྐྱོང་མ་ཞེས་གཟུགས་བཟང་བ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པ་ལྷ་ཁོ་ནས་སྤྱད་དུ་རུང་བ་ཞིག་མཆིས་སོ། །ས་སྐྱོང་དེ་ལྟ་ན་དེར་འདོང་ཞིག །དེ་གཉིས་སོང་སྟེ་ས་སྐྱོང་སྐྱེད་མོས་ཚལ་ན་སྡོད་དོ། །རྒྱལ་པོ་ཨ་མྲ་སྐྱོང་མའི་ཁྱིམ་དུ་ཞུགས་པ་དང་། དྲིལ་གྱི་སྒྲ་བྱུང་། དེར་ལིཙྪ་བཱི་རྣམས་ཀྱིས། རྒོལ་བ་ཞིག་ནང་དུ་ཞུགས་སོ་ཞེས་སྒྲ་ཆེན་པོ་བྱུང་བར། རྒྱལ་པོས་ཨ་མྲ་སྐྱོང་མ་ལ་ཅི་ཡིན་དྲིས་པས། ཇི་ལྟར་གྱུར་པ་བཤད་པ་ན། རྒྱལ་པོས་བྲོས་སམ་ཟེར། མི་དགྱེས་པ་མ་མཛད། ཞག་བདུན་མ་ལོན་པར་བདག་གི་ཁྱིམ་མྱུལ་བར་མ་ཡིན་པས་བཞུགས་ཤིག །དེ་ནས་ཨ་མྲ་སྐྱོང་མར་སེམས་ཅན་ཞུགས་ནས་རྒྱལ་པོར་སྨྲས་པས། དེས་སེང་རས་ཤིག་དང་སོར་གདུབ་བྱིན་ནས་བུ་མོ་ཡོད་ན་ཁྱོད་ཀྱི་ཡིན་ལ། བུ་ཞིག་ཡིན་ན་སེང་རས་འདི་བསྐོན་ལ་སོར་གདུབ་མགུལ་དུ་ཐོགས་ལ་ངའི་དྲུང་དུ་བཀྲིས་ཤིག །རྒྱལ་པོ་ཕྱིར་བྱུང་ཤིང་རྟར་ཞུགས་ནས་ས་སྐྱོང་དང་ལྷན་ཅིག་ཆས་པས་དྲིལ་བུ་མི་འཁྲོལ་བར་འདུག་གོ །ལིཙྪ་བཱི་རྣམས་ཀྱིས་སྨྲས་པ། དགྲ་བོ་བྱུང་གིས་རྗེས་བཞིན་དུ་བཙལ་ལོ་ཞེས་ཕྱི་བཞིན་དུ་བསྙེགས་པ་དང་། ས་སྐྱོང་ངོ་ཤེས་ནས་སྐྲག་སྟེ་སླར་ལྡོག་གོ །ཟླ་བ་དགུ་ནས་ཨ་མྲ་སྐྱོང་མ་ལས་ཁྱེའུ་གཟུགས་བཟང་བ་ཞིག་བཙས། ཆེར་སྐྱེས་ནས་ཁྱེའུ་རྣམས་དང་ལྷན་ཅིག་རྩེ་བ་ལས། དེ་རྣམས་ཀྱིས་བྲན་མོའི་བུ་ཁྱོད་བརྒྱ་སྟོང་དུ་མ་ལས་སྐྱེས་ན་ཕ་སུ་ཡིན། དེ་ངུས་ནས་མ་ཡི་གམ་དུ་སོང་སྟེ་བསྙད་པས། ད་


GTN004_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་འདྲི་ན་ཁྱོད་གཅིག་ལའང་ཕ་དེ་འདྲ་མེད་དེ་གཟུགས་ཅན་སྙིང་པོ་ཡིན་གྱིས་ཤིག་བསླབ་པས། དེས་དེ་ལྟར་སྨྲས་པ་ན། བདག་ཅག་གི་དགྲ་དེ་འདིའི་ཕ་ཡིན་ཞེས་ལྷག་པར་སྤྱོས། དེ་ངུས་ནས་མ་ལ་སྨྲས་པས། ལིཙྪ་བཱི་རྣམས་ནི་རང་བཞིན་ངན་པས་གསད་པའི་གནས་ཡོད་སྙམ་ནས། རྒྱལ་པོའི་ཁབ་ཏུ་འགྲོ་བའི་ཚོང་པ་རྣམས་ལ། སོར་གདུབ་འདིས་སྣོད་རྒྱས་ཐོབ་ལ་སོང་དང་ཤོ་གམ་མི་གཅོད་པར་འགྱུར་རོ། །ཁྱེའུ་འདི་ཡང་རྒྱལ་པོའི་ཕོ་བྲང་དུ་ཁྲིད་ལ་སོར་གདུབ་འདི་འདིའི་མགུལ་དུ་ཐོགས་ལ་རྒྱལ་པོའི་ཁབ་ཏུ་ཞོག་ཅིག །དེ་རྣམས་ཀྱིས་ཀྱང་ཁས་བླངས་སོ། །བུ་ལ་མུ་ཏིག་གི་དོ་ཤལ་ཞིག་བྱིན་ནས་བསླབ་བྱ་རྒྱས་པར་བྱས། དེས་ཚོང་པ་རྣམས་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་ཁྲུས་བྱས་ཏེ་སོར་གདུབ་བཏགས་ནས་རྒྱལ་པོའི་ཕོ་བྲང་གི་གན་དུ་སོང་ནས། མས་བསླབ་པ་བཞིན། མུ་ཏིག་གི་དོ་ཤལ་རྒྱལ་པོའི་རྐང་པར་བཞག་སྟེ་པང་དུ་འདུག་གོ །རྒྱལ་པོ་ན་རེ། ཁྱེའུ་འདི་འཇིགས་མི་ཤེས་པ་ཞིག་གོ །དེས་སྨྲས་པ། བུ་ཕ་ལ་འཇིགས་པ་ཡོད་དམ་སྨྲས། དེ་ནས་རྒྱལ་པོས་འཇིགས་མེད་ཅེས་སྨྲས་པས་གཞོན་ནུ་འཇིགས་མེད་གྲགས་སོ། །གཟུགས་ཅན་སྙིང་པོ་གཞན་གྱི་བུད་མེད་ལ་ལྷག་པར་ཆགས་པས་གླང་པོ་ཆེར་ཞོན་ནས་སྲང་དུ་སོང་སྟེ་མིག་བལྟ་ཞིང་འཁྱམ་པ་ན། ཚོང་དཔོན་ཕྱུག་པོ་ཞིག་ཟོང་ཐོགས་ནས་ཡུལ་གཞན་དུ་སོང་བའི་ཆུང་མས་མཐོང་སྟེ་རྒྱལ་པོར་མེ་ཏོག་གི་ཕྲེང་བ་བོར། དེར་རྒྱལ་པོ་ནང་དུ་ཞུགས་ནས་དེ་དང་དགའ་མགུར་སྤྱད་


GTN004_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེམས་ཅན་ཆགས། རྒྱལ་པོ་ལ་སྨྲས་པས་དེ་ལ་སོར་གདུབ་དང་སེང་རས་ཁྲ་བོ་བྱིན་ནས་ཁྱེའུར་གྱུར་ན་སེང་རས་འདི་བསྐོན། སོར་གདུབ་མགུལ་དུ་ཐོགས་ལ་ངའི་དྲུང་དུ་བཀྲིས་ཤིག །དུས་ཤིག་ན་ཚོང་དཔོན་དེ་བདེ་བར་རྒྱལ་པོའི་ཁབ་དང་ཉེ་བར་སླེབ་ནས། ཆུང་མ་ལ། ཁོ་བོ་ཞག་འདི་ཙམ་ན་སླེབ་འོང་ངོ་ཞེས་ངག་བསྐུར་བས་དེས་རྒྱལ་པོ་མ་རིག་པར་བྱས་པ་དང་། རྒྱལ་པོས། བག་མ་ཚ་བར་འདུག་ཅིག །མྱུར་དུ་མི་འོང་བའི་ཐབས་བྱའོ་ཞེས་ཕོ་ཉ་བཏང་ནས་ང་ལ་རིན་པོ་ཆེ་འདི་དང་འདི་དགོས་ཀྱིས། དེ་མ་རྙེད་པར་ཕྱིར་མ་འོང་ཞིག །དེ་རིན་པོ་ཆེ་འཚོལ་བར་ཕྱིར་ལམ་རིང་པོར་སོང་ངོ་། །ཟླ་བ་དགུ་ནས་ཁྱེའུ་གཟུགས་བཟང་བ་ཞིག་བཙས་ཏེ། མར་དང་སྦྲང་རྩིས་འགྲངས་པར་བསྙོད། སོར་གདུབ་མགུལ་དུ་བཏགས། སེང་རས་ཀྱིས་དཀྲིས་ནས་སྒྲོམ་བུའི་ནང་དུ་བཅུག་སྟེ། མངག་གཞུག་མ་ལ། འདི་ཕོ་བྲང་གི་སྒོར་མཎྜལ་གྱི་སྟེང་དུ་མར་མེ་བུས་ཏེ་ཞོག་ལ། འདི་བླངས་ཀྱི་བར་ཁྱོད་ལོགས་ཤིག་ཏུ་སྡོད་ཅིག །དེ་ལྟར་བྱས་པས་རྒྱལ་པོས་མར་མེ་མཐོང་ནས་བླངས་པ་དང་སོར་གདུབ་ལས་ངོ་ཤེས་ཏེ་འཇིགས་མེད་ལ་བྱིན་ནོ། །འཇིགས་མེད་ཀྱིས་དེ་གསོས་ཤིང་། རྒྱལ་པོས། དེ་གསོན་ནམ་བྱས་པས། འཚོ་བྱེད་གཞོན་ནུས་གསོས་ཞེས་གྲགས་སོ། །དེ་གཉིས་ཀྱིས་སྨྲས་པ། མ་སྐྱེས་དགྲ་ནི་མ་བཙས་པ་ནས་རྒྱལ་པོར་ལུང་བསྟན་གྱི། བདག་ཅག་གིས་རིག་གནས་བསླབས་ནས་འཚོ་བར་བྱའོ་ཞེས་བགྲོས་ཏེ། འཇིགས་མེད་ཀྱིས་ཤིང་རྟའི་བཟོ་བསླབས། འཚོ་བྱེད་ཀྱིས་སྨན་དཔྱད་བསླབས་པས་ལོབས་ནས། ཀླད་པའི་ཐོད་པ་དབྱེ་བའི་


GTN004_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་མ་ཤེས་ཏེ། རྡོ་འཇོག་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུས་ཤེས་སོ། །ཞེས་ཐོས་ནས་ཡབ་རྒྱལ་པོར་སྨྲས་པས་དེས་ཀྱང་རྒྱལ་པོ་པདྨའི་སྙིང་པོ་ལ། འདི་ཡི་དགོས་པ་སྒྲུབས་ཤིག་པའི་སྤྲིངས་ཡིག་བསྐུར། པདྨའི་སྙིང་པོས་ཡི་གེ་བཀླགས་ནས་རྒྱུན་ཤེས་ཀྱི་བུར་གཏད། དེས་ཅུང་ཟད་བསྟན་པ་ན། འཚོ་བྱེད་ཀྱིས་ཁྱད་པར་དང་བཅས་ལོབས་སོ། །རྒྱུན་ཤེས་ཀྱི་བུས་འཚོ་བྱེད་ཁྲིད་དེ་ནད་པ་ཞིག་འཆོས་པར་བརྩམས་ནས་སྨན་བསྐུར་བ། འཚོ་བྱེད་ཀྱིས་སྨན་དེ་ཉིད་མ་ཡིན་པར་མཐོང་ནས། སྨན་གཞན་ཞིག་ཕྱིན་པས་ནད་པ་གསོས། ཕྱིས་རྒྱུན་ཤེས་ཀྱི་བུས་ཇི་ལྟར་གྱུར་པ་གོ་ནས་འཚོ་བྱེད་ཤེས་རབ་ཅན་ནོ་སྙམ་མགུ་སྟེ། དེ་ཕྱིན་ཆད་གང་དུ་འགྲོ་བའི་སར་འཚོ་བྱེད་ཁྲིད། དེར་ཁྱེའུ་གཞན་རྣམས་ཀྱིས་ཕྲག་དོག་བྱས་པས། འཚོ་བྱེད་ཤེས་རབ་ཅན་ཡིན་པར་སྟོན་པའི་ཕྱིར། འཚོ་བྱེད་དང་ཁྱེའུ་རྣམས་ཚོང་འདུས་སུ་རྫས་ཆེ་གེ་མོ་འདི་དང་འདིའི་རིན་དྲིས་ཤིག །དེ་རྣམས་སོང་སྟེ་རྫས་རེ་རེའི་རིན་དྲིས། འཚོ་བྱེད་ཀྱིས་མཁན་པོས་མ་བསྟན་པའི་རྫས་རྣམས་ཀྱང་རིན་དྲིས་ཏེ་སོང་། རྒྱུན་ཤེས་ཀྱི་བུ་ལ། སྔར་ཇི་ལྟར་བསྟན་པ་རྣམས་སྨྲས་པས། དེས་མ་བསྟན་པ་གཞན་རྫས་རྣམས་ཀྱི་རིན་དྲིས་པ། ཁོང་རྣམས་ཀྱིས་མ་འཚལ། འཚོ་བྱེད་ཀྱིས་ཐོགས་མེད་དུ་སྨྲས་པས་ཀུན་ཡིད་ཆེས། ཡང་ཐང་ཤིང་ཅན་གྱི་རི་བོ་ལས་སྨན་མ་ཡིན་པ་དག་ཁྱེར་ཤོག་ཅེས་མངགས་པས། ཀུན་གྱིས་སྨན་མིན་པར་ཤེས་པ་རྣམས་བླངས། འཚོ་བྱེད་ཀྱིས་སྨན་མིན་པ་མེད་དོ་སྙམ་ནས། འདམ་བུ་མདའ་རྒྱུའི་རྩ་བ་དང་། རྡོ་བའི་དུམ་བུ་ཞིག་བླངས་སོ། །ལམ་དུ་


GTN004_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་རྫི་མོ་ཞིག་ཞོའི་བུམ་པ་དང་ཕྲུམ་ཚུད་ཁྱེར་ནས་འོངས་པ་དང་ཕྲད་ནས། དེ་མིག་ན་བར། གནས་དེ་རུ་ཡོད་པའི་སྨན་ཞིག་བསྟན་པས་མོད་ལ་སོས། དེ་དགའ་ནས་ཞོའི་བུམ་པ་དང་ཕྲུམ་ཚུད་ཕུལ་ལོ། །དེ་ཁྱེར་ནས་འོངས་པས་ཁྱེའུ་རྣམས་ཀྱིས་གླང་པོ་ཆེའི་རྗེས་ཤིག་མཐོང་བར་བརྟག་པ་ན། འཚོ་བྱེད་ཀྱིས། གླང་པོ་ཆེའི་རྗེས་མིན་ཏེ། བལ་གླང་མོའི་རྗེས་སོ། །མིག་གཡས་པ་ཞར་བ་དེ་རིང་ཁོ་ནར་གླང་པོ་ཆེའི་ཕྲུ་གུ་ཞིག་སྐྱེས་པ་ཡིན་ལ། དེ་ལ་ཞོན་པ་ནི་བུད་མེད་མིག་གཡས་ཞར་བ། སྦྲུམ་པ། དེ་རིང་ཉིད་དུ་བུ་ཕོ་བཙའ་བ་ཞིག་གོ །དེ་རྣམས་ཀྱིས་རྒྱུན་ཤེས་ཀྱི་བུ་ལ་གང་ཁྱེར་འོངས་པ་རྣམས་བསྟན་ཏོ། །རྒྱུན་ཤེས་བུས། འདི་ཐམས་ཅད་སྨན་ཡིན་ཏེ་ནད་ཆེ་གེ་མོར་ཕན་ནོ། །འཚོ་བྱེད་ཀྱིས། སྨན་མ་ཡིན་པ་མེད་དེ། འོན་ཀྱང་གསུམ་པོ་འདི་ཁྱེར་རོ། །འདི་དག་ཅི་དགོས། སྡིག་པས་ཟིན་པ་ལ་འདམ་བུ་མདའ་རྒྱུའི་རྩ་བའི་དུད་པས་བདུག་གོ །ཕྲུམ་ཚུད་ཀྱིས་གླན་པར་བགྱིའོ། །རྡོའི་དུམ་བུས་སྟོན་གྱི་དུས་ན་ཞོའི་བུམ་པ་འཆགས་པར་འགྱུར་རོ། །རྒྱུན་ཤེས་ཀྱིས་འཛུམ་པ་དང་། ཁྱེའུ་རྣམས་མཁན་པོ་ནི་འདི་ལ་ཁྲོས་སོ་སྙམ་ནས། འདི་གཅིག་པུར་མ་ཟད་ཀྱི། ལམ་གྱི་དབུས་སུ་གླང་པོ་ཆེའི་རྗེས་ཤིག་མཐོང་བ་ལ་འདི་དང་འདི་ཟེར་རོ་བྱས་པས། རྒྱུན་ཤེས་ཀྱིས་དེ་རྣམས་ཅིས་ཤེས་བྱས། འཚོ་བྱེད་ན་རེ། གླང་པོ་ཆེའི་རྗེས་ནི་ཟླུམ་པོ་བལ་གླང་མོའི་རྗེས་ནི་མཆུར་རིང་ངོ་། །གཡོན་ཕྱོགས་སུ་རྩ་ཟ་ཞིང་མཆིས་པས་མིག་གཡས་ཞར་རོ། །རྐང་པ་གཉིས་གནོན་ཅིང་མཆིས་པས་སྦྲུམ་མོ། །གཅིན་བེའུ་སྣབས་དང་བཅས་པར་འབྱུང་བས་དེང་ཁོ་ནར་བཙས་སོ། །


GTN004_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་གཡས་པ་ལྷག་པར་གནོན་པས་ཕོར་འགྱུར་རོ། །བབས་ནས་རྐང་པའི་བར་དུ་གཅིས་པས་བུད་མེད་ཀྱིས་ཞོན་པའོ། །གཡོན་ཕྱོགས་སུ་མེ་ཏོག་འཐུ་ཞིང་མཆིས་པས་མིག་གཡས་ཞར་བའོ། །རྐང་པའི་རྟིང་པ་ཕལ་ཆེར་གནོན་ཞིང་མཆིས་པས་སྦྲུམ་མོ། །གཅིན་ལྗན་ལྗིན་དང་བཅས་ཏེ་འབྱུང་བས་དེང་ཁོ་ནར་བཙའ་འོང་། ཐུགས་མི་ཆེས་ན་དེར་ཁྱེའུ་ཞིག་མངག་ཏུ་གསོལ། དེ་བཏང་བས་ཇི་ལྟ་བ་བཞིན་གྱུར་ནས། རྒྱུན་ཤེས་ཀྱི་བུས་ཁྱེའུ་རྣམས་ལ་སྨྲས་པ། འཚོ་བྱེད་ནི་དེ་ལྟར་ཤེས་རབ་ཅན་ཡིན་ནོ། །དུས་གཅིག་ན། མི་ཞིག་ཀླད་ནད་ཀྱིས་ཐེབས་ནས། རྒྱུན་ཤེས་ཀྱི་བུས་དཔྱད་བྱེད་པ་ལ། དེ་རིང་དོང་རྐོས་ལྕི་བ་སྟ་གོན་བྱས་ནས་སང་འགྲོའོ། །འཚོ་བྱེད་ཀྱིས་རྒྱུན་ཤེས་ཀྱི་བུའི་ཕྱི་བཞིན་དུ་སོང་ནས་ཡིབ་སྟེ་བལྟས་པས། དེས་མི་དེ་དོང་དུ་བཅུག །ཐོད་པ་དབྱེ་བའི་དཔྱད་བྱས་ནས། སྐམ་པས་སྲོག་ཆགས་དེ་བླང་པར་བརྩམས་པ་དང་། མཁན་པོ་གཟུ་ལུམ་མ་མཛད་ཅིག །འདི་དེ་ཉིད་དུ་འཆི་བར་འགྱུར་རོ། །དེ་ན་རེ། འཚོ་བྱེད་འོངས་སམ། འོངས་སོ། །སྲོག་ཆགས་ཇི་ལྟར་བླང་། སྐམ་པ་ཚ་བས་རྒྱབ་ཏུ་རེག་ནས་རྐང་ལག་འཁུམ་པ་དང་དེ་ནས་བོར་ཅིག །དེས་དེ་བཞིན་དུ་བྱས་ནས་གསོས་སོ། །རྒྱུན་ཤེས་ཀྱི་བུ་ཤིན་ཏུ་མགུ་ནས་འཚོ་བྱེད་ལ་ཀླད་པའི་ཐོད་འབྱེད་དཔྱད་ཡོངས་རྫོགས་བསླབས་ཏེ། ཁོ་བོ་འདིས་འཚོ་བ་ཡིན་གྱིས། ཡུལ་འདིར་ཁྱོད་ཀྱིས་མ་བྱེད་ཅིག །དེ་བཞིན་དུ་བགྱིའོ། །འཚོ་བྱེད་ཀྱིས་དེ་ལ་ཕྱག་བྱས་ནས་རྒྱལ་པོ་པདྨའི་སྙིང་པོའི་དྲུང་དུ་སོང་བ་ན།


GTN004_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བདག་གི་དགྲ་སྐྱ་སེང་འདུམ་གྲོགས་གྱིས་ཤིག །དེས་བཏུལ་ནས་དཔྱ་བླངས་ཏེ་རྒྱལ་པོར་ཕུལ། དེ་ནས་འཚོ་བྱེད་གྲོང་ཁྱེར་བཟང་བྱིན་དུ་ཕྱིན་ནས་དབྱར་གནས་ཏེ་འབྱུང་པོ་ཐམས་ཅད་པའི་སྐད་བསླབས་ནས། དེ་ནས་ཆས་པ་དང་། མི་ཤིང་ཁུར་ཁྱེར་བ་ཞིག་ལས། ཤིང་ཁུར་དེ་ཀརྴ་པ་ཎ་ལྔ་བརྒྱས་ཉོས་པས་འབྱུང་པོ་ཐམས་ཅད་དང་བར་བྱེད་པའི་ནོར་བུ་ཞིག་མཐོང་སྟེ། དེ་ཡི་མཐུ་ནི། ནད་པའི་མདུན་དུ་བཞག་པས་ནད་ཇི་ལྟ་བ་བཞིན་མཐོང་ངོ་། །དེ་ནས་ཡུལ་ཨུ་དུམ་ཝ་རར་སོང་བ་དང་། མི་ཀླད་ནད་ཀྱིས་ཐེབས་པ་ཞིག་གི་མགོར་སྔར་གྱི་ནོར་བུ་དེ་བཞག་པས་སྲིན་བུ་ཞིག་སྣང་ངོ་། །དེ་གསོས་ཏེ་ཀརྴ་པ་ཎ་ལྔ་བརྒྱ་བྱུང་བ་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་ཡུལ་རོ་ཧི་ཏ་ཀར་སོང་བ་དང་། ཁྱིམ་བདག་ཅིག་སྐྱེད་མོས་ཚལ་ལ་ཆགས་པས་དེར་མི་མ་ཡིན་དུ་སྐྱེས། དེའི་བུ་ཁྱིམ་གྱི་དཔོན་པོར་གྱུར་ནས་སྐྱེད་ཚལ་སྲུང་བའི་མི་བཞག་པ་ཐམས་ཅད་དེས་བསད། མི་དམུ་ཆུས་གང་ཞིང་སྨན་པས་བོར་བ་ཞིག །བདག་མི་མ་ཡིན་དེས་བསད་ན་ཅི་མ་རུང་སྙམ་དུ་སྐྱེད་ཚལ་དེར་ནུབ་མོར་ཉལ། འཚོ་བྱེད་ཀྱང་དེར་བསྡད་དོ། །མི་མ་ཡིན་དེས་དམུ་ཆུ་ཅན་དེ་གསོད་པར་བརྩམས་པ་ན་དམུ་ཆུའི་ནད་དེ་ཕྱིར་བྱུང་ནས། འདི་ལ་བདག་དབང་ན། ཅིའི་ཕྱིར་སྡིག་ཁྱོད་ལ་ར་སྤུའི་དུད་པས་བདུག་པ་མེད་པར་ལྟ། དེས་ཁྱོད་དཔག་ཚད་བཅུ་གཉིས་སུ་འབྲོས་པར་འགྱུར་རོ། །དེས་ཀྱང་སྨྲས་པ། ཁྱོད་ལའང་ལ་ཕུག་གི་ས་བོན་མར་ཕྱུང་ཟིན་པའི་དར་བ་དང་བཏགས་ཏེ་སྦྱིན་པ་མེད་པ་ལྟ། དེས་ཁྱོད་དུམ་བུ་དུམ་བུར་འཛག་པར་འགྱུར་རོ། །འཚོ་བྱེད་ཀྱིས་


GTN004_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ཐོས་ནས་ནངས་པར་ཁྱིམ་བདག་ལ། དེར་ར་སྤུའི་དུད་པས་བདུགས་ཤིག་དང་དཔག་ཚད་བཅུ་གཉིས་སུ་འབྲོས་སོ་ཞེས་བསླབས། དེ་ལྟར་བྱས་པས་མི་མ་ཡིན་བྲོས། དམུ་ཆུ་ཅན་ལ། ལ་ཕུག་གི་ས་བོན་དར་བར་བཏགས་པ་ལྡུད་པས་གསོས། དེ་གཉིས་ཀྱིས་ཀརྴ་པ་ཎ་ལྔ་བརྒྱ་ལྔ་བརྒྱ་བྱིན་པ་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་བཅོམ་བརླག་ཏུ་ཕྱིན་ནས་ཤིང་ཞིག་གི་དྲུང་དུ་འདུག་པ་ན། གྱད་ཀྱིས་གྱད་བརྡབས་པས། དེའི་ནང་ཁྲོལ་དཀྲུགས་ནས་ཤིའོ་སྙམ་སྟེ་ཕྱིར་བོར་བ་དང་། ཤིང་དེ་ལ་བྱ་རྒོད་མོ་ཕྲུ་གུ་དང་བཅས་པ་ཞིག་འདུག་པ་ལ། ཕྲུ་གུ་རྣམས་ཀྱིས་མ་ལ་ཤ་བྱིན་ཟེར། མས་ཤ་ག་ལ་ཡོད། གྱད་བརྡབས་ཏེ་ཤི་བ་འདིའོ། །དེ་ནི་འཚོ་བྱེད་ཀྱིས་གསོས་པའི་གནས་ཡོད་དོ། །ཅིས་གསོས། དེའི་ནང་ཁྲོལ་རྣམས་ཕྱེ་མས་རེག་པར་བྱས་ནའོ། །ཟེར་བ་འཚོ་བྱེད་ཀྱིས་ཐོས་ཏེ། རོའི་ཀླད་པར་ནོར་བུ་བཞག་ནས་བརྟག་པས་ནང་ཁྲོལ་འཁྲུགས་པ་མཐོང་། སྨྱུག་མའི་སྦུབས་སུ་ཕྱེ་མ་བླུགས་ཏེ། ཁས་བུས་པ་དང་། ཕྱེ་མས་ནང་ཁྲོལ་ལ་རེག་ནས་གསོས་སོ། །དེས་ཀརྴ་པ་ཎ་ལྔ་བརྒྱ་བྱིན་པའང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །བཅོམ་བརླག་ནས་མི་ཞིག་རང་གི་ཆུང་མ་གཟུགས་བཟང་བར་ཆགས་ནས་ཤི་བར་དེའི་མོ་མཚན་གྱི་སྲིན་བུར་སྐྱེས་ཏེ། དེ་དང་དགའ་མགུར་སྤྱོད་པ་ཐམས་ཅད་ཤི་བས་དེ་ནས་སུའང་དེ་དང་ལྷན་ཅིག་མི་སྤྱོད་དོ། །དེས་འཚོ་བྱེད་ལ་བདག་ན་ཡིས་དཔྱད་མཛོད་ཅིག །ང་དང་དགའ་མགུར་སྤྱོད་ན་དཔྱད་བྱའོ། །ངོ་ཚ་བ་ལགས་སོ། །ཁྱོད་ཀྱི་


GTN004_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་གཞན་ནི་མེད་དོ། །བདག་ལས་ཕངས་པ་མེད་བྱས་པ་དང་། དེས་རྣ་བ་གཉིས་བཀག་ནས་སྨྲས་པ། ཁྱོད་ཁོ་བོའི་སྲིང་མོ་དང་འདྲ་སྟེ། ཁྱོད་ཀྱི་དཔྱད་དེ་ཡིན་པས་དེ་ལྟར་བྱས་པར་ཟད་དོ། །དེས་ཀརྴ་པ་ཎ་ལྔ་བརྒྱ་བྱིན་པའང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་ཆུ་བོ་ཡ་མུ་ནའི་འགྲམ་དུ་ཕྱིན་པ་དང་། མི་རོ་ཞིག་གི་རྟིང་པའི་ཕྱོགས་ན་རྒྱུས་པའི་བྲེང་ཡོད་པ་ཉས་དྲངས་པ་ལས། དེའི་མིག་འབྱེད་འཛུམ་བྱེད་པ་མཐོང་བ་དང་། རིམ་གྱིས་ཡངས་པ་ཅན་དུ་ཕྱིན་པས། གྱད་ཀྱིས་གྱད་ཅིག་ཐལ་མོས་བསྣུན་པས། མིག་འབྲས་འཕགས་པ་དང་། འཚོ་བྱེད་ཀྱིས། དེའི་རྟིང་པའི་རྒྱུས་པ་ནས་དྲངས་པས་སླར་ཆུད་པར་གྱུར་ཏོ། །དེས་དེ་ལ་ཀརྴ་པ་ཎ་ལྔ་བརྒྱ་བྱིན་པ་དང་། དེས་འཇིགས་མེད་ཀྱི་མ་ལ་བྱིན་ནོ། །ཡངས་པ་ཅན་ན་མི་ཞིག་གི་རྣ་བར་སྲིན་བུ་ཞུགས་ཏེ། དེ་ལ་ཕྲུ་གུ་བདུན་བརྒྱ་བྱུང་བས་རྣ་བའི་ནད་ཀྱིས་ཉེན་ནས། འཚོ་བྱེད་ལ། དཔྱད་མཛོད་ཅིག །སྔར་མཁན་པོས་བསྟན་པའི་ལས་བྱས་ཀྱིས། ད་ནི་རང་གི་བློ་ལས་བྱའོ་སྙམ་སྟེ། མི་དེ་ལ་བསྒོ་བ། སོང་ལ་ལོ་མའི་སྤྱིལ་བུ་གྱིས། རས་སྔོན་པོས་གཡོགས་ལ་དེའི་འོག་ཏུ་རྔ་ཞིག་ཞོག །ས་ཡང་དྲོན་པོར་གྱིས་ཤིག །དེ་ལྟར་བྱས་པ་དང་། མི་དེ་ས་ལ་བསྙལ་ནས། ས་དེ་ཆུས་ཆག་ཆག་བཏབ་སྟེ་རྔ་བརྡུངས་པ་དང་། སྲིན་བུ་དེ་དབྱར་གྱི་དུས་ལ་བབ་བོ་སྙམ་ནས་ཕྱིར་བྱུང་བ་ལ། རྣ་བའི་དྲུང་དུ་ཤའི་དུམ་བུ་ཞིག་བཞག་པ་དང་། དེ་སླར་ཞུགས་ཏེ་ཕྲུ་གུ་རྣམས་ཁྲིད་ནས་ཤའི་དུམ་བུ་དེ་ལ་ཆགས་པ་དང་། དེའི་མོད་ལ་ཤ་དུམ་བོར་བས་མི་དེ་གསོས་སོ། །དེས་ཀརྴ་


GTN004_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ལྔ་བརྒྱ་བྱིན་པའང་འཇིགས་མེད་ཀྱི་མ་ལ་བྱིན་ནོ། །དེ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན། གཟུགས་ཅན་སྙིང་པོས་ཐོས་ནས་མ་སྐྱེས་དགྲ་བསུར་བཏང་བས། འཚོ་བྱེད་ཀྱིས་ཐོས་ཏེ། དེའི་བསུ་བ་རང་གིས་བྱས་ན་འདི་རྒྱལ་པོར་གྱུར་དུས་གནོད་པ་འོང་ངོ་སྙམ་ནས་སླར་ལོག་སྟེ་སྒོ་གཞན་ཞིག་ནས་ཞུགས་སོ། །རེ་ཞིག་ན། འཚོ་བྱེད་སྐྱེ་བོའི་ཚོགས་ཀྱིས་བསྐོར་ནས་སེམས་གཡེང་ཞིང་སོང་བ་དང་། བྲམ་ཟེ་མིག་ན་བ་ཞིག་གིས་སྨན་བྱིན་ཅིག་བྱས་པས། ཚིག་པ་ཟོས་ནས་ཐལ་བ་ཐོབ་ཅིག །དེས་བདེན་པར་བཟུང་ནས་ཐལ་བ་བཏབ་པས་སོས། མིག་ན་བ་གཞན་ཞིག་ལ་བྲམ་ཟེ་དེས་ཐལ་བ་ཐོབ་བྱས་ནས། དེས་ཐལ་བ་བཏབ་པས་ལོང་བར་གྱུར་ཏོ། །གཟུགས་ཅན་སྙིང་པོའི་སྤྱི་བོར་ཕོལ་མིག་བྱུང་བར་སྨན་པ་རྣམས་བཀུག་ནས་བསྟན་པ་ན། སྨན་པ་ཆེན་པོ་འཚོ་བྱེད་མཆིས་ན། བདག་ཅག་གིས་ཅི་བགྱིས། དེ་བཀུག་ཏུ་གསོལ། འཚོ་བྱེད་བཀུག་པས། ལྷ་ལ་བདག་ཉིད་ཀྱིས་ཁྲུས་བགྱིད་དུ་གནང་ན་བགྱིའོ་ཟེར། དེ་བཞིན་དུ་གྱིས་ཤིག་གསུངས་ཤིང་དེས་སྐྱུ་རུ་ར་བསྐུས་ཤིང་སྨིན་པའི་རྫས་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་པས་སྨིན་པའི་ཚེ། མ་ཚོར་བ་སྤུ་གྲིས་རེག་ནས་བརྡོལ་ལོ། །དེ་ནས་འཚོ་བའི་རྫས་བཏབ། འཚོ་བའི་རྫས་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་ནས། རྨ་དང་། པགས་པ་དང་། སྐྲ་ཡང་གསོས་སོ། །རྒྱལ་པོས་ཁྲུས་བྱས་མ་ཐག་ཏུ། ད་དཔྱད་གྱིས་ཤིག །རེ་ཞིག་བཤོས་གསོལ་ཅིག །ཟན་ཟོས་ནས། ད་དཔྱད་གྱིས་ཤིག །བགྱིས་ལགས་སོ། །ཡིད་མ་ཆེས་པར་ལག་


GTN004_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱུགས་པས་གང་ན་རྨ་ཡོད་མ་ཤེས་སོ། །མེ་ལོང་ལ་བལྟས་པས་ཀྱང་མ་མཐོང་། བཙུན་མོ་ལ་དྲིས་པས། དེས་ཀྱང་རྨ་གང་ན་ཡོད་མ་ཤེས་པས་ངོ་མཚར་ནས་སྨན་པའི་རྒྱལ་པོར་དབང་བསྐུར་བར་བརྩམས་པ་ན། ལོང་བ་དེས་སྨན་མཁས་པས་ཡིན་ན་བདག་ནི་མ་གསོས་སོ་ཟེར། འཚོ་བྱེད་ཀྱིས་ཁྱོད་མཐོང་ཡང་མ་མཐོང་ན་ག་ལ་གསོས། ཁོ་ན་རེ། ཁྱོད་ཀྱིས་བསྟན་པ་དེས་བདག་ལ་བསྟན་ཏོ་ཟེར། ཁྱོད་རང་དེ་གཉིས་ཁམས་མི་མཐུན་པས་འདི་ལྟ་བུའི་གསོས་པར་འགྱུར་རོ་བྱས་ནས་གསོས་པས། དེས་ཀྱང་འདི་སྨན་པའི་རྒྱལ་པོར་དབང་བསྐུར་དུ་གསོལ། དེ་གླང་པོ་ཆེར་བསྐྱོན་ནས་དབལ་གྱི་འབྱོར་པ་ཆེན་པོས་སྨན་པའི་རྒྱལ་པོར་དབང་བསྐུར་རོ། །ཁྱིམ་བདག་ཅིག་སྐྲན་གྱིས་ཐེབས་ནས་འཚོ་བྱེད་ཀྱིས་ཀྱང་སྨན་རྙེད་དཀའ་ཟེར་བས། ད་འཆི་བར་བྱའོ་སྙམ་སྟེ་དུར་ཁྲོད་དུ་སོང་བ་དང་། རོ་བསྲེགས་པའི་མེ་འབར་བར་ནེའུ་ལེ་གདུག་པ་ཞིག་དང་། སྲོག་ཆགས་གོ་དྷཱ་ཙནྡན་ཞེས་བྱ་བ་གཉིས་འཐབས་ཏེ་ལྟུང་བ་དང་། བཀྲེས་པས་ཉེན་པས་དེ་ཟོས། ཆར་པའི་ཆུ་འཐུངས་ཀོ་ཏྲ་པའི་ཟན་དང་། མར་ཕྱུང་བའི་ཞོ་འཐུངས་པས་སྐྲན་རྡོལ་ནས་མར་འཁྲུ་ཡར་སྐྱུགས་པས་སྔོན་བཞིན་དུ་གྱུར་ཏོ། །ལུས་འཕགས་མའི་འདོམས་ཀྱི་ཕྱོགས་སུ་ཕོལ་མིག་བྱུང་བར། རྒྱལ་པོས་འཚོ་བྱེད་ལ་གསོ་བཅོལ་བ་ཐབས་ཀྱིས་གསོས་པས་རྒྱལ་པོ་དགྱེས་ཏེ་ལན་གཉིས་སུ་སྨན་པའི་རྒྱལ་པོར་དབང་སྐུར་ཅིག །སྐྲན་ནད་པ་དེས། སྲས་སྨན་མཁས་པས་དབང་བསྐུར་ན་བདག་ནི་


GTN004_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསོས་སོ། །འཚོ་བྱེད་ཀྱིས། ཁྱོད་ཀྱི་སྨན་མི་རྙེད་མ་སྨྲས་སམ། དཔྱད་ནི་མ་བྱས་སོ། །ཇི་ལྟར་ཡིན། མར་ངོའི་ཚེས་བཅུ་བཞི་ལ་མི་སེར་སྐྱ་ཞིག་ཤི་བའི་རོ་དུར་ཁྲོད་དུ་བསྲེགས་པ་ན་ནེའུ་ལེ་གདུག་པ་དང་། སྲོག་ཆགས་གོ་དྷཱ་ཙནྡན་འཐབས་ནས་མེར་ལྷུང་བ་དེ་གཉིས་ཁྱོད་ཀྱིས་ཟོས། དབང་ཕྱུག་ཆེན་པོས་དུར་ཁྲོད་དུ་ཆར་ཕབ་པའི་འོད་པའི་ཆུར་འཐུངས། ཀོ་ཏྲ་པའི་ཟན་དང་མར་ཕྱུང་བའི་ཞོ་འཐུངས་ན་ཁྱོད་མོད་ལ་སོས་པར་འགྱུར་བ་ལ་བསམ་ནས་སྨྲས་སོ། །དེས་སྨྲས་པ། ཤིན་ཏུ་ལེགས་པར་ཤེས་ཏེ། བདག་གིས་དེ་བཞིན་དུ་བགྱིས་སོ་ཟེར། དགའ་ནས་འདི་སྨན་པའི་རྒྱལ་པོར་དབང་བསྐུར་དུ་གསོལ། ལན་གཉིས་སུ་ཡང་སྨན་པའི་རྒྱལ་པོར་དབང་བསྐུར་རོ། །ལྷས་བྱིན་གྱིས་མ་སྐྱེས་དགྲ་བསླུས་ནས་ཕ་སྲོག་དང་ཕྲལ་བའི་ཚེ། དེ་ལ་སྐྲན་གྱི་ནད་བྱུང་ནས། ང་ལ་དཔྱད་གྱིས་ཤིག་ཟེར། དེས་བསམས་པ། སྐྲན་རྡོལ་བའི་རྒྱུ་ནི་གཉིས་ཏེ། ཤིན་ཏུ་ཁྲོས་པ་དང་། ལྷག་པར་དགའ་བའོ། །སྡིག་ཅན་འདི་དགའ་བར་མི་འགྱུར་རོ་སྙམ་ནས། ཁྲོས་པ་མི་བཟོད་པ་སྐྱེས་པས་སྐྲན་རྡོལ་ཏེ་ཡར་སྐྱུགས། མར་འཁྲུག་པས་ཁ་ནས་ཁྲག་དང་བཅས་པ་བྱུང་སྟེ་བརྒྱལ་ནས་ས་ལ་འགྱེལ་ལོ། །དེ་ནས་ཆུས་གཏོར་འཕྲོད་པའི་ཟས་བྱིན་པས་སྔོན་བཞིན་དུ་གསོས་ནས་སྐྲན་རྡོལ་བའི་ཐབས་བྱས་ཚུལ་རྒྱལ་པོར་བརྗོད་པས་མཆོག་ཏུ་ངོ་མཚར་ནས་ཡང་སྨན་པའི་རྒྱལ་པོར་དབང་བསྐུར་བས། ང་རྒྱལ་ཆེ་བར་སྐྱེས་ཏེ། བདག་ནི་ལུས་ཀྱི་དཔྱད་བྱེད་པ་རྣམས་ཀྱི་མཆོག་ཡིན་ལ། བཅོམ་ལྡན་འདས་ནི་སེམས་ཀྱི་དཔྱད་མཛད་པ་རྣམས་ཀྱི་


GTN004_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡིན་ནོ་སྙམ་མོ། །དེ་སྟོན་པའི་སྤྱན་སྔར་སོང་ཡང་བདེན་པ་མ་མཐོང་། སྟོན་པས་དྲེགས་པ་དེ་སྤང་བའི་ཕྱིར། འཚོ་བྱེད་ཆོས་གོས་ཀྱི་མཐར་བཟུང་བཅུག་ནས་གངས་ཅན་དུ་གཤེགས་ཏེ་སྨན་རྣམས་སྣ་ཚོགས་སྒྲོན་མ་བཞིན་འབར་བ་ལས། འཚོ་བྱེད་སྨན་ཇི་འདོད་ལོངས་ཤིག་གསུངས་ནས། གྲོགས་སུ་ལག་ན་རྡོ་རྗེ་བཏང་། དེས་སྨན་སྣ་ཚོགས་བླངས་ཏེ་འོངས། སྟོན་པས། འཚོ་བྱེད་སྨན་འདི་དང་འདིའི་མིང་ཅི་ཡིན། དེས་སོ་སོར་སྨོས་ཏེ་ནད་ཆེ་གེ་མོར་ཕན་ནོ། །སྟོན་པས་སྨན་གཞན་འགའ་དྲིས་པས་མིང་ཡང་མ་ཤེས་སོ། །དེར་འདི་དང་འདི་ཡིན་ཏེ་ནད་འདི་ལ་ཕན་ནོ་གསུངས་པས་དེའི་ང་རྒྱལ་བཅག །ཡང་སྨན་པ་ཡན་ལག་བཞི་དང་ལྡན་པ་ནི་རྒྱལ་པོར་འོས་པ་ཡིན་ལ། དེ་བཞིན་གཤེགས་པ་ནི་ཡན་ལག་བཞི་དང་ལྡན་པའི་སྨན་པ་བླ་ན་མེད་པ་ཡིན་ནོ་ཞེས་རྒྱས་པར་གསུངས་པས་བདེན་པ་མཐོང་ནས་ཆེད་དུ་བརྗོད་དོ། །རི་གངས་ཅན་ལྷག་པ་ཆེ་བས་སྟོན་པ་གྲངས་ནད་ཀྱི་བསྙུན་གྱིས་ཐེབས་པ། འཚོ་བྱེད་ཀྱིས་ཨུཏྤལ་སོ་གཉིས་དང་། བཀྲུ་སྨན་གྱི་རྫས་སྦྱར་ནས་ཤངས་ལ་བསྣམས། བུ་རམ་དང་ཨ་རུ་གསོལ། དེའི་ཁུ་བའི་རིམ་པའང་བསྟེན་པས་བསྙུན་དྭངས་སོ། །དེའི་ཚེ་འཚོ་བྱེད་ཀྱིས་ལུས་འཕགས་ཀྱི་རྒྱལ་པོའི་དཔྱད་བྱས་པས། བརྒྱ་སྟོང་རི་བའི་བེའུ་རས་ཡུག་པོ་ཆེ་ཞིག་བྱིན་པ། དེས་བླངས་ཏེ་སྟོན་པ་ལ་ཕུལ་ལོ། །


GTN004_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཉེར་གཉིས་པ་ནི། མཉན་ཡོད་ན་ཁྱིམ་བདག་སྦྱིན་པ་ཞེས་བྱ་བ་རྣམ་ཐོས་ཀྱི་བུ་ལ་ནོར་འགྲན་པ་ཞིག་ཡོད་པའི་ཆུང་མར་བུ་བཙས་ནས་མིང་བཟང་སྦྱིན་བཏགས། ཆེར་སྐྱེས་ནས་རྒྱན་རྣམས་ཀྱིས་བརྒྱན་ཏེ་མ་མའི་པང་དུ་ཁྱེར་ནས་ཕྱིར་བྱུང་བ་དང་སློང་མོ་བ་མཐོང་ནས་རྒྱན་ཐམས་ཅད་བྱིན་ཏོ། །ལན་གསུམ་དུ་རྒྱན་བཏགས་ཀྱང་ཐམས་ཅད་བྱིན་པ་དང་། ཁྱིམ་བདག་ན་རེ། བུ་བཟང་པོ་ཞིག་བཙས་ཏེ་རྟག་ཏུ་སྦྱིན་པ་ལ་དགའ་འོ། །ཆུང་མ་ན་རེ། འོ་ན་སླན་ཆད་རྒྱན་དེ་ལྟ་བུ་མི་བགྱིད་དོ། །བཟང་མོ་བདག་ཅག་རིན་པོ་ཆེ་མང་པོ་ཡོད་མོད། རྒྱན་རྡུང་མཁན་མེད་པས་ནང་ཁོ་ནར་རྩེར་བཅུག་གོ་ཟེར། །དུས་ཤིག་ན་ཁྱིམ་བདག་ཆུ་བོ་ཨ་ཛི་ར་ཝ་རི་ལ་ཁྲུས་བྱེད་པར་ཆས་པ་དང་། བདག་ཀྱང་མཆིའོ་ཟེར། བཟློགས་ཀྱང་མ་ཉན་པས་ཁྲིད་ནས་ཁྲུས་བྱས་ཏེ་ཆུ་འགྲམ་དུ་བཞག་གོ །ཡབ་ཅིའི་ཕྱིར་བདག་སྲུང་། བུ་ཁྱོད་ཀྱིས་རྒྱན་ཐམས་ཅད་སྟེར་བའི་ཉེས་པ་ཡོད་དོ། །ཡབ་ནོར་དོན་དུ་གཉེར་རམ། བུ་ཅིའི་ཕྱིར་དོན་དུ་མི་གཉེར། དེ་ལྟ་ན་བདག་ཆུར་འཇུག་ཏུ་སྩོལ་ཅིག །དེས་དེ་ཆུར་བཅུག་པས། ཆུ་ནང་ནས་ལྕགས་ཀྱི་བུམ་པ་གསེར་གྱིས་གང་བ་ཞིག་ཕྱུང་ནས། ཇི་ཙམ་བཞེད་པའི་ནོར་གྱི་བྱ་བ་མཛོད་ལ་ལྷག་མ་འདི་ཉིད་དུ་ཆུག་ཅིག །བུ་ཁྱོད་ཀྱིས་ཆུ་ནང་གཏེར་མཐོང་ངམ། དེར་མ་ཟད། ཐང་ལ་ཡོད་པ་དང་། བདག་པོ་ཡོད་མེད་དང་། ཉེ་རིང་ན་ཡོད་པ་རྣམས་མཐོང་ངོ་། །ཁྱིམ་བདག་ངོ་


GTN004_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་སྐྱེས་ནས། དེ་ལྟ་ན་དགའ་བར་སྦྱིན་པར་བྱིན་ཅིག །ནམ་ཞིག་གི་ཚེ་ཁྱིམ་བདག་དེ་ཤི་ནས་བཟང་སྦྱིན་རྗེ་བོར་གྱུར་ཏེ་མགོན་མེད་པ་རྣམས་ལ་རྟག་ཏུ་ཟས་སྦྱིན་པས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་གྲགས་སོ། །དེས་ཆུང་མ་བླངས་ནས་ཁྱེའུ་བདུན་བཙས་ཤིང་དྲུག་ལ་ཁྱིམ་ཕུབ་ལ། བདུན་པ་ལེགས་སྐྱེས་ལ་རིགས་མཉམ་པའི་ཆུང་མ་མ་རྙེད་པར། བྲམ་ཟེའི་ཁྱེའུ་སྦྲང་རྩིའི་ཕུང་པོས། བུ་མོ་ཞིག་བཙས་ནས་འབུལ་བར་ཆེད་དེ། རྒྱལ་པོའི་ཁབ་ཏུ་ཕྱིན་ནས། དེ་ན་མགོན་མེད་ཟས་སྦྱིན་དང་མཚུངས་པའི་ཁྱིམ་བདག་ཅིག་འདུག་པར། ཤིས་པར་བརྗོད་ནས་བུ་མོ་སློང་བས། སུའི་ཕྱིར་དུ་ཟེར། མགོན་མེད་ཟས་སྦྱིན་གྱི་བུ་ལེགས་སྐྱེས་ཀྱིའོ། །རིགས་ནི་མཉམ་ན་རིན་མང་པོ་དགོས་ཏེ། གངས་ཅན་རིའི་གླང་པོ་ཆེ་བརྒྱ། རྟ་བརྒྱ། གསེར་གྱི་རྒྱན་བརྒྱ། དྲེའུའི་ཤིང་རྟ་བརྒྱ། ཐོ་གར་ཡུལ་གྱི་བུ་མོ་བརྒྱའོ། །སྦྲང་རྩིའི་ཕུང་པོས་དོན་དེ་སླར་སྤྲིངས་པས་ཐམས་ཅད་སྦྱར་གྱིས་ལོངས་ཤིག་ཅེས་ལན་བསྐུར་རོ། །དེས་བླངས་ནས་བྲམ་ཟེའི་ཁྱེའུ་གཞན་ཞིག་གི་ཁྱིམ་དུ་སོང་བར་འཁྲུ་ནད་ཀྱིས་ཐེབས། དེ་རྣམས་སྐྲག་སྟེ་ཕྱིར་བོར་བ། ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱིས་མཐོང་ནས་སྨྱུག་མའི་ཚལ་བས་བཞར། ས་དཀར་པོས་བཀྲུས་ཏེ་ཆོས་བཤད་ནས། དེ་དད་བཞིན་དུ་ཤི་བས་རྒྱལ་ཆེན་རིགས་བཞིའི་ལྷར་སྐྱེས་སོ། །རྣམ་ཐོས་ཀྱི་བུར་གནས་བསླངས་པས་དེ་ཉིད་དུ་ལྷོ་སྒོར་གནས་ཐོབ་ཅིག །དེ་དེར་སོང་ནས་གཉུག་མར་གནས་སོ། །


GTN004_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འཕགས་ཀྱི་རྒྱལ་པོས་གཟུགས་ཅན་སྙིང་པོ་ལ་གངས་ཅན་རིའི་གླང་པོ་ཆེ་བརྒྱ་སྐྱེས་སུ་བསྐུར་བ་དང་། དེས་གསལ་རྒྱལ་ལ། དགོས་པ་ཡོད་ན་ལེན་དུ་ཐོང་ཞིག་ཅེས་སྤྲིངས་སོ། །མགོན་མེད་ཟས་སྦྱིན་གྱིས་གསལ་རྒྱལ་ལ་སྨྲས་པ། བདག་རྒྱལ་པོའི་ཁབ་ཏུ་བྱ་བ་ཅུང་ཟད་ཅིག་ལ་འགྲོ་སྟེ་སླར་ལོག་གོ །སོང་ལ་ངའི་གླང་པོ་ཆེ་བརྒྱ་བླང་དགོས་པ་དེ་དག་དོད་ཤོག་ཅིག །ལྷ་དེར་བདག་ལ་དགོས་པ་མཆིས་པས་གནང་ཤིག་དང་འདིར་འོངས་ནས་ཐུགས་མཉེས་པར་བགྱིའོ། །དེས་ཀྱང་གནང་ངོ་། །དེས་རིན་མང་དུ་ཁྱེར་ནས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན། དེ་གནས་པའི་ཁྱིམ་བདག་དེ་མཚན་མོར་ལངས་ནས་ནང་མི་རྣམས་ལ། ནང་རྗེ་དག །ལོངས་ཤིག་ཤིང་ཤོགས་ཤིག་མེ་བུས་ཤིག །འབྲས་ཆན་དང་ཚོད་མ་ཚོས་ཤིག །བཅའ་བ་དག་བཟང་དུ་གྱིས་ཤིག །མགོན་མེད་ཟས་སྦྱིན་གྱིས་ཁྱིམ་བདག་དེ་ལ། བག་མ་གཏོང་ལེན་ནམ། ཡུལ་མི་མགྲོན་ལ་བོས་སམ། ཚོང་པ་འཁོར་རམ། རྒྱལ་པོ་བྱོན་ནམ་དྲིས་པས། དེ་ན་རེ། མིན་ཏེ། སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་དྲངས་སོ། །དེས་སངས་རྒྱས་ཀྱི་སྒྲ་ཐོས་པས་སྤུ་ཟིང་བྱེད་ནས། སངས་རྒྱས་ཞེས་བྱ་བ་དང་དགེ་འདུན་བྱ་བ་སུ་ཡིན་དྲིས་པས། ཁྱིམ་བདག་གིས་རྒྱས་པར་བཤད་པས་གང་དུ་བཞུགས་ཟེར། ད་ལྟ་དུར་ཁྲོད་བསིལ་བའི་ཚལ་ནའོ། །བདག་གིས་བལྟར་རུང་ངམ། སྡོད་དང་སང་མཐོང་ངོ་། །མགོན་མེད་ཟས་སྦྱིན་སངས་རྒྱས་ལ་དམིགས་པའི་དྲན་པས་དེའི་ནུབ་མོར་གཉིད་ཡལ་ནམ་མ་ལངས་པར་ནམ་ལངས་པའི་འདུ་ཤེས་ཀྱིས་ལྷོ་སྒོར་སོང་བ་དང་།


GTN004_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་གློ་བུར་དུ་འགྲོ་འོང་མི་ཐོགས་པའི་ཕྱིར་མཚན་ཐུན་དང་པོ་དང་ཐ་མར་ལྷོ་སྒོ་ཕྱེ་ནས་སྣང་བ་གསལ་བར་མཐོང་བས་ནམ་ལངས་སོ་སྙམ་ཕྱིར་བྱུང་བ་ན། སྣང་བ་དེ་མེད་པར་ནམ་སྲོས་སོ། །དེ་ཤིན་ཏུ་འཇིགས་ནས་ལྷའི་བུ་སྦྲང་རྩིའི་ཕུང་པོའི་འདུག་གནས་ལ་སྐོར་བ་བྱེད་ཅིང་ཕྱག་འཚལ། དེས་བསིལ་བའི་ཚལ་གྱི་དུར་ཁྲོད་བར་སྣང་བས་གསལ་བར་བྱས་ནས་རང་གི་ལོ་རྒྱུས་ཀྱང་བསྙད། ལམ་བསྟན་པས་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་དང་ཆོས་ནི་མཆོག་གོ་སྙམ་ནས་མྱུར་བར་སོང་བ་དང་སྟོན་པ་གཙུག་ལག་ཁང་གི་ཕྱི་རོལ་བླ་གབ་མེད་པ་ན་འཆགས་ཤིང་བཞུགས་པ་རྒྱང་རིང་པོ་ནས་མཐོང་སྟེ། སྟོན་པ་བདེ་བར་མནལ་ལམ། བཀའ་སྩལ་པ། གང་ཞིག་འདོད་པས་མ་གོས་ལ། །ཟག་མེད་རབ་ཏུ་རྣམ་གྲོལ་བ། །མྱ་ངན་ཡོངས་འདས་བྲམ་ཟེ་ནི། །ཐམས་ཅད་དུ་ནི་བདེ་བར་མནལ། །དེ་ནས་སྟོན་པས་ཟས་སྦྱིན་གཙུག་ལག་ཁང་དུ་ཁྲིད་དེ་སྟན་ལ་འདུག་ནས། ཐར་པའི་ཡོན་ཏན། འདོད་པའི་ཉེས་དམིགས་སོགས་གསུངས་ཏེ་དད་པར་བྱས། དེ་ནས་བདེན་བཞིའི་ཆོས་བཤད་པས་རྒྱུན་ཞུགས་ཐོབ་ནས་ཆེད་དུ་བརྗོད་དོ། །སྟོན་པ་མཉན་ཡོད་དུ་གཤེགས་ན་དགེ་འདུན་དང་བཅས་པ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིའོ་ཞུས། སྟོན་པས། གང་ན་གཙུག་ལག་ཁང་ཡོད་པ་དེར་དགེ་འདུན་རྣམས་གནས་པས་ཡོད་དམ་གསུངས། མེད་ཀྱང་བརྩིག་ལགས་སོ། །སྟོན་པས་གནང་བ་དང་། དེས་རྒྱལ་པོའི་ཁབ་ཏུ་བྱ་བ་རྣམས་གྲུབ་ནས་སྟོན་པའི་སྤྱན་སྔར་སོང་སྟེ། བདག་གིས་མཉན་ཡོད་དུ་གཙུག་ལག་ཁང་


GTN004_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིག་པའི་གྲོགས་དགེ་སློང་ཞིག་མངགས་སུ་གསོལ། སྟོན་པས་ཤཱ་རིའི་བུ་བཏང་ངོ་། །དེ་དག་མཉན་ཡོད་དུ་སོང་བ་དང་། ལམ་དུ་ཀུན་དགའ་ར་བ་དང་ནགས་ཚལ་དང་སྐྱེད་མོས་ཚལ་རྣམས་བལྟ་ཞིང་། མཉན་ཡོད་ནས་ཧ་ཅང་མི་རིང་མི་ཉེ་བ་དང་། ཉིན་པར་ལང་ལོང་དང་ཀུ་ཅོ་ཉུང་བ། མཚན་མོ་གཅོམ་ཆུང་བ། སྦྲང་བུ་ལ་སོགས་པའི་གནོད་པ་ཆུང་བ་ཞིག་ཏུ་གཙུག་ལག་ཁང་བརྩིག་གོ་སྙམ་པ་ལ། གཞོན་ནུ་རྒྱལ་བྱེད་ཀྱི་ཀུན་དགའ་ར་བ་དེ་ལྟར་ཡིན་པ་མཐོང་ནས་དེ་ཉིད་དུ་གཞོན་ནུ་རྒྱལ་བྱེད་སར་སོང་ནས། བདག་གིས་སངས་རྒྱས་ཀྱི་ཕྱིར་གཙུག་ལག་ཁང་བརྩིག་ན་ཀུན་ར་སྩོལ་ཅིག །དེ་ན་རེ། དེ་ངའི་ཀུན་ར་མིན་ཏེ་སྐྱེད་མོས་ཚལ་ཡིན་ནོ། །ལན་གསུམ་དུའང་སྨྲས་པའི་ཐ་མར་ཀུན་ར་དེ་གསེར་བྱེ་བ་གཤིབས་ཀྱང་མི་བཏང་ངོ་། །དེ་ནས་ཁྱིམ་བདག་གིས། གཞོན་ནུས་ཀུན་རའི་རིན་བཅད་ཟིན་གྱིས་གསེར་དང་དབྱིག་ལོང་ཞིག །ཀུན་ར་ནི་བདག་གིའོ། །དེ་གཉིས་མ་འཆམ་སྟེ་ཞལ་ལྕེ་གཅོད་པའི་དྲུང་དུ་སོང་བ་དང་། དགེ་བའི་གྲོགས་སུ་རྒྱལ་ཆེན་བཞིས་ཞལ་ལྕེ་གཅོད་པའི་ཆ་ལུགས་སུ་སྤྲུལ་པར་དོན་དེ་བཤད་པས། མགོན་མེད་ཟས་སྦྱིན་གྱིས་བདེན་པ་ཐོབ་སྟེ། ཤིང་རྟ་དང་། ཁུར་དང་། སྒྱེ་དང་། གཟེབ་དང་། རྔ་མོ་དང་། གླང་དང་། བོང་བུ་རྣམས་ལ་གསེར་མང་པོ་བཀལ་ནས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་གསེར་བྱེ་བས་གཤིབས་པ་ན། ས་ཕྱོགས་འགའ་ཞིག་མ་གཡོགས་པ་དང་། ཁྱིམ་བདག་གིས། འདིར་བཀྲམ་ནས་སླར་སྦ་མི་དགོས་པའི་གཏེར་གང་ན་ཡོད་སྙམ་པ་དང་། རྒྱལ་བྱེད་ཀྱིས། འདི་


GTN004_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་དམ་སྙམ་ནས། ཁྱོད་འགྱོད་ན་གསེར་དང་དབྱིག་ཁྱེར་ཅིག །ཀུན་ར་ང་ཉིད་ཀྱི་ཡིན་ནོ། །དེས་བདག་འགྱོད་པ་མ་སྐྱེས་ཏེ་བསམ་ཚུལ་བཤད་པས། རྒྱལ་བྱེད་ངོ་མཚར་ནས་མ་བཀྲམ་པའི་ས་དེ་ང་ལ་བྱིན་ཅིག་དང་དེར་སྒོ་ཁང་དུ་བརྩིག་གོ །དེས་བྱིན་ནས་སྒོ་ཁང་བརྩིག་ཏུ་བཅུག་གོ །དེ་ནས་ཁྱིམ་བདག་གིས་གཙུག་ལག་ཁང་བརྩིག་པར་བརྩམས་པ་ན། མུ་སྟེགས་པ་རྣམས་ཞེ་སྡང་གིས་འདུས་ཏེ། ཁྱིམ་བདག །ཁྱོད་གོའུ་ཏ་མའི་ཕྱིར་མ་རྩིག་ཅིག །ངེད་ཅག་གིས་གྲོང་ཁྱེར་བགོས་པས། རྒྱལ་པོའི་ཁབ་ནི་གོ་ཏམ་གྱི་མིན་ལ། མཉན་ཡོད་ནི་ངེད་ཀྱི་ཡིན་ནོ། །དེ་ན་རེ། ཁྱེད་ཀྱིས་གྲོང་བགོས་ཀྱང་ངའི་ནོར་མ་བགོས་པས་ང་གང་ལ་དགའ་བ་དེའི་ཆོས་ཀྱི་ཕུང་པོ་བརྩིག་གོ །དེ་ནས་རྒྱལ་པོའི་དྲུང་དུ་སོང་བས་ཀྱང་ཁྱིམ་བདག་རྒྱལ་བ་ན། མུ་སྟེགས་རྣམས་ཀྱིས་གཽ་ཏ་མའི་ཉན་ཐོས་དེ་དང་ངེད་ཤག་བཀྱེ་ནས་ཁོ་རྒྱལ་ན་རྩིག་ཅིག །དེས་ཤཱ་རིའི་བུ་ལ་དྲིས་པས་དུས་ལ་བབ་པར་མཁྱེན་ནས་ཉི་མ་བདུན་པ་ལ་བྱའོ་གསུངས། དེས་མུ་སྟེགས་རྣམས་ལ་སྨྲས་པས། དེ་རྣམས་ཀྱིས་བསམ་པ། ཡང་ན་འབྲོས་འདོད། ཡང་ན་གྲོགས་ཚོལ་འདོད། བདག་ཅག་ཀྱང་གྲོགས་བཙལ་ལོ་ཟེར། ཀུན་ཏུ་རྒྱུ་མིག་དམར་མཐོང་ནས་སྨྲས་པས་དེས་ཀྱང་ཁས་བླངས། ཉི་མ་བདུན་པ་ལ་མགོན་མེད་ཟས་བྱིན་གྱིས་སྟན་གཤོམ། ཤཱ་རིའི་བུ་སེངྒེའི་ཁྲི་ལ་འདུག་པ་ན་སྲོག་ཆགས་བརྒྱ་སྟོང་མང་པོ་དགེ་བའི་རྩ་བས་བསྐུལ་ནས་འདུས། ཡུལ་སྣ་ཚོགས་ནས་འོངས་པའི་མུ་སྟེགས་རྣམས་ཀྱང་འཁོད་པ་དང་། ཤཱ་རིའི་བུས། ཁྱེད་


GTN004_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དམ་འཇིགས་གསུངས། ངེད་ཀྱིས་བྱ་ཡི་ཟེར་ནས། ཀུན་ཏུ་རྒྱུ་མིག་དམར་གྱིས་ས་ཧ་ཀ་རའི་ཤིང་མེ་ཏོག་རྒྱས་པ་ཞིག་སྤྲུལ། ཤཱ་རིའི་བུས་ཆར་རླུང་དྲག་པོ་ཕབ་སྟེ་རྩད་ནས་ཕྱུང་། མི་མངོན་པར་བྱས། པདྨའི་རྫིང་ཞིག་སྤྲུལ་པ་དང་། གླང་ཆེན་ཞིག་སྤྲུལ་ནས་རྨེག་མེད་བྱས། སྦྲུལ་མགོ་བདུན་པ་ཞིག་སྤྲུལ་པ་ནམ་མཁའ་ལྡིང་གིས་ཁྱེར། རོ་ལངས་ཤིག་སྤྲུལ་པས། སྔགས་ཀྱི་ཕུར་བུས་བཏབ་པ་ན། ཉེས་པར་སྤྱད་པའི་རོ་ལངས་ནི་བདག་ཉིད་གསོད་པས་དེའི་སྟེང་དུ་བསྙེགས་པ་དང་། ཁོ་སྐྲག་ནས་ཤཱ་རིའི་བུ་ལ་སྐྱབས་སུ་སོང་བར། ཕུར་བུ་ཕྱུང་བས་ཞིའོ། །ཆོས་བསྟན་པས་དད་ནས་རབ་ཏུ་བྱུང་བསྙེན་པར་རྫོགས་དགྲ་བཅོམ་པ་ཐོབ། དེའི་འཁོར་རྣམས་ཀྱང་འབྲས་བུ་བཞི་དང་བྱང་ཆུབ་གསུམ་ལ་བཀོད། མུ་སྟེགས་རྣམས་ཀྱིས་ད་མི་ཐུབ་ཀྱི། ཐབས་ཀྱིས་གསད་དོ་སྙམ་ནས། མགོན་མེད་ཟས་སྦྱིན་ལ་ཁོང་རྣམས་གླ་མི་བྱ་བར་གསོལ་བ་ན། དེས་ཤཱ་རིའི་བུ་ལ་དྲིས་པས། དེ་རྣམས་ཀྱི་རྒྱུད་ལ་དགེ་རྩ་ཡོད་པར་མཁྱེན་ནས་གནང་སྟེ། དེ་རྣམས་ཀྱིས་གླ་མིའི་ལས་བྱེད་པ་ན་ཤཱ་རིའི་བུས་མི་གཏུམ་པ་ལྕག་ཐོགས་ཤིག་སྤྲུལ་ནས་དེ་ལས་བྱེད་དུ་བཅུག་གོ །ཤཱ་རིའི་བུས་དེ་རྣམས་འདུལ་བའི་དུས་སུ་མཁྱེན་ནས་འགོལ་བ་ཞིག་ཏུ་འདུག་པ་མཐོང་སྟེ་གསོད་པར་བརྩམས་པས། གཏུམ་པོ་ལྕག་ཐོགས་དེ་རྦད་ནས། དེས་ལས་གྱིས་ཞེས་ལྕག་བརྒྱབ་པས་སྐྲག་སྟེ། ཤཱ་རིའི་བུ། བསྐྱབ་ཏུ་གསོལ། ཤཱ་རིའི་བུས། རེ་ཞིག་ངལ་གསོར་ཆུག་ཅིག །དེ་རྣམས་ཀྱིས་བསམ་པ། འདི་


GTN004_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདག་ཅག་གིས་གསོད་པར་བརྩམས་ན། སླར་ཡང་བྱམས་ཏེ། བདག་ཉིད་ཆེན་པོའོ་སྙམ་ནས་དད་པས་ཆོས་ལ་བཀོད་དེ་དགྲ་བཅོམ་པ་ཐོབ་བོ། །དེ་ནས་ཤཱ་རིའི་བུས་གཙུག་ལག་ཁང་གི་ཐིག་སྐུད་ཀྱི་ཕྱོགས་གཅིག་བཟུང་། ཟས་སྦྱིན་གྱིས་ཕྱོགས་གཅིག་བཟུང་བ་དང་ཤཱ་རིའི་བུས་འཛུམ་པར་མཛད་དོ། །རྒྱུ་ཞུས་པས། ཁྱོད་ཀྱིས་འདིར་ཐིག་སྐུད་བཟུང་བ་ན་དགའ་ལྡན་དུ་གསེར་གྱི་ཁང་པ་གྲུབ་བོ། །མགོན་མེད་ཟས་སྦྱིན་ཆེར་དད་ནས། དེ་ལྟ་ན་ཡང་ཐིག་སྐུད་བརྐྱང་བར་བགྱིའོ། །དེ་ལྟར་བྱས་པ་དང་དེའི་དད་པའི་ཤུགས་ཀྱིས་གསེར་གྱི་ཁང་པ་དེ་རིན་ཆེན་སྣ་བཞིར་གྱུར་ནས། ཡང་དེ་གོ་བར་བྱས་སོ། །དེ་ནས་མགོན་མེད་ཟས་སྦྱིན་གོང་ནས་གོང་དུ་བསོད་ནམས་འཕེལ་བའི་ཤུགས་ཀྱིས། གཙུག་ལག་ཁང་ཆེན་པོ་བཅུ་དྲུག །ཁང་ཕྲན་དྲུག་ཅུ་བརྩིག་ཏུ་བཅུག་སྟེ་ཡོ་བྱད་ཐམས་ཅད་ཀྱིས་རྒྱས་པར་བྱས་སོ། །དེ་ནས་ཤཱ་རིའི་བུ་ལ། སྟོན་པའི་གཤེགས་ཤུལ་ཚད་ཇི་ཙམ་དྲིས་པས། འཁོར་ལོས་སྒྱུར་རྒྱལ་ལྟར་རྒྱང་གྲགས་བཅུའོ། །དེས་མཉན་ཡོད་ནས་རྒྱལ་པོའི་ཁབ་ཀྱི་གཤེགས་དགོངས་བརྩིགས། སྦྱིན་གཏོང་གི་ཁང་པ་བརྩིག་ཏུ་བཅུག །དུས་ཚོད་གསོལ་བའི་མི་དང་སྨན་ཡང་འཇོག་ཏུ་བཅུག་ནས་སྤྱན་འདྲེན་པ་བཏང་། སྟོན་པ་འཁོར་བཅས་མགོན་མེད་ཟས་སྦྱིན་དང་མཉན་ཡོད་པའི་སྐྱེ་བོའི་ཚོགས་ཀྱིས་བསུ། ལྷའི་ཚོགས་ཀྱིས་ཞམ་རིང་བྱས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་དུ་གཤེགས་པ་ན། སྒོའི་ཐེམ་པར་ཞབས་གཡས་བཞག་པ་དང་ས་རྣམ་པ་དྲུག་ཏུ་གཡོས། མེ་ཏོག་གི་ཆར་བབ། དོག་པ་རྣམས་ཡངས། དམའ་བ་


GTN004_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཐོ། དབང་པོ་མ་ཚང་བ་རྣམས་དབང་པོ་ཚང་བ་སོགས་ངོ་མཚར་སྟོང་ཕྲག་བྱུང་ངོ་། །དེ་ནས་སྟོན་པ་གདན་བཤམས་པ་ལ་བཞུགས། མགོན་མེད་ཟས་སྦྱིན་གྱིས་གསེར་གྱི་བྱ་མ་བུམ་གྱིས་ཆུ་སྦྲེངས་པ་འཛག་ཏུ་མ་འདོད། དེ་ཡིད་མ་བདེ་ནས་བདག་གིས་ཉེས་པ་མ་བྱས་སྙམ་པ་དང། སྟོན་པས་དེ་མཁྱེན་ནས་ཁྱོད་ཀྱིས་ཉེས་པ་ཅུང་ཟད་ཀྱང་མ་བྱས་མོད། ཁྱོད་ཕྱོགས་འདིར་འདུག་ནས་སྔོན་གྱི་སངས་རྒྱས་ལ་ཕྱོགས་འདི་ཕུལ་བ་ཡིན་གྱིས། ཕྱོགས་གཞན་དུ་འདུག་ལ་ཆུ་སྦྲེངས་ཤིག །དེ་ལྟར་བྱས་པ་དང་། སྟོན་པས་ཡན་ལག་ལྔ་ལྡན་གྱི་གསུང་དབྱངས་ཀྱིས་རྒྱལ་བྱེད་ཚལ་བརྗོད་པ་དང་། གཞོན་ནུ་རྒྱལ་བྱེད་ཀྱི་བསམ་པ་ལ། སྟོན་པས་བདག་གི་མིང་ཐོག་མར་སྨོས་ན་ཅི་མ་རུང་སྙམ་པ་དང་། སྟོན་པས་འདི་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡིན་ནོ་གསུངས་པས་དེ་ཤིན་ཏུ་དད་ནས། རིན་པོ་ཆེ་སྣ་བཞིའི་སྒོ་ཁང་བྱེད་དུ་བཅུག་གོ །དགེ་སློང་རྣམས་ཀྱིས་ཞུས་པ། མགོན་མེད་ཟས་སྦྱིན་གྱིས་ས་ཕྱོགས་འདི་སྔོན་གྱི་སངས་རྒྱས་ལ་ནམ་ཕུལ་ལགས། སྔོན་བྱུང་བ་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སངས་རྒྱས་རྣམ་གཟིགས་འཁོར་དགེ་སློང་དྲུག་ཁྲི་ཉིས་སྟོང་དང་ལྷན་ཅིག་ཕྱོགས་འདིར་གཤེགས་པའི་ཚེ་མཉན་ཡོད་ན་ཁྱིམ་བདག་རྒྱལ་ཞེས་བྱ་བས་ས་ཕྱོགས་འདི་རྒྱང་གྲགས་དྲུག་གསེར་དང་དབྱིག་གཤིབས་པས་གཞོན་ནུ་ལས་ཉོས་ནས་སངས་རྒྱས་ལ་ཕུལ་ཏེ་རབ་ཏུ་བྱུང་དགྲ་བཅོམ་མོ། །དེའི་ཚ་བོ་


GTN004_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སངས་རྒྱས་རྣམ་གཟིགས་ལ་དད་ནས་དེའི་དབུ་སྐྲ་སེན་མོའི་མཆོད་རྟེན་བརྩིགས། རང་ལ་བརྟེན་པའི་མི་ཞིག་གིས་ནོར་བུ་འབར་བ་སྐྱེས་སུ་བསྐུར་བ་བཏགས་པས་ཉིན་མཚན་སྒྲིབ་མེད་དུ་མཐོང་ནས་དད་པ་སྐྱེས་ཏེ་སྨོན་ལམ་བཏབ་པ། བདག་གི་ཞང་པོ་ཇི་བཞིན་དུ་བདག་ཀྱང་ས་ཕྱོགས་འདི་གསེར་དང་དབྱིག་གཤིབས་པས་ཉོས་ནས་སངས་རྒྱས་བདུན་ལ་ཕུལ་ཞིང་དེ་རྣམས་ཀྱི་ཕྱི་མ་དེའི་དྲུང་དུ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་སྟེ། དེའི་དུས་ཀྱི་རྒྱལ་གྱི་ཚ་བོ་འདི་ནི་མགོན་མེད་ཟས་སྦྱིན་ཡིན་ནོ། །དེ་ནས་བསྐལ་པ་སུམ་ཅུ་རྩ་གཅིག་པ་དེ་ཉིད་ལས་སངས་རྒྱས་གཙུག་ཏོར་ཅན་འཁོར་དགེ་སློང་དྲུག་ཁྲི་དང་བཅས་ལ། ཁྱིམ་བདག་རྒྱས་པ་ཞེས་བྱ་བས་ས་ཕྱོགས་འདི་དཔག་ཚད་ཕྱེད་གསུམ་ནོར་བུ་གཤིབས་པས་ཉོས་ནས་ཕུལ་ལོ། །དེའི་འོག་ཏུ་བསྐལ་པ་སུམ་ཅུ་རྩ་གཅིག་པ་དེ་ཉིད་ལ་སངས་རྒྱས་ཐམས་ཅད་སྐྱོབ་འཁོར་དགེ་སློང་དྲུག་ཁྲི་དང་བཅས་ལ། ཁྱིམ་བདག་མཆུ་ཞེས་བྱ་བས་ས་ཕྱོགས་འདི་རྒྱང་གྲགས་གཉིས་མུ་ཏིག་གཤིབས་པས་ཉོས་ནས་ཕུལ་ལོ། །དེ་ནས་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་འཁོར་བ་འཇིག་འཁོར་དགེ་སློང་བཞི་ཁྲི་དང་བཅས་པར་ཁྱིམ་བདག་སྲིད་སྦྱིན་གྱིས་ས་ཕྱོགས་འདི་བ་ལང་གིས་བཀང་བས་ཉོས་ནས་ཕུལ་ལོ། །དེ་ནས་སྐྱེ་དགུའི་ཚེ་ལོ་སུམ་ཁྲི་པར་སངས་རྒྱས་གསེར་ཐུབ་འཁོར་སུམ་ཁྲི་དང་བཅས་པར། ཁྱིམ་བདག་ཕུར་བུས་ས་ཕྱོགས་འདི་གོས་བཏིང་བས་ཉོས་ནས་ཕུལ་ལོ། །དེ་ནས་ཚེ་ལོ་ཉི་ཁྲི་པར་སངས་རྒྱས་འོད་སྲུང་འཁོར་དགེ་


GTN004_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ཁྲི་དང་བཅས་པར། ཁྱིམ་བདག་ཆུ་སྟོད་ཀྱིས་ས་ཕྱོགས་འདི་རྒྱང་གྲགས་ཕྱེད་གསེར་གྱིས་བཀྲམ་ནས་ཉོས་ཏེ་ཕུལ་ལོ། །ད་ལྟ་ང་འཁོར་ཉིས་བརྒྱ་ལྔ་བཅུ་དང་བཅས་པར། མགོན་མེད་ཟས་སྦྱིན་གྱིས་སྨོན་པ་དོར་བཅུ་དྲུག་གིས་སྨོད་པའི་ཁྱོན་གསེར་བྱེ་བ་གཤིབས་པས་ཉོས་ནས་ཕུལ་ལོ། །མ་འོངས་ཚེ་ལོ་བརྒྱད་ཁྲི་པར་སངས་རྒྱས་བྱམས་པ་འཁོར་དགྲ་བཅོམ་པ་ཁྲག་ཁྲིག་དག་དང་ཐེར་འབུམ་ཆེན་པོ་ཕྲག་དྲུག་ཕྱོགས་འདིར་གཤེགས་པ་ན་ཁྱིམ་བདག་ནོར་བཟང་ཞེས་པས་ས་ཕྱོགས་འདི་དཔག་ཚད་གསུམ་གསེར་དང་དབྱིག་གཤིབས་པས་ཉོས་ནས་འབུལ་ཞིང་། དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་པར་འགྱུར་རོ། །དེའི་ཚེ་མགོན་མེད་ཟས་སྦྱིན་གྱིས་གཏེར་རྣམས་མཐོང་བར་གྲགས་པའི་ཚེ། མུ་སྟེགས་ཅན་རྣམས་ཀྱིས་མཚན་མ་གང་གིས་གཏེར་མཐོང་ཞེས་གླེང་བ་ན་བྲམ་ཟེ་ཕྱུགས་བསྟན་གྱིས་བདག་གིས་བརྟག་པར་བྱའོ་སྨྲས་ནས་བརྟག་པ་ན། མཁས་ཤིང་བཟོད་པ་དང་དེས་པ་ལྡན་པས་གཏེར་རྣམས་མཐོང་བར་བསམ་སྟེ། དེ་བཞིན་དུ་སྨྲས་པ་ཀུན་ཏུ་གྲགས་པའི་ཚེ། སྟོན་པ་ལ་གསོལ་པས། མུ་སྟེགས་ཅན་བརྒྱ་སྟོང་བྱེ་བས་ཀྱང་གཏེར་མཐོང་བའི་རྒྱུ་མཚན་མི་ཤེས་ཀྱི། དེའི་མིག་འབྲས་རིན་པོ་ཆེ་ལྟར་བཀྲ་བ་དང་། དབྱིག་གི་སྐད་ཡོད་པས་གཏེར་རྣམས་མཐོང་ངོ་། །དེའི་རྒྱུ་ཞུས་པས། སྔོན་ཁྱིམ་བདག་ཅིག་པོ་ག་སྐྱེད་ཚལ་དུ་སོང་བར་རང་སངས་རྒྱས་ཤིག་མཐོང་ནས་དད་དེ། ཕྱིས་མྱ་ངན་འདས་པ་ན་བཀུར་སྟི་ཆེན་


GTN004_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བསྲེགས་ཏེ། མེ་འོ་མས་བསད་ནས་རུས་པ་ཤེལ་གྱི་བུམ་པར་རིན་པོ་ཆེ་དང་བསྲེས་ཏེ་བླུགས་པས་རུས་པ་དེ་རྣམས་འོད་དང་ལྡན་ཞིང་སྒྲ་འབྱིན་པ་ན་དེས། རུས་པ་འདི་རྣམས་འོད་དང་ལྡན་ཞིང་སྒྲ་འབྱིན་པ་བཞིན་དུ་བདག་གི་མིག་འབྲས་རིན་པོ་ཆེ་ལྟར་བཀྲ་ཞིང་དབྱིག་གི་སྐད་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ལ་ནོར་བུ་འབར་བ་བཏགས་པའི་མཐུའོ། །༈ ཡལ་འདབ་ཉེར་གསུམ་པ་ནི། རྒྱལ་པོ་གསལ་རྒྱལ་ཡང་དག་པའི་དད་པ་ཐོབ་ནས། རྒྱལ་པོ་ཟས་གཙང་མ་ལ། ལྷ་དགྱེས་པ་བསྐྱེད་དུ་གསོལ། ཁྱེད་ཀྱི་སྲས་ཀྱིས་བདུད་རྩི་བརྙེས་ནས་བདུད་རྩིས་འགྲོ་བ་ཚིམ་པར་མཛད་དོ་ཞེས་ཕྲིན་ཡིག་ཕུལ་བས། ཟས་གཙང་གིས་སྟོན་པའི་དྲུང་དུ་ཕོ་ཉ་ཞིག་བཏང་བ། སྟོན་པ་དང་ཆོས་ཀྱི་གཟི་བྱིན་གྱིས་རབ་ཏུ་དགའ་བའི་ཤུགས་ཕུན་སུམ་ཚོགས་པར་ཉམས་སུ་མྱོང་སྟེ། དེ་ཉིད་དུ་རབ་ཏུ་བྱུང་ནས་ཕྱིར་མ་འོངས་སོ། །དེ་བཞིན་དུ་ཕོ་ཉ་བདུན་ལ་སོགས་པའི་བར་བཏང་ཡང་རབ་ཏུ་བྱུང་ནས་ཐམས་ཅད་ཕྱིར་མ་ལྡོག་པས། མདུན་ན་འདོན་གྱི་བུ་འཆར་ཀས། བདག་ཕོ་ཉར་འགྲོ་ཞིང་ཕྱིར་ངེས་པར་འོང་ངོ་བྱས་ནས། རྒྱལ་པོ་ཟས་གཙང་རང་གིས་


GTN004_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ཡིག་བྲིས་པ་ཁྱེར་ཏེ་སོང་བ་ལས་མཉན་ཡོད་དུ་ཞག་བདུན་ན་སླེབས། སྟོན་པའི་སྤྱན་སྔར་སོང་སྟེ་ཞུ་ཡིག་ཕུལ་བ། སངས་རྒྱས་ཉིད་ཀྱིས་ཕྱག་གིས་བཞེས་ཏེ་བཀླགས་སོ། །འཆར་ཀས་གསོལ་པ། བཅོམ་ལྡན་འདས་སེར་སྐྱར་མི་བཞུད་དམ། བཀའ་སྩལ་པ་འགྲོའོ། །དེ་སྔོན་བཅོམ་ལྡན་འདས་དང་ལྷག་པར་འདྲིས་པས་གལ་ཏེ་མི་བཞུད་ན་བདག་གིས་མཐུས་བཀྲིའོ། །ཞེས་སྤྱི་བརྟོལ་དུ་གསོལ་བས། གང་སྲེད་པ་དང་བྲལ་ཞིང་སྤྱོད་ཡུལ་མཐའ་ཡས་མངའ་བ་དེ་སུ་ཞིག་གིས་བཀྲི་བར་ནུས། ཞེས་གསུངས། གསོལ་པ། བདག་འགྲོ་སྟེ་ཟས་གཙང་མ་ལ་རིག་པར་བགྱིའོ། །སྟོན་པས་སངས་རྒྱས་ཀྱི་ཕོ་ཉ་ནི་འདི་ལྟ་བུ་མ་ཡིན་པས་རབ་ཏུ་བྱུང་ཞིག །གསོལ་པ། སླར་འོང་བར་དམ་བཅས་ན་ཇི་ལྟར་བགྱིད། སྔོན་ལ་རབ་ཏུ་བྱུང་ལ་རྗེས་སུ་སོང་ཞིག་གསུངས་ནས་ཤཱ་རིའི་བུ་ལ་གཏད། རབ་ཏུ་བྱུང་བསྙེན་པར་རྫོགས་ནས་ཀུན་ཏུ་སྤྱོད་པའི་ཆོས་དག་བསྟན་ནས་སྟོན་པའི་སྤྱན་སྔར་སོང་བ་ན། སྟོན་པས་འཆར་ཀ་སེར་སྐྱར་མངགས་ནས་བསླབ་བྱ་མཛད། དེ་སོང་བའི་ཚེ། སངས་རྒྱས་ཀྱི་མཐུས་ཡུད་ཙམ་ཞིག་ལ་སླེབས་པས་དད་པ་ལྷག་པར་འཕེལ། དེར་སྟོན་པས་ཇི་ལྟར་བཀའ་སྩལ་པ་བཞིན། ཕོ་བྲང་གི་སྒོ་དྲུང་དུ་བསྡད་ནས་ཤཱཀྱའི་དགེ་སློང་འོངས་སོ་ཞེས་བརྡ་སྦྱར། དགེ་སློང་གཞན་དག་ཀྱང་ཡོད་དམ་ཞེས་དྲིས་པས། ཤེས་ལྡན་དག་ཡོད་དོ། །དེ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་སྨྲས་པས་ནང་དུ་བྱོན་ཅིག །དེར་འཆར་ཀས་ནང་དུ་ཞུགས་ཏེ་སྔར་གྱི་ཚུལ་རྣམས་རྒྱས་པར་བཤད། གཞོན་ནུ་དོན་གྲུབ་ཆ་བྱད་


GTN004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲའམ། ལྷ་འདི་འདྲའོ། །དེར་རྒྱལ་པོ་ཟས་གཙང་བརྒྱལ་ཞིང་ས་ལ་འགྱེལ་བ་ཙནྡན་གྱི་ཆུས་གསོས་པས། གཞོན་ནུ་དུས་ཇི་སྲིད་ན་འབྱོན་གསུངས། དགུང་བདུན་ལོན་ནས་སོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ། རྒྱལ་པོའི་ཁབ་དང་ཕོ་བྲང་བྱི་དོར་གྱིས་ཤིག་ཅེས་བསྒོ་བ་དང་། འཆར་ཀས། སངས་རྒྱས་ནི་དབེན་པ་དང་གཙུག་ལག་ཁང་དུ་བཞུགས་ཏེ་ཕོ་བྲང་ལ་མ་ཡིན་ནོ་སྨྲས་པས། རྒྱལ་པོས་གཙུག་ལག་ཁང་ཅི་འདྲ་གསུངས། འཆར་ཀས་རྒྱལ་བྱེད་ཚལ་གྱི་རྣམ་པ་རི་མོར་བྲིས་ནས་བསྟན་པས། རྒྱལ་པོས་ཀྱང་སྐྱེད་མོས་ཚལ་ནྱ་གྲོ་དྷར་དེ་འདྲ་བ་བྱེད་དུ་བཅུག་སྟེ། ས་བདག་རྣམས་ནི་ཚིག་གིས་ཏེ། །ལྷ་རྣམས་བསམ་པས་འགྲུབ་པར་འགྱུར། །དེ་བཞིན་བསམ་གཏན་པ་རྣམས་ཀྱིས། །སེམས་བསྐྱེད་པས་ནི་ཐམས་ཅད་འགྲུབ། །ཅེས་བྱ་བ་ཡིན་པས་ཁང་བཟང་ཆེན་པོ་དང་། གཙུག་ལག་ཁང་བཅུ་དྲུག་དང་། ཁང་མིག་དྲུག་ཅུ། ར་བ་སྒོ་ཁང་རྟ་བབས་དང་བཅས་པ་ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པ་ཞག་བདུན་གྱི་ཁོངས་སུ་གྲུབ་བོ། །སྐྱེད་མོས་ཚལ་རོ་ཧི་ཀ་དང་། ཚངས་པས་བསྐོར་བར་ཡང་དེ་དང་འདྲ་བར་བྱས་སོ། །སྟོན་པའི་སྐུའི་དྲུང་ནས་འཆར་ཀ་སོང་བའི་རྗེས་ཁོ་ནར་སྟོན་པས་མོའུ་འགལ་གྱི་བུ་ལ་བཀའ་སྩལ་ཏེ། གྲོང་ཁྱེར་སེར་སྐྱ་ན་ཡབ་སྲས་གདན་འཛོམས་པར་འགྱུར་གྱི། གང་བལྟ་བར་འདོད་པ་རྣམས་ཆོས་གོས་ལོངས་ཤིག །ཅེས་གསུངས་ཏེ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་ཡོད་ནས་སེར་སྐྱའི་བར་དུ་ལྗོངས་རྒྱུ་ཞིང་གཤེགས་པས་ལམ་བར་དུ་དགུང་ཞག་བདུན་མཛད་དེ།


GTN004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ལ་ཆུ་བོ་རོ་ཧི་ཀའི་འགྲམ་དུ་བཞུགས་སོ། །དེ་ནས་ནང་པར་རྒྱལ་པོ་ཟས་གཙང་མས་ཆུ་ཀླུང་གི་འགྲམ་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བའི་བར་ལམ་ཐམས་ཅད་བྱི་དོར་བྱས་ཤིང་རྒྱན་གྱིས་བརྒྱན། ས་ཕྱོགས་ཤིན་ཏུ་ཡངས་པ་ཞིག་ཏུ་སྟན་དང་མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་བཤམས་སོ། །བསུ་བའི་བཀོད་པ་རྒྱ་ཆེན་པོ་ཡང་སྦྱར་ཏེ། འགའ་ཞིག་ཤིང་རྟ་དཀར་ལ་འདྲེན་བྱེད་ཀྱི་རྟ་ཡང་དཀར་བ། དེ་ལ་གནས་པའི་མི་གོས་དང་ལྷམ་དང་ཐོད་སོགས་ཆ་བྱད་ཐམས་ཅད་དཀར། བ་དན་ཡང་དཀར་བ། ཡང་གཞན་དག་ཐམས་ཅད་སེར་བ། ཐམས་ཅད་དམར་བ། ཐམས་ཅད་སྔོ་བ། ཐམས་ཅད་ཁྲ་བོ་སོགས་ཡོད་ལ། གཞན་ཡང་གླང་པོ་ཆེ་རྒྱན་དུ་མས་བརྒྱན་པ། རོལ་མོ་རྣམ་པ་སྣ་ཚོགས་པ། གར་གྱི་ཁྱད་པར་སོགས་མཐའ་ཡས་པ་བཀོད་དོ། །དེ་ནས་དགེ་སློང་རྣམས་ཀྱང་ཆུ་ཀླུང་ལ་ཁྲུས་ལ་སོགས་པའི་བྱ་བ་བྱེད་དོ། །དེར་སྟོན་པས་སྐྱེ་བོ་རྣམས་ཆོས་ལ་འཇུག་པའི་ཕྱིར་རྫུ་འཕྲུལ་མངོན་པར་འདུ་མཛད་པར་བརྩམས་པ་ན། སྲོག་ཆགས་དུ་མ་དགེ་བའི་རྩ་བས་བསྐུལ་ནས་འདུས་ཏེ། ལ་ལ་ནི་དད་པས་འོངས། ལ་ལ་ནི་ཐེ་ཚོམ་དུ་གྱུར་པ་སོགས་རྐྱེན་འཇུག་ཚུལ་ཐ་དད་ཀྱང་ཕལ་ཆེར་ཆོས་རྟོགས་པའི་སྐལ་བ་དང་ལྡན་པའོ། །དེར་སྟོན་པ་འཁོར་བཅས་སྟེང་གི་བར་སྣང་ལ་འཕགས་ནས། ནམ་མཁའ་ལ་བཞེངས་པ་དང་བཞུགས་པ་དང་། འཆག་པ་དང་རྣལ་བར་མཛད། འོད་ཟེར་སྣ་ཚོགས་སྤྲོ། སྐུ་སྨད་ནས་མེ་འབར་སྐུ་སྟོད་ནས་ཆུ་འབྲུབ་པ། དེ་ཉིད་གོ་ཟློག་པ། གློག་དང་


GTN004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་དང་སྒྲ་དང་ཆར་འབབ་པ་དང་འབར་བ་དང་གསལ་བ་དང་ལམ་མེར་འདུག་པ་སྟེ་ཆོ་འཕྲུལ་རྣམ་པ་བཞི་པོ་ཕྱོགས་བཞིར་བསྟན། དེ་ནས་རྫུ་འཕྲུལ་དེ་བསྡུས་ནས་ཤིང་ཏ་ལ་བདུན་སྲིད་ཀྱི་ནམ་མཁའ་ནས་ཚུར་གཤེགས་ཏེ། དགེ་སློང་རྣམས་ཏ་ལ་ཉིས་སྲིད་ཙམ་ལས་བྱོན་ནོ། །དེ་ནས་སངས་རྒྱས་ལས་དགེ་སློང་རྣམས་ཀྱིས་དམའ་བར་ཇེ་དམའ་ཇེ་དམའ་རུ་བྱོན་ནས་རྫུ་འཕྲུལ་གྱི་བཀོད་པ་མང་པོས་ལང་ལོང་དུ་གྱུར་པས། རྒྱལ་པོས་སངས་རྒྱས་ངོ་མ་ཤེས་པར་འཆར་ཀས་བརྡ་སྤྲད་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་ལུས་ཐམས་ཅད་ཀྱིས་བཏུད་ནས་ཕྱག་བྱས་ཤིང་ཚིགས་བཅད་ཀྱང་བརྗོད། དེ་ནས་ཤཱཀྱ་རྣམས་ཀྱིས་ཡབ་ཀྱིས་སྲས་ལ་ཕྱག་མཛད་པ་ཅིའི་ཐ་ཚིག་ཅེས་མ་དད་པར། རྒྱལ་པོས་ངས་དང་པོ་ཁོ་ནར་བལྟམས་པའི་དུས་སུ་ས་གཡོས་ཤིང་འོད་ཀྱིས་ཁྱབ་པ་དང་། ཛམ་བུའི་གྲིབ་མས་སྐུ་ལུས་མ་བཏང་བའི་སྐབས་སུའང་ཕྱག་བྱས་ཏེ་དེང་ཁོ་ནར་མ་ཟད་དོ་གསུངས། དེ་ནས་སྟོན་པས་འཁོར་ཚོགས་དེ་དག་ཟིལ་གྱིས་མནན་ཏེ། དགེ་སློང་གི་དགེ་འདུན་གྱི་དབུས་སུ་བཞུགས་ཁྲི་བཤམས་པ་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མས། བཅོམ་ལྡན་འདས་སྔོན་རྒྱལ་སྲིད་ཀྱི་དཔལ་ལ་རོལ་ཞིང་། ད་ལྟ་འདོད་པ་སྤངས་པས་འོང་ངོ་རྒྱལ་ལོ་སྙམ་ནས་དེ་བཞིན་དུ་ཞུས་པར། འཁོར་བའི་འདོད་ཡོན་སྤངས་པས་བདེ་ཚུལ་སོགས་དྲི་བ་དྲིས་ལན་མང་དུ་མཛད་པ་ལས་བརྩམས་ཏེ་ཆོས་ཀྱི་གཏམ་རྒྱ་ཆེན་པོ་མཛད་དོ། །དེ་ནས་རྒྱལ་པོ་སྲས་ཀྱིས་ཡོན་ཏན་མཆོག་བརྙེས་པར་ཤེས་ནས་ལྷག་པར་དགྱེས། སྟོན་པས་ཀྱང་སོ་སོར་


GTN004_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་དང་མཐུན་པར་ཆོས་བསྟན་པས་ཤཱཀྱའི་རྒྱལ་བུ་ཟས་དཀར་སོགས་ཤཱཀྱ་བདུན་ཁྲི་བདུན་སྟོང་གིས་བདེན་པ་མཐོང་ངོ་། །དེའི་ཚེ་ལྷས་བྱིན་ཁྲོས་ཏེ་སྟོན་པ་ལ་སྐུར་བ་འདེབས་པ་ཤཱཀྱ་རྣམས་ཀྱིས་བཟློགས་སོ། །དེ་བཞིན་དུ་ནངས་པར་ཡང་ཚངས་པས་བསྐོར་བ་ཞེས་བྱ་བའི་སྐྱེད་ཚལ་དུ་ཆོས་བསྟན་པས། རྒྱལ་བུ་བྲེ་བོ་ཟས་སོགས་ཤཱཀྱ་དྲུག་ཁྲི་དྲུག་སྟོང་གིས་བདེན་པ་མཐོང་ངོ་། །དེའི་ནངས་པར་རོ་ཧི་ཀ་ཞེས་བྱ་བའི་སྐྱེད་ཚལ་དུ་ཆོས་གསུངས་པས། རྒྱལ་བུ་བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་ལྔ་ཁྲི་ལྔ་སྟོང་གིས་བདེན་པ་མཐོང་། དེ་དག་ཏུ་ཡང་ལྷས་བྱིན་ནི་མ་དད་དོ། །དེ་ལྟར་ན་ཉིན་ཞག་གསུམ་པོ་དེ་ལ་ལྷ་དང་མིའི་སྐྱེ་བོ་བགྲང་ལས་འདས་པ་ཞིག་འབྲས་བུ་བཞིར་བཀོད། སེམས་བསྐྱེད་པ་ལ་སོགས་རང་རང་གི་སྐལ་བར་འཚམ་པ་དགེ་ལ་སྦྱོར་བར་མཛད་དོ། །དེ་དག་ཏུ་རྒྱལ་པོ་ཟས་གཙང་མས་བདེན་པ་མ་མཐོང་སྟེ། བདག་གི་བུ་ཁོ་ན་མཐུ་དང་རྫུ་འཕྲུལ་ཆེའོ་སྙམ་ཤིན་ཏུ་དྲེགས་པ་དང་། སྔོན་གྱི་རྒྱལ་བ་ནི་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་མཆོད་ན། ད་ལྟ་མི་ཁོ་ནར་ཟད་དོ་སྙམ་ཧ་ཅང་ཞུམ་པ་སྟེ་རྒྱུ་གཉིས་པོ་དེས་སོ། །དེ་ནས་སྟོན་པས། འཕགས་པ་མོའུ་འགལ་གྱི་བུ་ལ། རྒྱལ་པོ་ཟས་གཙང་མར་སོམས་ཤིག་ཅེས་བཀའ་སྩལ་པས། འཕགས་པས་རྒྱལ་པོ་ཟས་གཙང་གི་དྲུང་དུ་སོང་སྟེ་ནམ་མཁར་སྤྱོད་ལམ་བཞི་བྱེད་པ་དང་། འོད་འབྱིན་པ། ཡ་མ་ཟུང་གི་ཆོ་འཕྲུལ་སོགས་བསྟན་ནས་སྟན་བཤམས་པ་ལ་འདུག་གོ །རྒྱལ་པོས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྫུ་འཕྲུལ་དང་མཐུ་ཆེ་བ་གཞན་ཡང་ཡོད་


GTN004_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཤིན་ཏུ་མང་པོ་ཡོད་དོ་གསུངས་པས་རྒྱལ་པོའི་དྲེགས་པ་ཞིའོ། །དེའི་ཚེ་སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་དེ། ལྷ་ལ་ཆོས་བསྟན་པར་བཞེད་པ་ལྷའི་ཚོགས་ཀྱིས་ཤེས་ཏེ་ནྱ་གྲོ་དྷའི་ཀུན་རར། ལས་སྣ་ཚོགས་པས་ལྷའི་གཞལ་མེད་ཁང་སྐད་ཅིག་ལ་བྱས་ཏེ་བརྒྱ་བྱིན་སོགས་ལྷ་དབང་ཆེ་བ་རྣམས་འདུས་ཏེ་རྒྱལ་ཆེན་བཞིས་སྒོ་སྲུང་བ་དང་མཆོད་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནོ། །དེ་ནས་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོས་རྒྱལ་པོ་ཟས་གཙང་ཁྲིད་ནས་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ཏེ་ཤར་སྒོ་ནས་འཇུག་པར་བརྩམས་པ་ན། རྒྱལ་པོ་ཡུལ་འཁོར་སྲུང་ན་རེ། རྒྱལ་པོ་ཆེན་པོ་ནང་དུ་མ་འགྲོ་ཞིག །བཅོམ་ལྡན་འདས་ཀྱིས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ་མིར་གྱུར་པ་འཇུག་ཏུ་མེད་དོ། །དེ་བཞིན་དུ་སྒོ་གཞན་རྣམས་སུ་ཡང་འཕགས་སྐྱེས་པོ་སོགས་ཀྱིས་བཀག་གོ །དེའི་ཚེ། ལྷའི་ཁང་བརྩེགས་དང་། ནྱ་གྲོ་དྷའི་ཀུན་དགའ་ར་བ་རྣམས་སྟོན་པས་དྭངས་ཤེལ་ལས་གྲུབ་པར་བྱིན་གྱིས་བརླབས་པས། རྒྱལ་པོས་སྟོན་པ་ལྷའི་འཁོར་བཅས་མཐོང་བས་ཞུམ་པའི་སེམས་ཞི་བར་སྟོན་པས་ཆོས་བསྟན་ཏེ་བདེན་པ་མཐོང་ངོ་། །ནང་པར་ཕོ་བྲང་དུ་གདུགས་ཚོད་ལ་སྤྱན་དྲངས་ཏེ། ཟས་གཙང་བདེན་པ་མཐོང་བས། གཞན་ལ་རྒྱལ་སྲིད་བྱེད་པར་བརྩམས་ཀྱང་། ཟས་དཀར་སོགས་བདེན་པ་མཐོང་བས་ཤཱཀྱ་བཟང་ལྡན་རྒྱལ་སྲིད་ལ་བསྐོས་སོ། །སངས་རྒྱས་ཀྱིས་ཕོ་བྲང་དུ་བསོད་སྙོམས་བཞེས་ནས། རྒྱལ་པོས་གསེར་གྱི་བྱ་མ་བུམ་ནས་ཆུ་སྦྲེངས་ཏེ། ནྱ་གྲོ་དྷའི་ཀུན་དགའ་ར་བར་ཕུལ་ལོ། །སྟོན་པས་ཡོན་བསྔོ་


GTN004_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དོ། །དེས་བཙུན་མོའི་འཁོར་གྱི་ནང་དུ་གདུགས་ཚོད་གསོལ་བ་ན། གྲགས་འཛིན་མས་ཀུན་ཏུ་རྒྱུ་བ་མོ་རིག་སྔགས་ཤེས་པ་ཞིག་ལ་ཀརྴ་པ་ཎ་ལྔ་བརྒྱ་བྱིན་ནས་དབང་དུ་བྱེད་པའི་ལ་དུ་བྱས་པ། སྲས་སྒྲ་གཅན་འཛིན་ལ་བསྐུར་ནས་ཡབ་ལ་ཕུལ་ཞིག་བསྒོའོ། །དེའི་ཚེ་སྟོན་པས་གྲགས་འཛིན་མ་ལ་མི་སྙན་པའི་གྲགས་པ་བསལ་བའི་ཕྱིར་སྐུ་ལྔ་བརྒྱ་སྤྲུལ་ནས་བཞུགས་པར་སྒྲ་གཅན་ཟིན་གྱིས་བརྟག་པས་སྤྲུལ་པ་དང་སྤྲུལ་གཞི་སོ་སོར་ཕྱེད་པས། སྟོན་པའི་སྲས་མིན་ནམ་སྙམ་པའི་དོགས་པ་ཡང་སངས། ལ་དུ་ཕུལ་བ་སླར་སྩལ་བས། སྲས་ཀྱིས་ཟོས་ཤིང་སྟོན་པའི་རྗེས་སུ་གཤེགས་ནས་སུས་ཀྱང་བཟློག་ཏུ་མ་བཏུབ་པར་ཞབས་ཕྱིར་འབྲངས་པ་ན། འདི་སྲིད་པ་ཐ་མལ་པ་ཡིན་པས་ཁྱིམ་དུ་གནས་པའི་སྐབས་མེད་ཅེས་བཀའ་སྩལ་པས། རྒྱལ་པོ་ཟས་གཙང་མས། དེང་གི་ཉིན་རབ་ཏུ་མི་འབྱུང་བར་བདག་གིས་མཆོད་པར་བྱ་བར་གསོལ་ཏེ། ཉི་མ་གཞན་ལ་དུས་སྟོན་ཆེན་པོ་དང་བཅས་འཕགས་པ་ཤཱ་རིའི་བུ་ལ་གཏད། དེ་རབ་ཏུ་བྱུང་ངོ་། །དེ་ནས་ཡང་བཙུན་མོའི་ཕོ་བྲང་དུ་གདུགས་ཚོད་གསོལ་བའི་སྐབས་ཤིག །བུད་མེད་དྲུག་ཁྲིས་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་ཆགས་པའི་རྣམ་འགྱུར་དང་སྒྱུ་མ་སྣ་ཚོགས་སྟོན་པ་ན། སངས་རྒྱས་ཀྱིས། འོད་ཟེར་སྤྲོ་བ་དང་། ཉི་ཟླ་ཕྱག་ལ་བསྣམས་པ་དང་། རི་རབ་ཕྱག་གིས་བསྐོར་བ་སོགས་རྫུ་འཕྲུལ་དུ་མ་བསྟན་པས། དེ་རྣམས་རབ་ཏུ་དད་པར་ཆོས་གསུངས་པས། ས་འཚོ་རི་དྭགས་སྐྱེས་མ་སོགས་བུད་མེད་དྲུག་ཁྲིས་


GTN004_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཀྱང་གྲགས་འཛིན་མ་ནི་འདོད་ཆགས་གིས་ནོན་པས་བདེན་པ་མ་མཐོང་། སྟོན་པ་ཕྱིར་གཤེགས་པའི་ཚེ་ཁང་བཟང་གི་རྩེ་ནས་མཆོངས། སངས་རྒྱས་རྣམས་ནི་སྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་པས་སྟོན་པས་རྫུ་འཕྲུལ་གྱིས་ནམ་མཁའ་ནས་བླངས་ཏེ་ས་ལ་བཞག །གང་ཐོས་ན་གྲགས་འཛིན་མས་བདེན་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པས་དུས་དེར་རྒྱུན་ཞུགས་ཐོབ། ཕྱིས་རབ་ཏུ་བྱུང་དགྲ་བཅོམ་སྟེ་བཙུན་མོའི་འཁོར་ཕལ་ཆེར་དེ་དང་འདྲའོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཟས་གཙང་མས་བསམ་པ། དགེ་སློང་འདི་རྣམས་སྤྱོད་ལམ་ཞི་ཞིང་དབང་པོ་དུལ་ཡང་རིགས་སྣ་ཚོགས་དང་དཀའ་ཐུབ་ཀྱིས་གདུངས་པས་མི་མཛེས་ལ་ཤཱཀྱ་རྣམས་ནི་རིགས་མཆོག་དང་འཁོར་མཛེས་སོ་སྙམ་ནས་ཤཱཀྱའི་འདུས་པ་ལ་སྨྲས་པ། བཅོམ་ལྡན་འདས་རབ་ཏུ་མ་བྱུང་ན་ཅིར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་པོ། ཁྱེད་རྣམས་དེའི་ཚེ་ཅིར་འགྱུར། བྲན་ནོ། །ད་ལྟ་ཆོས་ཀྱི་རྒྱལ་པོར་འགྱུར་ན་ཅིའི་ཕྱིར་གཡོག་མི་བགྱིད། ལྷ་རབ་ཏུ་འབྱུང་ངམ། ཁྱིམ་རེ་ནས་རེ་རེ་རབ་ཏུ་བྱུང་ཞིག་གསུངས་ཏེ་ཐམས་ཅད་དུ་དྲིལ་བསྒྲགས། དེའི་ཚེ་ཤཱཀྱ་མིང་ཆེན་གྱི་བུ་གཉིས་ལས་མ་འགགས་པ་ནི་སྟེང་གི་ཁང་བཟང་དུ་རྩེ་ལ། མིང་ཆེན་ནི་ལས་ཀྱི་མཐའ་ལ་བརྩོན་ནོ། །དེ་གཉིས་ཀྱི་མས་མིང་ཆེན་ལ་ནན་གྱིས་རབ་ཏུ་བྱུང་བར་བསྐུལ་ཀྱང་མ་ཉན་ནོ། །མ་འགགས་པ་ལ། བུ་རབ་ཏུ་བྱུང་ངམ། དེས་སྨྲས་པ། ཡོན་ཏན་ཅི་ཡོད། ཁྱིམ་དུ་གནས་ནས་ལེགས་པར་བསྒྲུབ་ན་ལྷ་མི་དང་ཉེས་ན་ངན་སོང་ངོ་། །རབ་ཏུ་བྱུང་


GTN004_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉེས་ནའང་ལྷ་མི་དང་ལེགས་ན་མྱང་འདས་སོ། །འོ་ན་ཁྱིམ་དུ་གནས་པའི་ཡོན་ཏན་གང་ཡིན་པ་དེ་རབ་བྱུང་གི་ཉེས་དམིགས་སུ་འཇོག་གི་བདག་རབ་ཏུ་འབྱུང་ངོ་ཟེར་ནས་རང་གི་ན་མཉམ་གྱི་ཆུང་གྲོགས་རྒྱལ་པོ་བཟང་ལྡན་སར་སོང་ནས་དོན་དེ་སྨྲས་སོ། །དེ་ནུབ་རས་བཟང་པོ་ཞིག་བཏིང་བ་དེར་ཉལ། མལ་དུ་མེ་ཏོག་གི་རྩ་བ་ཞིག་རྙེད་པ་ཡུན་རིང་བསམ་པའི་དོན་གྱི་རྩ་བ་འགྲུབ་པའི་ལྟས་སུ་གོ །ནང་པར་མལ་བདེའམ་དྲིས་པས་མི་བདེ་སྟེ་རིམས་ཀྱིས་སྦགས་པའི་གོས་སོ། །དེ་ཇི་ལྟར་ཡིན་རིམས་ཀྱིས་ཐ་ག་པར་དྲིས་པས་བདེན་ཏེ་ཐགས་བཏགས་འཕྲོ་ལ་བདག་རིམས་ཀྱིས་ཐེབས་སོ། །མ་འགགས་པར་ཅིས་ཤེས་བྱས་པས། རེག་བྱ་ཚའོ། །དེར་ཁྱོད་ནི་མཁས་ཤིང་སྐལ་བ་བཟང་པོའོ། །ཞེས་བསྔགས་སོ། །དེར་བཟང་ལྡན་ཀྱང་རབ་ཏུ་འབྱུང་བར་སྤྲོ་སྟེ། འོན་ཀྱང་ཁོ་བོ་རབ་ཏུ་བྱུང་ན་ལྷས་བྱིན་རྒྱལ་པོར་གྱུར་ཏེ་ཀུན་ལ་གནོད་པས་དང་པོར་ལྷས་སྦྱིན་ལ་སྤྲོ་བ་དྲིའོ་སྙམ་ནས། ཁོ་བོ་ཅག་རབ་ཏུ་འབྱུང་ན་ཁྱོད་ཅི་བྱ། དེར་ལྷས་བྱིན་གྱིས་རྒྱལ་སྲིད་ཐོབ་པར་འགྱུར་བའི་ཐབས་ལ་བསམས་ནས། ཁྱེད་རྣམས་རབ་ཏུ་འབྱུང་ན་ཁོ་བོ་ཅི་སྟེ་འདུག་སྨྲས་སོ། །རྒྱལ་པོ་བཟང་ལྡན་གྱིས་བསམ་པ། ལྷས་བྱིན་རྫུན་དུ་སྨྲ་བ་ཡིན་པས་དམ་འཆར་བཅུག་ཅིང་མང་པོས་རིག་པར་བྱའོ་སྙམ་སྟེ། དྲིལ་བསྒྲགས་ཤིང་། ཤེས་ལྡན་དག་ཉོན་ཅིག །བཟང་ལྡན་དང་། ནམ་གྲུ་དང་། མ་འགགས་པ་དང་། ལྷས་བྱིན་སོགས་ཤཱཀྱ་ལྔ་བརྒྱའི་མིང་སྨོས་ཏེ། འདི་རྣམས་རབ་ཏུ་བྱུང་བས་དགའ་བ་སྐྱེད་ཅིག །ཅེས་སོ་སོའི་རྟགས་བླངས་ཏེ་སྐྱེ་བོ་ཀུན་


GTN004_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་ནང་དུ་དྲིལ་བསྒྲགས་སོ། །དེ་ནས་ལྷས་བྱིན་སྡུག་བསྔལ་ཆེན་པོ་སྐྱེས་ཤིང་། ད་ནི་རབ་ཏུ་མ་བྱུང་ན་རྫུན་སྨྲ་བའོ་ཞེས་རྒྱལ་སྲིད་ཀྱང་མི་ཐོབ་ལ་རེ་ཞིག་རབ་ཏུ་བྱུང་ལ་ཕྱིས་རྒྱལ་སྲིད་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་མས་གྲོང་ཁྱེར་བྱི་དོར་བྱས། མཚན་མཁན་རྣམས་ཀྱང་བསགས། ཤཱཀྱ་རྣམས་རང་རང་གི་འབྱོར་པས་རབ་ཏུ་འབྱུང་བར་བྱེད་དོ། །ཤཱཀྱ་ལྔ་བརྒྱ་རྣམས་ཀྱི་འབྱོར་པའི་ཐ་མ་བལྟའོ། །ཞེས་ཤཱཀྱ་ཕོ་མོ་རྣམས་དང་ཡུལ་སྣ་ཚོགས་ནས་སྐྱེ་བོ་མང་པོ་འདུས། གྲོང་ཁྱེར་གྱི་ཤར་སྒོར་སེངྒེའི་ཁྲི་བཤམས་པ་ལ་རྒྱལ་པོ་ཉིད་འདུག་པ་ལ་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ནས་བཞུགས་སོ། །དེར་ཐོག་མར་རྒྱལ་པོ་བཟང་ལྡན་རྒྱན་གྱིས་བརྒྱན་ཏེ་ཤིང་རྟར་ཞུགས་ནས་བྱུང་བ་མཚན་མཁན་རྣམས་ཀྱིས་བརྟགས་པས། འདིས་སྟོན་པ་མཉེས་པར་བྱེད་པར་འགྱུར་རོ་ཞེས་ལུང་བསྟན། ལྷས་བྱིན་བྱུང་བ་ན། གཙུག་གི་ནོར་བུ་ཁ་དོག་དམར་པོ་ཤ་དང་ནོར་ཏེ་བྱ་ཁྲས་ཁྱེར་བས། འདི་ནི་སྟོན་པ་ལ་མ་གུས་པས་དམྱལ་བར་འགྲོའོ། །ཞེས་དང་། ཀོ་ཀ་ལི་ཀ་དང་། ཁཎྜ་དྲ་བྱ་དང་། ཀ་ཏ་མོ་ར་ཀ་ཏི་ཤྱ་དང་། རྒྱ་མཚོས་བྱིན་རྣམས་ཕྱིར་བྱུང་བ་ན་བོང་བུས་སྐད་འབྱིན་པས་འདི་དག་ནི་དམ་པ་ལ་ངན་དུ་སྨྲས་པས་དམྱལ་བར་འགྲོའོ། །ཉེ་དགའ་གླང་པོ་ཆེར་ཞོན་ནས་ཕན་ཚུན་ལྟ་བ་ན། མུ་ཏིག་གི་དོ་ཤལ་ལྷུངས་པ་གླང་པོ་ཆེ་ལས་བབས་ཏེ་དེ་བླངས་སོ། །འདི་ནི་ཧ་ཅང་འདོད་ཞེན་ཆེས་པས་དམྱལ་བར་སྐྱེའོ། །གཞན་ནམ་གྲུ་དང་མ་འགགས་པ་ལ་སོགས་ཕལ་ཆེར་


GTN004_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོར་ལུང་བསྟན་ཏེ། ཤཱཀྱ་ལྔ་བརྒྱ་པོ་རྣམས་སྐྱེད་མོས་ཚལ་དུ་སྟོན་པའི་སྤྱན་སྔར་སོང་ངོ་། །སྟོན་པས་དགོངས་པ། ཚུར་ཤོག་གིས་བསྙེན་པར་རྫོགས་པ་ནི་སྲིད་པ་ཐ་མ་པ་ཁོ་ནར་ངེས་ལ། འདིར་བཟང་ངན་མང་བས་དགེ་འདུན་གྱི་གསོལ་བཞིའི་ལས་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སུ་གཞུག་པར་དགོངས་ཏེ་དགེ་འདུན་རྣམས་ལ་དེ་ལྟར་བཀའ་སྩལ་ཏོ། །དེ་རྣམས་ཀྱིས་སྐྲ་འབྲེག་པར། འབྲེག་མཁན་ཉེ་བར་འཁོར་རྒྱལ་པོ་ཟས་གཙང་གིས་མངགས་ཤིང་། དེས་རྒྱལ་པོ་བཟང་ལྡན་སྐྲ་འབྲེག་པའི་དུས་ན། དེ་མཆི་མས་བརྣངས་ཤིང་བདག་སྐྱེས་བུ་གཙོ་བོ་ལ་བསྙེན་བཀུར་བགྱིད་པའི་མི། སྐྱེ་བོ་ཕལ་པར་བསྙེན་བཀུར་བགྱིད་པར་འགྱུར་བ་ལྟ། ཞེས་ཟེར་བ་ལ་བཟང་ལྡན་གྱིས། ཁྱོད་མྱ་ངན་མ་བྱེད་ཅིག །ཁྱོད་ཕལ་པར་བསྙེན་བཀུར་བྱ་མི་དགོས་པ་དེ་ལྟར་ངས་བྱའོ་ཟེར་ཏེ་ཤཱཀྱ་རྣམས་ལ་སྨྲས་པ། འབྲེག་མཁན་ཉེ་བར་འཁོར་འདིས་བདག་ཅག་ལ་བཀུར་སྟི་བྱས་ལ། བདག་ཅག་ཀྱང་སླར་ཁྱིམ་དུ་མི་གནས་པས་རྒྱན་མི་དགོས་པས། འདིའི་འཚོ་བའི་རྐྱེན་དུ་བདག་ཅག་གི་རྒྱན་ཐམས་ཅད་བྱིན་ཅིག །ཅེས་བྱས་ནས། རས་ཆེན་པོ་བཏིང་བའི་སྟེང་དུ། ཤཱཀྱ་ལྔ་བརྒྱའི་རྒྱན་རྣམས་སྤུངས་པས་ཕུང་པོ་ཆེན་པོར་གྱུར་ཏོ། །དེ་ནས་རིམ་གྱིས་ཤཱཀྱ་རྣམས་ཀྱི་སྐྲ་བྲེགས་ནས་དེ་དག་ཁྲུས་ལ་སོང་བའི་སྐབས། ཉེ་བར་འཁོར་རྒྱན་རྣམས་ལ་མ་ཆགས་པར་རབ་ཏུ་བྱུང་བར་འདོད་ཀྱང་། རིགས་ངན་དུ་སྐྱེས་པས་ཞུམ་པ་ན། ཤཱ་རིའི་བུས་མཁྱེན་ནས་དབུགས་ཕྱུང་སྟེ་


GTN004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་སྤྱན་སྔར་ཁྲིད། སྟོན་པས་ཀྱང་ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང་རིང་པོར་མ་ཐོགས་པ་དགྲ་བཅོམ་སྟེ་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །དེ་ནས་ཤཱཀྱ་ལྔ་བརྒྱ་པོས་ཁྲུས་ཟིན་ནས་རྒན་རིམ་ལ་ཕྱག་འཚལ་བའི་སྐབས། ཉེ་བར་འཁོར་གྱི་ཐད་དུ་སླེབས་པ་ན་བཟང་ལྡན་གྱིས་ངོ་ཤེས་ཏེ། ཅི་འདིའི་རྐང་པ་ལའང་བཏུད་པར་བགྱིའམ། གསོལ་པས། སྟོན་པས་བཀའ་སྩལ་པ། བུ་རབ་ཏུ་བྱུང་བ་ནི་ང་རྒྱལ་སྤང་བ་ཡིན་ལ་འདི་རྒན་གྱིས་དྲེགས་པ་ཆོག་ལ་བཏུད་ཅིག །དེ་ནས་ཉེ་བ་འཁོར་གྱི་རྐང་པར་བཟང་ལྡན་གྱི་མགོ་བོས་བཏུད་ནས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ལ་འདི་རྒན་གྱི་ཞེས་པ་ནི་བསླབ་པ་རྒན་པ་སྟེ་ན་ཚོད་རྒན་པའི་དོན་མིན་ནོ། །དེ་ནས་གཞན་གྱིས་བཀའ་བཞིན་དུ་བྱས་ལ་ལྷས་བྱིན་གྱིས་མ་བཏུད་དེ། བཅོམ་ལྡན་འདས་ཀྱིས་བཏུད་ཅིག་པར་བཀའ་སྩལ་པ་ན། ངས་འདིའི་རྐང་པ་ལ་མ་གཏུགས་ན། ཁྱེད་ལ་གནོད་པ་ཅི་མཆིས་ཞེས་མི་འདུད་དེ། དང་པོ་ཉིད་ནས་སྟོན་པའི་གསུང་བཅག་གོ །དེ་ནས་ཤཱཀྱ་ལྔ་བརྒྱ་དགེ་འདུན་གྱིས་བསྙེན་པར་རྫོགས་ཤིང་བཟང་ལྡན་སོགས་ཤས་ཆེར་ཀྱང་རིམ་གྱིས་བདེན་པ་མཐོང་ངོ་། །གང་གི་ཚེ་བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ལ་མཚན་མཁན་རྣམས་ཀྱིས་འདི་བཅོམ་ལྡན་འདས་ཀྱི་རིམ་གྲོ་པར་འགྱུར་རོ་ཞེས་ལུང་བསྟན་པས། བདུད་རྩི་ཟས་ཁྱེའུ་ལ་རབ་ཏུ་གཅེས་པས་སྟོན་པ་སེར་སྐྱར་བྱོན་པའི་ཚེ། ཡུལ་བཻ་ཤཱ་ལར་སྐྱེལ། དེར་བྱོན་པའི་ཚེ་སེར་སྐྱར་ཁྲིད་དོ། །ལན་གཅིག་ཁྱེའུ་དེ་སེར་སྐྱ་ན་ཡོད་པ་ལ་མ་ཚོར་བ་ཁོ་ནར་


GTN004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བདུད་རྩི་ཟས་ཀྱི་ཁང་པར་གཤེགས་ཤིང་གདན་བཤམས་པ་ལ་བཞུགས། དེར་ཀུན་དགའ་བོ་ཁྱིམ་དེའི་ཕུག་གི་ཁང་ཕྲན་ཞིག་ཏུ་བཅུག་སྟེ་སྒོ་བསྡམས་པར་སངས་རྒྱས་ཀྱི་མཐུས་སྒོ་རང་བྱེ་ཞིང་ཁྱེའུས་བཅོམ་ལྡན་འདས་མཐོང་བས་རབ་ཏུ་དགའ་ཆེས་ཏེ་རྒྱུགས་ཤིང་འོངས་ནས་སངས་རྒྱས་ཀྱི་ཞབས་ལ་ཕྱག་བྱས་ཏེ་སྣམ་ལོགས་སུ་བསིལ་ཡབ་གཡོབ་ཅིང་འདུག་གོ །བདུད་རྩི་ཟས་འཁོར་བཅས་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏེ་ཕྱིར་བཞུད་པ་ན་ཁྱེའུ་ཀུན་དགའ་བོ་ཡང་ཕྱིན་བཞིན་དུ་འབྲངས་ཏེ། ཕ་མ་ལ་སོགས་པ་རྣམས་ཀྱིས་ཐབས་སྣ་ཚོགས་ཀྱིས་བཟློགས་ཀྱང་ངུ་ཞིང་མ་འདོད་དོ། །འདི་ནི་སྲིད་པ་ཐ་མ་པ་ཡིན་པས་མ་བཟློགས་ཅེས་བཀའ་སྩལ་པས། གལ་ཏེ་དེ་ལྟ་ན་རིམ་བཞིན་བགྱིའོ། །དེ་གནང་སྟེ་བདུད་རྩི་ཟས་ཀྱིས་སྦྱིན་པ་རྒྱ་ཆེན་པོ་ཡང་བཏང་། རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ལ་བཟོད་པར་གསོལ་ཏེ། ཁྱེའུ་གླང་པོ་ཆེ་ལ་བསྐྱོན་ནས་འཁོར་དང་བཅས། ནྱ་གྲོ་དྷའི་ཀུན་དགའ་ར་བར་བཏང་བའི་ལམ་དུ་གླང་པོས་ཨུཏྤལའི་སྡོང་པོ་ཞིག་སྣ་ཞགས་ཀྱིས་ཕྱུང་ནས་ཟོས་སོ། །མཚན་མཁན་རྣམས་ཀྱིས་ཐོས་པ་འཛིན་པའི་མཆོག་ཏུ་ལུང་བསྟན། དེ་ནས་སྟོན་པའི་སྤྱན་སྔར་སོང་སྟེ་ཞབས་ལ་ཕྱག་བྱས། སྟོན་པས་ཀྱང་འཕགས་པ་འོད་སྲུང་སྟོབས་བཅུ་པ་ལ་གཏད་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །འབྲེག་མཁན་ཉེ་བ་འཁོར་གྱི་སྔོན་འབྱུང་འདུལ་བ་༼ང༽དབྱེན་གྱི་གཞི་ལས་འབྱུང་བ་ནི། སྔོན་བྱུང་བ་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱི་


GTN004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས། བྲམ་ཟེའི་ཁྱེའུ་དབུལ་པོ་མཛེས་དགའ་སྨད་འཚོང་མ་བཟང་མོར་འདོད་ཀྱང་ཀར་ཤ་པ་ན་མེད་པས་རེ་བ་མ་གྲུབ་ནས། ལྷག་པར་ཆགས་ཏེ། དུས་དང་དུས་སུ་མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་སྐྱེལ་བར་བྱེད་པས་སྨད་འཚོང་མས་ཀྱང་ཡིད་མ་བཅག་གོ །རེ་ཞིག་དུས་སྟོན་ལ་ཁྱེའུ་དང་བུ་མོ་རྣམས་རྩེ་ཞིང་དགའ་བར་བྱེད་པ་ན་མཛེས་དགའ་ཡིད་སྐྱོ་བས་སྡུག་བསྔལ་བའི་གནས་ཚུལ་ཤེས་པས་སྨད་འཚོང་མ་དེའི་གན་དུ་སོང་སྟེ། མཛེས་དགའ་སོང་ལ་ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་དག་ཁྱེར་ཏེ་ཤོག་ཅིག །ལྷན་ཅིག་དགའ་མགུར་སྤྱོད་དོ་སྨྲས་པས་ཤི་བ་ལས་སོས་པ་བཞིན་དགའ་ནས་དེའི་གཟུགས་དང་ལང་ཚོ་གཡེར་བའི་ཡོན་ཏན་བརྟགས་ནས་མོས་ཤིང་ཞེན་པས་མཚན་མོ་གཉིད་ཡལ་བ་ནམ་ལངས་ཀར་གཉིད་ཀྱིས་ནོན་ཏེ། ཕྱིར་ཉིན་ཉི་མ་མ་ཤར་བར་མ་སད་པས། དེ་བར་དུ་གཞན་གྱིས་དུས་སྟོན་ལ་མེ་ཏོག་ཐམས་ཅད་བཏུས་ཟིན་ནས་ཕན་ཚུན་དུ་བཙལ་ཡང་མ་རྙེད་པས་ཤིང་ཤིརྵའི་མེ་ཏོག་ཁྱེར་ནས་སོང་བར། སླར་མེ་ཏོག་གཞན་དག་ཁྱེར་ཅིག་བསྒོ་བས། དེ་སླད་རྒྱང་རིང་པོ་ས་སྟོངས་དག་ཏུ་གླུ་ལེན་ཞིང་འཁྱམས་པར། རྒྱལ་པོ་ཚང་བྱིན་རི་དྭགས་ཤོར་བ་ཚད་པས་གདུངས་བས་གྲིབ་མ་བསྟེན་སླད་གནས་དེར་རྒྱུ་བས་ཐོས་ནས་གཏམ་དག་དྲིས་པར། དེས་རྒྱལ་པོ་དང་འཚམས་པའི་གཏམ་བཤད་པས་བློ་བྲིད་ནས་ཚད་པའི་གདུང་བ་ལས་བསིལ་བ་ཐོབ་སྟེ། རྒྱལ་པོས་བྱ་དགར་རྒྱལ་སྲིད་ཕྱེད་བྱིན་པ་རྟོག་དཔྱོད་ཞིབ་ཏུ་བཅུག་པས་མ་འདོད་དེ་རབ་ཏུ་བྱུང་བར་ཞུས་པས་གནང་སྟེ། སླར་ཡོན་ཏན་གྱི་


GTN004_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྟོགས་ན་རྒྱལ་པོ་ལ་བལྟ་བར་བྱས་སོ། །དེས་རང་བྱང་ཆུབ་མངོན་དུ་བྱས་པ་ན་རྒྱལ་པོ་ལ་རྫུ་འཕྲུལ་གྱི་ཆོས་དུ་མ་བསྟན་པས་དད་དེ་ཕྱག་བཙལ་ཞིང་བསྟོད། སྔར་མཛེས་དགའ་རྟོག་དཔྱོད་ལ་ཞུགས་པའི་ཚིགས་བཅད། དོན་མ་གྲུབ་ན་འདོད་འགྱུར་ལ། །དོན་གྲུབ་འདོད་པ་ལྡོག་མི་འགྱུར། །མ་གྲུབ་ན་ནི་ཕོངས་གྱུར་པས། །དེ་བས་དོན་ནི་དོན་མ་ཡིན། །ཞེས་པ་སྐྲ་མཁན་གངྒཱ་སྐྱོང་ལ་འཛིན་ཏུ་བཅུག་སྟེ། རྒྱལ་པོ་རང་གི་རྣ་བར་ཡང་ཡང་སྒྲོགས་སུ་བཅུག་པའི་དོན་རྒྱལ་པོར་ཞུས་པ་གངྒཱ་སྐྱོང་ལ་རྒྱས་པར་བཤད་པས། དེ་སྐྱོ་བ་སྐྱེས་ནས་རབ་ཏུ་བྱུང་བར་གསོལ་བས་གནང་སྟེ་ཡོན་ཏན་ཐོབ་ན་བལྟ་བར་ཆེད་དོ། །དེ་དྲང་སྲོང་རྣམས་ཀྱི་ནང་དུ་སོང་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །སླར་རྒྱལ་པོ་ལ་རྫུ་འཕྲུལ་བསྟན་པས་རྐང་པར་ཕྱག་བྱས་པ་ན་ས་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་དུས་ཀྱི་རྒྱལ་པོ་ནི་བཟང་ལྡན། གངྒཱ་སྐྱོང་ནི་ཉེ་བ་འཁོར་ཡིན་ནོ་གསུངས་སོ། ། ༈ ཡལ་འདབ་ཉེར་བཞི་པ་ནི། འདུལ་བ་༼ཁ༽སྨན་གྱི་གཞི་ལས་འབྱུང་བ་ཅུང་ཟད་བསྡུས་ཏེ་འགོད་ན། སྔོན་བྱུང་བ་ཐམས་ཅད་ཅེས་བྱ་བའི་གྲོང་རྡལ་གྱི་གྲོང་ཁྱེར་དུ་རྒྱལ་པོ་ཐམས་ཅད་བཤེས་གཉེན་ཆོས་བཞིན་གྱི་རྒྱལ་སྲིད་སྐྱོང་། དེ་ལ་སྲས་པགས་པ་གསེར་གྱི་མདོག །མགོ་གདུགས་ལྟར་འདུག་པ། དཔུང་པ་རིང་པ། དཔྲལ་བའི་དབྱེས་ཆེ་


GTN004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་བཙས། མིང་ཐམས་ཅད་སྒྲོལ་ཞེས་བཏགས། དེའི་བཙུན་མོར་རྒྱགས་སྦྱིན་མ་བླངས་པར། སྲས་ནག་པོ་དང་། བུ་མོ་དྲ་བ་ཅན་བྱུང་། ཡབ་ཀྱིས་གླང་པོ་མཆོག་བཀྲ་ཤིས་ལྡན་མ་གཏོགས་བང་མཛོད་ཐམས་ཅད་སྦྱིན་པར་གཏོང་ཆོག་པར་བཀའ་གནང་། དེས་གང་ཅི་སློང་བ་དེ་ཐམས་ཅད་སློང་བ་པོ་དག་ལ་སྦྱིན་པར་བྱེད་པས་དེའི་མིང་ཐམས་ཅད་གཏོང་བ་ཞེས་གྲགས། ཁམས་ཀྱི་རྒྱལ་ཕྲན་ཐམས་ཅད་ནས་སྡང་བའི་སེམས་ཀྱིས་བྲམ་ཟེ་ཞིག་གླང་པོ་རིན་པོ་ཆེ་སློང་དུ་མངགས་པས། རྒྱལ་བུ་གླང་པོ་མཆོག་ལ་ཞོན་ནས་སྐྱེད་མོས་ཚལ་དུ་ཆས་པ་དང་འཕྲད་པས་བྱིན་ཏོ། །སྐབས་དེ་འབངས་རྣམས་ཀྱིས་ཡབ་རྒྱལ་པོར་གསོལ་བས་ཐུགས་འཁྲུགས་ནས་བཀའ་བཀྱོན་པ་ན་དཀའ་ཐུབ་ཀྱི་ནགས་སུ་བསྟེན་པར་ཞུས་པས་གནང་སྟེ། བཙུན་མོ་དང་སྲས་གཉིས་བཅས་ཤིང་རྟ་མཆོག་གི་ནང་དུ་ཞུགས་ནས་ཆས་སོ། །ལམ་བར་དུ་བྲམ་ཟེ་རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་ཤེས་པ་དག་གིས་ཤིང་རྟ་མཆོག་སློང་བས་བྱིན་ཏེ་རྟ་ལ་ཞོན་ནས་སོང་བས་དེ་ཡང་སློང་བ་ན་བྱིན་ཏེ་རྐང་པས་དོང་ནས་གངས་རིའི་སུལ་མེ་ཏོག་དང་འབྲས་བུ་དང་ཆུ་ཕུན་སུམ་ཚོགས་པ་ཞིག་ཏུ་སོང་སྟེ་བྱང་ཆུབ་སེམས་དཔའ་ནི་བསམ་གཏན་བྱེད། རྒྱགས་སྦྱིན་མས་ནི་འབྲས་བུས་བསྙེན་བཀུར། སྐབས་འདིར་བྲམ་ཟེ་ཞིག་ལ་བུ་མཚན་ངན་པ་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་པར་མིང་ངན་ཏོ་རེ་བཏགས། ཡང་བྲམ་ཟེ་རིག་བྱེད་བཞི་ཤེས་པ་ཞིག་


GTN004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བུ་མོ་ཤིན་ཏུ་ལེགས་པ་ཞིག་བཙས་པར། ཕས་བུ་མོ་འདི་བྱད་གཟུགས་སམ། རིགས་སམ། བཟོའམ། ནོར་གྱི་ཕྱིར་སུ་ལའང་མི་སྦྱིན། བདག་ལས་རིག་བྱེད་བཞི་ཀློག་པ་ཞིག་ཡོད་ན། དེ་ལ་སྦྱིན་ཞེས་དམ་བཅས། ངན་ཏོ་རེ་བྲམ་ཟེ་དེ་ལས་རིག་བྱེད་རྣམ་པ་བཞི་ལ་བྱང་བར་བསླབས་པས་སྔར་དམ་བཅས་པ་ལྟར་བུ་མོ་བྱིན་ཏེ་རང་གནས་སུ་ལོགས་པ་ན། བུ་མོ་ན་གཞོན་པས་ལས་ཀའི་ངལ་དུབ་བསལ་ཕྱིར་གཡོག་ཕོ་མོ་འདོད་པས་ངན་ཏོ་རེར་ཐམས་ཅད་སྒྲོལ་གྱི་སྲས་དང་། སྲས་མོ་སློང་བར་བསྐུལ་བས་གཉིས་ཀ་རྒྱལ་བུ་ནགས་སུ་གནས་པ་ཐོབ་སྟེ། དེར་ཕྱིན་པ་ན་བཙུན་མོ་རྒྱགས་སྦྱིན་མ་མེ་ཏོག་དང་འབྲས་བུའི་ཕྱིར་སོང་བའི་ཤུལ་དུ་བྲམ་ཟེ་ཕོ་མོས་རྒྱལ་བུ་ཐམས་ཅད་སྒྲོལ་ལ་གཡོག་ཕོ་མོའི་དོན་དུ་སྲས་དང་སྲས་མོ་སློང་བས་བྱིན་པ་ན། ས་རྣམ་པ་དྲུག་ཏུ་གཡོས་པ་དེས་ཚལ་དེ་ན་གནས་པའི་དཀའ་ཐུབ་ཅན་རྣམས་སྔངས་པ་དང་། ལྟས་ཤེས་པ་ཞིག་གིས་དོན་དེར་རིག་ནས་བརྡའ་སྦྱར། རྒྱགས་སྦྱིན་མས་བཀྲ་མི་ཤིས་པའི་ལྟས་དག་མཐོང་བས་སྐྲག་སྟེ་མྱུར་བར་ཆས་པ་ལམ་དུ་སེངྒེ་མོ་ཞིག་གི་གཟུགས་སུ་ལྷ་དབང་བརྒྱ་བྱིན་རྫུས་ནས་རེ་ཞིག་བཀག་པས་དེ་བར་བྲམ་ཟེ་ཁྱོ་ཤུག་དང་སྲས་གཉིས་དོང་ངོ་། །སྐབས་འདིར་ལྷའི་དབང་པོས་རྟོག་པར་བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་ན་རང་གི་སྲོག་ཀྱང་གཏོང་བས། རྒྱགས་བྱིན་མ་གལ་ཏེ་གཞན་ཞིག་ལ་བྱིན་ན་གཡོག་བྱེད་པ་མེད་པར་འགྱུར་རོ་སྙམ་ནས་རང་ཉིད་བྲམ་ཟེའི་ཁྱེའུ་ཞིག་གི་ཆ་ལུགས་སུ་སྤྲུལ་ནས་སློང་བ་ན། བྱང་ཆུབ་སེམས་དཔས་རྒྱགས་བྱིན་མའི་


GTN004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་དུ་བརྟག་པར་བརྩམས་པས། དེས་སྦྱིན་པའི་བར་ཆད་མི་བྱེད་པ་སྨོན་ལམ་གྱི་སྟོབས་ཡིན་པས། དགའ་དགའ་ལྟར་འདུག་པས་བྱིན་པ་ན། ལྷ་རྣམས་ཀྱི་དབང་པོས་བྲམ་ཟེའི་ཆ་བྱད་མི་སྣང་བར་བྱས་ཏེ་རང་གཟུགས་སུ་བསྒྱུར་ནས། དྲང་སྲོང་བདག་གིས་རྒྱགས་སྦྱིན་མ་འདི་ཁྱོད་ལ་བཅོལ་གྱིས་ཁྱོད་ཀྱིས་སུ་ལའང་མ་སྦྱིན་ཅིག་སྨྲས། དེར་རྒྱགས་སྦྱིན་མས་བརྒྱ་བྱིན་གྱི་རྐང་པ་གཉིས་ལ་གཏུགས་ཏེ། བུས་པ་གཞོན་ནུ་གཉིས་བྲན་དུ་མི་འགྱུར་བར་གསོལ་བ་བཏབ་པས། དེས་སྔར་གྱི་བྲམ་ཟེ་ཁྱོ་ཤུག་རྨོངས་པར་བྱས་ཏེ་གྲོང་ཁྱེད་ཐམས་ཅད་སྒྲོལ་དུ་ཁྱེའུ་ཕོ་མོ་འཚོང་བར་འཁྲིད་པ་ན། ཡུལ་མིས་ཤེས་ཏེ་རྒྱལ་པོ་ལ་བསྙད་པས། བྲམ་ཟེ་ཛུ་ཛུ་ཀའམ་ངན་ཏོ་རེ་ལ་བུ་དང་བུ་མོ་གཉིས་སྲང་ལ་བཅལ་བའི་ལྗིད་ཀྱི་གསེར་བྱིན་ནས་བསླུས་སོ། །སླར་དཀའ་ཐུབ་ཀྱི་ནགས་ནས་རྒྱལ་བུ་བཙུན་མོ་བཅས་ཕྱིར་བསུས་ཏེ་ཡབ་སྲས་ཐམས་ཅད་གདན་འཛོམས་པ་ན། ཐམས་ཅད་སྒྲོལ་རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང་སྦྱིན་གཏོང་རྒྱ་ཆེར་མཛད་དོ། །ལར་གཏམ་རྒྱུད་སྔ་ཕྱི་འདི་རྣམས་མདོ་འདུལ་གཉིས་ཀར་ཡང་ཡང་འབྱུང་བ་ཡོད་དེ། ཚིག་རིས་མི་གཅིག་པ་མང་དུ་སྣང་བ་དོན་གྱི་གནད་མཐུན་པས་འགལ་བར་མི་འགྲོ་ཕྱིར་རྟོན་པ་བཞི་དྲན་དགོས་པའང་གནད་གལ་པོ་ཆེའོ། །


GTN004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཉེར་ལྔ་ཉེར་དྲུག་ཉེ་བདུན་རྣམས་གོ་སླའོ། །༈ ཡལ་འདབ་ཉེར་བརྒྱད་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞི་ལས་འབྱུང་བ་བཤུས་ཏེ་སྨྲ་ན། སངས་རྒྱས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་སོ། །ཡུལ་ཙམ་པ་ན་ཁྱིམ་བདག་གྲུ་འཛིན་གྱི་ཆུང་མར་རྒྱུ་སྐར་གྲོ་བཞིན་གྱི་ཉིན་བུ་ཤིན་ཏུ་མཛེས་པ་རྐང་པའི་མཐིལ་གཉིས་ལ་སྤུ་གསེར་གྱི་ཁ་དོག་འདྲ་བ་སོར་བཞི་ཙམ་སྐྱེས་པ་ཞིག་བཙས། དཀན་དབབ་པའི་རིན་དུ་གསེར་བྱེ་བ་ཉི་ཤུ་བྱིན་པས་མིང་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པར་གྲགས། ཡུལ་དེའི་རྒྱལ་པོ་གཟུགས་ཅན་སྙིང་པོར་རྒྱུ་མཚན་ཞུས་པས་ལེགས་སྐྱེས་སུ། ཙམ་པ་གཞི་དང་བཅས་པ་དང་གླང་པོ་ཆེ་བདུན་གྱི་ཚོགས་བྱིན། དེ་མ་མ་བརྒྱད་ཀྱིས་བསྐྱེད་བསྲིངས་པ་ན་ཆེར་སྐྱེས་པས་བརྟག་པ་བརྒྱད་ལ་བྱང་ཞིང་ཆུང་མ་གསུམ་བླངས་ནས་དགུན་དཔྱིད་དབྱར་གྱི་གནས་སོ་སོར་ཁང་པ་བརྩིགས་སོ། །སྐབས་འདིར་མ་སྐྱེས་དགྲ་ལྷས་བྱིན་གྱིས་བློ་བསྒྱུར་བས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་མར་གསོལ་ནས། འཇམ་གསོལ་བའི་ཞབས་ཕྱི་ཞུས་པར་རྡོ་རྗེ་རྩེ་གཅིག་པ་འཕངས་པས་ཐུག་པའི་རྫིའུ་ཆག་གོ །དེ་སངས་རྒྱས་ཀྱིས་མཁྱེན་ནས་མོའུ་འགལ་བུ་ལ། ཙམ་པར་གྲུ་འཛིན་གྱི་བུ་ལས་བསོད་


GTN004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ཁྱེར་ཏེ་ཤོག་ཅིག་གསུངས་པས་དེས་མཉམ་པར་བཞག་པའི་རྫུ་འཕྲུལ་གྱིས་ཙམ་པར་སྐད་ཅིག་ལ་བྱིན་པ་དེ། གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལྷ་ཉི་མ་ལ་དད་པས་ཉིན་རེ་ཞིང་ནང་སྔ་བར་ཉི་མ་ལ་ཕྱག་བྱེད་པ་ན་ཉི་མའི་དཀྱིལ་བརྟོལ་ནས་བབས་པར་མཐོང་བས་རང་གི་ལྷའི་གཟུགས་མཐོང་བ་རེད་སྙམ་སྟེ་དགའོ། །དེ་ལ་མོའུ་འགལ་བུས་སངས་རྒྱས་ཀྱི་ཡོན་ཏན་རྒྱ་ཆེར་བརྗོད། དེར་སྣོད་དུ་བཙོས་པའི་ཞལ་ཟས་ལྔ་བརྒྱ་དང་བཅས་རྫུ་འཕྲུལ་གྱིས་སྐད་ཅིག་ལ་སྟོན་པའི་སྤྱན་སྔར་སླེབས་པ་ན། གཟུགས་ཅན་སྙིང་པོས་འོད་མའི་ཚལ་ཁ་ཟས་ཀྱི་དྲི་ཞིམ་པོ་རྣམ་པ་སྣ་ཚོགས་ཀྱིས་ཁྱབ་པར་མཐོང་ནས། འདིར་ལྷའི་དབང་པོའམ་ལྷ་དག་གིས་སྟོན་པ་ལ་ལྷའི་ཞལ་ཟས་རོ་བརྒྱ་པ་དྲངས་པ་ལགས་སམ་ཞུས་པས། རང་གི་མངའ་འོག་གི་གྲུ་འཛིན་གྱི་བུའི་བསྔགས་པ་གསུངས་པས་རྒྱལ་པོས་ཀྱང་མཐོང་བར་འདོད་པ་སྐྱེས་པ་ན། སྟོན་པས་དེ་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པས་ཁྱོད་རང་བསོད་ནམས་ཟད་པར་འོང་གིས་དེ་ལ་འདོད་པ་མ་བསྐྱེད་ཅིག་གསུངས་ཏེ་ལྷུང་བཟེད་ཀྱི་ལྷག་མ་སྩལ་ཏེ། ཁྱོད་དེ་སྔ་ཕན་འདི་འདྲའི་ཟས་ལ་སྤྱོད་དམ་གསུངས་པས་མ་འཚལ་ཞུས། སླར་རྒྱལ་པོ་གྲུ་འཛིན་བུ་བལྟ་བར་ཡུལ་ཙམ་པར་འགྲོ་བར་ཆས་པ་ན་བློན་པོ་རྣམ་གྱིས་གྲུ་འཛིན་མ་སྙད་གཏོང་བས་ཙམ་པའི་ཁྱེའུ་ཚོགས་ཀྱིས་བསྐོར་ཏེ་གྲོ་བཞིན་སྐྱེས་གྲུའི་ནང་དུ་སྐྱེད་མོས་ཚལ་སྣ་ཚོགས་མེ་ཏོག་འབྲས་བུ་བཅས། བྱ་རིགས་རྣམས་སྐད་འབྱིན་ཞིང་རོལ་མོའི་ཆ་བྱད་སྣ་ཚོགས་དང་། བུད་མེད་རྒྱན་སྣ་ཚོགས་ཀྱིས་བཀླུབས་པ་དག་


GTN004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཏུ་བཅུག་སྟེ་འབྱོར་པ་དེས་ཆུ་བོ་གངྒཱ་ལ་གྲུ་སྦྲེངས་པར། རྒྱལ་པོ་གཟུགས་ཅན་སྙིང་པོས་ཐོས་པས་རྒྱལ་པོའི་གནས་དང་གངྒཱའི་འབབས་ཆུའི་བར་དེར་འོབས་བརྐོས་ནས་ཆུས་བཀང་སྟེ། དེའི་ནང་ནས་གྲུ་དྲངས་ཤིང་གྲོང་ཁྱེར་མཛེས་པར་བརྒྱན་པས་བསུས་པ་དང་འཕྲད་པ་ན། རྒྱལ་པོ་སེངྒེའི་ཁྲིར་འདུག་པའི་རྐང་པའི་དྲུང་དུ་མུ་ཏིག་གི་ཕྲེང་བ་བཞག་ནས་ཕྱག་བྱས་ཏེ་མདུན་དུ་སྐྱིལ་མོ་ཀྲུང་བཅས་པ་ན། རྐང་པ་གཉིས་ཀྱི་གསེར་གྱི་སྤུ་མཐོང་ནས་ངོ་མཚར་སྐྱེས་ཤིང་། རྒྱལ་པོས་བཅོམ་ལྡན་འདས་མཇལ་བར་བསྐུལ་ནས་ཆོས་ལ་གུས་པ་བསྐྱེད་པས་རྐང་པས་སོང་བ་ན། སྟོན་པས་དགེ་སློང་དག །འདི་ནས་བཟུང་སྟེ་བསྐལ་པ་གོ་གཅིག་བར་གྲུ་འཛིན་བུས། གདིང་བ་མེད་པར་ལན་འགའ་ཡང་རྐང་པ་ས་ལ་མ་བོར་ཏོ། །གསུངས་ཤིང་། དེ་དང་འཚམས་པའི་ཆོས་བསྟན་ཏེ་རབ་ཏུ་བྱུང་འདོད་པར། སྟོན་པས་ཕ་མ་ལ་དྲི་བར་བསྐུལ་ཡང་རྒྱལ་པོས་གནང་སྟེ་བསྙེན་པར་རྫོགས་ཤིང་པི་ཝཾ་གི་སྒྲ་ལ་བརྟེན་པའི་དྲི་ལན་མཛད་དེ་དགྲ་བཅོམ་པ་ཐོབ་བོ། །དེའི་སྔོན་འབྱུང་ནི། སངས་རྒྱས་རྣམ་གཟིགས་འཁོར་དགེ་སློང་དྲུག་ཁྲི་ཉིས་སྟོང་གིས་ཡོངས་སུ་བསྐོར་ཏེ་ལྗོངས་རྒྱུ་བ་ན་བློ་མཐུན་པའི་མི་མང་པོ་འཚོགས་ཏེ། ཐུན་མོང་དུ་བཅོམ་ལྡན་འདས་འཁོར་བཅས་ཟླ་བ་གསུམ་དུ་རེ་མོས་ཀྱིས་མཆོད་པ་ན་དེའི་ནང་གི་བྲམ་ཟེའི་ཁྱེའུ་དབུལ་པོས་རང་གི་མ་ལ་དྲིས་ཏེ། ཉིན་ཐ་མ་ལ་ཚོགས་སྔ་མ་རྣམས་ཀྱི་རྒྱུ་ལྷག་དང་། རྙེད་པ་གསར་ཐོབ་ཀྱིས་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྟབས་ཟིན་ནས་ཞབས་ལ་གཏུགས་ཏེ་ལོངས་སྤྱོད་ཆེ་


GTN004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིགས་སུ་སྐྱེས་པ། གདིང་བ་མེད་པའི་ས་ཕྱོགས་སུ་རྐང་པ་མི་འཇོག་པ། སངས་རྒྱས་ཀྱི་ཞབས་མཐིལ་དུ་གསེར་གྱི་སྤུ་ཡོད་པ་ལྟར་འབྱུང་བ། འདི་འདྲ་བའི་སྟོན་པ་ཁྱད་པར་ཅན་མཉེས་པར་བྱེད་པ་སོགས་སྨོན་ལམ་བཏབ་པ་ཡིན་ནོ། །༈ ཡལ་འདབ་ཉེར་དགུ་པ་ནི། སྟོན་པ་མཉན་ཡོད་ན་བཞུགས་སོ། །སྐབས་འདིར་ཤཱ་རིའི་བུ་ཁྲག་དང་བན་ཀན་འཁྲུགས་པས་བསྙུང་བར་སྨན་པས་པདྨའི་རྩ་བའི་འོ་མ་དགོས་པར་བསྟན་པས་མོའུ་འགལ་གྱི་བུས་རྫུ་འཕྲུལ་གྱིས་རྫིང་བུ་དལ་འབབས་ནས་བླངས་ཏེ་དྲངས་པས་སོས་པ་ཀླུའི་རྒྱལ་པོ་རབ་བརྟན་གྱིས་མཐོང་བར། གླང་པོ་ཆེ་ནག་པོ་ལ་པདྨའི་རྩ་བ་ཁུར་ཅིག་བསྐུར་བ། དེས་རྒྱལ་བྱེད་ཀྱི་ཚལ་དུ་གཙུག་ལག་ཁང་གི་ཁྱམས་ཀྱི་མདུན་དུ་བཞག་སྟེ་ཕྱིར་ལོག་པ་ན། ལམ་བར་དུ་བལ་གླང་མོ་ཞིག་དང་འདུས་པས་ཕྲུ་གུ་བྱུང་བའི་མོད་ལ་སེངྒེའི་སྒྲ་འབྱིན་ཏོ། །དེས་གླང་མོ་སྐྲག་ནས་བྲོས་པའི་ཕྲུ་གུ་ཤིང་མཁན་ཞིག་གིས་ནོར་གྱིས་གསོས་པས་ནོར་སྐྱོང་ཞེས་གྲགས་པ་ཕྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་ཕུལ་བས་ཆེས་སྟོབས་དང་ལྡན་ཞིང་མ་རུངས་པ་ཞིག་ཡོད་པས་ཕྱིར་བྱུང་རེས་ཀྱིས་མི་ཕྱུགས་མང་པོ་གསོད་པ་ཞིག་གོ །དེ་ཉིན་རེ་བཞིན་ཕྱིར་མི་འདོན་ལ། གལ་ཏེ་ནང་པར་ཕྱིར་འདོན་ན་དོ་ནུབ་དྲིལ་སྒྲོག་པར་བྱེད་དོ། །


GTN004_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཁབ་ཀྱི་ཁྱིམ་བདག་ཕྱུག་པོ་ཞིག་གིས་སངས་རྒྱས་དགེ་འདུན་དང་བཅས་པ་ནང་བར་གདུགས་ཚོད་ལ་སྤྱན་དྲངས་ཤིང་ཞལ་གྱིས་བཞེས་པ་ལྷས་བྱིན་གྱིས་ཐོས་ཏེ། གླང་པོ་འདུལ་མཁན་ལ་མུ་ཏིག་གི་དོ་ཤལ་སྲང་བརྒྱ་སྟོང་རི་བ་ཅིག་སྦྱིན་ནས་ནོར་སྐྱོང་རྦོད་ཅིག་བསྒོའོ། །དེ་ན་རེ། བདག་གིས་རྦད་ན་ལྷ་ལའང་ཞུས་ཤིག །ལྷས་བྱིན་གྱིས་མ་སྐྱེས་དགྲ་ལའང་རིགས་པར་བྱས་པས། དེ་ན་རེ། བཅོམ་ལྡན་འདས་འདི་མ་དུལ་བ་འདུལ་བ་ཡིན་ནོ་ཞེས་མ་ཐོས་སམ། ལྷས་བྱིན་ན་རེ། དེ་ལྟར་ན་ཐོག་མར་ཁོ་ནར་ང་འདུལ་གྲང་ན་དེ་མ་དུལ་བ་འདུལ་བ་མ་ཡིན་གྱི་ནོར་སྐྱོང་རྦད་དགོས་སོ། །དེས་ཀྱང་ཁས་བླངས་འདུལ་སྦྱོང་མཁན་ལའང་གོ་བར་བྱས་ཏེ་ནང་པར་གླང་པོ་ཆེ་ནོར་སྐྱོང་ཕྱིར་གཏོང་གི་རང་རང་ལུས་བསྲུང་བ་ལ་སྒྲིམས་ཤིག་ཅེས་དྲིལ་བསྒྲགས་པ་ཁྱིམ་བདག་དེས་ཐོས་ནས་སྡུག་བསྔལ་ཏེ། གདུགས་ཚོད་ཡར་ཁྱེར་ཏེ་དྲང་ངོ་སྙམ་ནས་སང་སྔ་བར་སོང་སྟེ་སྟོན་པ་ལ་ཞུས་པས། དེ་བཞིན་གཤེགས་པ་ལ་གླང་པོ་ཆེའི་འཇིགས་པ་མེད་དོ་གསུངས། དེར་རབ་ཏུ་དགའ་ཞིང་སོང་ངོ་། །དེར་བཅོམ་ལྡན་འདས་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་གཤེགས་པ་ན་གླང་པོ་ཆེ་ནོར་སྐྱོང་རྦད་དོ། །དེ་ཡང་འགྱིང་ཞིང་སྐད་བཏོན་ཏེ་ཤུགས་ཅི་ཡོད་པས་རྒྱལ་བའི་ཕྱོགས་སུ་རྒྱུགས་སོ། །ལྷས་བྱིན་དང་མ་སྐྱེས་དགྲ་གཉིས་ཁང་བཟང་གི་སྟེང་ནས་ལྟ་ཞིང་འདུག་ལ་ལྷས་བྱིན་དགའ་སྟེ། གླང་པོ་ཆེ་ཡི་ལས་བལྟས་ན། །ཁྱོད་ནི་གླང་ཆེན་མཐུས་


GTN004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བརྫིས་པས། །ཤཱཀྱའི་བུ་ཁྱོད་དེ་རིང་དུ། །ཉན་ཐོས་བཅས་ཏེ་རེ་སྙམ་མེད། །ཅེས་ཟེར་བ་ལ་སྟོན་པས། ལྷས་བྱིན་ངན་ཁྱོད་ང་ལ་ནི། །ཁྱད་གསོད་ཅོ་འདྲི་སྨྲ་བར་བྱེད། །སྟོབས་བཅུའི་སྟོབས་ལྡན་རྨད་བྱུང་བའི། །སྟོབས་ཀྱི་མཐུ་ལ་ད་ལྟོས་ཤིག །ཅེས་བཀའ་སྩལ་ནས་ཕྱག་གཡས་ཀྱི་སོར་མོ་ལྔ་ལས་སེངྒེ་རལ་པ་ཅན་ལྔ་སྤྲུལ་ཏེ། དེའི་དྲི་ཚོར་བ་ཙམ་གྱིས་ནོར་སྐྱོང་སྐྲག་ནས་གར་བབ་བབ་ཏུ་བྲོས་པ་ན། ཕྱོགས་ཐམས་ཅད་རབ་ཏུ་མེ་འབར་བར་མཐོང་སྟེ་འབྲོས་པའི་གནས་མ་རྙེད་ཅིང་བཅོམ་ལྡན་འདས་བཞུགས་པའི་གནས་ཁོ་ནར་ཞི་བར་ཤེས་ཏེ་དལ་བུས་ཞབས་དྲུང་དུ་སོང་ངོ་། །དེར་དགེ་སློང་གཞན་ལྔ་བརྒྱ་རྣམས་ནི་གླང་པོ་ཆེ་ཁྲོས་པ་མཐོང་བས་ཕྱོགས་བཞིར་བྲོས། འཕགས་པ་ཀུན་དགའ་བོ་གཅིག་པུ་སྟོན་པའི་དྲུང་ན་འདུག་གོ །དེ་ནས་སྟོན་པའི་ཕྱག་གིས་གླང་པོར་བྱུགས་ཤིང་། ཁྱོད་སྔོན་ཉེས་པར་སྤྱད་པས་དུད་འགྲོར་སྐྱེས་ལ་ད་དུང་གཞན་གྱི་སྲོག་བཅད་པས་འགྲོ་བ་ཅིར་འགྱུར་ཞེས་སོགས་ཆོས་བསྟན་ནས་ང་ལ་དད་པར་གྱིས་ཤིག་དུད་འགྲོའི་སྐྱེ་གནས་ལས་ཐར་བར་འགྱུར་རོ། །ཞེས་གསུངས། དེ་ནས་གླང་པོ་ཆེ་དེ་སངས་རྒྱས་ལ་ཤིན་ཏུ་དད་པར་གྱུར་ཏེ་རབ་ཏུ་དགའ་བས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་ངོ་། །སྟོན་པ་ཁྱིམ་བདག་དེའི་ཁྱིམ་དུ་གཤེགས་པ་ན་དེ་ཡང་སྒོ་དྲུང་དུ་སྡོད་དོ། །དེས་སྟོན་པ་མ་མཐོང་བས་ཁྱིམ་གཞིག་པར་བརྩམས་པ་ན། སྟོན་པས་ཁྱིམ་དེ་ཤེལ་གྱི་རང་བཞིན་དུ་སྤྲུལ་པས་སྐུ་ཤིན་ཏུ་གསལ་བར་མཐོང་སྟེ། དེ་ལ་དགའ་བས་ལྟ་ཞིང་འདུག་གོ །དེར་དགེ་འདུན་


GTN004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་གདུགས་ཚོད་གསོལ། ཡོན་བསྔོ་བར་མཛད་དེ་ཕྱིར་གཤེགས་པ་ན་གླང་པོ་ཆེ་ནོར་སྐྱོང་ཡང་སྟོན་པའི་ཕྱི་བཞིན་དུ་སོང་ངོ་། །དེར་མ་སྐྱེས་དགྲ་ཡིས། སྔར་གཞན་གྱི་རྒྱལ་པོས་གནོད་པར་མི་ནུས་པ་ནི་གླང་པོ་དེའི་མཐུ་ལགས་ཏེ། ད་ནི་ཁྱོད་ཀྱིས་མེད་པར་བྱས་སོ་ཞེས་ལྷས་བྱིན་ལ་གྱོད་བརྡལ་ལོ། །དེ་ནས་རྒྱལ་པོས་གྲོང་ཁྱེར་གྱི་ར་བའི་སྒོ་ཆོད་ལ་གླང་པོ་ཆེ་ཐོགས་ཤིག་ཟེར། དེ་ལྟར་བྱས་པས་སངས་རྒྱས་མ་མཐོང་བའི་སྡུག་བསྔལ་གྱིས་རང་གི་སྣ་ཤལ་རྡོག་པས་བརྫིས་ཏེ་ཤི་ནས་རྒྱལ་ཆེན་རིགས་བཞིའི་ལྷར་སྐྱེས་ཏེ་སྟོན་པའི་དྲུང་དུ་འོངས་ཆོས་ཉན་པས་བདེན་པ་མཐོང་ངོ་། །སྐབས་དེ་དག་ཏུ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཉིན་རེར་ཕེབས་པ་ལ་མ་སྐྱེས་དགྲ་ལྷས་བྱིན་དང་བཅས་པས་སྟོན་པ་འཁོར་བཅས་ལ་ཅུང་ཟད་ཀྱང་གནོད་མི་ནུས་མོད། ཁྱི་གཏུམ་པོ་རྦོད་པ་ལ་སོགས་པ་ཀྱལ་ཀ་དང་བཀུར་སྟི་མ་ཡིན་པ་ཁོ་ན་རྟག་པར་བྱེད་ཀྱང་། རྒྱལ་པོའི་ཁབ་ཀྱི་སེམས་ཅན་མང་པོའི་དོན་ཡོད་པས་རེ་ཞིག་བཞུགས་པ་ཡིན་ནོ། །གླང་པོ་འདིའི་སྔོན་འབྱུང་ནི། འདུལ་བ་༼ཁ༽དབྱེན་གྱི་གཞིར་གསུངས་ཏེ། སྔོན་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སངས་རྒྱས་འོད་སྲུང་བྱོན་ནས་ཝཱ་རཱ་ཎ་སཱིར་བཞུགས་པ་ན། དེའི་བསྟན་པ་ལ་རབ་ཏུ་བྱུང་དགེ་འདུན་གྱི་ཞལ་ཏ་བྱེད་པ་ན་བསླབ་པའི་གཞི་ཕྲ་མོ་རྣམས་ལ་མ་གུས་པས་དུད་འགྲོར་སྐྱེས། དགེ་འདུན་ལ་བཀུར་སྟི་བྱས་པས་བཟའ་བཏུང་ཐོབ། སྟོན་པ་ལ་སེམས་དགའ་བ་སྐྱེས་པས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེས། སྔར་རབ་ཏུ་བྱུང་བས་ད་ལྟ་བདེན་པ་མཐོང་


GTN004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། དགེ་སློང་གི་འཁོར་ལྔ་བརྒྱ་བྲོས་ནས་ཀུན་དགའ་བོས་མ་བོར་བ་ཡང་། སྔོན་མཚོ་མ་དྲོས་པར་ངང་པའི་དཔོན་པོ་ཡུལ་འཁོར་སྐྱོང་ལ་བུ་གང་བ་དང་། བཞིན་རྒྱས་གཉིས་ཡོད། གང་བ་ཁྲོ་གཏུམ་དང་གདུག་རྩུབ་ཆེས་པས་ངང་པ་རྣམས་ལ་འཚེ་བ་ན། ངང་པའི་ཚོགས་ཀྱིས་ཡུལ་འཁོར་སྐྱོང་ལ་གོ་བར་བྱས་པས་དེ་བློ་སྐྱེས་ཏེ། བུ་གཉིས་ལ་འབབ་ཆུ་དང་། མཚོ་དང་། མཚེའུ་རྣམས་བལྟས་ནས་ངའི་རྩར་འོངས་པ་དེ་ངང་པའི་དཔོན་པོར་གཞུག་གོ་སྨྲས་པས། དེ་གཉིས་འཁོར་ལྔ་བརྒྱ་རེ་དང་བཅས་དོང་ངོ་། །དེ་གཉིས་སོང་སོང་ཏེ་མཐར་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་སྦྱིན་གྱི་རྫིང་བུར་ཆགས་པས། གང་བ་དེར་རྩེ་བ་ན། བཞིན་རྒྱས་སོང་སྟེ་རྒྱལ་སྲིད་བླངས་སོ། །སླར་ཚངས་ལྡན་གྱི་རྫིང་བུར་རྩེ་བ་ན་རྒྱལ་པོས་བྱ་རྫི་རྣམས་ལ་བཟུང་བཅུག་པས་ངང་པ་གཞན་རྣམས་བྲོས་ཀྱང་གཅིག་མཛའ་བས་མ་བྲོས་པ་སྟེ། རྒྱུ་དེས་རྒྱལ་པོ་བློན་པོ་འཁོར་བཅས་ངོ་མཚར་སྐྱེས་ནས་ངང་པ་གཉིས་ཀ་བཏང་ངོ་། །གང་བ་ནི་ལྷས་བྱིན། བཞིན་རྒྱས་སྟོན་པ་དང་། གཅིག་པུ་ཀུན་དགའ་བོ་ཡིན་ནོ། །༈ ཡལ་འདབ་སུམ་ཅུ་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞི་ལས་བཤད་པ། སྔོན་བྱུང་བ་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་པོར་ཚངས་བྱིན་ལ་སྲས་གཉིས་ཏེ་མཛེས་དགའ་དང་འཐབ་མོ་


GTN004_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་སོ། །ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པས་བུ་མཛེས་དགའ་ཡིད་སྐྱོ་ནས་རབ་ཏུ་བྱུང་བར་ཞུས་པས་མ་གནང་པར། སླར་ནན་གྱིས་ཞུས་པས་གནང་ནས་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ། བརྩོན་པ་དང་འབད་པ་དང་། བརྩལ་བ་བྱས་པས་འདོད་པ་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་བྱས་ནས་བྱམས་པའི་ཏིང་ངེ་འཛིན་ཐོབ། དེ་ཤིན་ཏུ་སེམས་ཅན་རྣམས་ལ་སྙིང་བརྩེ་བར་གྱུར་ནས་དེའི་བྱམས་པས་རི་དྭགས་གདུག་པ་རྣམས་ཀྱང་བསྟི་གནས་སུ་འདྲིས་པར་གྱུར་ཏེ་གནོད་པ་མི་བྱེད་པས་དེའི་མིང་བཟོད་པ་སྨྲ་བ་ཞེས་གྲགས། རྒྱལ་པོ་ཚངས་བྱིན་ཤི་ནས་འཐབ་མོ་སྐྱེས་རྒྱལ་སར་བཀོད་པས་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དོ། །དྲང་སྲོང་བཟོད་པར་སྨྲ་བ་དཀའ་ཐུབ་ཀྱིས་སྐྱོ་སྟེ་མཁན་པོ་ལ་གནང་བ་ཞུས་ནས་གྲོང་མཐར་དབེན་པའི་གནས་ཚོལ་བས་རང་གི་ཕའི་སྐྱེད་ཚལ་ཉིད་འོས་པར་མཐོང་སྟེ་ལོ་མ་དང་འདབ་མའི་སྤྱིལ་བུ་བྱས་པར་གནས་བཅས་ཏེ་དབང་པོ་རྣམས་སྲུང་བར་བྱེད། རེ་ཞིག་སོས་ཀའི་དུས་ལ་བབ་པ་ན་སྐྱེད་མོས་ཚལ་དུ་འཐབ་མོ་སྐྱེས་བཙུན་མོ་དང་ལྷན་ཅིག་བདེ་བ་ཉམས་སུ་མྱོང་བས་དུབ་སྟེ་གཉིད་ལོག་པ་ན། བུད་མེད་རྣམས་སྐྱེད་མོས་ཚལ་དུ་མེ་ཏོག་དང་འབྲས་བུ་ལ་དགའ་བས་ཕན་ཚུན་དུ་རྒྱུ་བས་དྲང་སྲོང་བཟོད་པར་སྨྲ་བ་མཐོང་། སྤྱོད་ལམ་ཞི་བས་དད་དེ། ཕྱག་དང་བསྐོར་བ་བྱས། ཆོས་ཉན་པ་ན། འཐབ་མོ་སྐྱེས་གཉིད་སད་དེ་མཐོང་ནས་ཁྲོ་བ་དྲག་པོ་སྐྱེས་པས་རལ་གྲི་ཐོགས་ནས་དྲང་སྲོང་ལ་ཁྱོད་སུ་ཡིན་དྲིས་


GTN004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པས། བདག་བཟོད་པར་སྨྲ་བའོ་བྱས་པས་སླར་ཡང་ཆེས་ཆེར་ཁྲོས་ཏེ། ལག་པ་དང་རྐང་པ་སོགས་རིམ་པར་གཏུབ་ཅིང་བཟོད་པར་སྨྲ་བའམ་ཡང་ཡང་དྲིས་པས་ཚིགས་སུ་བཅད་པ་སྨྲས་པ། གལ་ཏེ་བདག་གི་ལུས་ལ་ནི། །ཏིལ་འབྲུ་ཙམ་དུ་གཏུབ་པ་ཡི། །ལུས་ནི་ཕྱེ་མ་བརྒྱར་གཏུབ་ནས། །ས་ལ་གཏོར་ཀྱང་བཟོད་མི་སྤོང་། །ཞེས་སོགས་གསུངས་ཤིང་། རྒྱལ་པོ་ཁྱོད་ངའི་ཡན་ལག་དང་ཉིང་ལག་ཐམས་ཅད་དུམ་བུར་བཏུབ་ཅིང་ཡང་ནས་ཡང་དུ་དྲིས་པ་དེ་བཞིན་དུ། བདག་མངོན་པར་རྫོགས་པ་འཚང་རྒྱ་བ་ན་ཤེས་རབ་ཀྱི་རལ་གྲིས་ཁྱོད་ཀྱི་ཉོན་མོངས་པ་ཐམས་ཅད་ཡང་ནས་ཡང་དུ་གཅོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ། དྲང་སྲོང་ལ་མངོན་པར་དད་པའི་ལྷས་རྒྱལ་པོ་སྡིག་ཅན་འཁོར་བཅས་ལ་ཡམས་ནད་དང་། བྱི་བ། ནེ་ཚོ་སོགས་བཏང་ཞིང་། ཆར་མ་ཕབ་པས་གྲོང་ཁྱེར་སྟོངས་སུ་ཉེ་བར་ལྟས་མཁན་ནས་དེ་ལྟར་སྨྲས་པས། རྒྱལ་པོ། བཙུན་མོ། བློན་པོ། གྲོང་ཁྱེར་གྱི་མི། ཡུལ་མི་ཐམས་ཅད་དང་བཅས་པས་སྐྱེད་ཚལ་གྱི་ལྷ་ལ་མཆོད་དེ། བཟོད་སྨྲ་ལ་བཤགས་པ་ཕུལ་བས་གནང་བ་ཐོབ་ཀྱང་ཡིད་མ་ཆེས་པར། ལུས་ལ་མཚོན་གྱིས་འདེབས་པ་ནའང་། བདག་ནི་སེམས་ཅན་ཀུན་ལ་བྱམས། །གལ་ཏེ་ཁྱོད་ཡིད་མི་ཆེས་ན། །བདག་གི་ཁྲག་འཛག་པ་ལ་ལྟོས། །ཞེས་གསུངས་པས་ཁྲག་འོ་མར་འཛག་པའི་རྫུ་འཕྲུལ་བསྟན་ཡང་ཡིད་མ་ཆེས་པས། རྒྱལ་པོ་ཁྱོད་ཀྱིས་བདག་གི་ལུས། །བཏུབ་ཀྱང་ཤིན་ཏུ་ཕྲ་བ་ཡི། །ཞེ་སྡང་འདི་ལྟར་ཡོད་མིན་ན། །བདག་ལུས་ཇི་ལྟར་སྔོན་བཞིན་ཤོག །ཅེས་བདེན་ཚིག་
བརྗོད་པས་ལུས་སྔོན་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་ངོ་མཚར་ནས། ཀྱེ་མའོ་ཆོས་ལ་ལེགས་གནས་པས། །ཀྱེ་མ་བརྟུལ་ཞུགས་འདི་གྲུབ་སྟེ། །ལུས་ལ་གཏུབ་པར་བྱེད་པ་ན། །ཁྱོད་ཀྱི་མི་དགའ་ཅི་ཡང་མེད། །ཅེས་བསྔགས་ཤིང་ཕྱག་བྱས་སོ། །དེའི་དུས་ཀྱི་བཟོད་པར་སྨྲ་བ་ནི་སངས་རྒྱས་ཡིན་ལ། འཐབ་མོ་སྐྱེས་ནི་ཀཽ་ཌིཎྱ་ཡིན་ནོ། །

ཡལ་འདབ་སོ་གཅིག་པ་ནས་བཞི་བཅུ་པའི་བར།


GTN004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་སོ་གཅིག་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞི་ལས་འབྱུང་བ་སྟེ། སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་པོ་དབང་ཕྱུག་སྡེ་ལ་བཙུན་མོ་ཟླ་འོད་མ་ཞེས་རྨི་ལམ་རྣོ་བ་ཞིག་ཡོད་དོ། །ཡུལ་དེར་བྱང་ཆུབ་སེམས་དཔའ་རི་དྭགས་རྣམས་ཀྱི་ནང་དུ་སྐྱེས་པ་གསེར་གྱི་གློ་ཞེས་ལུས་གཟི་བརྗིད་དང་ལྡན་པ་ཞིག་རི་དྭགས་རྣམས་ཀྱི་དཔོན་པོར་གནས་པ་སེམས་ཅན་རྨུ་རྒོད་དང་། རྔོན་པ་ལ་སྐྲག་ཅིང་བག་ཟོན་བྱེད་པ་དེ་ལ་གྲོགས་པོ་བྱ་རོག་ཅིག་ཡོད་པས་ཉིན་པར་དེས་གསེར་གྱི་གློ་སྲུང་། མཚན་མོར་འུག་པའི་གནོད་པ་རི་དྭགས་ཀྱིས་སྲུང་ངོ་། །རེ་ཞིག་ན་མི་ཞིག་དགྲས་བཅིངས་ནས་ཆུར་འཕངས་པས་མྱ་ངན་གྱི་སྐད་འདོན་པ་རི་དྭགས་དཔོན་པོ་འཁོར་དང་བཅས་ཆུར་རྒྱུ་བས་ཐོས་ནས་སྙིང་རྗེས་ལེན་པར་བརྩམས་ཏེ་ཆུར་འཇུག་པ་ན། བྱ་རོག་གིས་མི་རྣམས་བྱས་པ་མི་གཟོ་བ་ཡིན་པས་རང་བརླག་


GTN004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འོང་བས་དེ་ལྟར་མ་བྱེད་ཅེས་བཟློགས་ཀྱང་མ་ཉན་པར་མི་དེ་རྒྱབ་ཏུ་ཞོན་ནས་ཆུ་འགྲམ་དུ་ཕྱུང་སྟེ་བཅིངས་པ་བཀྲོལ་ནས་ཅི་བདེར་མངགས་ཏེ། བདག་གི་ལུས་འདི་ལྟར་ཡོད་པའི་གནས་ཚུལ་གཞན་ལ་མ་སྨྲ་ཞིག་གདམས་སོ། །རྒྱལ་པོའི་བཙུན་མོས་རི་དྭགས་དེ་ལྟ་བུ་སེངྒེའི་ཁྲི་ལ་འདུག་ནས་རྒྱལ་འབངས་འཁོར་བཅས་ལ་ཆོས་འཆད་པ་རྨིས་པས་དེ་ཚུལ་རྒྱལ་པོར་ཞུས་པས་རི་དྭགས་བཙལ་བར་བགྲོས་སོ། །དེར་རྒྱལ་པོས་ཡུལ་གྱི་རྔོན་པ་ཐམས་ཅད་བསྡུས་ཀྱང་གོ་མཐོང་མེད་ནས་མངའ་འོག་ཏུ་རི་དྭགས་དེའི་གཏམ་སྙན་སྨྲ་བ་ཡོད་ན་གྲོང་བརྡལ་མཆོག་ལྔ་སྦྱིན་པར་ཆེད་པས་སྔར་གྱི་མི་ངན་དེས་ནགས་ཚལ་ཞིག་ཏུ་ཡོད་ཚུལ་བཤད་པས་རྒྱལ་པོ་བློན་པོ་འཁོར་བཅས་དེར་ཆས་སོ། །དེ་བྱ་རོག་གིས་མཐོང་ནས་རི་དྭགས་ཀྱི་དཔོན་པོ་ལ་ཁྲེལ་བདས་པས་རི་དྭགས་རྣམས་བྲོས་པ་ན། བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ་བས་རི་དྭགས་གཞན་སྲོག་སྐྱབས་ཕྱིར་རང་ཉིད་གཅིག་པུ་རྒྱལ་པོ་འཁོར་བཅས་ཀྱི་མདུན་དུ་ལྷགས་པ་ན། མི་ངན་དེས་འདིའོ་ཞེས་ལག་པ་གཉིས་བརྐྱངས་པ། དྲིན་ལན་ལོག་པར་འཇལ་བའི་རྣམ་སྨིན་གྱིས་སྐབས་དེར་ལག་པ་གཉིས་ས་ལ་ལྷུང་ངོ་། །དེར་རྒྱལ་པོས་རྒྱུ་མཚན་དྲིས་པ་ན་མི་ངན་དེས་སྔར་གྱི་ཚུལ་རྒྱས་པར་བསྙད་པས་རྒྱལ་པོ་ཡང་ཐུགས་ཁྲེལ་སྐྱེས་སོ། །དེ་ནས་རི་དྭགས་ཀྱི་དཔོན་པོ་བཀུར་སྟི་ཆེན་པོས་གྲོང་ཁྱེར་དུ་སྤྱན་དྲངས་ནས་ཆོས་བཤད་ཅིང་། རྒྱལ་པོ་འཁོར་བཅས་ཀྱིས་བསླབ་པ་ལྔའི་གཞི་བླངས་སོ། །རྒྱལ་པོས་ནགས་དེ་རི་དྭགས་རྣམས་


GTN004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱིན་ཅིང་རྔོན་རྒྱའང་མཛད་དོ། །རི་དྭགས་ཀྱི་དཔོན་པོ་ནི་སྟོན་པ་དང་། མི་ངན་དེ་ལྷས་སྦྱིན་ནོ། །༈ ཡལ་འདབ་སོ་གཉིས་པ་ནི། མདོ་སྡེ་༼ཨ༽མཛངས་བླུན་གྱི་ལེའུ་སོ་གསུམ་པ་བསྡུས་ཏེ་འཆད་ན། སྔོན་འདས་པའི་དུས་ན་འཛམ་གླིང་འདིར་རྒྱལ་པོ་རིན་པོ་ཆེ་གོ་ཆ་ཞེས་རྒྱལ་ཕྲན་ལྔ་བརྒྱ་ལ་དབང་བྱེད་པ། བུ་མེད་པས་ཡིད་གདུང་བ་ན་རྨི་ལམ་དུ་ལྷས་ལུང་བསྟན་པ་བཞིན་ཕྱི་རོལ་གྱི་ཚལ་དུ་དྲང་སྲོང་གཉིས་ཡོད་པའི་གཅིག །ལུས་གསེར་གྱི་མདོག་ཏུ་འདུག་པར་རང་གི་བུར་སྐྱེ་བར་ཞུས་པས་གནང་བ་ན། གཅིག་ཤོས་ཀྱང་བུར་འཕོ་བར་བྱས་སོ། །དེ་ནས་བཙུན་མོ་ལ་དྲང་སྲོང་དེ་གཉིས་སྲིད་པ་བཟུང་སྟེ་བཙས་པ་ན། རྒྱལ་བུ་དགེ་དོན་དང་སྡིག་དོན་དུ་བཏགས། དགེ་དོན་ཆེར་སྐྱེས་ནས་ཕྱི་རོལ་དུ་ལྟད་མོའི་ཕྱིར་གླང་པོ་ཆེ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ནས། རོལ་མོའི་བྱེ་བྲག་དང་བཅས་རྐྱ་པ་བརྒྱ་སྟོང་སྙེད་ཀྱིས་བསྐོར་ནས་སོང་བས་ཡུལ་མི་ཐམས་ཅད་ནས་བསྟོད་དོ། །དེར་ལམ་བར་དུ་དབུལ་ཕོངས་དང་ནད་པ་བཤན་པ་ཞིང་ལས་པ། བྱ་རྒྱ། ཉ་རྒྱ་སོགས་སེམས་ཅན་གྱི་སྡུག་བསྔལ་དག་མཐོང་བས་ཡིད་དབྱུང་ནས་ཡབ་རྒྱལ་པོར་ཞུས་ཏེ་སྦྱིན་པ་རྒྱ་ཆེར་གཏོང་བས་སློང་བ་རྣམས་ཚིམ་པར་མཛད་པ་ན་བང་མཛོད་སུམ་གཉིས་ཟད་པ་ན། ལས་བྱེད་པ་ཡིད་ལ་མ་འཐད་པས་རྐྱེན་


GTN004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་དགེ་དོན་རྒྱ་མཚོར་ནོར་བུ་ལེན་པར་ཕ་མ་ལ་ནན་གྱིས་ཞུས་པས་གནང་བ་ཚོང་པ་ལྔ་བརྒྱ་དང་ཐབས་ཅིག་པ་སྡིག་དོན་གྱིས་ཐོས་པས་དེའང་འགྲོ་བར་ཞུས་སོ། །རྒྱལ་བུས་གསེར་སྲང་སུམ་སྟོང་ཕྱུང་ནས། སྲང་སྟོང་གིས་གྲུ་ཟོང་དང་། ཉིས་སྟོང་གིས་ཡོ་བྱད་བྱས། དེད་དཔོན་དང་བཅས་རྒྱ་མཚོར་ཞུགས་པ་རིན་པོ་ཆེའི་གླིང་དུ་ཕྱིན་ནས། རྒྱལ་བུ་བརྟག་པ་ལ་མཁས་པས་རིན་པོ་ཆེ་བཟང་ངན་དང་མང་ཉུང་གི་ཚད་བསྟན། དེད་དཔོན་རྒན་པོ་དང་རྒྱལ་བུ་དགེ་དོན་གཉིས་གྲུ་ཆུང་ཞིག་བྱས་ནས་སོང་བས། དངུལ་དང་། བཻཌཱུརྱ་དང་། གསེར་གྱི་རི་རྣམས་བརྒལ་ཏེ། དེར་དེད་དཔོན་བཞག་ཅིང་། དེས་བསྒོ་བ་བཞིན་རྒྱལ་བུ་རིན་པོ་ཆེ་སྣ་བདུན་གྱི་མཁར་དུ་སོང་ནས་སྒོ་རྡོ་རྗེའི་གཏུན་གྱིས་བརྡུངས་པས་རང་བྱེ་ནས། ལྷ་མོ་ལྔ་བརྒྱས་རིན་པོ་ཆེ་སོ་སོར་ཕུལ་ཞིང་། གཅིག་གིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྔོན་པོ་བྱིན་པ་བླངས་ཏེ། དེ་མ་ཐག་ཕྱིར་ལོག་ཅིང་དེད་དཔོན་གསེར་གྱི་གླིང་དུ་ཤི་བའི་རུས་བུ་སྦས་ཤིང་ཚོང་པ་མང་མ་དང་ཕྲད་པ་ན། སྡིག་དོན་གྱིས་ཚོང་པ་རྣམས་ལ་རིན་པོ་ཆེ་སླར་ཡང་མང་དུ་ལན་བཅོལ་བས་གྲུ་ཡང་བར་འགའ་ནི་ཆུར་ནུབ་བར་འགའ་བྱུང་བཞིན་པས། དགེ་དོན་གཅིག་པུ་ནོར་བུ་རིན་པོ་ཆེ་ཡོད་པས་ཆུར་མ་ནུབ་པ་ལས་གཞན་རྣམས་ཆུས་འཇིག་པ་ན། སྡིག་དོན་ཕུ་བོ་ལ་འཇུས་ཏེ་གཉིས་ཀ་སྐམ་སར་ཕྱིན་པ་ན་སྡིག་དོན་གྱིས་ཕུ་བོར་རིན་པོ་ཆེ་ཡོད་པ་མཐོང་བས་དེ་ལ་གནོད་པའི་སེམས་སྐྱེས་ཏེ། དགེ་དོན་གཉིད་དུ་སོང་བར་


GTN004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཚེར་མས་བཙུགས་ཏེ་རིན་པོ་ཆེ་ཁྱེར་ནས་བྲོས་སོ། །དགེ་དོན་མིག་ནི་ཚ་ནས་མི་བཟོད་པ་ན། ཤིང་གི་ལྷ་མོས་སྡིག་དོན་གྱིས་དེ་ལྟར་བྱས་པ་བཤད་དོ། །དགེ་དོན་ལོང་བས་གོག་ཅིང་འབོད་པ་བཏང་ནས་སོང་བས་ཡུལ་ལི་ཤི་བ་དེ་དང་ཉེ་བར་ཕྱིན་པ་ན་བ་ལང་གི་ཁྱུ་སྐྱོང་བ་དང་འཕྲད་པས། ཁྱུ་མཆོག་ཞིག་གིས་མིག་ལ་ལྕེས་བལྡགས་ཤིང་། བ་ལང་ཀུན་དེར་འཚོགས་པས་བ་ལང་རྫིས་བརྟགས་ནས་མིག་གི་ཚེར་མ་ཕྱུང་ནས་གྲོང་དུ་ཁྲིད་དེ་གསོས་སོ། །སླར་རྨ་སོས་ནས་འཚོ་བ་ན། དེ་རོལ་མོ་ལ་མཁས་པས་རོལ་མོ་བྱེད་ཅིང་གླུ་དང་ཚིག་སྙན་པ་བླངས་པས་སྐྱེ་བོ་མཆོག་ཕལ་ཀུན་འདུས་པས་ཟས་དང་སྐོམ་ཅི་འདོད་པ་རྙེད། ཕྱིས་ལི་ཤི་བའི་རྒྱལ་པོའི་སྐྱེད་ཚལ་སྲུང་བས་ཁྲིད་དེ་སྐྱེད་ཚལ་སྲུང་ཞིང་རོལ་མོ་བྱེད་དུ་འཇུག་གོ །སྡིག་དོན་ཕ་མའི་རྩར་འཁོར་ཏེ། དགེ་དོན་དང་ཚོང་པ་རྣམས་ཆུར་བྱིངས། རང་ཉིད་རྐྱལ་ཤེས་པས་སླེབས་སོ་བརྗོད་ཀྱང་རྒྱལ་བློན་འབངས་འཁོར་ཀུན་གྱིས་དགའ་བའི་སེམས་མ་བསྐྱེད་པར་མྱ་ངན་གྱིས་ནོན་ཏོ། །སྔར་དགེ་དོན་གྱིས་གསོས་པའི་བྱ་ངང་པ་ཞིག་ཡོད་པ་རྒྱལ་པོ་ཡབ་ཡུམ་གྱིས་དགེ་དོན་ཚོལ་བར་མངགས་ནས་མགུལ་དུ་ཡི་གེ་བཏགས་པ་སྐྱེད་ཚལ་དེར་དགེ་དོན་དང་འཕྲད་པས། སྔར་གྱི་རྒྱུ་མཚན་ཐམས་ཅད་ཡི་གེར་བྲིར་བཅུག་སྟེ་བསྲིངས་སོ། །རྒྱལ་པོ་ལི་ཤི་བའི་བུ་མོ་ཁྱད་པར་ཅན་ཚལ་དེར་སོང་བ་ལོང་བ་དང་འདུམ་པར་གྱུར་ཏེ་བཟློག་ཏུ་མ་བཏུབ་བོ། །


GTN004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཁྱོ་ཤུག་གཉིས་ཀ་ཕོ་བྲང་དུ་བཞག་པ་ན། བུ་མོ་ཉིན་པར་རྟག་ཏུ་སོང་ཞིང་མཚན་མོ་འོང་བས། དགེ་དོན་གྱིས་ཁྱོད་སྐྱེས་པ་གཞན་སེམས་སོ་ཞེས་བཀར་བས། དེས་སྐྱེས་པ་གཞན་མ་སེམས་པའི་བདེན་ཚིག་གིས་མིག་ཡ་ཅིག་འབྱོར་རོ། །དེ་ནས་བུ་མོས་དགེ་དོན་ལ་ལོ་རྒྱུས་ཞིབ་པར་དྲིས་ནས་ངོ་མཚར་སྐྱེས། དགེ་དོན་གྱིས་སྡིག་དོན་ལ་ཁྲོ་བ་མ་སྐྱེས་པའི་བདེན་པས་མིག་ཡ་ཅིག་འབྱོར་ནས་མཛེས་པར་གྱུར་པ་དེ་བུ་མོས་ཡབ་རྒྱལ་པོར་གསོལ་བས་ཤིན་ཏུ་དགའ་བ་སྐྱེས་པས། དགེ་དོན་ལྐོག་ནས་ལམ་སྲང་དུ་བསྐྱལ་ཏེ། སླར་རྒྱ་མཚོ་ནས་འཁོར་བ་སྐད་བསྒྲགས་ཏེ་བསུ་བ་དང་བཅས་ཕོ་བྲང་དུ་ཕེབས་པར། བུ་མོ་སླར་སྦྱིན་པའི་ཚུལ་བྱས། ངང་པ་ཡང་ཡུལ་དུ་ཕྱིན་པས་རྒྱལ་པོ་རིན་པོ་ཆེ་གོ་ཆ་ཡབ་སྲས་དགའ་བ་སྐྱེས་ཤིང་སྡིག་དོན་བཙོན་དུ་བཟུང་། རྒྱལ་པོ་ལི་ཤི་བར་ཕོ་ཉ་བཏང་། དགེ་དོན་གྱིས་གླང་རྫི་ལ་དྲིན་གཟོ་བྱས་ནས། རང་ཡུལ་དུ་འབྱོར་བ་ཆེན་པོ་དང་བཅས་བསུས་ཤིང་། རྒྱལ་པོ་ལི་ཤི་བས་བསྐྱལ་ནས་ཡབ་རྒྱལ་པོ་རིན་པོ་ཆེ་གོ་ཆ་འཁོར་བཅས་དང་འཕྲད་ཅིང་ནུ་བོ་བཙོན་ནས་བཏོན། ནོར་བུ་ལྔ་བརྒྱ་རྒྱལ་ཕྲན་རྣམས་ལ་བྱིན། ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེར་བཏགས་ཏེ་སྨོན་ལམ་བཏབ་པས་དགོས་འདོད་ཆར་དུ་ཕབ། བདེ་སྐྱིད་ཕུན་སུམ་ཚོགས་པར་བྱས་སོ། །


GTN004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་སོ་གསུམ་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞི་ལས་འབྱུང་བ་དང་ཚིག་རིས་མི་མཐུན་ཀྱང་དོན་གཅིག་པས་བསྡུས་ཏེ་འཆད་ན། སྔོན་བྱུང་བ་རྒྱལ་པོ་ཞིག་ལ་བུ་བཞི་བཙས་པ། ཡལ་ག་དང་། ལྕུག་མ་དང་། རྗེས་སུ་མཐུན་པའི་ལྕུག་མ་དང་། ས་གའོ། །དེ་རྣམས་ཆེན་པོར་གྱུར་པ་ན་སོ་སོ་ནས་རྒྱལ་པོ་གཞན་གྱི་བུ་མོ་དག་ཆུང་མར་བླངས་ཤིང་། ཡབ་རྒྱལ་པོ་ལ་བཀུར་སྟི་མ་བྱས་ཤིང་བརྙས་ཐབས་བྱེད་པར་བརྩམས་པ་ན། རྒྱལ་པོས་སྤྱུགས་པས་རང་རང་གི་ཆུང་མ་དང་བཅས་ནགས་སུ་རྒྱུ་བ་རྒྱགས་ཆད་ནས་རང་རང་གི་ཆུང་མ་གསོད་དེ་བཟའ་བར་གྲོས་མཐུན་པ་ན། ཐ་ཆུང་ས་ག་ནི་སྤྱོད་ངན་དེ་མ་འདོད་ཅིང་ཆུང་མར་སྙིང་བརྩེ་བས་ཁྲིད་དེ་བྲོས་སོ། །དེའི་ཆུང་མ་ལམ་གྱིས་དུབ་པས་བཀྲེས་ཤིང་སྐོམ་པར་བརླའི་ཤ་ལས་བཅད་དེ་ཟར་བཅུག་ཅིང་། ལག་པ་གཉིས་ཀྱི་རྩ་གཏར་བའི་ཁྲག་བླུད་དེ་གསོས་ནས་རི་ཞིག་ལ་ཕྱིན་པ་ན་རྩ་བ་དང་འབྲས་བུས་འཚོའོ། །རི་དེའི་དྲུང་ན་འབབ་ཆུ་ཞིག་འབབ་པ་དེ་ལ་མི་ཞིག་དགྲས་ལག་པ་དང་། རྐང་པ་རྣམས་གཏུབས་ནས་ཆུར་བསྐྱུར་བས་ཉམ་ཐག་པའི་སྐད་འབྱིན་པ་ས་གས་ཐོས་ཏེ་མྱུར་བར་ཕྱིན་ནས་ཆུ་ལས་བླངས་ཏེ་རྩ་བ་དང་འབྲས་བུས་ཚིམ་པར་བྱས་ནས་ཆུང་མ་ལ་གཏད། རིམ་གྲོ་བྱས་ནས་གསོས་པས་ལུས་སྟོབས་བརྟས་པ་ན། དེ་དང་འདུམ་པར་གྱུར་ཏེ་ས་ག་གསད་


GTN004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་གཤོམ་སྟེ་བུད་མེད་ནི་གཡོ་སྒྱུའི་རང་བཞིན་ཡིན་པས་མགོ་བོ་གོས་ཀྱིས་དཀྲིས་ནས་རིའི་བྲག་ཀ་ཞིག་ཏུ་ཉལ་བར། ས་གས་རྒྱུ་དྲིས་པས། བདག་ཀླད་པ་བྲོ་འཚལ་བས་ཤིན་ཏུ་ནའོ། །སྨྲས་པ་དེ་ལ་ཅིས་ཕན་དྲིས་པར་སྨན་པ་སྔ་མ་རྣམས་རྡོ་དྲེག་བཙལ་ལོ། རྗེའི་སྲས་དེ་ནི་བྲག་གི་ནང་འདིར་མཆིས་པས་བདག་གིས་སྤྱང་ཐག་གཟུང་གིས་ཁྱོད་ཀྱིས་ཕྱུང་ཤིག །སྨྲས་པས་བྱང་ཆུབ་སེམས་དཔའ་རྣམས་གཡོ་རྒྱུའི་རིགས་པ་མི་ཤེས་པས་བདེན་པར་བཟུང་བས་གཡང་ས་དེ་ནས་ཆུར་སྐྱུར་རོ། །དེ་ཆུ་བོས་རྒྱལ་པོའི་ཁབ་ཏུ་ཁྱེར་ནས་ཐར་བ་ན་ཡུལ་དེའི་རྒྱལ་པོ་ཤི་ནས་བུ་མེད་པས་ཐམས་ཅད་འདུས་ནས་རྒྱལ་པོ་བསྐོ་བར་བརྩམས་ཤིང་། མཚན་མཁན་གྱིས་བལྟས་པས་ས་ག་བསོད་ནམས་ཀྱི་སྐལ་བ་ཆེན་པོ་དང་ལྡན་པར་ཤེས་པས་རྒྱལ་སྲིད་ལ་བཞག་ཅིང་མངའ་འོག་ཆོས་མཐུན་གྱིས་སྐྱོང་ཡང་བུད་མེད་ཀྱིས་སུན་པས་བཙུན་མོ་བླང་བར་མ་གནང་ངོ་། །རེ་ཞིག་ན་བྱང་ཆུབ་སེམས་དཔའ་དང་བྲལ་བས་རྩ་དང་འབྲས་བུ་རྣམས་སྲབ་ནས་མུ་གེས་ཉེན་པས་སྔར་གྱི་བུད་མེད་དེས་ཁྱོ་ག་རྐང་ལག་མི་ཚང་བ་དེ་ཁུར་དུ་ཐོགས་པས་གྲོང་ཁྱེར་རྣམས་སུ་སྤྲང་དུ་རྒྱུ་བ་ན། རྒྱལ་པོས་ཐོས་ནས་བཀུག་པས་མཐོང་སྟེ་ཚིགས་སུ་བཅད་པ། ང་ཡི་བརླ་ཡི་ཤ་དག་དང་། །ཁྲག་ཀྱང་ཟོས་ཤིང་འཐུངས་ནས་ནི། །རྡུམ་པོ་ཁུར་དུ་ཐོགས་པ་ཁྱོད། །ཁྱིམ་ཐབ་རྩེ་བས་མི་སྐྱུར་རམ། །རྡོ་དྲེག་དག་གི་ཆེད་དུ་ནི། །ང་ནི་གཡང་སར་བོར་ནས་སུ། །རྡུམ་པོ་ཁུར་དུ་ཐོགས་པ་ཁྱོད། །ཁྱིམ་ཐབ་རྩེ་བས་མི་སྐྱུར་ཨང་། །ཞེས་གསུངས་པས་


GTN004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཚ་ནས་གདོང་སྨད་དོ། །རྒྱལ་པོ་ལ་བློན་པོ་རྣམས་ཀྱིས་རྒྱུ་མཚན་དྲིས་པས་དེ་དོན་ཞིབ་པར་བཤད་པས་བུད་མེད་རྐང་ལག་རྡུམ་པོ་ཁུར་བ་དེ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བསྐྲད་དོ། །གཞོན་ནུ་ས་ག་ནི་བཅོམ་ལྡན་འདས་དང་། བུད་མེད་དེ་ནི་ལྷས་སྦྱིན་ནོ། །༈ ཡལ་འདབ་སོ་བཞི་པ་ནི། སྟོན་པ་མཉན་ཡོད་ན་བཞུགས་སོ། །དགེ་སློང་རྣམས་དགོན་པ་དང་ཤིང་དྲུང་ལ་སོགས་པར་བསམ་གཏན་གྱིས་ཤིག་གསུངས་པས། རྫུ་འཕྲུལ་ཅན་རྣམས་རི་རབ་ཀྱི་བང་རིམ་དང་། གསེར་གྱི་རི་བདུན། མཚོ་མ་དྲོས་པ། རྫིང་བུ་དལ་གྱིས་འབབ་པ་སོགས་ལ་བསམ་གཏན་བྱེད་དོ། །ཀླུ་ཡི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ལུས་ཀྱིས་རི་རབ་ལ་ལན་གསུམ་དུ་དཀྲིས་ཤིང་ཡུན་རིང་པོར་གཉིད་ལོག་སྟེ་མ་སད་པ་ན་ཁ་རླངས་ཀྱི་དབུགས་ཀྱིས་རླུང་དྲག་པོས་རི་རབ་ཀྱི་བང་རིམ་ལ་གནས་པའི་བྱ་དང་རི་དྭགས་སོགས་སྲོག་ཆགས་དུ་མ་དག་དུག་གིས་ཤི་ཞིང་། རི་རབ་ལ་གནས་པའི་བསམ་གཏན་བྱེད་པའི་དགེ་སློང་དག་ཀྱང་སྐྱ་བོ་དང་སེང་སེང་པོར་གྱུར་པ་དེ་གསོལ་བས། མོའུ་འགལ་བུ་ལ་འདུལ་བར་བཀའ་གནང་། མོའུ་འགལ་བུ་དེར་རྫུ་འཕྲུལ་གྱིས་སོང་ནས་སེ་གོལ་གྱི་སྒྲ་བྱས་ཀྱང་དེ་གཉིས་གཉིད་མ་སད། ལུས་ཀྱིས་སྟེང་དུ་ཕན་ཚུན་ཞབས་ཀྱིས་བཅགས་ཤིང་། ཁོག་པའི་ནང་དུ་སོང་ནས་ཡས་མར་དུ་རྒྱུ་ཞིང་སྣ་ནས་འཐོན་ཏེ་ཡང་འཇུག་


GTN004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་མཛད་ཀྱང་ད་དུང་གཉིད་མ་སད། རི་རབ་ལ་ལན་བདུན་དུ་དཀྲི་ནུས་པའི་སྦྲུལ་ཆེན་པོ་ཆེས་མི་བཟོད་པ་ཞིག་ཏུ་སྤྲུལ་ཏེ། དེ་གཉིས་འོག་ཏུ་མནན་པ་ན་གཉིད་སད་དེ་བལྟས་པས་ཀླུ་ཤིན་ཏུ་མི་བཟད་པ་ཞིག་གིས་རང་ཉིད་ནོན་པར་བསམ་ནས་ཤིན་ཏུ་སྐྲག་སྟེ་བྲམ་ཟེའི་གཟུགས་ཀྱིས་བྲོས་པར། དེ་དག་གི་མདུན་དུ་འཕགས་པ་མོའུ་འགལ་གྱི་བུ་ལུས་དངོས་སུ་བསྟན་ཏེ་བྱོན་ནས། ཅི་ཀླུ་དག་གར་འགྲོ་གསུངས་པས། དེ་གཉིས་ཀྱིས། ངེས་པར་དགེ་སློང་འདིའི་མཐུ་ལགས་སོ་སྙམ་སྟེ། འཕགས་པ་ཀུ་རེ་མ་བགྱིས་སམ། ཅི་སྟོན་པའི་ཕོ་ཉ་ལ་མི་སེམས་སམ། འོ་ན་ཇི་ལྟར་བགྱི། དེར་དད་པར་འགྱུར་བའི་ཆོས་བཤད་ནས་སངས་རྒྱས་ཀྱི་སྤྱན་སྔར་ཁྲིད་པ་ན། སྟོན་པ་ཡང་རྒྱ་མཚོའི་ངོགས་སུ་གཤེགས་ཏེ་བཞུགས་ཤིང་། ལས་ངན་པ་ལ་རབ་ཏུ་སྨད་ཅིང་རི་རབ་ཀྱི་བང་རིམ་དུ་གནས་པ་རྣམས་ལ་གནོད་པར་མི་བྱེད་པ་བཀའ་སྩལ། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལ་བཀོད། དེ་ནས་བརྩམས་ཏེ་ཀླུའི་འགྲོ་བ་འབུམ་ཕྲག་མང་པོ་ཞིག་མི་རིང་བར་ཆོས་ལ་འཁོད་པར་གྱུར་ཏོ། །ཀླུ་དེ་གཉིས་ལ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་གནས་དང་། ལྷའི་བདུད་རྩི་དང་རེ་རེ་ལའང་འཁོར་ཉིས་སྟོང་ལྔ་བརྒྱ་དང་ལྡན་པ། བསྐལ་པར་གནས་པ། ས་འཛིན་པ། ནམ་མཁའ་ལྡིང་གིས་དབྱུང་མི་ནུས་པ་སོགས་ཀྱི་སྔོན་འབྱུང་། རྒྱལ་པོ་ཀྲ་ཀྲིས་སངས་རྒྱས་འོད་སྲུང་ལས་ཆོས་ཐོས་བདེན་པ་མཐོང་ནས་གཞོན་ནུ་ལེགས་སྐྱེས་རྒྱལ་སྲིད་དུ་བཞག་སྟེ་རབ་ཏུ་བྱུང་། བློན་པོ་


GTN004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་དང་ཉེ་དགའ་གཉིས་ཆོས་ཀྱི་རྒྱལ་སྲིད་བྱེད་བཅུག་པ་ན། དེ་གཉིས་འདྲེས་མར་སྤྱོད་པ་ཉེ་དུ་ཁ་བྱུང་ཡོད་པས་བཀག་ཅིང་། ཡོ་བྱད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་དགེ་འདུན་ལ་ཕུལ། དགེ་སློང་ལ་གཞོན་ནུ་དང་། དགེ་སློང་མ་ལ་བཙུན་མོའི་སྤང་བ་སྦྱིན་པར་བསྐུལ་བས་དེ་ལྟར་བསྒྲུབས་སོ། །ཆོས་མིན་སྤྱོད་པས་ཀླུ་རུ་སྐྱེས་ཤིང་། གཙུག་ལག་ཁང་ཡོ་བྱད་ལྡན་པ་ཕུལ་བས་རིན་པོ་ཆེ་སྣ་བཞིའི་གཞལ་ཡས་ཁང་དང་ལྷའི་བདུད་རྩི་དང་འཁོར་ཉིས་སྟོང་ལྔ་བརྒྱ་དང་ལྡན། སྤང་བ་བྱིན་པས་མཁའ་ལྡིང་གིས་དབྱུང་མི་ནུས་སོ། །༈ ཡལ་འདབ་སོ་ལྔ་པ་ནི། ཀླུ་གཉིས་པོ་དེ་དུས་བཟང་པོ་ལ་རི་རབ་ཀྱི་བང་རིམ་ནས་མཉན་ཡོད་ཀྱི་བར་དུ་རིན་པོ་ཆེའི་ར་བ་གཉིས་དག་བྱས་པ་དེའི་བར་ནས་སོང་སྟེ་སྟོན་པ་ལ་བསྙེན་བཀུར་བྱེད་དོ། །ཡང་རེས་འགའ་མཚན་མོ་གཞལ་མེད་ཁང་ནམ་མཁར་འགྲོ་བའི་ནང་དུ་ཞུགས་ནས་ལྷའི་ཆ་བྱད་ཀྱིས་འོང་ལ། ཉིན་མོ་ནི་ཁྱེའུ་འམ་ཁྱིམ་བདག་གི་ཆ་བྱད་ཀྱིས་འོང་བར་བྱེད་ན། སྐབས་ཤིག་ཁྱིམ་བདག་གི་གཟུགས་ཀྱིས་སངས་རྒྱས་ལས་ཆོས་ཉན་ཞིང་ཡོད་པའི་ཚེ། རྒྱལ་པོ་གསལ་རྒྱལ་ཡང་སྟོན་པའི་སྤྱན་སྔར་འོང་བ་རྒྱང་རིང་པོ་ནས་མཐོང་སྟེ། བདག་ཅག་གཉིས་རྒྱལ་པོ་ལ་བསྙེན་བཀུར་བགྱིའམ་ཆོས་ལ་བསྙེན་བཀུར་བགྱི། སྟོན་པས་ཆོས་ལ་


GTN004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར་གྱིས་ཤིག་གསུངས། དེ་ནས་རྒྱལ་པོ་གསལ་རྒྱལ་དྲུང་དུ་བྱུང་བ་ལ་ལྡང་བར་མ་བྱས་སོ། །རྒྱལ་པོས་བལྟས་པས་དེ་གཉིས་རང་གི་ཡུལ་འཁོར་གྱི་ཁྱིམ་བདག་འདྲ་བར་སྣང་བས་རང་ལ་མ་བཏུད་པའི་ཕྱིར་ཁྲོས། སྟོན་པས་ཁྲོ་བའི་ཉེས་དམིགས་གསུངས་ཀྱང་རྒྱལ་པོ་སེམས་ཡད་ཡུད་དུ་གྱུར་ནས་སྙིང་ལ་མ་འཕྲོད་དེ་མྱུར་བར་སོངས་ཤིང་སྒོ་དྲུང་དུ་བྲན་ཕོ་དག་བཞག་སྟེ་ཁྱིམ་བདག་དེ་གཉིས་ཕྱིར་བྱུང་ན་མགོ་བོ་ཆོད་ཅིག་བསྒོས་ནས་སྐྱེད་ཚལ་དུ་སོང་ངོ་། །དེ་ཀླུ་གཉིས་ཀྱི་གཡོག་ར་བའི་ཁ་ན་སྡོད་པ་རྣམས་ཀྱིས་ཐོས་ཏེ་མཚོན་ཆའི་ཆར་རྒྱལ་པོ་ལ་འབེབས་པར་བརྩམས་པ་ན། སྟོན་པས་འཕགས་པ་མོའུ་འགལ་བུ་ལ། རྒྱལ་པོ་གསལ་རྒྱལ་ལ་སོམས་ཤིག་གསུངས། དེས་མཚོན་ཆའི་ཆར་མེ་ཏོག་ཏུ་བྱིན་གྱིས་བརླབས་ནས། མིའི་ལག་གིས་ལོན་ཙམ་གྱི་བར་སྣང་དུ་ཆགས་པར་བྱས་སོ། །དེར་རྒྱལ་བློན་བཙུན་མོ་བཅས་ཁ་མ་འཆམ་སྟེ། མེ་ཏོག་གི་ཆར་འདི་ནི་རང་རང་གི་བྱ་བ་ལེགས་པའི་བསོད་ནམས་ཀྱི་མཐུའོ་ཟེར་ནས་ཀུན་གྱིས་སྟོན་པ་ལ་ཞུས་པས། དེ་དག་ཐམས་ཅད་མ་ཡིན་ཏེ། འདི་ལྟར་མོའུ་འགལ་བུའི་མཐུའོ། །གལ་ཏེ་ཡིད་མི་ཆེས་ན་དེ་ལས་གཅིག་ལོང་སྟེ་སར་བོར་ཅིག །དེ་ལྟར་བྱས་པ་དང་མཚོན་ཆར་གྱུར་ཅིང་སྒྲ་འབྱིན་པས་ཤིན་ཏུ་སྐྲག་སྟེ་རྒྱལ་པོ་འདི་ཅི་ཞེས་ཞུས་པས། ཁྱོད་ཀྱིས་ཀླུ་ལ་སྡང་སེམས་བསྐྱེད་པས་སོ་གསུངས། བདག་གིས་དེ་མཐོང་བར་ཡང་མི་དྲན་ན་ཞུས་པས། སྔར་གྱི་དོན་རྒྱས་པར་གསུངས་སོ། །འོན་ཀྱང་ཀླུ་གཉིས་པོ་དེ་ནི་མ་


GTN004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ཏེ། དེའི་འཁོར་དག་ཁྲོས་པའོ། །འོ་ན་འདི་ལ་ཇི་ལྟར་བགྱི་ཞེས་ཞུས་པས་བཟོད་པར་གསོལ་ཅིག་གསུངས། དེ་ནས་དུས་གཞན་ཞིག་ན་ཀླུ་གཉིས་པོ་དེ་སྔར་བཞིན་འོངས་པ་ན་སྟོན་པས་སྦྲན་ཏེ་གསལ་རྒྱལ་གྱིས་འོངས་ནས་ལག་པ་བརྐྱངས་ཤིང་བཟོད་པར་གསོལ་བས་དེ་གཉིས་ཀྱིས་ཀྱང་བཟོད་པར་བྱས་སོ། །མོའུ་འགལ་བུ་མཆོད་པའི་དོན་དུ་སངས་རྒྱས་དགེ་འདུན་དང་བཅས་པ་ཞག་བདུན་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །དེའི་ཚེ་འཁུར་བ་བྱེད་པར་མེ་ཤོར་བས་གླང་པོ་ཆེ་དག་ཚིག་པས་རྒྱལ་པོས་མཚན་མོ་མེ་སྦར་དུ་མེད་པའི་དམ་བཅའ་བྱས་སོ། །ཁྱིམ་བདག་བཟང་སྦྱིན་གྱིས་སྟོན་པ་འཁོར་བཅས་ལ་བསོད་སྙོམས་དྲངས་ཏེ་ཆོས་ཉན་པས་བདེན་པ་མཐོང་། དེའི་ཉིན་ཆུང་མར་སེམས་ཅན་ཞུགས། ཡང་ཕྱིས་ཆོས་ཉན་པས་ཕྱིར་མི་འོང་དང་རྫུ་འཕྲུལ་ཐོབ་པའི་ཉིན་བུ་བཙས་པས་མིང་རྫུ་འཕྲུལ་ལེན་བཏགས། དེ་ཆེར་སྐྱེས་ཏེ་སྲང་དུ་སོང་བ་ན་རྒྱལ་པོའི་བཙུན་མོས་མེ་ཏོག་དོར་བས་དེ་བསད་དོ། །དེའི་ཚེ་བཟང་སྦྱིན་གྱིས་ཀར་ཤ་པ་ན་གཅིག་ཟོང་དུ་བཞག །གཞན་ལོངས་སྤྱོད་ཐམས་ཅད་སྦྱིན་པར་བཏང་། ཀར་ཤ་པ་ན་གཅིག་པུ་དེས་ཟོང་ཉོས་པས་པཱ་ཎ་བཞི་རྙེད་པར་གཅིག་གིས་སྟོན་པའི་དྲི་གཙང་ཁང་སྤོས་ཀྱིས་བྱུགས། གཉིས་པས་འཁོར་གྱི་ཟན་སྦྱར། གསུམ་པས་དགེ་སློང་ལ་ཆོས་སྟོན་བྱིན། བཞི་པ་ཟོང་དུ་བཞག །མཆོག་ཏུ་ངན་པ་དག་ཀྱང་བྱིན་པས་ངན་པ་བཟང་སྦྱིན་ཞེས་གྲགས། སྟོན་པས། སྦྱིན་པ་དག་བྱིན་ནམ་གསུངས་པས། དེ་


GTN004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏེ། དེ་དག་ནི་ངན་པ་དང་མཆོག་ཏུ་ངན་པ་ལགས་སོ་ཞུས། ཡང་ཁྱིམ་བདག །ངན་པའམ་བཟང་པོ་སྦྱིན་ཡང་རུང་སྟེ་གཉིས་ཀ་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་ཡིན་ནོ། །དེ་ཡང་དད་པ་ལ་སོགས་པས་ཡིན་ན་ལོངས་སྤྱོད་རྒྱ་ཆེན་པོར་འགྱུར་རོ། །དེ་ལས་ལྡོག་པ་ནི་མ་ཡིན་ནོ་ཞེས་སོགས། གཞན་ཡང་སྦྱིན་པའི་འགྱུར་ཁྱད་རྒྱ་ཆེན་པོ་གསུངས། དེ་རང་གི་ཁྱིམ་དུ་སོང་སྟེ་མཚན་མོ་མར་མེ་སྦར་ནས་སངས་རྒྱས་ཀྱི་བཀའ་ཀློག་པ་རྒྱལ་པོའི་ཕོ་ཉས་མཐོང་ནས་སྨྲས་པ། རྒྱལ་པོས་མཉན་ཡོད་དུ་སུས་ཀྱང་མཚན་མོར་མེ་མ་སྦར་ཞིག །སྦར་ན་ཀར་ཤ་པ་ན་དྲུག་ཅུའི་ཆད་པའམ། བཙོན་དུ་བཅུག་སྟེ་འཆི་དགོས་པར་བཀས་བཏགས་ན་ཅིའི་ཕྱིར་མཚན་མོར་མེ་སྦར། དེས་སྨྲས་པ། འདི་མེ་མ་ལགས་ཏེ་མར་མེ་འོ། །ཅི་འདིས་མེའི་བྱ་བ་མི་ནུས་སམ། པཱ་ཎ་དྲུག་ཅུ་དབུལ་བའམ། བཙོན་དུ་འདུག་ཅིག །ཁོ་བོ་ལ་པཱ་ཎ་མེད་ཀྱིས་བཙོན་དུ་འདུག་གོ་སྨྲས་པས། བཙོན་ཁང་རིམ་པ་གསུམ་ཡོད་པར། མི་དེ་གཙོ་བོ་ཡིན་ཕྱིར་སྟེང་རིམ་དུ་བཞག །མཚན་ཐུན་དང་པོ་ལ་རྒྱལ་ཆེན་བཞི་དེར་འོངས་ནས་ཁྱེད་ཅིའི་ཕྱིར་བཙོན་དུ་འདུག་ཟེར་བར། ཇི་ལྟར་གྱུར་པ་བཤད་པས། ཁྱོད་སེམས་སྐྱེད་ལ་ཚིག་བརྗོད་ཅིག་དང་ཁྱོད་ཀྱི་ཁྱིམ་མམ་ཆུའི་གནས་གསེར་དང་དབྱིག་གིས་དགང་ངོ་ཟེར། ཉེ་དབང་སྙིང་ལས་ཆུང་ངུར་གྱིས་ཤིག །རྒྱལ་པོ་དད་པས་དད་པའི་དབང་དུ་བགྱི་ཡིས་ཆོས་ཉོན་ཅིག་སྨྲས། ཉན་པ་ན་དེ་དག་གི་ལུས་མེའི་ཕུང་པོ་ཆེན་པོ་ལྟར་སྣང་བ་རྒྱལ་པོས་མཐོང་ངོ་། །གུང་ཐུན་ལ་བརྒྱ་བྱིན་དང་།


GTN004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་ཐ་མ་ལ་ཚངས་པ་བྱུང་ནས་ཀྱང་དེ་བཞིན་དུ་བྱས་སོ། །རྒྱལ་པོས་བཙོན་སྲུང་ལ་མཚན་ཐོག་ཐག་མེའི་ཕུང་པོ་ཆེན་པོ་སྦར་བ་དེ་ཅི་ཡིན་དྲིས་པས། དེས་མ་མཐོང་ཞིང་། བདེན་རྫུན་རྟོག་ཏུ་བཅུག་པས་མེ་བས་ཐལ་བའང་མི་སྣང་། རྒྱལ་པོས། དེ་ན་མི་གཙོ་བོ་སུ་འདུག་དྲིས་པས་ངན་པ་བཟང་སྦྱིན་ནོ་ཟེར། དེ་བོས་ནས་ཅི་ཡིན་དྲིས་པས། དེས་རྒྱས་པར་བཤད་པ་དང་། རྒྱལ་པོ་མགུ་སྟེ། དེ་ལྟར་ན་ངས་ཀྱང་ཁྱོད་ལ་དམ་པ་སྦྱིན་གྱིས་ཅི་འདོད་སྨྲོས་ཤིག །དེ་ན་རེ། ལྷ་ཁྱོད་དད་ན་བདག་དགུང་མར་མེའི་འོད་ལ་སངས་རྒྱས་ཀྱི་བཀའ་ཀློག་པར་འཚལ་ལོ་སྨྲས། ཁྱོད་དུ་མ་ཟད་གཞན་ཡང་སངས་རྒྱས་བཀའ་མར་མེའི་འོད་ལ་ཀློག་པར་གྱིས་ཤིག་གསུངས། དེ་རྒྱལ་པོས་བཏང་བ་ན་སྟོན་པའི་སྤྱན་སྔར་འདུག་པ་དང་རྒྱལ་པོ་ཐག་རིང་པོ་ནས་འོང་བ་མཐོང་སྟེ། ཆོས་ལ་བསྙེན་བཀུར་བགྱིའམ་རྒྱལ་པོ་ལ་བགྱི་ཞུས་པས། ཆོས་ལའོ་གསུངས། དེ་རྒྱལ་པོ་ལ་ལྡང་བར་མ་བྱས་པས་ཁྲོས་ནས། དེ་སྟོན་པའི་སྤྱན་སྔ་ནས་བྱུང་བ་དང་ངའི་ཡུལ་དུ་མ་འདུག་གྱིས་ཤིག་ཅེས་བསྒོའོ། །དེ་ནས་ཁྱིམ་བདག་ལ་དགའ་བའི་ལྷ་རྣམས་ཀྱིས་སྲོག་ཆགས་ཏྲེ་མ་བུ་ཀ་དང་ཏྲེ་ལ་ཏ་ཀ་མང་པོ་བཏང་ནས་རྒྱལ་པོ་བཙུན་མོ་རྟ་གླང་དང་བཅས་པ་ཟིན་པར་བྱས་སོ། །རྒྱལ་པོ་སྐྲག་ནས་མྱུར་བར་སྟོན་པའི་སྤྱན་སྔར་སོང་སྟེ། རྒྱུ་ཞུས་པས། ཁྱོད་ཀྱིས་ཁྱིམ་བདག་ལ་སྡང་སེམས་བསྐྱེད་པས་དེ་ལ་དད་པའི་ལྷ་འཁྲུགས་ཀྱིས་ལག་པ་རྐྱོངས་ལ་བཟོད་པར་གསོལ་ཅིག་གསུངས་པས་དེ་བཞིན་དུ་བྱས་སོ། །


GTN004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་སོ་དྲུག་པ་ནི། སྟོན་པ་མཉན་ཡོད་ན་བཞུགས་སོ། །ཀོའུ་ཤཱམྦྷི་ན་ཁྱིམ་བདག་ནོར་བཟང་ཞེས་བྱ་བ་ཕྱུག་པ་ནོར་མང་བ་ཞིག་ཡོད་པ་དེའི་ཁྱིམ་རྒྱལ་པོ་ཤར་པའི་དྲུང་ན་འདུག་པ་དེ་སྔ་བར་ལངས་ནས་ལས་ཀྱི་མཐའ་ལ་རྟོག་ཏུ་འགྲོ། དེ་དབྱིག་གི་གདངས་ཅན་ཡིན་པས་རྒྱལ་པོ་ཤར་པས་སྒྲའི་གདངས་ལས་དེ་གསེར་བཞག་པ་འབུམ་ཡོད་པར་ཤེས་སོ། །རེ་ཞིག་ན་རྒྱལ་པོ་ཤར་པས་བློན་པོ་རྣམས་ལ། ནོར་བཟང་ལ་གསེར་བཞག་པ་འབུམ་ཡོད་པར་གྲག་ན་ཅིའི་ཕྱིར་ལས་ཀྱི་མཐའ་ལ་རྟོག་པར་བྱེད། ལྷ། གསེར་འབུམ་ག་ལ་མཆིས། ཁྱེད་ཡིད་མི་ཆེས་ན་དྲིའོ། །བོས་ཏེ་དྲིས་པས། ཡོད་དེ་ལྷས་བཞེས་སམ་ཟེར། མ་ཡིན། ཡོད་མེད་དྲིས་པར་ཟད་དོ་གསུངས། དེ་ལྷས་ཇི་ལྟར་མཁྱེན་ཞུས་པས་སྒྲའི་གདངས་ལས་ཤེས་སོ་གསུངས། དེར་མིང་གདངས་ཅན་དུ་གྲགས་སོ། །དེ་རྒྱལ་པོ་ཤར་པས་ནན་གྱིས་བློན་པོར་བསྐོས་ཤིང་དེས་བློན་པོ་ཐམས་ཅད་ཟིལ་གྱིས་མནན་པས་དེ་དག་ཕྲག་དོག་གིས་འདུས་ཏེ་རྒྱལ་པོས་ཆད་པ་གཅོད་དུ་གཞུག་གོ་ཟེར་ནས་རྒྱལ་པོའི་གན་དུ་སོང་སྟེ། ལྷ་རྒྱལ་པོ་སུ་ལགས་ཟེར། ང་ཡིན་མོད་གཞན་སུ་ཡོད་བྱས་པས། གདངས་ཅན་ལགས་ཏེ་འདིས་ལྷ་བཀྲོངས་ནས་རང་ཉིད་རྒྱལ་སྲིད་བྱེད་པར་འགྱུར་རོ་ཟེར། དེ་ཆོས་གཙོ་བོར་བྱེད་པ་ཡིན་


GTN004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལྟར་མི་བྱེད་བྱས་པས། བདག་ཅག་གིས་མཐོང་བར་བྱའོ་ཟེར། དུས་ཤིག་ན་གདངས་ཅན་རྒྱལ་པོའི་ཕོ་བྲང་དུ་སྐྱེ་བོའི་ཚོགས་ཀྱིས་གང་བར་རྒྱལ་པོའི་བྱ་བ་བྱས་ནས་ཕྱིར་བྱུང་བ་དང་། བློན་པོ་རྣམས་ཀྱིས། ལྷ་གཟིགས་སམ། བདག་ཅག་གིས་གསོལ་པ་དེ་འདི་ལགས་སོ་ཟེར། རྒྱལ་པོས་བདེན་རྫུན་བརྟག་ཕྱིར། བྱང་ལམ་ནས་དེད་དཔོན་ཞིག་གིས་རྟ་དེད་བྱུང་བར། གདངས་ཅན་ལ་གསེར་གྱིས་རྟ་ཉོས་ཤིག་གསུངས་པས་དེས་ཉོས་པ་དང་། རྒྱལ་པོ་ན་རེ། འབུམ་གྱི་ཕྱེད་བྱིན་ལ་ཚང་མ་བྱིན་ནོ་གྱིས་ཤིག །ལྷ་དེ་མི་རིགས་ཏེ། དེ་ལྟར་བྱས་ན་སླན་ཆད་རྟ་འཚོང་སུ་ཡང་མི་འོང་གིས་ལྷའི་དཀོར་ལས་ཕྱེད་དང་། བདག་གིས་ཕྱེད་སྦྱིན་ནོ། །ངའི་ཚིག་དེབཞིན་བྱས་ན་ཅི་འགལ། ལྷ་བདག་གིས་ཚེ་གཅིག་གི་དོན་དུ་ཚེ་རབས་མང་པོའི་སྡུག་བསྔལ་མི་བཟོད་དོ། །དེས་ལན་གསུམ་དུ་བྱས་ཀྱང་མ་བཏུབ་པས་རྒྱལ་པོས་གཤེད་མ་རྣམས་ལ་གསང་སྟེ་བསྒོ་བ། འདི་མ་གསོད་པར་འདི་ལྟར་སྡིགས་ཤིག །དེའི་མགྲིན་པར་ཀཱ་ར་བཱི་རའི་ཕྲེང་བ་བཏགས་ནས་གསོད་སར་ཁྲིད་པ་དང་དེའི་ཉེ་དུ་རྣམས་ཀྱིས་གདངས་ཅན་ཁྱོད་ཀྱིས་ལྷའི་བཀའ་སྩལ་པ་ལྟར་གྱིས་ལ་གསོད་དུ་མ་བཅུག་ཟེར་བར། ངས་ལྷ་ཡི་བཀའ་ཆོས་དང་ལྡན་པ་བཅག་གམ། ཁོ་བོ་མ་ཉེས་པར་གསོད་ན་གསོད་དུ་ཟད་དོ། །གཤེད་མས་གསད་སར་ཁྲིད་ནས་ཀྱང་དེ་སྐད་ཟེར་རོ། །དེ་ནས་དེ་རྣམས་ཀྱིས་རྒྱལ་པོའི་གམ་དུ་ཁྲིད་དེ་སྨྲས་པས། རྒྱལ་པོས། ངས་ཁྱོད་གསོད་འདོད་པ་མིན་ཏེ་བརྟག་པར་འདོད་དོ་གསུངས། ལྷ་བདག་ལ་དགྱེས་


GTN004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདག་སྦྱིན་པ་དང་བསོད་ནམས་བགྱིད་པར་གནང་ཞིག །དེ་ལྟར་གྱིས་ཤིག །དེས་སྦྱིན་པའི་ཁང་པ་བྱས་ནས་ཞལ་ཏ་བ་ལ། འདིར་དགེ་སྦྱོང་ངམ། བྲ་ཟེའམ། གཞན་འོང་ན་ཁོ་བོ་ལ་སྦྲོན་ཅིག །ལྷོ་ལམ་ནས་དྲང་སྲོང་ལྔ་བརྒྱ་ཙམ་ཡུལ་དབུས་སུ་ཆས་ཏེ་དགོན་པའི་ལམ་དུ་སྐོམ་གྱིས་གདུངས་ནས་གསིང་མ་སྔོན་པོ་དང་ཤིང་ལྗོན་པ་ཞིག་གི་དྲུང་དུ་སོང་སྟེ། ཕྱོགས་འདི་ཤིང་འདིར་གནས་པའི་ལྷའམ། གནོད་སྦྱིན་སོགས་ཀྱིས་ཆུ་བྱིན་ཅིག་སྨྲས་པས་ལྗོན་པ་དེ་ལས། ལག་པ་ཞིག་རྒྱན་གྱིས་བརྒྱན་ནས་གསེར་གྱི་རིལ་བ་ཐོགས་ཏེ་བྱུང་བ་ལ་དྲང་སྲོང་རྣམས་ཀྱིས་སྙིམ་པ་བཟེད་པས་ཡན་ལག་བརྒྱད་ལྡན་གྱི་ཆུས་ཚིམ་པར་བྱས་སོ། །དྲང་སྲོང་རྣམས་ཀྱིས་བདག་ཉིད་གང་ཡིན་དང་། ལས་གང་གིས་འདིར་སྐྱེས་དྲིས་པ་ན། ཤིང་དེ་ནས་ཚིག་བྱུང་བ། ཁོ་བོ་བཟའ་མཁན་བྱེད་པ་ན་ཡུལ་ཐ་དད་ནས་སློང་མོ་བ་འོངས་པ་རྣམས་ཀྱིས། མགོན་མེད་ཟས་སྦྱིན་གྱི་ཁྱིམ་གང་ཡིན་དྲིས་པར་ཁོ་བོའི་ལག་པ་གཡས་པ་བརྐྱངས་ཏེ་བསྟན་ཞིང་དེ་དག་གིས་རྙེད་པ་ཐོབ་པ་མཐོང་ནས་དགའ་བ་སྐྱེས་པས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེས་ནས་ཤིང་ལའང་གནས་ཏེ་ལག་གཡས་ལྷམ་མེར་གྱུར་ཏོ། །དེ་དག་ཤིས་པ་བརྗོད་དེ་སོང་། ཡང་གཞན་ཞིག་ཏུ་ཕྱིན་པ་དང་བཀྲེས་སྐོམ་གྱིས་གདུངས་ནས་ལྗོན་པ་ཞིག་ལ། འདིར་གནས་པའི་ལྷ་སོགས་གང་རུང་དེས་བདག་ཅག་བཀྲེས་སྐོམ་གྱིས་གདུང་བ་ལ་ཟས་སྐོམ་བྱིན་ཅིག་སྨྲས་པས། ཤིང་དེ་ལས་ཚིག་བྱུང་བ། སོང་དང་འདི་ནས་མི་རིང་བ་ན་རྫིང་ཞིག་གི་འགྲམ། ཤིང་ལྗོན་པ་ཞིག་གི་དྲུང་ན་


GTN004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཆན་གྱིས་བྲེ་བོ་ཆེ་གང་བ་དེ་ལས་བཟའ་བཏུང་ཅི་འདོད་པ་ཁྱེར་ཅིག །དེར་སོང་ནས་བཟའ་བཏུང་གིས་ཚིམ་པར་བྱས། སླར་འོངས་ནས། བདག་པོ་སུ་ཡིན་དང་། ལས་གང་གིས་འདིར་སྐྱེས་དྲིས་པ་ན། ཤིང་ལས་ཚིག་བྱུང་བ། རི་བྲགས་ཤིག་ན་བྲམ་ཟེ་ཞིག་ལོངས་སྤྱོད་དབུལ་ནས་མགོན་མེད་ཟས་སྦྱིན་ལ་ཟས་སློང་བར། རྒྱལ་བྱེད་ཚལ་དུ་སོང་ལ་དེར་ཟོ་ཞིག་ཟེར། དེ་དེ་དང་ལྷན་ཅིག་སོང་བས་ལམ་དུ་ཞོའི་བུམ་པ་ཞིག་རྙེད་ནས་བྲམ་ཟེ་ཞོའི་བུམ་པ་འདི་དགེ་འདུན་ལ་བྲིམས་ཤིག་ཟེར་རོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་དགེ་འདུན་དང་བཅས་པར་ཞལ་ཟས་བསོད་པས་ཚིམས་པར་བྱས་པ་དང་། དེས་ཀྱང་ཞོའི་བུམ་པ་བྲིམས་སོ། །དེ་ནས་ཁྱིམ་བདག་གཞན་ལ་ཟས་བསོད་པ་བྱིན། བྲམ་ཟེ་ལ་ངན་པ་བྱིན་པས། རབ་ཏུ་བྱུང་བ་རྣམས་བསླབ་པ་བླངས་པས་ཏེ་ཁྱིམ་བདག་གཞན་ལས་བདག་ངན་པ་ཅི་ལགས་ཟེར། དེ་རྣམས་ཀྱང་བསླབ་པ་ལྡན་ནོ་བྱས་པས། བྲམ་ཟེས་ཀྱང་གསོ་སྦྱོང་བླངས། དེར་བཟའ་བཏུང་བསོད་པས་ཚིམས་པར་བྱས་ནས་སོང་བ་དང་ཉི་མ་ནུབ་ནས་ཁྱིམ་བདག་ཞིག་གི་རྩར་བསྡད་པས། ཁྱིམ་བདག་དེས་ཟན་ནན་གྱིས་ཟར་བཅུག་དེས་གསོ་སྦྱོང་རལ་བ་དེ་ཁོ་བོ་ཡིན་ཏེ། མ་རལ་ན་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་ལ། རལ་བས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེས། ཤིང་འདི་ལ་གནས་ཏེ་ལྷའི་བུ་གསོ་སྦྱོང་རལ་ཞེས་བགྱིའོ། །དྲང་སྲོང་དེ་དག་ངོ་མཚར་ནས་མཉན་ཡོད་དུ་འགྲོ་བར་དམ་བཅས་ནས་ཀོའུ་ཤཱམྦྷིར་ཕྱིན་པ་དང་སྦྱིན་པའི་ཞལ་ཏ་བས་མཐོང་ནས་གདངས་ཅན་ལ་སྦྲན་ཏེ་


GTN004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་བོས་གཏམ་དྲིས་པས། སྔར་གྱི་སྐད་ཆ་སོགས་ཞིབ་ཏུ་བཤད་ནས་མགོན་མེད་ཟས་སྦྱིན་ཅན་དུ་འགྲོ་ཚུལ་སྨྲས་གདངས་ཅན་གྱིས། དེ་ཁོ་བོས་མ་མཐོང་བའི་གྲོགས་ལགས་ཀྱི་འདིར་དབྱར་གནས་དང་ལྷན་ཅིག་འགྲོའོ་བྱས་ནས་དབྱར་འདས་པ་དང་མཉན་ཡོད་དུ་སོང་བས། མགོན་མེད་ཟས་སྦྱིན་ལ་ལྷའི་བུ་གསོ་སྦྱོང་རལ་གྱི་རྒྱུ་མཚན་བཤད་ནས་གསོ་སྦྱོང་གནང་བར་གསོལ་བས། དེས་སྟོན་པའི་སྤྱན་སྔར་ཁྲིད་ནས། འདི་དག་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་དུ་འགྱུར་བའི་ཆོས་བསྟན་དུ་གསོལ། ཆོས་བསྟན་པས་དྲང་སྲོང་ལྔ་བརྒྱས་བདེན་པ་མཐོང་། ཚུར་ཤོག་གིས་བསྙེན་པར་རྫོགས། གདམས་ངག་བྱིན་པས་དགྲ་བཅོམ་པ་ཐོབ་བོ། །གདངས་ཅན་གྱིས་ཀྱང་བདེན་པ་མཐོང་། སྟོན་པས། ཁྱོད་ཀྱི་མིང་ཅི། བདག་ནོར་བཟང་ཞེས་བགྱི་བར། ཤར་པས་བདག་གདངས་ལས་ཤེས་པས་གདངས་ཅན་བཏགས་སོ་ཟེར་ནས། སྟོན་པ་ཀོའུ་ཤཱམྦྷི་དང་ཧ་ཅང་མི་རིང་མི་ཉེ་བ། ཉིན་མོ་རྒྱུ་འགྲུལ་ཉུང་བ། མཚན་མོ་སྒྲ་ཆུང་བ། ཤ་སྦྲང་ལ་སོགས་པའི་རེག་པ་ཉུང་བ་ཞིག་ཏུ་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ་ཞིག་བརྩིགས་ནས་རྒྱང་གྲགས་བཅུར་གཤེགས་དགོངས་གཤོམ་དུ་བཅུག་སྟེ་སྟོན་པའི་སྤྱན་སྔར་ཕོ་ཉ་བཏང་། སྟོན་པ་དགེ་འདུན་དང་བཅས་ཀོའུ་ཤཱམྦྷིར་བྱོན་ནས་གདངས་ཅན་གྱིས་གཙུག་ལག་ཁང་ཡོ་བྱད་ཐམས་ཅད་ལྡན་པ་ཕུལ་བས་གནས་བརྟན་དག་གིས་ཀྱང་། སྟོན་པ་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་སྦྱར་རོ། །འཕགས་པ་སྐུལ་བྱེད་ལ་རྫས་ལས་བྱུང་བའི་བསོད་


GTN004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་བདུན་དང་། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་ཀྱི་གཞི་ཆེན་པོ་བདུན་རྣམས་བཀའ་སྩལ། གདངས་ཅན་ནི་དད་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང་འཁོར་རྣམས་མི་དད་ལ། བྲན་མོ་མགུ་བྱེད་མ་ཆུ་ལེན་སོང་བའི་ལམ་དུ་རས་མ་ཞིག་རྙེད་པ་སྟོན་པ་ལ་ཕུལ་ནས་བྲན་མོ་དང་དབུལ་མོར་མི་འགྱུར་བར་སྨོན་ལམ་བཏབ་པས་དེ་ཉིད་ཁྱིམ་གྱི་བདག་པོར་བསྐོས་པ་ན་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་རོ། །གདངས་ཅན་གྱི་སྔོན་འབྱུང་ནི། སྔོན་རྒྱལ་པོ་ཚངས་བྱིན་གྱིས་རྒྱལ་སྲིད་བྱེད་པ་ན་ལྟས་མཁན་དག་གིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པར་ལུང་བསྟན་པས་རྒྱལ་པོས་དེ་བར་ཆས་ཀ་ཡོད་པ་རྣམས་སྡོད་ལ་མེད་པ་སོང་ཞིག་ཅེས་དྲིལ་བསྒྲགས། ཁྱིམ་བདག་གཟུངས་བྱེད་ཅེས་པས་མཛོད་པ་ལ། ཁོ་བོ་འཁོར་དང་བཅས་པའི་ལོ་བཅུ་གཉིས་ཀྱི་ཟན་ཡོད་དམ་དྲིས་པས་ཡོད་ཟེར། རང་སངས་རྒྱས་ལྔ་བརྒྱ་ལྔ་བརྒྱ་དེར་འོངས་ནས། ཁྱེད་ཅག་གིས་ཁོ་བོ་རབ་བྱུང་སྟོང་ལ་ལོ་བཅུ་གཉིས་སུ་མཁོ་བ་སྟེར་ནུས་སམ། མཛོད་པ་ལ་དྲིས་པས། སྟེར་ནུས་སོ་ཟེར། དེར་དེ་དག་ལ་བཞུགས་ཤིག་གསོལ་ནས། ཁང་པ་བརྩིགས་ཏེ་ཞལ་ཏ་པ་དང་སྤྱན་འདྲེན་བསྐོས་ནས་ཉིན་རེ་སོང་སྟེ་གདུགས་ཚོད་ལ་འབོད་དོ། །སྤྱན་འདྲེན་པས་ཁྱི་ཞིག་གསོས་པ་དེ་ཡང་ཉིན་རེ་བཞིན་ལྷན་ཅིག་འགྲོའོ། །དུས་ཤིག་ན་སྤྱན་འདྲེན་པ་དེ་ལ་བྲེལ་བ་བྱུང་བས་གཞན་དུ་སོང་བ་དང་། ཁྱི་དེས་མ་རྙེད་ནས་སྔོན་གོམས་པས་རང་སངས་རྒྱས་རྣམས་ཀྱི་གན་དུ་སོང་ཡང་མ་མཐོང་བས་སྐད་


GTN004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་ངོ་། །རང་སངས་རྒྱས་ཀྱི་གནས་བརྟན་གྱིས་སྤྱན་འདྲེན་དུས་ལས་ཡོལ་ནས་ཁྱི་འདིས་སྤྱན་དྲངས་ཀྱིས་བཞུད་དོ་ཞེས་དེ་དག་སོང་བ་ན། སྤྱན་འདྲེན་འོངས་པ་ཁྱིས་མཐོང་ནས་སྐད་ཕྱུང་བས། འདིས་འདི་དག་སྤྱན་དྲངས་ནས་བྱོན་ནོ་སྙམ་སྟེ། ཁྱེད་སུས་སྤྱན་དྲངས། ཁྱི་འདིས་སོ། །སླད་མར་ཡང་བདག་བྲེལ་བ་ན་ཁྱི་འདིས་སྤྱན་འདྲེན་གྱི་སྤྱོན་ཅིག་སྨྲས་སོ། །དེའི་དུས་ཀྱི་གཟུངས་བྱེད་ནི་ངའོ། །མཛོད་པ་ནི་མགོན་མེད་ཟས་སྦྱིན་ནོ། །སྤྱན་འདྲེན་ནི་ཤར་པའོ། །ཁྱི་ནི་གདངས་ཅན་ཡིན་ཏེ། འདི་དེའི་ཚེ་དང་ཤར་པས་གདངས་ལས་ཤེས་སོ། །ཞེས་གསུངས་སོ། །༈ ཡལ་འདབ་སོ་བདུན་པ་ནི། འདུལ་བ་༼ཀ༽སྨན་གྱི་གཞི་ལས་འབྱུང་བ་བསྡུས་ཏེ་སྨྲ་ན། བཅོམ་ལྡན་འདས་གྲོང་ཁྱེར་སློབ་མ་ལྟ་བུར་ཕེབས་པས། ཡུལ་དེར་ཁྱིམ་བདག་རྀདྡྷིན་ཞེས་བྱ་བ་ཞིག་ལ་བུ་འབྱོར་ལེན་འབྱོར་སྐྱབས་འབྱོར་དགའ་ཞེས་བྱ་བ་ཡོད། ཕྱི་མ་བྲན་མོ་དང་འདུས་པའི་བུ་གང་པོ་ཞེས་ཡོད་པ་ལས། གང་པོས་རྒྱ་མཚོ་ཆེན་པོར་ཞུགས་ཏེ་རིན་པོ་ཆེ་ཐེངས་བདུན་བླངས་པ་ལས་བདུན་པར་གྲུ་ནང་དུ་ཡུལ་དབུས་ཀྱི་ཚོང་པ་རྣམས་ཀྱིས་མདོ་སྡེ་བཏོན་པས་རྐྱེན་བྱས་ཏེ་སངས་རྒྱས་ཀྱི་ཡོན་ཏན་ཐོས་ནས་རབ་ཏུ་འབྱུང་བར་འདོད་པ་སྐྱེས་སོ། །དེ་ནས་གང་པོ་དང་ནོར་གཅིག་པ་འབྱོར་ལེན་ཡིན་པས་ཟོང་རྣམས་དེ་ལ་གཏད་དེ། ཇི་ལྟར་བྱས་ཀྱང་འོ་


GTN004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྐོལ་གྱི་ནོར་ཟད་པར་མི་འགྱུར་གྱི། རྒྱ་མཚོ་ཆེན་པོ་འདི་འཇིགས་པ་དང་བཅས་པ་ཡིན་པས་མ་འགྲོ་ཞིག་ཅེས་གདམས་ཏེ། གང་པོ་ཉིད་ཡུལ་དབུས་སུ་སོང་ནས་མཉན་ཡོད་དུ་སླེབ། མགོན་མེད་ཟས་སྦྱིན་དང་འཕྲད་དེ་ནང་པར་གཉིས་ཀ་སྟོན་པའི་སྤྱན་སྔར་སོང་ཞིང་། ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ་ཟླ་བ་གསུམ་དུ་བསྒོམས་པས་དགྲ་བཅོམ་པ་ཐོབ་བོ། །དེར་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་གྲགས་དེ་བཟོད་པ་ཆེན་པོའི་གོ་བགོས་པས་རྔོན་པ་གཅིག་དད་དེ། དེ་ནས་རི་ཁྲོད་པ་ཕོ་ལྔ་བརྒྱ་མོ་ལྔ་བརྒྱ་དགེ་བསྙེན་ཕོ་མོར་བཅུག་ནས་མཐའ་འཁོབ་ཀྱི་ཡུལ་ཐ་དད་པ་རྣམས་སུ་དེ་རྣམས་ཀྱིས་གཙུག་ལག་ཁང་ལྔ་བརྒྱ་ལྔ་བརྒྱ་ཡང་བྱེད་དུ་བཅུག་གོ །བྱམས་མའི་བུ་གང་པོ་རབ་ཏུ་བྱུང་བའི་ཤུལ་དུ་འབྱོར་སྐྱབས་དང་འབྱོར་དགའི་ནོར་ནི་ཟད། འབྱོར་ལེན་དང་ཕྱོགས་གཅིག་བྱེད་འདོད་པ་ལ། འབྱོར་ལེན་གྱིས་ངའི་ནོར་ནི་ལུགས་ཆོས་དང་མཐུན་པར་བསྒྲུབས་པ་ཡིན། ཁྱེད་གཉིས་ཀྱིས་ནི་མ་ཡིན་པས་མི་བསྲེའོ་བྱས་པ་ན། ནུ་བོ་གཉིས་ཀྱིས། བྲན་མོའི་བུས་རྒྱ་མཚོར་ཡང་ཡང་ཕྱིན་ནས་བླངས་པ་སྟེ་ཁྱོད་ཀྱིས་མ་ནུས་སོ་བྱས་སྤྱོས་པ་ན། འབྱོར་ལེན་ངོ་ཚ་སྟེ་ཚོང་བ་ལྔ་བརྒྱ་བཅས་རྒྱ་མཚོར་ཞུགས། ཙནྡན་ས་མཆོག་གི་གླིང་དུ་སླེབ་སྟེ་ཙནྡན་བཅད་དེ་གྲུ་བཀང་ནས་ཚུར་འོངས་སོ། །དེའི་ཚེ་གླིང་དེ་སྲུང་བའི་གནོད་སྦྱིན་དབང་ཕྱུག་ཆེན་པོ་ཞེས་བྱ་བ། གནོད་སྦྱིན་གྱི་མདུན་པ་ཐག་རིང་པོར་སོང་བ་ལས་གནོད་སྦྱིན་གཞན་ཞིག་གིས་སྦྲན་ཏེ་སྐབས་དེར་དེ་ཡང་དེར་སླེབ་ནས་


GTN004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ནག་པོ་མི་བཟད་པ་བཏང་བས་གྲུ་ཤིན་ཏུ་བསྐྱོད་པའི་ཚེ་ཚོང་པ་ལྔ་བརྒྱ་པོ་རྣམས་ཆེས་སྐྲག་པས་ཚོམ་ཚོམ་དུ་གྱུར་ཀྱང་། འབྱོར་ལེན་ཅི་བདེར་འདུག་པ་ལ་གཞན་རྣམས་ཀྱིས་རྒྱུ་དྲིས་པས། གང་པོ་ཟེར་བ་རེ་བདེན། དེའི་ངག་མ་ཉན་པས་འདི་ལྟར་གྱུར་མོད། ད་ནི་བྱ་ཐབས་བྲལ་ལོ། །ཞེས་སྨྲས་པ་ན་ཀུན་གྱིས་གང་པོ་བདག་ཉིད་ཆེན་པོར་རིག་ནས་ཐམས་ཅད་ཀྱིས་གང་པོ་ལ་སྐྱབས་སུ་མཆིའོ་ཞེས་བྱས། དེ་གང་པོ་ལ་དགའ་བའི་ལྷ་རྣམས་ཀྱིས་སྦྲན་པས་གང་པོ་རྫུ་འཕྲུལ་གྱིས་སྐད་ཅིག་ལ་གྲུའི་སྟེང་དུ་བྱོན་པ་ན་རླུང་ནག་པོ་དེ་ཡང་ཕྱིར་ལྡོག་གོ །དེ་ནས་གང་པོས་གནོད་སྦྱིན་དེ་ལ་ཁྱོད་ཀྱིས་ཅིའི་ཕྱིར་ཙནྡན་སྲུང་། འཁོར་ལོས་སྒྱུར་རྒྱལ་ཆེད་དུའོ། །དེ་བས་ཀྱང་ཆེས་མཆོག་ཏུ་གྱུར་པ་སངས་རྒྱས་ཏེ། དེའི་དོན་དུ་ཐོངས་ཤིག་གསུངས་པས་གནོད་སྦྱིན་གྱིས་ཀྱང་བཏང་ངོ་། །དེ་ནས་གྲུ་བདེ་བར་འོངས་ཏེ་གྲོང་ཁྱེར་སློབ་མ་ཅན་དུ་སླེབས་པ་དང་། སངས་རྒྱས་བཞུགས་པའི་གཙུག་ལག་ཁང་ཙནྡན་གྱིས་ཁང་བཟང་བྱས་ནས་སྤུན་ཐམས་ཅད་བློ་མཐུན་པར་སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་དྲངས་པར་བྱས་ཤིང་། རྒྱལ་པོ་ཡང་བློ་མཐུན་ནོ། །དེར་འཕགས་པ་བྱམས་མའི་བུ་གང་པོས་ཁང་སྟེང་དུ་འཛེགས། མཆོད་པ་རྣམས་བཤམས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁ་ཕྱོགས་ནས། སྟོན་པས་འཁོར་བཅས་སྤྱན་འདྲེན་པའི་དོན་དུ་གསོལ་བ་བཏབ་པས་སངས་རྒྱས་ཀྱི་མཐུས་མེ་ཏོག་རྣམས་ཁང་བཟང་། བདུག་སྤོས་ནི་སྤྲིན་གྱི་རྣམ་པ། ཆུ་ནི་བཻཌཱུརྱའི་


GTN004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོའི་རྣམ་པར་གྱུར་ནས་ནམ་མཁར་འཕགས་ཏེ་སོང་བ་ཀུན་གྱིས་མངོན་སུམ་མཐོང་། དེ་མ་ཐག་རྒྱལ་བྱེད་ཚལ་སྟོན་པའི་སྤྱན་སྔར་མཆོད་རྫས་རྣམས་སླེབ་པ་ན་ཀུན་དགའ་བོས་འདི་གང་ནས་བྱུང་ཞུས་ཤིང་། སྟོན་པས་སློབ་མ་ཅན་ནས་ཡིན་པ་དང་། དཔག་ཚད་བརྒྱ་ཕྲག་དུ་མའི་ཐག་ཡོད་པས་དེར་ཟན་ཟ་བར་སྤྲོ་བ་དག་ལ་ཚུལ་ཤིང་བྲིམས་ཤིག་བསྒོ་སྟེ། ནང་པར་ཚུལ་ཤིང་བྲིམས་པ་ན། ཡུལ་ཆུ་མངས་ན་གནས་པའི་དགེ་སློང་ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དགྲ་བཅོམ་པས་ཀྱང་ལེན་པར་བརྩམས་པ་ན། ཀུན་དགའ་བོས་རྫུ་འཕྲུལ་དང་མི་ལྡན་པས་མ་ཡིན་པར་བརྡ་སྤྲད་པ་ན། དེས་མོད་ལ་རྫུ་འཕྲུལ་བསྒྲུབས་ཏེ། གནས་བརྟན་གཉིས་ལ་ཚུལ་ཤིང་འབྲིམ་པའི་བར་དུ་འགྲུབ་ནས། གསུམ་པར་མ་བྲིམས་པའི་སྔོན་དུ་བླངས་སོ། །ཡུལ་དེར་མུ་སྟེགས་ཅན་ལྷག་པར་གནས་ཕྱིར། དགེ་སློང་རྣམས་རྫུ་འཕྲུལ་སྟོན་པར་བཀས་གནང་ངོ་། །ནང་པར་སྔ་བར་གྲོང་ཁྱེར་སློབ་མ་ཅན་གྱི་རྒྱལ་པོས། གྲོང་ཁྱེར་ཕྱག་དར་དང་ཙནྡན་གྱི་ཆུས་ཆག་ཆག་གདབ། མཆོད་པ་སྣ་ཚོགས་བཤམས། རྒྱན་སྣ་ཚོགས་བཀྲམ། གྲོང་ཁྱེར་དེར་སྒོ་ཆེན་པོ་བཅོ་བརྒྱད་ཡོད་པ་ལས། སྒོ་གཞན་བཅུ་བདུན་ལ་རྒྱལ་པོའི་སྲས་བཅུ་བདུན་བཞག །ཤར་གྱི་སྒོ་མོ་ཆེར་རྒྱལ་པོར་རང་ཉིད་དང་འཕགས་པ་བྱམས་མའི་བུ་གང་པོ་དང་། འབྱོར་ལེན་སྤུན་དང་བཅས་པའི་སྐྱེ་བོའི་ཚོགས་མང་པོ་དང་བཅས་པ་ལྷན་ཅིག་འདུག་གོ །དེར་ནམ་ལངས་མ་ཐག་ནས་དགེ་སློང་ལོ་མ་དང་སྣོད་སྤྱད་འབྲིམ་པ་


GTN004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆུའི་སྟ་གོན་བྱེད་པ་དག་རྫུ་འཕྲུལ་གྱིས་དེར་སླེབ་པ་ན་རྒྱལ་པོས་སངས་རྒྱས་བྱོན་ནམ་སྙམ་དྲིས་པས་གང་པོས་འདི་ལྟའོ་ཞེས་སྨྲས་སོ། །དེ་ནས་དགེ་སློང་གནས་བརྟན་རྣམས་སྣ་ཚོགས་པའི་རྫུ་འཕྲུལ་དང་བཅས་ཏེ་དེར་བྱོན་ཏེ། དེ་སྐད་དུ། ཁ་ཅིག་སེངྒེ་སྟག་དང་གླང་ཆེན་རྟ་དང་ཀླུ་དང་ཁྱུ་མཆོག་བཟང་པོ་ཆིབས། །ཁ་ཅིག་རིན་ཆེན་གཞལ་མེད་ཁང་དང་རི་དང་ཤིང་མཛེས་ཤིང་རྟ་འབར་ལ་བརྟེན། །གཞན་དག་ནམ་མཁའི་ངོས་ལས་ཆུ་འཛིན་གློག་གི་ཕྲེང་བས་བརྒྱན་པ་ལྟ་བུར་ནི། །རབ་ཏུ་དགྱེས་ཤིང་ལྷ་ཡི་ཕོ་བྲང་ལྟ་བུར་རྫུ་འཕྲུལ་དག་གིས་གཤེགས་པར་བརྩོན། །ལ་ལ་ས་བརྡོལ་གྱེན་དུ་འབྱུང་། །འགའ་ཞིག་ནམ་མཁའི་དཀྱིལ་ནས་འབབ། །ཁ་ཅིག་སྟན་ལས་སྤྲུལ་པར་བྱེད། །རྫུ་འཕྲུལ་ལྡན་པའི་མཐུ་ལ་ལྟོས། །ཞེས་པ་ལྟར་རོ། །དེའི་རྗེས་སུ་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཞབས་བསིལ་ཏེ། དྲི་གཙང་ཁང་ལ་ཞབས་བཞག་པའི་ཚེ། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པ་དང་། གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེས་ཏེ། ཕྱོགས་ཐམས་ཅད་དུ་ཁྱབ་པ་ན་ཡང་། སློབ་མ་ཅན་གྱི་རྒྱལ་པོ་ངོ་མཚར་དུ་གྱུར་པ་ལ་གང་པོས་དེ་དང་དེར་བརྡ་སྤྲད་དོ། །དེ་ནས་བཅོམ་ལྡན་འདས་དགྲ་བཅོམ་ལྔ་བརྒྱ་དང་ཐབས་གཅིག་ཏུ་ནམ་མཁའ་ལ་གཤེགས་ཤིང་། རྒྱལ་བྱེད་ཀྱི་ཚལ་ན་གནས་པའི་ལྷས་ཤིང་བ་ཀུ་ལའི་ཡལ་ག་ཆེན་པོ་ཞིག་བཟུང་སྟེ། སྟོན་པའི་སྐུར་བསིལ་གྲིབ་དབུལ་ཞིང་སོང་བ་ལ་ཆོས་བསྟན་པས་དེས་རྒྱུན་ཞུགས་ཐོབ་བོ། །དེ་ནས་ལམ་བར་ཡུལ་ཕྱོགས་


GTN004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་ན། ཡུགས་ས་མོ་ལྔ་བརྒྱ་ཙམ་གནས་པས། སངས་རྒྱས་སྐུ་མཚན་དཔེ་འབར་བ་ནམ་མཁའ་ལ་བྱོན་པ་མཐོང་སྟེ་དད་པས་དེ་རྣམས་ཀྱིས་གདན་བཤམས་པ་ལ་སྟོན་པ་བཞུགས་ཏེ་ཆོས་བསྟན་པས་བདེན་པ་མཐོང་། དེ་དག་གིས་གསོལ་བ་བཏབ་པས་རྫུ་འཕྲུལ་གྱིས་དབུ་སྐྲ་དང་སེན་མོ་གནང་བར་མཆོད་རྟེན་བརྩིགས། ལྷ་དེས་ཤིང་བ་ཀུ་ལའི་ཡལ་ག་དེར་བཙུགས་པས་སྡོང་པོ་རབ་ཏུ་རྒྱས་སོ། །ཡང་ཡུལ་གཞན་ཞིག་གི་བསྟི་གནས་ན་དྲང་སྲོང་ལྔ་བརྒྱ་གནས་ཏེ། དེ་རྣམས་ཀྱི་ང་རྒྱལ་གཞོམ་པའི་ཕྱིར་རྫུ་འཕྲུལ་གྱིས་མཐུས་སྐད་ཅིག་ལ་མེ་ཏོག་དང་འབྲས་བུ་ནི་བརླག །ཆུ་ནི་བསྐམས། ནེའུ་གསིང་ནི་རློག །འདུག་གནས་རྣམས་སྡིབ་བོ། །དེ་དག་ཡིད་ཁོང་དུ་ཆུད་པ་ལ། བཀའ་སྩལ་པ། ཅིའི་ཕྱིར་ཡིད་ཁོང་དུ་ཆུད། གསོལ་པ། ཁྱེད་གཤེགས་པས་གནས་སྐབས་འདི་ལྟ་བུར་གྱུར་ཏོ། །འོ་ན་སྔོན་བཞིན་ཏུ་བྱའམ། མཛད་དུ་གསོལ། དེ་མ་ཐག་སྔོན་བཞིན་དུ་གྱུར་པས་ཡ་མཚན་སྐྱེས་པ་ལ་ཆོས་བསྟན་པས་ཕྱིར་མི་འོང་གི་འབྲས་བུ་ཐོབ། རྫུ་འཕྲུལ་ཡང་གྲུབ། ཚུར་ཤོག་གིས་བསྙེན་པར་རྫོགས། འབད་བརྩོན་གྱིས་མོད་ལ་དགྲ་བཅོམ་པ་ཐོབ་སྟེ། དེ་རྣམས་ཀྱང་ཞབས་འབྲིང་དུ་འོངས་ཤིང་། བརྟུན་གྱི་རི་ལ་གནས་པའི་དྲང་སྲོང་ཤིང་ལོའི་གོས་ཅན་གྱིས་ཐག་རིང་པོ་ནས་མཐོང་བས་དད་པ་སྐྱེས་ཏེ་རི་དེ་ལ་མཆོངས་པས། སྟོན་པས་རྫུ་འཕྲུལ་གྱིས་བླངས་ཏེ་ས་ལ་བཞག །ཆོས་བསྟན་པ་ནས་དགྲ་བཅོམ་པའི་བར་སྔ་མ་བཞིན་ནོ། །དེ་


GTN004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅོམ་ལྡན་འདས་དགྲ་བཅོམ་པ་སྟོང་གིས་ཡོངས་སུ་བསྐོར་ཏེ་ནམ་མཁའ་ལ་ཆོ་འཕྲུལ་སྣ་ཚོགས་པ་སྟོན་ཅིང་སློབ་མ་ལྟ་བུར་གཤེགས་ཏེ། སྒོ་གཅིག་ནས་གཤེགས་ན་གཞན་ལ་གནས་པ་རྣམས་མི་དགའ་བར་མཁྱེན་ནས་ནམ་མཁའི་ལམ་ལས་གྲོང་ཁྱེར་གྱི་དབུས་སུ་གཤེགས། རྒྱལ་པོ་འཁོར་བཅས་སྟོན་པའི་དྲུང་དུ་འོངས་ཤིང་ཞབས་ལ་ཕྱག་འཚལ། དེ་ནས་བཅོམ་ལྡན་འདས་ཙནྡན་གྱི་ཁང་བཟང་དུ་དགེ་འདུན་གྱི་དབུས་ན་གདན་བཤམས་པ་ལ་བཞུགས། རྒྱལ་པོ་ལ་སོགས་པས་མཆོད་པ་དུ་མས་མཆོད། ཕྱི་རོལ་སྐྱེ་བོ་རྣམས་ཀྱིས་སྟོན་པ་མ་མཐོང་ནས་ཁང་བཟང་གཞིག་པ་ལ་ཐུག་ཙམ་དུ་གྱུར་པ་ན། ཁང་བཟང་ཤེལ་གཙང་མའི་རང་བཞིན་དུ་སྤྲུལ་ནས་སངས་རྒྱས་ཀྱི་སྐུ་སྒྲིབ་མེད་མཐོང་བས་རབ་ཏུ་དགའ་བར་གྱུར། དེ་ནས་འཁོར་དེ་དག་གི་བསམ་པ་ཐུགས་སུ་ཆུད་པས་ཡང་དག་པའི་ཆོས་བསྟན་པ་ན་འཁོར་ཚོགས་དཔག་ཏུ་མེད་པ་ཞིག་ངེས་པར་འབྱེད་པ་དང་འབྲས་བུ་བཞི་ལ་བཀོད་དོ། །བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་ལ་སོགས་པ་མཐའ་ཡས་པའི་བར་དུའོ། །དེ་ནས་ཉིན་ཅིག་འབྱོར་ལེན་གྱིས་གདུགས་ཚོད་འབུལ་བར་བརྩམས་པ་ན། ཀླུ་རྒྱལ་ནག་པོ་དང་གཽ་ཏ་མ་ཀླུ་ལྔ་བརྒྱའི་འཁོར་དང་བཅས་ཏེ་སངས་རྒྱས་ལ་བལྟ་བའི་ཆེད་དུ་འབྲུག་གི་སྒྲ་འབྱིན། ཆུ་བོའི་རྒྱུན་ལྔ་བརྒྱ་འབེབས་བཞིན་དུ་ཆས་པར་གཟིགས་ཏེ། དེ་དག་འོངས་ན་གྲོང་ཁྱེར་ཕྱེ་མར་བརླག་སྟེ་འགྲོ་བས། སྟོན་པ་དང་མོའུ་འགལ་བུས་གདུགས་ཚོད་ཀྱི་སྐལ་བ་སྔོན་ལ་བཞེས་ནས་རྒྱ་


GTN004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་འགྲམ་དུ་གཤེགས་ཏེ། གྲོང་ཁྱེར་སློབ་མ་ཅན་ལ་གནོད་པ་མ་བྱེད་ཅིག་བཀའ་སྩལ། དེས་ཀྱང་ཁས་བླངས། ཀླུ་དེ་དག་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད། ཆོས་བསྟན་ནས་དད་པར་མཛད་དོ། །དེས་ན་ཟས་ཀྱི་བྱ་བ་མཛད་པ་ན། ཀླུ་དེ་དག་གིས་ཀྱང་ཆུའི་བཏུང་བ་འབུལ་ལོ་སྙམ་པ་ན། མོའུ་འགལ་གྱི་བུས་ཀླུས་ཕབ་པའི་ཆུ་བོ་ལྔ་བརྒྱ་འདྲེས་པ་ལས་ལྷུང་བཟེད་གང་བླངས་ཏེ་སྟོན་པ་ལ་ཕུལ་བས་གསོལ་ཏོ། །འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ནས་རང་གི་མ་ལ་ཕན་གདགས་པར་འདོད་ནས་མ་དེ་གང་དུ་སྐྱེས་ཞེས་བརྟགས་ཀྱང་གང་དུ་ཡང་མ་མཐོང་སྟེ། སྟོན་པ་ལ་ཞུས་པས། འདི་ནས་ནུབ་ཀྱི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ཞེས་བྱ་བ་ཡོད་དེ་དེར་སྐྱེས་སོ། །དེ་ནས་མོའུ་འགལ་གྱི་བུས་བཅོམ་ལྡན་འདས་ལ་ཐུགས་རྗེས་བཟུང་བར་ཞུས་པས། མོའུ་འགལ་གྱི་བུ་འོ་ཅག་སུའི་རྫུ་འཕྲུལ་གྱིས་འགྲོ་གསུངས། བདག་གིའོ་ཞུས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་དབུས་མའི་རི་རབ་ཀྱི་རྩེ་མོ་ནས། ནུབ་ཕྱོགས་ལོགས་ཀྱི་སྟོང་གསུམ་གཞན་གྱི་རི་རབ་དབུས་མའི་རྩེར་གོམ་པ་གཅིག་འདོར་བ་དེ་ལྟ་བུའི་རྫུ་འཕྲུལ་གྱིས་བྱོན་ནས། ཉིན་ཞག་བདུན་འདས་པ་ན་འོད་ཟེར་ཅན་དུ་བྱོན་ཏོ། །སྔོན་མོའུ་འགལ་གྱི་བུའི་མར་གྱུར་པ་དུས་དེར་བུ་མོ་བཟང་མོ་ཞེས་བྱ་བ་ཡོད་དེ། དེས་འཕགས་པ་རྒྱང་རིང་ནས་མཐོང་བར་བུའི་འདུ་ཤེས་སྐྱེས་ནས། ཨེ་མའོ། །ཡུན་རིང་པོ་ཞིག་ལོན་ནས་བདག་གི་བུ་མཐོང་ངོ་ཞེས་


GTN004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཕྱོགས་སུ་རྒྱུགས་ཤིང་དྲུང་དུ་གཏུགས་སོ། །དེར་སྐྱེ་བོའི་ཚོགས་ཀྱིས་དགེ་སློང་འདི་ནི་རྒན། བུ་མོ་འདི་ནི་གཞོན་ན་འདིའི་མ་ཇི་ལྟར་ཡིན་ཟེར་བས་མོའུ་འགལ་བུས་དོན་དེ་རྒྱས་པར་བཤད་དོ། །བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང་། དེས་ཕུལ་བའི་གདུགས་ཚོད་ཀྱང་གསོལ། ཡོན་བཤད་པ་ཡང་མཛད་ནས་ལྷུང་བཟེད་འཁྲུ་བཞིན་པའི་སྐབས། མོའུ་འགལ་བུ་ལ། ད་ནི་རྒྱལ་བྱེད་ཀྱི་ཚལ་དུ་འགྲོའམ་གསུངས། འཚལ་ལོ་ཞུས་པས། སུའི་རྫུ་འཕྲུལ་གྱིས་འགྲོ་གསུངས། བཅོམ་ལྡན་འདས་ཀྱིས་སོ་ཞུས་པས། འོ་ན་རྒྱལ་བྱེད་ཀྱི་ཚལ་ཡིད་ལ་གྱིས་ཤིགས་གསུངས། དེ་ཁོ་ནས་རྒྱལ་བྱེད་ཀྱི་ཚལ་དུ་བྱོན་ཏེ། སྟོན་པས་འདི་ནི་རྫུ་འཕྲུལ་ཡིད་མགྱོགས་ཞེས་བྱའོ་གསུངས། མོའུ་འགལ་གྱི་བུ་ངོ་མཚར་དུ་གྱུར་ནས། བླ་ན་མེད་པའི་བྱང་ཆུབ་ལ་བསྔགས་ཤིང་ཆེད་དུ་བརྗོད་པ་མཛད་དོ། །གང་པོའི་སྔོན་འབྱུང་ནི། སངས་རྒྱས་འོད་སྲུང་གི་བསྟན་པར་དགེ་སློང་སྡེ་སྣོད་གསུམ་པར་གྱུར་ནས་དགེ་འདུན་གྱི་ཞལ་ཏ་བྱེད། རེ་ཞིག་དགྲ་བཅོམ་པ་ཞིག་ལ་དགེ་བསྐོས་བབ་སྟེ། གཙུག་ལག་ཁང་ཕྱག་དར་བྱ་བར་བརྩམས་པ་རླུང་ཆེན་པོ་ལྡང་བས་རེ་ཞིག་བཤོལ་བ། ཞལ་ཏ་བས་ཕྱག་དར་མ་བྱས་པར་འཁྲུལ་ཏེ། བྲན་མོའི་བུ་ཁྱོད་དགེ་སྐོས་བྱེད་དམ་ཞེས་ཁྲོ་བས་སྤྱོས་པ་ན། དགྲ་བཅོམ་པས་ཞེ་སྡང་དེ་ཞི་བ་ན་རང་ཉིད་དགྲ་བཅོམ་པ་ཡིན་པ་ཤེས་པར་བྱས་ཏེ་ངག་གི་ལས་བཤགས་སུ་བཅུག་པས་དམྱལ་བར་མ་སྐྱེས་ཀྱང་ཚེ་རབས་ལྔ་བརྒྱར་


GTN004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་མོའི་མངལ་དུ་སྐྱེས་སོ། །དགེ་འདུན་ལ་བསྙེན་བཀུར་བྱས་པས་ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས། ཕུང་པོ་ཁམས་དང་སྐྱེ་མཆེད་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པས་རབ་ཏུ་བྱུང་ནས་དགྲ་བཅོམ་མོ་གསུངས་སོ། །༈ ཡལ་འདབ་སོ་བརྒྱད་པ་ནི། འདུལ་བ་༼ཁ༽སྨན་གྱི་གཞི་ལས་གསུངས་པ་ཅུང་ཟད་བསྡུ་ན། སྔོན་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱི་བཙུན་མོ་ཚངས་ལྡན་མར་མངལ་ཆགས་སོ། །དེའི་བསམ་པར། ལྷས་གྲོང་ཁྱེར་གྱི་ཕྱོགས་བཞི་དབུས་ལྔར་སྦྱིན་པ་དག་བྱས། བསོད་ནམས་དག་བྱེད། བཙོན་པ་ཐམས་ཅད་ཐར་བར་བྱེད་པར་གྱུར་ཅིག་སྙམ་མོ། །དེ་རྒྱལ་པོས་རྟོགས་ནས་དེ་ལྟར་བྱས་སོ། །ཡང་བདག་ལྷ་དང་ལྷན་ཅིག་སྐྱེད་ཚལ་སོགས་སུ་རྩེ་དགའ་དང་དགའ་མགུར་སྤྱོད་པར་གྱུར་ཅིག་པར་རྒྱལ་པོས་དེ་ལྟར་བྱས། ཡང་བདག་ལྷ་དང་ལྷན་ཅིག་གྲུར་ཞུགས་ཏེ་རྫིང་བུ་ཚངས་ལྡན་དུ་རྩེ་དགའ་སྤྱོད་པར་སྙམ་པས་རྒྱལ་པོས་ཐོས་ནས་དེ་ལྟར་བྱས་པ་ན་གྲུ་དེར་ཁྱེའུ་གཟུགས་བཟང་ཚེ་རབས་དྲན་པ་ཞིག་བཙས་པར་མིང་ཆུ་སྐྱེས་བཏགས། ཉི་མ་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་བྱས། དེའི་སྐྱེ་བ་སྔོན་ལོ་དྲུག་ཅུར་རྒྱལ་སྲིད་བསྐྱངས་ནས་དམྱལ་བར་སྐྱེས་པ་ཤེས་ཏེ་སུན་ནས་རྒྱལ་སྲིད་སྐྱོང་མི་དགོས་པའི་སྒྱུ་ཐབས་ཤིག་བྱའོ་སྙམ་སྟེ་རང་ཉིད་དང་པོར་འཕྱེ་བོ་དང་།


GTN004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྐུགས་པར་བསྟན་ཏེ་འདུག་པ་ན་ཆུ་སྐྱེས་ལ་ལྐུགས་འཕྱེ་ཞེས་མིང་ཆགས་སོ། །དེ་བཙས་པའི་ཉིན་བློན་པོའི་བུ་ལྔ་བརྒྱའང་བཙས་པ། དེ་དག་མཆོངས་རྒྱུགས་དང་སྨྲ་ནུས་པར་གྱུར་པ་རྒྱལ་པོས་མཐོང་ནས་བདག་གི་བུའང་ལྐུགས་འཕྱེ་མ་གྱུར་ན་ད་ཙམ་སྨྲ་ཞིང་འགྲོ་བར་གྱུར་ཏོ་སྙམ་དུ་སེམས་ཁོང་དུ་ཆུད་པ། བློན་པོ་རྣམས་ཀྱིས་མཐོང་ནས་རྒྱུ་དྲིས་པས་ཇི་ལྟར་གྱུར་པ་སྨྲས་པ་ན། བློན་པོ་རྣམས་ཀྱིས་སྨན་པ་ལ་བསྟན་པས་ནད་ཅུང་ཟད་ཀྱང་མ་མཆིས་ཏེ་སྡིགས་པར་གྱིས་ཤིག་ཟེར། རྒྱལ་པོས་གཤེད་མ་བཀུག་སྟེ་གསང་ནས། ངས་ལྐུགས་འཕྱེ་འདི་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་གཏང་བར་བྱའི། ཁྱེད་ཀྱིས་མ་གསད་ཅིག་བྱས་ནས་འཁོར་གྱི་ནང་དུ། གཤེད་མ་དག །ངས་གཞོན་ནུ་འདི་གཏང་གིས་བོར་ཅིག་བྱས། ཤིང་རྟར་བཅུག་ནས་ཕྱིར་ཁྲིད་པ་ན། གཞོན་ནུས་ཝཱ་རཱ་ཎ་སཱི་འབྱོར་པ་རྒྱས་པ་མཐོང་ནས། ཅི་ཝཱ་རཱ་ཎ་སཱི་འདི་སྟོང་པ་ཡིན་ནམ་གནས་པ་ཡིན་ཟེར་བས་སླར་ཁྲིད་དེ་རྒྱལ་པོ་ལ་དེ་སྐད་ཞུས་པ་ན་རྒྱལ་པོས་གཞོན་ནུ་པང་དུ་བླངས་ཏེ། གཞོན་ནུ་གང་ལ་ཅི་སྦྱིན། གང་ཆད་པས་བཅད་དྲིས་པར། དེ་ཅང་མི་སྨྲའོ། །ཡང་རྒྱལ་པོས་བསྒོ་ནས་གཤེད་མས་ཕྱིར་ཁྲིད་པ་དང་། མི་བཞིས་རོ་ཞིག་ཁྱེར་བ་མཐོང་ནས། ཅི་རོ་འདི་ཤི་བའི་རོའམ་གསོན་པོའི་རོ་ཡིན་ཟེར། སླར་ཁྲིད་དེ་སྔར་ལྟར་དྲིས་པས་ཅང་མི་སྨྲ་བ་ན། ཡང་ཕྱིར་ཁྲིད་པ་དང་འབྲུའི་ཕུང་པོ་ཆེན་པོ་ཞིག་མཐོང་ནས། འབྲུའི་ཕུང་པོ་འདི་དང་པོ་ཉིད་ནས་རྩ་བ་མ་ཟོས་ན་


GTN004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་འགྱུར་རོ་ཟེར། དེ་རྣམས་ཀྱིས་རྒྱལ་པོ་ལ་ཕུལ་ནས་སྔར་ལྟར་དྲིས་པས་ཅང་མི་ཟེར་བ་ན། མྱུར་དུ་ནགས་ཁྲོད་དུ་ཁྲིད་ལ་གསོད་ཅིག་བསྒོ་བས། གཤེད་མ་རྣམས་ཀྱི་ནགས་སུ་ཁྲིད་དེ་དོང་བརྐོས་པ་གཞོན་ནུས་མཐོང་ནས། ཅི་བྱེད་དྲིས་པས། ཁ་ལོ་སྒྱུར་བས། ལྐུགས་འཕྱེས་ཅང་མི་སྨྲ་བས་རྒྱལ་པོས་དོང་དུ་ཆུག་ཅིག་གསུངས་སོ་ཞེས་སྨྲས་པ་དང་། ལྐུགས་འཕྱེས་བདེན་པར་བསམ་ནས་སྐྲག་སྟེ་གལ་ཏེ་ལྷས་བདག་ལ་དམ་པ་གཅིག་སྩོལ་ན་བདག་རྐང་པས་གྲོང་ཁྱེར་དུ་འཇུག་ཅིང་ཚིག་ཀྱང་སྨྲའོ་ཟེར། གཤེད་མ་རྣམས་ཀྱིས་རྒྱལ་པོ་ལ་རྒྱས་པར་བརྗོད་པས། རྒྱལ་པོ་ཡིད་དགའ་སྟེ་བློན་པོ་ལ། སོང་ལ་གྲོང་ཁྱེར་ཐམས་ཅད་ཕྱག་དར་གྱིས་ལ། བདུག་སྤོས་དང་། ཕྱེ་མ་དང་། རྒྱལ་མཚན་དང་། བ་དན་དང་། མེ་ཏོག་སྣ་ཚོགས་ཁྲི་ཤོམས་ཤིག །རྒྱལ་པོ་རྣམས་ནི་ཚིག་གིས་འགྲུབ་པ་ཡིན་པས་དེ་ལྟར་བྱས་པ་དང་། ལྗོངས་ཀྱི་མི་འབུམ་ཕྲག་དུ་མས་ཀྱང་གཏམ་ཐོས་ཏེ་ཡ་མཚན་སྐྱེས་ནས་འདུས་སོ། །གཞོན་ནུ་རྐང་པས་གྲོང་ཁྱེར་དུ་ཞུགས་ཏེ་རྒྱལ་པོའི་ཞབས་ལ་ཕྱག་བྱས་ནས། བདག་ལྐུགས་པ་དང་འཕྱེ་པོ་མིན་གྱི། འོན་ཀྱང་སྔ་མར་རྒྱལ་པོར་སྐྱེས་པས་དམྱལ་བའི་སྡུག་བསྔལ་འདི་དང་འདི་མྱོང་བས་རབ་ཏུ་བྱུང་བར་གནང་འཚལ་ལོ་སྨྲས་པས། རྒྱལ་པོས་ཚིག་རྣམ་པ་མང་པོས་བཟློགས་ཀྱང་། དབེན་པའི་ཡོན་ཏན་འབའ་ཞིག་བགྲངས་ཏེ་ཉན་དུ་མ་བཏུབ་པར། རྒྱལ་པོ་ན་རེ། ཁྱོད་ཀྱིས་དང་པོ་ཐེ་ཚོམ་གསུམ་པོ་འདི་ཆོད་དང་རབ་ཏུ་འབྱུང་བར་མི་དཀའ་འོ་ཞེས་གོང་གི་རྒྱལ་བུས་ཚིག་སྨྲས་


GTN004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་པོ་དྲིས་པས། ལྐུགས་འཕྱེ་ན་རེ། ཝཱ་རཱ་ཎ་སཱི་འབྱོར་པ་དང་། རྒྱས་པ་མཐོང་ནས་ཅི་འདི་སྟོངས་པའམ་གནས་པ་ཞེས་པ་ནི། ལྷས་བདག་རྒྱུ་མ་མཆིས་པར་སོད་ཅིག་གསུངས་ན། འགའ་ཡང་ཅིའི་ཕྱིར་གཞོན་ནུ་དགུམ་ཞེས་ཆོས་ལྡན་གྱི་ཚིག་མི་སྨྲ་བ་ལ་བསམས་སོ། །མི་བཞིས་རོ་ཁྱེར་བ་ལ་ཤི་བའི་རོའམ། གསོན་པོའི་རོ་ཞེས་པ་ནི། ནོངས་པ་བྱས་པའི་རོ་ནི་ཤི་བའི་རོ་དང་། དགེ་བ་བྱས་པའི་རོ་ནི་མ་ཤི་བའི་རོ་འམ། འབྲུའི་ཕུང་པོ་འདི་དང་པོ་ཉིད་ནས་རྩ་བ་མ་ཟོས་ན་ཆེན་པོར་འགྱུར་རོ་ཞེས་པ་ནི་ཞིང་པ་དག་འབྲུ་སྐྱིས་ནས་ཟོས་ཏེ་ལས་བྱེད་པ་དེ་ནི་འབྲུ་སྨིན་པ་དང་བུ་ལོན་འཇལ་དགོས་པ་ལ་བསམས་སོ། །དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་དག་གིས་མི་ཉིད་རྙེད་ནས་དགེ་བའི་ལས་མི་བྱེད་པ་དེའི་སྔོན་གྱི་དགེ་བ་དེ་རྒྱུན་འཆད་ཅིང་བདེ་འགྲོ་ལས་ཉམས་ནས་ངན་འགྲོ་ལ་བརྟེན་པར་འགྱུར་བས་དེ་ལ་བསམས་སོ། །རྒྱལ་པོས་ཚིག་དེ་ཐོས་ནས་མཆི་མས་བརྣངས་ཏེ་སྨྲས་པ། བརྟུལ་ཞུགས་ངེས་འཆང་རང་གི་ཆོས་སྤྱོད་ཅིག །བདག་ཀྱང་ཁྱོད་ཀྱི་སློབ་མར་ཁས་ལེན་ནོ། །ཞེས་གསུངས་ཏེ་བློན་པོའི་བུ་ལྔ་བརྒྱའང་རབ་ཏུ་འབྱུང་བར་བཀས་བསྐུལ་ནས། ཝཱ་རཱ་ཎ་སཱིའི་ཉེ་ལོགས་བསྟི་གནས་ཤིག་ན་དྲང་སྲོང་བྱམས་སྙིང་རྗེ་དང་ལྡན་པ་ཞིག་ཡོད་པ་ལས་ཀུན་རབ་ཏུ་བྱུང་། ལྐུགས་འཕྱེ་ལ་གདམས་ངག་གནང་ནས་བསྒོམས་པས་མངོན་ཤེས་ལྔ་ཐོབ། རེ་ཞིག་ན་དྲང་སྲོང་དེ་འདས་ནས་ལྐུགས་འཕྱེས་ཁྱེའུ་ལྔ་བརྒྱ་བསྐྱངས་པས་སྟོན་པ་ལྐུགས་འཕྱེ་ཞེས་མིང་ཆགས་སོ། །


GTN004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཤིག་ན་ཁྱེའུ་ལྔ་བརྒྱ་དེ་དག་གཡང་གཞི་དང་། ཤིང་ཤུན། དབྱུ་གུ། རིལ་བ། བླུགས་གཟར། དགང་གཟར་རྣམས་ལྷག་པོར་འཆང་ཞིང་། ལོ་མ་དང་། ཁྲེ་རྒོད། ཨུཏྤལའི་རྩ་བར་སྦྱོང་བའི་རྗེས་སུ་བརྩོན་པས་མངོན་ཤེས་ལྔ་མ་ཐོབ་པར་རིག་ནས། བྱང་ཆུབ་སེམས་དཔའ་རྣམས་ནི་འདུལ་བ་ལ་མཁས་པས་ལྐུགས་འཕྱེས་ཁྱེའུ་རྣམས་ལ། ང་ཟླ་བ་གསུམ་དུ་ནང་དུ་ཡང་དག་འཇོག་འདོད་ཀྱིས་བྲམ་ཟེའི་ཁྱེའུ་རྩ་བ་དང་འབྲས་བུ་སྟོབ་པ་གཅིག་དང་། འདི་ཉིད་ཀྱི་གསོ་སྦྱོང་བཅོ་ལྔ་པའི་ཚེ་མ་གཏོགས་ངའི་གན་དུ་སུ་ཡང་མ་འོངས་ཤིག་གསུངས། ཁྱེའུ་རྣམས་ཀྱིས་ཀྱང་དེ་ལྟར་ཁྲིམས་བཅས་སོ། །སྟོན་པ་ལྐུགས་འཕྱེས་ཐག་རིང་པོ་ནས་རི་དྭགས་མཐོང་སྟེ་སྨྲས་པ། རི་དྭགས། ཚུར་ཤོག །འོངས་པ་ལེགས་སོ། ཁྱོད་དང་ཁོ་བོ་མཚུངས་ཏེ་ཁྱོད་ཀྱང་ལྟོ་ཁེངས་པའི་ཟས་ཀྱིས་ཆོག་ཤེས་ལ་བདག་ཀྱང་ངོ་། དེ་དག་གིས་བསམ་པར། མཁན་པོའི་བརྟུལ་ཞུགས་རྫོགས་ནས་རི་དྭགས་དང་ལྷན་ཅིག་ཕེབས་པར་སྨྲའོ་སྙམ་ནས་དྲུང་དུ་ཕྱིན་ཏེ་ཕྱག་འཚལ་ནས་བསྡད་པ་དང་སྟོན་པ་ཅང་མི་སྨྲའོ། །དུད་འགྲོ་ལ་སྟེ་མི་རྣམས་ལ་ནི་མ་ཡིན་ནོ་སྙམ་ནས་སོང་ངོ་། །ཡང་རི་དྭགས་ཀྱི་བརྟུལ་ཞུགས་ཅན་ཞིག་ཐག་རིང་པོ་ནས་འོང་བ་མཐོང་སྟེ། ཚུར་ཤོག །འོངས་པ་ལེགས་སོ། །ཁྱོད་དང་ཁོ་བོ་མཚུངས་ཏེ། ཁྱོད་ཀྱང་གཡང་གཞི་དང་། ཤིང་ཤུན་དང་། དབྱུ་གུ་སོགས་གཅིག་ཁོ་ནར་འཆང་ལ་བདག་ཀྱང་དེ་ལྟའོ། །ཁྱོད་དང་ཁོ་བོ་བསོད་སྙོམས་ལྟོ་ཁེངས་པས་ཆོག་ཤེས་ལ། འདི་ན་ཁ་


GTN004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ལྷག་པར་འཆང་བ་དག་ནི་མ་ཡིན་ནོ། །དེར་ཁྱེའུ་རྣམས་ཀྱིས་མཁན་པོའི་དགོངས་པ་རྟོགས་པས་གཡང་གཞི་སོགས་ལྷག་པོ་རྣམས་ཆུ་ཀླུང་ཟློག་བྱེད་དུ་བོར་ལ། རྒྱུད་དག་པས་སྟོན་པ་ལྐུགས་འཕྱེའི་གན་དུ་ཕྱིན་ནས་ཕྱག་འཚལ་ཏེ་འདུག་པ་དང་ཆོས་བསྟན་པས་དེ་དག་གིས་མངོན་ཤེས་ལྔ་ཐོབ་བོ། །དེའི་དུས་ཀྱི་སྟོན་པ་ལྐུགས་འཕྱེ་ནི་ཤཱཀ་ཐུབ་དང་། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ནི་ཤཱཀྱ་གཞོན་ནུ་ལྔ་བརྒྱ། རི་དྭགས་ཀྱི་བརྟུལ་ཞུགས་ཅན་དེ་ནི་ཉེ་སྡེ་ཡིན་ནོ་ཞེས་གསུངས་སོ། །༈ ཡལ་འདབ་སོ་དགུ་པ་ནི། མདོ་སྡེ་༼ཨ༽མཛངས་བླུན་ལེའུ་བཅུ་གཅིག་པ་ལས་འབྱུང་བ་སྟེ། སྔོན་ཝཱ་རཱ་ཎ་སཱིར་རྒྱལ་པོ་རྩད་བྱུང་ཞེས་བྱའི་ཡུལ་དེར་དྲང་སྲོང་བཟོད་པ་ཅན་ཞེས་བྱ་བ་འཁོར་ལྔ་བརྒྱ་དང་བཅས་རི་ལ་གནས་ཤིང་བཟོད་པ་བསྒོམ་མོ། དེའི་ཚེ་རྒྱལ་པོ་དེ་བཙུན་མོ་དང་བློན་པོའི་ཚོགས་བཅས་རི་ངོགས་སུ་རྒྱུ་བ་ན། གནས་ཤིན་ཏུ་བསོད་པས་གཟིམས་པ་དང་། བཙུན་མོ་འཁོར་བཅས་གནས་དང་མེ་ཏོག་རྣམས་བལྟ་ཞིང་སྔོན་དུ་སོང་བས་དྲང་སྲོང་བཟོད་པ་ཅན་ལུས་དྲང་པོར་བཞག་ཅིང་ཤིན་ཏུ་སེམས་བཞིན་དུ་འདུག་པ་མཐོང་ནས་དད་པའི་སེམས་སྐྱེས་ཏེ། མེ་ཏོག་སྣ་ཚོགས་ཀྱིས་གཏོར་ནས་མདུན་དུ་འཁོད་དེ་ཆོས་ཉན་ཏོ། །རྒྱལ་པོ་གཟིམ་སད་ནས་བཙུན་མོ་རྣམས་མི་སྣང་བ་དང་བློན་པོ་བཞི་དང་


GTN004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བཙལ་བས་དྲང་སྲོང་གི་མདུན་དུ་འཁོད་པ་མཐོང་སྟེ་སྨྲས་པ། ཁྱོད་སྐྱེ་མཆེད་མཐའ་ཡས་ཀྱི་ཏིང་ངེ་འཛིན་བཞི་ཐོབ་བམ། སྨྲས་པ་མ་ཐོབ་བོ། །འོ་ན་ཚད་མེད་པ་བཞི་ཐོབ་བམ། མ་ཐོབ་བོ། །འོན་ཏེ་བསམ་གཏན་བཞི་ཐོབ་བམ། དེ་ཡང་མ་ཐོབ་བོ་ཞེས་སྨྲས་པ་དང་། རྒྱལ་པོ་དེ་ཁྲོས་ནས་ཡོན་ཏན་དེ་དག་ཁྱོད་ཀྱིས་མ་ཐོབ་ན་མ་རབས་ཐ་མལ་པ་ཡིན་ཏེ་བུད་མེད་རྣམས་དང་དབེན་པ་སྐྱིབས་ཡོད་པར་འདུག་པ་དེ་ཇི་ལྟར་ཡིད་ཆེས་སུ་རུང་། རྟག་ཏུ་འདི་ན་གནས་པ་ཁྱོད་སུ་ཞིག་ལགས། ལས་ཅི་བྱེད་སྨྲས་པ་དང་། དྲང་སྲོང་ན་རེ། བདག་ནི་འདི་ན་བཟོད་པ་སྒོམ་མོ། རྒྱལ་པོས་རལ་གྲི་ཕྱུང་ནས་བཟོད་དམ་མི་བཟོད་སད་དོ་ཞེས་དྲང་སྲོང་གི་ལག་པ་གཉིས་བཅད་དེ་ཁྱོད་སུ་ཡིན་ཞེས་དྲིས་ན། བདག་ནི་བཟོད་པ་ཅན་ནོ་ཟེར། རྐང་པ་གཉིས་བཅད་དེ་དྲིས་ཀྱང་བཟོད་པ་ཅན་ནོ་སྨྲས་སོ། །དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་ནས་ཉེ་གནས་ལྔ་བརྒྱ་ཙམ་ཡང་ནམ་མཁའ་ལ་འཕུར་ཏེ་དེར་ལྷགས་ནས། སློབ་དཔོན་ལ་དེ་ལྟ་བུའི་སྡུག་བསྔལ་མྱོང་ན་བཟོད་པའི་སེམས་ཉམས་པར་མ་གྱུར་ཏམ་ཞེས་སྨྲས་སོ། །དྲང་སྲོང་གིས་སེམས་ཉམས་པ་མ་གྱུར་ཏོ་ཞེས་སྨྲས་པས། རྒྱལ་པོ་ཡང་དངངས་སྐྲག་ནས། ཁྱོད་བཟོད་པ་ཅན་ཡིན་པར་ཅིས་ཡིད་ཆེས། དྲང་སྲོང་ན་རེ། དེ་ལྟ་ན། བདེན་པ་འདིས་ཁྲག་འོ་མར་ཟག་ནས་ཡན་ལག་ཀྱང་སྔར་བཞིན་དུ་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་དེ་ཁོ་ནར་གྱུར་ཏོ། །རྒྱལ་པོས་བདེན་པར་མཐོང་ནས་ལྷག་པར་འཇིགས་ཏེ། བདག་ཅིའི་ཕྱིར་དྲང་སྲོང་ཆེན་པོ་ལ་གནོད་པར་བགྱིས། བདག་ལ་ཐུགས་བརྩེ་བར་


GTN004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཏེ་འགྱོད་ཚངས་བྱ་བར་གནོངས་ཤིག་ཅེས་གསོལ་ཏོ། །དྲང་སྲོང་གིས་སྨྲས་པ། ཁྱོད་ནི་བུད་མེད་ཀྱི་ཕྱིར་མཚོན་ཐོགས་ནས། བདག་གི་ཡན་ལག་གཅོད་མོད་ཀྱི། བདག་བཟོད་པ་ནི་ས་དང་འདྲ་བས་ཕྱིས་མངོན་པར་སངས་རྒྱས་པ་ན། ཤེས་རབ་ཀྱི་རལ་གྲིས་ཁྱོད་ཀྱི་དུག་གསུམ་ཆོད་པར་ཤོག་ཅིག་ཅེས་སྨྲས་སོ། །དེའི་ཚེ་ན་རི་དེའི་ལྷ་ཀླུ་རྣམས་ཀྱིས་དྲང་སྲོང་ལ་རྒྱལ་པོས་འཚེ་བ་མཐོང་སྟེ་ཁྲོས་ནས་སྤྲིན་བསྡུས། འབྲུག་དང་། སེར་བ་དང་། གནམ་ལྕགས་ཕབ་སྟེ་རྒྱལ་པོ་འཁོར་བཅས་གསད་པར་བརྩམས་པ་ལ་དྲང་སྲོང་གིས་ཁྱོད་ངའི་ཕྱིར་འཚེ་བ་དང་གནོད་པ་འདི་ལྟ་བུ་མ་བྱེད་ཅིག་གསུངས་པས་ཞིའོ། །རྒྱལ་པོས་དེར་འགྱོད་ཚངས་བྱས་ཏེ། དྲང་སྲོང་དེ་རྟག་ཏུ་ཕོ་བྲང་དུ་སྤྱན་དྲངས་ཤིང་མཆོད་པར་བྱས་སོ། །དེའི་ཚེ་སློབ་དཔོན་གཞན་ལ་ཞུགས་པ་ཀུན་ཏུ་རྒྱུ་སྟོང་ཕྲག་ཙམ་ཞིག་དྲང་སྲོང་ལ་རྒྱལ་པོ་དེ་དད་པར་མཐོང་ནས་ཕྲག་དོག་སྐྱེས་ཏེ། བདེན་པ་མི་སྣང་བའི་གནས་ནས་ས་རྡུལ་དང་བཙོག་སྨེའི་བག་གིས་དྲང་སྲོང་བཟོད་སྨྲ་ལ་གཏོར་བའི་ཚེ། བདག་བཟོད་པར་བསྒོམ་པ་རྒྱུན་མི་འཆད་པ་འདིས། ནམ་མངོན་པར་སངས་རྒྱས་པ་ན་བདུད་རྩིའི་ཆུས་ཁྱོད་ཀྱི་རྡུལ་དང་དྲི་མ་བཀྲུས་ཏེ། འདོད་པའི་བཙོག་པ་ཡོངས་སུ་དག་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དྲང་སྲོང་བཟོད་པ་སྨྲ་བ་ནི་སྟོན་པ་དང་། རྒྱལ་པོ་རྩོད་བྱུང་དང་བློན་པོ་བཞི་ནི་ཀཽཎྜི་ནྱ་སོགས་དགེ་སློང་ལྔ་སྡེ། ཀུན་ཏུ་རྒྱུ་ས་གཏོར་བྱེད་སྟོང་ནི། ཆུ་བོ་འོད་སྲུང་


GTN004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དགེ་སློང་བརྒྱ་ཕྲག་བཅུའོ། །༈ ཡལ་འདབ་བཞི་བཅུ་པ་ནི། འདུལ་བ༼ཅ༽ལུང་རྣམ་འབྱེད་ལས་འབྱུང་བ་བསྡུ་བར་བྱ་སྟེ། བཅོམ་ལྡན་འདས་ཡངས་པ་ཅན་གྱི་སྤྲེའུའི་རྫིང་འགྲམ་གྱི་ཁང་པ་བརྩེགས་པ་ན་བཞུགས་སོ། །དེའི་ཚེ་ཉ་པ་ལྔ་བརྒྱ་ཆུ་ཀླུང་ཡིད་འོང་ལྡན་མ་རྒྱ་མོ་སྤྱོད་པ་དང་། སྤྱོད་པ་ཆེ་བ་གཉིས་རེས་མོས་སུ་འཇུག་ཅིང་འཁོད་དོ། །རེ་ཞིག་ན་ཡངས་པ་ཅན་དུ་དུས་སྟོན་བྱུང་ནས་ཉ་ཉོ་བ་མང་པོ་འོང་བར་ཤེས་ཏེ། ཉིས་བརྒྱ་ལྔ་བཅུས་ནི་རྒྱ་མོ་སྤྱོད་པ་བཅུག །ཉིས་བརྒྱ་ལྔ་བཅུས་ནི་རྒྱ་མོ་སྤྱོད་པ་ཆེ་བ་བཅུག་གོ །རྒྱ་མོ་སྤྱོད་པ་བཅུག་པ་དེ་དག་གིས་ཉ་དང་། རུས་སྦལ་དང་། ཆུ་སྲིན་བྱིས་པ་གསོད་སོགས་འབྲས་བུའི་ཕུང་པོ་བཞིན་དུ་བསགས་སོ། །རྒྱ་མོ་སྤྱོད་པ་ཆེ་བས། རྒྱ་མཚོ་ཆེན་པོ་ནས་དེར་ཞུགས་པའི་ཆུ་སྲིན་ཉའི་རིགས་བོང་ཚོད་ཆེན་པོ་ཉལ་བ་ཟིན་ནས་དེ་དག་གིས་འཐེན་པ་ན་དེ་གཉིད་སད་ནས་ཉ་པ་ཉིས་བརྒྱ་ལྔ་བཅུ་དང་རྒྱ་མོ་སྤྱོད་པ་ཆེ་བ་ཁྱེར་ཏེ་རྒྱུན་ཕྱོགས་སུ་ཞུགས་སོ། །དེ་དག་གིས་ར་མདའ་ཟློག་པས་ཉ་པ་གཞན་ཉིས་བརྒྱ་ལྔ་ཅུ་ཡང་འོངས་ནས་དེ་ལ་རུབ་པ་དང་། དེ་ཡང་ཁྱེར་ཏེ་རྒྱུན་ཕྱོགས་སུ་ཞུགས་ནས་བཟུང་མ་ཐུབ་པར་ར་མདའ་་བ་ཟློག་པས་བ་ལང་རྫི་དང་ཕྱུགས་རྫི་དང་རྩྭ་ཤིང་འཐུ་བ་སོགས་མི་བརྒྱ་སྟོང་དུ་


GTN004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་ཏེ་རྒྱ་མོ་རལ་བ་དང་། རབ་ཏུ་རལ་པས་འཐེན་ནས་ཆུ་སྲིན་དེ་སྐམ་ལ་འཐེན་པ་དང་། དེ་ལ་མགོ་བཅོ་བརྒྱད་མིག་སོ་དྲུག་ཡོད་དོ། །དེ་ཐོས་ནས་སྲོག་ཆགས་བརྒྱ་སྟོང་དུ་མ་དེར་ལྷགས་ཏེ། ཁ་ཅིག་ལྟད་མོ། །ཁ་ཅིག་སྔོན་གྱི་དགེ་རྩས་བསྐུལ་ལོ། །རྫོགས་བྱེད་ལ་སོགས་པའི་སྟོན་པ་དྲུག་ཀྱང་ལྟད་མོ་ལ་དེར་ལྷགས་སོ། །དེར་སངས་རྒྱས་ནི་མི་མཁྱེན་པ་དང་མི་གཟིགས་པ་གཅིག་ཀྱང་མེད་པས་གདུལ་བྱ་དུས་ལ་བབ་པར་མཁྱེན་ཅིང་། ཆུ་སྲིན་ཉའི་རིགས་འདི་དག་སྔོན་གྱི་སངས་རྒྱས་ལ་ལྷག་པར་བྱ་བ་བྱས་པ་ཡིན་ཅིང་། ད་ལྟའང་འདི་ལ་བརྟེན་ནས་རྒྱ་མོ་ཆེ་རྒྱུན་བཅད་པར་བྱའོ། །དེའི་ཕྱིར་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་འབྱོན་པར་དགོངས་ནས་འཛུམ་པར་མཛད་པའི་ཞལ་ནས་འོད་ཟེར་ཁ་དོགས་སྣ་ཚོགས་སྟེང་དང་འོག་ཏུ་སོང་སྟེ། སླར་སྟོན་པ་ལན་གསུམ་བསྐོར་ནས་ལྟེ་བར་ནུབ་བོ། །ཀུན་དགའ་བོས་རྒྱུ་ཞུས་པས། སོང་ལ་དགེ་སློང་རྣམས་ལ། དེ་བཞིན་གཤེགས་པ་ཆུ་ཀླུང་བརྒྱུར་གཤེགས་ཀྱིས་ཆོས་གོས་ལོང་ཞིག་ཅེས་སྒོས་ཤིག །དེ་ལྟར་བྱས་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དང་འཁོར་དགྲ་བཅོམ་པ་ལྔ་བརྒྱ་བཅས་ལྷམ་མེ། ལྷང་ངེ་། ལྷན་ནེར་གཤེགས་པ་ན་མ་དད་པ་ཁ་ཅིག་དག་གིས། དགེ་སྦྱོང་གཽ་ཏ་མ་འདོད་ཆགས་བྲལ་ལོ་ཞེས་ཟེར་ན་དེ་ཡང་ལྟད་མོའི་ཕྱིར་འདོངས་སོ་ཟེར་བ་ལ། དད་པ་ཅན་དག་གིས། སྟོན་པ་ལྟད་མོ་དང་བྲལ་བ་ཁོ་ན་ཡིན་ཏེ། འདི་ལ་བརྟེན་ནས་སྐྱེ་བོའི་ཚོགས་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་


GTN004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཏོ་ཞེས་སྨྲའོ། །དེ་ནས་འཁོར་དེས་སྟོན་པ་མཐོང་ནས་འཕྲལ་ལ་ལངས་ཤིང་། སྟོན་པ་གདན་བཤམས་པ་ལ་བཞུགས་ནས་ཉ་པ་ལྔ་བརྒྱ་ལ་བཀའ་སྩལ་པ། ཁྱོད་སྡིག་པའི་ལས་བྱས་པ་ཡིན་ཏེ། དེས་ན་ད་ལྟ་ཉ་པའི་སྐྱེ་གནས་གཞན་གྱི་སྲོག་གཅོད་པས་འཚོ་བར་བྱེད་པ། མ་རུངས་པ། དྲག་ཤུལ་ཅན། འདི་ནས་ཤི་འཕོས་ནས་ཚེ་ཕྱི་མར་ཅིར་འགྱུར་སོགས་གསུངས་པས། དེ་དག་གིས་གསོལ་པ། བདག་ཅག་གིས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། ཉ་དང་རུས་སྦལ་སོགས་ཆུ་ནས་བཏོན་པ་འདི་དག་ཐོང་ཞིག་གསུངས་པས། དེ་དག་གིས་བཏང་ངོ་། །དེ་ནས་སྟོན་པས་སྲོག་ཆགས་ཀུན་ཆུ་ཀླུང་ཡིད་འོང་ལྡན་དུ་འཇུག་པ་དང་། ཆུ་སྲིན་ཉ་ཡི་རིགས་དེ་སྔོན་གྱི་སྐྱེ་བ་དྲན་ཞིང་མི་སྐད་སྨྲ་ཤེས་པར་བྱིན་གྱིས་བརླབས་ནས། ཁྱོད་སེར་སྐྱ་ཡིན་ནམ་གསུངས་པས། ཡིན་ལགས་ཞུས་སོ། །ཁྱོད་ལ་སྒོ་གསུམ་གྱི་ཉེས་སྤྱོད་ཡོད་དམ། ཡོད་དོ། །དེ་དག་གི་རྣམ་སྨིན་མྱོང་ངམ། མྱོང་ངོ་། །ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། རང་གི་མ་ལགས་སོ། །དེ་གར་སྐྱེས། དམྱལ་བ་རྣམས་སུ་སྐྱེས་སོ། །ཁྱོད་གང་དུ་སྐྱེས། དུད་འགྲོར་སྐྱེས་སོ། །འདི་ནས་ཤི་ནས་གང་དུ་སྐྱེ། དམྱལ་བའོ། །ཟེར་ནས་ངུས་སོ། །ཁྱོད་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པས་མི་ཁོམ་པ་སྟེ་ད་ལྟ་ཅི་བྱར་མེད་ཀྱི་ང་ལ་དད་པར་གྱིས་དང་མཐོ་རིས་སུ་སྐྱེའོ་གསུངས་པས། དེས་སྟོན་པ་ལ་སེམས་དད་པར་བྱས་ནས། སྟོན་པས་འདུ་བྱེད་ཐམས་ཅད་མི་རྟག་པ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ཚིགས་གསུམ་གྱིས་ཆོས་


GTN004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །དེ་ནས་འཁོར་རྣམས་ཀྱིས་ཀུན་དགའ་བོ་བསྐུལ་ནས་རྒྱུ་དྲིས་པས། སྔོན་སངས་རྒྱས་འོད་སྲུང་དགེ་སློང་ཉི་ཁྲིས་བསྐོར་ཞིང་ཝཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །དེའི་ཚེ་རྒྱལ་པོ་ཀྲ་ཀྲིས་རྒྱལ་སྲིད་བྱེད་པ་ན། ཤེད་བུ་གསང་ཚིག་འདོན་པ་ཞིག་འོངས་ནས་རྒྱལ་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ནས། ལྷ་བདག་ལ་བླ་མ་ལས་ཡི་གེ་ཉུང་ཤས་ཤིག་བླངས་པ་མཆིས་ཏེ་ལྷའི་སྤྱན་སྔར་རྒོལ་བ་དག་དང་ལྷན་ཅིག་བཀའ་མཆིད་གཏན་ལ་དབབ་པར་འཚལ་ལོ། །རྒྱལ་པོས་བློན་པོ་ལ། ངའི་ཡུལ་ན་བྲམ་ཟེ་འདིའི་ལན་འདེབས་ནུས་པ་སུ་ཡོད། ལྷ་རི་བྲགས་ཆེ་གེ་མོར་བྲམ་ཟེ་སེར་སྐྱ་མཆིས་སོ། །དེ་བོས་ནས་རྒོལ་བའི་དཀྱིལ་འཁོར་བཤམས། ཕྱོགས་དག་བཞག་ནས། བྲམ་ཟེ་དེ་མགྲོན་པོ་ཡིན་པའི་ཕྱིར་ཕྱོགས་སྔ་མ་བྱེད་བཅུག་སྟེ། དེས་རྒྱུད་ཆགས་ལྔ་བརྒྱ་བཟླས་སོ། །དེ་སེར་སྐྱ་ཞི་བས་ཕྱིར་བཟླས་ནས་སྐྱོན་རྣམས་ཕུད་པས་བྲམ་ཟེ་དེ་སྤོབས་པ་བརྡུགས་པ་ན། རྒྱལ་པོ་དགྱེས་ཏེ། ཁྱོད་གང་དུ་གནས་གསུངས་། རི་བྲགས་ཤིག་ཏུའོ། །སོང་ལ་རི་བྲགས་དེ་ཁྱོད་ཀྱི་རྒོལ་བའི་ལོངས་སྤྱོད་གྱིས་ཤིག །དེ་དགའ་ནས་སོང་སྟེ་རིགས་མཉམ་པ་ལས་ཆུང་མ་བླངས་པར་བུ་རལ་པ་སེར་སྐྱ་ཅན་བཙས། ཞག་ཉེར་གཅིག་ཏུ་བཙས་སྟོན་བྱས། རྒྱུ་མཚན་ཡོད་པས་དེ་ལའང་མིང་སེར་སྐྱར་བཏགས་སོ། །དེ་ཆེར་སྐྱེས་པ་ན། ཡི་གེ་དང་། གྲངས་དང་། རྩིས་ལ་སོགས་པར་སྦྱངས་ཏེ། རིག་བྱེད་ཡན་ལག་དང་བཅས་པའི་ཕ་རོལ་ཏུ་སོན་པ། རང་གི་སྨྲ་བ་གསལ་ཅིང་། རྒོལ་བ་ཚར་གཅོད་ནུས་པར་


GTN004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ། །ཕ་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་གསང་ཚིག་འདོན་དུ་བཅུག་པར། སེར་སྐྱས་རི་ཙ་ཞེས་པའི་སྒྲ་དོན་དྲིས་པས་མ་འཚལ་ཞིང་། རང་གིས་འདི་ཞེས་བཤད་པས་ངོ་མཚར་ཏེ་ཁྱེའུ་རྣམས་དེ་ལ་གཏད། སེར་སྐྱ་ཞི་བ་དགེ་སློང་ཞིག་གི་རྩར་སོང་སྟེ། དོན་དེ་དྲིས་པས། འདི་འདྲ་བར་དྲི་བ་བྱས་ན་དོན་ཡོངས་སུ་རྫོགས་པར་མི་འགྱུར་ཏེ་འདི་དང་འདིའོ་ཞེས་རྒྱས་པར་གསུངས་པ་ན། དེ་མཆོག་ཏུ་དད་དེ་དུས་སུ་བསོད་སྙོམས་དབུལ་ལོ། །རེ་ཞིག་ན་སེར་སྐྱ་ཞི་བ་ན་ནས། བུ་ལ། ཉི་མ་འཆར་ནུབ་ཀྱི་བར་དུ་ཁྱོད་འདྲ་བའི་མཁས་པ་མེད་པས་བག་ཚ་བར་མ་བྱེད་ཅིག །འོན་ཀྱང་འོད་སྲུང་གི་དགེ་སློང་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་ནས་ཤིའོ། །དེའི་ཚེ་ལྷོ་ནས་འོང་བའི་བྲམ་ཟེ་སྔ་མ་དེས་སེར་སྐྱ་ཞི་བ་ཤི་བར་ཐོས་ཏེ། རྒྱལ་པོའི་རྩར་འོངས་ནས་སྔར་བཞིན་རྩོད་པར་ཞུ་བ་ན། རྒྱལ་པོས་བློན་པོ་ལ་བསྒོས་ནས་བུ་སེར་སྐྱ་བཀུག་སྟེ་རྩོད་པ་བྱས་པས་སེར་སྐྱ་རྒྱལ། རྒྱལ་པོ་ངོ་མཚར་སྐྱེས་ནས། ཨེ་མ་ན་ཚོད་གཞོན་ནུ་ལ་སྨྲ་བའི་སྤོབས་པ་འདི་ལྟ་བུ་ཡོད་དོ་ཞེས་དད་པས་གླང་པོ་ཆེའི་བཤུལ་དུ་བསྐྱོན་ནས་སྨྲ་བའི་རྒྱལ་སྲིད་ལ་དབང་བསྐུར་རོ། །དེའི་མས་ཇི་ལྟར་གྱུར་པ་མཐོང་ནས་དགའ་སྟེ་གུས་པ་དང་བཅས་པས། ཁྱོད་ཀྱི་སྨྲ་བ་ཐམས་ཅད་ཚར་བཅད་དམ་ཞེས་དྲིས་པ་ན། ཡུམ། ཚར་བཅད་དོ། །འོན་ཀྱང་འོད་སྲུང་གི་དགེ་སྦྱོང་རྣམས་ནི་མ་གཏོགས་ཏེ། ཕས་བཤད་པ་རྣམས་


GTN004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་སྨྲས་པས། དེ་ཤིན་ཏུ་ཁྲོས་ཏེ། བུ་ཁྱོད་ཀྱི་ཕ་ནི་དགེ་སྦྱོང་གི་བྲན་ཡིན་ན་ཁྱོད་དེ་ལྟར་གྱུར་ཏམ། སོང་ལ་དེ་དག་ཚར་ཆོད་ཅིག །དེ་མ་ལ་གུས་པས་སོང་བ་ན། དགེ་སློང་ཞིག་དང་ཕྲད་ནས། གང་ལས་འོང་། དྲང་སྲོང་སྨྲ་བ་ནས་སོ། །དེ་ན་དགེ་སློང་ཇི་ཙམ་ཡོད། ཉི་ཁྲི་ལྷག་ཙམ་ཡོད། དགེ་སློང་དག་ནི་མང་ན་བསྟན་བཅོས་ཀྱི་ཚད་ཇི་ཙམ། འབུམ་མོ། །ཁྱིམ་པས་གཟུང་དུ་རུང་ངམ། མདོ་སྡེ་དང་མངོན་པ་གཉིས་ནི་རུང་ངོ་། །འདུལ་བ་ནི་ཆོ་གའི་གཞུང་ཡིན་པས་མི་རུང་ངོ་། །དེ་ཁྱིམ་པ་ལ་མི་སྟོན་པར་རིག་ནས་དགེ་སློང་ཚིག་ཅུང་ཞིག་སྨྲོས་ཤིག །འཇལ་ལམ་ཀུན་ཤེས་པར་འདོད་པས་འདྲི་བ་བརྟག་གོ་སྙམ་ནས། འཚོ་རྣམས་གང་དུ་ལྡོག་པར་འགྱུར། །ལམ་ནི་གང་དུ་ལྡོག་པར་འགྱུར། །གང་དུ་འཇིག་རྟེན་བདེ་སྡུག་བསྔལ། །མ་ལུས་པ་ནི་འགག་པར་འགྱུར། །བྲམ་ཟེ་འདིའི་དོན་སྨྲོས་ཤིག །དེས་རིག་པའི་གནས་ཐམས་ཅད་ལ་དཔྱད་ཀྱང་འཚོའང་མ་ཤེས། ལམ་ཡང་མ་ཤེས། ལྡོག་པའང་མ་ཤེས་ནས། བདག་ལ་ལས་མ་མཐོང་ངམ། སྙམ་དུ་ཕྱོགས་བཞིར་བལྟ་ཞིང་། འདི་ན་གཟུ་བོ་ཡོད་ན་བདག་དེང་ཉིད་དུ་ཚར་གཅོད་དོ་སྙམ་ནས། ཚིགས་སུ་བཅད་པ་དེ་ནི་རྒྱུད་རྒྱ་ཆེན་པོ་དང་ལྡན་པ་ཡིན་ལ། ཁྱོད་ཀྱང་ཝཱ་རཱ་ཎ་སཱིར་འཕགས། ཁོ་བོའང་དྲང་སྲོང་སྨྲ་བར་འཕགས་པ་ཡིན་ལ། དེའི་དོན་འཕྲལ་དུ་སྨྲ་བར་མི་ནུས་ཀྱི་སོང་དང་ཕྱིས་སྨྲ་བར་མི་དཀའོ། །ཞེས་དྲང་སྲོང་སྨྲ་བར་སོང་བ་དང་། དགེ་སློང་རྣམས་ཀློག་པ་དང་ཁ་ཏོན་ཡིད་ལ་བྱེད་པ་དག་མཐོང་མ་ཐག་ཏུ་དད་ནས། སུ་ཞིག་འཇིག་


GTN004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཕ་རོལ་བཏང་སྟེ་འདི་དག་ལ་སྡང་བའི་སེམས་བསྐྱེད་ཅིང་ལྷན་ཅིག་རྩོད་སྙམ་ནས་རང་གི་ཁྱིམ་དུ་སོང་བ་དང་མས་སྨྲས་པ། འོད་སྲུང་གི་དགེ་སྦྱོང་རྣམས་ཚར་བཅད་དམ། ཡུམ། ཁྱོད་བདག་གི་རྒོལ་བའི་ལོངས་སྤྱོད་དག་འཕྲོག་བཞེད་པར་གདའོ། །གཟུ་བོ་ཡོད་ན་དེང་ཉིད་དུ་ཚར་གཅོད་པར་གྱུར་ཏོ། །བུ་དེ་ལྟ་ན་སངས་རྒྱས་ཀྱི་བཀའ་ལྷོགས་ཤིག །ཁྱིམ་པ་ལ་མི་སྟོན་ནོ། །རབ་ཏུ་བྱུང་ལ་ལྷོགས་ཤིག །རིགས་མཆོག་ཏུ་གྱུར་ནས་རིགས་ཐ་དད་པ་རྣམས་ཀྱི་ནང་དུ་ཇི་ལྟར་རབ་ཏུ་འབྱུང་། ཅི་ཁྱོད་ཀྱི་མགོར་སྨྱིག་མ་དང་རྩ་དག་སྐྱེ་བར་འགྱུར་རམ། ཡང་ཕྱིར་བོབས་ཤིག །དེ་མས་ནན་གྱིས་བསྐུལ་ཏེ་སོང་ནས། དགེ་སློང་ཞིག་ལ་རབ་ཏུ་འབྱུང་བར་ཞུས་པས་གནང་། སེར་སྐྱ་ན་རེ། བདག་བྲམ་ཟེ་རབ་ཏུ་ཤེས་པ་ལགས་པས་འདིར་རབ་ཏུ་འབྱུང་བར་རྔོ་མི་ཐོགས་ཀྱི། ལྗོངས་སུ་རབ་ཏུ་འབྱུང་ངོ་ཞེས་ལྗོངས་སུ་རབ་ཏུ་བྱུང་། བསྙེན་པར་རྫོགས་ཏེ། ཀློག་པ་དང་ཁ་ཏོན་བྱས་པས་དེ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་པ། རིག་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ནས་ཆོས་འཆད་པའི་ཚེ། སེངྒེའི་ཁྲི་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ་བཤམས་ནས། དུང་སྒྲིལ་མ་འབུད། རྔ་བོ་ཆེ་དག་བརྡུང་དུ་འཛུད་ཅིང་རྒྱལ་པོ་འཁོར་དང་བཅས་པའི་འཁོར་སྡུད། སྐྱེ་བོ་ཕལ་པོ་ཆེ་དད་པར་བྱེད་དོ། །སེར་སྐྱས། བདག་གིས་ཐོས་པ་ཐོབ་ཀྱི་འགྲོ་ལ་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱའོ་སྙམ་ནས་ཝཱ་རཱ་ཎ་སཱིར་སོང་བས་མ་དང་ཕྲད་དེ། ཁྱོད་ཀྱི་དགེ་སྦྱོང་རྣམས་ཚར་བཅད་དམ། ཡུམ། བདག་ནི་ལུང་ཙམ་


GTN004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ལ། དེ་དག་ནི་ལུང་དང་རྟོགས་པ་དང་ལྡན་པ་ཡིན་པས་ཚར་གཅོད་མི་ནུས་སོ། །བུ་ཁྱོད་ཀྱིས་ཅི་ནས་ཀྱང་ཚར་ཆོད་ཅིག །དེ་མ་ལ་གུས་པས་ངོ་མ་ལྡོགས་པར། ཆོས་སྟོན་པ་ན་སྤྱོན་ཅིག་བྱས་ནས་སོང་ངོ་། །དེས་ཆོས་སྟོན་པའི་དུང་སྒྲ་ཐོས་ནས་རིངས་པར་སོང་སྟེ་སེངྒེའི་ཁྲིའི་རྒྱབ་ལོགས་སུ་འཁོད་དོ། །སེར་སྐྱས་ཆོས་བསྟན་ནས་ཆོས་མ་ཡིན་པར་བསྟན་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས། མདོ་སྡེའི་མཐའ་ལ་གནོད་པ་མ་བྱེད་ཅིག །ཆོས་ཀྱི་མངལ་མ་རྟོལ་ཅིག །ཆོས་ཀྱི་རྒྱལ་མཚན་མ་རྟིབ་ཅིག །བདུད་ཀྱི་རྒྱལ་མཚན་མ་སྒྲེངས་ཤིག །དམྱལ་བ་ལ་གཞོལ་བར་མ་བྱེད་ཅིག་གསུངས་པས། སེར་སྐྱ་ཉམ་ང་ནས་བབས་ཏེ་མ་ལ་སྨྲས་པ། ཡུམ་གཟིགས་སམ། མཐོང་ངོ། །བདག་གིས་དང་པོ་ནས་བདག་ལུང་ཙམ་དང་ལྡན་ལ་དེ་དག་ནི་ལུང་རྟོགས་གཉིས་ཀའོ་ཞེས་མ་སྨྲས་སམ། བུ་ཁྱོད་ཀྱིས་ཆོས་བསྟན་ནས་ཆོས་མ་ཡིན་པ་སྟོན་ཅིག །མདོ་སྡེའི་མཐའ་ལ་གནོད་པ་མ་བྱེད་ཅིག་ཟེར་ན་ཚིག་གིས་མཚོན་ཐོབ་ཅིག །དེ་དག་ནི་ཉེས་པས་འཇིགས་ནས་ཅང་མི་སྨྲ་བར་འདུག་པས་སྐྱེ་བོ་རྣམས་ཀྱིས་ཚར་བཅད་དོ་སྙམ་དུ་ཤེས་པར་འགྱུར་རོ། །ཡུམ་ཐབས་དེ་ལེགས་ཀྱི་ཁྱོད་ཀྱང་དེའི་ཚེ་སྤྱོན་ཅིག །དེ་བཞིན་དུ་བྱས་པ་དང་དགེ་སྦྱོང་དེ་སྐད་ཟེར་བ་ལ། སེར་སྐྱ་མས་བསླུས་པའི་ཕྱིར་མི་བཟོད་པ་ཆེར་སྐྱེས་ནས། གླང་པོ་ཆེའི་མགོ་ཅན་ཁྱོད་ཀྱིས། རྟ་དང་། རྔ་མོ་དང་། བོང་བུ་དང་། བ་ལང་དང་། སྤྲེའུ་དང་། སེངྒེ་དང་། སྟག་དང་། དོམ་དང་། དྲེད་དང་། གུང་དང་། བྱི་ལ་དང་། ར་དང་། ལུག་དང་། རི་དྭགས་


GTN004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མ་ཧེ་དང་། ཕག་དང་། ཁྱིའི་མགོ་ཅན་ཁྱོད་ཀྱིས་ཆོས་སམ་ཆོས་མ་ཡིན་པའམ། འདུལ་བའམ་འདུལ་བ་མ་ཡིན་པ་ཞེས་ཅི་ཤེས་སྨྲས་པ་དང་། དགེ་སློང་དེ་རྣམས་ན་རེ། འདིས་ཚིག་གི་མཚོན་གྱིས་གདབ་པར་བརྩམས་ཀྱི་འགྲོའོ་ཟེར་ནས་སོང་ངོ་། །སེར་སྐྱས་ཡུམ་དགྱེས་སམ། དགའི་འདོང་ངོ་། །བདག་ནི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་དད་ཀྱིས་མི་འགྲོའོ། །བུ་ཁྱོད་ཀྱིས་མའི་ཚིག་གཅིག་ཀྱང་མ་ཡིན་པར་མི་བྱའོ་ཟེར་བ་ཐོས་སམ། དེངས་ཤིག །སེར་སྐྱ་ན་རེ། ཁོ་བོ་འཁོར་བ་འཁོར་བ་ན་ཁྱོད་འདྲ་བའི་མ་ཡོད་པར་མ་གྱུར་ཅིག །དེང་། མི་དགེ་བའི་བཤེས་གཉེན་ཁྱོད་ལ་བརྟེན་ནས་ཁོ་བོས་སློབ་མི་སློབ་དག་ལ་ཚིག་རྩུབ་པོ་བརྗོད་པས་རྣམ་སྨིན་སོ་སོར་མྱོང་བར་འགྱུར་རོ་ཟེར། དེའི་མ་དེས། དགེ་སློང་རྣམས་ཀྱིས་ཁོ་མོའི་བུ་ཕྲོགས་ཀྱི་གྲོགས་གྱིས་ཤིག་ཅེས་ཀུ་ཅོ་འདོན་བཞིན་དུ་ཁྲག་ཚ་བ་སྐྱུགས་ནས་ཤི་སྟེ་དམྱལ་བར་སྐྱེས་སོ། །སེར་སྐྱའང་སློབ་མི་སློབ་རྣམས་ལ་ངག་གི་ཉེས་པ་བཅོ་བརྒྱད་བྱས་པས་འདིར་སྐྱེས་སོ་ཞེས་གསུངས་པས་འཁོར་དེ་དག་གིས། སེར་སྐྱ་སྡེ་སྣོད་གསུམ་དང་ལྡན་པ། རིག་གྲོལ་གྱི་སྤོབས་པ་ཅན་དེའང་ངག་གི་ཉེས་པས་དུད་འགྲོར་སྐྱེས་ན་བདག་ཅག་རྣམས་ཀྱི་འགྲོ་བ་ཅིར་འགྱུར་ཟེར། སྟོན་པས་དེ་དག་གི་བསམ་པ་བཞིན་ཆོས་བསྟན་པས་ངེས་འབྱེད་བཞི་དང་། འབྲས་བུ་བཞི་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བཀོད་ནས་གཤེགས་སོ། །ཆུ་སྲིན་ཉའི་རིགས་དེའང་སྟོན་པའི་སྤྱན་སྔར་ཆོས་ཐོས་ནས་ཟས་ཟ་བ་ནི་ཚུལ་དང་མི་མཐུན་ནོ་སྙམ་ནས་ཟས་མ་ཟོས་པས་བཀྲེས་
པས་ཉམས་དམས་པ་ན་སྟོན་པ་ལ་སེམས་དད་པས་ཤི་སྟེ་རྒྱལ་ཆེན་རིས་བཞིའི་ལྷར་སྐྱེས་སོ། །དེས་སེམས་གསུམ་སྐྱེས་ནས་བརྟག་པ་ན། དུད་འགྲོ་ནས་རྒྱལ་ཆེན་རིས་བཞིར་སྟོན་པ་ལ་དད་པས་སྐྱེས་པར་མཐོང་སྟེ། མཚན་མོར་སྟོན་པའི་སྤྱན་སྔར་འོངས་ནས་མེ་ཏོག་གིས་མཆོད། ཞབས་ལ་ཕྱག་བྱས་ནས་འདུག་པ་དེའི་འོད་ཀྱིས་ཁང་བཟང་ཐམས་ཅད་སྣང་བས་ཁྱབ་བོ། །སྟོན་པས་ཆོས་བསྟན་པས་རྒྱུན་ཞུགས་ཐོབ་སྟེ་རང་གི་གནས་སུ་སོང་ངོ་། །དགེ་སློང་ནམ་གྱི་སྟོད་སྨད་ཀྱི་ཆ་ལ་མི་ཉལ་བར་རྣལ་འབྱོར་བཙོན་པ་དག་གིས་མཐོང་ནས་ནང་པར་ཞུས་པས། དེ་ཚུལ་གསུངས། དེས་ལས་ཅི་བགྱིས་པས་སྟོན་པའི་སྤྱན་སྔར་བདེན་པ་མཐོང་ཞིང་རྒྱལ་ཆེན་རིས་བཞིར་སྐྱེས། འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས་ཤིང་། ཆུ་སྲིན་དུས་ང་ལ་དད་པས་སོ་གསུངས། དེ་ནས་ཉ་པ་ལྔ་བརྒྱ་ཆུ་སྲིན་གྱི་སྐྱེ་གནས་མཐོང་བས་ཤིན་ཏུ་འཇིགས་སྐྲག་ནས་འདུག་པར། ཤཱ་རིའི་བུས་མཁྱེན་ནས་དེ་དག་གི་གན་དུ་སོང་ནས་དབུགས་ཕྱུང་སྟེ་སྟོན་པའི་སྤྱན་སྔར་ཁྲིད། ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་བོ། །

ཡལ་འདབ་ཞེ་གཅིག་པ་ནས་ལྔ་བཅུ་པའི་བར།


GTN004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཞེ་གཅིག་པ་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་སོ། །རྒྱལ་པོའི་ཁབ་དང་སྒྲ་སྒྲོགས་གཉིས་གཅིག་འབྱོར་པའི་ཚེ་གཅིག་རྒུད་དོ། །སྒྲ་སྒྲོགས་ན་ཨུ་ཏྲ་ཡ་ན་རྒྱལ་སྲིད་


GTN004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ། དེ་ལ་བཙུན་མོ་ཟླ་འོད་དང་། བུ་གཙུག་ཕུད་ཅན་དང་། བློན་པོ་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་ཡོད་དོ། །རྒྱལ་པོའི་ཁབ་ན་གཟུགས་ཅན་སྙིང་པོ་རྒྱལ་སྲིད་བྱེད་དེ། དེ་ལ་བཙུན་མོ་ལུས་འཕགས་མ་དང་། བུ་མ་སྐྱེས་དགྲ་དང་། བློན་པོ་བྲམ་ཟེ་དབྱར་ཚུལ་མ་ཞེས་བྱ་བ་ཡོད་དོ། །རྒྱལ་པོའི་ཁབ་ནས་ཚོང་པ་དག་ཟོང་ཐོགས་ཏེ་སྒྲ་སྒྲོགས་སུ་ཕྱིན་ནས་སྐྱེས་ཐོགས་ཏེ་ཨུ་ཏྲ་ཡ་ནའི་གནས་སུ་སོང་བ་དང་། རྒྱལ་པོ་གཞན་འགའ་ཡོད་དམ། རྒྱལ་པོའི་ཁབ་ན་གཟུགས་ཅན་སྙིང་པོ་ཡོད་དོ། །ཨུ་ཏྲ་ཡ་ན་དེ་ལ་ཆགས་ནས། དེའི་ཡུལ་ན་ཅི་དཀོན། རིན་པོ་ཆེ་དཀོན་ནོ། །དེས་རིན་པོ་ཆེས་སྒྲོམ་བཀང་ནས་སྐྱེས་སུ་བསྐུར་རོ། །ཚོང་པས་གཟུགས་ཅན་སྙིང་པོ་ལ་སྐྱེས་དང་ཕྲིན་ཡིག་ཕུལ་བས། དེ་ཡི་ཡུལ་ན་ཅི་དཀོན། གོས་དག་དཀོན་ནོ། །དེས་ཀྱང་གོས་རིན་པོ་ཆེ་དག་གིས་སྒྲོམ་བཀང་ནས་བསྐུར་རོ། །ཨུ་ཏྲ་ཡ་ན་ལ་ནོར་བུའི་ཁྲབ་རེག་ན་བདེ་བ། གཅད་དཀའ་བ། དབུག་དཀབ་བ། དུག་འཇིལ་བ། སྣང་བའི་བདག་ཉིད་དང་ལྡན་པ་ཞིག་ཡོད་པ་དེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བསྐུར་ནས། ཁྱོད་ཀྱིས་འདི་རང་ཉིད་ཀྱིས་བཅང་ཞིང་སུ་ལའང་མ་སྟེར་ཅིག་ཅེས་བྲིས་ཏེ་བསྐུར་རོ། །ཕོ་ཉས་ཕུལ་བ་དང་མཆོག་ཏུ་ཡ་མཚན་སྐྱེས་ནས། རིན་ཆེན་རྟོག་པ་དག་གིས་རིན་ཐང་གཅོད་པ་ན་རིན་པོ་ཆེ་རེ་རེའང་རིན་ཐང་མེད་པར་མཐོང་བ་རྒྱལ་པོ་ལ་ཞུས་པས། སྐྱེས་ལན་དག་གིས་ཕོངས་པ་ན་དབྱར་ཚུལ་མས་སངས་རྒྱས་ཀྱི་སྐུ་གཟུགས་རས་ངོར་བྲིས་ལ་བསྐུར་ཅིག་འདོམས་པ་ལྟར་སངས་རྒྱས་ལ་དེ་ཚུལ་ཞིབ་པར་ཞུས་པས། འབྲི་


GTN004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པའི་བཀས་གནང་། རི་མོ་མཁན་བཀུག་སྟེ་དེ་དག་གིས་འབྲི་བར་བརྩམས་པ་ན། སངས་རྒྱས་ནི་བལྟ་བས་ཆོག་མི་ཤེས་པ་ཡིན་པས་མཚན་མ་བཟུང་བར་མ་ནུས་ནས། རས་དེ་འདུལ་སྦྱོང་བྱས། རྒྱལ་པོས་ཕུལ་བ་དང་། སྟོན་པས་དེར་གྲིབ་མ་བཏང་ནས་རི་མོ་མཁན་གྱིས་ཚོན་བཀྱེས། སྟོན་པས་བཀའ་སྩལ་པ་བཞིན། སྐུ་གཟུགས་ཀྱི་འོག་ཏུ་སྐྱབས་འགྲོ་དང་། བསླབ་པའི་གཞི་དང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་བྲིས། སྟེང་དུ། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །ཞེས་པའི་ཚིགས་བཅད་གཉིས་བྲིས། དྲི་སྣ་ཚོགས་ཀྱིས་བསྒོས་ནས་དྲིལ་ཏེ་གསེར་གྱི་དོང་བུར་བཅུག །དེ་དངུལ་གྱི་དོང་བུར། དེ་ཟངས། དེའང་དྲི་སྣ་ཚོགས་ཀྱིས་བསྒོས་པའི་གོས་ཀྱིས་དཀྲིས་ཏེ་གླང་པོ་ཆེའི་རྒྱབ་ཏུ་བཀལ་ནས་ཨུ་ཏྲ་ཡ་ན་ལ། བདག་གིས་འཇིག་རྟེན་གསུམ་ལས་ཆེས་འཕགས་པའི་སྐྱེས་འདི་བསྐུར་གྱིས་དཔག་ཚད་ཕྱེད་གསུམ་ནས་གྲོང་ལམ་མཛེས་པར་བྱ་ཞིང་། བདག་ཉིད་དང་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པས་བསུ་ནས་ས་ཕྱོགས་ཡངས་པར་མཆོད་པ་དང་བཀུར་སྟི་ཆེན་པོས་དབྱེ་བར་བྱའོ་ཞེས་བྲིས་ནས་བསྐུར། ཕོ་ཉ་རྣམས་ལའང་དེ་སྐད་དང་། འོག་ཏུ་བྲིས་པ་འདི་ཅི་ཡིན་ཞེ་ན། ཁས་ལེན་པ་དང་། བསླབ་གཞི་དང་། འཇིག་རྟེན་གྱི་འབྱུང་ལྡོག་གོ་ཞེས་བརྗོད། སྟེང་དུ་བྲིས་པ་འདི་ནི་སྤྲོ་བར་བྱ་བའོ་ཞེས་རྗོད་ཅིག་སྒོ་ནས་དེ་དག་གིས་སྒྲ་སྒྲོགས་འདབས་སུ་ཕྱིན་པ་དང་ཕྲིན་ཡིག་དེ་བསྐུར་བ། དེས་བཀླགས་པས་ཁྲོས་ཏེ་བློན་པོ་རྣམས་ལ་སྨྲས་པ། དེས་ང་ལ་སྐྱེས་ཇི་ལྟ་བུ་བསྐུར་ན་ངས་དཔག་ཚད་


GTN004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གསུམ་བསུ་བར་བྱ། དཔུང་ཚོགས་སྟ་གོན་གྱིས་དང་འགྲོ་ལ་དེའི་ཡུལ་འཁོར་གཞོམ་མོ། །བློན་པོ་རྣམས་ན་རེ། དེས་སྐྱེས་ངན་ངོན་བསྐུར་མི་ནུས་པས་བརྟག་པར་བགྱིའོ་ཟེར་ནས་ཕྲིན་ཡིག་ནང་ལྟར་བཀུར་སྟི་ཆེན་པོས་བསུས། སྲོག་ཆགས་བརྒྱ་སྟོང་དུ་མ་དག་དང་། ནམ་མཁའ་ལ་ལྷ་འབུམ་ཕྲག་དུ་མ་ཡང་འདུས་ནས་ས་ཕྱོགས་ཡངས་པར་མཆོད་པ་ཆེན་པོ་བྱས་ཏེ་ཞལ་དབྱེ་བ་ན་ཚོང་པ་རྣམས་ཀྱིས་མཐོང་ནས། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་མགྲིན་གཅིག་ཏུ་བརྗོད་པ་ན། དེས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པས་དེར་སྤུ་ཟིང་བྱེད་ཅིང་ཡ་མཚན་སྐྱེས་ཏེ་ཡུན་རིང་པོར་མིག་ཚུགས་སུ་བལྟས་ནས། སངས་རྒྱས་ཞེས་པ་དེ་སུ་ཡིན། དེ་དག་གིས་རྒྱ་ཆེར་བརྗོད་ཅིང་སྟེང་འོག་གི་ཚིགས་རིས་ཀྱང་བརྡ་སྤྲད། རྒྱལ་པོས་རྟེན་འབྲེལ་ལུགས་འབྱུང་ལྡོག་བརྟགས་པས་བདེན་པ་མཐོང་ནས། རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ཤེས་རབ་ཀྱི་མིག་རྣམ་པར་སྦྱངས། །གང་ལ་དེ་འདྲའི་གསོས་མངའ་བ། །སྨན་པའི་མཆོག་ལ་ཕྱག་འཚལ་ལོ། །དེས་གཟུགས་ཅན་སྙིང་པོ་ལ། ཁྱོད་ལ་བརྟེན་ནས་བདག་གིས་བདེན་པ་མཐོང་གི །བདག་དགེ་སློང་མཐོང་འདོད་པས་འགའ་ཞིག་གཏོང་བའི་རིགས་སོ་ཞེས་སྤྲིངས་སོ། །གཟུགས་ཅན་སྙིང་པོས་སྟོན་པ་ལ་ཞུས་པས། ཀ་ཏྱཱ་ཡ་ན་འཁོར་ལྔ་བརྒྱ་དང་བཅས་པ་བཏང་བ་དེར་བྱོན། རྒྱལ་པོས་བསུས་ཏེ་ས་ཕྱོགས་ཡངས་པར་སྟན་བཤམས་པ་ལ་བཞུགས་ནས་ཆོས་བསྟན་པས་འབྲས་བུ་བཞི་དང་སེམས་བསྐྱེད་གསུམ་དང་སྐྱབས་འགྲོ་ལ་བཀོད་དོ། །དེ་ན་ཁྱིམ་བདག་


GTN004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་། སྐར་རྒྱལ་གཉིས་འདུག་པ་རབ་ཏུ་བྱུང་། བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་བོ། །དེ་གཉིས་མྱ་ངན་ལས་འདས་པའི་ལུས་ལ་ཉེ་དུ་དག་གིས་མཆོད་པ་བྱས་ཏེ་མཆོད་རྟེན་གཉིས་བརྩིགས་སོ། །ཨུ་ཏྲ་ཡ་ན་ཉིན་རེ་བཞིན་ཀ་ཏྱཱ་ཡ་ནའི་དྲུང་དུ་ཆོས་ཉན་ནས་བཙུན་མོའི་འཁོར་ལ། འཕགས་པས་ཆོས་སྙན་པ་དག་སྟོན་པར་བྱེད་དོ་ཞེས་སྨྲས་སོ། །དེ་དག་ན་རེ། ལྷ་སངས་རྒྱས་འབྱུང་བ་འབྲས་བུ་དང་བཅས་པའོ། །ཅིའི་ཕྱིར། ཁྱོད་ཆོས་གསན་པས་སོ། །འོ་ན་ཁྱེད་ཀྱང་ཅིའི་ཕྱིར་མི་ཉན། ལྷ་བདག་ཅག་ངོ་ཚ་དང་ལྡན་ན་དེར་ཇི་ལྟར་མཆི། འདིར་བྱོན་ནས་ཆོས་སྟོན་ན་མཉན་ནོ། །རྒྱལ་པོས་འཕགས་པ་ལ་ཞུས་པས། སྟོན་པས་བཙུན་མོའི་འཁོར་གྱི་འཇུག་པ་བཀག་པས་དགེ་སློང་མ་དགོས་གསུངས། རྒྱལ་པོས་གཟུགས་ཅན་རྙིང་པོ་ལ་དགེ་སློང་མ་འགའ་ཞིག་ཐོང་ཞིག་སྨྲས། དེས་སྟོན་པ་ལ་ཞུས་པས། དགེ་སློང་མ་རི་མ། སྒྲ་སྒྲོགས་ན་ཨུ་ཏྲ་ཡ་ནའི་བཙུན་མོ་དང་བུད་མེད་རྣམས་ལ་སོམས་ཤིག །དེ་འཁོར་ལྔ་བརྒྱ་དང་བཅས་པ་སོང་ནས་ཉིན་རེ་བཞིན་བཙུན་མོའི་འཁོར་བུད་མེད་རྣམས་ལ་ཆོས་བསྟན་ཏོ། །ཨུ་ཏྲ་ཡ་ན་པི་ཝཾ་ལ་མཁས་ལ། བཙུན་མོ་ཟླ་འོད་གར་མཁས་པས་དུས་གཅིག་ན་རྒྱལ་པོས་པི་ཝཾ་སྦྲེངས་ཏེ་ཟླ་འོད་གར་བྱེད་དོ། །དེས་དེ་གར་བྱེད་པ་ན་ཆུད་འཛའ་བའི་མཚན་མ་མཐོང་ནས་བརྟགས་པས་ཞག་བདུན་ནས་འཆིའོ་སྙམ་དུ་ལག་ནས་པི་ཝཾ་ཤོར་ཏེ་ས་ལ་ལྷུང་། ཟླ་འོད་ཀྱིས་ཅི་ཡིན་དྲིས་པར་རྒྱལ་པོས་ཇི་ལྟར་གྱུར་པ་བཤད་པ་ན། བདག་རབ་ཏུ་འབྱུང་གིས་གནོངས་ཤིག །ཁྱོད་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་


GTN004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེ་ཉིད་ཁྱོད་ཀྱི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ཀུན་སྦྱོར་ལྷག་མ་དང་བཅས་ཏེ་ལྷར་སྐྱེས་ན་ང་ལ་ལྟོས་ཤིག་གནང་ངོ་། །དེ་རབ་ཏུ་བྱུང་ནས་ཉི་མ་བདུན་པ་ལ་ཤི་སྟེ་རྒྱལ་ཆེན་རིས་བཞིའི་ལྷར་སྐྱེས་ནས་རྒྱུ་མཐོང་བས་སྟོན་པའི་སྤྱན་སྔར་སོང་སྟེ་ཆོས་ཉན་པས་བདེན་པ་མཐོང་ནས་རང་གནས་སུ་ལོག་གོ །དེས་སྔོན་གྱི་ཆེད་མདོ་བཞིན། རྒྱལ་པོ་སར་སོང་བ་དེ་གཉིད་ལོག་པ་ལ་སེ་གོལ་གྱི་སྒྲས་བསླངས་སོ། །ཁྱོད་སུ་ཡིན། བདག་ཟླ་འོད་དོ། །ཚུར་ཤོག་དགའ་མགུར་སྤྱོད། བདག་ཤི་ནས་རྒྱལ་ཆེན་རིས་བཞིའི་ལྷར་སྐྱེས་ཏེ། བདག་དང་མཇལ་བཞེད་ན་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་ཞིག་སོགས་ཀྱིས་བསྐུལ་བས། བདག་ངེས་པར་རབ་ཏུ་འབྱུང་ངོ་སྙམ་ནས་བློན་པོ་གཉིས་ལ། བདག་རབ་ཏུ་འབྱུང་གིས་ཁྱེད་གཉིས་ཀྱིས་གཙུག་ཕུད་ཅན་ཕན་པ་ལ་སྦྱོར། གནོད་པ་ལས་ཟློགས་ཤིག་གསུངས། གཙུག་ཕུད་ཅན་དང་། ཕྱི་རོལ་གྱི་སྐྱེ་བོའི་ཚོགས་ལའང་སོ་སོར་རྒྱལ་གྱིས་བློན་པོའི་ཚིག་ཉོན་ལ། སྐྱེ་བོའི་ཚོགས་ཀྱིས་བདག་རྒྱལ་སྲིད་བྱེད་པ་ན་གནོད་པ་ཅུང་ཟད་བྱས་པ་དེ་བཟོད་ཅིང་། རྒྱལ་བུས་ཅི་བསྒོ་ཐམས་ཅད་ལེགས་པ་སྒྲུབས་ཤིག་གསུངས་ནས་བསྙེན་བཀུར་བ་གཅིག་དང་བཅས་རྒྱལ་པོའི་ཁབ་ཏུ་གཤེགས་པ་ན། ཐམས་ཅད་རྒྱལ་པོ་ལ་ཆགས་ནས་མཆི་མས་བརྣངས་བཞིན་དུ་སྐྱེལ་མ་བྱས་ནས་སླར་ལོག །གཙུག་ཕུད་ཅན་ཁྲིར་འཁོད་དོ། །ཨུ་ཏྲ་ཡ་ན་རིམ་གྱིས་རྒྱལ་པོའི་ཁབ་ཏུ་སླེབས་ནས་གཟུགས་ཅན་སྙིང་པོ་ལ་སྦྲན་པས། དེས་དཔུང་ཚོགས་བཞི་དང་བཅས་པས་བསུས་ནས། བྱོན་པའི་དོན་


GTN004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡིན་དྲིས་པར། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་དོན་ཡིན་ཚུལ་སྨྲས། གཟུགས་ཅན་སྙིང་པོ་ཤིན་ཏུ་དགྱེས་ནས་ལེགས་སོ། །ལན་གསུམ་བརྗོད། སྟོན་པའི་དྲུང་དུ་ཁྲིད་ནས། ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་པ་ན། དེ་བསོད་སྙོམས་ལ་ཞུགས་པས་རྒྱལ་པོ་གཟུགས་ཅན་སྙིང་པོས་ཐོས་ནས་དེའི་གན་དུ་སོང་སྟེ། མི་དབང་གྲོང་ཁྱེར་སྟོང་དང་ནི། །སྒྲ་སྒྲོགས་ཀྱང་ནི་སྤྱད་བྱས་ནས། །བོར་བའི་བསོད་སྙོམས་ཚོལ་བྱེད་པ། །ཇི་ལྟར་ཡོངས་སུ་མི་གདུང་ངམ། །ཞེས་སོགས་གོང་ནས་གོང་དུ་དྲི་ལན་མཛད་དོ། །དེ་ནས་གཙུག་ཕུད་ཅན་གྱིས་རེ་ཞིག་ཆོས་ཀྱིས་རྒྱལ་སྲིད་བྱས་ནས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་པ་དང་བློན་པོ་གཉིས་ཀྱིས་ལན་གསུམ་གྱི་བར་དུ་བཟློགས་པས་དེ་ཁྲོས་ཏེ། དེ་གཉིས་ཕུད་དེ་སྐྱོན་ཆགས་པ་གཞན་ཞིག་དག་བསྐོས་སོ། །དེ་གཉིས་ཀྱིས་ཡུལ་མི་ལ་གནོད་པར་བྱ་བར་བརྩམས་སོ། །རེ་ཞིག་ན་དེ་ནས་འོངས་པའི་ཚོང་པ་རྣམས། ཨུ་ཏྲ་ཡ་ནས་མཐོང་སྟེ་སྐད་ཆ་དྲིས་པས་ཚོང་པ་རྣམས་ཀྱིས་ཞིབ་ཆ་བཤད་པས། ཁྱོད་སོང་ལ་དེའི་སྐྱེ་བོའི་ཚོགས་དབུགས་ཕྱུང་ཞིག་དང་། བདག་ཀྱང་འོངས་ནས་གཙུག་ཕུད་ཅན་གྱི་སེམས་དགེ་བར་བྱའོ། །ཚོང་པ་དེ་སོང་ནས་མངའ་འོག་པ་ལ་གསང་སྟེ་སྨྲས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་བློན་པོ་སྐྱོན་ཅན་གཉིས་ཀྱིས་ཐོས་ནས། གཙུག་ཕུད་ཅན་ལ་ལྷ། རྒྱལ་པོ་བགྲེས་པོ་འདིར་བྱོན་ནས་རྒྱལ་སྲིད་བྱེད་པར་གྲགས་སོ། །དེ་ན་རེ། ཡབ་རྒྱལ་པོ་མཛད་ན་བདག་ཉིད་གཞོན་ནུ་བྱ་སྟེ་ཅི་འགལ། དེ་གཉིས་


GTN004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ན་རེ། དེ་ལྟ་བུ་ནི་གླང་པོ་ཆེའི་གཉའ་ནས་བབས་ཏེ་རྐང་ཐང་འགྲོ་བ་བཞིན་ཏེ། མི་རུང་བས་གསོད་པའི་ཐབས་མ་བྱས་ན་རང་ཉིད་བཀུམ་པར་འགྱུར་རོ། །ཟེར་ནས་ནན་གྱིས་བསྐུལ་བ་ན། དེ་སྡིག་པའི་གྲོགས་པོས་བསླུས་པའི་དབང་གིས་ཁས་བླངས། གཤེད་མ་ལ་གསོད་ཅིག །མ་གསོད་ན་ཁྱོད་ཀྱི་ཉེ་དུ་དང་བཅས་པ་ཁ་བཏགས་ཞེས་བློན་པོ་གཉིས་ཀྱིས་བསྒོ་བས། དེ་ཡང་སྐྲག་ནས་རལ་གྲི་བཟུང་སྟེ་སོང་ངོ་། །དེ་ནས་ཨུ་ཏྲ་ཡ་ནས་སྟོན་པ་ལ། བདག་གྲོང་ཁྱེར་སྒྲ་སྒྲོགས་སུ་ལྗོངས་རྒྱུ་ཞིང་མཆིའོ། །སོང་ལ་ལས་བདག་གིར་གྱིས་ཤིག་གསུངས། དེ་ལས་ཀྱིས་བདས་ནས་སོང་བ་དང་གཤེད་མ་དེ་དག་དང་ཕྲད་ནས། གཙུག་ཕུད་ཅན་ཆོས་ཀྱི་རྒྱལ་སྲིད་བྱེད་དམ་དྲིས་པས། ལྷ་ཆོས་མིན་པས་བགྱིད་དེ། གཞོན་ནུ་ནི་ཁྱོད་གསོན་པར་མི་དགའ་ཡི། བདག་ཅག་གཤེད་མ་ལགས་སོ། །རྒྱལ་པོས། སྟོན་པས་གསུངས་པ་དེ་འདི་ཡིན་པར་འདུག་སྟེ། རབ་ཏུ་བྱུང་བའི་དོན་ད་དུང་མ་ཐོབ་སྙམ་ནས། ང་རང་གི་དོན་སྒྲུབ་ཀྱི་བར་དུ་ཡུད་ཙམ་སྡོད་ཅིག་བྱས་ཏེ། ཤིང་ལྗོན་པ་ཞིག་གི་དྲུང་དུ་བསྡད་ནས་བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པ་ཐོབ་སྟེ་སྨྲས་པ། ངས་ཐོབ་པར་བྱ་བ་ནི་ཐོབ་ཟིན་གྱི། ད་ཁྱོད་ཅག་འོངས་པའི་དོན་དེ་ཐོབ་པར་བྱའོ། །སོངས་ལ་གཙུག་ཕུད་ཅན་ལ་འདི་སྨྲོས་ཤིག །རྒྱལ་སྲིད་ཕྱིར་ནི་ཕ་བསད་པས། །བསོད་ནམས་མ་ཡིན་མང་པོ་བསྐྱེད། །ང་ནི་ཡོངས་སུ་མྱ་ངན་འདའ། །ཁྱོད་ནི་མནར་མེད་འགྲོ་བར་འགྱུར། །གཞན་ཡང་ཁྱོད་ཀྱིས་ཕ་བསད་པ་དང་དགྲ་བཅོམ་པ་བསད་པས་མཚམས་མེད་གཉིས་ཏེ་བཤགས་པ་གྱིས་


GTN004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལས་ཅུང་ཟད་བསྲབ་པར་འགྱུར་རོ། །ཞེས་རྗོད་ཅིག་གསུངས། ཡང་དེ་དམྱལ་བར་སྐྱེ་ན་མི་རུང་གི་རྫུ་འཕྲུལ་གྱིས་འགྲོའོ་སྙམ་ན་ལས་ཀྱིས་ནོན་པས། རྫུ་འཕྲུལ་ལྟ་ཅི་སྨོས། རྫུ་ཞེས་བྱ་བ་ཙམ་ཡང་མི་སྣང་ངོ་། །དེ་ནས་གཤེད་མ་གཅིག་གིས་རལ་གྲིས་དེ་ཡི་མགོ་བཅད་ནས་ས་ལ་བསྒྱེལ་ཏོ། །དེ་ནས་སྟོན་པས་འཛུམ་པར་མཛད་པའི་འོད་ཀྱིས་ལས་གཉིས་མཛད་དེ་ཞབས་ཀྱི་མཐིལ་དུ་ནུབ་བོ། །ཀུན་དགའ་བོས་རྒྱུ་ཞུས་པར་གཙུག་ཕུད་ཅན་སྡིག་པའི་གྲོགས་པོས་བསྐོར་བས་ཕ་དགྲ་བཅོམ་པ་བསད་པས་ངེས་པར་མནར་མེད་དུ་སྐྱེའོ། །ཀུན་དགའ་བོས་དེ་ཐོས་ནས་མཆི་མས་བརྣངས་ཏེ་འདུག་གོ །གཤེད་མ་དེ་དག་གིས་ཨུ་ཏྲ་ཡ་ནའི་ཆོས་གོས་དང་ལྷུང་བཟེད་དང་འཁར་གསིལ་ཁྱེར་ཏེ་སོང་ནས་བློན་པོ་སྐྱོན་ཅན་གཉིས་ལ་བསད་ཚུལ་སྨྲས་པས་ཤིན་ཏུ་དགའ་སྟེ། གཙུག་ཕུད་ཅན་སར་དེ་དག་ཁྲིད་ནས་ལོ་རྒྱུས་སྨྲས་པས། དེ་ན་རེ། རྒྱལ་པོ་རྒན་པོ་ལ་དཔུང་ཇི་ཙམ་འདུག །ལྷ་དེ་ལ་དཔུང་ག་ལ་མཆིས། ལྷུང་བཟེད་དང་ཆོས་གོས་དང་འཁར་གསིལ་འདི་དག་ལགས་སོ། །དེས་དེ་དག་མཐོང་ནས་བརྒྱལ་ཞིང་ས་ལ་འགྱེལ་བ་ཆུས་གཏོར་བས་སོས་ནས། རྒྱལ་པོ་འཆི་བའི་ཚེ་ཅི་སྨྲས་ཟེར། དེ་དག་གིས་རྒྱས་པར་བརྗོད་པ་དང་སྐྱོན་ཆགས་པ་དེ་གཉིས་ཕུད་ནས་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་སླར་བསྐོས་ཤིང་གཙུག་ཕུད་ཅན་རང་ཉིད་མྱ་ངན་གྱིས་གདུང་ངོ་། །དེའི་ཚེ་སྐྱོན་ཆགས་པ་དེ་གཉིས་ཀྱིས་རྒྱལ་དང་སྐར་རྒྱལ་གྱི་མཆོད་རྟེན་


GTN004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁུང་བུ་རེ་བརྐོས། དེར་བྱི་ལའི་ཕྲུ་གུ་རེ་བཞག་ནས་ཉིན་རེ་བཞིན་ཤ་རེ་བྱིན་ནས། རྒྱལ་དང་སྐར་རྒྱལ་གཉིས། ཁྱེད་གཉིས་ཀྱིས་སྒྱུ་མས་འཇིག་རྟེན་བསླུས་ཏེ་དད་རྫས་ཆུད་གསན་པས་བྱི་ལར་སྐྱེས་པའི་བདེན་པ་དང་བདེན་པའི་ཚིག་གིས་ཤ་ལོང་ལ་རང་རང་གི་མཆོད་རྟེན་ལ་བསྐོར་ནས་རང་གི་ཁུང་དུ་ཞུགས་ཤིག་ཅེས་བསླབས་སོ། །ལེགས་པར་ལོབས་པ་དང་། དེ་གཉིས་ཨུ་ཏྲ་ཡའི་བཙུན་མོའི་གན་དུ་སོང་ནས། ལྷ་མོ་ཁྱོད་ཀྱི་སྲས་འདི་རིད་པར་གྱུར་ན་ཅིའི་ཕྱིར་བཏང་སྙོམས་མཛད་ཟེར། ཁྱེད་གཉིས་ཀྱིས་དེ་ལ་ལས་ལྟ་བུ་བྱེད་དུ་བཅུག་ན་ད་ཁོ་མོས་ཅིར་བྱ། ཅི་བུམ་པ་ལྟུང་ན་དཔྱང་ཐག་ཀྱང་ལྟུང་བར་བགྱིའམ། དེས་སྨྲས་པ། དེའི་ཕ་བསད་ནི་ཁོ་མོས་བསང་བར་བྱ་ན། དགྲ་བཅོམ་བསད་པ་སུས་བསང། བདག་ཅག་གཉིས་ཀྱིས་བསང་ངོ། །དེའི་ཐབས་ལེགས་སོ་ཞེས་བུའི་གན་དུ་སོང་སྟེ། སྲས། ཁྱོད་ཅིའི་ཕྱིར་རིད་པར་གྱུར། ཨུ་ཏྲ་ཡ་ན་ནི་ཁྱོད་ཀྱི་ཡབ་མ་ལགས་ཏེ། བདག་སྐྱེས་པ་གཞན་དང་སྤྱད་པས་ཁྱོད་འཁྲུངས་སོ། །དེས་ཕ་བསད་པ་མ་ཡིན་ནོ་སྙམ་དུ་རིག་ནས། འོ་ན་དགྲ་བཅོམ་པ་བསད་པ་དེ་ཇི་ལྟར་སོལ་བར་བགྱི་ཟེར། སྲས། མཁས་པ་རྣམས་བསྡུའོ། །དེ་སོང་ནས་བློན་པོ་སྐྱོན་ཅན་གཉིས་ལ། བདག་གིས་ཕ་བསད་པ་བསལ་གྱིས། ཁྱེད་གཉིས་ཀྱིས་དགྲ་བཅོམ་པ་བསད་པ་སོལ་ཅིག་སྨྲས་ནས། ཤེས་ལྡན་ཐམས་ཅད་གཙུག་ཕུད་ཅན་མདུན་བསྡུས་པ་ན་དེ་གཉིས་ཀྱང་འོངས་སོ། །གཙུག་ཕུད་ཅན་གྱིས་སྨྲས་པ། ངས་དགྲ་བཅོམ་པ་བསད་པ་དེ་ཇི་ལྟར་མཐར་ཐུག་པར་བྱ། ཁ་ཅིག །དེས་དགྲ་བཅོམ་པ་ཐོབ་


GTN004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པར་སུས་མཐོང་ཟེར། ཁ་ཅིག །དགྲ་བཅོམ་ནི་ཀུན་མཁྱེན་དང་འདྲ་སྟེ་ནམ་མཁའ་ལ་མཆི་འོང་ཟེར། དེ་གཉིས་ན་རེ། དགྲ་བཅོམ་པ་མེད་ན་དགྲ་བཅོམ་པ་བསད་པ་ཡང་མེད་དོ་ཟེར། ངས་མཐོང་ལམ་དུ་མངོན་སུམ་པར་རྒྱལ་དང་སྐར་རྒྱལ་གཉིས་ལྷག་མེད་དུ་མྱ་ངན་ལས་འདས་བཞིན་དུ་དེ་སྐད་ཟེར་རམ། དེ་གཉིས་ན་རེ། དེ་གཉིས་ཀྱིས་སྒྱུ་མས་འཇིག་རྟེན་བསླུས་ཏེ། དད་རྫས་ཆུད་གསན་པས་བྱི་ལར་སྐྱེས་ནས་དེང་སང་ཡང་རང་རང་གི་མཆོད་རྟེན་ན་མཆིའོ། །རྒྱལ་པོ་འཁོར་བཅས་བདེན་རྫུན་བལྟར་སོང་བ་དང་སྐྱོན་ཅན་དེ་དག་གིས། རྒྱལ་དང་སྐར་རྒྱལ་གཉིས་ཉོན་ཅིག །ཁྱེད་གཉིས་ཀྱིས་སྒྱུ་མས་འཇིག་རྟེན་བསླུས་ཏེ། ཞེས་སོགས་སྔར་བསླབ་པའི་ཚིག་སྨྲས་པས། དེ་གཉིས་རང་རང་གི་ཁུང་ནས་བྱུང་སྟེ་ཤ་བླངས་ནས་རང་རང་གི་མཆོད་རྟེན་ལ་བསྐོར་བ་བྱས་ཏེ་རང་རང་གི་ཁུང་དུ་ཞུགས་པ་སྲོག་ཆགས་འབུམ་ཕྲག་དུ་མས་མཐོང་། དེ་ནས་རྒྱལ་པོས་དགྲ་བཅོམ་པ་མེད་པར་ལྟ་བ་སྐྱེས་ནས། ཀ་ཏྱཱ་ཡ་ན་དང་། རི་མ་འཁོར་དང་བཅས་པའི་བསོད་སྙོམས་བཅད་པས་དགེ་སློང་དང་དགེ་སློང་མ་རྣམས་སྒྲ་སྒྲོགས་ནས་སོང་ལ། ཀ་ཏྱཱ་ཡ་ན་དང་། རི་མ་གཉིས་གདུལ་བྱ་ལ་ལྟོས་པས་དེ་ན་འཁོད་དོ། །དུས་གཅིག་ན་གཙུག་ཕུད་ཅན་ཕྱིར་ཕྱུང་བ་ན། ཀཏྱཱ་ཡ་ནས་མཐོང་ནས་མཐའ་གཅིག་ཏུ་སོང་སྟེ་བསྡད་དོ། །ཡང་དེ་ནང་དུ་འོང་བ་མཐོང་ནས་མཐའ་གཅིག་ཏུ་སོང་སྟེ་བསྡད་དོ། །དེས་དེ་བློན་པོ་རྣམས་ལ་དྲིས་པས་སྐྱོན་ཆགས་པ་དེ་གཉིས་ན་རེ། ཀ་ཏྱཱ་ཡ་ནས། ཁོ་བོ་ཕ་གསོད་མཁན་གྱི་རྡུལ་གྱིས་མི་རེག་པར་བྱའོ། །ཞེས་


GTN004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འདུག་གོ་སྨྲས་པས། རྒྱལ་པོ་ན་རེ། གང་ང་ལ་དགའ་བ་དེས་མགོ་རེག་འདིའི་སྟེང་དུ་ས་སྤར་རེ་གཏོར་ཅིག་ཟེར་ཁྲོས་པས། ཀུན་གྱིས་ས་སྤར་རེ་གཏོར་བས་དེའི་སྟེང་དུ་ས་ཕུང་ཆེན་པོར་གྱུར་ཏོ། །དེས་ས་ཕུང་དབུས་སུ་སྤྱིལ་པོ་སྤྲུལ་ནས་བཞུགས། དེ་དག་ས་འཐོར་བ་ཕྱུགས་རྫི་ཞིག་གིས་མཐོང་ནས་མི་དགའ་བཞིན་འདུག་པར། བློན་པོ་ཧེ་རུ་ཀ་དང་བྷི་རུ་ཀ་དེར་ཕྱིན་ནས་ཅི་ཡིན་དྲིས་པས། ལོ་རྒྱུས་བཤད་པ་ན། དེ་གསུམ་ངུ་བཞིན་དུ་ས་ཕྱགས་པས་ཀ་ཏྱཱ་ཡ་ན་མཐོང་བ་དང་། འཕགས་པ། འདི་ཅི་ལགས་ལས་ཡིན་ནོ། །དེ་གཉིས་ཀྱིས་སྨྲས་པ། གཙུག་ཕུད་ཅན་ལས་འདི་བགྱིས་པས་རྣམ་སྨིན་ཅིར་འགྱུར། བཀའ་སྩལ་པ་ཉི་མ་བདུན་ན་གྲོང་ཁྱེར་སྒྲ་སྒྲོགས་པས་ནོན་པར་འགྱུར་རོ། །རིམ་པ་ཇི་ལྟར་འབྱུང་། ཉི་མ་དང་པོ་ལ་རླུང་བྱུང་ནས་རྡོ་བ་དང་གསེག་མ་མེད་པར་བྱེད་དོ། །གཉིས་པ་མེ་ཏོག་གི་ཆར་བབ། གསུམ་པར་གོས། བཞི་པར་དངུལ། ལྔ་པར་གསེར། དེའི་འོག་ཏུ་ལས་མཐུན་པར་བྱས་པ་དེ་དག་སྒྲ་སྒྲོགས་སུ་འཇུག །དྲུག་པར་རིན་པོ་ཆེ། བདུན་པ་ལ་སའི་ཆར་བབ་ནས་གྲོང་ཁྱེར་ནོན་ནོ། །བདག་ཅག་གཉིས་ཀྱང་ལས་དེའི་ཆ་ཅན་ལགས་སམ། མ་ཡིན་ཏེ། ཁྱེད་གཉིས་ཀྱིས་རང་གི་ཁྱིམ་ཕུག་ནས་ཆུ་ཀླུང་བར་བརྐོར་ཆུག ཁྱིམ་དྲུང་དུ་གྲུ་ཞོག་ལ་རིན་པོ་ཆེའི་ཆར་བབ་པ་ན་རིན་པོ་ཆེས་གྲུ་བཀང་ནས་བྲོས་ཤིག་གསུངས། དེ་གཉིས་རྒྱལ་པོའི་གན་དུ་སོང་ནས། ཀ་ཏྱཱ་ཡ་ན་ཆེན་པོའི་ལུང་བསྟན་བཤད་པས་སྐྱོན་ཅན་དེ་གཉིས་ན་རེ། ལྷས་དེ་འཁོར་བཅས་ཀྱི་བསོད་སྙོམས་བཅད་ཅིང་སས་ཀྱང་བཀབ་པས་ཤིས་པའི་


GTN004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཅི་སྨྲ། གཙུག་ཕུད་ཅན་ནི་དེ་བདེན་སྙམ། ཧེ་རུ་ཀས་ཁྱེའུ་སྔོ་བསངས་ཀཱ་ཏྱཱ་ཡ་ན་ལ་ཕུལ་ནས། འཕགས་པ། འདི་ལ་དགེ་བའི་རྩ་བ་ཅུང་ཟད་མཆིས་ན་རབ་ཏུ་དབྱུང་དུ་གསོལ། མ་མཆིས་ན་ཉིད་ཀྱི་ཞམ་རིང་བ་ལགས་སོ། །བྷི་རུ་ཀས་བུ་མོ་སྔོ་བསངས་མ། རི་མ་ལ་ཕུལ་ནས། འཕགས་མ་འདི་ལ་དགེ་བའི་རྩ་བ་ཅུང་ཟད་མཆིས་ན་རབ་ཏུ་དབྱུང་དུ་གསོལ། མ་མཆིས་ན་ཀོའུ་ཤཱམྦྷི་ན་ཁྱིམ་བདག་གདངས་ཅན་བདག་གི་ཆུང་གྲོགས་ཡིན་པས་དེ་ལ་གཏད་དུ་གསོལ། དེ་ནས་རི་མས་སྔོ་བསངས་ཅན་ཁྲིད་ནས་རྫུ་འཕྲུལ་གྱིས་སོང་སྟེ། བུ་མོ་དེ་ཁྱིམ་བདག་གདངས་ཅན་ལ་གཏད་དོ། །ཉི་མ་དེ་ལ་རླུང་བྱུང་ནས་རྡོ་བ་དང་གསེག་མ་མེད་པར་བྱས། གཉིས་པ་ལ་མེ་ཏོག་གི་ཆར་བབ་པས་སྐྱོན་ཅན་དེ་གཉིས་ཀྱིས། རྒྱལ་པོ་ང་ལས་ནུ་བཞིན་དུ་སྟེ། མེ་ཏོག་གི་ཆར་བབ་པས་གོས་ཀྱི་ཆར་ཡང་རིང་པོར་མི་ཐོགས་པར་བབ་པར་འགྱུར་རོ་ཟེར་རིམ་པ་བཞིན་དུ། གོས་སོགས་ཀྱི་ཆར་བབ་པ་ན་སྐྱོན་ཅན་དེ་གཉིས་ནི་དགའོ། །རིན་པོ་ཆེའི་ཆར་ཕབ་པ་ན་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་རིན་པོ་ཆེས་གྲུ་བཀང་ནས་བྲོས། དེ་ནས་ཧེ་རུ་ཀས་ཕྱོགས་གཞན་ཞིག་ཏུ་ཧེ་རུ་ཀའི་ཚལ་ཞེས་བྱ་བའི་གྲོང་ཁྱེར་དང་། བྷི་རུ་ཀས་ཀྱང་བྷི་རུ་ཀའི་ཚལ་ཞེས་བྱ་བའི་གྲོང་ཁྱེར་བརྩིགས་སོ། །བདུན་པ་ལ་སའི་ཆར་བབ་པ་དང་སྒྲ་སྒྲོགས་སུ་སྒྲ་ཆེན་པོ་བྱུང་ནས་རྒྱལ་པོས། འདི་ཅི་ཡིན། ས་ཡི་ཆར་བབ་བོ། །འོ་ན་ཧེ་རུ་ཀ་དང་བྷི་རུ་ཀ་ཚོལ་ཅིག །བཙལ་བས་བྲོས་པར་ཤེས་ནས། ལྷ། དེ་གཉིས་བྲོས་སོ། །རྒྱལ་པོ་འབྲོས་པར་བརྩམས་པས་མི་མ་ཡིན་གྱིས་སྒོ་བཅད་དོ། །


GTN004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་སྔོ་བསངས་ཀྱིས། འཕགས་པ་སྒྲ་འདི་ཅི་ཡིན། བུ། སྐར་ཁུང་ནས་ཕོར་པ་ཕྱིར་ཕྱུང་ཞིག །དེས་སྐར་ཁུང་ནས་ཕོར་པ་ཕྱིར་ཕྱུང་བས། སས་ཕྱེད་ཙམ་དང་། མཐར་སས་གང་ངོ་། །ཀཏྱཱ་ཡ་ནས། ད་ནི་སྤྱོད་ཡུལ་མེད་པས་འགྲོའོ་སྙམ་པ་དང་། གཉུག་མར་གནས་པའི་ལྷ་མོ་ཞིག་གིས་ཞབས་ལ་ཕྱག་བྱས་ནས། བདག་ཀྱང་འགྲོ་བ་འཕགས་པའི་བསྙེན་བཀུར་བགྱིའོ། །དེས་ཀྱང་དང་དུ་བླངས་སོ། །དེ་ནས་འཕགས་པས་སྔོ་བསངས་ཆོས་གོས་གྱི་གྲྭར་འཛིན་ཏུ་བཅུག་སྟེ་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལ་སོང་བ་ན་ལྷ་མོ་དེའང་ཕྱི་བཞིན་དུ་འབྲང་ཞིང་སྒྲ་སྒྲོགས་ཀྱང་སས་ནོན་ཏོ། །དེ་དག་ཁར་བ་ན་ཞེས་བྱ་བའི་རི་བྲགས་སུ་ཕྱིན་ནས་གཡུལ་གྱི་གཞི་ན་འཁོད་དོ། །ཀ་ཏྱཱ་ཡ་ནས་ཁྱེའུ་སྔོ་བསངས་གཡུལ་གྱི་གཞིར་བཞག་ནས་བསོད་སྙོམས་ལ་ཞུགས་པ་དང་ལྷ་མོ་དེའི་མཐུས་འབྲུ་འཕེལ་ནས་དེ་ན་འདུག་པའི་མིས་ཁྱེའུ་ལ། ཁྱོད་ཀྱི་མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་ལོ། །མི་མིན་གྱི་ལྷ་མོ་དེའི་མཐུའོ། །དེ་དེའི་གནས་སུ་སོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་ལྷ་མོ་བདག་གྲོང་དུ་མཆིས་ཏེ་སླར་འོང་གི་བར་ལྡེ་མིག་འདི་ཉར་ཚགས་གྱིས་ལ་སུ་ལའང་མ་གཏད་ཅིག །དེས་བླངས་པ་དང་མི་དེ་རི་བྲགས་སུ་སོང་ནས་སྐྱེ་བོའི་ཚོགས་བསྡུས་ཏེ་ལྷ་མོ་དེའི་མཐུས་གཡུལ་གྱི་གཞིར་འབྲུ་འཕེལ་ནས་བདག་གིས་དེ་ལ་ལྡེ་མིག་གཏད་ནས་བདག་མ་གཏོགས་སུ་ལའང་མ་སྟེར་ཅིག་ཅེས་སྨྲས་ཀྱིས། བདག་གི་བུ་གཙོ་བོར་དབང་བསྐུར་ན་ཁོ་བོ་སྲོག་དང་འབྲལ་ཏེ། དེ་ལྟ་ན་ལྷ་མོ་དེ་བདག་ཅག་གི་ཡུལ་ནས་


GTN004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཡང་མི་འགྲོའོ། །དེ་དག་གིས་བུ་གཙོ་བོར་དབང་བསྐུར་བ་དང་རང་ཉིད་སྲོག་དང་ཕྲལ་ལོ། །དེ་ནས་དེ་དག་གིས་གཏོར་མ་ཐོགས་ནས་ལྷ་མོ་དེ་ལ། ཁྱོད་འདིར་བཞུགས་སུ་གསོལ། །ཁོ་མོ་ཀཱ་ཏྱཱ་ཡ་ནའི་བསྙེན་བཀུར་བྱེད་དེ་འདི་ན་གནས་མེད་དོ། །འཕགས་པས། ལྷ་མོ་ཁྱོད་ཀྱིས་གང་ལས་ལྡེ་མིག་བླངས་སོ་སོམས་ཤིག །དེས་བསམ་པས་མི་དེ་ཤི་བར་ཤེས་ནས། འཕགས་པའི་གནས་གཞིའང་བྱེད་ན་འདུག་གོ །དེ་དག་གིས་ལྷ་མོ་དང་། འཕགས་པའི་གནས་ཀྱང་བྱས་སོ། །ལྷ་མོ་དེ་མར་མེ་ཁྱེར་ནས་འཕགས་པའི་གནས་སུ་འཇུག་པ་མི་ཞིག་གིས་མཐོང་ནས། འདི་འཕགས་པའི་གནས་སུ་འདོད་པས་འགྲོའོ་སྙམ་པ་དང་། དེས་དེའི་སེམས་ཤེས་ནས་ཁྲོས་ཏེ། དེར་དལ་རིམས་བཏང་ནས་སྐྱེ་བོ་ཕལ་པོ་ཆེ་ཤིའོ། །དེ་དག་གིས་ལྟས་མཁན་ལ་སྨྲས་པས། དེས་ཇི་ལྟར་གྱུར་པ་བཤད་པ་ན། ལྷ་མོ་ལ་བཟོད་པར་གསོལ་པས། ཁོ་མོ་ལ་བསྙེན་བཀུར་བྱེད་པ་ལྟར་འཕགས་པ་ལའང་བྱེད་ན་བཟོད་དོ་ཟེར། ཀཱ་ཏྱཱ་ཡ་ནས་དེར་དབྱར་གནས་ནས་སྔོ་བསངས་ཁྲིད་དེ་ལྷ་མོ་ལ་སྨྲས་ནས་བྱོན་པ་དང་། མཚན་མ་ཅུང་ཟད་སྩོལ་ཅིག་ཟེར། ཁམ་ཕོར་བྱིན་པས་དེས་མཆོད་རྟེན་བྱས་ནས་དུས་སྟོན་བྱེད་དོ། །སྔོ་བསངས་ཆོས་གོས་ཀྱི་གྲྭ་ནས་འཇུས་ཏེ་འཕྱང་ཞིང་འགྲོ་བ་ཕྱུགས་རྫིས་མཐོང་ནས་འཕྱང་བ་པ་ཞེས་མིང་དུ་གྱུར་ཏོ། །རི་བྲགས་ཤིག་ཏུ་སྔོ་བསངས་ཤིང་ལྗོན་པའི་དྲུང་དུ་བཞག་ནས་བསོད་སྙོམས་ལ་ཞུགས་སོ། །དེ་ན་རྒྱལ་པོ་བུ་མེད་པར་ཤི་ནས་སྐྱེ་བོ་རྣམས་


GTN004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཏེ། གང་རྒྱལ་པོར་དབང་བསྐུར་བགྲོས་པས། བསོད་ནམས་དང་དབང་ཆེ་བ་དག་ཁ་མཐུན་ནས་བཙལ་བས་ཁྱེའུ་དེ་ཤིང་དྲུང་ན་གཉིད་ལོག་པར་མཐོང་ནས། དེའི་མཚན་མ་བཟུང་བས་ཤིང་ལྗོན་པ་གཞན་གྱི་གྲིབ་མ་ཤར་དུ་གཞོལ་ཡང་ཤིང་དེའི་གྲིབ་མས་ཁྱེའུའི་ལུས་མི་གཏོང་བར་མཐོང་ནས་ཁྱེའུ་འདི་བསོད་ནམས་དང་དབང་ཆེ་བ་ཡིན་གྱིས་འདི་དབང་བསྐུར་རོ་ཞེས་སྨྲས་པས་དེ་སད་པ་ན། ཁྱེའུ་རྒྱལ་སྲིད་ལོངས་ཤིག །ཁོ་བོ་རྒྱལ་སྲིད་དོན་དུ་མི་གཉེར་གྱི། འཕགས་པ་ཀཱ་ཏྱཱ་ཡ་ནའི་བསྙེན་བཀུར་བ་ཡིན་ནོ། །འཕགས་པ་དེ་ཐོས་ནས་བསམ་པས་རྒྱལ་སྲིད་བྱེད་པའི་ལས་ཡོད་པར་མཐོང་སྟེ། བུ། ལོངས་ལ་ཆོས་ཀྱི་རྒྱལ་སྲིད་གྱིས་ཤིག །དེས་ཉན་ནས་རྒྱལ་སྲིད་བྱས་སོ། །དེ་ནས་འཕགས་པ་ཡུལ་ཀོ་ཀ་ནར་ཕྱིན་པ་ན་དེའི་མ་དེར་སྐྱེས་པས་མཐོང་ནས། བུ་རིང་མོ་ཞིག་ནས་མཐོང་ངོ་། །དེས་དེ་ལ། ཡུམ་ཞེས་བག་ཕབ། ཆོས་བསྟན་པས་བདེན་པ་མཐོང་བ་ལ་བཀོད་ནས། ཡུམ། བདག་འགྲོའོ། འོ་ན་མཚན་མ་ཅུང་ཟད་སྩོལ་ཅིག །འཁར་བ་བྱིན་པས་མཆོད་རྟེན་བྱས་ཏེ་དེར་བཙུགས་སོ། །དེ་ནས་ཡུལ་དབུས་སུ་འགྲོ་འདོད་ནས་སིནྡྷུར་ཕྱིན་པ་དང་། བྱང་ལམ་ལ་གནས་པའི་ལྷ་མོ་དེས། བདག་ལའང་མཚན་མ་ཅུང་ཟད་སྩོལ་ཅིག །བདག་དེ་ལ་མཆོད་པར་བགྱིའོ། །སྟོན་པས་ཡུལ་དབུས་སུ་ལྷམ་སྒྲོག་གུ་ཅན་མི་བཅང་བར་གསུངས་པས་དེ་ལ་སྦྱིན་ནོ་སྙམ་ནས་བྱིན་པ་དང་དེས་གནས་གཞི་བྱས། དེར་བཞག་པས་ལྷམ་གྱི་དབང་ཕྱུག་ཅེས་གྲགས་སོ། །དེ་ནས་མཉན་ཡོད་དུ་ཕྱིན་པ་དགེ་


GTN004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སློང་རྣམས་ཀྱིས་མཐོང་ནས། བདེ་བར་འོངས་སམ། ཅུང་ཟད་བདེ། ཅུང་ཟད་སྡུག་བསྔལ་ལོ། །ཇི་ལྟར། སེམས་ཅན་གྱི་དོན་བྱས་པས་ནི་བདེ། གཙུག་ཕུད་ཅན་སོགས་སས་མནན་པ་ནི་སྡུག་བསྔལ་ལོ། །དགེ་སློང་རྣམས་ཀྱིས་སྟོན་པ་ལ་ཞུས་པ། ཨུ་ཏྲ་ཡ་ནས་ལས་ཅི་བགྱིས་པས་ཕྱུག་པོར་སྐྱེས་ཤིང་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ། མཚོན་གྱིས་བཀུམ། བཀའ་སྩལ་པ། སྔོན་རི་བྲགས་ཤིག་ན་རྔོན་པ་ཞིག་གིས་དེ་དང་མི་རིང་བར་རྫིང་བུ་ཞིག་ཡོད་པ་དེར་སྙི་དང་བྱ་རྒྱ་མང་པོ་བཙུགས་ནས་རི་དྭགས་དང་བྱ་མང་པོ་བསད་དོ། །རང་སངས་རྒྱས་ཤིག་དེར་འདུག་པ་དང་མིའི་དྲིས་རི་དྭགས་གཅིག་ཀྱང་མ་ཟིན་པར་ནང་པར་མཐོང་ནས་ཅི་ཡིན་སྙམ་སྟེ་ཉེ་བསྐོར་མྱུལ་བས་རང་སངས་རྒྱས་མཐོང་ནས་དུག་མདས་བསྣུན་པས། དེ་ནམ་མཁར་འཕགས་ཏེ་རྫུ་འཕྲུལ་བསྟན་པས་འགྱོད་ནས་བཟོད་པར་གསོལ་བ་དང་མྱ་ངན་ལས་འདས་སོ། །རྔོན་པ་དེས་སྤོས་ཤིང་གིས་བསྲེགས་འོ་མས་ཞི་བར་བྱས། རུས་པ་གསེར་གྱི་བུམ་པར་བཅུག །མཆོད་རྟེན་བརྩིགས་མཆོད་ནས། ཡོན་གནས་འདི་ལྟར་བུར་མི་འཚམས་པའི་ལས་བགྱིས་པ་དེའི་ཆ་ཅན་དུ་མ་གྱུར་པར་མཆོད་པའི་དགེ་བས་ཕྱུག་པོར་སྐྱེ་ཞིང་འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱས་ནས་ཡོན་ཏན་དེ་ལྟ་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རྔོན་པ་དེ་ནི་ཨུ་ཏྲ་ཡ་ནའོ། །ཡང་ཞུས་པ། ཀཱ་ཏྱཱ་ཡ་ན་དང་། གཙུག་ཕུད་ཅན་སོགས་ལས་ཅི་བགྱིས་པས་སས་ནོན་བཀའ་སྩལ་པ། སྔོན་རི་བྲགས་ཤིག་ན་ཁྱིམ་བདག་ཕོ་མོ་ལ་བུ་ཚ་མིང་


GTN004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྲིང་གཉིས་ཤིག་ཡོད། དེ་ཆེན་པོར་གྱུར་ཀྱང་། བུ་མོ་དེ་ལ་སློང་བ་འགའ་ཡང་མ་བྱུང་། དེར་རང་སངས་རྒྱས་ཤིག་སོང་བ་ན་བུ་མོ་དེས་ཕྱག་དར་བོར་བ་རང་སངས་རྒྱས་དེའི་མགོ་ལ་ཕོག །མོས་མཐོང་ཡང་འགྱོད་པ་མ་སྐྱེས་སོ། །སྟེས་དབང་གིས་དེའི་ཉིན་མོར་སློང་མོར་སློང་བ་བྱུང་ནས་མིང་པོས། ཁྱོད་ཀྱིས་དེ་རིང་ལས་ཅི་བགྱིས་པས་སློང་བ་འོངས། རབ་ཏུ་བྱུང་བའི་སྟེང་དུ་ཕྱག་དར་བོར་རོ་སྨྲས་པས། དེ་ཡི་རང་ངོ་། །དེར་བུ་མོ་དེས་བུ་མོ་གཞན་དག་ལ། འཇིག་རྟེན་ན་བུ་མོ་སློང་བ་མི་འོང་བ་དེས་རང་སངས་རྒྱས་ལ་ཕྱག་དར་བོར་ན་སློང་བ་འབྱུང་ངོ་། །ཞེས་སྡིག་པ་ཅན་གྱི་ལྟ་བ་བྱུང་ངོ་། །རང་སངས་རྒྱས་དེ་གཞན་ཞིག་ཏུ་སོང་བ་དང་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་རྣམས་ཀྱི་སྟེང་དུ་དོར་བས་དེ་རྣམས་ཀྱང་སོང་བ་དང་ཕ་མའི་སྟེང་དུ་དོར་རོ། །དེ་ན་ཁྱིམ་བདག་དགེ་བའི་ཆོས་ཅན་གཉིས་ཡོད་པ་དེས་ཆོས་ལོག་དེ་བསྣུབས་སོ། །རང་སངས་རྒྱས་ལ་ཕྱག་དར་བོར་བའི་བུ་མོ་དེ་ནི་གཙུག་ཕུད་ཅན་ནོ། །སྐྱེ་བོའི་ཚོགས་དེ་ནི་སྒྲ་སྒྲོགས་ན་གནས་པའི་སྐྱེ་བོའི་ཚོགས་སོ། །ཁྱིམ་བདག་གཉིས་ནི་ཧེ་རུ་ཀ་དང་བྷི་རུ་ཀའོ། །བུ་མོའི་མིང་པོ་དེ་ནི་ཀཱ་ཏྱཱ་ཡ་ན་ཡིན་ནོ་གསུངས། ཀ་ཏྱཱ་ཡ་ནའི་མཛད་པ་ཉིད་སྟོན་པའི་མཛད་པ་ཡིན་པ་དང་འགྲོ་ཕན་རླབས་པོ་ཆེ་ཡིན་པས་བཀོད་པར་གནང་བ་ཡིན་ནོ། །


GTN004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཞེ་གཉིས་པ་ནི་གོ་སླའོ། །སྐབས་འདིར། མཁས་པ་ཤཱ་རིའི་བུ་ལས་རབ་ཏུ་བྱུང་བ་དེས། ཞིང་པས་ཞིང་ལ་ཆུ་བཀྱེ་བ། མདའ་མཁན་སྨྱུག་མ་བསྲང་བ། ཤིང་བཟོས་ཤིང་རྟའི་འཁོར་ལོ་བཟོ་བ་སོགས་མཐོང་བ། སེམས་མེད་འདི་རྣམས་འདི་ལྟར་བཅོས་སུ་ཡོད་ན། སེམས་ལྡན་ལྟ་ཅི་སྨོས་སྙམ། བསམ་གཏན་ལ་བརྩོན་པ་དྲག་པོ་བསྐྱེད་དེ་མཉམ་པར་གཞག་མཁན་པོས་འཚོ་བ་སྦྱར། དེ་དགྲ་བཅོམ་དུ་ཉེ་བ་ན། ཤ་རིའི་བུ་བསོད་སྙོམས་ལས་འོང་བ། ནང་དུ་འཇུག་ན་དེའི་བར་ཆད་དུ་འགྱུར་བ་དགོངས་ནས་སངས་རྒྱས་ཀྱིས་རེ་ཞིག་ཤཱ་རིའི་བུ་དང་གཏམ་འཕྲོས་གནང་བས་འགོར་ནས་སྐབས་དེར་དགྲ་བཅོམ་ཐོབ་བོ། །༈ ཡལ་འདབ་ཞེ་གསུམ་པ་ནི། མདོ་སྡེ་ལས་༼ཨ༽གསེར་མདོག་གི་སྔོན་གྱི་སྦྱོར་བ་ཞེས་པའི་ཚིག་བསྡུ་ན། མི་རྣམས་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པ་ན། གྲོང་ཁྱེར་གསེར་ཅན་དུ་རྒྱལ་པོ་གསེར་མདོག་ལ་གྲོང་ཁྱེར་བརྒྱད་ཁྲི་གྲོང་ས་ཡ་ཕྲག་ལྔ་བདུན་འབུམ། རི་འོར་བ་དྲུག་ཁྲི། བློན་པོ་ཁྲི་བརྒྱད་སྟོང་། བཙུན་མོ་ཉི་ཁྲི་ཡོད་དེ་འབྱོར་ཞིང་


GTN004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པས་རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང་། སྦྱིན་པ་རྒྱ་ཆེར་གཏོང་ངོ་། །གྲོང་མི་དང་ཚོང་པ་ཐམས་ཅད་ལ་ལམ་ཁྲལ་དང་དཔྱ་ཁྲལ་མི་ལེན་པར་མངའ་འོག་བདེ་ཞིང་སྐྱིད་པར་གྱུར་ཏོ། །ནམ་ཞིག་ཆར་མི་འབབ་པའི་རྒྱུ་སྐར་ངན་པ་བྱུང་ནས་ལོ་བཅུ་གཉིས་སུ་མུ་གེ་མི་བཟད་པ་འབྱུང་བའི་ལྟས་ཤར་བ་རྒྱལ་པོའི་སྙན་ལམ་དུ་ཞུས་པས་འཛམ་བུ་གླིང་པ་ཐམས་ཅད་ལ་ཁ་ཟས་ཆ་མཉམ་པར་བགོས་པས་ལོ་བཅུ་གཅིག་ཏུ་ཐམས་ཅད་བདེ་བར་འཚོ། དེ་ནས་མུ་གེས་ཉེན་པ་བཀྲེས་པ་དང་སྐོམ་སྟེ་ཤི་བ་ཡང་དུ་མ་ཞིག་གོ །རྒྱལ་པོ་གསེར་མདོག་ལ་ཟས་ཀྱི་ལྷག་མ་བྲེའུ་ཆུང་གང་ཞིག་ཡོད་ཅིང་། དེའི་ཚེ་རང་སངས་རྒྱས་ཤིག་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ཏེ་འོང་བས་ཡ་མཚན་གྱི་མིག་བགྲད་དེ་ཟས་ཀྱི་ལྷག་མ་བྲེའུ་ཆུང་གང་དེ་བསོད་ནམས་ཀྱི་ཕྱིར་ཕུལ་ནས་སྨོན་ལམ་བཏབ་པས། སྐད་ཅིག་དེར་རང་སངས་རྒྱས་ཀྱི་བྱིན་རླབས་དང་རྒྱལ་པོའི་སྨོན་ལམ་འགྲུབ་པས་ནམ་མཁའ་ལ་སྤྲིན་ལངས་ནས་རླུང་གིས་རྡུལ་ཕྱག་སྟེ། འབྲས་ཆན། ཕྱེ། ཟན་དྲོན། ཤ་དང་ཉ་ཤ །ལ་ཕུག །ལོ་མ། མེ་ཏོག །འབྲས་བུ། ཏིལ། ཏིལ་མར། བུར་མར། ཁ་ར་སོགས་བཟའ་བཅའ་མྱང་བར་བྱ་བའི་ཆར་རྒྱ་ཆེན་པོར་བབས་སོ། །གཞན་ཡང་འབྲུའི་རིགས་དང་། ཏིལ་མར་དང་། རས་ཆེན། ཟས་རྣམ་པ་སྣ་ཚོགས་ཀྱི་ཆར་ཡང་ཞག་མ་བདུན་རེ་བདུན་རེར་བབས་སོ། །གསེར་། དངུལ། ཤེལ། བཻཌཱུརྱ། མུ་ཏིག་དམར་པོ། རྡོའི་སྙིང་པོ། །སྤུག་སྟེ་རིན་པོ་ཆེ་སྣ་བདུན་གྱི་ཆར་ཡང་ཞག་བདུན་དུ་བབས་པས་


GTN004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་བ་ཡང་དག་པར་བཅད་དེ། གསེར་མདོག་ནི་སྟོན་པ་ཉིད་ཡིན་གསུངས་སོ། །༈ ཡལ་འདབ་ཞེ་བཞི་པ་ནི་གོ་སླའོ། །༈ ཡལ་འདབ་ཞེ་ལྔ་པ་ནི། ལྷས་སྦྱིན་གྱིས་མ་སྐྱེས་དགྲ་ལ་ཁྱོད་ཀྱི་ཕ་ནི་སྐྲ་ཁ་དོག་ལན་གསུམ་དུ་འགྱུར་ཡང་འདོད་ཡོན་ལ་ཞེན་པས་བུ་ལ་རྒྱལ་སྲིད་མི་གཏོད་ཀྱི། དེ་ཕ་རོལ་གནོན་པ་གྱིས་ཤིག་ཅེས་སོགས་ཕྲ་མ་མང་པོ་དག་འཇུག་པར་བྱེད་དོ། །མ་སྐྱེས་དགྲ་ཡང་དེ་ལ་ཉན་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ལ་འཇམ་འབུལ་བའི་ཕྱིར་འོད་མའི་ཚལ་དུ་འགྲོ་བ་ལ། མ་སྐྱེས་དགྲས་རྡོ་རྗེ་རྩེ་གཅིག་པ་འཕངས་པས་འཇམ་གྱི་རྫིང་བུ་ལ་ཕོག་སྟེ་ཆག་ནས་སླར་ལྡོག་གོ །འདི་སྐབས་སྟོན་པས་མོའུ་འགལ་བུ་མངགས་ནས་གྲུ་འཛིན་གྱི་བུ་བྱེ་བ་ཉི་ཤུ་པ་ལས་བསོད་སྙོམས་བླངས་པའི་གསོལ་ལྷག་གཟུགས་ཅན་སྙིང་པོ་ལ་གནང་བ་སོགས་གོང་བཞིན་ནོ། །དེར་མ་སྐྱེས་དགྲ་ལ་སྐྱེ་བོ་ཐམས་ཅད་འཕྱ་སྟེ་འདི་ཡབ་ཀྱི་དགྲར་གྱུར་ཞེས་མ་སྐྱེས་པ་ནས་ལུང་བསྟན་ན་སྔོན་ནས་ཅིའི་ཕྱིར་མི་བཀུམ། ཁ་ཅིག་ན་རེ་ལུང་བསྟན་པ་ཐམས་ཅད་བདེན་ནམ་ཅི། རྒྱལ་པོས་མ་ཉེས་ཏེ། ལྷས་བྱིན་ནོ། །གཞན་དག་ན་རེ། རྒྱལ་པོ་དང་ལྷས་བྱིན་ཀྱང་མ་ཉེས་ཏེ། འདི་གནས་ནས་བསྐྲད་པར་མ་བྱས་པས་དགེ་འདུན་གྱིས་ཉེས་སོ། །དེར་རྒྱལ་པོས་


GTN004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་བདག་གི་ལུས་ངན་པ་འདི་ལ་བརྟེན་ནས་སྟོན་པ་དང་དགེ་འདུན་ལ་མི་སྙན་པར་བརྗོད་སྙམ་ཡིད་ཞུམ་པར་འདུག་གོ །དེ་ནས་ལྷས་བྱིན་གྱིས་རྟག་པར་བསྐུལ་ཏེ། མ་སྐྱེས་དགྲས་ཕ་རོལ་གནོན་པའི་ལས་ཁོ་ནས་དུས་འདའ་སྟེ། དང་པོར་ཡུལ་ཙམ་པ་མ་སྐྱེས་དགྲ་ལ་བྱིན་པ་དང་། དེ་ནས་མ་ག་དྷཱ་ཡང་རིལ་པོར་བྱིན་པ་དང་། དེ་ནས་བང་མཛོད་རྣམས་ཀྱང་བྱིན་པར་དང་། དེ་ནས་འཇམ་པོར་སྨྲ་བ་རྣམས་ཀྱིས་ཀྱང་མ་བཟློགས་ཏེ། ཡབ་ཀྱིས་ཚིག་རྩུབ་པོས་བཟློགས་པར་བྱས་པ་ན། དེ་ཁྲོས་ནས་ཡབ་བཙོན་ཁང་དུ་བཅུག་གོ །དེ་ལ་སྐབས་འདིའི་ཕ་རོལ་གནོན་པ་ཞེས་བྱ་བ་ནི་ལོག་པའི་སྤྱོད་པ་སྟེ། མི་འོས་པའི་དཔྱ་བསྡུད། མི་འོས་པ་ལ་ཆད་པས་གཅོད། མ་རུངས་པ་གཉའ་རེངས་སུ་འཇུག །བཟང་པོ་རྣམས་ནི་སྨད་ཅིང་བསྡིགས། ངན་པ་རྣམས་ནི་མགོ་དཔངས་གཏོད། ལྟོགས་འདོད་ཆེན་པོས་རྒྱལ་ཁམས་རླག་པར་བྱེད་པའི་བདག་ཉིད་དོ། །དེ་ནས་བཙོན་ཁང་དུ་ཡབ་ལ་ཟས་སྐྱེལ་བ་ཡང་བཀག་པ་དང་། མ་སྐྱེས་དགྲའི་མ་བཙུན་མོ་ལུས་འཕགས་མས། རྐང་གདུབ་ཀྱི་སྦུབས་ཆུས་བཀང་བ་དང་། ལུས་ལ་ལྡེ་གུས་བྱུགས་ཏེ་སོང་ནས། ཟས་སྐོམ་དེ་ཙམ་གྱིས་འཚོ་བ་ཡིན་པ་ལ་དེ་ཡང་བཀག་གོ །དེ་ནས་བཟའ་བཏུང་མེད་ཀྱང་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་ཞབས་འཆག་པར་མཛད་དེ། དེའི་འོད་ཟེར་དཀར་ཁུང་ཆུང་ངུ་ནས་འཇུག་ཅིང་། རྒྱལ་པོས་ཀྱང་དཀར་ཁུང་ནས་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བས་དགའ་བ་སྐྱེས་ཏེ་དེས་འཚོའོ། །དེས་དཀར་ཁུང་ཡང་བསྲུབས་


GTN004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། སྟོན་པའི་སྐུའི་འོད་ཟེར་བཙོན་ཁང་གི་སེར་ཁ་ནས་འཇུག་ཅིང་མཐོང་བས་འཚོ་བ་ལས། དེ་ཡང་བཀག་སྟེ། སྤུ་གྲིས་རྐང་པ་ལ་རྨ་བྱུང་བ་དང་། རྒྱལ་པོའི་ཐུགས་སྡུག་བསྔལ་གྱིས་ཤིན་ཏུ་གདུངས་པ་ལ། སྟོན་པས་མོའུ་འགལ་གྱི་བུ་ལ་བཀའ་སྩལ་ཏེ། དེས་རྫུ་འཕྲུལ་གྱིས་བཙོན་ཁང་དུ་སོང་ནས། སྟོན་པའི་བཀས་རྒྱལ་པོ་ལ་ནད་མེད་པར་གྱུར་ཅིག །ངས་ཁྱོད་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་གང་ཡིན་པ་དེ་ནི་སྔར་ནས་བྱས་ཟིན་ཏེ་ངན་སོང་ལས་ཐར་པར་བྱས་སོ། །འདི་ནི་རང་གི་ལས་ཀྱི་འབྲས་བུ་མྱོང་བ་ཡིན་པས་ལས་སྐྱབས་སུ་གྱིས་ཤིག །ཅེས་སོ། །བཀའ་དེ་བདེན་པར་ཤེས་ནས་རྒྱལ་པོས་སྨྲས་པ། འཕགས་པ་ཁ་ཟས་བཟང་པོ་གང་ན་ཡོད། རྒྱལ་ཆེན་རིགས་བཞི་ལྷའི་གནས་ནའོ། །དེ་ནས་མོའུ་འགལ་བུ་ཚུར་བྱོན། སྐབས་འདིར་མ་སྐྱེས་དགྲའི་བུ་འཆར་བྱེད་བཟང་པོ་སོར་མོའི་རྩེ་མོ་ལ་ཕོལ་མིག་བྱུང་སྟེ་ངུས་སོ། །མ་སྐྱེས་དགྲས་དེའི་སོར་མོ་ཁར་བཅུག་པ་ལས་ཕོལ་མིག་ཁ་ནང་དུ་བརྡོལ་བ་དང་ས་ལ་ཕོ་བས་རྣག་ཁྲག་མཐོང་བ་ན་དེ་ལྷག་པར་ཡང་ངུའོ། །དེར་ལུས་འཕགས་མོས་སྨྲས་པ། འདི་ནི་རིགས་བརྒྱུད་ལ་ཡོད་དེ། ཁྱོད་ཀྱང་སྔོན་འདི་འདྲ་བར་གྱུར་པ་ལས། ཡབ་ཀྱིས་ཁྱོད་སྐྲག་སྟེ་ངུ་ཡིས་དོགས་ནས་རྣག་ཁྲག་ཁར་མིད་པ་ཡིན་ནོ། །དེར་མ་སྐྱེས་དགྲ་ཞེ་སྡང་དང་བྲལ་ཞིང་། བདག་གི་ཡབ་དེ་འདྲ་བར་བདག་ལ་བྱམས་ན་ཡབ་གསོན་ནོ་ཞེས་ཟེར་བ་དེ་ལ་རྒྱལ་སྲིད་ཀྱི་ཕྱེད་སྦྱིན་ནོ། །སྨྲས་པས་སྐྱེ་བོ་མང་པོ་ཞིག་རབ་ཏུ་དགའ་བས་བཙོན་ཁང་གི་ཕྱོགས་སུ་རྒྱུགས་པ་ན། གཟུགས་


GTN004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྙིང་པོས་ཅ་ཅོའི་སྒྲ་ཆེན་པོ་ཚོར་བས་དངངས་ཏེ་དུས་ལས་འདས་ན། དེ་མ་ཐག་རྣམ་ཐོས་སྲས་ཀྱི་པང་པར་སྐྱེས་ཏེ་བདུད་རྩི་ལ་ལོངས་སྤྱོད་དོ། །རྣམ་ཐོས་བུས་ཁྱོད་སུ་ཡིན་ཞེས་དྲིས་པར། ང་ནི་རྒྱལ་བ་ཁྱུ་མཆོག་གོ་ཞེས་སྨྲས་པས་མཚན་དེ་བཞིན་དུ་གྲགས་སོ། །དེར་མ་སྐྱེས་དགྲ་ཡབ་འདས་པའི་མྱ་ངན་མི་བཟད་པས་ནོན་ཏེ། དེ་གསོང་བར་བྱ་ཕྱིར་བློན་པོ་རྣམས་ཀྱིས་ལྷོ་ཕྱོགས་ནས་འོངས་པའི་གར་མཁན་ཞིག་བོས་ཏེ་གར་བྱེད་དུ་བཅུག་ཀྱང་མྱ་ངན་མ་སངས་ཏེ། གར་མཁན་རྣམས་ཕྱིར་བྱུང་བ་ན་ཕྱོགས་དེར་སངས་རྒྱས་བྱོན་པ་མཐོང་སྟེ། དད་པ་སྐྱེས་ནས་རྫ་རྔ་བརྡུངས་ཤིང་གར་བྱས་སོ། །སྟོན་པས་འོད་ཟེར་སྤྲོ་བསྡུ་མཛད་ནས་གར་མཁན་དེ་རང་སངས་རྒྱས་རྔ་སྒྲ་ཞེས་བྱ་བར་འགྱུར་བར་ལུང་བསྟན་ཏོ། །སྐབས་དེར་སེར་སྐྱ་བཟང་མོ་རབ་ཏུ་བྱུང་བ། འོད་སྲུང་ཆེན་པོས་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱས་ཟིན་ནས་གྲོང་དུ་བསོད་སྙོམས་ལ་ཕྱིན་པ་ན་བཟང་མོ་སྤྱོད་ལམ་ཀུན་ནས་མཛེས་པ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་བློན་པོ་ངན་སེམས་ཅན་ཞིག་གིས་མཐོང་སྟེ། མ་སྐྱེས་དགྲའི་མྱ་ངན་སེལ་ཕྱིར་བཟུང་ནས་གོས་དང་རྒྱན་གྱིས་བརྒྱན། རྒྱལ་པོ་ལ་ཕུལ་བ་བཟང་མོའི་སྔོན་ལས་ཀྱིས། མ་སྐྱེས་དགྲས་མཐོང་མ་ཐག་ཏུ་ཆགས་ནས་ལྷན་ཅིག་དགའ་མགུར་སྤྱད་དོ། །དེ་ནང་པ་གསོ་སྦྱོང་གི་ཚེ་བཟང་མོ་ཚོགས་ན་མི་སྣང་ངོ་། །སྐྱེ་དགུའི་བདག་མོ་ཆེན་མོས་ཇི་ལྟ་བར་གྱུར་པ་མཐོང་ནས་ཨུཏྤལའི་མདོག་མངགས་པས།


GTN004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རྫུ་འཕྲུལ་གྱིས་མ་སྐྱེས་དགྲའི་ཁྱིམ་གྱི་སྐར་ཁུང་ནས་ཞུགས་ཏེ། བཟང་མོ་ཁྱོད་ཀྱིས་ཐོག་མེད་ནས་གོམས་པའི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྤངས་ན་ཅིའི་ཕྱིར་རྫུ་འཕྲུལ་རོ་དང་འདྲ་བ་མུ་སྟེགས་ཅན་དང་ཐུན་མོང་བ་འདི་མངོན་དུ་མ་བྱས། དེས་སྨྲས་པ། རྫུ་འཕྲུལ་གྱིས་ལམ་མི་ཤེས་སོ། །དེས་དེ་ལ་རྫུ་འཕྲུལ་གྱི་ལམ་བསྟན་ནས་བསམ་གཏན་བཞི་ལ་བརྟེན་ནས་བསྒྲུབས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་བཞིན་དུ་དགེ་སློང་མའི་དབྱར་ཁང་དུ་སོང་ངོ་། །དགེ་སློང་མ་བཅུ་གཉིས་སྡེས་མཐོང་ནས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སྨྲས་པ། བདག་ཅག་ནི་རྒྱལ་པོའི་ཆུང་མ་དང་ལྷན་ཅིག་གསོ་སྦྱོང་མི་བགྱིའོ། །དེས་སྨྲས་པ། བཟང་མོ་སོང་ལ་རྒྱལ་པོ་ལ་གོས་དང་རྒྱན་ཐམས་ཅད་སླར་བྱིན། རྒྱལ་པོས་གནང་བར་གྱིས་ཏེ་གོས་ངུར་སྨྲིག་བགོས་ཏེ་ཤོག་ཅིག །དེ་ནས་བཟང་མོ་སླར་སོང་བ་དང་། མ་སྐྱེས་དགྲས་འཁྱུད་པར་བརྩམས་པས། བཟང་མོ་ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་སྟེང་གི་ནམ་མཁར་འཕགས་སོ། །དེ་རྒྱལ་པོས་མཐོང་ནས་འཇིགས་ཏེ་སྨྲས་པ། ཁྱོད་ཅི་ལྷ་འམ་ཀླུ་མོ་འམ། །གནོད་སྦྱིན་སྲིན་མོ་དྲི་ཟ་མ། །བུད་མེད་འདྲེ་མོའམ་ཅི་ཡིན་པ། །དྲིས་པ་དེ་ནི་བདག་ལ་གསུངས། །བཟང་མོས། བདག་ནི་ལྷ་མོ་ཀླུ་མོ་མིན། །དྲི་ཟ་གནོད་སྦྱིན་སྲིན་མོ་མིན། །མི་དབང་བདག་ནི་བདེར་གཤེགས་ཀྱི། །བྱ་བ་བྱས་པའི་ཉན་ཐོས་མའོ། །དེ་ནས་མ་སྐྱེས་དགྲ་ཟུག་རྔུ་གཉིས་པས་གནད་དུ་བསྣུན་ནས། ཀྱེ་མ་ཀྱེ་ཧུད་སྡིག་པ་ཆེན་པོ་བྱས་སོ་སྙམ་དུ་སེམས་པ་ལས་བརྒྱལ་ནས་འགྱེལ་བ་ལ་ཆུས་


GTN004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཏེ་གསོས་སོ། །འཕགས་མ། མར་གཤེགས། བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་སུག་པ་ནས་དྲང་དུ་གསོལ། དེ་ནས་བཟང་མོས་དེ་རྗེས་སུ་བཟུང་བའི་ཕྱིར་བབས་ནས་སྟན་བཤམས་པ་ལ་འདུག་གོ །དེ་ནས་མ་སྐྱེས་དགྲས་གུས་པ་ཆེན་པོས་བཟང་མོའི་རྐང་པ་གཉིས་ལ་གཏུགས་ནས། འཕགས་མ། བཟོད་པར་མཛད་དུ་གསོལ། རྒྱལ་པོ་ཆེན་པོ། །བཟོད་དོ། །དེ་ནས་རྒྱན་གོས་རྒྱལ་པོ་ལ་བྱིན། རྒྱལ་པོས་གོས་ངུར་སྨྲིག་དག་ཕུལ་ནས་རྐང་པ་ལ་ཕྱག་བྱས་ཏེ། འཕགས་མ། ཁྱོད་ལ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་། བསོད་སྙོམས་དང་། ཡོ་བྱད་རྣམས་དབུལ་བར་བགྱིའོ། །བཟང་མོས་སྨྲས་པ། ལྷ་ཕལ་ཆེར་བདག་གི་ལས་ཀྱིས་ཉེས་ཏེ་ཁྱོད་ཀྱིས་མ་ཉེས། བཅོམ་ལྡན་འདས་ཀྱིས། གང་དུ་གནས་ཀྱང་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་རྣམས་ཀྱི་ནི་གསེབ་ཏུ་ཞུགས་ནའང་མིན། །ཞེས་གསུངས་པས་སོ། །གཞན་ཡང་། ཇི་ལྟར་གྲིབ་མ་མི་ཡི་རྗེས་འབྲང་བ། །འདུག་ན་འདུག་ལ་འགྲོ་ན་འགུལ་བ་ལྟར། །དེ་བཞིན་དགེ་དང་མི་དགེ་གྲིབ་མ་ལྟར། །སངས་རྒྱས་སྨྲ་བ་བླ་ན་མེད་པས་གསུངས། །དེ་ནས་བཟང་མོས་རྒྱལ་པོ་ལ་ཚིག་སྙིང་སྡུད་པར་བྱེད་པ་དེ་ལྟ་བུའི་ཆོས་བསྟན་ནས་སྟེང་གི་ནམ་མཁར་འཕགས་ཏེ་དགེ་སློང་མའི་དབྱར་ཁང་དུ་སོང་ངོ་། །དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལ་མཐའི་རྒྱལ་ཕྲན་བཅུ་བདུན་ཙམ། བློ་གྲོས་གཅིག་ཏུ་བྱས་ན་སོང་ལོག་སྟེ། མ་སྐྱེས་དགྲ་འདིས། ཕ་ཆོས་དང་ལྡན་པའི་


GTN004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཡང་བཀྲོངས། བདག་ཅག་རྣམས་ཀྱང་གཙེས་ཀྱི་འདི་བསད་པའམ་རྒྱལ་སྲིད་ལས་ཕྱུང་སྟེ་བསྐྲད་པར་བྱའོ་ཞེས་དཔུང་ཡན་ལག་བཞིའི་གོ་བསྐོན་ནས་འོངས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཕྲུ་མས་བསྐོར་ཏེ་འདུག་གོ །ཀླུ་སོག་མ་མེད་ཁྲོས་པས་ཀྱང་སེར་བ་ཕབ་སྟེ་ལོ་ཏོག་རྨང་མེད་པར་བྱས། དཀའ་ཐུབ་ཀྱི་ཆུ་ལྔ་བརྒྱ་དང་། ཆུ་མིག་དང་མཚེའུ་རྣམས་ཀྱང་བསྐམས། ཆུ་གཞན་རྣམས་མཐའི་རྒྱལ་ཕྲན་རྣམས་ཀྱིས་དུག་བཏབ་སྟེ། རྒྱལ་པོའི་ཁབ་པ་རྣམས་ཀྱིས་བཏུང་དུ་མི་རུང་བར་བྱས། ཡམས་ནད་ཆེན་པོ་མི་བཟད་པ་མི་རོ་སྐྱེལ་བར་ཁྱོགས་ནས་ཁྱོགས་སུ་འདོམས་པ་དག་ཀྱང་བྱུང་། མ་སྐྱེས་དགྲ་ཉིད་ཀྱང་ནད་ཚབས་ཆེན་པོ་དག་གིས་བཏབ། དེར་ཤིན་ཏུ་སྡུག་བསྔལ་བར། མ་ལུས་འཕགས་མས་སྨྲས་པ། འདི་ནི་སངས་རྒྱས་ལ་བྱ་བ་ངན་པ་ཁོ་ནར་བྱས་པའི་མཐུ་སྟེ། ད་བཅོམ་ལྡན་འདས་ལ་བཟོད་པར་གསོལ་ཅིག །མ་སྐྱེས་དགྲས་སྨྲས་པ། ད་ནི་ངོ་ཚ་སྟེ་དྲུང་དུ་འགྲོ་མི་ཕོད་དོ། །དེ་ན་རེ། བཅོམ་ལྡན་འདས་ནི་ཙནྡན་དང་སྟེའུར་མཚུངས་པ་ཡིན་གྱི། ངེས་པར་རྗེས་སུ་འཛིན་པར་འགྱུར་རོ། །དེ་ནས་དེས་ཕོ་ཉ་ཞིག་མངགས་ཏེ། དེས་ཀྱང་རིམ་གྱིས་སྟོན་པའི་སྤྱན་སྔར་སོང་སྟེ། རྒྱལ་པོ་མ་སྐྱེས་དགྲའི་མིང་གིས་ཕྱག་འཚལ། བསྙུན་ཡང་དྲིས། མ་སྐྱེས་དགྲའི་ཞུ་བ་གསོལ་ནས། གང་འཇིག་རྟེན་ན་བུ་ངན་པ་ནི་མཆིས་ལ་ཕ་ངན་པ་ནི་མ་མཆིས་པས་དེའི་སླད་དུ་ཐུགས་བརྩེ་བས་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ་ཞེས་ཞུས་པ་ན། འདུལ་བའི་དུས་སུ་དགོངས་ཏེ། མཉན་ཡོད་ནས་མ་ག་དྷཱར་རིམ་གྱིས་གཤེགས་སོ། །


GTN004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ལྷ་རྣམས་ཀྱིས་རླུང་བཏང་སྟེ་དུག་བཏབ་པའི་ཆུ་རྣམས་ནི་བསྐམས། ཆར་ཕབ་པས་ཆུ་བཟང་པོ་དག་ཀྱང་བྱུང་། སངས་རྒྱས་ལ་དད་པའི་ལྷ་མཐུ་བོ་ཆེ་དག་ཀྱང་འདུས་པས་ཡམས་ནད་ཀྱང་ཞི། མཐའི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་སྟོན་པ་འབྱོན་པར་ཐོས་པས་དམག་རྣམས་རང་གནས་སུ་ལྡོག་གོ །མ་སྐྱེས་དགྲས་བཅོམ་ལྡན་འདས་མཐོང་བར་ཙམ་གྱིས་དད་པ་ཆེན་པོ་སྐྱེས་ནས་བསུས་ཏེ་གྲོང་ཁྱེར་གྱི་སྒོ་ཐེམ་ལ་ཞབས་བཞག་པས་ས་གཡོ་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་ཏེ། དེའི་ཚེ་ཟླ་བ་གསུམ་དུ་རྒྱལ་པོ་མ་སྐྱེས་དགྲས་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱེད་ཅིང་རྒྱལ་པོའི་ཁབ་འཚོ་བྱེད་ཀྱི་ཀུན་དགའ་ར་བ་ཨ་སྨྲའི་ཚལ་དུ་དབྱར་གནས་པས་བཞུགས་སོ། །དེ་ནས་མི་རིང་བར་དབྱར་ཟླ་འབྲིང་པོའི་ཉ་དབུས་མའི་མཚན་མོ་ཚེས་དང་གཟའ་སྐར་ཐམས་ཅད་བཟང་བར་གྱུར་པ་ལ། མཚན་མོ་ཟླ་འོད་ལ་མ་སྐྱེས་དགྲ་བློན་པོའི་ཚོགས་ཀྱིས་བསྐོར་ནས་ཁང་བཟང་དུ་སོང་སྟེ། དུས་བཟང་པོ་འདི་ལྟ་བུ་ལ་ངས་ཅི་ཞིག་བྱས་ན་བཟང་ཞེས་འཁོར་རྣམས་ལ་དྲིས་པས། སླས་ཀྱི་བུད་མེད་གཅིག་ན་རེ། འདི་ལྟ་བུ་ལ་འདོད་ཡོན་ལྔར་རོལ་ན་ལེགས་སོ་སྙམ་མོ་ཟེར། གཞན་ཞིག་ནི། གྲོང་ཁྱེར་གྱི་ཤུལ་ལམ་རྣམས་ཉུལ་ཞིང་ལྟ་རྟོག་མཛད་ན། སོགས་དང་། བུས་ནི། དཔུང་གོ་བསྐོན་ཏེ་དགྲ་གཞོམ་ན། ཞེས་དང་། བློན་པོ་རྣམས་ཀྱིས། སོ་སོར་གྱིས། སྟོན་པ་དྲུག་པོ་རེ་རེ་ནས་བསྙེན་བཀུར་ན་ཞེས་སོགས་ཡང་དག་པའི་དགེ་བ་ལ་སྤྲོ་བ་སྐྱེད་པ་འགའ་ཡང་མེད་དེ་ཕལ་ཆེར་ལོག་པར་མོས་


GTN004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤ་སྟག་འབྱུང་བ་ནི་དངོས་པོའི་སྟོབས་ཡིན་ནོ། །འཚོ་བྱེད་གཞོན་ནུ་གསོས་ན་རེ། བདག་ནི་ཨ་མྲའི་ཚལ་དུ་བཅོམ་ལྡན་འདས་བཞུགས་པ་ལ་བསྙེན་བཀུར་མཛད་ན་ལེགས་སོ་སྙམ་མོ། །དེ་རྒྱལ་པོའི་སེམས་ལ་བབ་སྟེ། དེ་མ་ཐག་རྟ་དང་གླང་པོ་ཆེ་གྲབས་གྱིས་ཤིག །གླང་པོ་ཆེ་གཏད་ཅིག །ཅེས་བསྒོས་པས་གླང་པོ་ཆེ་གླང་མོ་ལྔ་བརྒྱ་དང་བཅས་པ་བཤམས། འཚོ་བྱེད་ཀྱིས་གླང་པོ་ཆེ་ཁ་བསྒྱུར་ནས་དེའི་རྒྱབ་ཏུ་རྒྱལ་པོ་བཞུགས། ཕོ་བྲང་སླས་ཀྱི་མི་སྒྲོན་མེ་ཐོགས་པ་ལྔ་བརྒྱ་པོ་ཡང་གླང་མོ་རེ་རེའི་རྒྱབ་ཏུ་གནས་ཏེ་ཕྱི་བཞིན་སོང་ནས་རྒྱལ་པོའི་ཁབ་ནས་བྱུང་བ་ན། མ་སྐྱེས་དགྲས། ང་འཚོ་བྱེད་ཀྱིས་དཔང་པོ་བྱེད་པ་ལ་གཏོད་པར་མི་འགྱུར་གྲང་སྙམ་དུ་དོགས་པ་སྐྱེས་ནས་སྟོན་པ་ལ་འཁོར་ཇི་ཙམ། སྟོང་ཉིས་བརྒྱ་ལྔ་བཅུའོ། །འཚོ་བྱེད་ཁྱོད་ང་ལ་ཅིའི་ཕྱིར་གནོད་པ་མི་འདོད། འཁོར་དེ་སྙེད་ཡོད་ན་ལུད་པའི་སྐད་ཀྱང་མི་སྒྲག་གོ །དེས་སྨྲས་པ། ཁུ་འཕྲིག་མ་མཛད་ཅིག །སྟོན་པ་སྒྲ་ཆུང་བ་ལ་དགྱེས་པའོ། །ད་གླང་པོ་ལས་བོབས་ཤིག །དེ་བབས་ནས་རྐང་པས་ཀུན་དགའ་ར་བར་ཞུགས་ནས་སོང་སྟེ། སྟོན་པ་དགེ་འདུན་གྱི་དབུས་ན་མཚོ་ལྟར་དྭངས་ཤིང་རྙོག་པ་མེད་པར་བཞུགས་པ་མཐོང་ནས་རྒྱལ་པོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཐུགས་དུལ་ཅིང་ཞི་བ་བཞིན་དུ་བདག་གི་བུ་འཆར་བྱེད་བཟང་པོའང་ཞི་ཞིང་དུལ་བར་གྱུར་ཅིག །ཅེས་ཞུས་ཤིང་སྟོན་པས་ཀྱང་ལེགས་སོ་སྩལ་ཏེ་རྒྱལ་པོ་སྟན་ལ་འཁོད་ནས་ཐེ་ཚོམ་དག་ཞུས་ཤིང་སྟོན་པས་ཀྱང་ཆོས་ཀྱི་བཀའ་མཆིད་


GTN004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་གསུངས་པས་རྒྱལ་པོ་དད་པ་བླ་ན་མེད་པ་ལ་བཀོད། སྔོན་གྱི་ཉེས་པར་སྤྱད་པ་དྲན་པས་མཆི་མ་ཕྱུང་ཞིང་རིང་དུ་བཤུམས་ནས་བདག་སྡིག་པའི་གྲོགས་པོས་ཟིན་པས་ཕ་ཆོས་དང་ལྡན་པ་བཀུམ་པ་ནི་བདག་བླུན་པ་ལགས་ཏེ། བདག་ནོངས་པ་ལ་ནོངས་པར་བཟུང་དུ་གསོལ། །བཀའ་སྩལ་པ། དེ་ནི་བདེན་ཏེ་འོན་ཀྱང་ཉེས་པ་ཤེས་ཤིང་མཐོང་ན་བཤགས་ཏེ་ཕྱིན་ཆད་སྡོམ་པར་བྱེད་ན་དགེ་བའི་ཆོས་མི་ཉམས་ཤིང་འཕེལ་བ་ཉིད་དུ་འདོད་པར་བྱའོ་གསུངས། དེ་ལྟར་སྟོན་པས་མ་སྐྱེས་དགྲ་གཞི་མེད་པ་དད་པ་ལ་བཀོད་དེ་སང་གདུགས་ཚོད་འབྱོན་པར་ཞུས་ནས་སོང་ངོ། །དེར་སྟོན་པས་དགེ་སློང་རྣམས་ལ་བཀའ་སྩལ་པ། མ་སྐྱེས་དགྲ་འདིས་མཚམས་མེད་བྱས་པ་མིན་ན་སྟན་འདིར་འདུག་བཞིན་དུ་བདེན་པ་མཐོང་བར་འགྱུར་བ་ལས། དེ་ལྟར་ཉམས་ཀྱིས་ཁྱེད་ཅག་སྡོང་དུམ་ཚིག་པ་ལ་ཡང་ངན་སེམས་བསྐྱེད་པར་མི་བྱ་ན། སེམས་དང་བཅས་པའི་ཡུལ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །སངས་རྒྱས་དགེ་འདུན་དང་བཅས་པ་སང་གདུགས་ཚོད་བསོད་པས་ཚིམ་པར་བྱས། ཆོས་ཀྱང་ཉན་སྟོན་པས་སྦྱིན་པ་ལ་རྗེས་སུ་ཡི་རང་བར་མཛད་དེ་གཤེགས་སོ། །གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་དེ་གཞི་མེད་པའི་དད་པ་ལ་བཀོད་པ་དེ་ཕྱིན་ཆད་རང་ཉིད་ཁང་སྟེང་ངམ། གླང་པོ་ཆེའི་སྟེང་ལ་སོགས་པ་གང་ན་ཡོད་ཀྱང་སྟོན་པ་མཐོང་ན་དེ་མ་ཐག་ཚམ་ཚོམ་མེད་པར་མཆོངས་ནས་འགྲོའམ། སྟོན་པས་ཀྱང་རྫུ་འཕྲུལ་གྱིས་བར་སྣང་ལས་བླངས་ཏེ་ས་ལ་འཇོག་པར་མཛད་དོ། །


GTN004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མ་སྐྱེས་དགྲས་ཞོ་ཤས་འཚོ་བ་དང་། ནང་མི་རྣམས་ལ་ཤེས་ལྡན་དག་དེང་ཕྱིན་ཆད་ང་སངས་རྒྱས་དགེ་འདུན་དང་བཅས་པ་ལ་སྐྱབས་སུ་སོང་གི་སྟོན་པ་འཁོར་རྣམ་བཞི་བཅས་ལ་སྒོ་དབྱེ་ཞིང་། ལྷས་བྱིན་སློབ་མ་དང་བཅས་པ་ལ་སྒོ་ཆོད་ཅིག །ཅེས་གསུངས། གཟུགས་ཅན་སྙིང་པོའི་སྔོན་འབྱུང་ནི། འདུལ་བ་༼ང༽དབྱེན་གྱི་གཞི་ལས་འབྱུང་སྟེ། རང་སངས་རྒྱས་ཤིག་རྫ་མཁན་གྱི་ཁང་པར་ཞུགས་པ་ན། དེར་མགྲོན་མོ་ཞིག་ཀྱང་བསྡད་པས་དེས་ཁང་པ་བཤང་ལྕི་བྱས་པས་ཕྱི་ཉིན་རྫ་མཁན་ནས་མ་བརྟགས་པར་རང་སངས་རྒྱས་སུ་འཕྲུལ་ཏེ་རབ་ཏུ་བྱུང་བ་ཁྱོད་རྐང་པ་གཉིས་སུ་སྤུ་གྲིས་དྲས་སམ་བརྗོད། སླར་ཁྲོ་བ་ཞི་ནས་བསོད་སྙོམས་ཕུལ་བ་ན། དེས་རྫུ་འཕྲུལ་བསྟན་པས་དད་དེ་ཉེས་པ་བཤགས་ཤིང་། སྐྱེ་བ་གཞན་དུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་འདི་ལས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་དང་ཡང་གཟུགས་ཅན་སྙིང་པོས་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པའི་བསྟི་གནས་སུ་རི་དྭགས་བསད་པས་དྲང་སྲོང་གིས་སྤྱོས་པར་དེ་ཡང་བསད་པ་ན། དྲང་སྲོང་གི་རྒྱལ་པོའི་བུར་སྐྱེས་ནས་གསོད་པར་སྨོན་ལམ་བཏབ་པ་ཡང་ཡིན་ནོ། །རྗེས་མ་འདི་འདུལ་བ་༼ག༽གོས་ཀྱི་གཞིར་འབྱུང་བ་ཨ་མྲ་སྐྱོང་མའི་སྐབས་སུ་བཤད་པའོ། །


GTN004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཞེ་དྲུག་པ་ནི། མིང་གི་ཁྱད་པར་ལས་སྔར་དགེ་དོན་གྱི་སྐབས་དེ་དང་མཚུངས་པས་གོ་སླའོ། །སླར་ནུ་བོ་བྱས་མི་ཤེས་ཕུ་བོ་བྱས་ཤེས་ཀྱི་རྩར་བསམ་པ་ངན་ཡང་འདུད་ཚུལ་གྱིས་འོང་བ་དངོས་སུ་ས་གས་ནས་དམྱལ་བའི་མེ་འབར་བར་ལྷུང་ངོ་། །༈ ཡལ་འདབ་ཞེ་བདུན་པ་ནི། རྒྱལ་པོ་གསལ་རྒྱལ་གྱིས་གསོལ་པ། བདག་གིས་དགེ་བ་འདི་ཙམ་བགྱིས་ན་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ནི་ཟབ་པ། ལྟ་བར་དཀའ་བ། རྟོགས་པར་དཀའ་བ་སྟེ་ཁྱོད་ཀྱིས་སྦྱིན་པ་ལན་གཅིག་གིས་ཐོབ་པར་མི་འགྱུར། བརྒྱས་ཀྱང་མ་ཡིན། སྟོང་གིས་ཀྱང་མ་ཡིན། བརྒྱ་ཕྲག་སྟོང་གིས་ཀྱང་མ་ཡིན། འོན་ཀྱང་ཁྱོད་བྱང་ཆུབ་འདོད་ན་སྦྱིན་པ་དག་བྱིན་བསོད་ནམས་དག་བྱས། དགེ་བའི་བཤེས་གཉེན་ལ་བསྙེན་ཅིང་བཀུར་ན་ཁྱོད་ནམ་ཞིག་སངས་རྒྱས་སུ་འགྱུར་གྲང་། དེ་ནས་རྒྱལ་པོ་ངུས་ཤིང་གོས་ཀྱིས་མཆི་མ་ཕྱིས་ཏེ། བཅོམ་ལྡན་འདས་ཀྱིས་སྔོན་སྦྱིན་པ་དང་བསོད་ནམས་ཇི་སྙེད་ཅིག་མཛད་ལགས། བཀའ་སྩལ་པ། ངས་བསྐལ་པ་


GTN004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་པ་གསུམ་དུ་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས། སངས་རྒྱས་བྱུང་བ་དག་མཆོད་པར་བྱས་པ་དག་ཕར་ཞོག་གི ། རེ་ཞིག་བསྐལ་པ་འདི་སྦྱིན་པ་དག་བྱིན། བསོད་སྙོམས་དག་བྱས་པ་དེ་ཉོན་ཅིག་ཅེས་མཚམས་སྦྱར་ནས་བྱང་ཆུབ་སེམས་དཔའི་སྐྱེས་རབས་མང་དུ་གསུངས་པ་ཕལ་ཆེར་འདིའི་སྔ་ཕྱིར་འབྱུང་ལ་རྒྱལ་པོ་ནོར་ཅན་དུ་གྱུར་པའི་ལོ་རྒྱུས་ཡོད་ཀྱང་། དེ་ནི་ནོར་བཟང་གི་ཡབ་དེ་ཡིན་ཞིང་དེས་གྲོང་ཁྱེར་དུ་མུ་གེ་ལོ་བཅུ་གཉིས་བྱུང་བའི་སྐབས་སྦྱིན་པ་རྒྱ་ཆེར་གཏོང་བས་དབུལ་བ་བསལ་བའི་གཏམ་དེ་ཡིན། རྒྱལ་པོ་གསལ་རྒྱལ་དད་པ་དང་ངོ་མཚར་ཆེས་བླ་ལྷག་ཏུ་གྱུར་ནས་རབ་ཏུ་དགའ་བས་རྗེས་སུ་ཡི་རངས་ཏེ་སྟོན་པའི་དྲུང་ནས་སོང་ངོ་། །༈ ཡལ་འདབ་ཞེ་བརྒྱད་པ་ནི། མདོ་སྡེ་མཛངས་༼ཨ༽བླུན་ལེའུ་སུམ་ཅུ་པར་འབྱུང་བ་དང་དོན་མཐུན་པས་བསྡུས་ཏེ་འཆད་ན། གྲོང་ཁྱེར་བ་རུ་ཏེ་ན་བྲམ་ཟེ་ནྱ་གྲོ་དྷཱ་ཞེས་བྱ་བ་ཞིག་ཡོད། མཁས་པ་རིགས་པ་དང་ལྡན་པ་དང་། སྨན་དང་གཙུག་ལག་དང་སྐར་མ་ལ་མཁས་པ་ཞིག་ཡོད་པས། ཡུལ་གྱི་རྒྱལ་པོ་དང་། མངའ་འོག་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སོགས་ཐམས་ཅད་ཀྱིས་རྒྱལ་པོ་ཆེན་པོ་དང་འདྲ་བར་བསྙེན་བཀུར་བྱེད་དེ་བསྒོ་བའི་ཚིག་ཀྱང་ཉན་ཏོ། །དེའི་ཆུང་མ་ལ་བུ་བཙས་པར་མིང་སྦྱིན་པ་


GTN004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཞེས་བཏགས། དེར་ཆེར་སྐྱེས་པ་ན་ཕྱི་རོལ་དུ་ལྟད་མོར་ཆས་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་བའི་གནས་ཚུལ་མཐོང་བས་ཡིད་དབྱུང་ནས་ཡབ་ལ་སྦྱིན་པ་རྒྱ་ཆེར་གཏོང་བར་ཞུས་པས་གནང་སྟེ། སྦྱིན་པའི་མཛོད་སྒོ་ཕྱེས་པས་བང་མཛོད་སུམ་ཆ་ཙམ་ལས་མ་ལུས་པར་ཟད་པ་ན། མཛོད་སྲུང་གིས་སྦྱིན་པའི་བར་ཆད་བྱས་པས་རྒྱ་མཚོར་ཡིད་བཞིན་གྱི་ནོར་བུ་བླང་བར་ཆས་ནས་ཡབ་ལ་ནན་ཆེར་ཞུས་པས་གནང་སྟེ་ཚོང་པ་ལྔ་བརྒྱ་ཙམ་དང་བཅས་ལམ་དུ་འཇུག་པ་ཇག་པས་ནོར་རྫས་ཀུན་ཕྲོགས་སོ། །དེ་ནས་སོང་སོང་བར་གྲོང་ཁྱེར་ད་ཤུ་པར་ཕྱིན་ནས་བྲམ་ཟེ་ཀ་བྱི་ལར་ཕྲད་པས་གསེར་སྲང་སུམ་སྟོང་བསླང་བ་ན་ཁྱེའུ་འདི་ནི་གཞན་ལས་ཁྱད་པར་དུ་འཕགས་སོ་སྙམ་མོ། །དེའི་བུ་མོ་གསེར་གྱི་མདོག་ཅན་སྐྲ་ཐོན་མཐིང་དུ་འདུག་པ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱིས་བསླངས་ཀྱང་མ་སྟེར་བ་དེ་ཡིད་ཆགས་པས། ཡབ་ལ་སྦྱིན་པ་ཆེན་པོའི་བག་མར་འགྲོ་བ་ཞུས་པས་གནང་སྟེ་གསེར་བུ་མོ་བཅས་བྱིན་པས་བུ་མོ་རྒྱ་མཚོ་ནས་འཁོར་ན་བསླང་བར་ཆེད་དོ། །དེ་ནས་རྒྱ་མཚོའི་ངོགས་སུ་ཕྱིན་ཏེ་གྲུ་ལ་ཞུགས་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྦྱིན་པ་ཆེན་པོ་མང་དུ་ཐོས་པས་ནོར་བུ་བརྟགས་ནས་མང་ཉུང་གི་ཚོད་དང་བཅས་བགོས་ཏེ། རིན་པོ་ཆེ་དང་ཚོང་པ་རྣམས་གྲུར་བཅུག་སྟེ་ཕྱིར་བསླངས་ནས་རང་ཉིད་ཀླུ་ཡི་རྒྱལ་པོའི་ཕོ་བྲང་ནས་ཡིད་བཞིན་ནོར་བུ་བསམ་འཕེལ་མ་ཐོབ་བར་དུ་ཕྱིར་མི་ལྡོག་གོ་སྨྲས་པས་ཚོང་པ་རྣམས་མྱ་ངན་གྱིས་ནོན་ནས་དེད་


GTN004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཁྱེད་མ་བཞུད་ན་ངེད་ཅག་རང་ཡུལ་དུ་ཕྱིན་པར་མི་འགྱུར་རོ་སྨྲས་པས་གེགས་མེད་དུ་བདེ་བར་འཁོར་བར་བདག་གིས་སྨོན་ལམ་བཏབ་བོ་གསུངས་ནས། དེ་བཞིན་མཛད་དེ་ཕྱིར་འཛམ་བུའི་གླིང་དུ་བདེ་བར་སོང་ངོ་། །སྦྱིན་པ་ཆེན་པོ་རྒྱ་མཚོར་ཞུགས་ཏེ་དཀའ་བ་དཔག་ཏུ་མེད་པ་སྤྱད་ནས། ཆུ་པུས་ནུབ་ཙམ་དང་། བརླ་དྲུང་ཙམ་དང་། རྐེད་པ་ནུབ་ཙམ་དང་། ཕྲག་པ་ནུབ་ཙམ་དང་། རྐྱལ་བས་ཞག་སུམ་ཅུ་སོ་ལྔས་རི་ཞིག་གི་དྲུང་དུ་ཕྱིན་པ་དང་། ཤིང་གི་ཡལ་ག་ལ་འཇུས་ཏེ་རི་ལ་འཛེགས་ནས་ཞག་བདུན་གྱིས་རིའི་རྩེར་ཕྱིན་ཏོ། །དེར་གསེར་གྱི་པདྨོར་སྦྲུལ་གདུག་པ་འཁྲིལ་བར་བྱམས་པའི་ཏིང་ངེ་འཛིན་བསྒོམས་པས་ཞི་ནས་པདྨའི་སྟེང་ནས་ཕྱིན་པས་སྦྲུལ་གདུག་པའི་ཁྲོད་ཞག་བདུན་གྱིས་བརྟོལ། དེ་ནས་སོང་སོང་བས་སྲིན་པོའི་གླིང་དུ་སླེབས། སྲིན་པོ་སྲིན་མོ་རྣམས་མིའི་དྲི་ཚོར་ནས་བརྒྱུགས་པ་ན། བྱང་ཆུབ་སེམས་དཔའ་མཐོང་བས་ཁྲོ་བ་ཞི་སྟེ། དེ་རྣམས་ཀྱི་མཐུས་དཔག་ཚད་བཞི་བརྒྱའི་ཕ་རོལ་ཏུ་བསྐྱལ། དེ་སོགས་དཀའ་བ་དཔག་ཏུ་མེད་པས་བྱོན་ནས་ཐོག་མར་དངུལ་གྱི་མཁར། བཻཌཱུརྱའི་མཁར་རྣམས་ནས་རིན་པོ་ཆེ་རིམ་པར་དཔག་ཚད་ཉིས་སྟོང་ཁོ་ར་ཁོར་ཡུག་དང་། དཔག་ཚད་བཞི་སྟོང་ཁོ་ར་ཁོར་ཡུག་ཏུ་ཅི་འདོད་པ་ཆར་དུ་འབེབས་ནུས་པ་དག་ཀླུའི་རྒྱལ་པོ་གཉིས་ཀྱིས་སོ་སོར་ཕུལ་ཡང་ཐུགས་མ་ཚིམ་པར། ཡང་སོང་སོང་བ་ལས་གསེར་གྱི་མཁར་ནས་ཀླུའི་རྒྱལ་པོ་གཙུག་གི་ཕུད་བུ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཀྲོལ་ཏེ་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས་འདིའི་མཐུས་དཔག་ཚད་


GTN004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྟོང་ཁོ་ར་ཁོར་ཡུག་ཏུ་རིན་པོ་ཆེ་ཆར་བཞིན་དུ་འབེབས་ཏེ་ཅི་འདོད་པ་ཐམས་ཅད་འབེབས་སོ། །ཞེས་སྨྲས་པས་ཐུགས་དགྱེས་པ་བསྐྱེད་དེ། ཀླུའི་རྒྱལ་པོ་འཁོར་དང་བཅས་པས་བསྐྱལ་ནས། བྱང་ཆུབ་སེམས་དཔའ་ནོར་བུའི་མཐུས་ནམ་མཁར་འཕུར་ཏེ། རྒྱ་མཚོ་བརྒལ་པས་དེའི་འགྲམ་དུ་ཅུང་ཟད་ངལ་གསོ་བས་གཉིད་ལོག་པ་ན་རྒྱ་མཚོའི་ཀླུ་རྣམས་ཕྲག་དོག་སྐྱེས་ནས་ཕྱིར་བརྐུས་སོ། །བྱང་ཆུབ་སེམས་དཔའ་གཉིད་སད་པ་ན་ཀླུས་ནོར་བུ་བརྐུས་པར་ཤེས་ཏེ། རང་གི་མཐུ་ཅི་ཡོད་པས་རྒྱ་མཚོའི་ཆུ་བཅུས་ཏེ་བསྐམ་པར་བྱའོ་སྙམ་སྟེ། ནོར་བུ་ཕྱིར་མ་ཐོབ་བར་དུ་ལག་པ་སྟོང་པར་ཕྱིར་མི་འགྲོ་སྙམ་དུ་ཡིད་དམ་བཅས་སོ། །རྒྱ་མཚོའི་ངོགས་སུ་སོང་སྟེ་རུས་སྦལ་ཁོག་པས་ཆུ་བཅུས་སོ། །ལྷ་རྣམས་ཀྱིས་ཀྱང་གྲོགས་དན་བགྱིས་པས་རང་རང་གི་གོས་ཕུད་དེ་ཆུར་བཅུག་ནས། ལན་ཅིག་ཕྱིར་ཕྱུང་བས་རྒྱ་མཚོའི་ཆུ་དཔག་ཚད་བཞི་བཅུ་འགྲིབ་བོ། །ལན་གཉིས་པས་དཔག་ཚད་བརྒྱད་ཅུ། ལན་གསུམ་པས་དཔག་ཚད་བརྒྱ་ཉི་ཤུ་འགྲིབ་པས་ཀླུ་དེ་དག་འཇིགས་ཏེ་ནོར་བུ་གསུམ་ཆར་ཕྱག་ཏུ་ཕུལ་བས་ནམ་མཁར་འཕུར་ཏེ་རང་གནས་སུ་ཕྱིན། སྔར་གྱི་བུ་མོ་བླངས། ཕ་མ་མྱ་ངན་གྱིས་མིག་ལོང་བའང་སོས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་པས་རྒྱལ་པོའི་བང་མཛོད་ཐམས་ཅད་གང་བ་དང་། འཛམ་བུའི་གླིང་གི་དབུལ་ཕོངས་རྒྱུན་བཅད་དོ། །


GTN004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ཞེ་དགུ་པ་ནི། མཛངས་༼ཨ༽བླུན་ལེའུ་ཞེ་གཉིས་པར་འབྱུང་བ་སྟེ། སྟོན་པ་མཉན་ཡོད་ན་བཞུགས་སོ། །ཡུལ་མ་ག་དྷཱ་ན་ཁྱིམ་བདག་ཅིག་ལ་བུ་ཞིག་བཙས་པ་ན་བང་མཛོད་ཀྱི་ནང་ནས་ངོ་མཚར་བ་གསེར་གྱི་གླང་པོ་ཆེའི་ཕྲུ་གུ་ཞིག་རང་བྱུང་ངོ་། །ཁྱེའུའི་མིང་གླང་པོ་སྐྱོང་ཞེས་བཏགས། ཁྱེའུ་ཇི་ཙམ་དུ་ཆེར་སྐྱེས་པ་བཞིན་གླང་པོ་ཆེའི་ཕྲུ་གུ་ཡང་སྐྱེས་ཏེ་ཁྱེའུ་དང་རྟག་ཏུ་འགྲོགས་ཤིང་གཅིན་རྟུག་ཀྱང་གསེར་དུ་བྱུང་ངོ་། །གླང་པོ་སྐྱོང་ཆེར་སྐྱེས་པ་ན་ཁྱེའུ་ལྔ་བརྒྱ་ཙམ་དང་ལྷན་ཅིག་རྩེ་བར་སྐབས་ཤིག་རང་རང་གི་ཁྱིམ་ན་ངོ་མཚར་ཆེ་བ་ཅི་ཡོད་དག་བཤད་པ་དང་། འགའ་ཞིག་ནི། ཡོ་བྱད་རྣམས་རིན་པོ་ཆེ་དང་། ཁ་ཅིག་སྐྱེད་ཚལ་ལ་སོགས་པ་རིན་པོ་ཆེ་ཡིན་པ་དང་། ལ་ལ་བང་མཛོད་རྣམས་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་ངོ་ཞེས་སྨྲས་པས་གླང་པོ་སྐྱོང་གིས་གླང་པོའི་ཕྲུ་གུའི་ལོ་རྒྱུས་བརྗོད་པས་རྒྱལ་བུ་མ་སྐྱེས་དགྲའང་དེར་ཡོད་པས་ཐོས་ཏེ། བདག་རྒྱལ་པོ་ནམ་གྱུར་པའི་དུས་སུ་གླང་ཆེན་འཕྲོག་གོ་སྙམ་མོ། །ཕྱིས་རྒྱལ་པོར་གྱུར་པའི་དུས། གླང་པོ་སྐྱོང་ལ་ཁྱོད་ཀྱི་གླང་པོ་ཆེ་ང་ལ་ཕུལ་ཅིག་བསྒོའོ། །དེའི་ཕ་མ་ན་རེ། མ་སྐྱེས་དགྲ་ལྟ་བུ་ཁྲོ་ཞིང་གཏུམ་ལ་འདོད་པ་ཆེ་བ་ཡེ་མེད་དེ། རང་གི་ཕ་ཡང་གསོད་པས་ན་གླང་པོ་ཆེ་ཡང་འཕྲོག་པར་འགྱུར་བས་སྦྱིན་དགོས་སོ། །བུས་སྨྲས་པ།


GTN004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ངའི་གླང་པོ་ཆེ་འདི་སུས་ཀྱང་ཕྲོགས་མི་ནུས་སོ་ཞེས་སྨྲས་ནས་སྤུན་གཉིས་གླང་པོ་ཆེ་ལ་ཞོན་ཏེ་རྒྱལ་པོའི་ཕོ་བྲང་གི་སྒོར་འོངས་པ་སྒོ་བས་མཐོང་ནས་རྒྱལ་པོ་ལ་གསོལ་བ་ན། གླང་པོ་སྐྱོང་སྤུན་གཉིས་གླང་པོ་ཆེ་ལས་མ་བབས་པར་ནང་དུ་ཤོག་ཅིག་ཅེས་གསུངས་པས། དེ་གཉིས་གླང་ཆེན་ལ་ཞོན་ཏེ་ཕོ་བྲང་གི་ནང་བར་འོངས་ནས་བབས་སོ། །རྒྱལ་པོ་ལ་ཕྱག་བྱས་ནས་བདེ་བར་གྱུར་ཅིག་སྨྲས་པས་རབ་ཏུ་དགའ་སྟེ་སྟན་བཤམས་ནས་བཟའ་བ་དང་བཏུང་བ་བྱིན་ཏོ། །གླང་པོ་སྐྱོང་གླང་པོ་ཞོག་ལ་ཁྱེད་ཅག་ཕྱིར་དེངས་ཤིག་གསུངས་པས་རྒྱལ་པོའི་བཀའ་བཞིན་སྤུན་གཉིས་རྐང་པས་ཕྱིར་འོང་བ་ན། གསེར་གྱི་གླང་པོ་རྒྱལ་པོའི་མདུན་གྱིས་དེ་ཉིད་དུ་ནུབ་སྟེ་སྒོའི་ཕྱི་རོལ་གླང་པོ་སྐྱོང་གི་དྲུང་དུ་བྱུང་བ་དང་སྤུན་གཉིས་དེ་ལ་ཞོན་ནས་ཕྱིར་སོང་། གླང་པོ་སྐྱོང་གིས། གླང་པོ་ཆེའི་དོན་དུ་རང་གི་སྲོག་ལ་རྒོལ་བར་འོང་གིས་རབ་ཏུ་བྱུང་ངོ་སྙམ་ནས། ཕ་མ་ལ་གསོལ་བས་ཀྱང་གནང་། ཕྱི་ཕྱག་འཚལ་ཏེ་གླང་ཆེན་ལ་ཞོན་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་བཏུད་ནས་ཇི་ལྟར་གྱུར་པ་གསོལ་པས། ལེགས་པར་འོངས་སོ་ཞེས་བཀའ་སྩལ་པ་ན་སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །དེ་ལ་སྟོན་པས་བདེན་བཞིའི་ཆོས་ཅི་རིགས་བསྟན་པས་དགྲ་བཅོམ་པར་གྱུར་ཏོ། །དགེ་སློང་གླང་པོ་སྐྱོང་ཡང་དགེ་སློང་གཞན་དང་འདུག་སྟེ་གསེར་གྱི་གླང་པོ་ཆེའང་རྟག་ཏུ་དྲུང་ན་འདུག་པ་ལ། མཉན་ཡོད་པ་རྣམས་ཀྱིས་དེ་བལྟ་བའི་ཕྱིར་མི་བརྒྱ་སྟོང་དུ་མ་འདུས་པར་གྱུར་པས་རྣལ་འབྱོར་སྤྱོད་པ་ལ་འདུ་འཛི་མང་བར་གྱུར་ཏོ། །


GTN004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་རྣམས་ཀྱིས་སྟོན་པ་ལ་ཞུས་པས། གླང་པོ་ཆེ་སྤོངས་ཤིག་བཀའ་སྩལ་པས། གསོལ་པ། བདག་གིས་ཀྱང་ཐོག་མ་ནས་སྤངས་པར་བསམས་ན། འགྲོར་མ་བཏུབ་བོ། །བཀའ་སྩལ་པ། ཁྱོད་ཀྱིས་འདི་སྐད་ལན་གསུམ་སྨྲོས་ཤིག །ང་ནི་སྐྱེ་བའི་ཕྱོགས་ཟད་དེ་ད་ཕྱིན་ཆད་མི་དགོས་ཞེས་སྨྲོས་ཤིག་དང་མེད་པར་འགྱུར་རོ། །དེ་ལྟར་བྱས་པས་གླང་པོ་ཆེ་སའི་ནང་དུ་ནུབ་བོ། །དགེ་སློང་རྣམས་ངོ་མཚར་ནས། གླང་པོ་སྐྱོང་གིས་བསོད་ནམས་ཅི་བགྱིས་ན་འབྲས་བུ་འདི་ལྟར་སྨིན་པར་གྱུར། བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་གཤེགས་ནས་མྱ་ངན་ལས་འདས་པའི་རིང་བསྲེལ་མང་དུ་ཡོད་པ་ལས་མཆོད་རྟེན་བྱས་པའི་ནང་དུ། ཐོག་མར་དགའ་ལྡན་ནས་བབས་ཏེ་ལྷུམས་སུ་གཤེགས་པའི་བཅིབས་པ་གླང་པོ་ཆེའི་མཆོད་རྟེན་ཞིག་ཀྱང་ཡོད་དེ། ནམ་ཞིག་གླང་ཆེན་གྱི་གཟུགས་ཅུང་ཟད་ཞིག་པ། མི་ཞིག་གིས་ཕྱག་འཚལ་དུ་འོངས་པས་མཐོང་སྟེ། འཇིམ་པ་སྦྱར་ཏེ་དེའི་སྟེང་དུ་ལྡོང་རོས་བྱུགས་ནས། བདག་མ་འོངས་པའི་དུས་སུ་རྟག་ཏུ་ཆོ་རིགས་བཙུན་ཞིང་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་མི་དེ་ནི་དགེ་སློང་གླང་པོ་སྐྱོང་ཡིན་ལ། དེ་ཚེ་འཕོས་མ་ཐག་ལྷར་སྐྱེས། དེ་ནས་མིའི་འཇིག་རྟེན་དུ་སྐྱེས་ཏེ། རྟག་ཏུ་ཆོ་རིགས་བཙུན་ལ་བྱད་གཟུགས་བཟང་ཞིང་ལོངས་སྤྱོད་དང་ལྡན། གསེར་གྱི་གླང་པོ་ཆེ་རྟག་ཏུ་བསྲུངས་པར་གྱུར་ཏོ། །དཀོན་མཆོག་གསུམ་གྱི་རྟེན་ལ་བཀུར་སྟི་བྱས་པས་རབ་ཏུ་བྱུང་། དགྲ་བཅོམ་པ་ཐོབ་པ་ཡིན་ནོ། །ཞེས་སོ། །


GTN004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་གསལ་རྒྱལ་གྱི་བུ་མོ་ཆོས་གོས་ཅན་དང་གླང་པོ་སྐྱོང་ཁྱིམ་ཐབ་ཏུ་གྱུར་པ་དེའང་གཞུང་གཞན་དུ་བཤད་དོ། །༈ ཡལ་འདབ་ལྔ་བཅུ་པ་ནི། སངས་རྒྱས་མཉན་ཡོད་དུ་བཞུགས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་དང་པོར་ཐུགས་བསྐྱེད་པ་དང་བསྙེན་བཀུར་མཛད་པ་ཡང་བཀའ་སྩལ་གྱི། ད་བདག་ཅག་རྣམས་ལས་ཀྱི་རྒྱུ་བ་ལུང་བསྟན་པར་བགྱིའོ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱི་གདོན་མི་ཟ་བར་མཛད་པ་ནི་བཅུ་སྟེ། འགའ་ཞིག་སངས་རྒྱས་སུ་ལུང་སྟོན་པ་དང་། མང་པོ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གདུལ་བྱ་ཐམས་ཅད་བཏུལ་བ་དང་མཆོག་ཟུང་གཅིག་བསྟན་པ་དང་། མཚམས་བཅད་པ་དང་། སྐུ་ཚེའི་ལྔ་ཆ་བཏང་བ་དང་། ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། ལྷ་ལས་བབས་པ་དང་། ཡབ་ཡུམ་བདེན་པ་ལ་བཀོད་པ་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ལས་ཀྱི་རྒྱུ་བ་ལུང་སྟོན་དུ་འཇུག་པར་མཛད་པ་རྣམས་སོ། །སྐབས་འདིར་ལས་ཀྱི་རྒྱུ་བ་ལུང་སྟོན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དགྲ་བཅོམ་ཆེན་པོ་ལྔ་བརྒྱར་གཅིག་གིས་མ་ཚང་བ་དང་ལྷན་ཅིག་མཚོ་མ་དྲོས་པར་གཤེགས་སོ། །སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་པས། ཀླུ་དགའ་བོ་དང་ཉེ་དགའ་ཡང་དེར་འོངས་ཤིང་། རིན་པོ་ཆེའི་པདྨའི་སྡོང་པོ་ཡང་


GTN004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཤིང་སྡོང་པོ་ནི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ། མེ་ཏོག་རྣམས་གསེར། ཟེའུ་ནི་རིན་པོ་ཆེ་རྡོ་རྗེ་ལས་བྱས་པའི་པད་སྡོང་ཆེས་ཆེ་བ་དེའི་དབུས་སུ་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པ་ལ་བཅོམ་ལྡན་འདས་ཉིད་བཞུགས། གཞན་པདྨ་སོ་སོར་ཉན་ཐོས་ཆེན་པོ་རྣམས་འདུག་གོ །དེའི་ཚེ་འཕགས་པ་ཤཱ་རིའི་བུ་ནི་བྱ་རྒོད་ཕུང་པོའི་རི་ལ་སྣམ་སྦྱར་དྲུབ་བོ། །སྟོན་པས་དེ་འབོད་པར་མོའུ་འགལ་བུ་མངགས་སོ། །དེས་རྫུ་འཕྲུལ་གྱིས་ཕྱིན་ནས་སྟོན་པ་དགེ་འདུན་དང་བཅས་པ་ཁྱོད་ཀྱི་དོན་དུ་བཞུགས་ཀྱི། ད་འདོང་ངོ་། །ཤཱ་རིའི་བུས་སྨྲས་པ་རེ་ཞིག་ཆོས་གོས་དྲུབས་ལ་དེ་ནས་འགྲོའོ། །དེར་མོའུ་འགལ་བུས་ངས་གྲོགས་བྱའོ་བྱས་ནས། སོར་མོ་ལྔ་ཆར་གྱིས་དྲུབས་ཏེ་སྐད་ཅིག་དེ་ལ་ཟིན་པར་བྱས་སོ། །དེ་ནས་ཤཱ་རིའི་བུས་སྣམ་སྦྱར་དེ། རྒྱ་ཅང་ཞེས་བྱ་བའི་སྐ་རགས་ཀྱི་ཁྱད་པར་ཞིག་གིས་བསྡམས་ཏེ་མོའུ་འགལ་བུ་ལ་བསྐུར་ནས་རྒྱ་ཅང་གི་སྣེ་མོ་བྱ་རྒོད་ཕུང་པོའི་རི་ལ་བཏགས་པ་ན་མོའུ་འགལ་བུས་དྲངས་པས་བྱ་རྒོད་ཕུང་པོའི་རི་རྩ་བ་ནས་འབྱིན་པ་ཙམ་དུ་གཡོས་རི་རབ་ལ་བཏགས་ན་གླིང་བཞི་དང་བཅས་པའི་རི་རབ་རབ་ཏུ་གཡོས་ཏེ། མཚོ་མ་དྲོས་པ་ཡང་གཡོས། དགེ་སློང་རྣམས་ཀྱང་ལྡེག་ན། བཅོམ་ལྡན་འདས་བཞུགས་པའི་པད་གདན་ནི་གཡོ་བ་མེད་པར་འདུག་གོ །དེ་ནས་སྟོན་པའི་བཞུགས་གདན་གྱི་པདྨ་ལ་བཏགས་པས་འགུལ་མ་ནུས་པར་འདུག་གོ །མོའུ་འགལ་བུ་ན་རེ། རྫུ་འཕྲུལ་རྣམ་པར་རྩེས་ཟིན་གྱི་འདོང་ངོ་། །ཤཱ་རིའི་བུ་ན་རེ། ཁྱོད་སོང་ཤིག །ང་འོང་ངོ་། །དེར་


GTN004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ལ་མོའུ་འགལ་བུ་མཚོ་མ་དྲོས་པའི་འགྲམ་དུ་ཕྱིན་པ་ན། དེའི་ཡང་སྔོན་དུ་ཤཱ་རིའི་བུས་སླེབ་སྟེ། སངས་རྒྱས་ལ་ཕྱག་འཚལ་བ་ཡང་ཟིན། པདྨའི་སྙིང་པོར་འདུག་ཀྱང་ཟིན་ཏོ། །དེར་དགེ་སློང་རྣམས་ཀྱིས། མོའུ་འགལ་བུ་རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་ལུང་སྟོན་ན། འཕགས་པ་ཤཱ་རིའི་བུས་ཕམ་པར་བྱས་པ་ལ་གཟིགས། ཞེས་ཞུས་པས། མཆོག་ཟུང་གི་སྔོན་གྱི་ལོ་རྒྱུས་མང་དུ་གསུངས་ནས། དེ་བཞིན་གཤེགས་པས་བརྙེས་པའི་ཏིང་ངེ་འཛིན་གྱི་མིང་གི་རྣམ་གྲངས་ཙམ་ཡང་རང་སངས་རྒྱས་ཀྱིས་མི་ཤེས། དེ་བཞིན་དུ་རང་རྒྱལ་གྱི་དེ་འདྲ་བ་ཤཱ་རིའི་བུ་དང་། ཤཱ་རིའི་བུའི་དེ་འདྲ་བ་མཽངྒལ་བུ་དང་། མོའུ་འགལ་བུས་ཐོབ་པའི་ཏིང་ངེ་འཛིན་གྱི་མིང་གི་རྣམ་གྲངས་ཙམ་ཡང་ཉན་ཐོས་གཞན་གྱིས་མི་ཤེས་སོ། །འོན་ཀྱང་མང་དུ་གནས་པ་ལ་བརྟེན་ནས་མཽངྒལ་བུ་རྫུ་འཕྲུལ་ཆེ་བའི་མཆོག་ཏུ་ལུང་བསྟན་ཏོ་གསུངས། དེ་ནས་འདི་སྐད་ཅེས་བྱ་སྟེ། འོད་སྲུང་ཆེ་དང་མཆོག་ཟུང་མཛེས་ལྡན་དང་། །བྱེ་བ་ཉི་ཤུ་ངག་དབང་བསོད་སྙོམས་ལེན། །ལེགས་འོངས་དགའ་ཡོད་གྲགས་པ་དཔལ་བསྐྱེད་དང་། །བ་ཀུ་ལ་དང་འོད་སྲུང་སྤུན་གསུམ་དང་། །གྲགས་པ་གཞན་དང་མེ་སྐྱེས་ཡུལ་འཁོར་སྐྱོངས། །ས་ག་བྱིན་པ་ཅན་དང་ལམ་ཕྲན་བརྟན། །སྦྲུལ་ཞོལ་མ་འགགས་རི་དྭགས་འཛིན་གྱི་བུ། །སྒྲ་གཅན་འཛིན་དང་དགའ་བོ་གྱད་བུ་ནོར། །ཉེ་སྡེ་བཟང་ལྡན་མཛེས་བཟང་སྦྲང་རྩི་ཅན། །རྒྱུ་ཅན་ཀཽ་དི་ནྱ་དང་ཉེ་བ་འཁོར། །འོད་བྱེད་ནམ་གྲུ་ལ་སོགས་དགྲ་བཅོམ་ཚོགས། །ཞེས་བྱའོ། །མདོ་ལས་དངོས་སུ་སྨོས་པ་དགེ་སློང་དེ་རྣམས་ཀྱིས་རང་རང་གི་ལས་
ཀྱི་རྒྱུ་བ་ལུང་བསྟན་ཅིང་། གཞན་ཡང་དགྲ་བཅོམ་པ་ལྔ་བརྒྱའི་བར་དུ་རང་རང་གི་སྔོན་གྱི་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་མཐར། སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་ལོ་དྲུག་ཏུ་དཀའ་བ་སྤྱད་དགོས་པའི་རྒྱུ་ལ་སོགས་པར་ཕྲིན་ལས་ཀྱི་རྒྱུ་བ་ཐམས་ཅད་ལུང་སྟོན་པར་མཛད་པ་ནི་དཔལ་གྱི་དུམ་བུར་འཁོད་པ་ཉིད། འདུལ་བ་སྨན་གྱི་གཞི་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་དོན་བསྡུས་པ་ཏེ་སླར་མ་སྨོས་ཤིང་། མོའུ་འགལ་བུ་ལས་ཤཱ་རིའི་བུའི་རྫུ་འཕྲུལ་འཕགས་པའི་སྔོན་འབྱུང་ནི། ཝཱ་རཱ་ཎ་སཱིར་དྲང་སྲོང་དུང་དང་བྲིས་པ་གཉིས་ཡོད། རེ་ཞིག་ཆར་ཆེས་པས་འདམ་རྫབ་ཆེ་ནས་དུང་གིས་རིལ་བ་སྤྱི་བླུགས་བསྣམས་པ་རྡེག་འཆོས་པས་ཆག་ཤོར་བས་དམོད་བོར་ཏེ། ལོ་བཅུ་གཉིས་སུ་ཆར་མི་འབེབས་པ་རྒྱལ་པོ་དང་སྐྱེ་བོའི་ཚོགས་ཀྱིས་ཐོས་པས་བཟོད་པར་གསོལ་ཡང་མ་གནང་བ་བྲིས་པ་ལ་ཞུས་པས་ཆར་འབེབས་པར་དམོད་པས་དེ་མ་ཐག་ཆར་དབབ་པ་དང་། ཡང་བྲིས་པས་དགོས་པ་འགའ་ཞིག་གི་ཕྱིར་དུང་གི་རྐང་པ་གཉིས་ལ་གཏུགས་པ་ལས། དེས་རྐང་པས་རལ་པ་མནན་པས་ཁྲོས་ཏེ། ཉི་མ་འཆར་ཀའི་དུས་ཀྱི་ཚེ་ཁྱོད་སྤྱི་བོ་གས་པར་གྱུར་ཅིག །དུང་གིས་སྨྲས་པ། དེ་ལྟར་ན་ཉི་མ་འཆར་བར་མ་གྱུར་ཅིག །ཅེས་བྱས་པས་འཇིག་རྟེན་མུན་རུབ་པ་ན། ཡུལ་མི་ཐམས་ཅད་ཀྱིས་དུང་ལ་གསོལ་བ་བཏབ་པ་ན། དེས་རྒྱུ་མཚན་བརྗོད་པས་བྲིས་པས་འཇིམ་པ་ལ་མགོ་བཅས་པས་ཉི་མ་ཤར་བ་ན་འཇིམ་བག་གི་མགོ་གས་པར་གྱུར་ཏོ། །དུང་ནི་མཽངྒལ་བུ། བྲིས་པ་ནི་ཤཱ་


GTN004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་བུའོ། །

ཡལ་འདབ་ང་གཅིག་པ་ནས་དྲུག་ཅུ་པའི་བར།


GTN004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་྿ ང་གཅིག་ནས་ང་བཞིའི་བར་གོ་སླའོ། །བློན་པོ་སེངྒེ་ཞབས་ཀྱིས། བྱང་ཆུབ་སེམས་དཔས་བུད་མེད་ཉིད་དུས་ནའང་། །རང་ལུས་ལས་ནི་ཤ་ནི་བཅད་ཅིང་བྱིན། །གཞན་དོན་ནུས་པའི་མི་ཡི་ལུས་ཉིད་ལ། །ལྷག་པའི་བསམ་པ་སྟོབས་ལྡན་སྨོས་ཅི་དགོས། །ཞེས་གཟུགས་ལྡན་མའི་སྐྱེས་རབས་གསུངས་པ་དེའོ། །༈ ཡལ་འདབ་ང་ལྔ་པ་ནི། མདོ་སྡེ་མཛངས་༼ཨ༽བླུན་ལེའུ་དང་པོར་འབྱུང་བ་དང་དོན་མཐུན་པ་སྟེ། ཕོ་བྲང་དེ་བ་ད་རྟ་ན་རྒྱལ་པོ་ཤི་བིའི་བཞུགས་པ་དེའི་འབངས་སུ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལྗོངས་སྟོང་ཕྲག་དྲུག་ཅུ། གྲོང་ཁྱེར་ཁྲི་ཁྲག་བརྒྱད་ཅུ། བཙུན་མོ་དང་ཕོ་བྲང་གི་སླས་སྟོང་ཕྲག་ཉི་ཤུ། རྒྱལ་བུ་ལྔ་བརྒྱ། བློན་པོ་སྟོང་ཕྲག་བཅུ་ཡོད་དོ། །སྐབས་འདིར་འཇིག་རྟེན་ན་སངས་རྒྱས་ཀྱི་ཆོས་ནི་ནུབ། བྱང་ཆུབ་སེམས་དཔའ་མེད་པས། ལྷའི་དབང་པོ་འཆི་ལྟས་ལས་སྐྱོབ་པ་མ་མཐོང་ནས་སྡུག་བསྔལ་བ་ན། བི་ཤྭ་ཀརྨས་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་རྒྱལ་པོ་ཤི་བིའི་ཡོན་ཏན་བསྒྲགས་པ་དེས་ཐེ་ཚོམ་སྟེ་སད་པར་ཆས་ནས། བི་ཤྭ་ཀརྨ་ཕུག་རོན་དུ་སྤྲུལ། བརྒྱ་བྱིན་ཁྲར་བརྫུས་པས་བསད་དུ་ཉེ་བར་བདས་ཏེ་རྒྱལ་པོའི་རྩར་བསྙགས་སོ། །དེར་ཁྲ་མས་ཕུག་རོན་གྱི་ལྗིད་དང་མཉམ་པ་རྒྱལ་པོ་རང་གི་ལུས་ལས་ཤ་ཐམས་


GTN004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཅད་དེ་སྦྱིན་པར་བརྩམས་ཀྱང་མ་འདང་བར་མཐར་རུས་པ་ཁོ་ནར་གཏུགས་ཏེ་སྲང་གི་ནང་དུ་འགྲོ་བར་བརྩམས་པ་ན་ཉམས་ཀྱིས་མ་ནུས་ཏེ་ས་ལ་འགྱེལ་ནས་བརྒྱལ་ལོ། །སླར་བརྒྱལ་སངས་པ་དང་འབད་པས་ཕྱིན་ཏེ་སྲང་སྟེགས་སུ་འདུག་པ་ན་ས་གཡོས་ཤིང་། ཕོ་བྲང་འགུལ་ཞིང་ལྡེག་ལ། ལྷས་ཀྱང་མེ་ཏོག་གི་ཆར་ཕབས་སོ། །དེའི་ཚེ་བརྒྱ་བྱིན་གྱིས་རང་གཟུགས་བསྟན་ཏེ། དཀའ་བ་སྤྱད་པའི་དགོས་པ་གང་ཡིན་སྨྲས་པས། བླ་ན་མེད་པའི་བྱང་ཆུབ་འདོད་དོ་གསུངས། ལུས་འདི་ལྟར་གྱུར་པ་ལ་འགྱོད་དམ་དྲིས་པས་འགྱོད་པ་མེད་པའི་བདེན་བརྗོད་ཀྱིས་ལུས་སྔ་མ་ལྟར་སོས་པ་ཡིན་ནོ། །༈ ཡལ་འདབ་ང་དྲུག་དང་ང་བདུན་གོ་སླའོ། །༈ ཡལ་འདབ་ང་བརྒྱད་པ་ནི། མདོ་སྡེ་༼ཨ༽མཛངས་བླུན་ལེའུ་སོ་བཞི་པར་འབྱུང་བ་དང་མཐུན་པ་ཉིད་དེ། མཉན་ཡོད་ན་སྟོན་པ་བཞུགས་སོ། །གྲོང་ཁྱེར་གྱི་མི་རྣམས་ཆོས་ཉན་དུ་ཆས་པ་ན། བྲམ་ཟེ་ལོང་བ་སྐད་རྣམ་པ་བརྒྱད་ལ་མཁས་པ་ཞིག་ཡོད་པ་དེ་ཡང་འོང་ངོ་། །ཐམས་ཅད་སངས་རྒྱས་མཇལ་ནས་སྟོན་པའི་གསུང་ཐོས་པས་ལོང་བ་དགའ་མགུ་རངས་ནས་དད་པ་སྐྱེས་ཏེ། མིག་གཉིས་རང་བྱེ་ནས་སངས་རྒྱས་ཀྱི་སྐུ་གསེར་མདོག་མཚན་དཔེས་བརྒྱན་པ་མཐོང་བ་དང་དགའ་བ་སྐྱེས་ཤིང་། སྡིག་


GTN004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་དགེ་བའི་ལས་ཁྲི་ཁྲག་ཉི་ཤུ་ཟད་དེ་རྒྱུན་ཞུགས་ཐོབ། ཤེས་རབ་ཀྱི་མིག་དང་ལྡན་པས་རབ་ཏུ་བྱུང་ནས་དགྲ་བཅོམ། འཁོར་རྣམས་ཀྱིས་དེའི་རྒྱུ་མཚན་ཞུས་པ་ན་གསུངས་ཏེ། སྔོན་བསྐལ་པ་ཚད་མེད་གྲངས་མེད་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར། ཡུལ་བུ་ག་ལ་ད་ན་རྒྱལ་པོ་མིག་འབྱེད་ཅེས་རྒྱལ་སྲིད་ཆོས་བཞིན་སྐྱོང་བས་མངའ་འོག་དར་ཞིང་རྒྱས་པར་གྱུར། རྒྱལ་ཕྲན་པ་ལ་ད་བར་ན་ཆོས་མིན་སྤྱོད་པས། དེ་ཡི་བློན་པོ་ལོ་ད་རས་བཟློག་པར་བརྩམས་པ་ན་ཁྲོས་ཏེ་བསད་པར་ཉེ་བར་བྲོས་ནས་རྒྱལ་པོ་མིག་འབྱེད་རྩར་འོངས། དེས་རྒྱལ་ཕྲན་མ་རུངས་པ་དེ་གདུལ་བར་གསོལ་བ་ན་དཔུང་ཚོགས་བཞི་ཁྱེར་ནས་འཕགས་པ། རྒྱལ་པོ་ངན་པ་དེས་ཐོས་པས་སྐྲག་སྟེ་ཅི་བྱ་བརྟོལ་མེད་པ་ན། བྲམ་ཟེ་མ་རུངས་པ་ཞིག་གིས་ལོག་པའི་བློ་བྱིན་པས་རྒྱལ་ཕྲན་དེས་བྲམ་ཟེ་ལོང་བ་ཞིག་རྒྱལ་པོ་མིག་འབྱེད་རྩར་མིག་གཉིས་སློང་དུ་མངགས་པས་དེས་ཀྱང་མིག་བྱིན་ཏེ་སྨོན་ལམ་བཏབ་པས། བྲམ་ཟེ་ལོང་བ་ཡང་མིག་གཉིས་ཀས་མཐོང་བར་གྱུར། དེར་ས་གཡོས་ཤིང་། ལྷས་ཀྱང་མེ་ཏོག་གི་ཆར་ཕབ། བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་འགྱོད་དམ་དྲིས་ནས་བདེན་བརྗོད་ཀྱིས་སྤྱན་མིག་སྔར་བཞིན་སོས་ཏེ། བྲམ་ཟེར་མིག་གསར་ཐོབ་པ་དང་། རིན་ཆེན་དུ་མ་བྱིན་ནས་རང་ཡུལ་དུ་ལོག་པའི་གཏམ་ཐོས་པའི་མོད་ལ་རྒྱལ་ཕྲན་པ་ལ་ད་བར་ན་དངངས་ཏེ་སྙིང་གས་ནས་ཤིའོ། །རྒྱལ་པོ་མིག་འབྱེད་ནི་སྟོན་པ་དང་། རྒྱལ་ཕྲན་དེ་ལྷས་བྱིན། བྲམ་ཟེ་ལོང་བ་ནི་ད་ལྟའི་འདིའོ་གསུངས།


GTN004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་ང་དགུ་པ་ནི། རྒྱལ་པོ་མྱ་ངན་མེད་ལ་བུ་བཅུ་གཅིག་ཡོད་པ་ལས་མཆོག་ཏུ་གྱུར་པ་ནི། ཀུ་ན་ལ་ཏེ་རི་གངས་ཅན་ལ་གནས་པའི་བྱ་ཀུ་ན་ལའི་མིག་དང་འདྲ་བའི་མིག་ཡོད་པས་དྲང་སྲོང་ཞིག་གིས་མིང་དེ་ལྟར་བཏགས། དེ་སྒྱུ་རྩལ་ཐམས་ཅད་ལ་མཁས་པར་གྱུར་པའི་དུས། མྱ་ངན་མེད་ཀྱི་བཙུན་མོ་སྐར་རྒྱལ་སྲུང་མ་ཞེས་བྱ་བ་དེ་ལ་ཆགས་ནས་ཐབས་ཀྱིས་ཁྲིད་པ་ལས། དེ་བག་ཡོད་པའི་ཕྱིར་དང་དུ་མ་བླངས་པས་སྐར་རྒྱལ་སྲུང་མ་ཁྲོས་སོ། །རེས་གཅིག་མྱ་ངན་མེད་བཤང་གཅི་འཁྲུ་སྐྱུགས་གཉིས་ཀར་བྱེད་པའི་ནད་བྱུང་ངོ་། །རི་བོར་ཞིག་ན་མི་ཞིག་དེ་ལྟར་ན་བ་སྐར་རྒྱལ་སྲུང་མས་ཐོས་ཏེ་དེ་བསད་ནས་ལྟོ་བ་ཕྲལ་ཏེ་བལྟས་པས་སྲིན་བུ་ཡན་ལག་མང་པོ་མི་བཟད་པ་ཞིག་གྱེན་ཐུར་དུ་འགྲོ་བ་ལས་འཁྲུ་སྐྱུགས་ཡོང་བར་ཤེས་སོ། །དེ་སྨན་གཞན་བཏབ་ཀྱང་མ་ཤི་ལ་སྒོག་སྐྱ་བཏབ་པས་ཤིའོ། །དེ་ནས་སྐར་རྒྱལ་སྲུང་མས་རྒྱལ་པོ་ལ་སྒོག་སྐྱའི་སྨན་མར་བཏང་ངོ་། །རྒྱལ་རིགས་རྣམས་སྒོག་སྐྱ་མི་ཟ་བ་ཡིན་ཡང་ནད་འཚོ་བའི་དོན་དུ་བསྟེན་པས་དེ་སོས་པ་ན། རྒྱལ་པོས་དམ་པ་སྦྱིན་པར་བྱས་པས་ད་ལྟ་མི་འཚལ་གྱིས་དུས་གཞན་ཞིག་ན་གསལ་ལོ། །ནམ་ཞིག་ན་ནུབ་བྱང་ཨུསྨ་པ་རནྟ་ཞེས་བྱ་བ་ཡུལ་ཐག་རིང་པོ་ཞིག་ན་རྒྱལ་པོ་གླང་པོའི་རྣ་བ་ཞེས་པ་ངོ་ལོག་པ་འདུལ་བའི་དོན་དུ་རྒྱལ་བུ་དམག་


GTN004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་སོང་ངོ་། །མཐར་རྒྱལ་པོ་དེ་འོག་ཏུ་ཆུད་པ་ཙམ་གྱི་དུས་མྱ་ངན་མེད་ལ་སྐར་རྒྱལ་སྲུང་མས་ལྷས་དམ་པ་སྩལ་པའི་དུས་ནི་ད་ལགས་ཏེ་བདག་ལ་ཞག་བདུན་དུ་རྒྱལ་སྲིད་འཚལ་ལོ། །དེས་ཀྱང་བྱིན་པ་ན་ཀུ་ན་ལའི་མིག་ཕྱུང་ཞིག་ཅེས་པའི་ཡི་གེ་བྲིས་ཏེ། རྒྱལ་པོའི་དམ་རྒྱ་བརྐུས་ནས་བཏབ་སྟེ་ཕོ་ཉ་ཨུསྨ་པ་རནྟར་བརྫངས་སོ། །དེའི་རྒྱལ་པོས་ཡི་གེ་ཀློག་ཀྱང་ཀུ་ན་ལའི་མིག་འབྱིན་པར་མ་ནུས་ཏེ། དེའི་ཚེ་ཀུ་ན་ལ་ཉིད་ཀྱིས་ཡི་གེ་བཀླགས་པ་ན་རྒྱལ་པོའི་བཀར་ཤེས་ནས་མིག་འབྱིན་པར་བརྩམ་པའི་ཚེ། མིག་ཡ་གཅིག་ཕྱུང་ལ་ངའི་ལག་ཏུ་གཏོད་ཅིག་ཟེར་བ་བཞིན་བྱས་པ་ན། སྔོན་དགྲ་བཅོམ་པ་ཞིག་གིས་དེ་ལྟར་འོང་བར་དགོངས་ཏེ། མི་རྟག་པ་ལས་བརྩམས་པའི་ཆོས་མང་དུ་བསྟན་པའི་དོན་རྟག་ཏུ་ཡིད་ལ་བྱེད་བཞིན་པ་ཡིན་པས་མིག་དེ་མཐོང་བས་རྐྱེན་བྱས་ཏེ་རྒྱུན་དུ་ཞུགས་པ་ཐོབ་བོ། །དེ་ནས་གཡོག་དང་བྲལ་བར་པི་ཝཾ་ལེན་ཞིང་ཡུལ་དང་ཡུལ་དུ་སོང་བ་ལས་མཐར་པ་ཊ་ལི་པུ་ཏྲའི་གླང་པོ་ཆེའི་ར་བར་སླེབ་པ་ལས་གླང་པོ་ཆེ་ཅང་ཤེས་ཀྱིས་ངོ་ཤེས་ཏེ་ཕྱག་བྱས་སོ། །མི་རྣམས་ཀྱིས་ནི་མ་ཤེས་ཏེ་ཐོ་རངས་གླང་རྫི་རྣམས་ཀྱིས་པི་ཝཾ་ལོངས་ཤིག་ཟེར་བས་ག་མ་ཀའི་གླུ་དང་བཅས་པི་ཝཾ་བླངས་པས། རྒྱལ་པོས་ཁང་བཟང་གི་རྩེ་མོ་ནས་བུ་ཡི་སྐད་འདྲ་བ་ཐོས་སོ། །ནང་པར་རྩད་བཅད་པས་ཡིན་པར་ཤེས་ཏེ་རྒྱུ་མཚན་བརྟགས་པས་རྒྱལ་པོ་རབ་ཏུ་ཁྲོས་ཏེ་སྐར་རྒྱལ་སྲུང་མ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་ནས་མེ་ལ་སྲེགས་ཤིག་བསྒོ་བ་ན། ཀུ་ན་ལས་བདག་གི་བུ་དང་སྐར་རྒྱལ་སྲུང་མ་ངོ་མཉམ་པའི་བདེན་ཚིག་གིས་མིག་


GTN004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཆུད་ནས་མེ་ལ་བསྲེག་པ་ཡང་བཟློགས་སོ། །དེ་རབ་ཏུ་བྱུང་ནས་དགྲ་བཅོམ། དེའི་སྲས་མྱ་ངན་བྲལ་རྒྱལ་སྲིད་ལ་བཀོད། དེའི་ཚེ་ཡུལ་ཨཽ་ཌི་སི་ཤར་བྲམ་ཟེ་ར་གྷུ་པ་ཅེས་བྱ་བ་ལོང་སྤྱོད་ཕུན་སུམ་ཚོགས་པ་དཀོན་མཆོག་ལ་དད་པ་ཞིག་ཡོད་པའི་རྨི་ལམ་དུ་ལྷས་བསྐུལ་ཏེ། ནང་པར་ཁྱོད་ཀྱི་ཁྱིམ་དུ་དགེ་སློང་མཐུ་དང་རྫུ་འཕྲུལ་ཆེ་བ་ཕྱོགས་ཀུན་གྱི་འཕགས་པ་སྡུད་ནུས་པ་ཞིག་བསོད་སྙོམས་ལེན་པར་འགྱུར་ལ། དེ་ལ་གསོལ་བ་ཐོབ་ཅིག་ཅེས་སོ། །ནང་པར་དགྲ་བཅོམ་བསོས་བྱིན་བྱོན་པ་ལ་གསོལ་བ་བཏབ་པས། འཕགས་པ་བརྒྱད་ཁྲི་ཙམ་འདུས་པ་ལོ་གསུམ་དུ་དུས་སྟོན་བྱས་པས་བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་དེའི་ཁྱིམ་དུ་རིན་པོ་ཆེའི་ཆར་ཕབ་བོ། །དེས་ཀྱང་ཇི་སྲིད་འཚོའི་བར་དུ་སློང་བ་པོ་འབུམ་ཕྲག་རེ་རེ་ཉིན་རེར་ཚིམ་པར་བྱེད་དོ། །༈ ཡལ་འདབ་དྲུག་ཅུ་པ་ནི། སྟོན་པ་མཉན་ཡོད་ན་འོ། །ཀླུ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་འདུས་ལ་ཉིན་མོ་བྱེ་མ་མེ་ཡི་མདོག་ལྟ་བུ་ལན་གསུམ་བབས་ཤིང་། དེས་ལུས་བསྲེགས་ནས་ཀེང་རུས་ཙམ་ཞིག་ལུས་པར་བྱེད་དོ། །ཀླུ་གཞོན་ནུ་ཆུང་ངུ་ཞིག་ཀྱང་དེ་ལྟར་གྱུར་ནས་སྡུག་བསྔལ་བར་གྱུར་པ་ན། མ་ལ་ཡུན་ཇི་སྲིད་དུ་བྱེ་མས་སྲེག་ཅེས་དྲིས་པས། ལས་མ་ཟད་ཀྱི་བར་དུ་འོ་ཟེར། ཀླུ་རྫུ་འཕྲུལ་ཆེ་བ་རྣམས་ཀྱི་ལུས་ལ་


GTN004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབབ་པར་མཐོང་ནས། མ་ལ་ཅི་ཡིན་དྲིས་པས། དེ་དག་ནི་མཐུ་དང་རྫུ་འཕྲུལ་ཆེ་བ། བསྐལ་པར་གནས་ཤིང་ས་འཛིན་པ། འདབ་ཆགས་མཁའ་ལྡིང་གིས་ཀྱང་དབྱུང་མི་ནུས་པས་མི་འབབ་བོ་ཟེར། རང་དང་མཉམ་པ་འགའ་ལའང་མི་འབབ་ནས་ཅི་ཡིན་བྱས་པས། འདི་དག་གིས་སངས་རྒྱས་ལས་བསླབ་པའི་གཞི་དང་སྐྱབས་འགྲོ་བླངས་པས་སོ་ཟེར། བདག་གིས་ཀྱང་དེ་ལྟར་བྱ་འོ་བྱས་པས། བུ། སྐྱབས་འགྲོ་བསླབ་གཞི་བླངས་ནས་མི་སྲུང་ན་ཡུན་རིང་པོར་དམྱལ་བའི་སྡུག་བསྔལ་མྱོང་དགོས་ཀྱི་ཚེ་འདིའི་སྡུག་བསྔལ་ནི་བླའོ་ཟེར་ཡང་སྡུག་བསྔལ་འདི་ལས་ཆེ་ཅི་ཞིག་ཡོད་སྙམ་དུ་བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དགེ་སློང་དག་མཐོང་ནས་རབ་ཏུ་དད་དེ། རབ་ཏུ་འབྱུང་ངོ་སྙམ་ནས་དགེ་སློང་ཞིག་གི་དྲུང་དུ་ཕྱིན་ཏེ་རབ་ཏུ་འབྱུང་བར་ཞུས་པས། དེས་ཁོ་བོ་གསར་བུ་ཡིན་གྱི་མཁན་པོའི་དྲུང་དུ་འདོང་ངོ་སྨྲས་ནས། རང་གི་མཁན་པོའི་དྲུང་དུ་ཁྲིད་དེ་ཞུས་པ་ན། བསྙེན་པར་རྫོགས་ནས་ཡལ་བར་བོར་ན་ཤིན་ཏུ་མི་རུང་ངོ་ཞེས་སྟོན་པས་གསུངས་ཕྱིར་འདིའང་དམྱལ་བར་ལྷུང་། ཁོ་བོ་ཡང་ལྷུང་བས་དེ་ཕྱིར་རབ་ཏུ་མི་འབྱུང་ངོ་། །དགེ་སློང་དེས་ཞུས་པ། མཁན་པོ་རབ་ཏུ་དབྱུང་དང་བདག་གིས་བསླབ་པར་བགྱིའོ། །དེས་དེ་རབ་ཏུ་དབྱུང་། བསྙེན་པར་རྫོགས་ནས་སྔར་གྱི་དགེ་སློང་ལ་བཅོལ། དེས་དེ་ལ་གཅིག་ལས་འཕྲོས་པའི་ལུང་བཀླགས་པས་དེས་ཀྱང་བརྩོན་འགྲུས་ཀྱིས་ཤེས་ཏེ། སློབ་དཔོན་གྱིས། འོ་སྐོལ་ལྷན་ཅིག་ཏུ་བསོད་སྙོམས་ལ་འཇུག་གམ། སོ་སོར་འཇུག་གསུངས།


GTN004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མིའི་ཟས་ཀྱིས་མི་འཚོ་བར་ཤེས་ཏེ་སོ་སོར་འཇུག་གོ་སྨྲས་ཏེ། དེས་ཀླུ་ལས་བདུད་རྩི་བླངས་ཤིང་ཟོས་ནས་ཕྱིར་འོངས། ཀླུ་རྣམས་གཉིད་ཆེ་བ་ཡིན་པས་གཉིད་ལོག་སྟེ་སད་པའི་ཚེ་ན་སློབ་དཔོན་ཀྱང་བསོད་སྙོམས་བླངས་ནས་བྱོན་ནོ། །ཉིན་གཅིག་དགེ་སློང་དེ་བསོད་སྙོམས་གློ་བུར་བ་བླངས་ནས་ཕྱིར་འོངས་པ་དང་། གནས་ཁང་ན་མགར་བའི་སྦུད་པ་ལྟ་བུའི་སྒྲ་ཐོས་པས། སྒོའི་བུ་ག་ནས་བལྟས་པ་ན་སྦྲུལ་འཁྱིལ་པས་ཁང་པའི་ནང་གང་བར་མཐོང་སྟེ། སྤྲུལ་པ་སྤྲུལ་པ་ཞེས་སྨྲས་པས་དེ་སད་ནས་སྔར་གྱི་ཆ་ལུགས་སུ་འདུག་གོ །སྐབས་འདིར་བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་ནས། འདི་ཅི་ཡིན་ཞེས་བཀའ་སྩལ་པས། སྤྲུལ་པ་ལགས་སོ་ཞུས། དགེ་སློང་དག་སྤྲུལ་པ་ནི་ཆོས་འདུལ་བ་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས། རབ་ཏུ་འབྱུང་འདོད་པ་རྣམས་ལ་དང་པོར་སྤྲུལ་པ་མ་ཡིན་ནམ་ཞེས་འདྲི་བར་བྱའོ། །བཞིན་བཟང་། ཀླུའི་ཕུང་པོ་འདིས་ཡོན་ཏན་འགའ་ཡང་མི་འཐོབ་ཀྱིས། དགེ་སློང་རྣམས་ལ་མ་འཚེ་བར་སོང་ཞིག་གསུངས། དེས་བསམ་པ། འབབ་པར་མི་བྱའོ་སྙམ་ནས་སཱ་ལའི་དགོན་པ་ཞིག་ཏུ་སོང་སྟེ། གཙུག་ལག་ཁང་ཤིན་ཏུ་མཛེས་པ་ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་སྤྲུལ་ནས། དེར་དགེ་སློང་གློ་བུར་དུ་འོངས་པ་དང་། འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་དོ། །རྒན་ཞུགས་ཤིག་དེར་དབྱར་གནས་ནས་མཉན་ཡོད་དུ་འོངས་པ་ན། དེའི་ཚེ་དྲུག་སྡེའི་ཀུན་སྤྱོད་ནི། དེར་བྲམ་ཟེའམ། ཁྱིམ་བདག་འོངས་པ་རྣམས་ལ་ཆོས་བསྟན་ཅིང་རྒོལ་བ་དག་ཀྱང་ཚར་བཅད་རང་གི་གྲགས་


GTN004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པའང་བསྒྲགས་སོ་སྙམ་ནས། དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཚལ་གྱི་སྒོར་འདུག་པ་ལས། དེ་ཉིན་ཉེ་དགའ་ཡོད་པས་དགེ་སློང་རྒན་ཞུགས་དེ་འོངས་པ་མཐོང་སྟེ། འདི་ནི་གནས་བརྟན་ཞིག་གོ་སྙམ་ནས་བསུས་ཏེ། གནས་བརྟན། བྱོན་པ་ལེགས་སོ་ཞེས་སྨྲས་པས། དེས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །ཉེ་དགས། ཀྱེ་མ་འདི་ནི་རྒན་ཞུགས་ཤིག་སྟེ། སློབ་དཔོན་ཡང་མི་ཤེས། མཁན་པོའང་མི་ཤེས་སོ་སྙམ་ནས། རྒན་ཞུགས། ཁྱོད་གང་ནས་འོངས། སཱ་ལའི་དགོན་པ་ནས་སོ། །དེ་ན་གཙུག་ལག་ཁང་ཡོད་དམ། ཡོད་དོ། །ཡོ་བྱད་ཀྱང་ཕུན་སུམ་ཚོགས་པའོ། །དེ་ན་ཅི་ཡོད། དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་དོ། །ཉེ་དགའ་གཙུག་ལག་ཁང་དུ་སོང་སྟེ་དྲུག་སྡེ་དག་ལ་སྨྲས་པ། བདག་ཅག་གིས་ཡུན་ཇི་སྲིད་ཀྱི་བྲེལ་བ་སྤང་བར་བྱ། ཁྱོད་ཀྱིས་ཐོས་པ་ཅུང་ཟད་ཅིག་ཡོད་དམ། ཡོད་དེ་སྔར་གྱི་ཚུལ་བཤད་ནས་འདོང་ངོ་། །དེ་དག་སོང་བ་དང་དེས་མཐོང་ནས། གནས་ངན་ལེན་ཀུན་ཏུ་སྤྱོད་པ་དེ་དག་འདིར་འོང་མོད། ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པས་འདི་དག་གིས་བདག་ལ་ཅི་བྱར་ཡོད་སྙམ་ནས་རྒན་རིམ་གྱིས་གནས་མལ་བསྐོས་ཤིང་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ། །དེ་དག་ཉི་མ་ཉུང་ཤས་ཤིག་འཁོད་ནས་དེ་ལ་སྨྲས་པ། རྒན་ཞུགས་ཁྱོད་ལ་འདུ་བ་དང་འགོད་པ་མི་སྣང་བས་གྲངས་ཐོབ་ཅིག །ཅུང་ཟད་ཉམས་པའམ། གཅིག་ཏུ་མ་གྱུར་ཏམ། མ་གྱུར་མོད་ཚངས་པར་མཚུངས་སྤྱོད་རྣམས་ཀྱིས་དྲུག་སྡེས་གཙུག་


GTN004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་དེར་དབྱར་གནས་ན་འདུ་འགོད་མི་ཤེས་སོ་ཞེས་བདག་ཅག་སྨད་པར་འགྱུར་རོ། །དེ་ལྟ་ན་བགྱིའོ། །ཇི་ཙམ་ན། ལོ་བཅུ་གཉིས་ནའོ། །ལོ་བཅུ་གཉིས་ན་ཁྱོད་ཀྱིས་གཙུག་ལག་ཁང་འདིའི་སྒོ་འཕར་ཡང་ཟོས་པར་འགྱུར་རོ། །ལོ་བདུན་ནའོ། །མི་རུང་ངོ་། །ཟླ་བ་བདུན་ནའོ། །མི་རུང་ངོ་། །ཉིན་ཞག་བདུན་ནའོ། །དེ་བཞིན་བགྱིའོ། །དེས་བསམ་པ་ཞག་བདུན་ན་གཙུག་ལག་ཁང་འདི་མི་སྣང་བར་འགྱུར་རོ་སྙམ་ནས། དེས་ཚངས་པར་མཚུངས་སྤྱོད་ངེས་པ་རྣམས་ལ་ཆོས་གོས་གསུམ་དང་། རྔུལ་གཟན་དང་། ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་ཕུལ་ལོ། །དེ་དྲུག་སྡེས་མཐོང་ནས། འདི་ཕྱོགས་ཚོལ་གྱིས་ཞག་བདུན་ནས་ཕྱོགས་དང་བཅས་པ་གདོན་ནོ། །དེས་ཞག་བདུན་འདས་ནས་དེ་དག་ཉལ་བ་དང་གཙུག་ལག་ཁང་སྤྲུལ་པ་མི་སྣང་བར་བྱས་ཏེ་རྒྱ་མཚོའི་འགྲམ་དུ་སོང་ངོ་། །དྲུག་སྡེས་སྒྲེ་བོ་ལ་ཉལ་ཞིང་འཁོད་ནས་སྨྲས་པ་དགའ་བོ་ཉེ་དགའ། ལོངས་ལ་རྡོ་རྒྱུས་ལོང་ཞིག་དང་གྲངས་འདེབས་སུ་གཞུག་གོ །དེ་དག་གིས་ས་སྒྲེ་བོ་ལ་ཉལ་བར་མཐོང་ནས་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་ཞིག་བདག་ཅག་གིས་མཐོ་འཚམས་པས་གཙུག་ལག་ཁང་མི་སྣང་བར་བྱས་ཏེ་སོང་བ་དེ་ལྷའམ་ཀླུ་སུ་ཡིན་ཟེར་བའི་སྐབས་དེ་སྟོན་པ་ལ་གསོལ་བ་དང་། དགེ་སློང་དག་དགེ་སློང་ཞལ་ཏ་བྱེད་པ་དེ་ནི་སྤྲུལ་པ་དེ་ཉིད་ཡིན་ཏེ། དྲུག་སྡེས་ཐོ་མ་བཙམས་ན་བསྟན་པ་མཐར་ཐུག་གི་བར་དུ་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པར་འགྱུར་རོ། །ཉེས་དམིགས་དེ་ནི་གཙུག་ལག་ཁང་འདུ་འགོད་མི་མངོན་པ་དེར་གྲངས་འདེབས་སུ་གཞུག་པ་


GTN004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་པ་ཡིན་པས་འདུ་འགོད་མི་མངོན་པ་དེར་གྲངས་འདེབས་སུ་གཞུག་པར་མི་བྱའོ་ཞེས་སོགས་གསུངས། དེའི་འོག་ཏུ་རྒྱ་མཚོའི་འགྲམ་དུ་གཙུག་ལག་ཁང་ཞིག་སྤྲུལ་ཏེ་རྒྱ་མཚོ་ཆེན་པོའི་ཀླུ་རྣམས་བྲམ་ཟེ་དང་ཁྱིམ་བདག་གི་ཆ་བྱད་དུ་སྤྲུལ་ནས། དེ་ལས་ཆོས་ཉན་ཏོ། །ཆོས་ཐོས་ནས་གློ་བུར་དུ་འོངས་པ་དང་། འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་དོ། །རྒན་ཞུགས་ཤིག་དེར་དབྱར་གནས་ནས་མཉན་ཡོད་དུ་འོངས་པ་སོགས་སྔར་དང་འདྲ་ལ། དེ་ནས་རྒྱ་མཚོ་ཆེན་པོའི་ཀླུ་བྲམ་ཟེ་དང་ཁྱིམ་བདག་གི་ཆ་ལུགས་སུ་བྱས་པ་དེ་དག་ལ་ཆོས་སྟོན་པ་ཐོས་ནས་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཀྱིས་བསྟབས་པ་དང་། དྲུག་སྡེས་སྨྲས་པ། འདིས་ཅི་ཤེས། གཅིག་ལས་འཕྲོས་པའོ། །འདི་ནི་གླེན་པས་གཅིག་ལས་འཕྲོས་པའི་ཆོས་སྟོན་གྱི། འདི་དག་ནི་སྡེ་སྣོད་གསུམ་པ། ཆོས་སྒྲོགས་པ། རིག་གྲོལ་གྱི་སྤོབས་པ་ཅན་ཤ་སྟག་ཡིན་ན་ཅིའི་ཕྱིར་འདི་ལ་གསོལ་བ་མི་འདེབས། འཕགས་པ་བདག་གིས་བཟློག་གམ། ཁྱེད་ཅིའི་ཕྱིར་མི་སྟོན། དགའ་བོ་ཉེ་དགའ་རྒན་ཞུགས་འདི་བདག་ཅག་ལ་མི་མཐུན་པར་བྱེད་ཀྱིས་གནས་ནས་དབྱུང་ངོ་། །དེས་བསམ་པ། བདག་ཕུད་འོང་ན་ཀླུའི་གནས་སུ་ཡང་སྐབས་མི་རྙེད་སྙམ་ནས་དེ་དག་ཉལ་བ་དང་གཙུག་ལག་ཁང་དེའང་མི་སྣང་བར་བྱས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་དག་བྱེ་མའི་ཐང་ལ་ཉལ་ཞིང་འཁོད་ནས་སྨྲས་པ། སེངྒེའི་ཁྲི་ཤོམས་དང་ཆོས་བསྟན་པར་བྱའོ། །དེ་དག་གིས་བྱེ་མའི་
ཐང་དུ་ཉལ་བ་མཐོང་ནས། དཀོན་མཆོག་གསུམ་ལ་མཆོད་པ་ཞིག་བདག་ཅག་གིས་ཐོ་བཙམས་པས་གཙུག་ལག་ཁང་མི་སྣང་བར་བྱས་ནས་སོང་བ་དེ་ལྷའམ། ཀླུའམ། སུ་ཡིན་ཞེས་པའི་སྐབས་དེ་གསོལ་པས། ཆོས་སྨྲ་བ་དེ་ནི་སྤྲུལ་པ་དེ་ཉིད་ཡིན་ཏེ། དྲུག་སྡེས་ཐོ་བཙམས་པ་མིན་ན་བསྟན་པ་མཐར་ཐུག་གི་བར་དུ་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པར་འགྱུར་རོ་གསུངས།

ཡལ་འདབ་རེ་གཅིག་པ་ནས་བདུན་ཅུ་པའི་བར།


GTN004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་གཅིག་པ་ནི་གོ་སླའོ། ། ༈ ཡལ་འདབ་རེ་གཉིས་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞིར་འབྱུང་བ་འགོད་ན། བཅོམ་ལྡན་འདས་ཝཱ་རཱ་ཎ་སཱིར་འབབ་ཆུ་གནོད་པ་ཅན་གྱི་འགྲམ་ན་བཞུགས་སོ། །དེའི་ཚེ་ཝཱ་རཱ་ཎ་སཱིར་རིགས་ཀྱི་གཙོ་བོ་ཞེས་བྱ་བ་ལ་བུ་གྲགས་པ་ཡོད། དེ་ཉིན་རེ་བཞིན་བུད་མེད་ཀྱིས་བྱས་པའི་རོལ་མོས་རྩེ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པས་ལུས་སྐམ་ནས་དུབ་སྟེ་རྒུད་པས་གཉིད་ལོག་གོ །བུད་མེད་རྣམས་ཀྱང་དེ་ལྟ་བུར་གྱུར་ནས་གཉིད་ལོག །གྲགས་པ་མཚན་མོར་གཉིད་སད་དེ་བལྟས་པས་བུད་མེད་ཐམས་ཅད་སྒྲེན་མོ་བྱུང་ལ་སྐྲ་ཞིག་ལག་པ་བརྐྱང་སྟེ་བྱུང་རྒྱལ་དུ་བླ་བ་མཐོང་ནས་རང་གི་ཆུང་མ་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ཏེ། མྱུར་བར་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་གཅིག་གོན་ནས་སྒོར་བུད་དེ། གྲོགས་པོ་བདག་ནི་གཙེས་སོ། །


GTN004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་བདག་ནི་ཉམས་སོ་ཞེས་སྨྲེ་སྔགས་འདོན་ནོ། །དེར་མི་མ་ཡིན་རྣམས་ཀྱིས་ཉལ་ཁང་དང་། ཁྱིམ་གྱི་སྒོ་དང་། གྲོང་ཁྱེར་གྱི་སྒོ་རྣམས་རིམ་པར་ཕྱེ་ནས་གྲགས་པས་སྐད་ངན་འདོན་པའང་མི་ཐོས་པར་བྱས་སོ། །དེ་ནས་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་སོང་བ་དང་། བཅོམ་ལྡན་འདས་ཆུ་དེའི་ཕ་རོལ་ན་གཙུག་ལག་ཁང་དུ་བཞུགས་ཡོད་པར། གྲགས་པ་འོང་བར་མཁྱེན་ནས་ཕྱི་རོལ་དུ་འཆག་པར་བྱེད་པ། དེས་ཀྱང་འབབ་ཆུའི་ཚུར་རོལ་ནས་མཐོང་སྟེ། དགེ་སྦྱོང་བདག་ནི་གཙེས་སོ། །དགེ་སྦྱོང་བདག་ནི་ཉམས་སོ་ཞེས་སྐད་ངན་ཕྱུང་བས། སྟོན་པས། གཞོན་ནུ་ཚུར་ཤོག །འདི་ནི་ཁྱོད་ལ་འཚེ་བ་དང་ཉམས་པ་མེད་པ་ཡིན་ནོ་གསུངས། དེས་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཆུ་འགྲམ་དུ་ཕུད་ནས་འབབ་ཆུ་གནོད་པ་ཅན་བརྒལ་ཏེ་སངས་རྒྱས་ཀྱི་དྲུང་དུ་ཕྱིན་པ་དང་། སྟོན་པས་གྲགས་པ་ཁྲིད་དེ་གཙུག་ལག་ཁང་དུ་གདན་བཤམས་པ་ལ་བཞུགས་སོ། །གྲགས་པས་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་པ་ན། སྟོན་པས་གྲགས་པ་དབུགས་དབྱུང་གཟེངས་བསྟོད། སྦྱིན་པ་དང་ཚུལ་ཁྲིམས་དང་། མཐོ་རིས་ཀྱི་གཏམ། འདོད་པ་རྣམས་ལ་མནོག་ཆུང་ཞིང་ཉེས་དམིགས་སོགས་ཆོས་ཀྱི་གཏམ་རྒྱ་ཆེན་པོར་མཛད། དེ་ནས་དེའི་སེམས་མཁྱེན་བཞིན་དུ་བདེན་པ་བཞིའི་ཆོས་བསྟན་པས་གྲགས་པ་སྟན་དེར་འདུག་བཞིན་དུ་བདེན་པ་མཐོང་ནས་ཆོས་རྣམས་ལ་མི་འཇིགས་པ་ཐོབ་སྟེ་བཅོམ་ལྡན་འདས་ལ་བཏུད་ནས་ཡང་དག་པར་སྐྱབས་སུ་བཟུང་ངོ་། །


GTN004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་བྲན་མོ་ཞིག་མཚན་མོར་གཉིད་སད་པས་གྲགས་པ་མལ་ན་མི་སྣང་བར་མཐོང་སྟེ་ཁྱིམ་བདག་རིགས་ཀྱི་གཙོ་བོའི་གམ་དུ་སོང་ནས་དེ་ལྟར་བཤད་པས། གཞོན་ནུ་ནོར་གྱི་ཕྱིར་དུ་ཆོམ་རྐུན་ནམ་གཡོན་ཅན་གྱིས་ཁྲིད་དམ་སྙམ་དུ་ཡིད་རྟབ་རྟབ་པོར་གྱུར་ནས་ཕྱོགས་བཞིར་ཕོ་ཉ་བཀྱེ། རང་ཉིད་མི་ལག་ན་སྒྲོན་མེ་ཐོགས་པ་མང་པོ་དང་བཅས་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་སོང་བས་རིན་པོ་ཆེའི་ལྷམ་བརྒྱ་སྟོང་རི་བ་ཟུང་གཅིག་ཕུད་པ་མཐོང་ནས། གཞོན་ནུ་ཆུ་འདི་ཉིད་དུ་བརྒལ་བར་གྱུར་ཏོ་སྙམ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་དང་། སྟོན་པས་གྲགས་པ་མི་མཐོང་བར་བྱིན་གྱིས་བརླབས་སོ། །རིགས་ཀྱི་གཙོ་བོས་སྟོན་པ་ལ། གཞོན་ནུ་གྲགས་པ་གཟིགས་སམ་ཞུས་པས། ཁྱིམ་བདག་དེའི་ཕྱིར་འདུག་ཅིག་དང་། སྟན་འདི་ཁོ་ནར་གཞོན་ནུ་གྲགས་པ་མཐོང་བའི་གནས་ཡོད་དོ་གསུངས། དེར་རིགས་ཀྱི་གཙོ་བོས་ངེས་པར་སྟོན་པས་གཞོན་ནུ་གཟིགས་སོ་སྙམ་ནས་ཡིད་ཤིན་ཏུ་དགའ་སྟེ། སྟོན་པ་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་པ་དང་ཆོས་ཀྱི་གཏམ་མཛད། དེའི་བསམ་པ་དང་མཐུན་པར་ཆོས་བསྟན་པས་བདེན་པ་མཐོང་། ཚེ་དང་ལྡན་པ་གྲགས་པ་ཡང་དགྲ་བཅོམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲགས་པ་སྣང་བར་བྱས་ཏེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྒྱན་གྱིས་བརྒྱན་བཞིན་དུ་ནི་ཆོས་སྤྱད་དེ། །དུལ་ཞིང་ཡང་དག་སྡོམ་པ་ཚངས་སྤྱོད་ལ། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི། །དེ་ནི་བྲམ་ཟེ་དགེ་སྦྱོང་དགེ་སློང་ཡིན། །གསུངས་སོ། །


GTN004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་གསུམ་པ་ནི། འོད་སྲུང་གི་རིགས་ལས་བྲམ་ཟེ་ནྱ་གྲོ་དྷཱ་སྐྱེས་ཞེས་བྱ་བ། འདོད་པ་སྤངས་པ་ཞིག་ཡོད་པ་ཡབ་ཀྱིས་བག་མ་ལེན་པར་བརྩམ་པ་ན། ཛམྦུ་ཆུ་གསེར་ལས་བུད་མེད་མཆོག་གི་གཟུགས་བྱས་ཏེ། འདི་འདྲ་བ་རྙེད་ན་བླང་ངོ་སྨྲས་པས། དེས་ཀྱང་དེ་འདྲ་བ་བཞི་བྱས་ཏེ་ཕྱོགས་བཞིར་འཚོལ་དུ་བཏང་བ་ལས། ནུབ་ཕྱོགས་སུ་སོང་བ་དག་གིས་ཀ་ལིངྒའི་གྲོང་ཀ་པི་ལ་ཞེས་བྱ་བ་ན། བྲམ་ཟེ་སེར་སྐྱའི་བུ་མོ་སེར་སྐྱ་བཟང་མོ་ཞེས། ཛམྦུའི་ཆུ་གསེར་ལས་ཀྱང་ལྷག་པའི་ཁ་དོག་ཏུ་འདུག་ནས་བྲམ་ཟེ་ཕོ་ཉ་རྣམས་ཀྱིས་དེ་ལ་སློང་བ་ན། དེས་ཀྱང་ཉེ་དུ་རྣམས་དང་གྲོས་བྱས་སེར་སྐྱ་བཟང་མོ་བྲམ་ཟེ་ནྱ་གྲོ་དྷཱ་སྐྱེས་ཀྱི་བག་མར་བཏང་ངོ་། །དེ་ནས་དེ་གཉིས་མིང་སྲིང་གི་འདུ་ཤེས་ཀྱིས་ཁྱིམ་དུ་གནས་ཀྱང་ཚངས་པར་སྤྱོད་ཅིང་། གཅིག་ཉལ་བའམ་འདུག་པ་ན་ཅིག་ཤོས་འཆག་པའི་སྤྱོད་ལམ་གྱིས་གནས་སོ། །དེ་ནས་དེ་གཉིས་ཀ་རབ་ཏུ་འབྱུང་བར་འདོད་ཀྱང་ཕ་མས་མ་གནང་བས་ལོ་བཅུ་གཉིས་ཀྱི་བར་དུ་ཁྱིམ་དུ་གནས་ནས་ཚངས་པར་སྤྱོད་དོ། །ཕ་མ་དག་འདས་པའི་འོག་ཏུ་འོད་སྲུང་ནྱ་གྲོ་དྷཱ་སྐྱེས་ཀྱིས་ཞིང་ལ་སོགས་པ་ཕྱིའི་ལས་ཀྱི་མཐའ་ལ་བལྟས། སེར་སྐྱ་བཟང་མོས་ཁྱིམ་གྱི་ལས་ཀྱི་མཐའ་ལ་བལྟས་ན་ཐམས་ཅད་སྡུག་བསྔལ་དང་བཅས་པར་མཐོང་སྟེ། ཁྱིམ་གྱི་འབྱོར་པ་ཐམས་ཅད་སྦྱིན་པར་བཏང་བ་


GTN004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉེན་བཤེས་སོགས་ལ་བགོས་ཏེ་གཏད། བྲན་ཕོ་མོ་དང་དུད་འགྲོ་རྣམས་མི་འཕོངས་ཤིང་མི་སྐོལ་བར་བྱས། འདི་སྐད་ཅེས། བྲེའུ་ཆུང་གང་གི་འབྲས་ཆན་བརྡུངས། །མལ་གཅིག་གིས་ནི་བདེ་བར་སྐྱེད། །རས་བཅོས་ཟུང་ཞིག་བཅང་བར་བྱ། །ལྷག་མ་གཏི་མུག་ཡོངས་སུ་འཛིན། །ཞེས་བརྗོད་དེ་འོད་སྲུང་ནྱ་གྲོ་དྷཱ་སྐྱེས་དང་སེར་སྐྱ་བཟང་མོ་གཉིས་དུས་གཅིག་ཏུ་ཁྱིམ་ནས་ཕྱི་རོལ་དུ་བྱུང་སྟེ། རས་ཡུག་ཆེན་རེ་རེ་ཁྱེར་ནས་ཕན་ཚུན་ཅི་བདེ་བར་གནང་བ་སྦྱིན་ཏེ་ལམ་ཁ་ཕྲག་གཅིག་ནས་སོ་སོར་གྱེས་སོ། །སེར་སྐྱ་བཟང་མོ་ནི་མུ་སྟེགས་བྱེད་རྫོགས་བྱེད་ཅེས་བྱ་བ་གཅེར་བུའི་སྤྱོད་པ་ཅན་རྣམས་ཀྱི་དྲུང་དུ་རབ་ཏུ་བྱུང་། འོན་ཀྱང་ཕྱིས་ཡུན་རིང་ཞིག་ལོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཡང་ཐོབ་བོ། །འོད་སྲུང་ནྱ་གྲོ་དྷཱ་སྐྱེས་ནི། སྟོན་པ་དྲུག་ལ་སོ་སོར་ཚངས་པར་སྤྱོད་པའི་ལམ་དྲིས་ཀྱང་ལོག་པར་སྟོན་པར་བྱེད་པས་ཡིད་མ་མགུ་སྟེ། མཐར་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མངས་ཀྱི་མཆོད་རྟེན་ན་བཞུགས་པ། འོད་སྲུང་ནྱ་གྲོ་དྷཱ་སྐྱེས་ཤིང་གཅིག་པའི་དྲུང་ན་ཡོད་པས་མཐོང་སྟེ། ཨེ་མ་བདག་གིས་སྟོན་པ་མཐོང་ངོ་སྙམ་སྟེ་རབ་ཏུ་དགའ་བ་ཆེན་པོས་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ནས་ཞབས་ལ་ཕྱག་བྱས་ནས་བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ཏེ། བདག་ནི་ཁྱོད་ཀྱི་ཉན་ཐོས་ལགས་སོ་ཞེས་ལན་གསུམ་དུ་ཞུས་པས་སྟོན་པས་མཐུན་འགྱུར་སྩལ་ཏེ། ཁས་བླངས་དེ་ཁོ་ནས་རབ་ཏུ་བྱུང་ཞིང་བསྙེན་


GTN004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའོ། །བཀའ་སྩལ་པ། འོད་སྲུང་དེ་ལྟ་བས་ན། འདི་ལྟར་བསླབ་པར་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྐྱེ་བ་དང་འཇིག་པས་རྗེས་སུ་གནས་པས་བལྟ་བར་བྱའོ། །ཞེས་སོགས་གསུངས་ཏེ་དེ་བཞིན་གཤེགས་པ་བཞུད་དོ། །འོད་སྲུང་གིས་གདམས་ངག་དེ་བསྒོམས་པས་ཉི་མ་དེ་ལ་རྒྱུན་ཞུགས་ཐོབ་ཅིང་ཞག་བརྒྱད་ཀྱི་བར་དུ་སློབ་པའི་ལམ་ལས་འདས་པར་བྱས་ནས་ཉི་མ་དགུ་པ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། ཁྱད་པར་ཐོབ་པ་གཞན་རྣམས་ལས་ཀྱང་ཆེས་ཁྱད་པར་ཐོབ་པས་འོད་སྲུང་ཆེན་པོ་ཞེས་བྱ་བར་གྲགས་སོ། །དེ་ནས་ལན་གཅིག་འོད་སྲུང་གིས་རས་འབུམ་རི་བའི་སྣམ་སྦྱར་ཁ་དོག་བཟང་པོ་གྱོན་ཞིང་། སྟོན་པས་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གསོལ་ཏེ་ལྷན་ཅིག་ཏུ་གཤེགས་པ་ལ། གང་དུ་སྟོན་པ་བཞུགས་པ་དེར་བདག་གི་སྣམ་སྦྱར་གདིང་ངོ་སྙམ་པ་ལས་སྟོན་པ་བཞུགས་པར་བརྩམས་པ་ན། དེས་སྣམ་སྦྱར་བལྟབ་ནས་བཏིང་པའི་སྟེང་དུ་ཅུང་ཟད་བཞུགས་ནས། ཁྱོད་ཀྱི་སྣམ་སྦྱར་ཡང་ངོ་འཇམ་མོ་ཞེས་གསུངས་སོ། །འོད་སྲུང་གིས་སྟོན་པ་ལ། བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་གི་སྣམ་སྦྱར་བཞེས་སུ་གསོལ། །ཅེས་ཞུས། དེ་ནས་འོད་སྲུང་གི་སྣམ་སྦྱར་སྟོན་པས་བཞེས། སྟོན་པའི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་འོད་སྲུང་ཆེན་པོ་ལ་གནང་ངོ་། །


GTN004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་བཞི་པ་ནི། འདུལ་བ་༼ཁ༽སྨན་གྱི་གཞི་ལས་འབྱུང་བ་བསྡུ་བར་བྱ་སྟེ། སྔོན་བྱང་ཕྱོགས་ལྔ་ལེན་དང་། ལྷོ་ཕྱོགས་ལྔ་ལེན་གྱི་རྒྱལ་པོ་འདྲ་མཉམ་ལ། བྱང་ཕྱོགས་ལྔ་ལེན་གྱི་རྒྱལ་པོ་ནོར་ཅན་ཞེས་པ་ཡིན་པས་རྒྱལ་སྲིད་ཆོས་བཞིན་སྐྱོང་བས་གྲོང་ཁྱེར་གླང་པོའི་ཁྱིམ་ཞེས་འབྱོར་ཞིང་རྒྱས་སོ། །དེ་ན་མཚོ་ཡིད་དུ་འོང་བར་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་གནས་པས་ཆར་འབེབས་ཤིང་ལོ་ཏོག་ཀྱང་ལེགས་སོ། །ལྷོ་ཕྱོགས་ལྔ་ལེན་རྒྱལ་པོ་ཆོས་མིན་སྤྱོད་པས་རྒྱལ་ཁབ་འགྲིབ་ཅིང་། འབངས་རྣམས་ཀྱང་བྱང་ཕྱོགས་ལྔ་ལེན་གྱི་ཡུལ་དུ་ཕལ་ཆེར་དོང་ངོ་། །ལྷོ་ཕྱོགས་རྒྱལ་པོས་རང་གི་ཡུལ་རྣམས་བརྟག་པ་ན། གྲོང་རྡལ་དང་གྲོང་ཁྱེར་གང་ཡིན་པ་དག་སྟོངས་ཤིང་སྐྱེད་ཚལ་དང་ལྷ་ཁང་རྣམས་ནི་ཞིག་རལ་དུ་གྱུར་པ་མཐོང་ནས་བློན་པོ་རྣམས་ལ་དྲིས་པས་སྔར་གྱི་རྒྱུ་མཚན་སྨྲས་ཤིང་། ཡུལ་དེར་ཀླུ་སྐྱེ་བ་སྣ་ཚོགས་པ་རྫིང་བུར་གནས་པའི་མཐུར་སྨོས་པས། དེ་སྔགས་མཁན་ཞིག་ལ་འགུགས་སུ་འཇུག་པར་བསྒོས་ཤིང་རྒྱལ་པོ་རང་གིས་རྒྱལ་མཚན་གྱི་རྩེར་གསེར་གྱི་ཐུམ་པོ་བཅིངས་ནས། གང་ཀླུའི་བུ་དགུག་ནུས་པ་དེ་ལ་གསེར་ཐུམ་སྦྱིན་པ་དྲིལ་བསྒྲགས་སོ། །ཇི་ཙམ་ནས། སྔགས་མཁན་ཞིག་གིས་བདག་ལ་གསེར་གྱི་ཐུམ་པོ་བྱིན་ཞིག་དང་ལས་དེ་བགྱིའོ་ཞེས་སྨྲའོ། །གླང་པོའི་ཁྱིམ་དུ་སོང་ནས་མཚོ་དེའི་ཁོ་ར་


GTN004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་ཡུག་བརྟགས་ན་མཚན་མ་ལ་མཁས་པས་དེར་ཡོད་པ་མཐོང་སྟེ། གཏོར་མ་དང་ཡོ་བྱད་ཀྱི་ཕྱིར་སླར་སོང་ནས་བློན་པོ་རྣམས་ལ། གཏོར་མ་དང་ཡོ་བྱད་རྣམས་སྩོལ་ཅིག་དང་ཞག་བདུན་ནས་ཁྲིད་འོང་ངོ་། །དེ་ཀླུའི་བུས་ཤེས་ཏེ་ཞག་བདུན་ན་ཕ་མ་བྲལ་བའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་གྱིས་སུ་ལ་སྐྱབས་བཙལ་སྙམ་ནས་བརྟགས་པས། རྔོན་པ་སྤང་ལེབ་ཅན་ཞེས་མཚོ་དེའི་དྲུང་དུ་གནས་བཅས་ནས་སྲོག་ཆགས་སྣ་ཚོགས་གསོད་པ་ཞིག་ཡོད་པ་དེས་སྐྱོབ་ནུས་པར་ཤེས་ཏེ། མིའི་གཟུགས་ཀྱིས་དེའི་གམ་དུ་སོང་ནས། ཀྱེ། ནང་རྗེ། ནོར་ཅན་གྱི་ཡུལ་འདིར་ལོངས་སྤྱོད་ཕུན་སུམ་ཚོགས་པ་སུའི་མཐུ་ལས་བྱུང་ཤེས་སམ། དེས་སྨྲས་པ། ཤེས་ཏེ་རྒྱལ་པོ་ཉིད་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བས་སོ། །གཞན་ཡང་། མཚོ་འདིར་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་གནས་པས་ལོ་ཏོག་ལྷག་པར་ལེགས་པར་བྱེད་དོ། །ཀླུའི་བུ་ན་རེ། གལ་ཏེ་ཀླུའི་བུ་རྒྱལ་པོ་དང་ཡུལ་མིས་འཕྲོག་ན་ཁྱོད་ཀྱིས་ཇི་ལྟར་བྱ། སྲོག་དང་བྲལ་བར་བྱའོ། །ཀླུའི་བུ་གང་ཡིན་པ་དེ་ནི་ང་ཡིན་ཏེ་ལྷོ་ཕྱོགས་ལྔ་ལེན་པའི་སྔགས་པས་ཞག་བདུན་ན་འཕྲོག་པར་འགྱུར་གྱི། དེ་འོངས་པའི་ཚེ་ཁྱོད་ཡིབས་ནས་འདུག་དང་། དེས་མཚོ་ངོགས་སུ་སེང་ལྡེང་གི་ཕུར་པ་གྲྭ་བཞིར་བཙུགས་ལ་ཚོན་སྐུད་སྣ་ཚོགས་བྲེས་ཏེ་གསང་སྔགས་རྗོད་པས། མཚོ་ཁོལ་ཞིང་ལུང་པར་འགྱུར་ནས་ང་ཡང་འོངས་པ་ན་ཁྱོད་ཀྱིས་སྔགས་པ་དེར་མདས་གནད་དུ་སྣུན་ལ་དེ་མ་ཐག་དྲུང་དུ་སོང་སྟེ། གསང་སྔགས་སླར་སྡུས་ཤིག །མ་བསྡུས་ན་ཁྱོད་ཀྱི་མགོ་བྲེག་གོ་ཞེས་སྨྲོས་


GTN004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །དེས་གསང་སྔགས་མ་བསྡུས་པར་འཆི་སོང་ན་བདག་ཇི་སྲིད་འཚོའི་བར་དུ་གསང་སྔགས་ཀྱི་ཞགས་པས་བཅིངས་པར་འགྱུར་རོ་ཟེར། རྔོན་པས་ཁས་བླངས་ནས་ཞག་བདུན་གྱི་ཉིན་པར་གབ་སྟེ་འདུག་པ་དང་། སྔགས་པ་དེས་ཆོ་ག་བྱས་པ་དང་། རྔོན་པས་མདའ་རྒྱབ་པ་སོགས་སྔར་བསླབས་པ་བཞིན་བྱས། གསང་སྔགས་བསྡུས་པ་དང་རྔོན་པས་དེ་བསད་དོ། །དེར་ཀླུའི་བུ་ཤིན་ཏུ་དགའ་ནས་རང་གནས་སུ་ཁྲིད་ནས་བཟའ་བཏུང་རྣམ་པ་སྣ་ཚོགས་བྱིན། དེ་དང་དེའི་ཕ་མ་དག་གིས་རིན་པོ་ཆེ་སྣ་ཚོགས་བྱིན་ནས་སླར་འོངས་སོ། །མཚོ་དེའི་ཉེ་ལོགས་བསྟི་གནས་ཕུན་སུམ་ཚོགས་པ་ཞིག་ཏུ་དྲང་སྲོང་བྱམས་སྙིང་རྗེ་ཅན་ཞིག་ཡོད་པ་དེའི་མདུན་དུ་རྔོན་པ་སོང་ནས་སྔར་གྱི་ལོ་རྒྱུས་བཤད་པས། དེ་ལ་དོན་ཡོད་པ་ཞེས་བྱ་བའི་ཞགས་པ་ཞིག་ཡོད་པ་དེ་སློངས་ཤིག་ཅེས་དྲང་སྲོང་གིས་ལུང་བསྟན་པ་ལྟར་སླར་ཀླུའི་གམ་དུ་སོང་ནས་ནན་གྱིས་བསླངས་པས། ཞགས་པ་དེས་ནམ་མཁའ་ལྡིང་གི་འཇིགས་པ་ལས་སྐྱོབ་ཀྱང་། རྔོན་པ་དྲིན་ཆེ་བས་བྱིན་ནོ། །ཇི་ཙམ་ན། རྒྱལ་པོ་ནོར་ལྡན་ལ་རིགས་སྲས་གང་ཡང་མ་བྱུང་བས་ཞི་བ་དང་། ཆུ་ལྷ་ལ་སོགས་པ་ལ་གསོལ་བ་འདེབས་སོ། །འཇིག་རྟེན་ན་དེས་བུ་འབྱུང་བའི་གཏམ་ཡོད་ཀྱང་མི་བདེན་ཏེ། གལ་ཏེ་དེས་བུ་འབྱུང་ན་འཁོར་ལོས་སྒྱུར་རྒྱལ་བཞིན་དུ་བུ་སྟོང་སྟོང་ཡོད་པར་འགྱུར་རོ། །ཇི་ཞིག་ན། བསྐལ་བཟང་གི་བྱང་སེམས་ཤིག་བཙུན་མོའི་མངལ་དུ་ཞུགས་སོ། །དཀུ་གཡས་པར་རྟེན་པས་བུ་ཕོ་ཡིན་པར་ཤེས་ཏེ། ནོར་ལྡན། དགྱེས་པར་མཛོད་ཅིག །


GTN004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བུ་ཕོ་ཞིག་ཞུགས་པར་གྱུར་ཏོ་སྨྲས་པས། དེ་ཤིན་ཏུ་དགའ་སྟེ་སྨོན་ལམ་ལེགས་པར་བཏབ་ནས་བཙུན་མོ་ལ་བཀུར་སྟི་དང་རིམ་གྲོ་ཆེར་སྐྱེད། ཟླ་བ་དགུ་ནས་ཁྱེའུ་གཟུགས་མཛེས་བལྟ་ན་སྡུག་པ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟར་འདུག་པ། ལག་པ་རིང་ལ་དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟེངས་མཐོ་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་རྒྱལ་པོས་ཐོས་ནས་དགའ་སྤྲོ་དཔག་མེད་སྐྱེས་ཏེ། ཕོངས་པ་ལ་སྦྱིན་པ་བྱིན། བཙོན་པ་ཐམས་ཅད་མངགས་སོ། །ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་བྱས་ནས་མིང་ནོར་བཟངས་སུ་བཏགས་སོ། །དེ་མ་མ་བརྒྱད་ཀྱིས་སྐྱེད་སྲིང་ནས་ཆེན་པོར་གྱུར་པ་ན་གཙུག་ལག་ཡོངས་སུ་རྫོགས་པ་ཁོང་དུ་ཆུད་དོ། །དེའི་ཕས་ཆུང་མ་གསུམ་པོ་བླངས་ནས་གནས་པའི་ཁང་པ་གསུམ་ཡང་བརྩིགས་སོ། །དུས་གཞན་ཞིག་ན་རྔོན་པ་སྤང་ལེབ་ཅན་རི་དྭགས་ཚོལ་ཞིང་སོང་བ་ལས། བསྟི་གནས་ལེགས་པ་ཞིག་ཏུ་དྲང་སྲོང་སྤྱོད་ལམ་རྣམ་པར་མཛེས་པ་ཞིག་རྩྭའི་སྤྱིལ་བུ་ན་འདུག་པར་མཐོང་ནས་དེར་སོང་སྟེ་ཞབས་ལ་ཕྱག་བྱས་ནས་ལེགས་ལྡན་ཁྱོད་འདིར་བཞུགས་ནས་ཡུན་ཇི་སྲིད་སོང་། ལོ་བཞི་བཅུ་ལོན་ནོ། །དེ་སྲིད་དུ་ངོ་མཚར་ཆོས་འགའ་གསན་གཟིགས་བྱུང་ངམ་བྱུང་སྟེ། མཚོ་ཕ་གི་ཚངས་པ་འདུ་བའི་རྫིང་ཞེས་བྱ་ལ། ཚེས་བཅོ་ལྔའི་དུས་མིའམ་ཅིའི་རྒྱལ་པོའི་བུ་མོ་ཡིད་འཕྲོག་མ་ཞེས་བྱ་བ་མིའམ་ཅི་མོ་ལྔ་བརྒྱས་བསྐོར་ཏེ་ཁྲུས་ལ་འོངས་ཤིང་། དེ་ཡི་


GTN004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བྲོ་གར་དང་གླུ་ལ་སོགས་པའི་སྒྲ་སྙན་པོས་བྱ་དང་རི་དྭགས་རྣམས་ཀྱང་ཡིད་འཕྲོག་པར་བྱེད། ཁོ་བོའང་དེའི་སྒྲ་ཐོས་ནས་དགའ་བ་དང་བདེ་བས་ཞག་བདུན་ཁྱབ་སྟེ་རྨད་བྱུང་གི་ཆོས་འདི་དག་མཐོང་ངོ་སྨྲས་སོ། །རྔོན་པས་དེ་ཡིད་ལ་བརྣག་ནས་ཚེས་བཅོ་ལྔའི་ཚེ་དོན་ཡོད་ཞགས་པ་བཟུང་ནས་མཚོ་འགྲམ་དུ་ཡིབ་སྟེ། ཡིད་འཕྲོག་མ་བྱུང་བ་དང་ཞགས་པ་བཏབ་པས་ཟིན་ཏོ། །དེའི་ཚེ་མཚོའི་ནང་དུ་མཆོང་རྒལ་ཞིང་འཇིགས་པའི་སྒྲ་ཡང་ཕྱུང་བ་དང་། མིའམ་ཅི་མོ་ལྔ་བརྒྱས་མཐོང་སྟེ་སྐྲག་ནས་བྲོས་སོ། །རྔོན་པས་བཟུང་བར་བརྩམས་པ་ན། དེ་ན་རེ། མ་རབས་ཁྱོད་ནི་ང་ལ་མ་རེག་ཅིག །ཁྱོད་ཀྱི་འདི་ནི་ཐོག་ཏུ་བབ་མ་ཡིན། །ང་ནི་གཟུགས་བཟང་རྒྱལ་གྱི་འོས་ཡིན་པས། །འཛིན་པ་ལེགས་པར་འགྱུར་བ་མ་ཡིན་ནོ། །རྔོན་པ་ན་རེ། མ་བཟུང་ན་ཁྱོད་འབྲོས་པར་འགྱུར་རོ། །དེས་སྨྲས་པ། ཁོ་མོ་མི་འགྲོས་ཀྱི་ཡིད་མི་ཆེས་ན་གཙུག་གི་ནོར་བུ་འདི་སུའི་ལག་ན་གནས་པ་དེའི་ཁོ་མོ་དབང་དུ་འགྱུར་རོ་བྱས་ནས་ནོར་བུ་རྔོན་པ་ལ་གཏད་ནས་དེས་ཁྲིད་སོང་ངོ་། །དེའི་ཚེ་གཞོན་ནུ་ནོར་བཟང་རི་དྭགས་བཤོར་དུ་འོངས་པ་རྔོན་པས་མཐོང་ནས་ངོ་ཤེས་ཏེ། གལ་ཏེ་ཡིད་འཕྲོག་མ་འདི་དང་པོར་ཕུལ་ན་ངོ་སོ་དང་བཅས་པར་འགྱུར་ལ། མ་ཕུལ་ན་འཕྲོག་པར་འགྱུར་རོ་སྙམ་ནས། ཞགས་པས་བཅིངས་བཞིན་དུ་གཞོན་ནུ་ལ་ཕུལ་ལོ། །གཞོན་ནུས་བལྟས་པས། མིའམ་ཅི་མོ་ཡིད་འཕྲོག་མ། བུད་མེད་ཀྱི་མཚན་བཅོ་བརྒྱད་ཀྱིས་བརྒྱན་ཞིང་། ཡོན་ཏན་ཐམས་ཅད་འདུས་པ། བུད་མེད་ཕལ་པ་གང་གིས་ཀྱང་མཚོན་ཏུ་མི་བཏུབ་པ་ལྟ་ན་སྡུག་པ་དེ་ལྟ་བུ་


GTN004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་མ་ཐག་ཏུ་འདོད་ཆགས་ཀྱི་ཚོར་བ་དྲག་པོས་གཟིར་ཏེ་ཚིགས་བཅད་ཀྱང་སྨྲས་པ། དབྱར་གྱི་ཆར་སྤྲིན་ནང་ནས་གློག་ནི་འགྱུ་བ་ལྟར། །བཞིན་རས་ཟླ་བ་འདྲ་དེ་ནོར་བཟངས་ཀྱིས་མཐོང་སྟེ། །དེ་ལ་ཆགས་པའི་འདོད་པ་སྟེག་ཚོལ་ལས་བྱུང་བའི། །འདོད་ཆགས་མདའ་ཡིས་དེ་ཡི་སེམས་ལ་ཕོག །ཅེས་སོ། །དེ་ནས་ནོར་བཟང་གིས་ཡིད་འཕྲོག་མ་ཁྲིད་དེ་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་སོང་ནས་རྔོན་པ་ལ་ཡང་གྲོང་ཁྱེར་མཆོག་ཅིག་བྱིན་ནོ། །དེ་དག་སྟེང་གི་ཁང་བཟང་གི་གཞིར་དོང་ནས་ལྷན་ཅིག་རྩེ་དགའ་ལོངས་སུ་སྤྱོད་ཅིང་ཡིད་འཕྲོག་མ་དང་གཞོན་ནུ་ནོར་བཟང་སྐད་ཅིག་ཀྱང་འབྲལ་མི་ཕོད་དོ། །ཇི་ཙམ་ན། བྲམ་ཟེ་གཉིས་ཤིག་ལྗོངས་རྒྱུ་ཞིང་འོངས་པ་ལས་གཅིག་ནི་རྒྱལ་པོར་རྟེན་བཅས་པས་མདུན་ན་འདོན་དུ་བཅུག །ལོངས་སྤྱོད་ཀྱི་སྐལ་བ་ཡང་བྱིན་ཏོ། །གཅིག་ནི་གཞོན་ནུ་ལ་རྟེན་བཅས་པས་ལོངས་སྤྱོད་ཀྱི་སྐལ་བ་ཙམ་ཞིག་བྱིན་པ་དང་། དེ་ན་རེ། ཁྱོད་རྒྱལ་པོར་གྱུར་པའི་ཚེ་བདག་ཇི་ལྟར་བྱ། ཁྱོད་ཀྱི་གྲོགས་པོ་བཞིན་དུ་ངའི་མདུན་ན་འདོན་དུ་གཞུག་གོ །ཞེས་པའི་གཏམ་དེ་བྲམ་ཟེ་མདུན་ན་འདོན་གྱིས་ཐོས་ནས། གཞོན་ནུ་རང་གིས་ཀྱང་རྒྱལ་སྲིད་མི་ཐོབ་པ་ཞིག་ངས་བྱ་ན་མདུན་ན་འདོན་དུ་གཞུག་པ་ལྟ་ཞོག་སྙམ་མོ། །དུས་ཤིག་ན་རི་འོར་བ་མི་སྲུན་པ་འགས་སྡོ་བར་གྱུར་པ་ལ། དེ་ཆོམ་འབེབས་པར་དམག་ཆེན་ལན་བདུན་དུ་བཏང་ཡང་ཐམས་ཅད་བཅོམ་ནས་སླར་ལོག་གོ །དེའི་ཚེ་བློན་པོ་རྣམས་ཀྱིས། ལྷ། མངའ་འོག་ན་མཚོན་ཐོགས་ཇི་སྙེད་མཆིས་


GTN004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཐམས་ཅད་བསྡུ་ནས་རི་འོར་བ་འདུལ་དུ་གསོལ། བྲམ་ཟེ་མདུན་ན་འདོན་གྱིས་གཞོན་ནུ་ནོར་བཟང་བསད་པར་འགྱུར་བའི་དུས་ནི་འདི་ཡིན་ནོ་སྙམས་ནས། ལྷ། དེ་ལྟ་བུས་ནི་རྔོ་མི་ཐོག་གི་གཞོན་ནུ་ནོར་བཟང་དར་ལ་བབ་ཅིང་མཐུ་རྩལ་ལྡན་པ་འདི་དམག་དཔོན་དུ་བཏང་ན་ལེགས་སོ། །རྒྱལ་པོས་ཀྱང་རིགས་པར་བསམ་ནས། གཞོན་ནུ་བོས་ཏེ་བསྒོ་བ་ན། དེས་ཀྱང་ཁས་བླངས་ནས་བཙུན་མོ་རྣམས་ཀྱི་གན་དུ་སོང་བ་དང་ཡིད་འཕྲོག་མ་མཐོང་བས་ཐམས་ཅད་བརྗེད་དོ། ཡང་རྒྱལ་པོས་བསྒོ་བ་དང་། ཡང་མཐོང་མ་ཐག་ཏུ་བརྗེད་དོ། །མདུན་ན་འདོན་གྱིས། ཚུལ་དེ་རྒྱལ་པོ་ལ་ཞུས་ནས་ད་ཡིད་འཕྲོག་མའི་དྲུང་དུ་མི་མཆི་བར་གཏང་བར་མཛོད་ཅིག་གསོལ་པས་རྒྱལ་པོས་ཀྱང་གནང་སྟེ། བློན་པོ་རྣམས་ཀྱིས་དཔུང་ཚོགས་ཡན་ལག་བཞི་སྟ་གོན་དུ་བྱས། གཞོན་ནུ་ཕྱིར་བྱུང་བ་དང་ཡིད་འཕྲོག་མའི་དྲུང་དུ་མ་བཏང་ནས་འགྲོ་བར་ཞུས་པས། ནོར་བཟང་མའི་གན་དུ་སོང་ནས། ཡུམ། བདག་རི་འོར་བ་རྣམས་འབེབས་སུ་འགྲོ་བས། གཙུག་གི་ནོར་བུ་འདི་ཁྱོད་ཀྱིས་ཤིན་ཏུ་དམ་པར་སྦོས་ལ་ཡིད་འཕྲོག་མ་འགུམ་པར་གྱུར་པ་ལ་ཐུག་ན་མ་གཏོགས་མ་སྩལ་ཅིག་བྱས་ཏེ་གཙུག་གི་ནོར་བུ་གཏད་ནས་མཆི་ཕྱག་བྱས་ཏེ། དཔུང་གི་ཚོགས་དང་རོལ་མོའི་སྒྲ་སྣ་ཚོགས་པ་བཅས་སོང་ནས་རི་འོར་དང་ཧ་ཅང་མི་རིང་བ་ཞིག་ན་ཤིང་ལྗོན་པ་ཞིག་གི་དྲུང་དུ་ཕྲུ་མ་བཏབ་སྟེ་འདུག་གོ །དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཇི་ལྟར་གྱུར་པ་རྟོགས་ནས། བྱང་ཆུབ་སེམས་དཔའ་ལ་གྲོགས་བྱ་བའི་ཕྱིར། རི་འོར་བ་སྲོག་ཆགས་གཅིག་


GTN004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་མི་གནོད་བཞིན་དུ་དབང་དུ་བྱེད་པའི་ཐབས་བཤམས་ནས། ལྔ་ལེན་ཞེས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཞིག་ཡོད་པ་ལ་དེ་ལྟར་གྱིས་ཤིག་བསྒོ་བས། དེས་ལྷའི་དཔུང་ཚོགས་ཡན་ལག་བཞི་པ་ཤིང་ཏ་ལ་ཙམ་གྱི་སྐྱེས་པ་དང་། གླང་པོ་ཆེ་རི་ཙམ། རྟ་གླང་ཆེན་ཙམ། གཞལ་མེད་ཁང་ཙམ་གྱི་ཤིང་རྟ་རྣམས་སྤྲུལ་ནས། རལ་གྲི་ལ་སོགས་མཚོན་ཆའི་རིགས་བྱེད་མང་པོ་ཐོགས། སིལ་དཀྲོལ་སྒྲ་རྣམ་པ་སྣ་ཚོགས་འབྱིན་ནས་འཇིགས་པ་ཆེན་པོ་སྟོན་ཅིང་རི་འོར་དུ་ཕྱིན་པ་ན། སྒྲ་རྣམས་དང་གནོད་སྦྱིན་གྱི་མཐུས་ར་བ་དག་རལ་བར་གྱུར་ཏོ། །དེ་ནས་རི་འོར་རྣམས་ཀྱིས་མཐོང་སྟེ་ཡ་མཚན་སྐྱེས་ནས། དཔུང་གི་ཚོགས་འདི་གང་ནས་འོངས། དེ་རྣམས་ཀྱིས་སྨྲས་པ། མྱུར་དུ་སྒོ་ཕྱེས་ཤིག་གཞོན་ནུ་ནོར་བཟངས་མཇུག་ནས་འོང་སྟེ་དཔུང་གི་ཚོགས་འདི་དེའི་ཡིན་ནོ། །དེ་རྣམས་ཀྱིས། བདག་ཅག་རྒྱལ་ལ་མི་ལྡོག་སྟེ། །གཞོན་ནུ་བློ་དང་ལྡན་ལ་མིན། །རྒྱལ་པོ་ཞོ་ཤས་འཚོ་རྣམས་ཀྱིས། །བདག་ཅག་འཇིགས་ཤིང་སྐྲག་གྱུར་མོད། །ཅེས་སྨྲས་ནས་སྒོ་ཕྱེས་ཏེ། རྒྱལ་མཚན་དང་བ་དན་བསྒྲེངས་ནས་བུམ་པ་གང་བ་དང་རོལ་མོའི་སྒྲ་སྣ་ཚོགས་ཀྱིས་གཞོན་ནུ་ནོར་བཟངས་བསུའོ། །དེས་ཀྱང་དབུགས་ཕྱུང་ནས་དེ་རྣམས་འདྲོང་བ་ལས་སྣ་བོ་བསྐོས་ཏེ་དཔྱ་ཐང་བཅད། གཏེའུ་ཡང་བཟུང་ངོ་། །དེ་ནས་རི་འོར་བ་རྣམས་ཆམ་ལ་ཕབ་ནས་གཞོན་ནུ་ནོར་བཟངས་སླར་ལོག་གོ །རྒྱལ་པོ་ནོར་ཅན་གྱིས་དེ་ཉིད་ཀྱི་ནུབ་མོའི་རྨི་ལམ་ན་བྱ་རྒོད་ཅིག་འོངས་ཏེ་རྒྱལ་པོའི་ལྟོ་དྲལ་ནས་རྒྱུ་མ་ཐོགས་ཏེ་གྲོང་ཁྱེར་དེ་རྣམས་ཀྱི་མཐའ་བསྐོར་བ་དང་


GTN004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སྣ་བདུན་ཁྱིམ་དུ་འོངས་པར་མཐོང་ངོ་། །ནང་པར་ཡིད་ཁོང་དུ་ཆུད་པ་ལས་བྲམ་ཟེ་མདུན་ན་འདོན་དེ་འོངས་པ་དང་རྨི་ལམ་རྨིས་ཚུལ་བཤད་པས། དེས་བསམ་པ། ངེས་པར་གཞོན་ནུས་རི་འོར་བ་རྣམས་ཆམ་ལ་ཕབ་ནས་འཁོར་འོང་གི་ལོག་པ་ཞིག་བསྟན་སྙམ་སྟེ། ལྷ་རྨི་ལམ་དེ་ནི་ངེས་པར་བཟང་བ་མ་ལགས་ཏེ། འོན་ཀྱང་ཟློག་པའི་ཐབས་ཡོད་ཅིང་། དེའང་བྲམ་ཟེ་རྣམས་ཀྱིས་གསང་ཚིག་ལས་མཐོང་ངོ་། །ལྷ་སྐྱེད་མོས་ཚལ་དུ་རྫིང་དབྱིབས་ལེགས་པ་ཚད་ལ་བབ་པ་བགྱིས་ལ། དེ་ནས་རྡོ་ཐལ་གྱིས་བྱུག་སྟེ་ལེགས་པར་བསྟར་ལ་རི་དྭགས་ཕྲ་མོ་རྣམས་ཀྱི་ཁྲག་གིས་བཀང་ལ་དེ་ནས་ལྷ་ཁྲུས་ལ་གཤེགས་པ་ན་རྫིང་དེ་ལ་ཐེམ་སྐས་གཅིག་ལས་འཇུག་པར་བགྱིའོ། །དེ་ལས་གཉིས་པ་ནས་བཞི་པའི་བར་དུ་འཛེག་པར་བགྱིའོ། །དེ་ནས་བྲམ་ཟེ་རིག་བྱེད་ཡན་ལག་དང་བཅས་པའི་ཕ་རོལ་ཏུ་སོན་པ་བཞིས་ལྷའི་ཞབས་ལ་ལྕེས་བལྡགས་ཤིང་། མི་མ་ཡིན་པའི་ཚིལ་གྱི་དུད་པས་བདུག་གོ །དེས་ལྷའི་དངོས་སྡིག་འབྱང་ཞིང་ཡུན་རིང་པོར་རྒྱལ་སྲིད་སྐྱོང་བར་འགྱུར་རོ། །རྒྱལ་པོས་དེ་ཐམས་ཅད་གྲུབ་ན་མི་མ་ཡིན་པའི་ཚིལ་ནི་ཤིན་ཏུ་དཀོན་ནོ། །བྲམ་ཟེ་ན་རེ། མོད་པ་གང་ཡིན་པ་དེ་དཀོན་ནམ། ཡིད་འཕྲོག་མ་མི་མ་ལགས་པ་མཁྱེན་ནམ། རྒྱལ་པོ་ན་རེ། མདུན་ན་འདོན། འདི་ལ་གཞོན་ནུའི་སྲོག་འདུག་གི་དེ་སྐད་མ་སྨྲ་ཞིག །ཅེས་གསུངས་ཀྱང་བློན་པོ་བྲམ་ཟེས་ནན་གྱིས་བསྐུལ་བས་ཡིད་འཕྲོག་མ་བཀུམ་པར་ཐག་ཆོད་དོ། །དེ་ནས་ཆོ་ག་དེ་རྣམས་ཚང་བར་བསགས། དེ་ཚུལ་ནོར་བཟངས་ཀྱི་བཙུན་མོ་གཞན་རྣམས་ཀྱིས་ཐོས་ནས་ཤིན་ཏུ་དགའ་བ་


GTN004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དང་མགུ་བ་སྐྱེས་པ། ཡིད་འཕྲོག་མས་མཐོང་ནས་ལྷག་པར་དགའ་བ་ཅི་ཡིན་དྲིས་པས། གཞན་ཞིག་གིས་གནས་སྐབས་དེ་བཤད་པས་ཡིད་འཕྲོག་མ་སྡུག་བསྔལ་ཏེ་ནོར་བཟངས་ཀྱི་མའི་གམ་དུ་སོང་ནས་དོན་དེ་བཤད་པས། མས་ཀྱང་ཡིན་མིན་ལེགས་པར་བརྟག་ནས་ངེས་པའི་རིགས་སུ་འདུག་པ་དང་། གཙུག་གི་ནོར་བུ་གཏད་ནས་དུས་ལ་མ་བབ་པར་མ་འགྲོ་ཞིག །ཁོ་མོ་ལ་ཁ་མཆུ་འོང་ངོ་ཞེས་བསྒོའོ། །དེ་ནས་རྒྱལ་པོས་སྔར་གྱི་ཆོ་ག་རྣམས་ཚར་ནས་ཡིད་འཕྲོག་མ་ཁྲིད་དེ་ཤོག་ཅིག་བསྒོ་བ་དང་། དེ་མ་ཐག་ཡིད་འཕྲོག་མ་ནམ་མཁར་འཕགས་ཏེ་ཚིགས་སུ་བཅད་པ་སྨྲས་པ། བདག་ནི་རེག་དང་ཕྲད་པ་དང་། །བདག་ནི་བགད་དང་རྩེས་པ་ལས། །བན་གླང་མོ་བཏགས་ཐར་བ་ལྟར། །དེ་ནི་བདག་མོར་འགྲོ་བར་བྱ། །རྒྱལ་པོས་ཀྱང་དེ་མཐོང་ནས་སྐྲག་སྟེ། མདུན་ན་འདོན། འབད་པར་བྱ་བ་ནི་མ་གྲུབ་བོ། །དེ་ན་རེ། ལྷ་ད་ནི་དོན་གྲུབ་སྟེ་དངོས་སྡིག་དང་བྲལ་ལགས་སོ། །དེ་ནས་ཡིད་འཕྲོག་མ་ནམ་མཁའི་ལམ་ལས་སྔར་གྱི་དྲང་སྲོང་མདུན་དུ་སོང་སྟེ། གནས་ཚུལ་རྣམས་རྒྱས་པར་བཤད་ནས། གལ་ཏེ་གཞོན་ནུ་ནོར་བཟངས་བདག་ཚོལ་ཞིང་མཆིས་ན་སོར་གདུབ་འདི་སྩོལ་ལ་འདི་སྐད་གསུངས་ཤིག །གཞོན་ནུ་ལམ་བགྲོད་ཤིན་ཏུ་དཀའ་བས་སླར་ལོག་ཅིག །གལ་ཏེ་ཉན་དུ་མ་བཏུབ་ན། འདི་ནས་བྱང་ཕྱོགས་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་རི་ཡི་རྒྱལ་པོ་གངས་ཅན། དེ་འདས་པའི་ཕ་རོལ་ན་རི་བོ་ཕུར་པའི་རྩེ་ཞེས་བྱ་བ་ནས་བཟུང་། མིའམ་ཅིའི་རྒྱལ་པོའི་ཕོ་བྲང་ཡོད་དོ་ཞེས་པའི་བར་གྱི་ལམ་ངོ་རྒྱས་པར་བསྟན། གནོད་


GTN004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་རྣམས་ལ་སོ་སོའི་གཉེན་པོ་བཅས་བསྟན་ནས་དྲང་སྲོང་གི་རྐང་པ་ལ་ཕྱག་བྱས་ནས་སོང་ངོ་། །ཇི་ཞིག་ན། གཞོན་ནུ་ནོར་བཟངས་གླང་པོའི་གྲོང་དུ་འོངས་ནས་ཡབ་ཀྱི་མདུན་དུ་སོང་སྟེ་ཕྱག་བྱས་ནས་གནས་ཚུལ་རྒྱས་པར་བཤད། ཡབ་ཀྱིས་ཀྱང་མཆོག་ཏུ་དགའ་བའི་གཏམ་བྱས་ནས་ནོར་བཟངས་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་དང་ཡིད་འཕྲོག་མ་མེད་པར་མཐོང་ནས་སྙིང་སྟོར་ཏེ་ཕན་ཚུན་དུ་རྒྱུ་ཞིང་མྱ་ངན་གྱི་སྐད་ཕྱུང་ངོ་། །དེ་ཤིན་ཏུ་སྡུག་བསྔལ་བ་ལ་བཙུན་མོའི་འཁོར་རྣམས་ཀྱིས་ཡང་ནས་ཡང་དུ་བྲིད་ཀྱང་བཟློག་ཏུ་མ་འདོད་དེ་གཞོན་ནུ་མའི་གམ་དུ་སོང་ནས་སྨྲས་པ། ཡུམ། ཡིད་བཞིན་ཡོན་ཏན་ལྡན་གྱུར་ཞིང་། །གཟུགས་མཛེས་ཕུན་སུམ་ཚོགས་པ་ཡི། །ཡིད་འཕྲོག་མ་ནི་མི་གདའ་ན། །བདག་གི་ཡིད་འཕྲོག་གང་དུ་མཆིས། །ཞེས་སོགས་ཚིགས་བཅད་སྨྲས་པས། བུ། ཡིད་འཕྲོག་མ་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་གྱི་ཁོ་མོས་བཏང་ངོ་ཞེས་སོགས་སྔར་གྱི་ཚུལ་རྒྱས་པར་བཤད་ནས་གཞོན་ནུ་དབུགས་དབྱུང་ཀྱང་ཉན་དུ་མ་བཏུབ། དེ་ནས་ཕན་ཚུན་དུ་བཙལ་བར་བརྩམས་ཏེ་རྔོན་པ་སྤང་ལེབ་ཅན་གྱི་དྲུང་དུ་སོང་ནས་ཡིད་འཕྲོག་མ་དང་པོ་གང་ནས་རྙེད་དྲིས་པས། དེས་ཁུངས་བཤད་པ་ན། དྲང་སྲོང་རྩར་འགྲོའོ་སྙམ་མོ། །སྐབས་དེ་རྒྱལ་པོས་ཐོས་ནས་གཞོན་ནུ་བོས་ཏེ་ལན་དུ་མར་བཟློགས་ཀྱང་། སྔོན་ནས་ཕ་སྙིང་རྗེ་མེད་ཅིང་བྱས་པ་ཆུད་གསན་པ་ཐོས་བཞིན་པས་བཟློག་ཏུ་མ་བཏུབ་བོ། །དེར་རྒྱལ་པོས་གཞོན་ནུ་བསྲུང་


GTN004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆེད་དུ་གྲོང་ཁྱེར་གྱི་སྒོ་དང་ར་བའི་ཁར་སྲུང་མ་དག་བཀོད་དོ། །དེ་ནས་གཞོན་ནུ་ནི་མཚན་ཐོག་མི་ཉལ་ཞིང་ཅི་ནས་ཀྱང་ཡིད་འཕྲོག་མ་འཚོལ་དུ་འགྲོའོ་སྙམ་ནས། མགོ་བོར་བཅིངས་པའི་ཨུཏྤལ་སྔོན་པོའི་ཕྲེང་བ་རྒྱལ་མཚན་ལ་བཏགས་ཏེ། སྲུང་མ་མེད་པའི་ཕྱོགས་ནས་སར་བབས་པ་དང་ཟླ་བ་ཤར་རོ། །དེས་ཀྱང་ལྷག་པར་ཡིད་འཕྲོག་མ་དྲན་ནས། སྨྲེ་སྔགས་འདོན་བཞིན་དུ་སོང་བ་ལས། རིམ་བཞིན་རི་དྭགས་མོ་དང་། པདྨའི་ཚལ་དུ་བུང་བ་འཁོར་བ་དང་། སྦྲུལ་དང་ཁུ་བྱུག་སྒྲ་འབྱིན་པ་དང་། ཤིང་མྱ་ངན་འཚང་མེ་ཏོག་རྒྱས་པ་རྣམས་མཐོང་བས་ཀྱང་ཆེས་ཆེར་གདུང་ངོ་། །དེ་ནས་དྲང་སྲོང་གི་གམ་དུ་སོང་སྟེ་ཕྱག་བྱས་ནས། བཟོད་འཕགས་གོས་སུ་ཤིང་ཤུན་དང་ནི་གཡང་གཞི་མནབས། །རྩ་བ་མྱུ་གུ་སྐྱུ་རུ་བིལ་བ་ཀ་པིད་གསོལ། །དྲང་སྲོང་མགོས་བཏུད་ཕྱག་འཚལ་བདག་གི་ཡིད་འཕྲོག་མ། །ཁྱོད་ཀྱིས་གཟིགས་སམ་ཁྱོད་ནི་བདག་ལ་མྱུར་དུ་གསུངས། །ཞེས་སྨྲས་པ་དང་། དེས་གཞོན་ནུ་བྱོན་པ་ལེགས་སོ་བྱས་ནས་སྟན་བཏིང་། རྩ་བ་དང་འབྲས་བུ་སོགས་བྱིན་ནས་སྔར་གྱི་རྒྱུ་མཚན་དང་ཡིད་འཕྲོག་མས་བསླབ་པའི་ལམ་བགྲོད་ཚུལ་རྣམས་རྒྱས་པར་བཤད་དེ་སོར་གདུབ་བྱིན་ནོ། །དེ་ནས་གཞོན་ནུས་ལམ་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་བཙལ་བསྒྲུབས་བྱས་ཏེ་ཐབས་རྣམས་པ་སྣ་ཚོགས་དང་བཅས་རིམ་གྱིས། རི་དང་། ཆུ་བོ་དང་། ཕུག་དང་། གཡང་ས་ལ་སོགས་པ་བགྲོད་པར་དཀའ་བ་དཔག་ཏུ་མེད་པ་བརྒལ་ནས་མིའམ་ཅིའི་རྒྱལ་པོའི་ཕོ་


GTN004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་དང་ཉེ་བ་ཞིག་ཏུ་སོན་པ་ན་མིའམ་ཅི་མོ་རྣམས་ཆུ་ལེན་དུ་འོངས་པ་མཐོང་ནས་སྨྲས་པ། ཆུ་མང་པོ་འདིས་ཅི་ཞིག་བྱ། དེ་རྣམས་ན་རེ། མིའམ་ཅིའི་རྒྱལ་པོ་ལྗོན་པའི་སྲས་མོ་ཡིད་འཕྲོག་མ་མིའི་ལག་ཏུ་སོན་པར་གྱུར་པས་ད་མིའི་དྲི་མ་བཀྲུའོ། །གཞོན་ནུས་དྲིས་པ། ཅི་བུམ་པ་འདི་དག་དུས་གཅིག་ཏུ་ལྡུགས་སམ། མ་ཡིན་ཏེ་རིམ་གྱིས་སོ། །དེས་མིའམ་ཅི་མོ་གཅིག་གི་བུམ་པར་སོར་གདུབ་མ་ཚོར་བར་གཞུག་ནས། ཁྱོད་ཀྱིས་བུམ་པ་འདིས་ཐོག་མར་ཡིད་འཕྲོག་མ་ལ་ཁྲུས་གྱིས་ཤིག །དེས་བསམ་པ། ངེས་པར་འདི་ལ་དགོས་པ་ཞིག་ཡོད་འདུག་སྙམ་ནས་དེ་ལྟར་བྱས་པས་སོར་གདུབ་ཀྱི་རྒྱ་པང་དུ་ལྷུང་བ་དང་ཡིད་འཕྲོག་མས་འཕྲིགས་ནས། འདིར་མི་འགའ་ཞིག་མ་འོངས་སམ། འོངས་སོ། །སོང་ལ་དབེན་ས་ཞིག་ཏུ་ཞོག་ཅིག །མིའམ་ཅི་མོ་དེས་ནོར་བཟངས་ནང་དུ་ཁྲིད་ནས་དབེན་པ་ཞིག་ཏུ་བཞག་གོ །དེ་ནས་ཡིད་འཕྲོག་མས་ཕའི་གམ་དུ་སོང་ནས་ཕྱག་བྱས་ཏེ། ཡབ། གལ་ཏེ་བདག་གི་ཁྱིམ་ཐབ་ནོར་བཟངས་དེ་འདིར་འོངས་ན་ཁྱོད་ཀྱིས་ཅི་བགྱི། དེས་སྨྲས་པ། དེ་མ་ཡིན་ཏེ་ཅིར་ཡང་མི་མཁོ་བས་ངས་དེའི་ལུས་དུམ་བུར་གཏུབ་བོ། །ཡིད་འཕྲོག་མ་ན་རེ། ཡབ། མིར་གྱུར་པས་འདིར་ག་ལ་མཆི། བདག་དེ་སྐད་གླེང་བར་ཟད་དོ། །དེ་ནས་རྒྱལ་པོ་ལྗོན་པ་ཁྲོ་བ་རྣམ་པར་ཞི་བ་དང་སྨྲས་པ། གལ་ཏེ་གཞོན་ནུ་དེ་འདིར་འོངས་ན། ངས་ཁྱོད་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་ནོར་དང་ཡོ་བྱད་མང་པོ་དང་། མིའམ་ཅི་མོ་སྟོང་གིས་ཡོངས་སུ་བསྐོར་ཏེ། དེ་ལ་ཆུང་


GTN004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དོན་དུ་སྦྱིན་ནོ། །དེ་ནས་ཡིད་འཕྲོག་མ་དགའ་མགུ་ཡི་རངས་ཏེ་གཞོན་ནུ་ནོར་བཟངས་ལྷའི་རྒྱན་གྱིས་བརྒྱན་ནས་ཡབ་ལ་བསྟན་ཏོ། །དེར་གཞོན་ནུ་ནོར་བཟངས་གཟུགས་བལྟ་ན་སྡུག་པ་དེ་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་སོ། །དེའི་ཚོད་བལྟ་ཕྱིར། གསེར་གྱི་སྡོང་པོ་བདུན་དང་། ཤིང་ཏ་ལ་བདུན་དང་། རྔ་བོ་ཆེ་བདུན་དང་། ཕག་བདུན་བཙུགས་སོ། །ནོར་བཟངས་ནི་བཟོའི་གནས་ལ་བྱང་ཆུབ་པ་ཡིན་པས། མིའམ་ཅི་བརྒྱ་སྟོང་དུ་མའི་དབུས་སུ་རལ་གྲི་ཨུཏྤལ་སྔོན་པོའི་འདབ་མ་འདྲ་བ་ཐོགས་ཏེ། གསེར་གྱི་སྡོང་པོ་བདུན་ནི་ཏིལ་གྱི་འབྲུ་མ་ཙམ་དུ་བརླགས་སོ། །མདས་ནི། ཤིང་ཏ་ལ། རྔ། ཕག་བདུན་བདུན་རྣམས་འབིགས་ནས་རི་རབ་བཞིན་དུ་མི་གཡོ་བ་གནས། ནམ་མཁའི་ལྷ་དང་། མིའམ་ཅི་རྣམས་ཀྱིས་ཨ་ལ་ལ་ཞེས་སྒྲ་ཆེན་པོ་བྱུང་། རྒྱལ་པོ་ལྗོན་པ་མཆོག་ཏུ་ངོ་མཚར་བར་གྱུར་ཏོ། །དེ་ནས་རྒྱལ་པོས། ཡིད་འཕྲོག་མ་དེ་ཁོ་ན་འདྲ་བ་སྟོང་གི་དབུས་སུ་བཞག་སྟེ། གཞོན་ནུ། ཡིད་འཕྲོག་མ་ངོ་ཤེས་པར་གྱིས་ཤིག །གཞོན་ནུས་སྨྲས་པ་ཇི་ལྟར་ཁྱོད་ནི་ལྗོན་པའི་བུ་ཡིན་ལ། །ཁོ་བོའི་སྡུག་པ་ཡིད་འཕྲོག་ཡིན་ཞེ་ན། །བདེན་པ་འདི་ཡིས་མྱུར་བ་ཁོ་ནར་ནི། །ཡིད་འཕྲོག་གོམ་པས་མྱུར་དུ་འགྲོ་བར་ཤོག །དེ་ནས་དེ་མ་ཐག་ཏུ་གོམ་པས་སོང་བ་དང་། མིའམ་ཅི་རྣམས་ཀྱང་ངོ་མཚར་ནས་རྒྱལ་པོ་ལ་ཡིད་འཕྲོག་མ་བྱིན་ཅིག་པར་བསྐུལ་ལོ། །དེ་ནས་ཡིད་འཕྲོག་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་དགྱེས་བཞིན་དུ་ནོར་བཟངས་ལ་བྱིན་ཏོ། །དེ་དག་ལྷན་ཅིག་ཏུ་མིའམ་ཅིའི་ཁང་པ་ན་འདུག་སྟེ་རྩེ་དགའི་


GTN004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལོངས་སུ་སྤྱོད་དོ། །དུས་གཞན་ཞིག་ན་ནོར་བཟངས་རང་གི་ཡུལ་དྲན་ནས་ཕ་མ་དང་བྲལ་བའི་སྡུག་བསྔལ་གྱིས་གདུངས་པ་ན། ཡིད་འཕྲོག་མ་ལ་བཤད་པས། དེས་ཡབ་རྒྱལ་པོར་ཞུས་པ་ན། དེ་ན་རེ། ད་གཞོན་ནུ་དང་ལྷན་ཅིག་སོང་ལ། མི་རྣམས་ནི་ངོ་མི་རྟག་པས་ཁྱོད་ཀྱིས་བག་ཡོད་པར་གྱིས་ཤིག་བྱས་ཏེ། ནོར་བུ་དང་། མུ་ཏིག་དང་། གསེར་སོགས་རིན་པོ་ཆེ་མང་དུ་བརྫངས་ནས་མིའམ་ཅིའི་ཤུགས་ཀྱིས་དེ་དག་སྟེང་གི་ནམ་མཁའི་ལམ་ལས་སོང་ནས་རིམ་གྱིས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ཕྱིན་ཏོ། །དེར་ལམ་གྱིས་དུབ་པའི་ངལ་བ་གསོས་ཏེ་རིན་པོ་ཆེ་སྣ་ཚོགས་ཁྱེར་ནས་ཕའི་གམ་དུ་སོང་སྟེ་སྐད་ཆ་རྒྱས་པར་བཤད་དོ། །དེ་ནས་རྒྱལ་པོ་ནོར་ཅན་གྱིས་བསམ་པ། གཞོན་ནུ་འདི་ནི་སྟོབས་དང་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཅན་ནོ་སྙམ་སྟེ་རྒྱལ་སྲིད་ལ་དབང་བསྐུར་རོ། །ནོར་བཟངས་ཀྱིས་བསམ་པ། གང་བདག་ཡིད་འཕྲོག་མ་དང་ལྷན་ཅིག་ཚོགས་པ་དང་རྒྱལ་སྲིད་ཀྱི་དབང་བསྐུར་བ་ཐོབ་པར་འགྱུར་བ་འདི་ནི་སྔོན་ཚོགས་བསགས་པ་ལས་བྱུང་གི། ད་ཡང་བདག་གིས་སྦྱིན་པ་དག་བཏང་། བསོད་ནམས་དག་བྱའོ་སྙམ་ནས། དེས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་བྱས་སོ། །ནོར་བཟངས་ནི་སྟོན་པ་དང་། ཡིད་འཕྲོག་མ་ནི་གྲགས་འཛིན་མའོ། །


GTN004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་རེ་ལྔ་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞིར་འབྱུང་བ་དང་དོན་གཅིག་པས་འཆད་ན། སྔར་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་བྱམས་པའི་རང་བཞིན་ཅན་ཞིག་གི་བསྟི་གནས་སུ་རི་དྭགས་རྣམས་ཀྱང་གནས་སོ། །དེས་ཁུ་བ་དང་བཅས་པའི་དྲི་ཆུ་དོར་བ་རི་དྭགས་མོ་ཞིག་གིས་འཐུངས་ནས་ལྕེས་མོ་མཚན་བལྡགས་སོ། །སེམས་ཅན་ལས་ཀྱི་རྣམ་སྨིན་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་བཙའ་བའི་དུས་སུ་ཕྱོགས་དེར་འོངས་ནས་ཁྱེའུ་ཞིག་བྱུང་བ་དང་། དེས་དྲི་བསྣམས་ན་རིས་མི་མཐུན་པའི་སེམས་ཅན་ཡིན་ཏེ་སྐྲག་ནས་གཅིན་རྟུག་ཤོར་ཏེ་སོང་ངོ་། །ནམ་ཞིག་དྲང་སྲོང་དེས་མཐོང་ནས་རང་གི་བུ་ཡིན་པར་མཐོང་སྟེ་བསྟི་གནས་སུ་ཁྱེར་ཞིང་བསྐྱེད་བསྲིངས་པས་ཆེན་པོར་གྱུར་པ་ན་མགོ་ལ་རི་དྭགས་ཀྱི་རྭ་སྐྱེས་པས་དྲང་སྲོང་རྭ་ཅན་ཞེས་གྲགས་སོ། །དེ་ནས་ཡབ་དྲང་སྲོང་ནད་ཀྱིས་གཟིར་ཏེ་དཔྱད་སོགས་ཀྱིས་ཀྱང་མ་འཆོས་པར་འཆིར་ཐུག་པའི་ཚེ་བུ་ལ་སྨྲས་པ། བསྟི་གནས་འདི་ཕྱོགས་སྣ་ཚོགས་ནས་དྲང་སྲོང་མང་པོ་དུས་དུས་སུ་འོང་གིས་ཁྱོད་ང་ལ་དགའ་བས་དེ་རྣམས་ལ་ཀུན་ཏུ་སྤྱོད་པའི་ཆོས་ཀྱིས་འོངས་པ་ལེགས་སོ་ཞེས་ཡང་དག་པར་དགའ་བར་བྱ་ཞིང་། སྟན་ལ་མགྲོན་དུ་བོས་ནས་རྩ་བ་དང་འབྲས་བུ་ཅི་ནུས་སུ་སྟོབས་ཤིག་ཅེས་སྨྲས་ནས་འཆིའོ། །དེས་དེ་དྲང་སྲོང་གི་ཆོས་བཞིན་དུ་བསྲེགས་ཏེ་ཕ་དང་


GTN004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བས་སྐྱོ་བ་སྐྱེས་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །ནམ་ཞིག་ལྷས་ཆར་ཆེན་པོ་ཕབ་པ་ན། དྲང་སྲོང་དེ་ཆུ་ལེན་སོང་བས་འགྲེད་ནས་ཆུ་བུམ་ཆག་པ་དང་། དྲང་སྲོང་རྣམས་ནི་མྱུར་དུ་ཁྲོ་བ་ཡིན་པས་ཆུ་ཉུང་ཟད་གཏོར་ཏེ། ལོ་བཅུ་གཉིས་སུ་ཆར་མི་འབེབས་པར་གྱུར་ཅིག་ཅེས་དམོད་བོར་བས་ཝཱ་རཱ་ཎ་སཱིར་མུ་གེ་ཆེན་པོ་བྱུང་ནས་སྐྱེ་བོའི་ཚོགས་ཀུན་ཏུ་སོང་བ་ན། རྒྱལ་པོས་ལྟས་མཁན་ལ་དྲིས་པས། དེས་དྲང་སྲོང་གི་མཐུ་ཡིན་པ་ལུང་བསྟན་ཏེ། དྲང་སྲོང་དེ་དཀའ་ཐུབ་དེ་ལས་བསྐྱོད་པར་ནུས་ན་ཕན་ཞེས་ཟེར་རོ། །རྒྱལ་པོ་ཡིད་ཁོང་དུ་ཆུད་ཅིང་འདུག་པ་ལས་དེའི་བུ་མོ་ཞི་ལྡན་མ་ཞེས་བྱ་བས། ལྷ། ཐུགས་ལས་ཆུང་ངུར་མཛོད་དང་། བདག་གིས་དྲང་སྲོང་དེ་དཀའ་ཐུབ་དེ་ལས་གཡོ་བར་བྱའོ་ཞེས་ཁས་བླངས་ནས། བསྟི་གནས་ཕུན་སུམ་ཚོགས་པ་ཞིག་བཤམས། བུད་མེད་གཞན་དང་བཅས་བྲམ་ཟེ་ལས་གསང་ཚིག་བསླབ། དེར་དབང་དུ་བྱེད་པའི་ལ་དུ་བྱས་ནས། རང་ཉིད་དྲང་སྲོང་དུ་སྤྲུལ་ནས་བུད་མེད་རྣམས་དང་ལྷན་ཅིག་བྲམ་ཟེ་རྣམས་ལ་གསང་ཚིག་འདོན་ཞིང་དྲང་སྲོང་དེའི་བསྟི་གནས་སུ་སོང་ངོ་། །དྲང་སྲོང་སློབ་མ་རྣམས་ཀྱིས་མཐོང་ནས་མཁན་པོ་ལ་སྨྲས་པས་ནང་དུ་བོས་ཤིག་གསུངས། དེ་རྣམས་ནང་དུ་ཞུགས་པ་དེས་མཐོང་ནས་སྨྲས་པ། བརྟགས་པ་མེད་པར་འགྱིང་ཞིང་འགྲོ་བ་དང་། །བཞིན་ཡང་ཁ་སྤུ་རྣམས་དང་བྲལ་གྱུར་ཅིང་། །འདི་རྣམས་བྲང་ནི་མཐོ་དམན་གྱུར་པ་དེ། །ཨེ་མ་དྲང་སྲོང་ཆ་བྱད་སྔོན་མ་བྱུང་། །དེས་དེ་རྣམས་ལ་ཐེ་ཚོམ་བཞིན་དུ་རྩ་བ་དང་འབྲས་བུས་བསྟབས་སོ། །དེ་ཟོས་ནས་དྲང་སྲོང་ལ་


GTN004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ཁྱོད་ཀྱི་འབྲས་བུ་འདི་དག་ནི་བསོད་པ་མ་ཡིན་ཏེ། ངེད་ཀྱི་བསྟི་གནས་སུ་འབྲས་བུ་ནི་བདུད་རྩི་དང་འདྲ་བ་ཡོད་པས་ཁྱོད་ཀྱང་གཤེགས་ཤིག །དེས་ཀྱང་ཁས་བླངས་ནས་དེར་སོང་བ་དང་། སྔར་གྱི་ལ་དུ་བྱིན་པས་དྲང་སྲོང་དེ་ཞི་ལྡན་མ་དང་ལྷན་ཅིག་དགའ་མགུར་སྤྱད་པས་རྫུ་འཕྲུལ་ཉམས་སོ། །དེར་ཞི་ལྡན་མས་ཡབ་ལ་དྲང་སྲོང་དེ་བསྟན་པས། རྒྱལ་པོས་ཞི་ལྡན་མ་འཁོར་བཅས་དྲང་སྲོང་དེ་ལ་ཆུང་མ་བྱིན་ནོ། །དེ་ནས་ལྷས་ཆར་དབབ་པར་བརྩམས་ནས་ལོ་ལེགས་པར་གྱུར་ཏོ། །དྲང་སྲོང་དེས་ཆུང་མ་གཞན་ཞིག་དང་བསྡོངས་པ་ན། ཞི་ལྡན་མ་ལ་ཕྲག་དོག་གི་བསམ་པ་སྐྱེས་ཏེ། དྲང་སྲོང་དང་རྩོད་ནས་མཆིལ་ལྷམ་དང་བཅས་པའི་རྡོག་པ་མགོར་བསྣུན་པས་དྲང་སྲོང་སྐྱོ་བ་སྐྱེས་ཏེ། བརྩོན་འགྲུས་བརྩམས་པས་སླར་ཡང་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེའི་ཚེ་དྲང་སྲོང་རྭ་གཅིག་ནི་བཅོམ་ལྡན་འདས་དང་། ཞི་ལྡན་མ་ནི་གྲགས་འཛིན་མའོ། །ཞེས་གསུངས་སོ། ། ༈ ཡལ་འདབ་རེ་དྲུག་པ་ནི་གོ་སླའོ། །༈ ཡལ་འདབ་རེ་བདུན་པ་ནི། མཉན་ཡོད་ན་ཁྱིམ་བདག་སངས་རྒྱས་འཚོ་ཞེས་ཕྱུག་པོ་ནོར་མང་བ་ལོངས་སྤྱོད་ཆེ་བ་དེའི་ཆུང་མ་བཅས་ཤཱ་རིའི་བུ་ལ་དད་པར་བྱས་ཏེ། གང་གི་ཚེ་


GTN004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བྱུང་ན་ཞམ་རིང་དུ་དབུལ་བར་ཆེད་བཞིན། བུ་དགེ་འདུན་འཚོ་ཡིན། དེ་དང་ན་མཉམ་པའི་ཚོང་པ་ལྔ་བརྒྱའི་བུ་ཡང་བཙས་པ་དེ་རྣམས་ཆེར་སྐྱེས་པར་གྱུར། དགེ་འདུན་འཚོ་ཤཱ་རིའི་བུ་ལ་བསྟེན་ནས་རབ་ཏུ་བྱུང་ཞིང་ཀུན་ཏུ་སྤྱོད་པའི་ཆོས་དག་བསླབས་ཏེ་ལུང་བཞི་ཀློག་ཏུ་བཅུག །དེའི་ཚེ་ཚོང་པའི་བུ་ལྔ་བརྒྱ་པོ་རྒྱ་མཚོར་འགྲོ་བའི་ལམ་སྲུང་དུ་དགེ་འདུན་འཚོ་སངས་རྒྱས་ལ་གཏོང་བར་ཞུས་པས། དགེ་འདུན་ཚོ་ལ། ཁྱོད་རྒྱ་མཚོ་ཆེན་པོར་སོང་ལ་འཇིགས་པ་དང་འཇིགས་སུ་རུང་བ་དག་བཟོད་པར་གྱིས་ཤིག་གསུངས་ནས་གནང་ངོ་། །དེ་ནས་ཚོང་པ་དང་བཅས་རྒྱ་མཚོར་འགྲོ་བའི་གྲུ་བོ་ཆེ་ཀླུས་བཟུང་སྟེ། དགེ་འདུན་འཚོ་ངེད་ལ་བྱོན་ཅིག་ཟེར་བའི་སྒྲ་གྲགས་པ་ན་ཚོང་པས་བཤོལ་ཡང་མ་ཉན་པར་དགེ་འདུན་འཚོ་རྒྱ་མཚོ་ཆེན་པོར་མཆོངས་མ་ཐག་ཀླུ་རྣམས་ཀྱིས་གྲུ་བོ་ཆེ་དེ་བཏང་ངོ་། །ཀླུ་ཕོ་མོ་རྣམས་ཀྱིས་སངས་རྒྱས་དཔའ་བོ་བདུན་གྱི་དྲི་གཙང་ཁང་དང་མཆོད་རྟེན་དག་བསྟན་པར་དགེ་སློང་གིས་ཕྱག་ཕུལ་ནས་ཀླུ་ལ་ཆོས་བསྟན། སྔར་སངས་རྒྱས་ལ་ཀླུའི་བུ་བྱེ་ཚན་གྱི་འཇིགས་པས་སྡུག་བསྔལ་བ་རབ་ཏུ་བྱུང་ཡང་སྤྲུལ་པ་ཡིན་པས་དགེ་འདུན་གྱི་གྲལ་ནས་དབྱུང་བ་དེ། འདིར་ཡོད་པས་གུས་འདུད་བཀུར་སྟི་ལྷུར་བླངས། གཞན་ཀླུ་མཐོང་བའི་དུག་ཅན་གྱིས་མིག་བཙུམས་ཏེ་ལུང་ནོད། དེ་བཞིན་ཁ་རླངས་དུག་ཅན་གྱིས་རྒྱབ་ཀྱིས་ཕྱོགས། རེག་པའི་དུག་ཅན་ནི་ཐག་རིང་བར་འདུག་གོ །སྤྲུལ་པ་དེ་ནི་མཚེ་བའི་དུག་ཅན་ཡིན། དེར་དགེ་འདུན་འཚོ་ཡིད་སྐྱོ་བས་ཀླུ་རྣམས་ཀྱིས་གྲུ་བོ་ཆེ་ཚུར་འཁོར་བ་ན།


GTN004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་ནང་དུ་བདེ་བར་བསྐྱལ་ལོ། །དེ་ནས་རྒྱ་མཚོའི་མཐར་ཕྱིན་པ་དང་ཐམས་ཅད་ངལ་ཞིང་དུབ་པས་གཉིད་ལོག་པ་ན། དགེ་འདུན་འཚོ་ནམ་སྟོད་དུ་རྒྱ་མཚོ་ཆེན་པོ་ལྟ་བས་དུབ་སྟེ་ཐོ་རངས་གཉིད་སྟུག་པོས་ནོན་པས་ནམ་ལངས་པ་ན་ཚོང་པ་རྣམས་ཁལ་བཀལ་ཏེ་སོང་བས་དགེ་འདུན་འཚོ་ལུས་སོ། །ཇི་ཞིག་ན། ཚོང་པས་མེད་པར་ཤེས་ཏེ་རྩད་གཅོད་ཀྱང་མ་རྙེད་པས་འདི་ནི་རྫུ་འཕྲུལ་དང་ལྡན་ཞིང་རྒྱ་མཚོར་ཞུགས་ཀྱང་མ་གནོད་པས་ལུས་པའི་སྐབས་མེད་དོ་སྙམ་མོ། །དགེ་འདུན་འཚོ་བྱེ་མའི་ཐང་དུ་ཉལ་བ་ཉི་མ་འཆར་བ་ན་གཉིད་སད་པས་འོང་བར་བརྩམས་པ། དེ་ས་སྟོང་ཞིག་ཏུ་གཙུག་ལག་ཁང་ཕུན་སུམ་ཚོགས་པར་དགེ་འདུན་གྱི་ཚོགས་ཡོད་པར་མཐོང་སྟེ་སོང་བ་ན། དེ་རྣམས་ཀྱིས་མཆོད། དེ་ལ་གསོར་བཅུག་ནས་སླད་ཀྱིས་འདིར་ཉེས་དམིགས་འབྱུང་ངོ་སྨྲས་སོ། །དྲོ་ལ་བབ་པ་ན་གཎྜི་བརྡུང་སྟེ་དགེ་འདུན་རྣམས་ལྷུང་བཟེད་ཐོགས་པས་གྲལ་རིམ་བཞིན་འཁོད་ཟིན་པ་ན་གཙུག་ལག་ཁང་ཡང་མི་སྣང་བར་གྱུར། དགེ་སློང་དག་གི་ལག་ཏུ་བཟུང་བའི་ལྷུང་བཟེད་ཀྱང་ལྕགས་ཀྱི་ཐོ་བར་གྱུར་ནས་ཕན་ཚུན་རྩོད་པས་ཀླད་པ་གཞོམ་ཞིང་ཉམ་ཐག་པའི་སྐད་འབྱིན་དྲོ་ཡོལ་བ་ན་སྔ་མ་ཁོ་ན་བཞིན་གྱུར་པ། རྒྱུ་མཚན་དྲིས་པས། སངས་རྒྱས་འོད་སྲུང་གི་ཉན་ཐོས་རྣམས་ཟན་གྱི་གྲལ་དུ་འཐབ་མོ་བྱས་པའི་རྣམ་སྨིན་དུ་བརྗོད། ཡང་དེ་བཞིན་དུ་སོང་ནས། གཙུག་ལག་ཁང་གཉིས་པ་དང་། གསུམ་པ་དག་མཐོང་བར་དགེ་སློང་རྣམས་དྲོ་ལ་བབ་པ་ན་གཙུག་ལག་ཁང་མི་སྣང་ཞིང་། བཟའ་བཅའ་དག་ལྕགས་


GTN004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཞུན་ཁོལ་མར་གྱུར་པས་ཕན་ཚུན་གཅིག་ལ་གཅིག་གཏོར་བས་ཚིག་ཅིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དང་། གཙུག་ལག་ཁང་མེ་འབར་བས་དེ་དག་ཀྱང་བསྲེགས་ནས་ལུས་ཚིག་ཅིང་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་ཉམ་ཐག་པའི་སྐད་འབྱིན་པའི་སྔ་མ་ནི། འོད་སྲུང་གི་ཉན་ཐོས་སུ་གྱུར་པ་ན་དགེ་སློང་གློ་བུར་དུ་འོངས་པ་ལ་སེར་སྣས་བཅིངས་ཏེ་ཞག་བདུན་དུ་ཡུལ་ངན་བྱུང་བའི་ཚེ་བཟའ་བཏུང་རྣམས་སྦས་པས་རུལ་ནས་དད་ཟས་ཆུད་ཟོས་པའི་རྣམ་སྨིན་དང་། ཉན་ཐོས་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་བདག་ཅག་ཚུལ་ཁྲིམས་འཆལ་བ་མང་པོ་གནས་ནས་བསྐྲད་པ་གཙུག་ལག་ཁང་སྟོངས་པ་ཞིག་ཏུ་བསྡད་པས། དེར་ཡང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་མང་པོ་རིམ་བཞིན་འཁོད་པས། བདག་ཅག་བསྐྲད་པ་ན། ཞེ་སྡང་གི་དབང་གིས་གཙུག་ལག་ཁང་དགེ་འདུན་དང་བཅས་པ་མེར་བསྲེགས་པའི་རྣམ་སྨིན་ཡིན་ཞིང་འདི་ནས་ཚེ་འཕོས་ནས་ཀྱང་དམྱལ་བ་རྣམས་སུ་སྐྱེ་བས་འཛམ་བུའི་གླིང་དུ་ཚངས་པར་མཚུངས་པ་སྤྱོད་པ་ལ་ཉེས་དམིགས་འདི་དག་ཤོད་ལ་སྤང་བླང་གོ་མ་ནོར་བར་དགོས་པའི་ལས་འབྲས་ཀྱི་གཏམ་ཤོད་ཅིག་ཟེར། དེ་ནས་ཡང་སོང་བ་དང་རྩིག་པ་འདྲ་བ་སོགས་ཉི་ཚེ་བའི་དམྱལ་བ་མཐོང་ཞིང་། མཐར་ཡུལ་ལྗོངས་ཤིག་ཏུ་ཕྱིན་པས་བསྟི་གནས་ཤིག་ན་དྲང་སྲོང་ལྔ་བརྒྱ་ཙམ་འཁོད་པས། དགེ་འདུན་འཚོ་འོངས་པ་མཐོང་སྟེ། ཤཱཀྱའི་དགེ་སློང་འདི་དག་སྨྲ་བ་མང་བས་འདི་ལ་སུས་ཀྱང་ཚིག་མི་སྟེར་རོ་ཞེས་ཁྲིམས་བཅས། དགེ་འདུན་འཚོ་སྤྱོད་ལམ་ཞི་བས་དེ་དག་གི་གན་དུ་སོང་ནས་


GTN004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཡར་བརྩམས་ཀྱང་ལན་མ་བྱིན་ནོ། །དེར་དྲང་སྲོང་བསོད་སྙམས་འདོད་པ་ཞིག་གིས་སྔར་གྱི་རྒྱུ་མཚན་བཤད་དེ། སྨྲ་བ་མི་མང་བར་ཆེད་ནས་དྲང་སྲོང་ལྗོངས་རྒྱུར་སོང་བ་ཞིག་གི་སྤྱིལ་བུ་སྟོངས་པ་གཡར་ནས་དེར་ཉོལ་ཅིག་ཟེར། དགེ་འདུན་འཚོ་གཙང་སྦྲ་དང་བཅས་སྐྱིལ་མོ་ཀྲུང་གིས་འཁོད་དོ། །བསྟི་གནས་དེར་ལྷ་མོ་ཞིག་འདུག་པས་ཆོས་གསུངས་པར་ཡང་ཡང་བསྐུལ་ཀྱང་སྔར་གྱི་དམ་བཅས་པས་ནམ་སྨད་བར་ཁས་མ་བླངས་སོ། །མཚན་གྱི་ཐུན་ཐ་མར་ནན་གྱིས་བསྐུལ་བས་ཐོག་མར་དྲང་སྲོང་རྣམས་དགའ་བར་བྱེད་པའི་ཚིག་བཅད་བྲམ་ཟེ་ལ་བསྔགས་པ། སོམ་ཉི་མ་རྒལ་གཅེར་བུའི་སྤྱོད་པ་དང་། །རལ་པ་རྫབ་དང་སྣ་ཚོགས་ཟས་དང་ནི། །ཐང་ལ་ཉལ་དང་རྡུལ་དང་དྲི་མ་དང་། །ཙོག་པུའི་སྤོང་བས་མི་དག་འབྱུང་མི་འགྱུར། །འབྱུང་པོ་ཀུན་ལ་འཚེ་བ་རྣམས་སྤངས་ཏེ། །ཆོས་སྤྱོད་ཞི་དུལ་ཡང་དག་སྡོམ་པ་དང་། །ཚངས་སྤྱོད་ལྡན་པ་རྒྱན་གྱིས་བརྒྱན་གྱུར་ཀྱང་། །དེ་ཉིད་བྲམ་ཟེ་དགེ་སྦྱོང་དགེ་སློང་ཡིན། །ཞེས་དང་། གྲོང་ཁྱེར་ལྟ་བུའི་མདོ་འདོན་པ་ན། དྲང་སྲོང་རྣམས་ཀྱང་རིམ་པར་ཆོས་ཉན་དུ་འོང་བས་ཐམས་ཅད་ཀྱིས་ཀྱང་བདེན་པར་མངོན་པར་རྟོགས་མ་ཐག་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དེ་དག་གིས་ལེགས་སོ་བརྗོད་ཅིང་སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བར་ཞུས་པས་གནང་། སྐབས་དེར་དགེ་འདུན་འཚོ་དེ་རྣམས་ཀྱིས་རྐྱེན་བྱས་ཏེ་དགྲ་བཅོམ་པ་ཐོབ་ཅིང་རྫུ་འཕྲུལ་དང་ལྡན་པས་དྲང་སྲོང་ལྔ་བརྒྱ་དང་ལྷན་ཅིག་ནམ་མཁར་འཕུར་


GTN004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་ཡུལ་དུ་བདེ་བར་བགྲོད་པ་ན་ཚོང་པ་རྣམས་ཀྱིས་ཀྱང་མཐོང་ནས་ལེགས་སོ་བརྗོད་ཅིང་། དེ་དག་གི་རྫས་ཚོང་བ་ན་ཚོང་པ་ལྔ་བརྒྱའང་རབ་ཏུ་འབྱུང་བར་འདོད་པས་སྟོང་ཚང་བ་ཁྲིད་དེ་སྟོན་པའི་སྤྱན་སྔར་འོང་བ་དང་། སྟོན་པས་ཀྱང་གཟིགས་པ་ཙམ་ནས་ལེགས་སོ་བརྗོད་ཅིང་། དྲང་སྲོང་ལྔ་བརྒྱ་བཅས་སྟོན་པ་ལས་བསྙེན་པར་རྫོགས་ནས་དགྲ་བཅོམ། སྐབས་འདིར་ཉི་ཚེ་བའི་དམྱལ་བ་རྩིག་པ་འདྲ་བ་སོགས་ཀྱི་ལོ་རྒྱུས་ཞུས་པ་དཔལ་གྱི་དུམ་བུར་གསལ་བ་ལྟར་རོ། །༈ ཡལ་འདབ་རེ་བརྒྱད་པ་ནི་གོ་སླའོ། །༈ ཡལ་འདབ་རེ་དགུ་པ་ནི། རྒྱལ་པོ་མྱ་ངན་མེད་ཀྱིས་གནོད་སྦྱིན་ཤིང་རྟའི་རིག་སྔགས་ཀྱང་གྲུབ་སྟེ། གླང་པོ་ཆེ་ཙམ་གྱི་རྟ་དང་། ཏཱ་ལའི་སྡོང་པོ་ཙམ་གྱི་སྐྱེས་བུ་སོགས་གནོད་སྦྱིན་གྱི་དཔུང་ཡན་ལག་བཞི་པ་མང་པོ་བྱུང་སྟེ། འབིགས་བྱེད་ཀྱི་ལྷོའི་ཡུལ་སོགས་ཡུལ་གཞན་ཐམས་ཅད་ཀྱང་གནོད་པ་མེད་པར་མངའ་འོག་ཏུ་ཚུད། བྱང་ཕྱོགས་ཁ་བ་ཅན་དང་། ལི་ཡུལ་གྱི་རྒྱབ་ཀྱི་གངས་དང་། ཤར་ལྷོ་ནུབ་གསུམ་རྒྱ་མཚོ་ལ་ཐུག་པའི་འཛམ་བུའི་གླིང་གི་ས་གཞི་དང་གླིང་ཕྲན་ལྔ་བཅུ་ཙམ་ལ་དབང་བསྒྱུར་བར་གྱུར་ཏོ། །དེའི་རྗེས་སུ་དགྲ་བཅོམ་གྲགས་པས་སྟོན་པའི་ལུང་བསྟན་བཤད་དེ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་མང་པོས་ས་སྟེང་བརྒྱན་པར་


GTN004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཤིག །ཅེས་བསྐུལ་བ་ལ་སངས་རྒྱས་ཀྱི་རིང་བསྲེལ་དགོས་པ་བྱུང་ནས་རྒྱལ་པོ་མ་སྐྱེས་དགྲའི་གདུང་སྐལ་རྣམས་རྒྱལ་པོའི་ཁབ་ཀྱི་མཆོད་རྟེན་ཆེན་པོའི་ས་འོག་ཏུ་གཏེར་དུ་སྦས་ནས་ཡོད་པ་འདོན་པའི་ཕྱིར། རྒྱལ་པོ་དང་དགྲ་བཅོམ་གྲགས་པ་སྐྱེ་བོའི་ཚོགས་བཅས་དེར་བྱོན་ནས་མི་འགྲེང་གསུམ་ཙམ་བྲུས་པའི་འོག་ཏུ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་དྲག་ཏུ་འཁོར་བས་ལེན་པའི་གནས་མ་རྙེད་པའི་ཚེ། ཡུལ་གྱི་རྒན་མོ་ཞིག་གིས་ཐབས་བསྟན་ཏེ། ས་དེ་ནས་ནུབ་ཕྱོགས་དཔག་ཚད་གསུམ་གྱི་རི་དྲུང་ཞིག་ན་ཆུ་བབ་པ་ཁ་བསྒྱུར་བས་འཁོར་ལོ་འཁོར་བ་ཆད་ཅིང་མེ་ཞིའོ། །སླར་ཡང་ས་དྲུས་པས་ཟངས་ཀྱི་གླེགས་བུ་ལ་འདི་ན་དེ་བཞིན་གཤེགས་པའི་རིང་བསྲེལ་མ་ག་དྷའི་བྲེ་བོ་ཆེན་པོ་གཅིག་ཡོད་དེ། མ་འོངས་པ་ན་རྒྱལ་པོ་དབུལ་པོ་ཞིག་གིས་འདོན་པར་འགྱུར་རོ་བྲིས་པ་མྱ་ངན་མེད་ཀྱིས་མཐོང་ནས། འདི་འདོན་མཁན་ནི་བདག་མ་ཡིན་ཏེ་དབུལ་པོ་ཉིད་ཀྱི་ཕྱིར་རོ་ཟེར་བ་ན་དགྲ་བཅོམ་གྲགས་པས་སླར་ཡང་བསྐུལ་ཏེ། མཐར་མི་འགྲེང་བདུན་ཙམ་གྲུབ་པར་ལྕགས་ལ་སོགས་པའི་སྒྲོམ་ཕྱི་ནང་རིམ་པ་བདུན་ཙམ་ཁ་ཕྱེ་བའི་དབུས་ན། སངས་རྒྱས་ཀྱི་གདུང་སྔོན་མ་ག་དྷཱའི་བྲེ་བོ་ཆེའི་གང་ཡིན་པ་འཕེལ་ནས་ཁལ་དྲུག་གི་ཚད་ཙམ་དུ་ཡོད་པ་དང་། སྒྲོམ་གྱི་གྲ་བཞིར་ནོར་བུ་རིན་པོ་ཆེ་རང་འོད་རྒྱང་གྲགས་རེར་འབར་བ་བཞི་མཆོད་པའི་ཡོ་བྱད་དུ་བཞག་པའི་ནོར་བུ་རེ་རེ་ལའང་རིན་ཐང་གཞལ་ན་རྒྱལ་པོ་མྱ་ངན་མེད་ཀྱི་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཐམས་ཅད་ཀྱིས་མི་དཔོག་པར་མཐོང་ནས་རྒྱལ་པོའི་སྔར་


GTN004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ང་རྒྱལ་ཞི། དེ་ལས་སྐུ་གདུང་བྲེ་བོ་ཆེན་པོ་གཅིག་བླངས་ཏེ། སླར་ཡང་སྔར་བཞིན་སྦས་སོ། །དེ་ནས་ཡུལ་ཐ་དད་དུ་སྐྱེ་བོ་རྣམས་ལ་ཡང་བཀའ་བསྒོས་ནས། ཕོ་ཉ་དང་ལས་ཀྱི་གྲོགས་ཐམས་ཅད་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་བྱས་ཏེ། གནས་ཆེན་བརྒྱད་ཀྱི་མཆོད་རྟེན་དང་། རྡོ་རྗེ་གདན་གྱི་བར་སྐོར་དང་། གཞན་ཡང་བྱང་ངོགས་སུ་ལི་ཡུལ་ཚུན་ཆད་ཀྱི་ཛམ་བུའི་གླིང་གི་ཡུལ་ཐམས་ཅད་དུ་ཐུབ་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བརྩེགས་པས། ཉིན་མཚན་གཅིག་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གྲུབ་བོ། །དེ་ནས་ཡུལ་ཐམས་ཅད་དུ་བཀའ་བསྒོས་ཏེ་མཆོད་རྟེན་ཐམས་ཅད་ལ་མར་མེ་དང་། བདུག་སྤོས་དང་། མེ་ཏོག་གི་ཕྲེང་བ་སྟོང་སྟོང་གིས་ཉིན་རེ་བཞིན་མཆོད་པར་བྱེད་ཅིང་། བྱང་ཆུབ་ཀྱི་ཤིང་ལ་གསེར་དང་། དངུལ་དང་། བཻཌཱུརྱའི་བུམ་པ་སྟོང་ཕྲག་བཅུ་སྙེད་དྲི་བཟང་པོའི་ཆུ་དང་བདུད་རྩི་ལྔས་ཡོངས་སུ་བཀང་སྟེ་མཆོད་པར་བྱེད་ཅིང་། རྒྱང་རིང་པོ་ནས་སྤོས་དང་མར་མེ་སྟོང་ཕྲག་བཅུ་སྙེད་ཀྱིས་མཆོད་པར་བྱས་སོ། །དེར་ཟླ་བ་གསུམ་དུ་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་སྤྱན་དྲངས་ནས་ཉིན་རེ་བཞིན་པ་ཊ་ལི་པུ་ཏྲའི་སྟེང་གི་ནམ་མཁར་བཞུགས་སུ་གསོལ་ཏེ་ཡོ་བྱད་ཐམས་ཅད་ཀྱིས་མཆོད། འཕགས་པ་སློབ་པ་རྣམས་དང་སོ་སོ་སྐྱེ་བོའི་དགེ་འདུན་རྣམས་ནི་ས་སྟེང་དུ་མཆོད་པར་བྱེད། དེ་མཐར་དགེ་སློང་རེ་རེ་ལ་གོས་འབུམ་རི་བ་རེ་རེ་བསྐོན་ནོ། །དེའི་ནུབ་མོ་མཆོད་རྟེན་རྣམས་བལྟ་བའི་ཕྱིར་དུ་རྒྱལ་པོ་འཁོར་བཅས་གནོད་


GTN004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་ཕྲག་པ་ལ་ཁྱེར་ཏེ། ཞག་བདུན་གྱི་ནང་དུ་ཛམྦུའི་གླིང་གི་ས་ཐམས་ཅད་ཀྱི་དཀོན་ཅོག་གི་མཆོད་རྟེན་ཐམས་ཅད་བསྐོར་ཞིང་མཆོད་པ་དཀྱུས་ལས་བཅུ་འགྱུར་གྱི་ལྷག་པ་དང་། སངས་རྒྱས་དང་། ཉན་ཐོས་ཀྱི་མཆོད་རྟེན་ཐམས་ཅད་ལ་གསེར་གྱི་རྒྱན་རེ་རེ་ཕུལ། བྱང་ཆུབ་ཀྱི་ཤིང་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱིས་ལྷག་པར་བརྒྱན་པར་བྱས་སོ། །ཞག་བརྒྱད་པའི་ཉིན་པར། བདག་གི་དགེ་བའི་རྩ་བ་འདིས་མིའི་མཆོག་སངས་རྒྱས་སུ་གྱུར་ཅིག །ཅེས་སྨོན་ལམ་ཡང་ནས་ཡང་དུ་བཏབ་སྟེ་སྐྱེ་བོའིཚོགས་རྣམས་ལ་རབ་ཏུ་དགའ་བས་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་སྨྲས་པས། སྐྱེ་བོ་མང་པོ་ཞིག་རྒྱལ་པོས་རྩོམ་པ་འདི་ནི་བྱ་བ་མང་ཡང་འབྲས་བུ་ཆུང་བ་སྟེ། རེ་ཞིག་བླ་ན་མེད་པའི་བྱང་ཆུབ་ཅེས་བྱ་བ་ཡང་མེད་ན་རྒྱལ་པོའི་སྨོན་ལམ་འདི་འགྲུབ་པར་འགྱུར་རོ་སྐན་ཟེར་བ་ལས། གལ་ཏེ་བདག་གི་སྨོན་ལམ་འདི་འགྲུབ་ན་ས་ཆེན་པོ་འདི་ཡང་གཡོ་བར་གྱུར་ཅིག །ནམ་མཁའ་ལས་ཀྱང་མེ་ཏོག་གི་ཆར་འབབ་པར་གྱུར་ཅིག །ཅེས་བརྗོད་མ་ཐག་ཏུ་ས་ཡང་གཡོས་ཤིང་མེ་ཏོག་གི་ཆར་འབབས་པ་ལ་སྐྱེ་བོ་དེ་རྣམས་ཀྱང་དད་པས་སྨོན་ལམ་འདེབས་པར་བྱེད་དོ། །གང་གི་ཚེ་མཆོད་རྟེན་ཞལ་བསྲོའི་དོན་དུ་དགེ་སློང་རྣམས་ཟླ་བ་གསུམ་དུ་མཆོད་པ་བྱས་ལ་གྲོལ་བའི་ཉིན་པར་སོ་སོ་སྐྱེ་བོའི་དགེ་སློང་མང་པོ་གློ་བུར་དུ་ལྷགས་པ་ལ་རྒྱལ་པོས་སྐྱེད་མོས་ཚལ་དུ་མཆོད་པ་ཆེན་པོ་བྱས་ཤིང་། དེ་རྣམས་ཀྱི་གྲལ་གྱི་ཐོག་མར་འདུག་པའི་དགེ་སློང་རྒན་པོ་ཞིག་ལ་ལྷག་པར་ཡང་མཆོད་པ་


GTN004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བྱས་སོ། །དགེ་སློང་དེ་ནི་ཐོས་པ་ཉུང་ཞིང་ཤིན་ཏུ་བླུན་པ། ཚིགས་བཅད་གཅིག་ཀྱང་འདོན་མི་ནུས་ལ། དགེ་སློང་གཞོན་ནུ་དེ་རྣམས་ཀྱི་ནང་ན་སྡེ་སྣོད་འཛིན་པའང་མང་པོ་ཡོད་དོ། །ཁ་ཟས་ཀྱི་བྱ་བ་ཟིན་པ་ན་གྲལ་འོག་ན་གནས་པའི་དགེ་སློང་རྣམས་ཀྱིས་དགེ་སློང་རྒན་པོ་ལ། རྒྱལ་པོས་བཀུར་སྟི་ལྷག་པར་བྱེད་པ་ནི་ཆོས་ཉན་འདོད་པས་ཁྱོད་ཀྱིས་དགོས་སོ་སྨྲས་པས་དེ་གནད་དུ་ཕོག་པ་བཞིན་གྱུར་ནས་བསམ་པ། བདག་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལོན་ཀྱང་ཚིགས་སུ་བཅད་པ་གཅིག་ཀྱང་མི་ཤེས་པས་གལ་ཏེ་སྔར་དོན་དེ་གོ་ན་ཁ་ཟས་བཟང་པོ་དེ་རྣམས་དགེ་སློང་གཞན་ལ་བྱིན་ཏེ་ཆོས་སྨྲ་བ་འཚོལ་བ་ཞིག་ན། ད་ནི་ཟོས་ཟིན་པས་ཅི་ཞིག་བྱས་ན་ལེགས་སྙམ་ནས་སྡུག་བསྔལ་བར་གྱུར་བ་ལ་ཚལ་དེར་གནས་པའི་ལྷས་གལ་ཏེ་རྒྱལ་པོ་དགེ་སློང་འདི་ལ་མ་དད་པར་གྱུར་ན་མི་རུང་ངོ་སྙམ་ནས་སྤྲུལ་པའི་གཟུགས་ཀྱིས་དགེ་སློང་དེའི་མདུན་དུ་འོངས་ནས་རྒྱལ་པོ་ཆོས་ཉན་དུ་བྱུང་ན་རྒྱལ་པོ་ཆེན་པོ་ས་གཞི་རི་དང་བཅས་པ་འདི་ཡང་འཇིག་པར་འགྱུར་ན། རྒྱལ་པོའི་རྒྱལ་སྲིད་ནི་ལྟ་ཅི་སྨོས་ཏེ། རྒྱལ་པོ་ཆེན་པོ་འདི་ཉིད་བསམ་པར་རིགས་སོ་ཞེས་སྨྲོས་ཤིག་ཟེར། རྒྱལ་པོ་མདུན་དུ་འོངས་ནས་གོས་གསེར་གྱི་མདོག་ཅན་ཕྲུགས་གཅིག་སྐོན་ནས་ཆོས་ཉན་པའི་ཕྱིར་འདུག་པ་ལ། གོང་བཞིན་སྨྲས་པས། རྒྱལ་པོ་དད་པ་ཅན་ཡིན་པའི་ཕྱིར་ཤིན་ཏུ་བདེན་པར་བསམས་ཏེ་སྤུ་ཟིང་ཞེས་བྱེད་ཅིང་དོན་དེ་ཉིད་སེམས་པར་བྱེད་དོ། །དེ་ནས་ཡང་ཚལ་གྱི་ལྷ་དེས་དགེ་སློང་རྒན་པོ་ཁྱེད་དད་པ་ཅན་གྱིས་བྱིན་པའི་རྫས་ཆུད་མ་


GTN004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བར་གྱིས་ཤིག །དེས་ཀྱང་སློབ་དཔོན་ལ་གདམས་ངག་ཞུས་ཏེ་རྩེ་གཅིག་ཏུ་བསྒོམས་པས་ཟླ་བ་གསུམ་ནས་དགྲ་བཅོམ་པ་ཐོབ་སྟེ་སུམ་ཅུ་རྩ་གསུམ་གྱི་གནས་ཡོངས་འདུ་ས་བརྟོལ་གྱི་ཚལ་དུ་དབྱར་གནས་པར་མཛད་དེ། སླར་པ་ཊ་ལི་པུ་ཏྲར་དགེ་འདུན་དང་སྐྱེ་བོའི་ཚོགས་མང་པོའི་དབུས་སུ་འོངས་པ་ན། རྒྱལ་པོས་བྱིན་པའི་གོས་ལ་ཤིང་ཡོངས་འདུའི་དྲི་བཟང་པོ་ཆགས་པས་ས་ཕྱོགས་དེ་ཐམས་ཅད་དྲི་བསུང་གིས་ཁྱབ་བོ། །དེར་དགེ་སློང་གཞན་རྣམས་ཀྱིས་རྒྱུ་དྲིས་པས་དེས་ཀྱང་སྔར་གྱི་ལོ་རྒྱུས་བཤད་པས་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་རིམ་གྱིས་གཏམ་དེ་རྒྱལ་པོས་ཀྱང་ཐོས་པ་ན། དགེ་སློང་བློ་ཤིན་ཏུ་རྟུལ་བ་ཡང་དགྲ་བཅོམ་པ་ཐོབ་པས་ཆོས་ཀྱི་ཡོན་ཏན་དང་། དེ་ཡང་རང་གི་གོས་ཕུལ་བའི་རྐྱེན་ལས་བྱུང་བའི་ཕྱིར་སྦྱིན་པའི་གཞན་དོན་གྱི་ཕན་ཡོན་མཐོང་ནས་སླར་ཡང་དགེ་སློང་འབུམ་ཕྲག་གསུམ་ལ་ལོ་ལྔའི་དུས་སྟོན་ཆེན་པོ་བྱས་ཏེ། སྔ་དྲོའི་ཆ་དང་པོ་ལ་དགྲ་བཅོམ་པ་རྣམས་དང་། གཉིས་པ་ལ་འཕགས་པ་སློབ་པ་རྣམས་དང་། གསུམ་པ་སོ་སོ་སྐྱེ་བོའི་དགེ་འདུན་རྣམས་ལ་ཁ་ཟས་དང་གོས་མཆོག་དག་གིས་མཆོད་པར་བྱས་སོ། །༈ ཡལ་འདབ་བདུན་ཅུ་པ་ནི། འཕགས་པ་ཀུན་དགའ་བོས་སྔ་ཕྱིར་དགེ་སློང་ཁྲི་ཁྲག་ཙམ་དགྲ་བཅོམ་པའི་གནས་ལ་ཡོངས་སུ་བཀོད་ནས། ཡུལ་ཡངས་པ་ཅན་གྱི་ལིཙྪ་བི་རྣམས་དང་།


GTN004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་གཉིས་ཀས་གདུང་སྐལ་ཐོབ་པའི་དོན་དུ་ཡུལ་དེ་གཉིས་ཀྱི་བར་ཆུ་བོ་གངྒཱའི་དབུས་སུ་བཞུགས་པ་ལ། དྲང་སྲོང་ལྔ་བརྒྱས་བསྙེན་པར་རྫོགས་པ་ཞུས་པ་ལ། ཆུའི་དབུས་སུ་གླིང་སྤྲུལ། དེར་དགེ་སློང་རྣམས་འདུས་པས་རྫུ་འཕྲུལ་གྱིས་ཆུ་ཚོད་གཅིག་ཁོ་ནར་ལྔ་བརྒྱ་པོ་རྣམས་རིམ་གྱིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ལ་བཀོད་པས་ཉི་མ་གུང་པ་ལྔ་བརྒྱ་དང་། ཆུ་དབུས་པ་ལྔ་བརྒྱ་ཞེས་གྲགས། དེའི་གཙོ་བོ་ནི་ཉི་མ་གུང་པ་ཆེན་པོ་དང་། ཆུ་དབུས་པ་ཆེན་པོ་ཞེས་གྲགས། དེ་ནས་དེར་མྱ་ངན་ལས་འདས་ཏེ་སྐུ་གདུང་རང་བྱུང་གི་མེས་ཞུགས་ལ་གཞེན་ཏེ། རིན་པོ་ཆེའི་གར་བུ་ལྟ་བུ་ཆ་གཉིས་སུ་གྱུར་པ་ཆུའི་རླབས་ཀྱིས་བདས་ཏེ་འགྲམ་གཉིས་སུ་ཕྱིན་ནས། བྱང་གི་ནི་སྤོང་བྱེད་པས་ཁྱེར། ལྷོའི་ནི་མ་སྐྱེས་དགྲས་ཁྱེར་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བྱས་སོ། །འཕགས་པ་ཉི་མ་གུང་པ་ཡུལ་ཝཱ་རཱ་ཎ་སཱིར་བཞུགས་ཏེ་འཁོར་རྣམ་པ་བཞི་ལ་ལུང་འབོགས་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དུས་གཞན་ཞིག་ན། ཝཱ་རཱ་ཎ་སཱིའི་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་དགེ་སློང་སློང་བ་པོ་མང་པོས་ཡིད་སུན་པར་གྱུར་ཏེ། དགེ་སློང་རྣམས་ལ་བསོད་སྙོམས་ཀྱི་སྤྱོད་ཡུལ་གཞན་ན་མེད་པ་ལྟ་ཞེས་ཁ་ཟེར་བར་གྱུར་པ་དང་། ཝཱ་རཱ་ཎ་སཱི་ལས་ལོངས་སྤྱོད་མོད་པ་འགའ་ཡང་མེད་ཟེར་བ་དང་། བདག་ཅག་གིས་ཁྱེད་རྣམས་གསོ་དགོས་ན་ཁྱེད་དག་གིས་ཁོ་བོ་ཅག་ལ་ཅུང་ཟད་ཅིག་ཀྱང་མི་སྦྱིན་པ་ལྟ་ཟེར་


GTN004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན། འཕགས་པ་ཉི་མ་གུང་པ་དགྲ་བཅོམ་ཁྲི་ཁྲག་གཅིག་གིས་འཁོར་དུ་བསྐོར་ནས་ནམ་མཁའི་ལམ་ལ་འཕུར་ཏེ་གཤེགས་ནས་བྱང་ཕྱོགས་རི་ཨུ་ཤི་རར་བྱོན་ནོ། །དེར་ཁྱིམ་བདག་ཨ་ཛ་ཞེས་བྱ་བས་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ཏེ། དུས་སྟོན་གྱི་མཆོད་པ་ལོ་གཅིག་ཏུ་བྱས་པས། དགྲ་བཅོམ་པ་བཞི་ཁྲི་བཞི་སྟོང་འདུས་སོ། །རྐྱེན་དེ་ལ་བརྟེན་ནས་བྱང་ཕྱོགས་སུ་བསྟན་པ་ལྷག་པར་དར་བར་གྱུར་ཏོ། །དེ་ནས་རྫུ་འཕྲུལ་གྱིས་ཁ་ཆེའི་གནས་སུ་བྱོན། །ཀླུ་གནས་པའི་མཚོའི་འགྲམ་དུ་བཞུགས་སོ། །དེའི་ཚེ་ཀླུའི་རྒྱལ་པོ་ཨཽ་དུཥྚ་འཁོར་དང་བཅས་པ་རྣམས་ཁྲོས་པས། རྫི་ཆར་དྲག་པོ་ཕབ་ཀྱང་ཆོས་གོས་ཀྱི་མཐའ་མ་གཡོས་སོ། །མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་པ་མེ་ཏོག་ཏུ་གྱུར་པས། ཀླུ་དངོས་སུ་འོངས་ཏེ། འཕགས་པ་ཅི་བཞེད་ཟེར་བ་ལ། ས་གཞི་བྱིན་ཅིག་གསུངས་པས། ས་གཞི་ཇི་ཙམ་སྐྱིལ་ཀྲུང་གཅིག་གིས་ཁྱབ་པའི་སའོ། །འོ་ན་འབུལ་ལོ། །དེར་རྫུ་འཕྲུལ་གྱིས་སྐྱིལ་ཀྲུང་གཅིག་དེས་ཁ་ཆེ་ཡུལ་དགུའི་ས་ནོན་པར་མཛད་པས་ཀླུ་ན་རེ། འཕགས་པ་ལ་འཁོར་ཇི་ཙམ་ལྔ་བརྒྱའོ། །དེ་ལས་གཅིག་མ་ཚང་ན་ས་སླར་འཕྲོག་གོ་ཟེར་བ་ན། ས་འདི་ནི་སྟོན་པས་ལྷག་མཐོང་དང་མཐུན་པའི་གནས་སུ་ལུང་བསྟན་པ་ཡིན་ན། གང་ན་སྦྱིན་པ་པོ་ཡོད་པ་དེར་སློང་བ་པོ་ཡོད་པས། བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་འཇུག་དགོས་སོ་གསུངས་ནས། ཨུ་ཤི་ར་ནས་འཁོར་ཉི་མ་གུང་པ་ལྔ་བརྒྱ་པོ་རྣམས་དང་། ཝཱ་རཱ་ཎ་སཱི་ནས་ཆོས་ལ་མངོན་པར་དད་པའི་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཁ་ཆེར་
ཞུགས་སོ། །དེ་ནས་རིམ་གྱིས་ཡུལ་སྣ་ཚོགས་ནས་སྐྱེ་བོ་དུ་མ་འོངས་ཏེ། ཉི་མ་གུང་པ་ཉི་གཞུང་པའི་དུས་ལ་ཡང་གྲོང་ཁྱེར་ཆེན་པོ་དགུ་དང་། རི་འོར་གྱི་གྲོང་མང་པོ་དང་། རྒྱལ་པོའི་ཕོ་བྲང་གཅིག་དང་། གཙུག་ལག་ཁང་བཅུ་གཉིས་དགེ་འདུན་ཤིན་ཏུ་མང་པོ་དང་བཅས་པས་ཡུལ་བརྒྱན་པར་གྱུར་ཏོ། །དེ་ནས་ཁ་ཆེའི་སྐྱེ་བོ་རྣམས་རྫུ་འཕྲུལ་གྱིས་རི་སྤོས་ངད་ལྡན་དུ་ཁྲིད་ནས་བྱོན་ཏོ། །མེ་འབར་བའི་ཆོ་འཕྲུལ་གྱིས་ཀླུ་རྣམས་བཏུལ། ཆོས་གོས་ཀྱི་གྲིབ་མས་ནོན་པའི་གུར་གུམ་རྣམས་འབུལ་བར་བྱས་པས། དགྲ་བཅོམ་པས་ཆོས་གོས་ཆེན་པོར་སྤྲུལ་ཏེ་དེའི་གྲིབ་མས་ཕོག་ནས་སྐྱེ་བོ་ཐམས་ཅད་ཀྱིས་གུར་གུམ་བླངས་ཏེ། སླར་ཡང་ཡུད་ཙམ་གྱིས་ཁ་ཆེར་སླེབས་པ་དང་། ཁ་ཆེའི་ཡུལ་གུར་གུམ་གྱི་སྐྱེ་གནས་ཀྱིས་ཁྱབ་པར་བྱས་ནས། ཁྱེད་རྣམས་ཀྱི་ལོངས་སྤྱོད་འཕེལ་བའི་ཁྱད་པར་འདི་ཡིན་ནོ་ཞེས་བསྟན་ཅིང་ཁ་ཆེ་ན་གནས་པ་ཐམས་ཅད་བསྟན་པ་ལ་བཙུད་ནས་མྱ་ངན་ལས་འདས། ཁ་ཆེའི་ཡུལ་དུ་ལོ་ཉི་ཤུ་ཙམ་ཆོས་བསྟན་པར་གྲགས་སོ། །

ཡལ་འདབ་དོན་གཅིག་པ་ནས་བརྒྱད་ཅུ་པའི་བར།


GTN004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་དོན་གཅིག་པ་ནི། འཕགས་པ་ཀུན་དགའ་བོ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ཁྱིམ་བདག་ཤཱ་ནའི་གོས་ཅན་གྱིས་ལོ་ལྔར་དགེ་འདུན་རྣམས་ལ་དུས་སྟོན་ཆེན་པོ་


GTN004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་མཐར་འཕགས་པའི་བཀས་རབ་ཏུ་བྱུང་། རིམ་གྱིས་སྡེ་སྣོད་གསུམ་འཛིན་པ་དང་། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་གྱུར་ཏོ། །རྒྱལ་པོ་མ་སྐྱེས་དགྲ་ཡང་འདས་ཏེ་ཡུད་ཙམ་དམྱལ་བར་སྐྱེས་ནས་ལྷར་འཕོས་པ་འཕགས་པ་འདི་ལས་ཆོས་ཉན་པས་རྒྱུན་ཞུགས་ཐོབ། སློབ་མ་དགྲ་བཅོམ་པ་སྟོང་དུ་ཉེ་བ་ཙམ་བྱུང་། སྔོན་རྒྱལ་པོ་མ་སྐྱེས་དགྲ་ཡོད་པའི་ཚེ་བྲམ་ཟེའི་རིགས་ཆོས་དང་མི་ལྡན་པ་ཤིན་ཏུ་གདུག་ཅིང་གཏུམ་པ་ཁ་ཟས་ཀྱང་གཙང་རྨེ་མེད་པར་སྤྱོད་ཅིང་། སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པ། པ་ན་དང་། ན་པ་ཞེས་བྱ་བ་གཉིས་ཤིག་ཡོད་དོ། །དེ་གཉིས་ཀྱིས་ཁྱིམ་འགའ་ཞིག་ཏུ་རྐུན་པོ་བྱས་པའི་རྒྱུས། རྒྱལ་པོས་ལག་པ་བཅད་པ་ན། དེ་རྣམས་ཤིན་ཏུ་ཁྲོས་པས་དགྲ་བཅོམ་པ་མང་པོ་ལ་གདུགས་ཚོད་གསོལ་ཏེ། དགེ་བའི་རྩ་བ་འདིས་གནོད་སྦྱིན་དུ་གྱུར་ཏེ་རྒྱལ་པོ་དང་མ་ག་དྷཱ་པ་རྣམས་འཇོམས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དུས་ལན་གཅིག་ན་དེ་གཉིས་རིམས་ཀྱིས་བཏབ་སྟེ་ཤི་ནས་གནོད་སྦྱིན་དུ་སྐྱེས་སོ། །གང་གི་ཚེ་རྒྱལ་པོ་ལག་བཟང་གིས་རྒྱལ་སྲིད་བྱས་ནས་ལོ་བདུན་ནམ་བརྒྱད་ལོན་པའི་ཚེ། དེ་གཉིས་མ་ག་དྷཱར་གནོད་སྦྱིན་གྱི་ས་ཐོབ་པར་གྱུར་ཏེ། ཡུལ་དུ་རིམས་ནད་ཆེན་པོ་བཏང་སྟེ། དེར་མི་ཕྱུགས་མང་པོ་ཤི་ཞིང་རིམས་ཆད་དུ་མ་འདོད་པ་ན་ལྟས་མཁན་རྣམས་ཀྱིས་དེ་ཚུལ་ཤེས་པས། མ་ག་དྷཱའི་ཡུལ་པ་རྣམས་ཀྱིས་མཉན་ཡོད་ནས་འཕགས་པ་ཤཱ་ནའི་གོས་ཅན་སྤྱན་དྲངས་ཏེ་གནོད་


GTN004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དེ་གཉིས་འདུལ་བར་གསོལ་བ་བཏབ་བོ། །དེས་ཀྱང་དེ་གཉིས་གནས་པའི་རི་གུརྤ་ཞེས་བྱ་བར་གཤེགས་ཏེ་གནོད་སྦྱིན་གྱི་ཕུག་པར་བཞུགས་པ་ན། དེའི་ཚེ་གནོད་སྦྱིན་དེ་གཉིས་གནོད་སྦྱིན་གཞན་གྱི་མདུན་སར་སོང་བ་ལས་གྲོགས་གནོད་སྦྱིན་གཞན་ཞིག་གིས་སྦྲན་ཏེ། སླར་འོངས་ནས་རབ་ཏུ་ཁྲོས་པས་ཕུག་པའི་བྲག་རྣམས་གཏིབ་པ་ན། ཡང་ཕུག་པ་གཞན་ཞིག་བྱུང་སྟེ། དེ་ན་འཕགས་པ་ཤཱ་ནའི་གོས་ཅན་འདུག་གོ །དེ་ལྟར་ལན་གསུམ་སོང་བ་ན། དེ་གཉིས་ཀྱིས་མེ་སྦར་བས། དགྲ་བཅོམ་པས་དེ་བས་ཆེས་ཆེ་བའི་མེ་ཕྱོགས་བཅུར་སྦར་ཏེ། གནོད་སྦྱིན་གཉིས་སྐྲག་སྟེ་བྲོས་པ་ན། ཕྱོགས་ཐམས་ཅད་འབར་བས་འབྲོས་པའི་ས་ཡང་མ་རྙེད། དེར་ཤཱ་ནའི་གོས་ཅན་ལ་སྐྱབས་སུ་སོང་བས་མེ་ཞིའོ། །དེ་ནས་ཆོས་བསྟན་པས་ཤིན་ཏུ་དད་པར་གྱུར་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད། དེ་མ་ཐག་རིམས་ཀྱང་ཞི། དེ་ལྟ་བུའི་ཆོ་འཕྲུལ་བསྟན་པ། བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་གིས་མཐོང་ངོ་། །ཤཱ་ནའི་གོས་ཅན་འདིས་སྔ་ཕྱིར་གདམས་ངག་བསྟན་པས་བདེན་པ་མཐོང་བ་ནི་འབུམ་ཙམ་མོ། །དགྲ་བཅོམ་པ་ནི་ལྔ་ཁྲི་ཙམ་བྱུང་ངོ་། །༈ ཡལ་འདབ་དོན་གཉིས་པ་ནི། མདོ་སྡེ་མཛངས་༼ཨ༽བླུན་ལེའུ་ཞེ་བདུན་པར་འབྱུང་བ་ཅུང་ཟད་བསྡུ་ན། སྟོན་པ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས། ཡུལ་དེ་ན་བྲམ་ཟེ་ཀུན་ཏུ་རྒྱུ་ཉེར་སྦས་ཞེས་


GTN004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཤིང་ཡིད་བརྟན་པ་ཞིག་ཡོད་པ་དེ་སྟོན་པའི་སྤྱན་སྔར་འོངས་ནས་བདག་རབ་ཏུ་འབྱུང་ན་ཤེས་རབ་དང་། སྤོབས་པ་ཤཱ་རིའི་བུ་དང་མཉམ་པ་ཞིག་འོང་ངམ་དྲིས་པས། དེ་ཙམ་མི་འབྱུང་གསུངས་པས་ཁྱིམ་དུ་གནས་སོ། །སྟོན་པས་འཁོར་རྣམས་ལ་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་ལོན་པ་ན་བྲམ་ཟེ་འདི་རབ་ཏུ་བྱུང་ཞིང་དགྲ་བཅོམ་པས་སེམས་ཅན་གྱི་དོན་བྱེད་ཅིང་བསྟན་པ་གསལ་བར་བྱ་བར་སངས་རྒྱས་རང་དང་མཉམ་པར་འགྱུར་ཞེས་ལུང་བསྟན་པ་ལྟར། འཕགས་པ་ཀུན་དགའ་བོས་ཤཱ་ནའི་གོས་ཅན་ལ་བསྟན་པ་གཏད་ནས། ཉེར་སྦས་རབ་ཏུ་བྱུང་ཞིག་ཅེས་བཀའ་སྩལ་ཏོ། །ཝཱ་རཱ་ཎ་སཱིར་ཁྱིམ་བདག་སྦས་པ་ཤཱ་ནའི་གོས་ཅན་གྱི་སྦྱིན་བདག་ཏུ་གྱུར་པར། བུ་གསུམ་བྱུང་བའི་ཐ་ཆུང་ཉེར་སྦས་ལ་འཕགས་པས་ཆོས་བསྟན་ནས་སེམས་ཅན་རྩེ་གཅིག་པ་ཡིད་ལ་བྱེད་དུ་བཅུག་སྟེ། དགེ་བའི་རྟོག་པར་རྡེའུ་དཀར་པོ་དང་། མི་དགེ་བར་རྡེའུ་ནག་པོ་བསོག་ཅིག་གསུངས་པས། ཐོག་མར་ནག་པོ་མང་། བར་དུ་ཆ་སྙོམས། ཐ་མར་དཀར་པོ་ཤས་ཆེ་བར་བྱུང་། གྲོང་དེའི་སྨད་འཚོང་མས་བྲན་མོ་ཉེར་སྦས་ཚོང་བྱེད་པའི་སར་མེ་ཏོག་ཉོ་བར་བཏང་བས་མེ་ཏོག་མང་དུ་བསྐུར། དེར་སྨད་འཚོང་མ་དེ་དགའ་ནས་འདོད་པའི་ཕྱིར་བོས་ཀྱང་ཉན་དུ་མ་འདོད། གཡོན་ཅན་མ་དེས་རྒྱལ་པོའི་བུ་ལ་འདོད་པ་སྤྱད་ཟིན་ནས་རྒྱན་ལ་ཆགས་པས་བསད་པའི་རོ་སྦས་པ། ཁྱིམ་བཤེར་བས་རྒྱན་མཐོང་ཞིང་རོ་རྙེད་དེ། རྒྱལ་པོར་ཞུས་པས་ཁྲིམས་ལ་སྦྱར་ཏེ་རྐང་ལག་གཏུབ། རྣ་བ་དང་སྣ་ཡང་བཅད་ཅིང་ཤིང་ཁར་བཏགས་ཏེ།


GTN004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་དུ་བཙུགས་སོ། །ཉེར་སྦས་དེར་སྙིང་རྗེའི་སྟོབས་ཀྱིས་སོང་ནས་མི་རྟག་པའི་ཆོས་བཞི་བསྟན་པས་ཆོས་ཀྱི་མིག་ཐོབ། ཉེར་སྦས་ཀྱང་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པ་ན། ཤཱ་ནའི་གོས་ཅན་ལས་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ་འཁོར་མང་པོ་ལ་ཆོས་བསྟན་པ་ན་བདུད་སྡིག་ཏོ་ཅན་འཁྲུགས་ནས་ཉིན་དང་པོར་གསེར་གྱི་དོང་རྩེའི་ཆར། ཉིན་གཉིས་པར་མེ་ཏོག་གི་ཆར། གསུམ་པར་གླང་པོ་ཆེ་མཐོན་མཐིང་ཁ་ནས་མཆེ་བ་དྲུག་བྱུང་བའི་མཆེ་བ་རེ་རེ་ལ་རྫིང་བུ་རེ་རེ་ཡོད་པ། རྫིང་བུ་རེ་རེ་ལ་མེ་ཏོག་བདུན་བདུན་ཡོད་པ། མེ་ཏོག་རེ་རེའི་ནང་དུ་ཤེལ་གྱི་བུ་མོ་བདུན་བདུན་ཡོད་པ། བུ་མོ་དེ་དག་ཀྱང་སོ་སོ་ནས་རོལ་མོ་མང་པོ་བྱེད་ཅིང་། གླང་པོ་ཆེ་གོམ་པ་པདྨ་ལ་དལ་གྱིས་འགྲོ་བ་བསྟན་པ་སོགས་ཆོ་འཕྲུལ་བྱུང་། བཞི་པར་ན་ཆུང་བཟང་མོ་ཤིན་ཏུ་མཛེས་ཤིང་བཟང་བ་ཞིག་འཁོར་གྱི་ནང་དུ་འོངས་པར་སྤྲུལ་བ་འཕགས་པས་ཀེང་རུས་དཀར་པོར་བསྒྱུར་བས་འཁོར་རྣམས་སྐྱོ་ནས་ཆོས་ཉན་ཏེ་འབྲས་བུ་ཐོབ་པ་མང་། ཆོས་ཞུ་བའི་རྗེས་འབྲངས་ཁྱི་ཞིག་ཡོད་པས་ཆོས་ཐོས་པའི་ཕན་ཡོན་གྱིས་ཤི་མ་ཐག་ལྷའི་རིས་དྲུག་པར་སྐྱེས་ཏེ་བདུད་དང་སྟན་གཅིག་ལ་སྡོད་པ་ཐོབ་པས། བདུད་ཀྱིས་དེའི་སྐྱེ་བ་ཤེས་པས་སེམས་འཁྲུགས་ནས་འཕགས་པ་ཏིང་ངེ་འཛིན་ལ་བཞུགས་པའི་དབུར་རིན་པོ་ཆེའི་ཅོད་པན་ཞིག་བཞག་པས། དེ་ཏིང་ངེ་འཛིན་ལས་བཞེངས་པ་ན་དེ་ལྟར་མཐོང་བས་བདུད་བཀུག་སྟེ། མེ་ཏོག་གི་ཕྲེང་བའི་ཟོལ་གྱིས་མགོ་བོར་སྦྲུལ་གྱི་རོ། །སྐེད་པར་མི་རོ་དང་ཁྱི་རོ་རུལ་པ་བཅིངས་པས་མི་འདོད་དོ། །དོར་བར་བྱས་ཀྱང་མ་ནུས་


GTN004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྒྱ་བྱིན་དང་ཚངས་པ་སོགས་ལ་ཞུས་ཀྱང་ཐབས་རྡུག་པས། སླར་འཕགས་པ་ལ་བཟོད་པར་གསོལ་བ་ན། སེམས་ཅན་ཀུན་ལ་བྱམས་པའི་སེམས་བསྐྱེད་ན་རིན་པོ་ཆེའི་ཕྲེང་བར་འགྱུར་ཞིང་སྡིག་སེམས་སྐྱེས་ན་ཁྱི་རོ་ཉིད་དོ་གསུངས་པས་བདུད་ཀྱང་སྐྲག་ནས་དེ་ཕྱིན་དུལ་ལོ། །འཕགས་པས་བདུད་ལ་སངས་རྒྱས་སུ་སྤྲུལ་པར་བསྐུལ་བས་དེས་ཀྱང་སྤྲུལ་ལོ། །ཉེར་སྦས་འདིའི་སློབ་མ་དགྲ་བཅོམ་ཐོབ་པའི་མི་རེས་ཚུལ་ཤིང་སོར་བཞི་པ་རེ་དོར་བས་ཁང་པ་མཐོ་ཁྱད་ཁྲུ་དྲུག་ཅུ་པ་ཆུ་ཞེང་གབ་པའི་ནང་ཡོངས་སུ་གང་བར་གྱུར། ཉེ་སྦས་ཡོངས་སུ་མྱ་ངན་ལས་འདས་ཏེ་གདུང་ཡང་། ཤིང་བུ་དེ་རྣམས་ཀྱིས་ཞུགས་ལ་ཕུལ་བས་རིང་བསྲེལ་གཅིག་ཏུ་གྱུར་པ་ལྷ་རྣམས་ཀྱིས་ཁྱེར་རོ། །ཞེས་གྲགས་སོ། །༈ ཡལ་འདབ་དོན་གསུམ་པ་ནི། རྒྱལ་པོ་མྱ་ངན་མེད་ཀྱིས་ཚོང་པ་ལྔ་བརྒྱ་ཙམ་རྒྱ་མཚོར་ནོར་བུ་ལེན་པར་མངགས་ནས་དེ་རྣམས་ཀྱིས་ཀྱང་གྲུ་ལེགས་པར་གྲུབ་སྟེ། རིན་པོ་ཆེ་སྣ་ཚོགས་པས་བཀང་ནས་ཚུར་འོང་། རྒྱ་མཚོའི་ཚུར་འགྲམ་དུ་ངལ་གསོ་ཞིང་བསྡད་པ་ལས། ཀླུ་རྣམས་ཀྱིས་མཚོ་རླབས་བཏང་སྟེ་ཟོང་ཐམས་ཅད་རྒྱ་མཚོར་ཁྱེར་རོ། །དེ་ནས་དེ་རྣམས་འཚོ་བ་གཞན་ལ་རག་ལས་ཤིང་རིམ་གྱིས་འོངས་པས། ནམ་ཞིག་ན་ཞག་བདུན་ན་ཚོང་པ་རྣམས་པ་ཊ་ལི་པུ་ཏྲར་སླེབ་པར་གྲགས་ཤིང་དེ་


GTN004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཇི་ལྟར་གྱུར་པའི་གཏམ་མ་ཐོས་པས། བྲམ་ཟེ་དང་། ཀུན་ཏུ་རྒྱུ་དང་། སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དག་འདུས་ཏེ་ནོར་བུ་རྣམས་ཀྱི་ཁ་དོག་དང་། ངོ་མཚར་བའི་ཡོན་ཏན་གང་ཡིན་པ་དེ་མཐོང་བར་འགྱུར་རོ་ཞེས་ཞག་བདུན་པའི་ཉིན་པར་རྒྱལ་པོ་དང་སྐྱེ་བོའི་ཚོགས་བཅས་སྐྱེད་མོས་ཚལ་དུ་སོང་བ་ལས་ཚོང་པ་དེ་དག་སྟོད་གཡོག་ཁོ་ན་དང་བཅས་ཤིང་ཉམ་ཐག་པས་འོངས་པ་ན། ཧ་ཅང་མ་རིགས་ཏེ་གད་མོས་བཏབ་ནས་སྐྱེ་བོའི་ཚོགས་རྣམས་གྱེས་སོ། །རྒྱལ་པོས་རྒྱུ་དྲིས་པས། ཚོང་པ་རྣམས་ཀྱིས་ལོ་རྒྱུས་བཤད་དོ། །ལྷས་འདི་ལ་སླར་ཡང་ཀླུ་རྣམས་ཐུལ་འོག་ཏུ་ཆུད་པར་མ་མཛད་ན་ཕྱིན་ཆད་ནོར་བུ་ལེན་པར་སྤྲོ་བ་སུ་ཡང་མི་འབྱུང་གི་ལྷས་ཐབས་མཛད་པ་རིགས་སོ། །ཞེས་བསྐུལ། དེར་རྒྱལ་པོ་ཡིད་ཁོང་དུ་ཆུད་ཅིང་མཁས་པ་རྣམས་ལ་ཐབས་དྲིས་པ་ན། བྲམ་ཟེ་དང་ཀུན་ཏུ་རྒྱུ་ལ་སོགས་པ་རྣམས་ཀྱིས་མ་ཤེས། དེར་དགྲ་བཅོམ་མངོན་ཤེས་དྲུག་དང་ལྡན་པ་གཅིག་གིས་བསམ་པ་ན། དེའི་ཐབས་ལྷས་སྟོན་པར་འགྱུར་བ་ཡང་ཤེས། གལ་ཏེ་དགྲ་བཅོམ་པ་ཉིད་ཀྱིས་བསྟན་ན། འདི་ནི་དགེ་སློང་གི་ཕྱོགས་འཛིན་པ་ཡིན་ནོ་སྙམ་དུ་རྒྱལ་པོ་ཡང་ཐེ་ཚོམ་སྐྱེ་ཞིང་མུ་སྟེགས་ཅན་རྣམས་ཀྱིས་ཀྱང་ཁ་ཟེར་བར་འགྱུར་རོ་སྙམ་ནས། རྒྱལ་པོ་ཆེན་པོ་ཐབས་ཡོད་དེ། དོ་ནུབ་ཁྱིམ་གྱི་ལྷས་སྟོན་པར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་ཐོ་རངས་ཀྱི་ཚེ། ཁྱིམ་གྱི་ནམ་མཁའ་ལ་གནས་པའི་ལྷས་རྒྱལ་པོ་སངས་རྒྱས་ལ་མཆོད་པ་རྒྱ་ཆེར་གྱིས་ཤིག །ཀླུ་ཐུལ་བར་འགྱུར་རོ། །ས་ལ་


GTN004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ལྷས་རྒྱལ་པོ་དགྲ་བཅོམ་པའི་དགེ་འདུན་རྣམས་ལ་མཆོད་པར་གྱིས་ཤིག །དེས་ཐུལ་བར་འགྱུར་རོ་ཟེར། ནང་པར་སྐྱེ་བོའི་ཚོགས་ཐམས་ཅད་བསྡུས་ནས་ལྷའི་ལུང་བསྟན་བཤད་དེ་ད་ནི་ཇི་ལྟར་བགྱི་བྱས་པས་བློན་པོ་རྣམས་ན་རེ། ཁར་སང་ལུང་སྟོན་པ་པོའི་དགྲ་བཅོམ་པ་ཉིད་ལ་དྲིས་ཤིག་ཟེར་བས། དེ་སྤྱན་དྲངས་ཏེ་ཞུས་པ་ན་འདི་ལ་ཡིད་ཆེས་པའི་ཐབས་བྱའོ་ཞེས། རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་ཀླུ་རྣམས་ཉོན་ཅིག །ཅེས་བྱ་བ་ལ་སོགས་པས་མཚམས་སྦྱར་ཏེ། ཚོང་པ་རྣམས་ཀྱིས་བླངས་པའི་ནོར་བུ་གང་ཡིན་པ་སླར་ཡང་ཚོང་པ་རྣམས་ལ་བྱིན་ཅིག་ཅེས་བྱ་བའི་ཡི་གེ་ཟངས་ཀྱི་གླེགས་བུ་ལ་བྲིས་ཏེ་གངྒཱ་ལ་བསྐྱུར། གྲོང་ཁྱེར་གྱི་ལམ་གྱི་གཞི་མདོ་ཆེན་པོར་རྡོ་རིང་ཤིན་ཏུ་མཐོ་བའི་རྩེ་མོར་ཨཥྚ་དྷཱ་རུའི་སྣོད་དུ་རྒྱལ་པོ་དང་ཀླུའི་གཟུགས་གསེར་ལས་བྱས་པ་རེ་རེ་བཞག །དེའི་ནང་པར་བལྟས་པས་ཀླུ་རྣམས་འཁྲུགས་ཏེ་རླུང་གི་འཚུབ་མ་ཆེན་པོ་དང་བཅས་ཟངས་ཀྱི་གླེགས་བུ་ཕོ་བྲང་གི་སྒོ་དྲུང་དུ་བོར། རྒྱལ་པོའི་གཟུགས་བརྙན་དེས་ཀླུའི་གཟུགས་བརྙན་ལ་ཕྱག་འཚལ་བར་སོང་བ་ལ། རྒྱལ་པོས་དགྲ་བཅོམ་པ་ལ་དྲིས་པས། ད་ལྟ་འདི་ནི་ཀླུ་རྣམས་བསོད་ནམས་ཆེ་བ་ཡིན་པས། སླར་ཡང་རྒྱལ་པོ་ཉིད་ཀྱི་བསོད་ནམས་བསྐྱེད་པའི་ཕྱིར། སངས་རྒྱས་དང་། དགེ་འདུན་ལ་མཆོད་པ་མཛོད་ཅིག་ཅེས་བསྐུལ་པས་སྐུ་གཟུགས་དང་མཆོད་རྟེན་ལ་མཆོད་པ་སྔར་གྱི་ལས་བདུན་འགྱུར་དུ་ཕུལ། དགྲ་བཅོམ་པ་དེས་ལྷ་དང་ཀླུ་ལ་སོགས་པའི་གནས་རྣམས་སུ་སྐད་ཅིག་གིས་སོང་སྟེ། དགྲ་བཅོམ་པ་ཐམས་ཅད་ལ་སྙན་གསན་ཕབ།


GTN004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་ཀྱང་དུས་སྟོན་གྱི་ཁང་པ་ཆེན་པོ་བརྩེགས་ཏེ། དགྲ་བཅོམ་པས་གཎྜི་བརྡུངས་པས་རི་རབ་དང་ཁོར་ཡུག་ལ་གནས་པ་ཚུན་ཆད་ཀྱི་དགྲ་བཅོམ་པ་ཀུན་འདུས་ཏེ། དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་ཚོགས་པ་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱས་སོ། །དེའི་ཚེ་ཉིན་རེ་བཞིན་རྒྱལ་པོའི་གཟུགས་བརྙན་ཇེ་སྐྱེན་ལ་སོང་སྟེ་ཞག་བཞི་བཅུ་ཞེ་ལྔ་ན་རྒྱལ་པོ་དང་ཀླུའི་གཟུགས་བརྙན་གཉིས་པོ་མཉམ་པར་འགྲེང་བ་ཙམ་བྱུང་། དེ་ནས་ཉིན་རེ་བཞིན་ཀླུ་གཟུགས་ཇེ་གུག་ལ་སོང་སྟེ། སླར་ཞག་ཞེ་ལྔ་ན་ཀླུའི་གཟུགས་བརྙན་གྱིས་རྒྱལ་པོའི་གཟུགས་བརྙན་རྐང་པ་ལ་ཕྱག་འཚལ་བར་སོང་ངོ་། །སྐྱེ་བོ་ཐམས་ཅད་ཀྱང་དཀོན་མཆོག་མཆོད་པའི་བསོད་ནམས་ནི་འདི་འདྲའོ་ཞེས་ངོ་མཚར་ཆེན་པོ་སྐྱེས། དེ་ནས་སྔར་གྱི་ཟངས་གླེགས་གངྒཱར་འཕངས་པས་དེའི་ནང་པར་ཀླུའི་ཕོ་ཉ་མིར་སྤྲུལ་ནས་བྱུང་སྟེ། རིན་པོ་ཆེ་རྣམས་རྒྱ་མཚོའི་འགྲམ་ན་བསྐྱལ་ཡོད་ཀྱིས་ཚོང་པ་རྣམས་ལེན་དུ་ཐོང་ཞིག་ཟེར་བ་ལ། རྒྱལ་པོས་དེ་ལྟར་བྱེད་པར་བརྩམས་པ་ན། སྔར་གྱི་དགྲ་བཅོམ་པས། རྒྱལ་པོ་འདི་ནི་ངོ་མཚར་མི་ཆེ་ཡི། ཁྱེད་རྣམས་ཀྱིས་ཞག་བདུན་ནས་ནོར་བུ་འདིར་སྐྱོལ་ཅིག་ཅེས་སྤྲིངས་ཤིག་གསུངས་པ་བཞིན་བྱས་པས་ཞག་བདུན་པའི་ཉིན་པར་རྒྱལ་པོ་སྐྱེ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་དབུས་སུ་ཀླུ་རྣམས་ཚོང་པའི་གཟུགས་ཀྱིས་འོངས་ནས་ནོར་བུ་རྣམས་ཕུལ། རྒྱལ་པོའི་ཞབས་ལ་གཏུགས། སྐྱེ་བོའི་ཚོགས་ལ་ལྟད་མོར་བྱས་ཏེ། དེའི་དུས་སྟོན་ཆེན་པོ་ཡང་བྱས་སོ། །


GTN004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་དོན་བཞི་པ་ནི། རྒྱལ་པོ་དེའི་སྐུ་ཚེའི་མཇུག་ཏུ་ཉི་འོག་གི་ཕྱོགས་དང་། ཁ་ཆེ་དང་། ཐོ་གར་ཡུལ་གྱི་དགེ་འདུན་རྣམས་ལ་གསེར་བྱེ་བ་ཕྲག་བརྒྱ་རེ་འབུལ་བར་དམ་བཅས་ནས། ཁ་ཆེ་དང་ཐོ་གར་གྱི་དགེ་འདུན་རྣམས་ལ་རྫོགས་པར་ཕུལ། ཡོ་བྱད་གཞན་ཡང་དེ་དང་མཉམ་པ་ཕུལ། ཉི་འོག་གི་དགེ་འདུན་རྣམས་ལ་གསེར་དང་ཡོ་བྱད་བྱེ་བ་བཞིར་མ་ལོངས་པའི་གནས་སྐབས་སུ་རྒྱལ་པོ་ཉིད་ནད་ཚབས་ཆེན་པོས་ཟིན་ཏེ། རྒྱལ་པོའི་ཚ་བོ་ནོར་ལྷས་བྱིན་ཞེས་བྱ་བ་གསེར་གྱི་མཛོད་གཉེར་བ་ཡིན་པ་དེས་རྒྱལ་པོའི་ངག་བཅག་སྟེ་གསེར་ལྷག་མ་དགེ་འདུན་ལ་མ་ཕུལ་ལོ། །དེའི་ཚེ་རྒྱལ་པོའི་དྲུང་དུ་དགྲ་བཅོམ་པ་མང་པོ་ལྷགས་པ་ལ་རྒྱལ་པོའི་སྐོམ་པ་སེལ་བའི་སྐྱུ་རུ་ར་སྙིལ་པ་ཕྱེད་ཡོད་པ་ཤིན་ཏུ་དད་པའི་སེམས་ཀྱིས་དགེ་འདུན་ལ་ཕུལ་བས། དགྲ་བཅོམ་པ་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱལ་པོ་ཁྱོད་ཀྱིས་སྔོན་ཐམས་ཅད་རང་དབང་དུ་གྱུར་པའི་ཚེ། གསེར་བྱེ་བ་དགུ་བཅུ་རྩ་དྲུག་ཏུ་ཕུལ་བ་ལས་ད་ལྟ་འདི་ཕུལ་བ་བསོད་ནམས་ལྷག་པར་ཆེའོ་ཞེས་བསྔགས། དེ་ནས་གཡོག་མོ་ཞིག་རྔ་ཡབ་ནོར་བུའི་ཡུ་བ་ཅན་གཡོབ་ཅིང་ཡོད་པ་ལས་ཉིན་མོ་ཚད་པའི་དུག་གིས་གཉིད་ཡུར་ཏེ་རྔ་ཡབ་ལག་ནས་ལྷུངས་པ་རྒྱལ་པོའི་ལུས་ལ་ཕོག་པས་སྔོན་ནི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཀྱང་རྐང་པ་


GTN004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུ་བ་ལ་སོགས་པ་བྱེད་པ་ཡིན་ན། ད་ལྟ་བྲན་གྱི་ཐ་མ་འདི་ལྟ་བུས་ཀྱང་བརྙས་སོ་སྙམ་ནས་ཁྲོས་པའི་སེམས་དང་བཅས་ཏེ་དུས་ལས་འདས་སོ། །དེར་ཁྲོས་པའི་རྐྱེན་གྱིས་པ་ཊ་ལི་པུ་ཏྲ་དེ་ཉིད་དུ་མཚོ་ཆེན་པོའི་ནང་དུ་ཀླུར་སྐྱེས་པ་ན་དགྲ་བཅོམ་གྲགས་པས་རྒྱལ་པོ་ཆོས་དང་ལྡན་པ་གང་དུ་སྐྱེས་ཞེས་བརྟགས་པས་མཚོ་དེར་ཀླུར་སྐྱེས་པར་ཤེས། དགྲ་བཅོམ་པས་མཚོ་དེའི་འགྲམ་དུ་འོངས་པ་ན་སྔོན་གྱི་བག་ཆགས་ཀྱིས་རབ་ཏུ་དགའ་བའི་ཤུགས་ཀྱིས་མཚོ་དེའི་སྟེང་དུ་འོངས་ནས་དགྲ་བཅོམ་པའི་དྲུང་དུ་འདུག་པ་ལས། བྱ་དང་སྲོག་ཆགས་རྒྱུ་བ་ཟ་བར་རྩོམ་པའི་ཚེ་རྒྱལ་པོ་ཆེན་པོ་བག་ཡོད་པར་མཛོད་ཅིག་ཅེས་སོགས་ཆོས་བསྟན་པས། དེ་ཉིད་དུ་ཁ་ཟས་བཅད་དེ་ཤི་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ་ཞེས་གྲགས། རྒྱལ་པོ་དེས་རང་གིས་དབང་བསྒྱུར་བའི་ཡུལ་ཐམས་ཅད་དུ་གཙུག་ལག་ཁང་དང་། ཆོས་ཀྱི་གཞི་མང་པོ་དག་བྱས་པས་ཕྱོགས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་གྱུར་ཏོ། །གང་གི་ཚེ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་པ་དེ་ཕྱིན་ཆད་ནས་སྔར་གྱི་མིང་འགྱུར་ཏེ། དྷརྨཱ་ཨ་ཤོ་ཀ་སྟེ་ཆོས་རྒྱལ་མྱ་ངན་མེད་དུ་གྲགས་སོ། །ཉི་འོག་གི་དགེ་སློང་ཁག་ལ་གསེར་བྱེ་བ་དགུ་བཅུ་རྩ་དྲུག་ལས་འབུལ་མ་ཐུབ་པའི་སྐབས་དེར་བློན་པོ་བློ་གྲོས་ཅན་ཞིག་གིས་ཐབས་ཡོད་དེ་རྒྱལ་སྲིད་ཐམས་ཅད་དགེ་འདུན་ལ་གཏོད་དང་གསེར་བྱེ་བ་བརྒྱ་ནི་དེ་ཉིད་ཀྱི་ཁོངས་ན་གནས་སོ་ཟེར་བ་ལྟར་རྒྱལ་སྲིད་དགེ་འདུན་ལ་ཕུལ་བས། རྒྱལ་པོའི་བསོད་ནམས་འཕེལ་


GTN004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་དུ་ཉིན་ཞག་གཉིས་དགེ་འདུན་གྱིས་རྒྱལ་སྲིད་བསྐྱངས། དེར་དགེ་འདུན་ལ་གསེར་དང་དབྱིག་དཔག་ཏུ་མེད་པ་ཕུལ་ཏེ། རྒྱལ་སྲིད་བླངས་ནས་མྱ་ངན་མེད་ཀྱི་ཚ་བོ་མྱ་ངན་བྲལ་རྒྱལ་སྲིད་ལ་བསྐོས་སོ། །༈ ཡལ་འདབ་དོན་ལྔ་པ་ནི་གོ་སླའོ། །༈ ཡལ་འདབ་དོན་དྲུག་པ་ནི། མདོ་སྡེ་༼ཧ༽ལས་བརྒྱ་པའི་སྡོམ་གཉིས་པའི་སྒམ་པོ་དང་དོན་མཐུན་པས་བསྡུས་ཏེ་འཆད་ན། སྟོན་པས་མཉན་ཡོད་ཀྱི་སྐྱེ་བོ་རྣམས་སྐྱོ་བ་བསྐྱེད་པས་འདུལ་བར་དགོངས་ནས། ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་འཁོར་རྣམ་བཞི་དང་བཅས་ཕེབས་པ་ན་སྐྱེ་བོའི་ཚོགས་དུ་མ་ཡང་འདུས་སོ། །ཆུ་ཀླུང་དེར་སེམས་ཅན་ཉའི་རྣམ་པ་ལུས་ཆེ་ཞིང་མིག་ལོང་བ། ལུས་ཐམས་ཅད་རྨས་གང་བ། དེའི་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་སྲིན་བུ་ཞུགས་པས་དེས་ན་ཚ་མི་བཟོད་པར་ཕན་ཚུན་དུ་རྒྱུགས་པས་གལ་ཏེ་ཐང་ལ་འགྲོ་ན་ནི་དེ་ཉིད་ནས་ཤིང་ཤ་མ་ལིའི་ཚལ་འབྱུང་བར་འགྱུར་ཏེ། དེ་ལ་དེར་རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་རླུང་གིས་སྦགས་ཏེ་དེའི་སྟེང་དུ་བབ། རྩིག་པའི་གསེབ་བམ་རི་ཡི་སུལ་ལམ་བྱ་སྐྱིབས་དག་ཏུ་འགྲོ་བ་ན་དེ་ཉིད་ནས་ལས་ལས་སྐྱེས་པའི་མི་དག་འབྱུང་ནས་གོང་གི་མཚོན་ཆ་སྣ་ལྔས་


GTN004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལུས་གཅོད་ཅིང་གཏུབ་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་ཉམས་སུ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ཅིང་ངུའོ། །སངས་རྒྱས་བཅོམ་ལྡན་འདས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱི་ཡེ་ཤེས་ཀྱི་གཟིགས་པས་འཇིག་རྟེན་ཁམས་སུ་དུས་དྲུག་ལ་རྟག་པར་འཇུག་པ་ཆོས་ཉིད་དེ། འདི་རེས་མཉན་ཡོད་ཀྱི་མི་རྣམས་སྐྱོ་བ་བསྐྱེད་པས་འདུལ་བར་གཟིགས་པའི་ཕྱིར་སེམས་ཅན་དེ་རྫུ་འཕྲུལ་གྱིས་བཀུག་ནས་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་བཞག་པ་ན། དེར་ཡང་ན་ཚ་མི་བཟོད་ནས་ཕན་ཚུན་དུ་རྒྱུག་པར་བྱེད་ལ། དེ་ཐང་དུ་འགྲོ་ན། དེ་ཉིད་ནས་སེངྒེ་དང་། སྟག་གཟིག་དྲེད་མོང་སོགས་གཅན་གཟན་ལྕགས་ཀྱི་མཆེ་བ་ཅན་འབྱུང་ནས་དེའི་ཤ་རྣམས་བཅད་ཅིང་བཟའ་ལ། ཆུར་འགྲོ་ན་ཆུ་སྲིན་མ་ཀ་ར་ལྕགས་ཀྱི་མཆེ་བ་ཅན་འབྱུང་། གལ་ཏེ་ནམ་མཁར་འགྲོ་ན་དེ་ཉིད་ནས་བྱ་རོག་དང་བྱ་རྒོད་དང་ཆུན་ལག་ལྕགས་མཆུ་ཅན་དག་འབྱུང་བས་ཟ་བར་བྱེད་དོ། །ནགས་དང་རྩིག་པ་སོགས་སུ་འགྲོ་ན་རིམ་བཞིན། ཤ་མ་ལིའི་ཚལ་སྐྱེས་པའི་གསེབ་ནས་མཚོན་ཆ་ལྔས་འབིགས་པ་དང་། ལས་ལས་སྐྱེས་པའི་མི་དག་གིས། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་ཐོགས་ནས་དེའི་ལུས་ལ་འདེབས་ནས་བཅད་གཏུབ་བྱེད་དེ། རྒྱུ་དེས་སྡུག་བསྔལ་ཤིན་ཏུ་མི་བཟད་པ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ནོ། །དེ་ནས་དེའི་ཀུ་ཅོའི་སྒྲས་མཉན་ཡོད་ཀུན་གང་བ་ན། དེར་གནས་པའི་སྐྱེ་བོ་ཕལ་པོ་ཆེས་ཐོས་སོ། །ཐོས་ནས་ཀྱང་སྲོག་ཆགས་


GTN004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྒྱུ་མཚན་གང་ཞིག་སྙམ་མོ། །དེས་སངས་རྒྱས་ཀྱིས་སྲོག་ཆགས་དེ་མི་སྐད་སྨྲ་ཤེས་པར་བྱིན་གྱིས་བརླབས་ནས་དྲི་བཤད་མཛད་པ་ན། སྐྱེ་བོའི་ཚོགས་ཀྱིས་དེའི་སྔོན་འབྱུང་སྟོན་པར་ཞུས་པས་འདི་ལྟར་གསུངས་ཏེ། སྔོན་རྫོགས་པའི་སངས་རྒྱས་འོད་ཟེར་ཅན་གྱི་དུས། དགྲ་བཅོམ་པ་ལྔ་བརྒྱ་ལྗོངས་རྒྱུར་སོང་བ་རྒྱལ་པོའི་སྐྱེད་ཚལ་དུ་བཞུགས་པ་ན། རྒྱལ་པོ་དང་བཙུན་མོའི་ཚོགས་སྐྱེད་ཚལ་དུ་རྒྱུ་བའི་སྐབས། བཙུན་མོའི་ཚོགས་ཀྱིས་སྔར་མཐོང་ནས་ཐམས་ཅད་ལ་ཕྱག་འཚལ་ཞིང་། དེ་རྣམས་ལས་ཆེས་བགྲེས་པའི་མདུན་དུ་ཆོས་ཉན་པའི་ཕྱིར་འཁོད་དོ། །རྒྱལ་པོས་སྐྱེད་ཚལ་དུ་སྐྱེས་པའི་སྒྲ་ཐོས་པས་ཁྲོས་འཁྲུགས་རྔམ་ནས་རལ་གྲི་ཐོགས་ཏེ་རྒྱུག་པས་མཐོང་མ་ཐག་མ་བརྟགས་པར་དགྲ་བཅོམ་པ་དེ་རྣམས་ལྕག་གིས་གཞུས་ཤིང་། གཤེད་མ་རྣམས་ལ་གཏད་དེ། ཁ་ཅིག་གསལ་ཤིང་ལ་བསྐྱོན་ནས། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་ཀྱིས་བསྣུན། ཁ་ཅིག་གསོན་པོར་ཁྱི་ལ་ཟར་བཅུག །ཁ་ཅིག་ལུས་དུམ་བུ་དྲུག་ཏུ་བཅད་དེ་ཕྱོགས་ཀུན་ཏུ་བོར་བའི་རྒྱལ་པོ་དེའི་རྣམ་སྨིན་ཡིན་གསུངས། ད་རུང་སངས་རྒྱས་ལྔ་བརྒྱའི་རིང་ལས་ངན་འདི་མྱོང་། དེ་ནས་རིགས་ངན་ཞིག་གི་ཁྱིམ་དུ་མི་ལུས་ཐོབ། དེར་རྔོན་པར་གྱུར་ནས་རི་དྭགས་ལ་རྒྱ་བཙུགས་པས་རང་སངས་རྒྱས་ཤིག་བྱུང་ནས་རི་དྭགས་འབྲོས། དེར་ཁྲོས་ཏེ་རང་སངས་རྒྱས་བསད་ནས་ཡང་སེམས་ཅན་དམྱལ་བར་ལོ་སྟོང་ཕྲག་དུ་མར་ལྟུང་། དེ་ནས་མིར་སྐྱེ་བ་ཐོབ་ནས་སངས་རྒྱས་


GTN004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཞེས་བྱ་བའི་བསྟན་པར་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེར་ཡང་རྒྱལ་པོའི་སྐྱེད་ཚལ་དུ་གནས་བཅས་པ་དང་བཙུན་མོ་རྣམས་ཀྱིས་ཆོས་ཉན་པ་ན། རྒྱལ་པོས་ཕྲག་དོག་གིས་ལུས་ལྕག་གིས་གཞུས་ནས། ལུས་དུམ་བུ་དྲུག་ཏུ་བཅད་དེ་གསོན་པོར་གསལ་ཤིང་ལ་བཙུགས་ནས། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཁ་ལེབ་རྣམས་ཀྱིས་ལུས་ལ་བསྣུན་ནས་ཁྱི་ལ་བྱིན་པར་འགྱུར་ཏེ། དེ་ནི་སྐྱེ་བའི་ཐ་མ་ཡིན་ནོ་ཞེས་གསུངས་སོ། །༈ ཡལ་འདབ་དོན་བདུན་པ་ནི། སྟོན་པ་ཡུལ་ཨ་དུ་མ་ན་འབྱུང་པོའི་ཁྱིམ་ན་བསམ་གཏན་ལ་བཞུགས་སོ། །ཡུལ་དེར་འབྲུག་སྒྲ་དང་ཐོག་བབ་སྟེ། གླང་བཞི་དང་། ཁྱིམ་བདག་ཞིང་པ་སྤུན་གཉིས་བསད་པས་སྐྱེ་བོའི་ཚོགས་ཀྱང་སྒྲ་ཆེན་པོ་བྱུང་། ཡུལ་མི་ཞིག་དང་སྟོན་པ་དྲི་བཤད་མཛད་པ་ན། སྟོན་པས་གནས་པའི་བསམ་གཏན་ཉེ་བར་ཞི་ནས་ཐོག་དང་འབྲུག་གི་སྒྲ་མ་གསན་པ་ཐོབ་པས་ཤིན་ཏུ་ངོ་མཚར་སྐྱེས་སོ། །ཡུལ་དེར་དྲང་སྲོང་ཀཻ་ནེ་ཡ་ཞེས་བྱ་བ་འཁོར་ལྔ་བརྒྱ་ཡོད་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་དང་། དེ་དང་ཉེ་བའི་ནགས་ཁྲོད་ཅིག་ན་དེ་ཉིད་ཀྱི་སྲིང་མོའི་བུ་དྲང་སྲོང་རི་བོ་ཞེས་འཁོར་ལྔ་བརྒྱ་ཡོད་པ་ཞིག་གནས་སོ། །སྟོན་པས་དྲང་སྲོང་དེ་


GTN004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འདུལ་བར་དགོངས་ནས་མཚོ་དལ་བབ་ཀྱི་འགྲམ་དུ་བྱོན་ནས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ན་རྒྱལ་ཆེན་བཞི་ཆོས་ཉན་པར་འདུས་པའི་འཁོར་དུ་མི་མ་ཡིན་མང་བས་དྲང་སྲོང་གཉིས་ལ་གནོད་པ་སྲུང་བར་རྒྱལ་པོ་བཞིས་གཡོག་ཅིག་མངགས་པ་དེས་རྒྱུ་མཚན་རྣམས་དྲང་སྲོང་རྣམས་ལ་བཤད་དོ། །དེར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དྲི་ཟ་སྟོང་ཕྲག་དུ་མ་དང་བཅས། འཕགས་སྐྱེས་པོ་གྲུལ་བུམ་སྟོང་ཕྲག་དང་བཅས། མིག་མི་བཟང་ཀླུ་དབང་སྟོང་ཕྲག་དང་བཅས། རྣམ་ཐོས་བུ་གནོད་སྦྱིན་སྟོང་ཕྲག་དུ་མ་དང་བཅས་པས་ལྷའི་མེ་ཏོག་དང་། རིན་པོ་ཆེ་དང་། མུ་ཏིག་དང་། གསེར་དངུལ་སོགས་ཀྱིས་ཐུ་བ་བཀང་སྟེ་གཏོར་ནས་སྟོན་པའི་དྲུང་དུ་ཕྱོགས་བཞིར་འཁོད་དོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ལ་དབུས་པའི་སྐད་དུ་ཆོས་གསུངས། སྤྱན་མི་བཟང་དང་རྣམ་ཐོས་སྲས་ལ་མཐའ་འཁོབ་པའི་སྐད་དེ། སྔ་མར། ཨེ་ནེ་མེ་ནེ་དབ་ཕུ། ད་དབ་ཕུ་དང་། རྗེས་མར། མཱ་ཤཱ་ཏུ་ཤཱ། སང་ཤཱ་མཱ། སརྦ་ད་ཏྲ་བི་ར་ཏྲཱི། སོགས་ཀྱིས་ཆོས་གསུངས་པས། དེ་དག་ཆོས་མཐོང་ཆོས་རྙེད་ཆོས་ཀྱི་གཏིང་སླེབས་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་དོང་ངོ་། །རྒྱལ་པོ་བཞིའི་སྔོན་འབྱུང་། སངས་རྒྱས་འོད་སྲུང་གི་དུས་རི་རབ་ཀྱི་བང་རིམ་ལ་ཀླུའི་རྒྱལ་པོ་དབུགས་ཆེན་དང་དབུགས་ཆུང་གཉིས་གནས་པས་སྐྱབས་འགྲོ་དང་། བསླབ་པའི་གཞི་བླངས་ནས་བག་ཡངས་སུ་འཁོད་པར། ནམ་མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང་གིས། གནོད་པར་བརྩམས་ཀྱང་མ་ནུས་པས་ཀླུ་ལ་དོན་


GTN004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་པས་སངས་རྒྱས་ཀྱི་བསྔགས་པ་ཐོས་ནས། དེ་གཉིས་ཀྱང་སངས་རྒྱས་ལས་སྐྱབས་འགྲོ་དང་བསླབ་པའི་གཞི་བླངས། འཆི་ཀར་དེ་བཞིས་སྨོན་ལམ་བཏབ་པ་བདག་ཅག་གིས་སངས་རྒྱས་འོད་སྲུང་ལས་ཚེ་གཅིག་ཏུ་སྐྱབས་འགྲོ་དང་། བསླབ་པའི་གཞི་རྣམས་བསྲུངས་པའི་དགེ་བའི་རྩ་བས་གང་དང་གང་དུ་སྐྱེས་ཀྱང་གཙོ་བོར་སྨོས་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །ཅེས་བྱས་སོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡ་ཡང་སྟོན་པ་ལྷ་དང་མི་རྣམས་ལས་ཁྱད་པར་དུ་འཕགས་པར་ཤེས་ནས་སྤྱན་སྔར་ཕྱིན་ཏེ། ཕྱག་འཚལ་ཞིང་ཆོས་ཉན་པས་ཀཻ་ནེ་ཡས་ཕྱིར་མི་འོང་བའི་འབྲས་བུ་མངོན་ཏུ་བྱས། དེས་བཅོམ་ལྡན་འདས་ལ་དུས་མ་ཡིན་པར་གསོལ་དུ་རུང་བའི་བཏུང་བ་བརྒྱད་དེ། ཀུ་ཤུ་དང་། ཆུ་ཤིང་གི་འབྲས་བུ་དང་། རྒྱ་ཤུག་གི་འབྲས་བུ་དང་། ཨ་ཤྭཏྠའི་འབྲས་བུ་དང་། ཨུ་དུམྦཱ་རའི་འབྲས་བུ་དང་། པ་རུ་ཤ་ཀའི་འབྲས་བུ་དང་། འབྲ་གོ་དང་། རྒུན་འབྲུམ་རྣམས་ཀྱི་ཁུ་བའི་བཏུང་བ་རྣམས་ཕུལ་ཞིང་། ཞལ་ཟས་བསོད་པ་སྟ་གོན་བྱས་པ་རི་བོས་ཚོར་ནས་རྒྱུན་མཚན་དྲིས་པས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་བཤོས་ལ་འདྲེན་ནོ་སྨྲས་པས། རི་བོས་སངས་རྒྱས་ཀྱི་སྒྲ་སྔར་མ་ཐོས་པ་ཐོས་པས་དགའ་བ་སྐྱེས་ནས་འཕྲལ་དུ་རི་བོ་སྟོན་པའི་སྤྱན་སྔར་ཕྱིན་ཆོས་ཉན་པས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་འཁོར་ལྔ་བརྒྱ་དང་བཅས་རབ་ཏུ་བྱུང་ཟིན་པས་སངས་རྒྱས་དང་ལྷན་ཅིག་ཀཻ་ནེ་ཡའི་གདུགས་ཚོད་


GTN004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོང་ངོ་། །ཀཻ་ནེ་ཡ་འཁོར་ལྔ་བརྒྱ་དང་བཅས་པའང་རབ་ཏུ་བྱུང་ནས་དྲང་སྲོང་གཉིས་དགྲ་བཅོམ། དེ་གཉིས་ཀྱི་འཁོར་དགེ་སློང་ལྔ་བརྒྱ་བྲམ་ཟེ་ཀ་པི་ན་ཆེན་པོ་ལ་གཏད་པ་དགྲ་བཅོམ། ཉིས་བརྒྱ་ལྔ་བཅུ་ཤཱ་རིའི་བུ་ལ་གཏད་པས་རྒྱུན་ཞུགས་ཐོབ། ཉིས་བརྒྱ་ལྔ་བཅུ་མོའུ་འགལ་བུ་ལ་གཏད་པས་ཕྱིར་མི་འོང་བ་ཐོབ། སླར་དབྱར་གནས་གྲོལ་ནས་དགེ་སློང་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྤྱན་སྔར་འཚོགས་པས་ལྷག་མ་ལྔ་བརྒྱ་པོས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །འཁོར་རྣམས་ཀྱིས་རྒྱུ་མཚན་ཞུས་པས། ཀ་པི་ནའི་སློབ་མ་རྣམས་དབང་རྣོན། མོའུ་འགལ་བུའི་སློབ་མ་རྣམས་དབང་འབྲིང་། ཤཱ་རིའི་བུའི་སློབ་མ་རྣམས་དབང་པོ་ཐ་མ་ཡིན་པས་དེ་ཀ་པི་ན་ལ་གཏད་ན་དྲོ་བར་འགྱུར་བ་ཡང་བསྐྱེད་མི་ནུས་གསུངས། སྔོན་འབྱུང་རི་ཞིག་ལ་དྲང་སྲོང་འཁོར་ལྔ་བརྒྱ་དང་ལྡན་པ་གཉིས་གནས། དེ་དང་ཉེ་བར་ཡང་དྲང་སྲོང་འཁོར་ལྔ་བརྒྱ་དང་ལྡན་པ་གཉིས་ཡོད་དོ། །རེ་ཞིག་དྲང་སྲོང་བསྒྲེས་པ་ཤི་ནས། དེའི་སློབ་མ་རྣམས་ཀྱིས་རུས་བུ་ལ་མཆོད་པ་བྱས་ནས་དྲང་སྲོང་ཅིག་ཤོས་ཀྱི་རྩར་འོང་བ་ན། དེས་ཀྱང་རང་ཉིད་ཀྱང་ན་ཚོད་ལོངས་པས་འཁོར་སྐྱོང་དཀའ་ཞིང་། སླར་ཤི་བའི་རྗེས་སུ་སྔ་མ་ལྟར་སློབ་མ་རྣམས་མགོན་མེད་འགྱུར་དོགས་པས། དྲང་སྲོང་ཉེ་བ་དེ་ལ་གཡོག་སྟོང་རྣམས་བྱིན་ནས་བསླབ་བྱ་དང་བཅས་སྐྱོང་བར་བསྐུལ་ལོ། །དྲང་སྲོང་དེ་ལ་སློབ་མ་མཆོག་གསུམ་ཡོད་པས། གཅིག་ལ་བྲམ་ཟེའི་ཁྱེའུ་


GTN004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱ་གཏད་པས་བསམ་གཏན་བཞི་དང་མངོན་པར་ཤེས་པ་བསྐྱེད་པ་དེ་ཀ་པི་ན་འཁོར་བཅས་ཡིན། གཅིག་ལ་ཉིས་བརྒྱ་ལྔ་བཅུ་གཏད་པས། གཟུགས་མེད་ཀྱི་ཁམས་སུ་བཀོད་པ་མོའུ་འགལ་བུ། གཅིག་ལ་ཉིས་བརྒྱ་ལྔ་བཅུ་གཏད་པས་གཟུགས་ཁམས་ལ་བཀོད་པ་ཤཱ་རིའི་བུ་ཡིན་གསུངས་སོ། །དྲང་སྲོང་གཙོ་བོ་གཉིས་ཀྱི་སྔོན་འབྱུང་ནི། སངས་རྒྱས་འོད་སྲུང་གི་དུས། ཝཱ་རཱ་ཎ་སཱིར་ཁྱིམ་བདག་མཛའ་ཞིང་བཤེས་པ་གཉིས་ཡོད། དེ་གཉིས་རབ་ཏུ་བྱུང་ཞིང་སོ་སོར་སློབ་མ་ལྔ་བརྒྱ་ལྔ་བརྒྱ་ཡོད་པས་འཁོར་བཅས་ཀྱིས་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། དགེ་བ་འདིས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ཡིན་གསུངས་སོ། །༈ ཡལ་འདབ་དོན་བརྒྱད་པ་ནི། སྟོན་པས་མཆོག་གཉིས་རབ་ཏུ་བྱུང་བའི་རྗེས་སུ་ལྷའི་དབང་པོ་བརྒྱ་བྱིན་འཁོར་བརྒྱད་ཁྲི་དང་བཅས་བདེན་པ་ལ་བཀོད་པར་དགོངས་ནས། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ན་བྲམ་ཟེའི་གྲོང་ཨ་མྲའི་ནགས་ཁྲོད་ཅེས་བྱ་བ་དེའི་བྱང་ཕྱོགས། རི་བི་དེ་ཧའི་དབང་པོའི་བྲག་ཕུག་ཏུ་གཤེགས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །ལྷའི་དབང་པོ་བརྒྱ་བྱིན་འཁོར་བརྒྱད་ཁྲི། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་མ་དང་། དྲི་ཟ་ཟུར་ཕུད་ལྔ་པ་དང་ཐབས་ཅིག་དབང་པོའི་


GTN004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཕུག་ཏུ་སོང་བས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་པར་མ་སྤོབས་པས། དྲི་ཟ་གཙུག་ཕུད་ལྔ་པ་བསྐུལ་ཏེ། དེ་གཡོག་འཁོར་ལྔ་བརྒྱ་དང་བཅས་བཻཌཱུརྱའི་པི་ཝཾ་བླངས་ནས་གཙོ་བོ་ལ་འོས་པ་དང་། དགྲ་བཅོམ་པ་ལ་འོས་པའི་ཚིགས་བཅད་བརྗོད་པ་ན་བཅོམ་ལྡན་འདས་ཀྱང་བཞེངས་སོ། །སྟོན་པས་དབང་པོའི་བྲག་ཕུག་ཤིན་ཏུ་ཡངས་པར་བྱིན་གྱིས་བརླབས་ནས་ལྷའི་དབང་པོ་སོགས་ལ་ཆོས་བསྟན་ཞིང་ཞུ་ལན་མང་དུ་མཛད་དེ། ལྷའི་དབང་པོ་བརྒྱ་བྱིན་དང་ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། བདེན་པ་མཐོང་། ལྷའི་དབང་པོ་ཡང་སྟན་དེ་ཁོ་ནར་ཤི་འཕོས་ནས་སྟན་དེ་ལ་ཕྱིར་སྐྱེས་པས་དགའ་མགུ་རངས་ནས་བཅོམ་ལྡན་འདས་ལ་ཆེད་དུ་བརྗོད་པ་ཡང་བྱས། དྲི་ཟའི་བུ་གཙུག་ཕུད་ལྔ་པ་དྲིན་གཟོར་དྲི་ཟའི་རྒྱལ་པོ་དུམ་བུ་རུའི་བུ་མོ་བཟང་མོ་བྱིན་ནོ། །བརྒྱ་བྱིན་དེའི་སྔོན་འབྱུང་། སངས་རྒྱས་འཁོར་བ་འཇིག་གི་ཕྱིར་དུ་རྒྱལ་པོ་མཛེས་པས་གཙུག་ལག་ཁང་ལྔ་བརྒྱ་བརྩིགས་ཏེ། གནས་ཁང་དྲུག་སྟོང་བྱས་ནས་ཕུལ། གཙུག་ལག་ཁང་དུ་ཡོ་བྱད་ཐམས་ཅད་སྦྱར་ནས། འཁོར་བརྒྱད་ཁྲི་དང་བཅས་པས་སངས་རྒྱས་འཁོར་བཅས་མཆོད། སངས་རྒྱས་མྱ་ངན་ལས་འདས་ནས་སྐུ་གདུང་ལ་མཆོད་པ་བྱས་ནས་མཆོད་རྟེན་བརྩིགས་ནས་སྨོན་ལམ་བཏབ་པ་ཡིན་གསུངས་སོ། །


GTN004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་དོན་དགུ་པ་གོ་སླའོ། །༈ ཡལ་འདབ་བརྒྱད་ཅུ་པ་ནི། སྟོན་པ་མྱ་ངན་ལས་འདས་པར་ཉེ་ནས་རྩྭ་ཅན་དུ་བྱོན། དེའི་ཚེ་ཀུན་ཏུ་རྒྱུ་རབ་བཟང་ཞེས་བྱ་བ། ལོ་བརྒྱ་ཉི་ཤུ་ལོན་པ། ཕྱོགས་དེའི་སྐྱེ་བོ་རྣམས་ཀྱིས་དགྲ་བཅོམ་པར་བཀུར་བ་ཞིག་ཡོད་དེ། དེ་རྫིང་བུ་དལ་འབབ་ཀྱི་འགྲམ་ཨུ་དུམྦཱ་རའི་ཚལ་ན་ཉིན་པར་གནས་ཏེ། དེས་བལྟས་པ་ན་སྟོན་པ་ལྷུམས་སུ་ཞུགས་པའི་ཚེ་ཨུ་དུམྦཱ་རའི་མེ་ཏོག་ཁ་འབུས། སྐུ་བལྟམས་དུས་ཁ་བྱེ། གཞོན་ནུ་རོལ་པའི་ཚེ་རྒྱས། དཀའ་བ་སྤྱོད་པའི་ཚེ་ཅུང་ཟད་རིད། སངས་རྒྱས་པ་ན་མེ་ཏོག་ཁ་བྱེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ལྷན་ནེ་ལྷམ་མེ་ལྷང་ངེར་འདུག །གཟིམས་མལ་གྱི་ཐ་མ་ན་བཞུགས་པའི་སྐབས་དེར་ཤིན་ཏུ་རྙིང་པར་མཐོང་། ལྷ་རྣམས་ཀྱིས་ཀྱང་དོ་ནུབ་སྟོན་པ་འདའ་འོ་ཟེར་བ་ཐོས་ནས་བདག་གི་ཐེ་ཚོམ་བསལ་བར་བྱ་སྙམ་སྟེ། ཤིང་སཱ་ལ་ཟུང་གི་ཚལ་དུ་སོང་བ་ན། ཀུན་དགའ་བོ་ཕྱི་རོལ་ན་འཆག་པ་དང་འཕྲད་དེ། དགེ་སྦྱོང་གཽ་ཏ་མ་དོ་ནུབ་འདའ་ཞེས་ཐོས་ན་བདག་ཐེ་ཚོམ་གྱི་ཕྱོགས་འགའ་ཞིག་ཞུའོ། །ཟེར་བ་ལ་རབ་བཟང་དེ་བཞིན་གཤེགས་པ་ལ་འཚེ་བར་མ་བྱེད་ཅིག་ཅེས་ཀུན་དགའ་བོས་བཟློག་གོ །རབ་བཟང་གིས་ལན་གསུམ་དུ་སྨྲས་ཀྱང་ཀུན་དགའ་བོས་བཟློག་པ་ན། དེ་བཞིན་གཤེགས་པས་གསན་ཏེ། ང་དང་མུ་སྟེགས་བྱེད་ལྷན་ཅིག་གཏམ་བྱེད་པའི་ཐ་མ་འདི་ཡིན་གྱིས་ཐོང་ཞིག་ཅེས་


GTN004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། རབ་བཟང་ནང་དུ་བཏང་། དེས་ཀྱང་ཞུ་བ་ཞུས་པ་ལ་བཀའ་སྩལ་པ། རབ་བཟང་ངས་ནི་ན་ཚོད་ཉི་ཤུ་དགུ་ལོན་ཏེ། །རབ་ཏུ་བྱུང་ནས་ལོ་གྲངས་ལྔ་བཅུ་ལྷག་ཅིག་ཏུ། །དགེ་བ་གང་ཡིན་ཅི་ཞེས་གསལ་བར་བྱས་གྱུར་ཅིང་། །རབ་བཟང་ངས་ནི་རབ་ཏུ་བྱུང་བ་དེ་ཡི་ཚེ། །ཚུལ་ཁྲིམས་དང་ནི་ཏིང་འཛིན་རིག་པ་རྐང་པ་དང་། །ང་ཡིས་རྩེ་གཅིག་སེམས་ནི་ཀུན་ཏུ་བསྒོམས་བྱས་ཏེ། །རིགས་པའི་ཆོས་ནི་ཕྱོགས་ཙམ་བཤད་པར་བྱས་གྱུར་ན། །འདི་ལས་ཕྱི་རོལ་དག་ན་དགེ་སྦྱོང་གཞན་ཡང་མེད། །ཅེས་དང་། དེ་བཞིན་དུ་འཕགས་ལམ་ཡན་ལག་བརྒྱད་ཡོད་པ་ལ་དགེ་སྦྱོང་ཡོད་ཀྱི། དེ་མེད་པ་ལ་དེ་ཡང་མེད་པར་གསུངས་པས། རབ་བཟང་གིས་བདེན་པ་མཐོང་། ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་ནས། སྟོན་པ་མྱ་ངན་ལས་མ་འདས་པའི་སྔོན་དུ། དེས་གནས་ལྔ་བྱིན་གྱིས་བརླབས་ནས་འདས་སོ། །གནས་ལྔ་ནི། རབ་བཟང་རང་གི་ལུས། དགེ་སློང་གིས་བལྟས་ན་དགེ་སློང་གི་ཆ་བྱད་དང་། མུ་སྟེགས་པས་བལྟས་ན་མུ་སྟེགས་ཅན་གྱི་ཆ་བྱད་དུ་མཐོང་བ་དང་གཅིག །གདུང་འདེགས་པའི་ཁྱོགས་དགེ་སློང་ལས་མུ་སྟེགས་ཅན་གྱིས་འདེགས་མི་ནུས་པ་དང་གཉིས། རྫིང་བུ་ཞིག་སྤྲུལ་པ་དེར་དགེ་སློང་རྣམས་མི་བྱིང་ཞིང་མུ་སྟེགས་རྣམས་བྱིང་བ་དང་གསུམ། རྫིང་དེར་ཉ་དང་རུས་སྦལ་གྱིས་མུ་སྟེགས་ལ་གནོད་ཅིང་དགེ་སློང་རྣམས་ལ་མི་གནོད་པ་དང་བཞི། གདུང་བསྲེགས་པའི་མེ་མུ་སྟེགས་རྣམས་ཀྱིས་སྦར་མི་ནུས་ལ་དགེ་སློང་རྣམས་ཀྱིས་སྦར་ནུས་པ་སྟེ་ལྔའོ། །དེ་ལྟར་ཀུན་ཏུ་རྒྱུ་རབ་བཟང་ཆོ་འཕྲུལ་དང་


GTN004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་མྱ་ངན་ལས་འདས་པ་ན་མུ་སྟེགས་བྱེད་རྣམས་ཀྱིས་ཐོས་པས་རྒྱལ་མཚན་བསྒྲེངས་ཤིང་ལམ་སྲང་རྣམས་བསྐོར་ཏེ། གཽ་ཏ་མས་ངའི་བསྟན་པ་ལས་གཞན་དུ་མྱ་ངན་ལས་འདས་པ་ཐོབ་པ་མེད་ཅེས་ཟེར་ན། དེང་ཁོ་བོ་ཅག་གི་ཚངས་པ་མཚུངས་པར་སྤྱོད་པས་ཀུན་ཏུ་རྒྱུ་རབ་བཟང་མྱ་ངན་ལས་འདས་པ་ཐོབ་བོ། །ཞེས་ཟེར་རོ། །དེར་གྱད་ལ་སོགས་པ་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་འདུས། རྫིང་དེའི་དབུས་སུ་རྡོ་སྟེགས་ཀྱི་སྟེང་དུ་ཞུགས་ལ་འབུལ་བར་བྱས་ནས། དགེ་སློང་རྣམས་དང་མུ་སྟེགས་བྱེད་རྣམས་བདེན་པའི་སྟོབས་བོར་ནས། རབ་བཟང་འདི་སངས་རྒྱས་པའམ། མུ་སྟེགས་བྱེད་པའི་ཚངས་པར་མཚུངས་སྤྱོད་ཡིན་པ་དེས། གདུང་འདེགས་ཐུབ་པ་དང་། རྫིང་གི་ཆུ་ལ་མི་བྱིང་བ་དང་། རྫིང་གི་ཉ་ལ་སོགས་པས་མི་གནོད་པ་དང་། གདུང་ལ་མེ་སྦར་ནུས་པར་འགྱུར་ལ། མ་ཡིན་པ་དེས་མི་ནུས་སོ་བྱས་ནས་བྱ་བ་དེ་དག་ལ་ཞུགས་པ་ན། མུ་སྟེགས་པ་རྣམས་ཀྱིས་དེ་དག་མ་ནུས་ལ་དགེ་སློང་རྣམས་ཀྱིས་དེ་དང་དེ་ནུས་ཏེ། དེར་སྐྱེ་བོའི་ཚོགས་ཆེན་པོ་དེས་མུ་སྟེགས་རྣམས་ཚར་བཅད་ལ། གྱད་རྣམས་དེ་བཞིན་གཤེགས་པ་ལ་ལྷག་པར་དད་པ་གྱུར་ཏོ། །འདིའི་སྔོན་འབྱུང་འདུལ་བ་༼ང༽ལུང་ཕྲན་ཚེགས་ནས་འབྱུང་སྟེ། སྔོན་ལུང་པ་ཞིག་ན་རི་དྭགས་ཀྱི་ཁྱུ་དཔོན་རི་དྭགས་མང་པོའི་ཚོགས་སྟོང་གིས་བསྐོར་བ་མཁས་ཤིང་གསལ་བ། ཡིད་གཞུང་པ་ཞིག་གནས་ཏེ། དེ་རྔོན་པས་མཐོང་ནས་རྒྱལ་པོ་ལ་སྨྲས་པས་དཔུང་ཚོགས་ཡན་ལག་བཞི་དང་བཅས་བྱུང་ནས་རི་


GTN004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་ཐམས་ཅད་བསྐོར་རོ། །དེར་ཆུ་བོ་ཆེན་པོ་རྦ་ཀློང་འཁྲུགས་ཤིང་དྲག་ཏུ་འབབས་པ་ཞིག་གི་རྩར་རི་དྭགས་རྣམས་བྲོས་ཏེ་དཔོན་པོ་ཆུར་ཞུགས་ནས། དབུས་སུ་འདུག་སྟེ་ཟམ་སྟེགས་བྱས་ནས་རི་དྭགས་རྣམས་ཆུ་བོའི་ཕ་རོལ་ཏུ་བྲོས་སོ། །རི་དྭགས་དཔོན་པོའི་རྒྱབ་ཏུ་དེ་རྣམས་ཀྱི་རྨིག་པ་དག་གིས་ཕོག་སྟེ། པགས་པ་ཡང་རལ། ཤ་ཁྲག་རུས་པ་དག་བྱུང་ཡང་བརྩོན་འགྲུས་མ་བཏང་ངོ་། །སླར་རི་དྭགས་ཕྲུ་གུ་གཅིག་ལུས་པ་ཡང་འབད་པས་རྒྱབ་ཏུ་བཀལ་ནས་ཆུ་བོ་ལས་བསྒྲལ་ཏེ་དེ་འཆི་བ་ན་སྨོན་ལམ་བཏབ་པས་སོ། །རི་དྭགས་ཀྱི་དཔོན་ནི་སངས་རྒྱས། རི་དྭགས་རྣམས་གྲོང་ཁྱེར་རྩྭ་ཅན་གྱི་གྱད། ཕྲུ་གུ་ཤུལ་དུ་ལུས་པ་རབ་བཟང་ཡིན་གསུངས། ཡང་སངས་རྒྱས་འོད་སྲུང་གི་དུས། དེའི་དཔོན་པོ་མྱ་ངན་མེད་རབ་ཏུ་བྱུང་ཡང་ལེ་ལོ་ཆེ་བས་བརྩོན་པ་མ་བསྐྱེད་པ། འོད་སྲུང་མྱ་ངན་ལས་འདའ་ཁར་དེ་ཤིང་ལྗོན་པ་ཞིག་གི་དྲུང་ན་གནས་པར་ལྗོན་པའི་ལྷ་ངུས་པའི་མཆི་མ་ཐིགས་པ་གཅིག་ལུས་ཀྱི་སྟེང་དུ་ལྷུང་བར་རྒྱུ་མཚན་དྲིས་པས་དེ་ལྟར་བཤད་པ་ན་མྱ་ངན་གྱིས་འགྱེལ་ཞིང་ངུ་བ་ལྷ་དེས་སངས་རྒྱས་ཀྱི་དྲུང་དུ་བསྐྱལ་ནས་ཆོས་ཐོས་པ་ན་དགྲ་བཅོམ་སྟེ་མྱ་ངན་ལས་འདས་སོ། །ལྷ་དེས་ཀྱང་དེའི་ཡོན་ཏན་མཐོང་བས་དགའ་ནས་མ་འོངས་པ་ན་ཤཱཀྱ་ཐུབ་པའི་སྐབས་མྱ་ངན་ལས་འདའ་ཀར་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ་སྟོན་པའི་སྔོན་དུ་མྱ་ངན་ལས་འདས་པར་སྨོན་ལམ་བཏབ་པའི་ལྷ་དེ་རབ་བཟང་འདི་ཡིན་གསུངས་སོ། །

ཡལ་འདབ་གྱ་གཅིག་པ་ནས་དགུ་བཅུ་པའི་བར།


GTN004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གྱ་གཅིག་པ་ནི་གོ་སླའོ། །༈ ཡལ་འདབ་གྱ་གཉིས་པ་ནི། མཉན་ཡོད་ན་ཁྱིམ་བདག་གཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དགའ་མགུར་སྤྱད་པས་བུ་བྱུང་། དེར་ཕ་དེ་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང་བ་དང་ཤིའོ། །བུ་དེ་ཆེར་སྐྱེས་པ་ན་གྲོགས་པོ་ཞིག་དང་ལྷན་ཅིག་ཁྱིམ་ཞིག་གི་དྲུང་དུ་སོང་བ་དང་། ཁྱིམ་དེའི་སྟེང་ནས་བུ་མོ་ཞིག་གིས་མེ་ཏོག་གི་ཆུན་པོ་བུ་དེའི་སྟེང་དུ་འཕངས་པ། གྲོགས་པོས་ཀྱང་མཐོང་། དེར་བུ་དེ་ལ་ཁྱོད་ཁྱིམ་དེར་འཇུག་མི་ཉན་ནོ་བྱས་ནས་ཉིན་པར་བསྲུངས་ཏེ་མཚན་མོ་མའི་གམ་དུ་ཁྲིད་ནས་བརྡ་སྦྱར་ཏེ་སྲུངས་ཤིག་བསྒོའོ། །དེས་ཁྱེའུ་དེ་ཁྱིམ་དུ་མལ་བཅས་ནས་གྱོ་མོ་གཉིས་དང་ཆུ་དང་ས་བཞག་སྟེ་རང་ཉིད་སྒོ་ན་ཁྲི་བཅས་ནས་ཉལ་ལོ། །དེས་མ་སྒོ་ཕྱེས་ཤིག །གཅིར་འགྲོའོ་ཟེར། གྱོ་མོ་བཞག་གིས་དེར་གཅིས་ཤིག །ཡང་ཡུད་ཙམ་ཞིག་ནས་མ་སྒོ་ཕྱེས་ཤིག་བཤང་དུ་འགྲོའོ། །{དེས་སྨྲས་པ།}གྱོ་མོ་དང་ཆུ་དང་ས་བཞག་གིས་དེར་བཤང་བ་བྱོས་ཤིག །ཡང་ཡུད་ཙམ་ཞིག་བསྡད་ནས་མ་སྒོ་ཕྱེས་ཤིག །མི་འབྱེད་ན་གསད་དོ་ཟེར། དེ་ན་རེ། བུ་ཁྱོད་གང་དུ་འགྲོ་ཤེས་ཀྱི་སྒོ་མི་དབྱེའོ། །ཁོ་མོ་ཤི་བ་ནི་བླ་ཡི་བུ་ཤི་བ་ལ་བལྟ་མི་ཕོད་དོ་ཞེས་སྨྲས་པས། དེ་བུད་མེད་དེ་ལ་སེམས་ཆགས་པའི་དབང་གིས་ཁྲོས་ཏེ། རལ་གྲིས་མའི་མགོ་


GTN004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ནས་ས་ལ་བསྒྱེལ་ཏོ། །དེས་སྡིག་པ་བྱས་པས་འདར་བཞིན་དུ་སོང་བ་ན། བུ་མོ་དེ་ན་རེ། རྗེའི་སྲས། གཞན་སུ་ཡང་མེད་ཀྱི་མ་འཇིགས་ཤིག་ཟེར། དེས་སྨྲས་པ། ཁོ་བོས་ཁྱོད་ཀྱི་ཕྱིར་དུ་སྐྱེད་མ་མོ་བསད་དོ། །དེ་སྐྲག་ནས་འདིས་མ་འདི་ལྟར་བསད་ན་ཁོ་མོ་ལ་ཁྲོས་ན་གནས་སྐབས་ཅི་ཞིག་འགྱུར་སྙམ་དུ་སེམས་ཏེ། རྗེའི་སྲས་བདག་ཁང་ཐོག་ཏུ་འཛེགས་ནས་སླར་མཆི་བའི་བར་དུ་ཡུད་ཙམ་བཞུགས་ཤིག་བྱས་ནས་ཁང་ཐོག་ཏུ་སོང་ནས་ཆོམ་རྐུན་པ་ཞེས་སྒྲ་ཕྱུང་བ་ན། དེ་སྐྲག་ནས་བྲོས་ཏེ་རང་གི་ཁྱིམ་དུ་སོང་ནས་སྒོ་དྲུང་དུ་རལ་གྲི་བཞག་སྟེ། ཆོམ་རྐུན་པ་དེས་ཁོ་བོའི་མ་བསད་ནས་བྲོས་སོ་ཞེས་མ་ཡི་རོ་ལ་བཀུར་སྟི་བྱས་ནས་སོང་ངོ་། །དེ་མ་བསད་པས་འགྱོད་ནས་མུ་སྟེགས་ཅན་རྣམས་དང་དཀའ་ཐུབ་ཀྱི་གནས་སུ་སོང་ནས་སྡིག་པ་བྱང་བའི་ཐབས་དྲིས་པ་ན། མེ་མར་འཆོངས་ཤིག །དུག་ཟོ་ཞིག །གཡང་སར་མཆོངས་ཤིག་ལ་སོགས་པ་ཀུན་གྱིས་འཆི་བའི་ཐབས་ཁོ་ན་ལས་ངེས་འབྱུང་གི་ཐབས་སྟོན་པ་འགའ་ཡང་མེད་དོ། །དེ་ནས་རྒྱལ་བྱེད་ཚལ་དུ་སོང་བ་དང་། དགེ་སློང་ཞིག་གིས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་ན། །ཉི་ཟླ་སྤྲིན་ལས་བྱུང་བ་ལྟར། །འཇིག་རྟེན་འདིར་ནི་དེ་སྣང་འགྱུར། །ཞེས་ཁ་ཏོན་བྱེད་པ་ཐོས་ནས། འདིས་ནི་ངེས་པར་སྡིག་པའི་ལས་ཀྱང་དག་ནུས་སོ་སྙམ་ནས་དགེ་སློང་ཞིག་ལས་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ། བརྩོན་འགྲུས་བརྩམས་པས་སྡེ་སྣོད་གསུམ་དང་ལྡན་པ་རིག་གྲོལ་གྱི་སྤོབས་པ་ཅན་དུ་གྱུར་ཏོ། །དེ་ལ་དགེ་སློང་རྣམས་


GTN004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བརྩོན་འགྲུས་བརྩམས་པའི་དོན་ཅི་ཡིན་དྲིས་པ་ན། སྐྱེད་མ་བསད་པའི་སྡིག་པ་བྱང་ཆེད་ཡིན་པར་སྨྲས་པས་སྐབས་དེ་སྟོན་པ་ལ་གསོལ་བ་དང་། མ་བསད་པ་ནི་འདུལ་བ་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་ཕུད་པར་བྱའོ་གསུངས་པས། དེ་མཐའ་འཁོབ་ཞིག་ཏུ་སོང་ནས་ཁྱིམ་བདག་ཅིག་དད་པར་བྱས་ནས་གཙུག་ལག་ཁང་བརྩིག་ཏུ་བཅུག་སྟེ། དེ་ན་གནས་པ་དང་ཕྱོགས་ཐ་དད་ནས་འོངས་པའི་དགེ་སློང་མང་པོ་དེའི་གདམས་ངག་གིས་དགྲ་བཅོམ་པ་ཐོབ་བོ། །རེ་ཞིག་ན་དེ་ན་ནས་འཆི་ལ་ཐུག་པ་དང་། ལྷན་ཅིག་གནས་པ་རྣམས་ལ། ཁོ་བོའི་ཕྱིར་དུ་དགེ་འདུན་ལ་བསྲོ་ཁང་གྱིས་ཤིག་བྱས་པས་དེ་རྣམས་ཀྱིས་དེ་ལྟར་བྱས་སོ། །དེ་ནས་དགེ་སློང་དེ་ཤི་ནས་མནར་མེད་དུ་སྐྱེས་སོ། །དགྲ་བཅོམ་པ་ཞིག་གིས་མཁན་པོ་གང་དུ་སྐྱེས་བརྟག་པ་ན། མ་བསད་པས་མནར་མེད་དུ་སྐྱེས་པར་མཐོང་ངོ་། །དེ་མནར་མེད་ཀྱི་མེའི་འོད་ཀྱིས་ཕོག་པ་དང་། ཀྱེ་བསྲོ་ཁང་མེ་རེ་ཚ་ཞེས་སྨྲས་པས། དམྱལ་སྲུང་གིས་ཐོ་བས་མགོར་བསྣུན་ནས། སྐལ་ཆད་ཁྱོད་ཀྱི་བསྲོ་ཁང་གང་ན་ཡོད་འདི་ནི་མནར་མེད་པ་ཡིན་ནོ་ཞེས་སྨྲས་སོ། །དེ་དགེ་བའི་སེམས་ཀྱིས་ཤི་ནས་རྒྱལ་ཆེན་རིས་བཞིའི་ལྷར་སྐྱེས་སོ། །ལྷའི་བུ་དེས་དེར་སྐྱེས་པའི་རྒྱུ་མཐོང་ནས་དེ་ཉིད་ཀྱི་མཚན་མོར་བཅོམ་ལྡན་འདས་བལྟ་བའི་ཕྱིར། རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བས་ཁྱབ་པར་བྱས་ཏེ། ལྷའི་མེ་ཏོག་སྣ་ཚོགས་ཀྱིས་སྟོན་པ་ལ་མངོན་པར་གཏོར་ནས་ཆོས་ཉན་པས་བདེན་པ་མཐོང་སྟེ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དོ། །དེ་ནས་སྔར་འོངས་པའི་


GTN004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལུགས་ཀྱིས་རང་གི་གནས་སུ་སོང་ངོ་། །དེའི་ལྷན་ཅིག་གནས་པའི་དགྲ་བཅོམ་པ་རྣམས་ཟས་ཀྱི་གྲལ་ན་འདུག་སྟེ། གཞན་ཞིག་གིས་ལག་ཆུ་གྲང་མོ་བྲིམས་པ་དང་། བདག་ཅག་ཆུ་གྲང་མོ་འདི་ལྟ་བུ་འཐུང་ན་མཁན་པོ་མནར་མེད་ན་ཟངས་ཁུ་བསྐོལ་མ་འཐུང་ངོ་སྙམ་ནས་མནར་མེད་དུ་བལྟས་པས་མི་སྣང་ངོ་། །ངན་སོང་གསུམ་དུ་བལྟས་ཀྱང་མི་སྣང་ནས། རྒྱལ་ཆེན་རིས་བཞིའི་ལྷར་སྐྱེས་ནས་སྟོན་པའི་སྤྱན་སྔར་བདེན་པ་མཐོང་སྟེ་ལྷ་རྣམས་ཀྱི་ནང་ན་འདུག་པ་མཐོང་ནས་འཛུམ་ཕྱུང་ཞིང་། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན་ཞེས་ཆེད་དུ་བརྗོད་དོ། །༈ ཡལ་འདབ་གྱ་གསུམ་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞི་ལས་གསུངས་པའི་དོན་མཐུན་བརྗོད་ན། སྔོན་ཝཱ་རཱ་ཎ་སཱིར་དང་ཉེ་བའི་བསྟི་གནས་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་བྱ་སྣ་ཚོགས་སྐད་འབྱིན་ཞིང་། བྱ་དང་རི་དྭགས་འདྲིས་པར་བསྟེན་པ་ན་དྲང་སྲོང་འབྲས་བུ་དང་། རྩ་བ་དང་། ཆུ་ལ་ལོངས་སྤྱོད་པ། པགས་པ་དང་ལོ་མ་གྱོན་པ། དུང་དང་བྲིས་པ་ཞེས་བྱ་བ་སྤུན་གཉིས་གནས་ཏེ། དུང་ནི་མཁན་པོ་བྱེད། བྲིས་པ་ནི་སློབ་མ་བྱེད་དོ། །རེ་ཞིག་དུང་གིས་རིལ་བ་ཆུས་བཀང་ནས་རྩ་བ་དང་འབྲས་བུའི་ཆེད་དུ་ནགས་སུ་སོང་། བྲིས་པས་མེ་ཏོག་དང་འབྲས་བུ་བླངས་ནས་དེར་ཕྱིན་པས་རང་གི་རིལ་


GTN004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆུ་མེད་ནས་ཤིན་ཏུ་སྐོམ་པས་དུང་གི་རིལ་བ་ནས་ཆུ་བཏུང་ངོ་། །དེ་དུང་གིས་མཐོང་སྟེ་ཁྲོས་ནས་ཆུ་སུས་བརྐུས་སྨྲས་པས། བྲིས་པས་བདག་གོ་བརྗོད་པ་ན་དེ་སྤུན་དང་སློབ་མ་ཡིན་པས་ཁྲོ་བ་ཞི་ནས་ལེགས་སོ་བརྗོད་ཀྱང་བྲིས་པས་ཉེས་ཕྱིར་ཆད་པ་ནན་དུ་གཅོད་པར་བསྐུལ་བས། དེ་ཁྲོས་ཏེ་འོ་ན་རྒྱལ་པོར་ཞུས་ཟེར། བྲིས་པས་ཡུལ་དེའི་རྒྱལ་པོ་ལ་ནན་བསྐུལ་བས་འོ་ན་རེ་ཞིག་སྡོད་ཅིག་ཟེར། བྲིས་པ་དེར་ལྟོགས་སྐོམ་གྱིས་གདུང་བཞིན་ཞག་དྲུག་ལོན་ཡང་རྒྱལ་པོ་བྱ་བ་མང་བས་བརྗེད་པ་ན། སླར་བློན་པོ་རྣམས་ཀྱིས་རྒྱལ་པོར་དྲན་པ་གསོས་པས། ཆད་པ་དེ་ཁོ་ན་ཡིན་གྱིས་སོང་ཞིག་ཟེར། དེའི་དུས་ཀྱི་རྒྱལ་པོ་ཚངས་བྱིན་ནི་སྒྲ་གཅན་ཟིན་ཡིན་གསུངས། ཡང་གནག་ལྷས་ཤིག་ན་ཕྱུགས་རྫི་མ་དང་། བུ་མོ་མ་སྨད་ཞིག་གནས། དེ་གཉིས་དར་བའི་བུམ་པ་ཐོགས་ཏེ་རྒྱུན་དུ་གྲོང་མཐར་འགྲོ་བ་ལ། བུ་མོ་ངན་གཡོ་ཆེ་བས་ཡུམ་རེ་ཞིག་དར་བའི་བུམ་པ་སྣོམས་ཤིག་བདག་ཆུ་བསིལ་ལོ་སྨྲས་པས་མ་རྒན་རང་བཞིན་བཟང་བའི་ཕྱིར་དར་བུམ་ལྗི་བ་ཁུར་ནས་རྒྱང་གྲགས་དྲུག་ཏུ་སོང་ངོ་། །དེའི་སྐབས་ཀྱི་བུ་མོ་ནི་གྲགས་འཛིན་མའོ་གསུངས། ༈ ཡལ་འདབ་གྱ་བཞི་པ་ནི། བཅོམ་ལྡན་འདས་ཡུལ་སྒྲ་གཅན་གྱི་གནས་དྲང་སྲོང་ཀུན་ཛི་ཀའི་ནགས་ན་བཞུགས་སོ། །དེའི་ཚེ་བླ་གབ་མེད་པར་ལྷུང་བཟེད་རབ་ཏུ་མང་པོ་བཞག་པ་ལ།


GTN004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲེའུ་ཞིག་ཤིང་ལས་བབས་ཏེ་དེར་སོང་བ་དགེ་སློང་རྣམས་ཀྱིས་སྤྲེའུས་ལྷུང་བཟེད་བཅག་གི་དོགས་ཏེ་བཟློག་པ་ལས། སྟོན་པས་དགེ་སློང་དག་སྤྲེའུ་འདི་དྲན་པ་དང་ལྡན་པ་ཡིན་པས་མ་བཟློག་ཅིག །ཅེས་བཀའ་སྩལ། དེ་ནས་སྤྲེའུ་དེས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བླངས་ཏེ། ཤིང་སཱ་ལའི་སྡོང་པོ་ལ་འཛེགས་ནས་སྦྲང་བུ་ལ་གནོད་པ་མེད་པར་སྦྲང་རྩིའི་དྭངས་མ་བླངས་ཏེ་ལྷུང་བཟེད་བཀང་ནས་ལྗོན་ཤིང་ལས་བབས་ཏེ་སྟོན་པ་ལ་ཕུལ་བ་ན་མ་བཞེས་ཏེ། དེས་ཕྱོགས་གཅིག་ཏུ་སོང་ནས་སྲོག་ཆགས་ཤི་བའི་ཡན་ལག་ཕྲ་མོ་ཡོད་པ་དག་བསལ་ནས་ཕུལ་ཡང་མ་བཞེས། ཡང་ལྷུང་བཟེད་དེ་བླངས་ཏེ་ཆུ་གཙང་མས་བྲན་ཏེ་ཕུལ་བས་སྟོན་པས་ཕྱག་ཏུ་བཞེས་ཤིང་གསོལ་བར་མཛད་དོ། །དེར་སྤྲེའུ་དེ་དགའ་མགུ་རངས་ནས་ཕྱི་ནུར་ཕྱིར་ནུར་དུ་གར་བྱས་ཤིང་། སྟོན་པ་ལ་དད་བཞིན་པར་ཁྲོན་པར་ལྷུང་སྟེ་ཤི་ནས་གྲོང་ཁྱེར་དེ་ཉིད་དུ་བྲམ་ཟེ་ལས་དྲུག་ལ་བརྩོན་པ་ཞིག་གི་ཆུང་མའི་མངལ་དུ་ཞུགས་ནས་ཕྱིས་བཙས་པ་ན་ཁྱིམ་དུ་སྦྲང་རྩིའི་ཆར་བབ། དེའི་མིང་གནས་འཇོག་གི་བུ་སྦྲང་རྩི་ཅན་ཞེས་བཏགས། དེ་ནས་ཕྱིས་ཡུན་རིང་ཞིག་ནས་དེ་རབ་ཏུ་བྱུང་སྟེ་ཉིན་རེ་བཞིན་འབད་བརྩོན་མེད་པར་སྦྲང་རྩི་ལྷུང་བཟེད་གསུམ་གསུམ་རྙེད་པར་གྱུར་ཏོ། །དང་པོ་ནི་སངས་རྒྱས་ལ་འབུལ། གཉིས་པ་ནི་དགེ་འདུན་ལའོ། །གསུམ་པ་ནི་བདག་ཉིད་གྲོགས་དང་བཅས་པ་ལོངས་སྤྱོད་དོ། །དེས་མཐར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་སོགས་གོ་སླའོ། །༈ ཡལ་འདབ་གྱ་ལྔ་པ་ནི། འདུལ་བ་༼ང༽དབྱེན་གྱི་གཞིར་འབྱུང་ཡང་གོ་སླའོ། །


GTN004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གྱ་དྲུག་པ་ནི། འདུལ་བ་༼ག༽གནས་མལ་གྱི་གཞིར་འབྱུང་བ་དོན་མཐུན་པས་འཆད་ན། སྔོན་བྱུང་བ་འདས་པའི་དུས་ན། ཡུལ་ཀ་ཤིའི་ནགས་སྟུག་པོ་ཞིག་ན་གོང་མ་སྲེག་དང་། རི་བོང་དང་། སྤྲེའུ་དང་། གླང་པོ་ཆེ་སྟེ་སྲོག་ཆགས་བཞི་ཞིག་གནས་སོ། །དེ་དག་ཕན་ཚུན་ཡིད་གཅུགས་པས་ལྷན་ཅིག་གནས་ཤིང་མཐུན་པ་སོགས་མཛའ་བཤེས་ཀྱི་སྤྱོད་ལམ་ཁོ་ནར་བྱེད་དོ། །ཇི་ཙམ་ན། དེ་དག་གི་བློ་སྐྱེས་ཏེ་རྒན་རིམ་དུ་བསྙེན་བཀུར་བྱ་བ་བགྲོས་ཏེ་ཁ་མཐུན་པ་ན། སྲོག་ཆགས་བཞིའི་རྒན་རིམ་བརྟག་པའི་ཆེད་དུ། གོང་མ་སྲེག་གིས་ཤིང་ནྱ་གྲོ་དྷ་ཞིག་བསྟན་ནས། ཤེས་ལྡན་དག །སུས་ཤིང་ནྱ་གྲོ་དྷའི་ཚད་ཇི་ཙམ་པ་མཐོང་། གླང་པོ་ཆེས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་བགྲོད་པ་ན། འདིའི་སྲིད་ཁོ་བོའི་ལུས་དང་མཉམ་པ་ཁོ་ན་མཐོང་ངོ་། །སྤྲེའུས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་འདིར་འགྲོ་བ་ན་འདིའི་སྲིད་ཁོ་བོ་དང་མཉམ་པ་ཁོ་ན་མཐོང་ངོ་། །རི་བོང་ན་རེ། ཁོ་བོས་འདིའི་ལོ་མ་གཉིས་སྐྱེས་པའི་ཟིལ་པ་བལྡགས་སོ། །གོང་མ་སྲེག་ན་རེ། ཁོ་བོས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་རྟུག་པ་བོར་བ་ལས་སྐྱེས་པའི་ཤིང་འདི་ཡིན་ནོ། །དེ་ནས་དེ་དག་གིས་རྒན་རིམ་ཇི་ལྟ་བར་ཤེས་ནས། གླང་པོ་ཆེ་ཐམས་ཅད་ལས་གཞོན་པའི་ཕྱིར། ཀུན་ལ་བསྙེན་བཀུར་བྱའོ། །སྤྲེའུས་རི་བོང་


GTN004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དང་གོང་མ་སྲེག །རི་བོང་གིས་གོང་སྲེག་ཁོ་ན་ལའོ། །གལ་ཏེ་གཡང་ས་སོགས་སུ་འགྲོ་བའི་ཚེ་གོང་སྲེག་གིས་རི་བོང་། རི་བོང་གིས་སྤྲེའུ། སྤྲེའུས་གླང་པོ་ལ་ཞོན་ནོ། །རེ་ཞིག་ན། དེ་དག་ལ་དགེ་བའི་བསྲུང་སྡོམ་ལེན་པའི་བློ་སྐྱེས་ཏེ་གོང་མ་སྲེག་ལ་ཇི་ལྟར་བྱ་དྲིས་པ་ན། དེས་དེ་དག་ལ་བསླབ་པ། བདག་ཅག་གིས། ལོ་མ་དང་མེ་ཏོག་དང་འབྲས་བུ་སྲོག་ཆགས་དང་བཅས་པ་བཟའ་བ་ནི་སྲོག་བཅད་པ་ཡིན་པས་གང་ཞིག་སྲོག་ཆགས་མི་གནས་པ་དེ་བཟའ་བར་བྱའོ། །ཡོངས་སུ་འཛིན་པ་དང་བཅས་པའི་བཟའ་བ་ལེན་པ་ནི་མ་བྱིན་པ་བླངས་པ་ཡིན་པས་འཛིན་པ་མེད་པ་ལས་བླང་ངོ་། །བགྲོད་བྱ་རང་གི་ཆུང་མ་ཁོ་ན་ལ་བགྲོད་པར་བྱ་ཡི་གཞན་གྱི་ཆུང་མ་ལ་བགྲོད་པ་ནི་འདོད་པས་ལོག་པར་གཡེམ་པ་སྟེ་སྤང་བར་བྱ་བའི་རིགས་སོ། །དོན་ཅི་ལ་ཡང་བརྟགས་ཤིང་བརྟགས་པའི་ཚིག་དུས་སུ་སྨྲ་བ་ལས་ཅི་ཡང་རུང་བ་ནི་མི་སྨྲ་སྟེ་རྫུན་དུ་སྨྲ་བའོ། །མྱོས་འགྱུར་གྱི་འབྲས་བུ་གང་དག་ཡོད་པ་ན་མི་བཟའ་ཞིང་མྱོས་པར་མི་འགྱུར་བའི་འབྲས་བུ་དག་བཟའོ། །དེ་ནས་དེ་རྣམས་དགའ་མགུ་རངས་ནས་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་ནན་གྱིས་བསླབ་ནས་སླར་ཡང་གོང་མ་སྲེག་གིས་བསྐུལ་ཏེ་རང་རང་རིགས་མཐུན་གྱི་སྲོག་ཆགས་མང་པོའང་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་བཀོད་པས། མཐར་ཡུལ་ཀ་ཤི་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་འདབ་ཆགས་དང་། སྡེར་ཆགས་དང་། རི་དྭགས་དང་། གཡུང་དྭགས་སོགས་སྲོག་ཆགས་ཇི་སྙེད་པ་དེ་དག་


GTN004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བསླབ་པའི་གཞི་ལྔ་ལ་རབ་ཏུ་གནས་སོ། །དེའི་མཐུས་ལྷ་རྣམས་ཀྱིས་ཀྱང་དུས་དུས་སུ་ཆར་ཕབ་པས་མེ་ཏོག་དང་འབྲས་བུའི་ཤིང་དང་ལོ་ཏོག་དང་ལྡན་པར་གྱུར་ཏོ། །ནམ་ཞིག་ཡུལ་གྱི་མི་རྣམས་ཀྱིས་དེ་དག་གཅིག་ལ་གཅིག་གནོད་པ་མི་བྱེད་པར་གནས་པས་ས་གཞིར་རྟག་ཏུ་མེ་ཏོག་དང་འབྲས་བུའི་ཤིང་དང་ལོ་ཏོག་དང་ལྡན་པར་མཐོང་ནས་རྒྱལ་པོས་ཀྱང་ཐོས་ཏེ་རང་ཉིད་རྒྱལ་སྲིད་ཆོས་བཞིན་དུ་བྱས་པས་དེའི་མཐུ་ཡིན་ནོ་ཟེར། །དེ་བཞིན་དུ། བཙུན་མོ་དང་། བློན་པོ་དང་། གཞོན་ནུ་དང་། གྲོང་ཡུལ་གྱི་མི་རྣམས་ཀུན་གྱིས་རང་རང་གིས་ལེགས་པར་སྤྱད་པའི་མཐུ་ཡིན་ནོ་ཞེས་ཁ་འཆམ་པ་ན། ལྗོངས་དེའི་སྐྱེད་ཚལ་ཞིག་ཏུ་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཐམས་ཅད་ཀྱིས་བླ་མར་བཟུང་བ་ཞིག་ཡོད་པ་དེའི་མདུན་དུ་སོང་སྟེ། རྒྱལ་པོས་རྐང་པ་གཉིས་ལ་གཏུགས་ཏེ་སུའི་མཐུ་ལས་བྱུང་ཞེས་ཐེ་ཚོམ་དྲིས་པར། དྲང་སྲོང་ན་རེ། འདི་ནི་རྒྱལ་པོ་ལ་སོགས་པ་སུའི་ཡང་མཐུ་མ་ལགས་ཏེ། འོན་ཀྱང་ནགས་སུ་སྲོག་ཆགས་བཞི་གནས་ན་དེ་དག་གིས་བརྟུལ་ཞུགས་ཀྱི་གཞི་ལྔ་བླངས་ཏེ་སྲོག་ཆགས་གྲངས་མེད་བསླབ་པ་ལ་བཀོད་པ་དེའི་མཐུ་ཡིན་ནོ། །རྒྱལ་པོས་སྨྲས་པ། བརྟུལ་ཞུགས་ཀྱི་གཞི་ལྔ་གང་ལགས། དྲང་སྲོང་གིས་བརྟུལ་ཞུགས་ཀྱི་གཞི་ལྔ་ལེགས་པར་བཤད་པས། རྒྱལ་པོ་དང་། བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཡུལ་གྱི་མི་དང་། ཛམྦུའི་གླིང་གི་སྐྱེ་འགྲོ་ཕལ་ཆེ་བ་རྣམས་ཀྱིས་བརྟུལ་ཞུགས་ཀྱི་གཞི་ལྔ་


GTN004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཏེ། དེ་དེར་སྤྱོད་པ་ན། འཆི་བའི་དུས་བྱེད་པའི་ཚེ་སུམ་ཅུ་རྩ་གསུམ་དུ་སྐྱེས་པས་ལྷའི་འགྲོ་བ་རབ་ཏུ་འཕེལ་བར་གྱུར་པ་བརྒྱ་བྱིན་གྱིས་མཐོང་ནས་ཚིགས་སུ་བཅད་པ་སྨྲས་པ། གུས་བཅས་ཞེ་སར་བཅས་པ་དག །དཀའ་ཐུབ་ཚལ་ན་གནས་པ་ཡི། །གོང་མ་སྲེག་གི་ཚངས་སྤྱོད་དག །འཇིག་རྟེན་སོ་སོར་རབ་ཏུ་བསྟན། །ཞེས་སོ། །དེའི་དུས་ཀྱི་གོང་མ་སྲེག་ནི་སངས་རྒྱས། རི་བོང་ཤཱ་རིའི་བུ། སྤྲེའུ་མོའུ་འགལ་བུ། གླང་ཆེན་ཀུན་དགའ་བོའོ། །༈ ཡལ་འདབ་གྱ་བདུན་པ་ནི། མདོ་སྡེ་ལས་༼ཧ༽བརྒྱ་པའི་སྡོམ་གཉིས་པར་འབྱུང་བ་བསྡུ་ན། སྟོན་པ་མཉན་ཡོད་དུ་བཞུགས། ཡུལ་སྲུང་བྱེད་ན་ཁྱིམ་བདག་ཞིག་ལ་བུ་བཙས་པར་མིང་པདྨའི་མདོག་ཅན་ཞེས་བཏགས། ཚེ་དང་ལྡན་པ་ཉེ་སྡེ་ལ་བསྟེན་ནས་རབ་ཏུ་བྱུང་ཞིང་། ཡུལ་བཅོམ་བརླག་གི་བོང་བུའི་ཀུན་དགའ་ར་བ་ན་གནས་པ་བསོད་སྙོམས་ལ་སོང་བ་སྤྱོད་ཡུལ་མི་མཁས་པས་སྨད་འཚོང་མའི་ཁྱིམ་དུ་ཞུགས་པ་ན། དེ་གཟུགས་མཛེས་པས་སྨད་འཚོང་མ་ཆགས་པ་ཆེར་གཡོས་ནས་འདོད་པ་


GTN004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་བསྐུལ་ཀྱང་མ་ཉན་པར་སོང་ངོ་། །སྨད་འཚོང་མས་རིགས་ངན་མོ་སྔགས་ཀྱི་མཐུ་ཡོད་པ་ཞིག་ལ་གསེར་སྦྱིན་པར་ཆེད་དུ་འགུགས་པར་བསྐུལ་བ་ན། རིགས་ངན་མོ་དེས་བུད་མེད་དེ་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་ཁྱིམ་དེ་ལྷ་ཁང་བཞིན་དུ་བྱས་ཏེ་བཞག་ནས་དཀྱིལ་འཁོར་བ་ལང་གི་ལྕི་བས་བྱུགས་ཏེ། མཆོད་པ་བཤམས་ནས་མེ་སྦར་ཏེ་ཡུངས་ཀར་ལ་སྔགས་ཀྱིས་བཏབ་ཅིང་མེའི་ནང་དུ་འདེབས་སོ། །དགེ་སློང་སྔགས་ཀྱི་མཐུས་དྲངས་ནས་ཕྱིར་སྨད་འཚོང་མའི་ཁྱིམ་དེར་འོངས་སོ། །དེ་ནས་རིགས་ངན་མོ་དེས་སྨྲས་པ། བཙུན་པ་ཁྱོད་ཁྱིམ་འདིར་འོངས་པ་ལ་བྱ་བ་གཉིས་ཡོད་དེ། ཡང་ན་སྨད་འཚོང་མ་འདི་དང་ལྷན་ཅིག་ཉོལ། ཡང་ན་མེ་འདིའི་ནང་དུ་མཆོངས་ཤིག་ཟེར། པདྨའི་མདོག་གིས་བསམ་པ་ཚུལ་ཁྲིམས་ཉམས་པའི་ལས་བྱེད་པ་བས་ཚུལ་ཁྲིམས་དང་ལྡན་པ་ནི་ཤི་བ་སླའོ་སྙམ་དུ་གོས་རྣམས་ཕུད་ནས་རིགས་ངན་མོ་ལ་གཏད་དེ། ཁྱོད་ཀྱིས་གོས་འདི་རྣམས་གཙུག་ལག་ཁང་དུ་ཁྱེར་ལ་དགེ་འདུན་ལ་ཕུལ་ཅིག་གསུངས་ནས་མེར་མཆོང་བར་བརྩམས་པ་དང་། རིགས་ངན་མོ་ཤིན་ཏུ་དད་ནས་ཆོ་ག་བཏང་སྟེ་རྐང་པ་ལ་ཕྱག་འཚལ་ནས་བཟོད་པར་གསོལ་ལོ། །སྨད་འཚོང་མས་ཀྱང་དེ་མཐོང་ནས་འདོད་ཆགས་དང་བྲལ་ཏེ་དགའ་བ་སྐྱེས་ཤིང་རྐང་པར་བཏུད་ནས་བཟོད་པར་གསོལ། །དེ་གཉིས་ཀས་པདྨའི་མདོག་ལས་ཆོས་ཉན་པས་རྒྱུན་ཞུགས་ཐོབ། །སླར་དགེ་སློང་མ་རྣམས་ཀྱི་གཙུག་ལག་ཁང་དུ་ཕྱིན་ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས། བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པ་ཐོབ་བོ། །ཚེ་དང་ལྡན་པ་


GTN004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་མདོག་གིས་བསམ་པ། བདག་གིས་གཞན་གྱི་རྒྱུད་ནི་དག་པར་བྱེད་ནུས་ཀྱི་རང་གི་རྒྱུད་ནི་དེ་ལྟར་མ་ཡིན་ནོ་སྙམ་ནས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །སྔོན་འབྱུང་། སྨད་འཚོང་མ་དེ་ཚེ་རབས་ལྔ་བརྒྱའི་བར་པདྨའི་མདོག་གི་ཆུང་མར་གྱུར་པས་མཐོང་མ་ཐག་པ་དང་། སངས་རྒྱས་འོད་སྲུང་གི་དུས། ཝཱ་རཱ་ཎ་སཱིར་ཁྱིམ་བདག་ཅིག་ལ་ཆུང་མ་གཉིས་ཡོད་པ་ཁྱིམ་བདག་ཆུང་མ་གཉིས་བཅས་རབ་ཏུ་བྱུང་། ཁྱིམ་བདག་ནི་སྡེ་སྣོད་གསུམ་པ་རིག་གྲོལ་གྱི་སྤོབས་པ་དང་ལྡན། དགེ་སློང་མ་གཉིས་ནི་འཐབ་དཀྲོལ་ཅན་ཁ་གཤིས་ངན་པར་གྱུར་པས་དགེ་སློང་མ་རྣམས་ལ། རིགས་ངན་མོ་དང་། སྨད་འཚོང་མ་ཟེར་ཞིང་གཤེ་བས་ཁྱིམ་བདག་གིས་ངག་གི་ཉེས་པ་ལས་བཟློགས་ནས། ཕྱིས་སངས་རྒྱས་དགེ་འདུན་དང་བཅས་པ་ལ་བཤོས་གསོལ་ཏེ། དབུ་སྐྲ་དང་། སེན་མོའི་མཆོད་རྟེན་ལ་ཡང་བཀུར་སྟི་བྱས་ནས་ཚེ་རབས་ཀུན་ཏུ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བ་དང་། གཟུགས་བཟང་བ། སངས་རྒྱས་ཤཱཀྱ་ཐུབ་པ་མཉེས་པར་བྱེད་ཅིང་། དེའི་བསྟན་པ་ལ་དགྲ་བཅོམ་པར་སྨོན་ལམ་བཏབ་པ་ཡིན་གསུངས་སོ། །


GTN004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གྱ་བརྒྱད་པ་ནི། མདོ་སྡེ་༼ཨ༽ལས་བརྒྱའི་སྡོམ་བདུན་པར་བསྟན་ཏེ། སྟོན་པ་རྒྱལ་པོའི་ཁབ་ན་བཞུགས། གཟུགས་ཅན་སྙིང་པོའི་གླང་པོ་ཆེ་སྐྱོང་བ། གླང་ཆེན་སྙིང་པོ་ཞེས་ཤིན་ཏུ་ཕྱུག་པའི་ཆུང་མ་ལ་རྒྱུ་སྐར་ནག་པའི་ཉིན་བུ་སྐྱེས་པས་ནག་པ་གླང་ཆེན་གནས་ཞེས་གཏགས་སོ། །དེ་ཆེར་སྐྱེས་པ་ན་བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་སོགས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེའི་ཕ་མ་གཉིས་ཤི་ནས་རྒྱལ་པོས་སྔར་གྱི་ཐོབ་གླང་པོ་སྐྱོང་བར་བསྐོས་ཤིང་། ཆུང་མ་བླངས་ནས་སངས་རྒྱས་ཀྱི་བསྟན་ལ་དད་དེ་སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་བྱས་ནས་བསྟན་པ་ལ་རབ་ཏུ་བྱུང་བས་སྡེ་སྣོད་གསུམ་པ་རིག་གྲོལ་གྱི་སྤོབས་པ་དང་ལྡན་པ་ཆོས་སྨྲ་བར་གྱུར་ཏོ། །དེས་ཡིད་ལ་བྱེད་པ་བཟུང་ནས་འབད་པས་འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་བསམ་གཏན་བསྐྱེད་ནས་སློབ་མ་ལྔ་བརྒྱ་བསྡུས་ཤིང་འཁོར་བཅས་ལྗོངས་རྒྱུར་སོང་བ། སྔར་གྱི་ཆུང་མས་འཁོར་བཅས་སྤྱན་དྲངས་ཏེ་ཁྱིམ་དུ་ཟན་བྱིན་ནས་བརྟགས་པས་སོ་སོའི་སྐྱེ་བོར་ཤེས་ནས་ཐབས་ཀྱིས་བསླུ་བར་བསམས་ཏེ། ཉིན་གྲངས་སུ་བཤོས་གསོལ་ནས་འཁོར་ཇེ་ཉུང་ལ་བསླབས་ནས། མཐར་གཙོ་བོ་གཅིག་པུ་བོས་ཏེ་ཟན་བྱིན་ནས་ཁྱོད་མི་བཞུགས་པས་ཁོ་མོ་བྲན་རྣམས་ཀྱིས་བརྙས་སོ་ཞེས་སོགས་གཏམ་བརྗོད་པ།


GTN004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་རང་གི་ངན་གཡོས་བྲན་ཁྱེའུ་ཞིག་ལ་བསྒོས་པ་བཞིན། དེས་ཆོས་ཉན་ཞིང་སྡོད་པ་ན། བྲན་གཡོག་གིས་ཆུང་མ་ལན་གསུམ་དུ་དགུག་པ་བཏང་ཡང་མ་སོང་བ་ན། དེས་སྐྲ་ནས་བཟུང་སྟེ་རྡེག་པ་དང་། ཇོ་བོ་སྤྱན་སྔར་བབ་པ་འདིའོ་སྨྲས་པས་ནག་པ་གླང་ཆེན་ཁྲོས་ནས་རལ་གྲི་བླངས་ཏེ། བྲན་ཕྲུག་གསོད་པར་རྒྱུགས་པ་ན། ཆུང་མས། ཇོ་བོ་རེ་ཞིག་གཟུ་ལུམ་མ་མཛད་པར་བསླབ་པའི་གཞི་རྣམས་ཕུལ་ལ་དེའི་འོག་ཏུ་འདི་བཅོས་པས་སླེབས་སོ་ཟེར། དེར་དགེ་སློང་གིས་བསླབ་པ་ཕུལ་ནས་ཁྱིམ་པའི་གོས་བགོས་ཏེ་འདུག་གོ །དེ་ཉན་ཐོས་རྣམས་ཀྱིས་སྟོན་པར་གསོལ་བ་ན། དགེ་སློང་དག །རིགས་ཀྱི་བུ་དེ་ནི་ཡུན་རིང་ཁྱིམ་དུ་མི་གནས་ཏེ། ངའི་བསྟན་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་བྱེད་དོ་གསུངས། རེ་ཞིག་གི་དུས་སྟོན་པས་དེ་འདུལ་བའི་དུས་མཁྱེན་ནས། ཕྱོགས་དེར་ཕེབས་ཏེ་འོད་ཟེར་བཀྱེ་བས་ཁྱིམ་ཐམས་ཅད་གསེར་ཞུན་མའི་ཁ་དོག་ལྟ་བུར་སྣང་བ་ན། ནག་པ་གླང་ཆེན་གྱིས་སྟོན་པ་ཕེབས་པ་ཤེས་ནས་ཞབས་ལ་བཏུད་པ་ན་ཁྱིམ་དུ་མ་གནས་པར་རབ་ཏུ་བྱུང་ཞིང་གསུངས་པས་དེ་བཞིན་བྱས་ཏེ། བརྩོན་པ་དང་། འབད་པ་དང་། བསྒྲུབས་པས་དགྲ་བཅོམ་མོ། །སྔོན་འབྱུང་ནི། སྔོན་རི་ཁྲོད་ཀྱི་གྲོང་ཞིག་ན། ཁྱིམ་བདག་ནགས་ཞེས་ལོངས་སྤྱོད་ཆེ་བ་ཞིག་ཡོད་པ་སྐྱེད་ཚལ་དུ་སོང་བ་ན། རང་སངས་རྒྱས་དང་འཕྲད་ནས་བཤོས་གསོལ་ཏོ། །ཁྱིམ་བདག་དེས་རང་སངས་རྒྱས་དེ་ལ་མཆོད་ཅིང་། དེའི་བསམ་གཏན་བྱེད་པ་མཐོང་ནས་རབ་ཏུ་བྱུང་བར་ཞུས་པས་དྲང་སྲོང་


GTN004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྩར་མངགས་སོ། །དེ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་དོ། །རང་སངས་རྒྱས་དེ་འདས་པའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་བདུག་པ་དང་། ཕྱེ་མ་དང་། སྤོས་དང་། མེ་ཏོག་རྣམས་ཀྱིས་བཀུར་སྟི་བྱས། དགེ་བ་འདིས་བདག་གང་དུ་སྐྱེ་བར་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང་། འདི་ལས་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཡོན་ཏན་འདི་ལྟ་བུ་ཐོབ་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་ཤིང་ད་ལྟ་འདིའོ་གསུངས། །ཡང་སྔོན་རྒྱལ་པོ་ཚངས་བྱིན་གྱི་བློན་པོ་བྲམ་ཟེ་མེས་བྱིན་གྱི་ཆུང་མར་བུ་མཚེ་མ་གཉིས་སྐྱེས་པར་མིང་མེའི་བུ་དང་། མེ་ལྕེ་ཞེས་གདགས། ཆེར་སྐྱེས་པ་ན་ལས་རྣམ་པ་དྲུག་ལ་མཁས་ཤིང་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ། །རེ་ཞིག་ན་ཕ་བློན་པོ་ཆོས་དང་ཆོས་མ་ཡིན་པ་སྤྱོད་པས་བུ་གཉིས་འདི་ཕྱུང་སྟེ་ཕ་མར་གནང་བ་ཞུས་ཏེ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་ནས་ཕ་མ་ལ་བལྟ་བའི་ཕྱིར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འོང་བས་དགའ་ནས་མཆོད་དེ་རང་གི་སྐྱེད་ཚལ་དུ་གནས་པར་ཞུས་ཤིང་ཡུལ་དེས་མཆོད་པར་བྱ་བའི་གནས་སུ་གྱུར་ཏོ། །ཕ་བློན་པོས་རྒྱལ་པོའི་ཕོ་བྲང་དུ་དུས་དུས་སུ་འབྱོན་པར་བསྐུལ་བས་དེར་རྫུ་འཕྲུལ་གྱིས་འགྲོ་བ་ན་རྒྱལ་པོས་བཟའ་བཅའ་གཙང་མ་མང་པོས་ཚིམ་པར་བྱས་ཏེ་ཆོས་ཉན། རེ་ཞིག་རྒྱལ་པོ་དམག་ལ་ཆས་པས་རང་གི་བུ་མོར་བསྒོས་ཏེ། དྲང་སྲོང་བྱུང་རེས་སྔར་བཞིན་


GTN004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིག་བྱས་པས་སྐབས་དེར་དྲང་སྲོང་མེ་ལྕེ་རྫུ་འཕྲུལ་གྱིས་རྒྱལ་པོའི་ཕོ་བྲང་དུ་འོང་བར། བུ་མོས་རེག་པས་རྫུ་འཕྲུལ་ཉམས་ནས་ལྷན་ཅིག་ཉལ་བ་ཐབ། རྐང་པས་འགྲོ་བ་ངོ་ཚ་ནས་དེར་ཞག་གྲངས་ལུས་པ་ན་རྒྱལ་པོ་རང་མལ་དུ་སླེབས་པས་དྲང་སྲོང་ལ་བལྟས་ནས་བཟའ་བཅའ་ཕུལ་ཏེ་ཆོས་ཉན་པ་དང་། བུ་མོས་སྐོམ་ཁྱེར་འོངས་པས་དེ་སྔར་གྱི་མཛའ་བ་དྲན་ནས་མྱོས་ཏེ། ལག་པ་བརྐྱངས་པ་ན། རྒྱལ་པོ་ཁྲོས་ཏེ་རལ་གྲིས་གསོད་པར་ཉེ་བ་བུ་མོས་གཡོ་ཐབས་ཀྱིས་བཟློག །ཕུ་བོ་དྲང་སྲོང་མེའི་བུས་ནུ་བོ་སླེབས་པ་འཕྱིས་པས་བརྟགས་པ་ན། དེ་ཉམས་པས་སྡུག་བསྔལ་བ་མཐོང་སྟེ། འཕྲལ་དུ་རྫུ་འཕྲུལ་གྱིས་བྱིན་ནས་རྒྱལ་པོར་ཆོས་ཅུང་ཟད་བཤད་ཅིང་། རང་གི་མཐུས་ནུ་བོ་ནམ་མཁར་ཁྲིད་ནས་སླར་ཡང་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་དུ་བཅུག །བཙུན་མོའི་འཁོར་གྱིས་སྔ་མའི་གནས་ཚུལ་རྒྱལ་པོར་སྨྲས་པས་དེ་ཁྲོས་ནས། དཔུང་ཚོགས་བཞི་བཅས་དྲང་སྲོང་གི་གནས་སུ་སོང་བ་ན་དྲང་སྲོང་མེ་ལྕེས་མཐོང་ནས། དེ་གདུལ་བའི་ཕྱིར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་སྡོད་པ་ན། རྒྱལ་པོ་ཐེ་ཚོམ་སྐྱེས་ཏེ་སྨྲས་པ། བྲམ་ཟེ་མེ་ལྕེ་བདག་གིས་ནི། །འདོད་པ་སྤྱོད་ཅེས་སྔར་ཐོས་ན། །ཚིག་དེ་བདེན་པ་ཡིན་ནམ་ཅི། །འོན་ཏེ་ཅི་ལགས་མི་སྤྱོད་དམ། །དེས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་བདེན་ཏེ། །ཁྱོད་ཀྱིས་གཞན་ལས་ཐོས་པ་བཞིན། །བདག་ནི་ལམ་ངན་ཞུགས་གྱུར་ཏེ། །ཆགས་པའི་གནས་སུ་མྱོས་པར་གྱུར། །དེ་ནས་རྒྱལ་པོས་མེའི་བུ་ལ་དྲིས་པ། འདོད་པ་སྤྱོད་བཞིན་རྫུ་འཕྲུལ་འདི་ལྟ་བུ་དང་ལྡན་ནམ། རྒྱལ་
པོ་དེ་མ་ལགས་ཏེ་འདོད་པའི་གནས་སྐབས་དེར་རྫུ་འཕྲུལ་ཉམས་སོ། །འོན་ཀྱང་སླར་ཚངས་པར་སྤྱོད་དེ་རྫུ་འཕྲུལ་བསྐྱེད་དེ། སྨྲས་པས་རྒྱལ་པོ་ཡང་ངོ་མཚར་སྐྱེས་ནས་བཟོད་པར་གསོལ་ལོ། །དྲང་སྲོང་མེའི་བུ་སངས་རྒྱས། མེ་ལྕེ་ནག་པ་གླང་ཆེན་གནས། རྒྱལ་པོའི་བུ་མོ་ནི་འདིའི་ཆུང་མའོ། །གསུངས་སོ། །༈ ཡལ་འདབ་གྱ་དགུ་པ་ནི་གོ་སླའོ། །༈ ཡལ་འདབ་དགུ་བཅུ་པ་ནི་གོ་སླ་ཞིང་། ཡངས་པ་ཅན་པ་རྣམས་ནོར་ཅན་གྱི་ལོངས་སྤྱོད་ལ་ཡ་མཚན་སྐྱེས། དེས་དེ་དག་ལ་རིན་པོ་ཆེ་དག་བྱིན་པ་དང་དེ་རྣམས་ཀྱིས་མ་བླངས་པ་ན། སངས་རྒྱས་ཀྱིས། རིན་པོ་ཆེ་དག་རྙེད་པར་དཀའ་བ་ཡིན་པས་ལོངས་ཤིག་གསུངས། དེ་རྣམས་ཀྱིས་བླངས་པ་ལས་གང་གིས་ཅི་འདྲ་བ་བླངས་པ། དེའི་ཁ་དོག་དེ་འདྲ་བ་ཁོ་ནར་སྣང་བར་གྱུར་ཏོ། །

ཡལ་འདབ་གོ་གཅིག་པ་ནས་བརྒྱ་ཐམ་པའི་བར།


GTN004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གོ་གཅིག་པ་ནི། ལས་༼ཨ༽བརྒྱའི་སྡོམ་བཅུ་པར་འབྱུང་སྟེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་བཞི་ལྡན་ན་རྒྱལ་པོ་ཤི་བི་ཞེས་པས་རྒྱལ་སྲིད་བྱེད་དོ། །དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང། ལོ་ལེགས་པ་དང་། སྐྱེ་བོ་མང་པོས་གང་བ། འཁྲུགས་རྩོད་དང་། ཆོམ་རྐུན་དང་།


GTN004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ནད་མུག་མེད་པ། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་ལ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་པས་ཚེར་མ་བྱ་བ་འགའ་ཡང་མེད་དོ། །རྒྱལ་པོ་དེ་ཡང་། བྱམས་སྙིང་རྗེ་དང་ལྡན་པ། གཏོང་བ་ལ་དགའ་བ་ཞིག་སྟེ། སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་བྱས་ནས། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། གོས་འདོད་པ་ལ་གོས། རྒྱན་དང་མལ་སྟན་དང་བཞོན་པ་འདོད་པ་ལ་དེ་དང་དེ། ཡོ་བྱད་གཞན་འདོད་པ་ལ་ཡོ་བྱད་གཞན་དག་སྦྱིན་པར་བྱེད། ནད་པ་ལ་སྨན་པ་དང་ནད་གཡོག་བསྐོས་ཏེ་གསོ་བ་དང་། བཟའ་བཅའ་མང་པོས་ཐ་ན་ནམ་མཁའ་དང་ས་གཞི་དང་ཆུ་ལ་གནས་པའི་སྲོག་ཆགས་ཕྲ་མོ་ཚུན་ལ་སྦྱིན་པ་འགྱེད་ཅིང་མདོར་ན་མགོན་མེད་པ་རྣམས་ཀྱི་རིམ་གྲོ་འབའ་ཞིག་ལྷུར་ལེན་ནོ། །དེས་ཡིད་དམ་བཅས་ནས་འཇིག་རྟེན་ཐམས་ཅད་དགེ་བཅུའི་ལམ་ལ་བཀོད་པས་ཤི་འཕོས་པའི་སེམས་ཅན་ཕལ་ཆེར་ལྷའི་རིས་སུ་སྐྱེས་པས་ལྷའི་གནས་རྣམས་གང་བར་གྱུར་ཏོ། །དེའི་ཚེ་ལྷའི་དབང་པོས་བསམ་པ། རྒྱལ་པོ་ཤི་བི་འདིས་ཚངས་པའམ་བརྒྱ་བྱིན་སུ་ཞིག་བསྒྲུབ་པ་ཡིན་སྙམ་ནས་བརྟག་པ་ན། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་མཐོང་སྟེ་སེམས་བརྟན་ནམ་མི་བརྟན་བརྟག་པའི་ཕྱིར། ལྷ་དབང་རང་ཉིད་སྲིན་པོའི་གཟུགས་སུ་སྤྲུལ་ནས་རྒྱལ་པོ་ཤི་བིའི་ཁང་བཟང་གི་ཆར་ཁེབས་ལ་འདུག་སྟེ། ཚིགས་སུ་བཅད་པའི་ཕྱེད་སྨྲས་པ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་སྨྲས་ནས་ཅང་མི་ཟེར་རོ། །རྒྱལ་པོ་ཤི་


GTN004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བིས་དེ་ཐོས་ནས་བསམ་པ། གཅིག་ཏུ་ན་ནི་མྱ་ངན་ལས་འདས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ཕྱེའོ། །གཅིག་ཏུ་ན་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་བསྟན་ཏོ་སྙམ་ནས་རིངས་པར་དེའི་དྲུང་དུ་སོང་སྟེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་བ་བཏུད་དེ། གྲོགས་པོ་ཚིགས་སུ་བཅད་པ་དེ་ཚང་བར་སྨྲོས་ཤིག་དང་། བདག་སློབ་མར་བཟུང་ངོ་། །དེས་སྨྲས་པ། བདག་ནི་བཀྲེས་སྐོམ་གྱིས་གཟིར་བས་ན་ཁྱོད་སློབ་མར་བཟུང་བས་ཅི་ཕན། བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ་སྨྲོས་ཤིག་དང་ཁ་ཟས་ཅི་འདོད་པ་དབུལ་ལོ། །དེ་ན་རེ། ང་ཡི་ཁ་ཟས་ནི་ཁྱོད་ཀྱིས་སྦྱིན་པར་དཀའ་སྟེ། མི་འཕྲལ་དུ་བསད་པའི་ཤ་དྲོན་མོ་དང་ཁྲག་དྲོན་མོའམ། བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟ་ན་བདག་གི་ཤ་ཁྲག་སྦྱིན་གྱི་ཚིགས་བཅད་སྨྲོས་ཤིག་གསུངས་ནས་འདི་སྙམ་སྟེ་བདག་གིས་གཞན་སུ་ལ་ཡང་གནོད་པ་མི་བྱེད་ཀྱི་རང་གི་ལུས་ཡོངས་སུ་གཏོང་བའི་དུས་ལ་བབ་བོ་སྙམ་མོ། །ལྷའི་དབང་པོ་སྲིན་པོའི་གཟུགས་སུ་སྤྲུལ་པ་དེས་སྨྲས་པ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །བྱང་ཆུབ་སེམས་དཔས་དེ་ཐོས་ནས་རབ་ཏུ་དགའ་ཞིང་མགུ་སྟེ་མཚོན་རྣོན་པོས་རང་གི་ཤ་རྣམས་བཅད་ཅིང་དེ་ལ་བྱིན་ནས་སྨོན་ལམ་བཏབ་པ། དགེ་བ་འདིས། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།


GTN004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་དང་། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །སྲིད་པ་དག་ཏུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོ་ཕལ་ཆེན་བརྒལ་ནས་བསྒྲལ་བར་བགྱི། །ཞེས་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གྲོགས་པོ་བདག་གི་ལུས་འདི་ཇི་ལྟར་དགའ་བ་གྱིས་ཤིག་གསུངས་ནས་ལུས་ཕྱེད་ཀྱི་ཤ་ཟ་རུ་གཞུག་གོ །དེར་བྱང་ཆུབ་སེམས་དཔའ་དེས་སེམས་བསྐྱེད་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་སོ། །ནམ་མཁའ་ལ་འཁོད་པའི་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་ཕབ་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་མཆོག་ཏུ་ངོ་མཚར་སྐྱེས་ནས་སྨྲས་པ། གྲོགས་པོ་ཁྱོད་ཀྱི་ཤ་ཡོངས་སུ་རྫོགས་པ་བདག་གིས་ཟོས་ན་སེམས་མི་དགའ་བ་ཅུང་ཟད་སྐྱེས་སམ། བྱང་ཆུབ་སེམས་དཔས་སྨྲས་པ། བདག་གི་ཤ་རྣམས་བཅད་ཅིང་བཟའ་བའི་ཚེ་བདག་ལ་སེམས་མི་དགའ་བ་ཅུང་ཟད་ཙམ་ཡང་མ་སྐྱེས་ཏེ། བདག་གིས་སྡུག་བསྔལ་མྱོང་བ་ན། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་སུ་སྐྱེས་པའི་སེམས་ཅན་འབའ་ཞིག་ལ་སྙིང་རྗེའི་དབང་དུ་གྱུར་ཏོ། །དེས་སྨྲས་པ། ཚིག་དེ་ལ་སུ་ཞིག་ཡིད་ཆེས། བྱང་ཆུབ་སེམས་དཔས་སྨྲས་པ། འདི་ལྟར་བདག་གི་ལུས་ཀྱི་ཤ་རྣམས་


GTN004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཅིང་། རྒྱུས་པ་དང་རྩ་བྲང་བྲེང་ཙམ་ལུས་པ་ན། སེམས་མི་དགའ་བ་ཅུང་ཟད་ཙམ་ཡང་མ་སྐྱེས་ཏེ། ངན་སོང་གསུམ་གྱི་འགྲོ་བ་འབའ་ཞིག་ལ་སྙིང་རྗེའི་དབང་དུ་གྱུར་ན། བདེན་པ་དང་བདེན་པའི་ཚིག་དེ་དག་གིས་བདག་གི་ལུས་སྔ་མ་ཁོ་ན་བཞིན་དུ་གྱུར་ཅིག །ཅེས་བརྗོད་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་སྔ་མ་བཞིན་དུ་གྱུར་ཏོ། །དེ་ནས་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། ཆ་ལུགས་མི་སྣང་བར་བྱས་ནས། རང་གི་གཟུགས་སུ་བསྟན་ཏེ་བྱང་ཆུབ་སེམས་དཔའི་རྐང་པ་ལ་ཕྱག་འཚལ་ནས་སྨྲས་པ། བདག་གིས་ཁྱོད་ལ་གནོད་པའི་བསམ་པས་མི་དགའ་བ་བྱས་པ་ནི་མ་ཡིན་གྱིས། ཁྱོད་ཉིད་ཀྱི་སྤྲོ་བ་བསྐྱེད་པའི་ཕྱིར་བདག་གིས་ཁྱོད་མི་དགའ་བར་བྱས་པར་ཟད་དོ། །ཁྱོད་ཀྱི་བརྩོན་འགྲུས་དང་སྤྲོ་བ་འདི་འདྲ་བ་ལས་ནི། གདོན་མི་ཟ་བར་རྫོགས་པའི་སངས་རྒྱས་སུ་འགྱུར་གྱུར་གྱིས། དེའི་ཚེ་བདག་དྲན་པར་མཛོད་ཅིག །དེ་ནས་ལྷའི་དབང་པོས་བྱང་ཆུབ་སེམས་དཔའ་ལ་བཟོད་པ་གསོལ་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཤི་བི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་དེ། དེའི་ཚེ་ཡང་ང་ལེགས་པར་སྨྲ་བས་སྨྲ་བ་དང་། ལེགས་པར་སྨྲ་བར་འདོད་པར་གྱུར་ན། ད་ལྟར་དེ་བཞིན་གཤེགས་པར་གྱུར་པ་ན་ལེགས་པར་སྨྲ་བས་སྨྲ་བ་དང་། ལེགས་པར་སྨྲ་བར་འདོད་པར་ཅི་སྟེ་མི་མཛད། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ང་ནི་ཆོས་དང་པོ་བྱེད་པ་ཡིན་པའི་ཕྱིར་རོ། །


GTN004_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གོ་གཉིས་པ་ནི། སྔོན་ཝཱ་རཱ་ཎ་སཱིར་དེད་དཔོན་མཛའ་བོ་ཞེས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བྱུང་ཡང་ཤི་ནས། བུ་འདོད་པས་ལྷ་ལ་གསོལ་ཡང་། བུ་མ་གསོས་པས། གཞན་ཞིག་གིས། ད་སྟེ་ཁྱོད་ལ་བུ་བཙས་ན་བུ་མོའི་མིང་དུ་ཐོགས་ཤིག་དང་རིང་དུ་འཚོ་བར་འགྱུར་རོ་ཞེས་བསྒོའོ། །རེ་ཞིག་དེའི་ཆུང་མར་བུ་གཟུགས་བཟང་བ་ཞིག་བཙས་ཏེ། བཙས་སྟོན་བྱས་ནས་མིང་མཛའ་བོའི་བུ་མོ་ཞེས་བཏགས། དེའི་ཕ་རྒྱ་མཚོ་ཆེན་པོར་ཞུགས་ནས་དེ་ཉིད་དུ་ཤིའོ། །དེ་ནས་མཛའ་བོའི་བུ་མོས། མ་ལ། བདག་གི་ཕ་སྔོན་ལས་གང་གིས་འཚོ། བདག་ཀྱང་དེ་བཞིན་དུ་བསྒྲུབ་བོ་ཟེར། མས་བསམ་པ། རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་ཡིན་ཞེས་སྨྲས་ན་འདིའང་དེ་ཉིད་དུ་ཤི་བར་འགྱུར་རོ་སྙམ་སྟེ། ཁྱོད་ཀྱི་ཕ་འབྲུ་འཚོང་བ་སྟེ། ཁྱོད་ཀྱང་དགའ་ན་འབྲུ་འཚོང་བར་གྱིས་ཤིག །དེས་འབྲུའི་ཚོང་ཁང་བརྩིགས་ཏེ་ཐོག་མའི་ཉིན་ཀརྴ་པ་ཎ་བཞི་རྙེད་པ་མ་ལ་བྱིན་ནོ། །རེ་ཞིག་གཞན་ཞིག་གིས། ཁྱོད་ཀྱི་ཕ་ནི་དྲི་འཚོང་བའོ་ཞེས་སྨྲས་པས། དེས་འབྲུ་འཚོང་བ་བཏང་ནས་། དྲི་འཚོང་སྟེ་ཉི་མ་དང་པོ་ལ་ཀརྴ་པ་ན་བརྒྱད་རྙེད་པ་དེ་དག་མ་ལ་བྱིན་ཏོ། །ཡང་གཞན་ཞིག་གིས། ཁྱོད་ཀྱི་ཕ་ནི་གསེར་འཚོང་བའོ་ཞེས་སྨྲས་པས།


GTN004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དྲི་འཚོང་བ་བཏང་ནས། གསེར་འཚོང་བའི་ཉིན་དང་པོ་ལ་ཀརྴ་པ་ན་བཅུ་དྲུག་རྙེད་པ་དེ་དག་མ་ལ་བྱིན་ཏོ། །ཕྱིར་ཉིན་ཀརྴ་པ་ན་སུམ་ཅུ་རྩ་གཉིས་རྙེད་དེ། དེ་དག་ཀྱང་མ་ལ་བྱིན་ཏོ། །དེ་ནས་གསེར་འཚོང་ཕྲག་དོག་ཅན་དག་གིས། གྲོང་ཁྱེར་ཐམས་ཅད་ཀྱི་གསེར་འདིས་བསྡུས་སོ་སྙམ་ནས། མཛའ་བོའི་བུ་མོ་ལ། ཁྱོད་ཀྱི་ཕ་སྔོན་རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་ཡིན་ན། ཁྱོད་སུས་འདི་འདྲ་བ་ངན་པས་འཚོ་བ་ལ་འཇུག་ཏུ་བཅུག་ཅེས་སྨྲས་པ་དང་། དེ་མ་ལ། བདག་གི་ཕ་རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་ཡིན་ཞེས་ཐོས་ཀྱི། བདག་ཀྱང་རྒྱ་མཚོ་ཆེན་པོར་འཇུག་གོ་སྨྲས་སོ། །མ་ན་རེ། བུ་དེ་ནི་བདེན་མོད། ཁྱོད་ནི་གཞོན་ལ་བུ་གཅིག་པུ་ཡིན་པས་ཁོ་མོ་བོར་ནས་རྒྱ་མཚོ་ཆེན་པོར་མ་འགྲོ་ཞིག །དེས་མའི་ཚིག་མ་ཉན་པར། རྒྱ་མཚོ་ཆེན་པོར་འགྲོ་འདོད་པ་རྣམས་དོང་ངོ་ཞེས་བསྒྲགས་ནས་ཚོང་པ་ལྔ་བརྒྱས་བསྐོར་ཏེ་ཆས་པ་དང་། མས་མཆི་མས་བརྣངས་བཞིན་དུ་དེའི་རྐང་པ་གཉིས་ལས་བཟུང་སྟེ། ཁོ་མོ་བོར་ནས་མ་འགྲོ་ཞིག་ཅེས་སྨྲས་པས་དེས་ཁྲོས་ནས་མའི་མགོ་རྐང་པས་ཕུལ་ཏེ་སོང་ངོ་། །མ་ན་རེ། བུ་ཁྱོད་ལ་ལས་འདི་རྣམ་པར་སྨིན་པ་མ་གྱུར་ཅིག །ཅེས་བྱས་སོ། །རིམ་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་ནས་གྲུ་བོ་ཆེ་ཉོས་ཏེ་ཚོང་པ་ལྔ་བརྒྱ་རྒྱ་མཚོའི་ནང་དུ་ཞུགས་པ་དང་། ཆུ་སྲིན་ཉའི་རིགས་ཀྱིས་གྲུ་དེ་མ་རུང་བར་བྱས་པས་མཛའ་བོའི་བུ་མོ་གྲུ་ཚལ་ཞིག་ལ་འཇུས་ནས་མཐར་ཕྱིན་ཏེ་སྐམ་ལ་སོང་བ་དང་། དགའ་བ་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེར་སོང་བ་ན་ལྷའི་བུ་མོ་གཟུགས་


GTN004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཤིང་བལྟ་ན་སྡུག་པ་བཞི་བྱུང་སྟེ་བདེ་བར་འོངས་སམ། བདག་ཅག་གི་བཟའ་བཏུང་དང་གོས་དང་རིན་པོ་ཆེའི་ཁང་པ་འདི་དག་བཞེས་ལ་བདག་ཅག་དང་ལྷན་ཅིག་བཞུགས་ཤིག །དེས་དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བདེ་བ་མྱོང་ངོ། །དེ་དག་གིས་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཞིག་ཅེས་བསྒོའང་མ་ཉན་པར་སོང་ངོ་། །དེ་རྟག་ཏུ་ར་རོ་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེའི་སྒོར་ཕྱིན་པ་དང་། སྔར་གྱི་དེ་བས་གཟུགས་མཛེས་པའི་ལྷ་མོ་བརྒྱད་བྱུང་སྟེ། ཚུར་སྤྱོན། བདེ་བར་བྱོན་ཏམ། བདག་ཅག་གི་བཟའ་བཏུང་དང་གོས་དང་རིན་པོ་ཆེའི་ཁང་པ་འདི་དག་བཞེས་ལ་ལྷན་ཅིག་བཞུགས་ཤིག །དེས་དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བདེ་བ་མྱོང་ངོ་། །དེ་དག་གིས་ཀྱང་ལྷོ་ཕྱོགས་སུ་མ་འགྲོ་ཞིག་ཅེས་བསྒོའང་འགྲོ་འདོད་ནས། དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེའི་སྒོར་སོང་བས་སྔར་བས་ཀྱང་གཟུགས་མཛེས་པའི་ལྷ་མོ་བཅུ་དྲུག་བྱུང་སྟེ། ཚུར་སྤྱོན། བདེ་བར་བྱོན་ཏམ། བདག་ཅག་གི་བཟའ་བཏུང་སོགས་སྔར་བཞིན་བརྗོད་ནས་ལྷོ་ཕྱོགས་སུ་མ་འགྲོ་ཞིག་ཅེས་བསྒོའང་འགྲོ་འདོད་ནས་སོང་བ་དང་། བླ་མའི་ཚངས་པ་ཞེས་བྱ་བའི་ཁང་བཟང་མཐོང་ནས་དེའི་སྒོར་ཕྱིན་པ་དང་། དེ་བས་ཀྱང་གཟུགས་མཛེས་པའི་ལྷ་མོ་སུམ་ཅུ་རྩ་གཉིས་བྱུང་སྟེ། ཚུར་སྤྱོན། བདེ་བར་བྱོན་ཏམ། བདག་ཅག་གི་བཟའ་བཏུང་དང་གོས་དང་རིན་པོ་ཆེའི་ཁང་པ་འདི་དག་བཞེས་ལ་ལྷན་ཅིག་བཞུགས་ཤིག །དེས་དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བདེ་བ་མྱོང་ངོ་། །དེ་དག་གིས་ཀྱང་ལྷོ་ཕྱོགས་སུ་


GTN004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགྲོ་ཞིག་ཅེས་བསྒོའང་འགྲོ་འདོད་ནས་སོང་བ་དང་། ལྕགས་ཀྱི་ཁང་པ་ཞིག་མཐོང་ནས་དེ་ན་ཞུགས་མ་ཐག་སྒོ་བཅད་དོ། །དེ་བཞིན་དུ་སྒོ་སུམ་རིམ་གྱིས་ནང་དུ་ཞུགས་པ་དང་ཐམས་ཅད་སྒོ་བཅད་དོ། །དེ་ན་སྐྱེས་བུ་ལུས་རབ་ཏུ་ཆེ་བ་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པ་ཞིག་འཁོར་ཞིང་འདུག་སྟེ། མགོ་ལས་རྣག་ཁྲག་བྱུང་བ་ཟས་སུ་ཟ་བ་མཐོང་ནས། ཁྱོད་ཅིའི་ཕྱིར་འདི་འདྲ་གྱུར་ཅེས་དྲིས་པས། ངས་མ་ལ་གནོད་པར་བྱས་པའི་ཕྱིར་རོ་ཟེར། མཛའ་བོའི་བུ་མོའི་ལས་ཀྱང་མངོན་སུམ་དུ་སྨིན་ཏེ། བདག་གིས་ཀྱང་མ་ལ་གནོད་པ་བྱས་པའི་ལས་ཀྱིས་ཁྲིད་ནས་འདིར་འོངས་སོ་སྙམ་པ་དང་། དེ་མ་ཐག་ནམ་མཁའ་ལས། གང་བཅིངས་པ་དེ་ནི་ཐར། གང་མ་བཅིངས་པ་དེ་ནི་བཅིངས་སོ་ཞེས་པའི་སྒྲ་བྱུང་མ་ཐག་ཏུ་མཛའ་བོའི་བུ་མོའི་སྤྱི་བོར་འཁོར་ལོ་དེ་བྱུང་ངོ་། །དེ་ནས་སྐྱེས་བུ་དེས་མཛའ་བོའི་བུ་མོ་སྡུག་བསྔལ་བར་མཐོང་ནས། རྟག་ཏུ་དགའ་དང་དྲེགས་བྱེད་ཅིང་། །སྐྱིད་པ་བྱེད་པ་བོར་བྱས་ཏེ། །ཚངས་པ་བླ་མའི་ཁང་པ་ནས། །ཅི་ཡི་ཕྱིར་ནི་ཁྱོད་འདིར་འོངས། །སྨྲས་པ། རྟག་ཏུ་དགའ་དང་དྲེགས་བྱེད་ཅིང་། །སྐྱིད་པ་བྱེད་པ་བོར་བྱས་ཏེ། །ཚངས་པ་བླ་མའི་ཁང་པ་ནས། །འདིར་ནི་འོང་བར་འདོད་གྱུར་པ། །ཡུན་རིང་པོ་ཡི་ལས་ཀྱིས་གཉེར། །ལས་ཀྱིས་རིང་ནས་གཉེར་ནས་ཀྱང་། །གང་དུ་ལས་ཀྱིས་གཉེར་བ་དེར། །ལས་ཀྱང་རྣམ་པར་སྨིན་པར་འགྱུར། །ལས་གང་རྣམ་པར་སྨིན་གྱུར་པ། །འཁོར་ལོ་འབར་བ་རབ་འབར་བ། །བདག་གི་སྲོག་ལ་གནོད་གྱུར་ཏེ། །ཀླད་ལ་འཁོར་ལོ་


GTN004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བར་གྱུར། །མི་དེས་སྨྲས་པ། ཁྱོད་ཀྱིས་ངན་པའི་སེམས་བསྐྱེད་དེ། །དཀའ་བ་བྱེད་པའི་མ་ཡི་མགོར། །ཁྱོད་ཀྱིས་རྡོག་པས་བརྒྱབ་པས་ན། །དེ་ཡི་ལས་ཀྱི་འབྲས་བུ་ཡིན། །སྨྲས་པ། འཁོར་ལོ་འབར་བ་རབ་འབར་བ། །བདག་གི་སྲོག་ལ་གནོད་བྱེད་པ། །ལོ་གྲངས་སྟོང་ཕྲག་ཇི་སྲིད་དུ། །ང་ཡི་ཀླད་ན་འཁོར་བར་འགྱུར། །མི་དེས་སྨྲས་པ། ལོ་གྲངས་སྟོང་ཕྲག་དྲུག་ཅུ་དང་། །ལོ་གྲངས་བརྒྱ་ཡི་བར་དུ་ནི། །འབར་བའི་ལྕགས་ཀྱི་འཁོར་ལོས་ཀྱང་། །ཁྱོད་ཀྱི་མགོ་ལ་འཇོག་པར་བྱེད། །དེས་དེ་ལ། གཞན་ཡང་འདིར་འོངས་པ་ཡོད་དམ། མི་དེས་སྨྲས་པ། གང་གིས་འདི་འདྲའི་ལས་བྱས་པ་རྣམས་འོང་བར་འགྱུར་རོ། །དེ་ནས་མཛའ་བོའི་བུ་མོ་སྡུག་བསྔལ་གྱིས་གཟིར་བ་དང་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས། ངས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་འཁོར་ལོ་འདི་བཟོད་པར་བྱ་ཡིས། གཞན་གང་གིས་འདི་འདྲའི་ལས་བྱས་པ་དེ་དག་འདིར་མ་འོངས་ཤིག་ཅེས་སྨྲས་མ་ཐག་ཏུ་དེའི་མགོ་ལས་འཁོར་ལོ་དེ་ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་འདུག་པ་དང་། དེའང་ཤི་འཕོས་ནས་དགའ་ལྡན་དུ་སྐྱེས་སོ། །དེའི་དུས་ཀྱི་མཛའ་བོའི་བུ་མོ་དེ་ནི་ང་ཡིན་ཏེ། མ་ལ་ཀརྴ་པ་ན་བྱིན་པས་གྲོང་ཁྱེར་ཆེན་པོ་བཞིར་བདེ་བ་མྱོང་ངོ་། །མ་ལ་གནོད་པ་ཅུང་ཟད་བྱས་པས་དེ་ལྟ་བུའི་སྡུག་བསྔལ་མྱོང་ངོ་། །དེ་བས་ན་ཕ་མ་ལ་ཕན་པར་བྱ་ཡི། གནོད་པར་མ་བྱེད་ཅིག །དེ་བས་ན་ཚུལ་ཁྲིམས་རབ་ཏུ་ཉམས་པར་གྱུར་ཀྱང་རྣམ་པ་ལྔ་ལ་བསྙེན་བཀུར་བྱ་སྟེ། ཕ་དང་། མ་དང་། མཁན་པོ་དང་། །སློབ་དཔོན་དང་། །ནད་པའོ། །


GTN004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གོ་གསུམ་པ་ནི། ཁྱིམ་བདག་མགོན་མེད་ཟས་བྱིན་ལ། བུ་མོ་མ་ག་དྷཱ་བཟང་མོ་ཞེས་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་དགེ་བའི་རྩ་བ་ཆེར་བསགས་པ་ཞིག་ཡོད་དོ། །གྲོང་ཁྱེར་བུ་རམ་ཤིང་འཕེལ་ན་ཚོང་དཔོན་གྱི་བུ་ཁྱུ་མཆོག་སྦྱིན་ཞེས་བྱ་བ་ཡོད་པས་གཅེར་བུ་པ་རྣམས་ལས་མ་ག་དྷཱ་བཟང་མོའི་ཆེ་བ་ཐོས་ཏེ་རང་ཉིད་གཅེར་བུ་པའི་ཆ་བྱད་དུ་བརྫུས་ནས། མཉན་ཡོད་དུ་སོང་ནས། མ་ག་དྷཱ་བཟང་མོ་བལྟ་བའི་ཕྱིར་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་སློང་བར་སོང་བ་ན། མ་ག་དྷཱ་བཟང་མོས་ཀྱང་ཁ་ཟས་སྦྱིན་པར་ཕྱིན་པས། ཁྱུ་མཆོག་སྦྱིན་དེ་ལ་དགའ་བས། སྙུག་ཐགས་ཀྱི་ཞྭའི་ནང་དུ་ཁ་ཟས་བླངས་སོ། །དེར་མ་ག་དྷཱ་བཟང་མོས་ཤེས་བཞིན་མེད་པར་སློང་མོ་ལེན་པ་འདི་སུ་ཞིག་སྙམ་ནས། ཚིག་རྩུབ་པོས་སྤྱོས་པ་ན། དེ་ཡང་གདོང་སྨད་ནས་སོང་སྟེ་གྲོང་ཁྱེར་བུ་རམ་ཤིང་འཕེལ་དུ་སླེབ་མ་ཐག །ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་མ་ག་དྷཱ་བཟང་མོ་སློང་བར་བཏང་། ཟས་སྦྱིན་གྱིས་འདི་འོས་པ་མིན་ཀྱང་མི་གསོལ་བའི་ཐབས་མེད་སྙམ་ནས་བཅོམ་ལྡན་འདས་ལ་ཞུས་པས། གལ་ཏེ་མ་ག་དྷཱ་བཟང་མོ་གྲོང་ཁྱེར་བུ་རམ་ཤིང་འཕེལ་དུ་སོང་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་རྒྱུར་འགྱུར་བ་ཤེས་སོ། །ཞེས་གསུངས་པ་ཐོས་ནས་ཉེ་དུ་རྣམས་མ་གོ་བར་བྱས་


GTN004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བུ་རམ་ཤིང་འཕེལ་དུ་བག་མར་བཏང་ངོ་། །དེར་མ་ག་དྷཱ་བཟང་མོ་ཁྱིམ་གྱི་བྱ་བ་ལ་ཞུགས་ནས་མི་རིང་བ་ན། སྒྱུག་མོ་ན་རེ། དེང་མཆོད་གནས་བཤོས་གསོལ་བས་བལྟ་བར་ཤོག་ཅིག་ཟེར་བས། དེར་ཉན་ཐོས་ཆེན་པོ་དག་བྱོན་ནོ་སྙམ་ནས་སོང་བ་ན། མུ་སྟེགས་གཅེར་བུ་པ་ནགས་ཀྱི་མ་ཧེ་འདྲ་བ་མགོ་བོའི་སྐྲ་བཏོགས་པ་དག་མཐོང་ནས། ངོ་ཚ་ཞིང་གདོང་པ་ཕྱིར་ཕྱོགས་ནས་འདི་ལྟ་བུ་ཡང་མཆོད་གནས་ཡིན་ན་མཆོད་གནས་མིན་པ་ཇི་ལྟ་བུ་ཞིག་སྨྲས་པས། སྒྱུག་མོ་ན་རེ། ཁྱེད་ཀྱི་ཡུལ་ན་ཆེས་ཁྱད་པར་དུ་འཕགས་པ་འགའ་ཞིག་ཡོད་དམ། དེས་སྨྲས་པ་ཡོད་དེ། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་སོགས་རྒྱས་པར་བཤད་དོ། །དེ་དག་ན་རེ། འོ་ན་ནང་པར་ཁོ་ན་སངས་རྒྱས་བཅོམ་ལྡན་འདས་དེ་ངེད་རྣམས་ཀྱིས་མཐོང་བའི་ཐབས་ཡོད་དམ། བཟང་མོས་སྨྲས་པ། བཤོས་གཙང་སྦྱོར་ཞིག་དང་སང་སྤྱན་དྲང་ངོ་བྱས་ནས་ཁང་ཐོག་ཏུ་མཆོད་པ་རྣམས་བཤམས། གསོལ་བ་བཏབ་པས། མཆོད་རྫས་རྣམས་ནམ་མཁའ་ལ་སོང་བ་དང་། སྟོན་པའི་སྤྱན་སྔར་བྱུང་བ་ན་ཀུན་དགའ་བོས་དྲི་བ་ཞུས་ཤིང་། འདི་ནས་དཔག་ཚད་བརྒྱ་དྲུག་ཅུ་ན་གྲོང་ཁྱེར་བུ་རམ་ཤིང་འཕེལ་ནས་འོངས་སོ་ཞེས་སོགས་དང་། དེར་སང་ཉིན་རྫུ་འཕྲུལ་གྱིས་བགྲོད་དགོས་པར་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་གང་པོ་ཀུནྡ་ཨུཏྤ་ཏས་རྫུ་འཕྲུལ་གསར་དུ་བསྒྲུབས་པ་སོགས། སྔར་སློབ་མ་ལྟ་བུར་གཤེགས་པའི་སྐབས་ཀྱིས་འགྲེ་ལ། དེ་ནས་དེའི་ནང་པར། དགེ་སློང་རྣམས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་ཡང་དག་པར་ཆས་ཏེ། ཀུན་ཤེས་ཀཽ་ཌི་ནྱ་ནི། རྟ་མཆོག་


GTN004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དྲངས་པའི་ཤིང་རྟ་ལ་ཞུགས་ཏེ་གློག་འགྱུ་ཞིང་ཆར་འབེབས་པ་དང་བཅས་ཏེ་བྱོན་པ་ན། མ་ག་དྷཱ་བཟང་མོའི་གྱོས་སྒྱུག་དང་། རྒྱལ་པོ་ལ་སོགས་པར་ཡུལ་དེའི་སྐྱེ་བོ་རྣམས་ཀྱིས་མཐོང་ནས། མ་ག་དྷཱ་བཟང་མོ་ལ། ཁྱེད་ཀྱི་སྟོན་པ་འདི་ཡིན་ནམ་དྲིས་པས། མ་ཡིན་ཏེ་འདི་ནི་ཀུན་ཤེས་ཀཽ་ཌི་ནྱའོ། །དེ་བཞིན་དུ་དྲི་བ་དང་བརྡའ་སྤྲད་པ་གཞན་ལའང་སོ་སོར་སྦྱར་ཏེ། འོད་སྲུང་ཆེན་པོ་ནི་བྲག་རི་ཤིང་དང་བྱ་དང་མེ་ཏོག་དང་འབབ་ཆུ་སྣ་ཚོགས་ཀྱིས་བརྒྱན་པ་ལ་བཞུགས་ཏེ་ནམ་མཁའ་ལས་བྱོན་ཏོ། །ཤཱ་རིའི་བུ་ནི་སེངྒེས་དྲངས་པའི་ཤིང་རྟ་ལ་བཅིབས་ཏེ་བྱོན་ཏོ། །མོའུ་འགལ་བུ་ནི་གླང་པོ་ཆེ་ས་སྲུང་ལ་ཆིབས་པར་སྤྲུལ་ཏོ། །མ་འགགས་པ་ནི་གསེར་གྱི་པདྨ་ཤིང་རྟའི་འཕང་ལོ་ཙམ་པ། དངུལ་གྱི་གེ་སར་དང་། བཻ་ཌཱུརྱའི་སྡོང་པོ་ཅན་གྱི་ལྟེ་བ་ལ་བཞུགས་ཏེའོ། །བྱམས་མའི་བུ་གང་པོ་ནི་བྱ་ཁྱུང་གིས་དྲངས་པའི་ཤིང་རྟ་ལའོ། །རྟ་ཐུལ་ནི་ལྷུང་བཟེད་ཐོགས་ཏེ་སྤྱོད་ལམ་ཞི་བས་ཐམས་ཅད་དད་པ་བསྐྱེད་ཅིང་བྱོན་ཏོ། །ཉེ་བར་འཁོར་ནི་གསེར་གྱི་ཏ་ལའི་ནགས་ཀྱི་གསེབ་ལས་སོ། །ཀ་ཏའི་བུ་ནི་བཻཌཱུརྱའི་ཁང་བརྩེགས་ཀྱི་ནང་དུ་ཞུགས་ཏེའོ། །གསུས་པོ་ཆེ་ནི་ཁྱུ་མཆོག་གི་ཤིང་རྟས་སོ། །སྲུང་དབང་གི་བུ་ནི་ངང་པའི་ཤིང་རྟས་སོ། །རྣ་བ་བྱེ་བ་ཉི་ཤུ་པ་ནི་རི་དྭགས་ཀྱི་ཚོགས་ཀྱིས་ཁྱབ་པའི་ནགས་ཚལ་དང་བཅས་ནས་སོ། །སྒྲ་གཅན་ཟིན་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོ་འཁོར་དང་བཅས་པའི་ཆ་བྱད་ཀྱིས་སོ། །དེ་དག་ལ་སོགས་པ་ལྔ་བརྒྱའི་བར་དུ་སྣ་ཚོགས་པའི་ཆོ་འཕྲུལ་གྱིས་བྱོན་ཏོ། །


GTN004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་གསེར་མདོག་ལྟ་བུ་སྤྲོས་ཏེ་ཛམྦུའི་གླིང་ཐམས་ཅད་ཁྱབ་པར་མཛད་ཅིང་། མཉན་ཡོད་ནས་བུ་རམ་ཤིང་འཕེལ་གྱི་བར་དུ། ཐག་རིང་བ་དང་། རི་ལ་སོགས་པ་གང་གིས་ཀྱང་སྒྲིབ་པ་མེད་པར་ཕན་ཚུན་གྱི་མི་ཐམས་ཅད་ཀྱིས་དངོས་པོ་ཕྲ་མོ་ཐམས་ཅད་ཀྱང་མཐོང་བར་བྱིན་གྱིས་བརླབས་སོ། །བཅོམ་ལྡན་འདས་ནམ་མཁའ་ལ་གཤེགས་པ་ན་ཕྱག་ན་རྡོ་རྗེ་སྐུ་ཡི་ཕྱི་བཞིན་དུ་འོང་ལ། སྟེང་ནས་གནས་གཙང་མའི་ལྷ་རྣམས་དང་། འོག་ནས་འདོད་ཁམས་ཀྱི་ལྷ་རྣམས་དང་། གཡས་ནས་ཚངས་པ་དང་། གཡོན་ནས་བརྒྱ་བྱིན་དང་། མཐའ་བསྐོར་དུ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། ཤིན་ཏུ་དགའ་བ་དང་། མིག་སྦྱིན་ལ་སོགས་པ་དྲི་ཟ་རྣམས་ཀྱིས་རོལ་མོ་སྣ་ཚོགས་པ་ཕུལ། གཞན་ཡང་ལྷ་དང་ཀླུ་ལ་སོགས་པ་སྡེ་བརྒྱད་རྣམས་ཀྱིས་མཆོད་པ་དཔག་ཏུ་མེད་པ་དང་བཅས་ཏེ་བྱོན་པ་ན། མཉན་ཡོད་ནས་བུ་རམ་ཤིང་འཕེལ་གྱི་བར་དེར། མི་དང་མི་མ་ཡིན་པའི་སྲོག་ཆགས་སྟོང་ཕྲག་བདུན་ཅུ་རྩ་བདུན་བདེན་པ་ལ་བཀོད་ནས། གྲོང་ཁྱེར་བུ་རམ་ཤིང་འཕེལ་ལ་སྒོ་བཅོ་བརྒྱད་ཡོད་པའི་སྒོ་རེ་རེ་ནས་བཅོམ་ལྡན་འདས་རེ་རེ་བྱོན་པའི་ཆོ་འཕྲུལ་བསྟན་ཏེ་མ་ག་དྷཱ་བཟང་མོའི་ཁྱིམ་དུ་བྱོན་ནས་གདུགས་ཚོད་གསོལ་ཏོ། །དེར་སྐྱེ་བོའི་ཚོགས་ཀྱིས་བཅོམ་ལྡན་འདས་མ་མཐོང་ནས་ཁྱིམ་གཞིག་པར་བརྩམས་པ་ན། ཁྱིམ་དེ་དང་གྲོང་ཁྱེར་དེ་ཤེལ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་ནས་ཐམས་ཅད་ཀྱིས་མཐོང་བར་མཛད་པས་མ་བཤིག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་དེར་ཉིན་ཞག་མང་པོར་


GTN004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཏེ། མ་ག་དྷཱ་བཟང་མོ་ལ་སོགས་པ་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་ལ་ཆོས་བསྟན་པས་ལུས་ཅན་བགྲང་བར་དཀའ་བ་ཞིག་འབྲས་བུ་བཞི་ཐོབ་པ་དང་བྱང་ཆུབ་གསུམ་ལ་གཞོལ་པར་གྱུར་ཏོ། །དེའི་སྔོན་འབྱུང་ནི། སངས་རྒྱས་འོད་སྲུང་གི་དུས། རྒྱལ་པོ་ཀྲྀ་ཀྲིའི་བུ་མོ་གསེར་གྱི་ཕྲེང་བ་དང་ལྡན་པ་ཞིག་བཙས་ཏེ་མིང་ཡང་དེར་བཏགས། དེ་ཆེར་སྐྱེས་པ་ན་གྲོགས་མོ་ལྔ་བརྒྱ་དང་བཅས་པས་ཇི་སྲིད་འཚོའི་བར་དུ་སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་བྱས། སྐབས་དེར་རྒྱལ་པོ་ལ་རྨི་ལྟས་བཅུ་བྱུང་བ་བྲམ་ཟེ་མཚན་མཁན་ལ་དྲིས་པས་དེ་རྣམས་ཀྱིས་བུ་མོ་གསེར་ཕྲེང་ལ་སྡང་བའི་སེམས་ཀྱིས་སྨྲས་པ། ལྷ་ཁྱོད་ཀྱི་སྙིང་དང་འདྲ་བའི་མི་གང་ལགས་པ་དེའི་སྙིང་བཏོན་ནས་སྦྱིན་སྲེག་ལ་ཕུལ་ཞིག་ཟེར། རྒྱལ་པོ་ཡི་མུག་པ་ན། གསེར་ཕྲེང་གིས་གོ་སྟེ། ལྷ་ཉི་མ་ཤར་བར་སྒྲོན་མེའི་དགོས་པ་ཅི་མཆིས་རྫོགས་པའི་སངས་རྒྱས་ལ་ཞུས་ཤིག་སྨྲས་པས། རྒྱལ་པོས་སྟོན་པ་ལ་དྲི་བ་ཞུས་པ་ན། རྒྱལ་པོ་ཆེན་པོ་མ་འཇིགས་ཤིག །ཁྱོད་ཀྱི་ཡུལ་འཁོར་མི་ཉམས་ལ་སྲོག་གི་བར་ཆད་དུ་ཡང་མི་འགྱུར་གྱིས། རྒྱལ་པོ་ཆེན་པོ་གཞན་དུ་ན་མ་འོངས་པའི་ཚེ་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བའི་སངས་རྒྱས་ཤིག་འབྱུང་སྟེ། དེའི་ཕྱི་མའི་དུས་ན་ཉན་ཐོས་རྣམས་ལུས་མ་བསྡམས་པ། སེམས་མ་བསྡམས་པ། ཚུལ་ཁྲིམས་མ་བསྡམས་པ། ཤེས་རབ་མ་བསྡམས་པ་འབྱུང་བར་འགྱུར་ཏེ། དེ་རྣམས་གཉེན་གྱི་ཚོགས་སྤངས་ནས་རབ་ཏུ་འབྱུང་ཡང་གཙུག་ལག་ཁང་ལ་ཁྱིམ་གྱི་


GTN004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་འཇོག་པས་ཆགས་པར་འགྱུར་ཏེ། གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ལ་མཇུག་མ་ཐོགས་པ་རྨིས་པ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྐོམ་པའི་ཕྱི་ནས་ཁྲོན་པ་སྙེགས་པར་རྨིས་པ་དེ་ནི། དེ་རྣམས་གཙུག་ལག་ཁང་གི་ནང་ན་ལྷན་ཅིག་གནས་པ་རྣམས་ལ་ཆོས་སྟོན་ཀྱང་དེ་རྣམས་ཉན་པར་མི་འདོད་ཅིང་ཡིད་ལ་མི་འཇོག་པའི་སྔ་ལྟས་སོ། །ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེས་པར་རྨིས་པ་ནི། དེ་ཡི་ཉན་ཐོས་རྣམས་ཀྱིས། གང་བཟའ་བ་ཙམ་གྱི་དོན་དུ་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་རྣམས་ཡང་དག་པར་སྟོན་པར་འགྱུར་བ་དེའི་སྔ་ལྟས་སོ། །ཙནྡན་དང་ཤིང་མཉམ་པར་འཚོང་བ་རྨིས་པ་དེ་ནི། ཉན་ཐོས་རྣམས་ཀྱིས་མུ་སྟེགས་ཀྱི་ཚིག་གང་ཡིན་པ་བཟུང་ནས་སངས་རྒྱས་ཀྱི་བཀའ་དང་སྙོམས་པར་འགྱུར་བ་དེའི་སྔ་ལྟས་སོ། །ཀུན་དགའ་ར་བ་འབྲས་བུ་ཕུན་སུམ་ཚོགས་པ་མ་བྱིན་པར་ལེན་པ་རྣམས་ཀྱིས་འཕྲོག་པར་རྨིས་པ་དེ་ནི། དེ་ཡི་ཉན་ཐོས་དབང་ཤེས་མ་བསྡམས་པ་དག་གིས། དགེ་འདུན་རྣམས་ཀྱི་མེ་ཏོག་གི་མཆོག་དང་། འབྲས་བུའི་མཆོག་རྣམས་འཚོ་བའི་ཕྱིར་དགེ་འདུན་ལས་བླངས་ནས་ཁྱིམ་པ་རྣམས་ལ་སྟེར་བར་འགྱུར་བ་དེའི་སྔ་ལྟས་སོ། །གླང་པོ་ཕྲུ་གུས་སྤོས་ཀྱི་གླང་པོ་སྐྲག་པར་བྱེད་པ་རྨིས་པ་དེ་ནི་དེ་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་བ་དག་གིས་དགེ་སློང་ཚུལ་ཁྲིམས་ཅན་དག་ཟིལ་གྱིས་གནོན་པར་འགྱུར་ཏེ་དེའི་སྔ་ལྟས་སོ། །སྤྲེའུ་མི་གཙང་བས་གོས་གཞན་ལ་སྐུས་པར་རྨིས་པ་དེ་ནི། དེ་ཡི་ཉན་ཐོས་སྡིག་པའི་ཆོས་ཅན་དག་གིས་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་


GTN004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་པ་འདེབས་པར་འགྱུར་ཏེ་དེའི་སྔ་ལྟས་སོ། །སྤྲེའུ་རྒྱལ་པོར་དབང་བསྐུར་བ་རྨིས་པ་དེ་ནི། དེའི་ཚེ་རྨོངས་པ་རྣམས་རྒྱལ་པོར་འགྱུར་ཏེ་དེའི་སྔ་ལྟས་སོ། །རས་གཅིག་མི་བཅོ་བརྒྱད་ཀྱིས་སོ་སོར་དྲས་ཀྱང་སོ་སོར་མ་རལ་བ་རྨིས་པ་ནི། དེ་ཡི་བསྟན་པ་སྡེ་བཅོ་བརྒྱད་དུ་གྱེས་ཀྱང་རྣམ་པར་གྲོལ་བའི་རས་ནི་རལ་བར་མི་འགྱུར་ཏེ། དེའི་སྔ་ལྟས་སོ། །སྐྱེ་བོའི་ཚོགས་ཆེན་པོ་གཅིག་ཏུ་འདུས་ནས་འཐབ་པ་དང་རྩོད་པ་དང་གཡུལ་འགྱེད་པ་དང་། མཚང་འབྲུ་བར་རྨི་ལམ་དུ་མཐོང་བ་ནི། དེ་ཡི་བསྟན་པ་རྩོད་པས་ནུབ་པར་འགྱུར་ཏེ་དེའི་སྔ་ལྟས་སུ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟར་མི་བཟད་པ་རྣམས་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རོ། །གསུངས། གསེར་ཕྲེང་བཏགས་ནས་སྐྱེ་བ་ནི། སྔོན་ཞིང་པ་ཞིག་གི་ཆུང་མ་གྱུར་ཏེ། རང་སངས་རྒྱས་ཀྱི་མཆོད་རྟེན་ལ་ཁ་དོག་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་བྱས་ནས་བཏགས་པས་ཡིན་ནོ། །༈ ཡལ་འདབ་གོ་བཞི་པ་ནི། མདོ་སྡེ་༼ས༽རྟོགས་བརྗོད་བརྒྱ་པ་ལས་འབྱུང་བ་ནི། སངས་རྒྱས་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཡུལ་དེར་ཆར་མི་འབབ་ཅིང་ཐན་པ་ཆེས་པས་མུ་གེ་མི་བཟད་པ་བྱུང་ཞིང་། ལྟས་མཁན་རྣམས་ཀྱིས་ཀྱང་ཆར་མི་འབབ་པར་བསྟན་ཏོ། །མཉན་ཡོད་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་


GTN004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཆེ་བ་ཞིག་ཡོད་པའི་ཆུང་མ་ལ་བུ་བཙས་པ་ན་དེ་ཁོ་ནའི་ཉིན་པར་ནས་ཆར་གྱི་རྒྱུན་ཆེན་པོ་བབ་པས་བུ་དེ་བསོད་ནམས་ཆེ་བར་གྲགས་པས་མིང་གྲགས་བཤེས་སུ་བཏགས་སོ། །དེ་ཆེར་སྐྱེས་ནས་སངས་རྒྱས་ལ་དད་པས་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ལྷ་དང་མིའི་མཆོད་པའི་གནས་སུ་གྱུར། དེའི་མཆེ་བ་གཉིས་ལས་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་སྟེ། དེ་ལ་སྐོམ་གྱི་གནོད་པ་མེད་པས་ཚ་བའི་དུས་སུ་དགེ་སློང་སྐོམ་པ་རྣམས་གུང་སྐྱེམས་ལ། དགེ་འདུན་གྱི་ནང་དུ་འདུ་བའི་ཚེ་དེ་མི་འོང་ངོ་། །དེའི་དོན་དགེ་སློང་བློ་མཐུན་པ་རྣམས་ཀྱིས་དྲིས་པས་གོ་སྟེ། ངོ་མཚར་སྐྱེས་ནས་སྟོན་པ་ལ་སྔོན་འབྱུང་ཞུས་པ་ན། སངས་རྒྱས་འོད་སྲུང་ཝཱ་རཱ་ཎ་སཱིར་བཞུགས་པའི་སྐབས་ཚོང་དཔོན་གྱི་བུ་ཞིག་དགེ་སློང་རྒན་པ་ཞིག་ལས་རབ་ཏུ་བྱུང་ཡང་། དེ་ལེ་ལོ་ཅན་ཞིག་སྟེ་གཞན་ལ་བསྙེན་བཀུར་བྱེད་མི་འདོད་དོ། །དེས་དགེ་སློང་ཆེས་རྒན་པ་རྣམས་ཀྱི་བསྙེན་བཀུར་བདག་གིར་བྱས་ཤིང་ང་རྒྱལ་སྐྱེས་པས་བསོད་ནམས་ཟད་དེ་ནད་ཀྱིས་བཏབ་པར་སྨན་མར་འཐུངས་པས་མཚན་མོ་ཤིན་ཏུ་སྐོམ་སྟེ། རང་གི་ཆུ་སྣོད་རྩར་སོང་ཡང་ཆུ་མ་མཐོང་ཞིང་། དེ་བཞིན་མཁན་པོ་སློབ་དཔོན། དགེ་འདུན་སོགས་ཀྱི་དྲུང་དུ་སོང་ཡང་ཆུ་མ་རྙེད་པས། ཆུ་ཀླུང་ཆེན་པོ་ཟློག་བྱེད་ཀྱི་འགྲམ་དུ་ཕྱིན་པ་ན་ཆུ་བོ་དེ་ཡང་སྐོམ་སྟེ་གྲམ་པ་སྐྱ་ཁྲོལ་དུ་མཐོང་བས་རང་གི་ལས་ཤེས་ནས། ཆུ་བོ་དེའི་ཕ་རོལ་ན་ཤིང་སྡོང་ཞིག་ཡོད་པར་འཛེགས་ཏེ། ཡལ་ག་ལ་རས་ཤིག་ཡིད་ཆེས་པའི་ཕྱིར་བཏགས་སོ། །ཕྱི་ཉིན་དགེ་འདུན་རྣམས་ལ་རྒྱུ་མཚན་ཞིབ་པར་སྨྲས་པས་དེ་དག་


GTN004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྐྱོ་བ་སྐྱེས་ཤིང་། མཁན་པོ་སོགས་ཀྱིས་ཆུ་བྱིན་པ་ཡང་སྔར་བཞིན་མ་མཐོང་བས་དེ་ཚུལ་སངས་རྒྱས་ལ་ཞུས་པ་ན་གཎྜི་རྡུངས་ཤིག་ཅེས་བཀའ་སྩལ་ཏོ། །དེར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་འདུས་པ་ན། གཏམ་དེ་ཕྱོགས་སུ་ཁྱབ་པས་སེམས་ཅན་འབུམ་ཕྲག་དུ་མ་ཡང་འདུས་སོ། །དེའི་མཁན་པོས་དགེ་སློང་དེ་ལ་རིལ་བ་སྤྱི་བླུགས་ཆུས་བཀང་བ་བྱིན་ནས། བུ་ཆུ་འདི་དགེ་འདུན་ལ་བྲིམས་ཤིག་བརྗོད་པ་ན། འབྲས་བུ་མངོན་སུམ་དུ་མཐོང་བས་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་བཅོམ་ལྡན་འདས་དང་ཉན་ཐོས་རྣམས་ལ་དད་པ་བསྐྱེད་ནས་བསམ་པ་དྲག་པོས་ཆུ་དེ་དགེ་འདུན་ལ་བྲིམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཕན་གདག་པའི་ཕྱིར་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱངས་ནས་འཇིགས་པ་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ཕྱག་གིས་ཆུ་དེ་བཞེས་ནས། ཉན་ཐོས་ཆེན་པོ་རྣམས་ཀྱིས་བླངས་ན་འོན་ཀྱང་ཟད་པར་མ་གྱུར་ཏོ། །དགེ་འདུན་ཐམས་ཅད་ལ་བྲིམས་ན་ཡང་ཟད་པར་མ་གྱུར་ཏོ། །དེ་ནས་ལྷ་དང་མི་རྣམས་དད་པར་བྱེད་པའི་ཆོ་འཕྲུལ་ཡ་མཚན་ཅན་དེ་མཐོང་ནས་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་གྱུར་ཏོ། །དེའི་རྒྱུད་ལ་ཡང་དགེ་བའི་རྩ་བ་རྣམས་སོར་ཆུད་པར་གྱུར་ཏོ། །གང་གི་ཚེ་ནད་སོས་པ་དེའི་ཚེ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆུས་མི་བྲེལ་བར་བྱས་ཏེ། ལོ་ཁྲི་ཉིས་སྟོང་གི་བར་དུ་དེས་དགེ་སློང་རྣམས་ལ་ཆུ་བྲིམས་སོ། །དེ་ནས་ཕྱིས་རེ་ཞིག་ན་འཆི་བའི་ཚེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་།


GTN004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པ་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ལུང་བསྟན་པ་གང་ཡིན་པ་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །བདག་གི་མཆེ་བའི་ཕྲག་ནས་ཀྱང་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའོ། །༈ ཡལ་འདབ་གོ་ལྔ་པ་ནི། མདོ་སྡེ་མཛངས་༼ཨ༽བླུན་ལེའུ་གཉིས་པ་ནས་འབྱུང་བ་ཅུང་ཟད་བསྡུ་ན། སངས་རྒྱས་མཉན་ཡོད་ན་བཞུགས་ཏེ་ཀུན་དགའ་བོ་དང་བཅས་བསོད་སྙོམས་ལ་གཤེགས་སོ། །གྲོང་ཁྱེར་དེ་ན་རྒན་མོ་ཞིག་ལ་བུ་རྟག་ཏུ་རྐུན་བྱེད་པ་གཉིས་ཡོད་པ་ནོར་བདག་གིས་ཟིན་ནས་ཁྲིམས་དང་སྦྱར་ཏེ་གསོད་སར་ཁྲིད་པ་ན། སངས་རྒྱས་མཐོང་ནས་རྒན་མོ་མ་སྨད་གསུམ་ཀས་སྐྱབས་ཞུས་པས། སངས་རྒྱས་ཀྱིས་ཀུན་དགའ་བོ་རྒྱལ་པོ་ལ་ཞུར་བཏང་བས་གནང་ནས་བུ་གཉིས་རབ་ཏུ་བྱུང་སྟེ་དགྲ་བཅོམ། མ་རྒན་ཡང་ཆོས་ཐོས་པས་ལན་ཅིག་ཕྱིར་མི་ལྡོག་པར་གྱུར་ཏོ། །སྔོན་འབྱུང་ནི། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་ན།


GTN004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུའི་གླིང་འདིར་རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་ཞིག་ཡོད་དེ། རྒྱལ་པོ་དེས་རྒྱལ་ཕྲན་ལྔ་སྟོང་སྙེད་ལ་དབང་བྱེད་དོ། །རྒྱལ་པོ་དེ་ལ་སྲས་གསུམ་ཡོད་དེ། སྒྲ་ཆེན་པོ། ལྷ་ཆེན་པོ། སེམས་ཅན་ཆེན་པོ་ཞེས་བྱ་ལ། ཐ་ཆུང་ནི་ཆུང་ངུ་ནས་བྱམས་པ་དང་སྙིང་རྗེ་ལྡན་ཏེ། ཐམས་ཅད་ལ་བུ་གཅིག་པ་དང་འདྲའོ། །དེའི་ཚེ་རྒྱལ་པོ་དེ་བློན་པོ་དང་བཅས། བཙུན་མོ་དང་སྲས་སུ་བཅས་ཏེ་ཕྱི་རོལ་དུ་འཆག་ཅིང་དོང་བ་ལས། ཅུང་ཟད་ཅིག་ངལ་གསོ་བའི་བར་དུ་སྲས་གསུམ་པོ་ཚལ་གྱི་ནང་དུ་སོང་བ་ལས། སྟག་མོ་ཞིག་བུ་བྱུང་ནས་ཞག་མ་ལོན་པ་བཀྲེས་སྐོམ་གྱིས་ཉེན་ཏེ། ཕྱིར་ཡང་བུ་ཟ་བ་ལ་ཐུག་པ་ཞིག་མཐོང་ནས། རྒྱལ་བུ་སེམས་ཅན་ཆེན་པོས་ཕུ་བོ་དག་ལ་སྨྲས་པ། སྟག་མོ་འདི་ནི་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་ཏེ། ཉམ་ཆུང་ལ་རིད་པས་ཤི་ལ་ཐུག་པ་འདི་ལྟ་བུ། བུ་བྱུང་མ་ཐག་པ་ཡང་ཟ་བར་འདོད་དོ། །ཞེས་སྨྲས་པ་ན། ཕུ་བོ་གཉིས་ཀྱིས་ཁྱོད་ཟེར་བ་བདེན་ནོ་ཞེས་ཟེར་རོ། །ནུ་བོས། ཡང་སྨྲས་པ། སྟག་མོ་འདིས་ཟས་ཅི་ཟ། དེ་དག་ན་རེ། འདི་བསད་མ་ཐག་པའི་ཤ་རློན་པ་དང་། ཁྲག་དྲོན་མོས་ཚིམ་པར་འགྱུར་རོ། །ཡང་སྨྲས་པ་གང་སུ་ཡང་རུང་སྟེ། དེ་ལྟ་བུའི་དངོས་པོས་འདིའི་སྲོག་སྐྱབས་ཏེ་མི་ཉམས་པར་བྱེད་ནུས་པ་ཡོད་དམ། ཕུ་བོ་གཉིས་ན་རེ། དེ་ནི་ཤིན་ཏུ་ཡང་དཀའ་བས་མེད་དོ། །དེ་ནས་སེམས་ཅན་ཆེན་པོས་འདི་སྙམ་མོ། །བདག་ཡུན་རིང་པོ་ནས་འཁོར་བ་ན་འཁོར་ཞིང་། ལུས་སྲོག་གྲངས་མེད་པ་ཞིག་ཆུད་གསོན་ཏེ། དུག་གསུམ་གྱི་ཕྱིར་ལུས་སྲོག་འགའ་ཞིག་བཏང་ཡང་ཆོས་ཀྱི་ཕྱིར་དུ་མ་ཡིན་ནོ་སྙམ་ནས་


GTN004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཀར་འགྲོགས་ཏེ་སོང་བ་ལས། རིང་པོར་མ་ཕྱིན་པར་ཕུ་བོ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །མཆེད་གཉིས་སྔར་གཤེགས་དང་། བདག་དོན་ཞིག་གཉེར་ནས་སླར་འོང་ངོ་སྨྲས་ནས་ལམ་དེ་ཉིད་དུ་ཞུགས་ཏེ་སྟག་མོའི་ཚང་གང་ན་ཡོད་པར་མྱུར་དུ་སོང་ནས་སྟག་མོའི་དྲུང་དུ་ཉལ་བ་དང་། སྟག་མོ་ཁ་འཐམ་པས་ཟ་མ་ནུས་སོ། །དེའི་ཚེ་རྒྱལ་བུས་ཤིང་གི་ཚལ་བ་རྣོན་པོས་ལུས་ལ་ཁྲག་ཕྱུང་ནས། སྟག་མོ་ལ་བལྡག་ཏུ་བཅུག་པ་དང་། ཁ་ཡང་ཕྱེ་ནས་ལུས་ཀྱི་ཤ་མ་ལུས་པར་ཟོས་སོ། །ཕུ་བོ་གཉིས་ཀྱིས་བལྟས་པ་ན་རིང་ཞིག་ཏུ་མ་འོངས་པ་དང་། ཕྱིར་རྗེས་བཞིན་དུ་འཚོལ་དུ་སོང་བ་ལས་སྔར་སྨྲས་པའི་ཚུལ་བརྟགས་ན་གདོན་མི་ཟ་བར་སྟག་མོ་ལྟོགས་པས་བསད་དོ་སྙམ་དུ་དེར་ཕྱིན་ནས་བལྟས་པ་ན། ནུ་བོ་སྟག་གིས་ཟོས་པ་མཐོང་ནས། ལུས་ས་ལ་བརྡབས་ཏེ་བརྒྱལ་ལོ། །རིང་ཞིག་ནས་བརྒྱལ་སངས་པ་ན། ཆོ་ངེ་འདེབས་ཤིང་ས་ལ་འགྲེའོ། །དེའི་ཚེ་བཙུན་མོ་ཡུམ་མནལ་བའི་རྨི་ལམ་ན། ཕུག་རོན་གསུམ་ཞིག་ཀུན་ཏུ་འཕུར་ཞིང་རྩེ་བ་ལས་ནང་གི་ཆུང་ངུ་ཞིག་ཁྲས་ཁྱེར་བ་རྨིས་མ་ཐག་སད་ནས་སྐྲག་དངངས་ཏེ་རྒྱལ་པོ་ལ་བཤད་པས། བདག་གིས་གཏམ་དུ་ཐོས་ན། ཕུག་རོན་ནི་བུ་ཕོའི་བླ་སྟེ། ཕུག་རོན་ནང་གི་ཐ་ཆུང་ཁྲས་ཁྱེར་བས། བདག་གི་བུ་ནང་གི་སྡུག་པ་ལ་བཀྲ་མི་ཤིས་ངེས་སོ་ཞེས། དེ་མ་ཐག་ཕོ་ཉ་བཀྱེ་བས་རིང་པོར་མ་ལོན་པ་རྒྱལ་བུ་གཉིས་ནི་འོངས་ཀྱིས་བུ་ནང་གི་སྡུག་པ་ཅང་མ་ཉེས་སམ་ག་རེ་ཞེས་དྲིས་ན། དེ་གཉིས་མཆི་མས་བརྣངས་ཏེ་རེ་ཞིག་ལུས་ཏེ། དེ་ནས་སྟག་གིས་ཟོས་སོ་ཞེས་སྨྲས་སོ། །ལྷ་མོ་དེས་


GTN004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་སྨྲས་པ་ཐོས་ནས་དངངས་ཏེ་ས་ལ་འགྱེལ་ནས་རིང་ཞིག་ལོན་པ་དང་། དབུགས་ཕྱིན་ཏེ། བུ་གཉིས་དང་བཙུན་མོ་དང་ཕོ་བྲང་གི་སླས་སུ་བཅས་ཏེ་མྱུར་བར་རྒྱལ་བུ་གང་དུ་ཚེ་འཕོས་པའི་གནས་སུ་སོང་ངོ་། །དེའི་ཚེ་སྟག་མོས་རྒྱལ་བུའི་ཤ་ནི་ཟད་པར་ཟོས་ཟིན་གྱིས། རུས་པ་དང་ཁྲག་འབའ་ཞིག་གིས་ས་ལ་རྩོག་རྩོག་པ་ལྟར་འདུག་པ་མཐོང་ངོ་། །དེ་ནས་བཙུན་མོས་ནི་མགོ་ནས་བཟུང་ངོ་། །རྒྱལ་པོས་ནི་ལག་པ་ནས་བཟུང་ཞིང་དེར་ཡང་བརྒྱལ་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་སོ། །རྒྱལ་བུ་ཚེ་འཕོས་ནས་དགའ་ལྡན་དུ་སྐྱེས་སོ། །དེའི་རྒྱུ་བརྟག་པ་ན་སྟག་མོ་ལ་ལུས་བྱིན་པས་ཡིན་པར་ཤེས་ཤིང་། དེའི་རུས་བུ་ཚལ་ན་འདུག་པ་ལ་ཕ་མས་བསྐོར་ནས་མྱ་ངན་བྱེད་པ་མཐོང་སྟེ། དེ་ལ་སྤྲོ་བ་བསྐྱེད་ཅིང་གཏམ་བྱར་འགྲོའོ་སྙམ་ནས། ནམ་མཁའ་ལས་བབས་ཏེ་སྟེང་གི་ནམ་མཁའ་ལས་ཚིག་སྙན་པ་རྣམ་པ་སྣ་ཚོགས་ཀྱིས་ཕ་མ་གཉིས་ལ་སྤྲོ་བ་བསྐྱེད་དོ། །དེ་གཉིས་ཀྱིས་ནམ་མཁའ་ལ་བལྟས་ནས། ལྷ་ཁྱོད་སུ་ཞིག་ལགས། ཞེས་སྨྲས་པས། དེ་ན་རེ། བདག་ནི་རྒྱལ་བུ་སེམས་ཅན་ཆེན་པོ་ཡིན་ཏེ། བདག་གིས་ལུས་སྟག་མོ་ལྟོགས་པ་ལ་བྱིན་པས་དགའ་ལྡན་དུ་སྐྱེས་སོ། །རྒྱལ་པོ་ཆེན་པོ་འདི་ལྟར་མཁྱེན་པར་མཛོད་ཅིག་ཅི་ཙམ་སྲེད་པ་དང་བཅས་པའི་ཆོས་ནི་མཐར་འཇིག་པར་འོང་ངོ་། །སྐྱེ་བ་ཡོད་ན་ངེས་པར་འཆིའོ། །སྡིག་པ་བྱས་ན་སེམས་ཅན་དམྱལ་བར་ལྟུང་ངོ་། །དགེ་བ་བྱས་ན་མཐོ་རིས་སུ་སྐྱེ་སྟེ། སྐྱེ་བ་དང་འཇིག་པ་ཀུན་ལ་སྲིད་ན། ཅིའི་སླད་དུ་དགའ་བ་འབའ་ཞིག་གི་ཕྱིར་མྱ་ངན་གྱི་རྒྱ་མཚོར་


GTN004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་མི་ཚོར་རམ། དགེ་བའི་ཆོས་ལ་བརྩོན་འགྲུས་མཛོད། །ཅེས་སྨྲས་པ་དང་། དེའི་ཕ་མས་སྨྲས་པ། ཁྱོད་ནི་སྙིང་རྗེ་ཆེན་པོས་སྟག་མོ་གསོས་ཏེ་ཐམས་ཅད་ལ་སྙིང་བརྩེ་བ་ཡིན་ན། བདག་ཅག་བཏང་སྟེ་ཚེའི་དུས་བྱས་པས། དེང་ནི་ཁྱོད་དྲན་པའི་ཕྱིར་ཤ་ཡང་དུམ་བུ་དུམ་བུར་ཆད་པ་ཙམ་གྱི་སྡུག་བསྔལ་སྐྱེས་ན། སྙིང་རྗེ་ཆེན་པོ་སྤྱོད་པ་ཁྱོད་འདི་ལྟར་བྱ་བའི་རིགས་སམ། དེ་ནས་ཡང་ལྷ་དེས་ཚིག་སྙན་པ་རྣམ་པ་སྣ་ཚོགས་ཀྱིས་སྤྲོ་བ་བསྐྱེད་པས། དེའི་ཕ་མ་ཡང་སྤྲོ་བ་ཅུང་ཟད་སྐྱེས་ནས། རུས་བུ་རྣམས་རིན་པོ་ཆེ་སྣ་བདུན་གྱི་སྒྲོམ་དུ་བཅུག་སྟེ་སར་སྦས་པའི་སྟེང་དུ་མཆོད་རྟེན་བྱས་སོ། །ལྷ་དེ་ཡང་རང་གནས་སུ་སོང་ངོ་། །རྒྱལ་པོ་དང་འཁོར་མང་པོ་རྣམས་ཀྱང་ཕྱིར་ཕོ་བྲང་དུ་སོང་ངོ་། །དེའི་དུས་ཀྱི་རྒྱལ་པོ་ཤིང་རྟ་ཆེན་པོ་ནི་ཟས་གཙང་མ། བཙུན་མོ་ནི་སྒྱུ་མ་ལྷ་མཛེས། སྲས་སྒྲ་ཆེན་པོ་ནི་བྱམས་པ། ལྷ་ཆེན་པོ་ནི་བ་མི་སུ་ཏྲ། རྒྱལ་བུ་ཐ་ཆུང་ནི་སངས་རྒྱས་ཐུབ་པ་ཆེན་པོ། སྟག་ཕྲུག་གཉིས་ནི་མི་འདི་གཉིས་ཡིན་ནོ། །༈ ཡལ་འདབ་གོ་དྲུག་པ་གོ་སླ་ཞིང་སྔོན་འབྱུང་ནི། འདུལ་བ་༼ཁ༽སྨན་གྱི་གཞི་ལས་འབྱུང་བ་སྟེ། སྔོན་བྱུང་བ་འདས་པའི་དུས་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱིས་རྒྱལ་སྲིད་བྱེད། དེའི་བློན་པོ་ལྔ་བརྒྱ་ཆོས་མིན་སྤྱོད་པ་རྒྱལ་པོས་ཚོར་བ་སྙིང་རྗེའི་སྟོབས་ཀྱིས་བསད་མ་སྤོབས་པར་


GTN004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྤྱུགས་པ། བྱེ་མའི་གླིང་དུ་ཚད་པས་གདུང་སྟེ་ཆུ་མ་མཐོང་ཞིང་། བཀྲེས་ཤིང་སྐོམ་པས་ཉན་ཏེ་སྡུག་བསྔལ་གྱི་སྐད་བཏོན་པ། ཕྱོགས་དེར་བྱང་ཆུབ་སེམས་དཔའ་གླང་པོའི་ཚུལ་འཛིན་པས་ཐོས་ཏེ་ཆུ་དང་མེ་ཏོག་འབྲས་བུ་རྩ་བ་སོགས་ཀྱིས་ཚིམ་པར་བྱས་ཤིང་ངལ་སོས་པ་ན། གླང་པོ་མཆོག་དེས་སྨྲས་པ། རི་སུལ་འདིའི་ཕ་རོལ་ངོས་ན་གླང་པོ་ཆེའི་རོ་ཞིག་ཡོད་པ་བླངས་ན་འཚོ་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ། རང་ཉིད་དེ་ཕྱོགས་སུ་རི་རྩེར་འཛེགས་ནས་སྨོན་ལམ་བཏབ་སྟེ་མཆོངས་ནས་ཤིའོ། །བློན་པོ་རྣམས་ཀྱིས་རོ་དེ་བཙལ་བ་ན་སྔར་གྱི་གླང་ཆེན་དུ་ཤེས་ནས་འགྱོད་ཅིང་གདུང་བས་རོ་ལ་བལྟ་མ་འདོད་པར་གནས་གཙང་མའི་ལྷ་རྣམས་ཀྱིས་ལུང་བསྟན་པས། དེ་དག་གིས་དེའི་རྒྱུ་ལྟོ་ཕྱུང་ནས་བཀྲུས་ཏེ་ཆུས་བཀང་ནས་རྩ་བ་དང་འབྲས་བུ་རྣམས་ཁྱེར་ནས་རོ་ལ་མཆོད་པ་བྱས་ནས་གླང་པོ་བདག་ཉིད་ཆེན་པོས་རང་ཡོངས་སུ་བཏང་ནས་བདག་ཅག་སྲོག་ཕྱིན་པས། བདག་ཉིད་ཆེན་པོ་དེ་སངས་རྒྱས་པ་ན་བདག་ཅག་ཀྱང་དེའི་ཆོས་ཀྱིས་ཉོན་མོངས་ཐམས་ཅད་སྤངས་ནས་སྲིད་པ་མཐའ་ཅན་དུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའི་གླང་པོ་ནི་སངས་རྒྱས་དང་། བློན་པོ་ལྔ་བརྒྱ་བྲམ་ཟེ་ལྔ་བརྒྱ་ཡིན་གསུངས་སོ། །


GTN004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་གོ་བདུན་པ་དང་གོ་བརྒྱད་པ་གོ་སླའོ། །༈ ཡལ་འདབ་གོ་དགུ་པ་ནི། མདོ་སྡེ་༼ཨཾ༽རྟོགས་བརྗོད་བརྒྱ་པར་འབྱུང་སྟེ་ཝཱ་རཱ་ཎ་སཱིར་རྒྱལ་པོ་པདྨ་ཞེས་དད་པ་དང་ལྡན་པ་དགེ་ཞིང་བསམ་པ་བཟང་བས་རང་གཞན་ཕན་པ་ལ་ཞུགས་པ་སྦྱིན་པ་རྒྱ་ཆེར་གཏོང་བ་ཞིག་ཡོད། ཡུལ་དེར་མི་ནད་ཆེན་པོ་བྱུང་སྟེ། སེམས་ཅན་ཕལ་ཆེར་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པ་ན། རྒྱལ་པོ་སྙིང་རྗེ་ཆེ་བས་སྨན་པར་བསྒོ་ནས་ཡུན་དུ་གསོས་ཀྱང་འཚོ་བར་མ་ནུས་པར། དེའི་རྒྱུ་དྲིས་པས། སྨན་པ་རྣམས་ཀྱིས་ཉ་ཆེན་རོ་ཧི་ཏའི་ཤས་ཕན་པར་བསྟན་ཀྱང་། དེ་ནི་ཤིན་ཏུ་རྙེད་པར་དཀའ་བས་མ་རྙེད་པ་ན། སླར་ཡང་རྒྱལ་པོར་ནད་པའི་ཚོགས་འདུས་ཏེ་བདག་ཅག་ལ་ནད་འདི་ལས་ཡོངས་སུ་བསྐྱབ་ཅིང་སྲོག་སྩལ་དུ་གསོལ་ཞེས་ཉམ་ཐག་པའི་ཚུལ་གྱིས་ཞུས་པ་ན། རྒྱལ་པོར་སྙིང་རྗེའི་ཤུགས་དྲག་ཏུ་སྐྱེས་པས། ཅི་སེམས་ཅན་འདི་རྣམས་མ་འཚོ་ན་བདག་འཚོ་བ་དོན་མེད་དོ་སྙམ་ནས། སྦྱིན་པ་རྒྱ་ཆེར་གཏོང་ཞིང་། བུ་ཐུ་བོ་རྒྱལ་པོར་བཅུག །བརྟུལ་ཞུགས་ཡན་ལག་བརྒྱད་པ་བླངས་ནས་ཁང་བཟང་གི་སྟེང་དུ་སོང་སྟེ། མཆོད་པས་མཆོད་ཅིང་ཤར་ཕྱོགས་སུ་ཁ་བལྟས་ཏེ་སྨོན་ལམ་བཏབ་པ་བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ཅན་རྣམས་ཤིན་ཏུ་ཕོངས་པར་གྱུར་ཏེ། ནད་ཀྱིས་ཡོངས་སུ་གཟིར་བ་མཐོང་ནས་བདག་གིས་རང་གི་སྲོག་ཕོངས་པ་ཡོངས་སུ་བཏང་བས།


GTN004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆུ་ཀླུང་ཟློག་བྱེད་འདིའི་ནང་དུ་ཉ་རོ་ཧི་ཏར་སྐྱེ་བར་ཤོག་ཅིག །ཅེས་སྨྲས་ཏེ་ཁང་བཟང་གི་སྟེང་ནས་བདག་ཉིད་ཀྱིས་མཆོངས་སོ། །དེར་ལྷུང་བའི་མོད་ལ་ཤི་ནས་སྨོན་པ་བཞིན་སྐྱེས་པ་ན། ལྷ་རྣམས་ཀྱིས་ཡུལ་ཀུན་ཏུ་ཐོས་པར་བྱས་པས་སྐྱེ་བོ་ཕལ་མོ་ཆེས་ལག་ན་མཚོན་ཆ་ཐོགས་ནས། ཉའི་ཤ་རྣམས་གཅོད་ཅིང་ཟ་བ་ན། བྱང་ཆུབ་སེམས་དཔའ་བྱམས་དང་སྙིང་རྗེས་དགའ་བ་ལྷག་པར་རྒྱས་ཏེ། ལོ་བཅུ་གཉིས་ཀྱི་བར་དུ་སྦྱིན་ནས་ནད་ཀྱི་རྒྱུན་ཆད་པ་ན། ཉ་དེས་སྨྲས་པ། ང་ནི་རྒྱལ་པོ་པདྨ་ཡིན་པས་ཁྱེད་རྣམས་ཀྱི་དོན་དུ་རང་གི་སྲོག་ཡོངས་སུ་བཏང་ནས་ལུས་བྱིན་པས་ང་ལ་སེམས་དགའ་བར་གྱིས་ཤིག་དང་། ང་སངས་རྒྱས་པ་ན་ཁྱེད་རྣམས་མྱ་ངན་ལས་འདས་པ་ཡང་དག་པའི་མཐར་ཐུག་པ་གྲུབ་པ་དང་བདེ་བ་ལ་འགོད་པར་བྱའོ་ཞེས་སྨྲས་པ་ན། སྐྱེ་བོའི་ཚོགས་དེ་དག་དང་། རྒྱལ་པོ་བློན་པོ་ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་དད་པ་རྙེད་ནས་མཆོད་པ་རྒྱ་ཆེར་བྱས་ནས་དེ་སངས་རྒྱས་པའི་ཉན་ཐོས་སུ་སྨོན་ལམ་བཏབ་བོ། །༈ ཡལ་འདབ་བརྒྱ་པ་ནི། འདུལ་བ་ལུང་ལས། རྒྱལ་པོ་གསལ་རྒྱལ་གྱིས། སྟོན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་ཐོག་མར་སངས་རྒྱས་གང་ལ་བསོད་སྙོམས་ཕུལ་ལགས་ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། སྔོན་ཡངས་པ་ཞེས་བྱ་བའི་གྲོང་ཁྱེར་ན་རྫ་མཁན་
ཡངས་པའི་འོད་ཅེས་བྱ་བ་དེས། སྟོན་པ་ཤཱཀྱ་ཐུབ་པ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་དང་མཇལ་ཏེ་བསོད་སྙོམས་ཕུལ་ནས་ཞབས་ལ་གཏུགས་ཏེ་སྨོན་ལམ་བཏབ་པ། བདག་ཀྱང་རབ་ཏུ་སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་པ། །ཡོན་ཏན་རིགས་དང་རུས་དག་མཉམ་པའི་སངས་རྒྱས་ཉིད་གྱུར་ཅིང་། །བདག་གིས་ཚངས་པའི་འཇིག་རྟེན་བར་གྱི་ཉམ་ཐག་འཆི་བ་ཡི། །ཕ་རོལ་ཞི་བ་རྒྱ་ཆེན་འཇིགས་པ་མེད་པར་སྒྲོལ་བར་ཤོག །ཅེས་ཐུགས་བསྐྱེད་པར་གསུངས་།

ཡལ་འདབ་བརྒྱ་དང་གཅིག་ནས་བརྒྱ་དང་བརྒྱད་པའི་བར།


GTN004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡལ་འདབ་བརྒྱ་དང་གཅིག་པ་ནི། འདུལ་བ་༼ཁ༽སྨན་གྱི་གཞི་ལས་འབྱུང་བ་དོན་མཐུན་བསྡུ་ན། སྔོན་བྱུང་བ་འདས་པའི་དུས་ན་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱིས་རྒྱལ་སྲིད་བྱེད། དེའི་བློན་པོ་བྲམ་ཟེའི་བུ་ལྗང་གུ་ཞེས་རིག་པའི་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན། དད་པ་བཟང་བ། དགེ་བའི་བསམ་པ་ཅན། རང་གཞན་ལ་ཕན་པར་ཞུགས་ཤིང་སྙིང་རྗེ་ཆེ་བ། ཕ་མ་ལ་སྲི་ཞུ་བྱེད་པ་ཡོད་པའི་ཕ་མ་རྒས་ནས་མིག་ལོང་བར་ཉེ་བ་ན། རྒྱལ་པོས་བུ་ལྗང་གུ་བློན་པོར་བསྐོས་ཀྱང་དེས་མ་འདོད་ནས་ཕ་མའི་རིམ་གྲོ་དང་བཅས་ནགས་ན་གནས་སོ། །དེས་ནང་པར་སྔ་བར་ལངས་ནས་ཕ་དང་མ་གཉིས་ལ་སོ་ཤིང་དང་ཆུ་གཙང་མས་བསྙེན་བཀུར་བྱེད། །དེའི་འོག་ཏུ་ལྷ་ལ་མེའི་སྦྱིན་སྲེག་གི་མཆོད་སྦྱིན་བྱས་ནས་ཕྱིས་འབྲས་བུ་དང་། རྩ་བ་དང་། ཆུ་


GTN004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་བ་ནགས་ནས་བླངས་ཏེ་ཕ་མ་ལ་བསྙེན་བཀུར་ཏེ། ཟིན་པ་དང་རང་ཉིད་མཐའ་ཞིག་ཏུ་བསམ་གཏན་ལ་བརྩོན་པའི་རིམ་པ་དེ་ལྟ་བུ་ཉིན་རེ་བཞིན་བྱེད་དོ། །ནམ་ཞིག་ལྗང་གུའི་རྨི་ལམ་དུ། སྦྲུལ་ནག་པོས་རང་གི་ལུས་རབ་ཏུ་ཟོས་པ་དང་། ཞགས་པ་ནག་པོས་བཅིངས་ཏེ་ལྷོ་ཕྱོགས་སུ་ཁྲིད་པར་རྨིས་ནས་སད་པ་ན། བདག་ཕ་མ་དང་བྲལ་བ་མི་འགྱུར་རམ་སྙམ་དུ་སེམས་དངངས་ཏེ། ཕ་མའི་རྐང་པ་གཉིས་ལ་ཕྱག་བྱས་ནས་ཇི་ལྟར་མཐོང་བ་བཤད་ཅིང་བདེན་པས་གསོལ་བ་བཏབ་སྟེ་ཆུ་ལེན་དུ་སོང་ངོ་། །སྐབས་དེར་རྒྱལ་པོ་ཚངས་བྱིན་ནགས་དེ་ཉིད་དུ་རི་དྭགས་བཤོར་བའི་ཕྱིར་ཞུགས་པ་དང་། དེ་སྒྲ་གྲག་པར་ཕོག་པ་ཞིག་པས། རི་དྭགས་ཀྱི་སྒྲ་ལྟ་བུ་ཐོས་ནས་གཞུ་རྣ་དྲུང་དུ་བཀང་སྟེ་མདའ་འཕངས་པས་ལྗང་གུའི་སྙིང་གར་ཕོག །དེ་ས་ལ་འགྱེལ་ཀྱང་རང་ལས་ཕ་མ་ཁོ་ནའི་མྱ་ངན་བྱེད་ཅིང་སྨྲས་པ། མདའ་གཅིག་བསྣུན་པས་བདག་དང་ནི། །དབང་པོ་ཉམས་པར་གྱུར་པ་ཡི། །ཕ་དང་དེ་བཞིན་མ་དག་དང་། །བདག་ཅག་སྐྱེ་བོ་གསུམ་བསད་དོ། །དེ་རྒྱལ་པོས་ཐོས་ནས་དེར་འོངས་ཏེ། མདའ་གཅིག་གིས་སྐྱེ་བོ་གསུམ་ཅི་སྟེ་བསད་སྨྲས་པས། ལྗང་གུས་རང་གི་ཕ་མ་ལོང་བ་ལ་མགོན་མེད་ཚུལ་ངུ་ངག་གིས་ཞུས་པ་ན། རྒྱལ་པོ་ཡང་འཇིགས་སྐྲག་སྟེ། ངས་ཉེས་པ་བྱས་ཏེ་མ་ཤེས་ནས་མདའ་འཕངས་ཀྱིས་དམོད་པ་མི་བོར་བ་ཕ་མ་ལ་གསོལ་བའི་རིགས་སོ་ཟེར། དེར་ལྗང་གུས་རྒྱལ་པོ་དབུགས་ཕྱུང་སྟེ་དམོད་པ་མི་འདོར་བར་དམ་བཅས་ནས། རིལ་བ་ཆུས་བཀང་བ་རྒྱལ་པོ་ལ་བཀུར་ནས། རྒྱལ་པོ་ཆེན་པོ། བདག་གི་ཚིག་གིས་རྐང་


GTN004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕྱག་མཛོད་ལ། མཐར་ངེས་པར་འབྲལ་བའི་ཆོས་ཅན་ཡིན་ནོ་ཞེས་ཀྱང་སློབས་ཤིག །བདག་གི་བླ་མ་གང་ན་བར། །རིལ་བ་འདི་ནི་སྣོམས་མཛོད་ཅིག །དེ་དག་གི་ནི་རྐང་བཀྲུ་བ། །ཐ་མ་འདི་ནི་ལགས་པར་འགྱུར། །ཅེས་སྨྲས་སོ། །དེ་ནས་རྒྱལ་པོ་རང་གིས་རིལ་བ་ཁྱེར་ནས་དེར་སོང་བ་དང་ཕྱོགས་བཞིའི་མི་མ་ཡིན་ཀྱང་རབ་ཏུ་འཁྲུགས་སོ། །ལོང་བ་དེ་གཉིས་ན་རེ། ལྗང་གུ་མཚོ་ཡི་འགྲམ་དུ་རིང་ཞིག་ཐོགས་སོ། །མས་སྨྲས་པ། ད་ལྟར་ཁོ་མོའི་ལྗང་གུ་དེ། །པདྨ་ཨུཏྤལ་གང་བའི་མཚོ། །ངང་པ་སྒྲ་སྙན་འབྱིན་པ་ན། །རི་དྭགས་ལྷན་ཅིག་རྩེ་བར་བྱེད། །དེ་ནས་རྒྱལ་པོ་དྲུང་དུ་ཕྱིན་པ་དང་དེའི་རྡོག་སྒྲ་དྲང་སྲོང་དེ་དག་གིས་ཐོས་ནས་སྨྲས་པ། སྙིང་དུ་སྡུག་ཅིང་མཐོང་དགའ་བ། །ལྗང་གུ་ཅི་སྟེ་ནང་དུ་འཇུག །ཕ་མ་ཉམ་ཆུང་བཀྲེས་པ་ཡིས། །ཉམ་ཐག་པ་ལ་ཅི་ཞིག་གཙེ། །དེ་ནས་རྒྱལ་པོས། བདག་ལྗང་གུ་མ་ལགས་ཏེ་ཚངས་བྱིན་ནོ་སྨྲས་པས། དེ་དག་ན་རེ། བྱོན་པ་ལེགས་སོ། །གདན་ལ་བཞུགས་དང་། ལྗང་གུས་ཆབ་དང་འབྲས་བུ་དག་ཁྱེར་ནས་འདིར་མཆིའོ། །ཞེས་དང་། དེའི་བསྔགས་པ་རྒྱ་ཆེར་བརྗོད་པས། རྒྱལ་པོ་འདར་བཞིན་དུ་མཆི་མ་ཟག་ཅིང་དྲང་སྲོང་གི་རྐང་པ་གཉིས་ལ་ཕྱག་བྱས་ཏེ། བུ་ལྗང་གུ་ཇི་ལྟར་གྱུར་པའི་གཏམ་རྒྱས་པར་བཤད་ནས། རིལ་བ་ཆུས་བཀང་བ་འདི་དེས་བསྐུར་ཏེ་འདིས་ཁྱེད་དག་གི་རྐང་པའི་ཁྲུས་ཐ་མ་མཛོད་ཅིག་བྱས་པ་དང་། དེ་གཉིས་བརྒྱལ་ནས་སའི་སྟེང་དུ་འགྱེལ་ཏོ། །རྒྱལ་པོས་ཆུ་གཏོར་ནས་སོས་པ་དང་། རྒྱལ་པོ་ཆེན་པོ་དེ་གུམ་པས་བདག་ཅག་ཀྱང་འགུམ་པར་ངེས་སོ། །དེ་ལྟ་བས་ན།


GTN004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དེར་བདག་ཅག་ཁྲིད་ཅིག་དང་བུ་དེ་ལ་རེག་པར་བགྱིའོ་ཟེར། དེ་ནས་རྒྱལ་པོས་ཁྱོ་ཤུག་གཉིས་ཁྲིད་དེ་ཕྱོགས་དེར་ཕྱིན་པ་དང་། ལྗང་གུ་སྲོག་གི་ལྷག་མ་ཅུང་ཟད་ཅིག་ལུས་པ་ལ་ཀུན་ཏུ་བྱུགས་ནས་དེ་གཉིས་ཀྱིས་དམོད་བཙུག་པ། བུ་ཁྱོད་ཀྱིས་ནི་ཕ་མ་ལ། །བསྙེན་བཀུར་ལྷ་ལ་མེ་ཡིས་ནི། །སྦྱིན་སྲེག་བྱས་པའི་བདེན་པ་གང་། །དེས་ནི་དུག་ཀྱང་ཞི་བར་ཤོག །དེ་ནས་ལྷའི་དབང་པོའི་བརྒྱ་བྱིན་གྱི་གནས་གཡོས་པར་གྱུར་པ་ན། ཅིའི་མཐུར་བརྟགས་པས་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་མདས་གནད་དུ་ཕོག་སྟེ། དུག་གི་ངད་པས་སྡུག་བསྔལ་བར་གྱུར་པ་མཐོང་སྟེ། གནས་ནས་བབས་ཤིང་བདུད་རྩིས་བཏབ་པས། ཕ་མའི་བདེན་ཚིག་དང་། ལྷའི་དབང་པོའི་མཐུ་དང་། བདུད་རྩིའི་ནུས་པས་རྨ་ཡང་རུབ། དུག་གི་ཤུགས་ཀྱང་ཞི་ནས་ལྗང་གུ་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་ཏེ་ཡུན་རིང་པོར་ཕ་མ་གཉིས་ལ་བསྙེན་བཀུར་བྱས་སོ། །བྲམ་ཟེ་ལྗང་གུ་ནི་སངས་རྒྱས་ཏེ། ཕ་མ་གཉིས་ནི་ད་ལྟའི་འདིའོ་གསུངས། ༈ ཡལ་འདབ་བརྒྱ་དང་གཉིས་པ་ནི། འདུལ་བ་༼ཁ༽སྨན་གྱི་གཞིར་འབྱུང་བའི་དོན་མཐུན་འཆད་ན། སྔོན་ནགས་ཚང་ཚིང་ཞིག་ན་སེངྒེ་རལ་པ་ཅན་ཞིག་གནས་སོ། །ལམ་དེ་ནས་དོན་མཐུན་ལྔ་བརྒྱ་ཙམ་དོང་ནས། དེ་དག་གི་ཅ་ཅོའི་སྒྲས་དུས་བསྒུལ་བས་སྦྲུལ་ཆེན་པོ་ཞགས་


GTN004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་ཞེས་བྱ་བ་ཞིག་གློ་བུར་དུ་ལངས་ནས་དེས་དོན་མཐུན་ཚོང་དཔོན་དང་བཅས་པ་བསྐོར་བ་དང་། དེ་རྣམས་སྐྲག་ནས་སྒྲ་འབྱིན་ཅིང་ཞི་བ་དང་། ཆུ་ལྷ་དང་། ལུས་ངན་དང་། དབང་ཕྱུག་ལ་སོགས་པའི་ལྷ་རྣམས་ལ་གསོལ་བ་བཏབ་པ་ན། སེངྒེས་སྒྲ་དེ་ལྟ་བུ་ཐོས་ནས་ཕྱོགས་དེར་ཕྱིན་པས་རྒྱུ་མཚན་མཐོང་ངོ་། །དེ་དང་ཉེ་བ་ཞིག་ན་གླང་པོའི་ཕྲུ་གུ་ཞིག་ཀྱང་རྒྱུ་ཞིག་འདུག་པ་དང་སེངྒེས་སྨྲས་པ། གྲོགས་པོ་སྦྲུལ་ཆེན་པོ་ཞགས་པ་ལྟ་བུ་ཞེས་བྱ་བས་དོན་མཐུན་ལྔ་བརྒྱ་བསྐོར་ན་དེ་རྣམས་ཀྱི་དོན་དུ་རང་གི་སྲོག་གཏོང་བར་བྱེད་པ་སྤྲོའམ། དེ་ན་རེ། ཇི་ལྟར་བྱ། སེངྒེས་སྨྲས་པ། བདག་གི་རྐང་པ་ཁྱོད་ཀྱི་མགོར་བཞག་ལ་ཐལ་མོས་སྦྲུལ་ཆེན་པོ་ལ་བསྣུན་དང་། བདག་གི་རྐང་པ་བརྟེན་པའི་ཤུགས་ཀྱིས་ནི་ཁྱོད་འཆི་བར་འགྱུར་རོ། །ཐལ་ལྕག་གིས་ནི་སྦྲུལ་ལོ། །སྦྲུལ་ཆེན་པོའི་ཁ་ཆུས་རེག་པས་ནི་བདག་ཀྱང་འཆི་བར་འགྱུར་རོ། །གླང་པོའི་ཕྲུ་གུས་ཀྱང་ཁས་བླངས་ནས་དེའི་སྟེང་དུ་སེངྒེའི་རྐང་པ་བཞག་སྟེ་ཐལ་མོས་སྦྲུལ་ཆེན་པོ་ལ་བསྣུན་པས། ཐལ་ལྕག་གིས་སྦྲུལ་དང་། སེངྒེའི་རྐང་པ་བརྟེན་པའི་ཤུགས་ཀྱིས་གླང་པོ་ཆེའི་ཕྲུ་གུ་དང་། སྦྲུལ་ཆེན་པོའི་ཁ་ཆུས་སེངྒེ་སྟེ་འགྲོ་བ་གསུམ་ག་ཤིའོ། །ཚོང་པ་རྣམས་ཆས་པ་དང་ལྷ་ཞིག་གིས་སྨྲས་པ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔས་ཁྱོད་ཀྱི་ཕྱིར་རང་གི་སྲོག་ཡོངས་སུ་བཏང་ནས་སྐྱབས་བྱས་ཀྱིས། རེ་ཞིག་དེའི་ལུས་ལ་མཆོད་པར་བྱོས་ལ་ཕྱིར་དེངས་ཤིག །དེ་ནས་དེ་རྣམས་ཀྱིས་དེའི་རུས་པ་བསྲེགས་ཏེ་རུས་པ་ལ་མཆོད་པ་བྱས་སོ། །
༈ ཡལ་འདབ་བརྒྱ་དང་གསུམ་པ་ནས་བརྒྱ་དང་བདུན་པའི་བར་གོ་སླ་བས་མ་སྤྲོས་སོ། །༈ ཡལ་འདབ་བརྒྱ་དང་བརྒྱད་པ་ནི། ཟློས་གར་གྱི་བསྟན་བཅོས་སུ་འབྱུང་བའི་ཚིགས་སུ་བཅད་པ། ཇི་ལྟར་སྤྲིན་གྱི་གཞོན་པ་བཞིན། །དབང་ཕྱུག་རིམ་པས་ཡོངས་བཏང་སྟེ། །ཕ་མའི་སྲི་ཞུ་བསྒྲུབ་པའི་ཕྱིར། །བདག་ཀྱང་ནགས་སུ་འགྲོ་བར་བྱ། །ཞེས་པའི་གཏམ་རྒྱུད་ཀྱི་སྦྱོར་བ་དེ་ཡིན་ཡང་བརྗོད་དོན་སྔར་དཔལ་གྱི་དུམ་བུར་བཀོད་པ་དེས་འཐུས་ལ། མཐར་རྒྱལ་པོ་སྤྲིན་གྱི་གཞོན་པ་དང་། བཙུན་མོ་གྲུབ་པའི་བདག་པོ་སྣ་ཚོགས་ནོར་གྱི་བུ་མོ་དང་བཅས་ཡབ་ཡུམ་འཁོར་བཅས། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་ལྡན་པ་ཡང་། དགའ་བའི་ལྷས། གཞན་ཡང་། གསེར་གྱི་འཁོར་ལོ་འདི་ནི་མདུན་དུ་བྱུང་བར་གྱུར་པ་དང་། །སོ་བཞི་དག་གིས་མཚན་པའི་གཉིས་འཐུང་དཀར་པོ་འདི་དང་ནི། །སྔོ་བསངས་རྟ་མཆོག་མ་ལ་ཡ་ཅན་ཡང་སྟེ་འདི་དག་ནི། །ཁྱོད་ཀྱི་རིན་ཆེན་རྣམས་སོ་འཁོར་ལོས་སྒྱུར་བ་ལེགས་པར་ལྟོས། །ཞེས་བཤད་པ་དེའོ། །

སྤྱིར་རྒྱལ་བའི་བཀའ་ཚད་མ་ལ་དགོངས་འགྲེལ་དུ་བྱས་པ།


GTN004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྤྱིར་རྒྱལ་བའི་བཀའ་ཚད་མ་ལ་དགོངས་འགྲེལ་དུ་བྱས་པ་ནི། བསྟན་བཅོས་རྣམས་ཀྱི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་ལ། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་


GTN004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་པས། ས་ཐོབ་ཀྱི་བྱང་སེམས་རྒྱལ་པོ་དགེ་དབང་ལ་རྒྱལ་བ་ཉིད་ཀྱིས་རྗེས་སུ་གནང་བ་སྩལ་པའི་རྟོགས་བརྗོད་འདི་ཡང་། སངས་རྒྱས་ཀྱི་གསུང་རབ་རྣམས་ལ་ཁུངས་སུ་བྱས་པ་རྒྱན་གསུམ་གྱི་ལམ་དུ་དྲངས་ནས་བཀོད་པ་ལས། རང་བཟོ་བྱས་པ་མ་ཡིན་པའི་ཕྱིར། སྡེ་སྣོད་གསུམ་འདི་དང་འདི་ནས་འབྱུང་ངོ་ཞེས་སྨོས་པའི་དགོས་པ། མཐོང་བ་རྣམས་ལ་ཡིད་ཆེས་ཁུངས་བཙུན་གྱི་དད་པ་བསྐྱེད་པས་བསོད་ནམས་མཆོག་ཐོབ་པའི་རྒྱུར་འགྲོ། བཤད་པ་རྣམས་ལ་ཚིག་རིས་མི་མཐུན་པ་ཡོད་ཀྱང་། དོན་མི་འགལ་ཕྱིན་རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུའི་ཆོས་ལ་མངའ་བརྙེས་ཕྱིར། སོར་སྐྱེའི་རྟག་འཛིན་གྱི་བློས་དཔྱད་པར་མི་རིགས་པར་མ་ཟད། ཚིག་ལ་མི་རྟོན་དོན་ལ་རྟོན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པས། རྟོན་པ་བཞི་ལྡན་གྱི་གནད་ལའང་མཁས་པར་བྱ་དགོས་སོ། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །དེ་ལྟར་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་གཞུང་དོན་མདོར་བསྟན་ལེགས་


GTN004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དཔལ་གྱི་དུམ་བུ་ལས་འཕྲོས་པའི་གཏམ་དཔག་བསམ་ལྗོན་པའི་འབྲས་བུ་ཞེས་བྱ་བ་འདི་ནི། ས་ཡི་ཚངས་པ་ཆེན་པོ་རྒྱལ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཐམས་ཅད་མཁྱེན་གཟིགས་བཀའ་དྲིན་འཁོར་མེད་༧སྡེ་དགེ་བླ་མ་ཁྲི་ཆེན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་ནས་ཡང་བསྐྱར་གསུང་བསྐུལ་གནང་བ་གུས་པའི་ཡིད་ཀྱིས་མཆོད་དེ། རང་གི་གམ་དུ་རྒྱུན་བཅར་བསྐང་གསོ་བ་མང་ཐོས་ཆོས་ཀྱི་སྤྱན་ལྡན་ཀོང་པོ་བླ་རྒན་འགྱུར་མེད་གསང་སྔགས་ནས་དཔེ་འཚོལ་གྱི་གྲོགས་དན་དང་རང་སློབ་སྐྱེས་སྦྱངས་ཀྱི་བློ་གྲོས་ཅན་བཅུ་ཕྲག་རིགས་པར་སྨྲ་བ་སྒྲ་རབ་ཁྱུང་བླ་བསྟན་འཛིན་གཡུང་དྲུང་དང་། བློ་གསལ་རིགས་པར་སྨྲ་བ་འཇིགས་མེད་ཀུན་མཁྱེན་གཉིས་ནས་ཤོག་ཏུ་འབེབས་པའི་རྩོལ་བ་བཅས་སྨིན་གླིང་གྲྭ་པའི་ཐ་ཤལ་ཤཱཀྱའི་དགེ་སློང་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་པས་རང་གནས་ཞེ་ཆེན་རི་ཁྲོད་དུ་གྲུབ་པར་བགྱིས་པ་སརྦ་མངྒ་ལཾ་ཛ་ཡ་ཏུ། དགེའོ། །དགེའོ། །དགེའོ།


previousལེགས་བཤད་དཔལ་གྱི་དུམ་བུ་ལས་འཕྲོས་པའི་གཏམ་དཔག་བསམ་ལྗོན་འབྲས།no next