Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།


   
   
   
  collapse section
བསམ་གཏན་གླིང་པའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཟིན་བྲིས་ཐར་ལམ་སྣང་བའི་སྒྲོན་མེ།
   
   
   
   
   
   
   
   
   
  expand section


 
previousབསམ་གཏན་གླིང་པའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཟིན་བྲིས་ཐར་ལམ་སྣང་བའི་སྒྲོན་མེ།next

བསམ་གཏན་གླིང་པའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཟིན་བྲིས་ཐར་ལམ་སྣང་བའི་སྒྲོན་མེ།

མཆོད་བརྗོད་སོགས།


GTN006_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལཀྵབནྠཱཿ པྲབྷསྱདཱིཔཾདྷྱཱནདཱིབསྱམཧཱསུཁཀྵེཏྲསཱདྷནལེཁབིཧརཏིསྨ། བསམ་གཏན་གླིང་པའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཟིན་བྲིས་ཐར་ལམ་སྣང་བའི་སྒྲོན་མེ་བཞུགས་སོ། །


GTN006_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་དཀའི་རྦ་རླབས་ཁྲག་མདོག་སྲིད་རྩེར་རབ་འཕྱུར་ཁམས་ནག་སྲིད་པའི་མཚོ་ཆེན་འཁྲུགས་པའི་ཀློང་། །དུག་གསུམ་བྲག་རིའི་གཡང་ས་རབ་འཇིགས་འཁོར་མཚོར་ལྟུང་བའི་སྐྱེ་དགུ་རྣམས་ལ་མ་འདྲིས་ཕྱག །རིང་པོར་བརྐྱངས་ནས་ཐར་བདེའི་སྤང་ལྗོངས་ཉམས་དགའ་ཚལ་དུ་འདྲེན་པའི་དེད་དཔོན་ཟླ་བྲལ་མཆོག །སྤྱན་རས་གཟིགས་དབང་ལོངས་སྤྱོད་རྫོགས་སྐུ་སྙིང་རྗེའི་ལྷ་དེ་བྱང་ཆུབ་བར་གྱི་མགོན་དུ་བསྙེན། །ལྔ་བརྒྱ་ཐ་མའི་འདྲེན་པ་མཆོག་ཏུ་དུས་གསུམ་རྒྱལ་ཀུན་མགྲིན་གཅིག་བསྔགས་པའི་མེ་ཏོག་འཐོར། །རྫུ་འཕྲུལ་བཀོད་པ་བྱེ་བའི་འཇུག་ངོགས་སིནྡྷུའི་དངས་མཚོར་ཡོངས་སྨིན་བོད་ཁམས་ལྷ་སྲིན་རྣམས། །བཀའ་རྟགས་ཕྱག་རྒྱས་དམ་འོག་བཅུག་སྟེ་གངས་ལྗོངས་རྒྱལ་བསྟན་ཉིན་མོར་བྱེད་པའི་དཔལ་ཡོན་ཅན། །མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ་མཆོག་བཀའ་དྲིན་མཚུངས་མེད་ཞབས་ཀྱི་པདྨོར་


GTN006_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བརྒྱར་འདུད། །སྐལ་ལྡན་རྗེས་འཛིན་ཞི་བའི་ཞལ་རས་ནི། །སྙིང་རྗེས་ཆགས་མཚོན་ལེ་བརྒན་མདངས་ལ་འཁུ། །ལོག་འདྲེན་ཚར་གཅོད་དྲག་པོའི་གར་དགུས་བརྗིད། །རྟ་མཆོག་རོལ་པས་མཆོག་མཐུན་དངོས་གྲུབ་སྩོལ། །ས་བཅུའི་རྒྱུན་མཐར་གནས་ལ་རིགས་ལྔའི་སྐུས། །ངེས་པ་ལྔ་ལྡན་གསང་རྒྱུད་ཆོས་ཀྱི་ཆར། །འབེབས་ཀུན་སྡུད་པོ་བཛྲ་པཱ་ཎི་ཡིས། །ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སོལ། །མཁན་སློབ་ཆོས་གསུམ་འབངས་རིགས་ཉེར་ལྔ་དང་། །(༤པ་ཆད་) སྐྱོན་འཇུག །ལམ་བདེན་ལུང་གི་ཆོས་དེ་ལ་དབྱེ་ན། ཀུན་བྱེད་རྒྱལ་པོ་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་གསུངས་ཀྱང་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུས་ཤིང་། རྒྱུའི་ཐེག་པ་ལ་སྔོན་དུ་འགྲོ་བ་སོར་


GTN006_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལྷ་མིའི་ཐེག་པས་མི་དགེ་སྤངས་ཤིང་། དགེ་བ་གཙོ་བོར་སྤྱོད་ན། ཀླུ་སྒྲུབ་ཀྱིས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བསྒྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་འཇིག་རྟེན་པའི་ཐེག་པ་ཐེར་བས་འབྲས་བུ་སྲིད་རྩེའི་མཐར་ཐུག་པའི་བར་དུ་བསྒྲོད་རུང་ཕྱི་ནང་གི་ལམ་ཐུན་མོང་དུ་འགྱུར། འཇིག་རྟེན་ལས་འདས་པའི་ཐེག་པ། ཉན་ཐོས། རང་རྒྱལ། བྱངས་སེམས་རྣམས་མཚན་ཉིད་རྒྱུའི་ཐེག་པ་སྟེ་རིང་ལམ་དང་། སྔགས་ཕྱི་པ་དང་ནང་པ་ཉེར་ལམ་སྟེ། འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་བཤད་པ་དེ་རྣམས་རྒྱས་པར་བཀྲོལ་ན། རྒྱུ་ལ་ཆོས་འཁོར་གསུམ་དྲང་ངེས་འདོད་པ་མཚུངས་མིན་ལས་གྲུབ་མཐའ་བཞིའི་དབྱེ་ཚུལ། བདེན་པ་གཉིས་ཀྱི་འཇོག་ལུགས། ས་བཅུ་དང་ལམ་ལྔ་སྦྱར་བ་སྐུ་དང་ཡེ་ཤེས་ཀྱི་ཐོབ་ལུགས་སོགས། སྔགས་ཕྱི་ནང་སོ་སོར་རང་ཤར་ལས། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་དང་། །སྒོམ་པ་སྤྱོད་པ་འབྲས་བུ་སྟེ། །རེ་རེ་ལ་ཡང་རྣམ་པ་དྲུག །ཅེས་སོགས་དབྱེ་བ་དང་། ཁྱད་པར་ནང་རྒྱུད་ལ་རྒྱུད་གྱི་དངོས་པོ་བཅུ་སོགས་ཀྱིས་སྟོན་དགོས་པར་འགྱུར་ཡང་། རྗོད་བྱེད་ཚིག་གི་ལོ་མས་བརྗོད་བྱའི་འབྲས་དོན་སྒྲིབ་པ་ལ་དགོས་གལ་ཆུང་བས་མི་སྤྲོ། སྤྱིར་མདོ་ནས་ཀྱང་འོད་དཔག་མེད་ཀྱི་སྒྲུབ་ཐབས་བསྟན་པ་དང་། སྔགས་ཕྱི་ནང་ཚང་མར་བཀའ་མ་དང་། གཏེར་མའི་ལུགས་སྒྲུབས་ཐབས་དུ་མ་ཞིག་སོ་སོར་གསུངས་པ་ལས། འདི་ནི་སྔགས་ནང་པ་བླ་མེད། ཕ་རྒྱུད། མ་རྒྱུད། གཉིས་མེད་ལུགས་ཀྱི་སྒྲུབ་ཐབས་གཏེར་ཁ་གཞན་ནས་ཀྱང་འབྱུང་བ་ལས་ཁྱར་པར་དུ་


GTN006_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་གཞི་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཁོག་ཕུབ། ལམ་རྫོགས་པ་ཨ་ནུ་ཡོ་གས་ཟུར་བརྒྱན། འབྲས་བུ་ལྟ་སྒོམ་རྫོགས་ཆེན་ཨ་ཏི་ཡོ་ག་གཙོ་བོར་སྟོན་པས་ཐེག་པ་ཀུན་གྱི་རྩེ་མོར་བསྔགས་ཤིང་། གཏེར་གནས་ཀྱང་། ཡབ་རྗེ་ཨུ་རྒྱན་གླིང་པའི་བཀའ་ཐང་ཤེལ་བྲག་མར། དཔྱལ་གྱི་བྲག་ལ་ལོ་གཅིག་བཞུགས༔ ཞེས་རུ་དམ་དཔྱལ་མོ་བྲག་དཀར་འདི་ཡིན་ཞིང་། བོད་འདིར་ཨོ་རྒྱན་རིན་པོ་ཆེས་བསམ་ཡས་བར་ཁང་དུ་རྗེ་འབངས་གྲོགས་ལྔ་ལ་འོད་དཔག་མེད་པའི་དཀྱིལ་འཁོར་ཞལ་ཕྱེ། ལྷ་ཚོགས་རྣམས་ཞལ་མངོན་དུ་གཟིགས་ནས་ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ལ་བཀའ་གཏད་དབང་ལུང་བྱིན། མ་འོངས་པ་ན་འགྲོ་དོན་དགོས་པའི་བཀའ་གནང་ནས་སྨོན་ལམ་བཏབ། སླར་སློབ་དཔོན་སྲིན་ཡུལ་གཤེགས་རྗེས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བོད་ཁམས་ཀུན་གྱི་གཏེར་ཞབས་བསྡམས་པའི་སྐབས་སུ་རུ་དམ་དཔྱལ་མོ་བྲག་ལ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་གཏེར་དུ་སྦས། བདུད་མགོན་སེང་གདོང་ཡབ་ཡུམ་ལ་གཉེར་དུ་གཏད། མ་འོངས་པ་ན་བསམ་གཏན་གླིང་པ་ཞེས་བྱ་བའི་གཏེར་སྟོན་ལ་སྤྲོད་ཅིག་ཅེས་བཀའ་བསྒོས་པ་ཡང་། གཏེར་ལུང་ལས། ང་ཉིད་རྔ་ཡབ་གཤེགས་ནས་བརྒྱད་བརྒྱའི་མཚམས༔ གོ་རོང་ཕྱོགས་ཀྱི་དཔག་བསམ་ནོར་བུའི་མདུན༔ བསམ་གཏན་གླིང་ཞེས་མེ་སྟག་ལོ་པ་འབྱུང་༔ ཟབ་གཏེར་ཆོས་ཀྱི་སྒོ་མང་འབྱེད་པར་འགྱུར༔ ཞེས་དང་། པདྨ་བཀའ་ཐང་ལས། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་གཅིག༔ གངས་དང་སེངྒེ་ལས་ཀྱིས་འབྲེལ་བ་ཡིས༔


GTN006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ དཔྱལ་གྱི་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང་༔ ཞེས་ལུང་བསྟན་པ་ཐོག་ཏུ་བབས་ནས་གཏེར་ཆེན་དེ་ཉིད་ཀྱིས་ལྡན་ཡུལ་གྲོང་ཐང་སོགས་ནས་ཟབ་གཏེར་དུ་མ་དང་། རུ་དམ་དཔྱལ་མོ་བྲག་ནས་ཐེག་པ་ཐུན་མོང་གི་སྨིན་དབང་། འོད་དཔག་མེད། ཐོད་ཕྲེང་སྡེ་ལྔ། ཁྱུང་དམར། སེངྒེ་སྒྲ་སྒྲོགས་སོགས་མཁའ་འགྲོ་སྙིང་ཐིག་ཟབ་སྐོར་རྣམས་སྤྱན་དྲངས། མི་ལོ་བཅོ་ལྔའི་བར་དུ་འབྲི་ཀླུངས་དལ་འབབ་ཀྱི་འགྲམ་མཁར་མདོ་རྫོང་འོག་དཀར་གཙུག་ལུང་པའི་དབེན་གནས་རི་ཁྲོད་ལྷ་ཤིང་ལྗོན་ཚལ་དུ་གསང་སྒྲུབ་མཛད་པས་ལྷ་ཚོགས་རྣམས་ཞལ་གཟིགས་ཏེ་རང་དོན་ཆོས་སྐུ་མངོན་དུ་གྱུར། གཞན་དོན་ཕྲིན་ལས་དུས་ལ་བབས་པ་ནི། སྣོད་ལྡན་གྱི་སློབ་མ་ཟག་མེད་ཡེ་ཤེས་ཀྱིས་གཟིགས་པས་དཔྱད་དེ། གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ལྷ་འབྲངས་བླ་མ་དཔལ་ལྡན་ཆོས་རྒྱལ་ལ་གཅིག་བརྒྱུད་གནང་བས། དེས་ཀྱང་ཚེ་རབས་ལྷ་གཅིག་ཡི་དམ་གྱི་སྙིང་པོར་དེ་ཁོ་ན་ཉིད་དུ་འཛིན་པར་མཛད་པས་ལྷག་པའི་ལྷའི་ཞལ་ལན་གྲངས་དུ་མ་མཇལ་ཞིང་། ལུང་བསྟན་དབྱུགས་དབྱུང་ཐོབ་པ་ཡང་། འདི་སྐད་དུ། ཀྱེ། ཉོན་དང་ལས་ཅན་སྐལ་བ་ལྡན། །སྔོན་ཚེ་ཡར་གྱི་བསྐལ་པ་ལ། །བྲག་ཕུག་མ་ར་ཏི་ཀ་རུ། །གུ་རུ་པདྨ་ཀཱ་ར་ལ། །སྣང་བ་མཐའ་ཡ་ས་ང་ཉིད་ཀྱི། །སྒྲུབ་ཐབས་ཡོ་ག་རྣམ་གསུམ་སྐོར། །འདི་ལྟར་གྱིས་ཤིག་བཀའ་སྩལ་ནས། །ཕྱི་ནང་གསང་བའི་དབང་རྣམས་བསྐུར། །འཆི་མེད་ཚེ་ཡི་རིག་འཛིན་


GTN006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ནས། །ཕྱི་ནང་གསང་བ་ཡང་གསང་ཞིག །ང་ཡི་སྒྲུབ་ཐབས་རྒྱུད་མན་ངག །དཔག་ཏུ་མེད་པར་བཀོད་ནས་ཀྱང་། །རྒྱ་བལ་བོད་ཁམས་གནས་སོ་སོར། །ཕྱི་རབས་དོན་དུ་གཏེར་དུ་སྦས། །དེ་ཡི་ནང་ནས་ཁྱད་པར་ཅན། །བླ་མེད་ལུགས་སུ་སྒྲུབ་པ་འདི། །མངའ་བདག་ཁྲི་སྲོང་དོན་ཆེད་དུ། །པདྨས་དཀྱིལ་འཁོར་ཞལ་ཕྱེ་ནས། །མཆོག་དབྱངས་མཚོ་རྒྱལ་ལ་སོགས་ལ། །དབང་བསྐུར་བྱིན་རླབས་ལུང་བསྟན་གནང་། །གཏེར་དུ་སྦས་པའི་ཁྱད་པར་ཅན། །འདི་ལ་ཐེ་ཚོམ་མི་དགོས་པ། །ཉམས་སུ་ལོངས་དང་འཆི་མ་ཐག །བདེ་ཆེན་དག་པའི་ཞིང་ཁམས་མཆོག །ང་ཡི་མདུན་དེར་སྐྱེ་བར་ངེས། །མི་བདེན་རྒྱལ་བས་འགྲོ་བ་བསླུ། །བསླུ་མེད་འོད་སྣང་ང་ཡི་བཀའ། །ཇི་བཞིན་འགྲོ་བའི་དོན་ལ་བརྩོན་། །དབང་ལུང་ཟབ་ཆོས་རྒྱ་ཆེར་སྤེལ། །བསྟན་པ་རིམ་གྱིས་དར་བར་འགྱུར། །མཐའ་ནས་མཐའ་རུ་དར་བར་ངེས། །འགྲོ་བ་དཔག་མེད་ང་ཡི་ཞིང་། །དྲངས་ནས་ཕྱིར་མི་ལྡོག་པ་འབྱུང་། །ཁྱོད་ཀྱང་འཆི་བའི་དུས་བྱེད་ཚེ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །འོད་ཀྱི་སྙིང་པོ་སངས་རྒྱས་ནས། །འབྲེལ་ཚད་ཞིང་དེར་འདྲེན་པར་འགྱུར། །བསྟན་པ་ལྟར་མཆོག་ཐུན་དངོས་གྲུབ་ལ་རང་དབང་འབྱོར་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ། དམ་པ་དེས་བདག་ཀྱང་རྗེས་སུ་བཟུང་ནས། ཆོས་འདི་ཉམས་ལེན་དང་འཆད་སྤེལ་གྱིས་རང་གཞན་གྱི་དོན་རྒྱ་ཆེན་པོ་དགོས་པར་བཀའ་ནན་ཕེབས་པར་ལྟར་འོད་དཔག་མེད་ཀྱི་སྐོར་འདི་ཉིད་འཆད་པར་སྤྲོ་བ་སྐྱེས་པའོ། །

གཞུང་དངོས་ཀྱི་སྦྱོར་བ།


GTN006_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བཤད་བྱ་དེ་ལྡན་གྱི་གཞུང་དངོས་འཆད་པ་ལ་སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་འཕྲོས་དོན་དང་བཅས་པའོ། །རྩ་བའི་ས་བཅད་དང་པོ་ལ། སྒྲུབ་པོའི་གང་ཟག །སྒྲུབ་པའི་གནས། དཀྱིལ་འཁོར་བཤམས་བཀོད་དང་སྔོན་འགྲོ་བློ་བཅོས་པའོ། །དང་པོ་ནི། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་མཆོག་ཏུ་འདུན་པའི་སྐྱེས་བུ་བློ་གྲོས་དང་ལྡན་པ། ཁོག་ཡངས་ཤིང་ངང་ཚུལ་བཟང་བ། སྒྲུབ་པ་ལ་ཕྱི་བཤོལ་མེད་པར་འཇུག་ཅིང་། མཐར་སྐྱེལ་བ་ལ་སྐྱོ་དུབ་མེད་པའི་བཟོད་པ་དང་། ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱིས་སེམས་རུས་ཀྱི་ཞེ་དམ་འཆའ་ནུས་པ། དེའི་རྒྱུ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང་། བསྒྲུབ་བྱའི་འབྲས་བུ་ལ་ཆེས་དུངས་པ་འདོད་པའི་དད་པ་དང་། བླ་མ་དང་དཀོན་མཆོག་ལ་སེམས་རབ་ཏུ་དང་བའི་དད་པས་སྐྱབས་སུ་བསྟེན་པ་སྟེ། དད་པ་གསུམ་དང་ལྡན་པ། མན་ངག་གི་ཕྱག་བཞེས་མཐོང་ཞིང་མ་བརྗེད་པ་དང་། ཚིག་དོན་ལ་སྒྲོ་འདོགས་ཆོད་པས་ཐེ་ཚོམ་གྱི་འཕྲང་ལས་ཐར་ཏེ་བསྒོམ་བྱའི་དོན་ལ་མ་རྨོངས་པས་བློ་གསལ་ཞིང་། གཞི་འབྲས་ཀྱི་བཞུགས་ཚུལ་དང་། དག་བྱ་དག་བྱེད་ཀྱི་གནད་རྣམས་གོ་བའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་དྲིན་ཆེན་ཕ་མར་ངེས་པ་གཏིང་ཚུགས་པས་བཅོས་མིན་གྱི་བྱམས་པ། སྙིང་རྗེ་ཆེན་པོ་བསྐལ་ཆེན་གྱི་མེ་ལྟར་འབར་བས་ཅི་བྱེད་གཞན་དོན་ལས་མི་འདའ་བའི་ཁུར་ཁྱེར་བ་རྣམས་ནི། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་སྤྱིར་གཅེས་པ་ཡིན་ལ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་། ཕྱག་བཞེས་མན་ངག་གི་རིགས་


GTN006_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་ལེགས་པར་ཐོབ་པ་རྟེན་གྱི་གང་ཟག་དགེ་བསྙེན་ཐ་མ། རབ་བྱུང་འབྲིང་། དགེ་སློང་རབ་ཡིན་ཞིང་། སོ་ཐར་དང་། བྱང་སེམས་སྔགས་ཀྱི་སྡོམ་པ་གསུམ་དང་ལྡན་པ་ནི་མཆོག་ཏུ་འགྱུར་ལ། བྱེ་བྲག་ཏུ་དཀྱིལ་འཁོར་འདིར་དབང་བསྐུར་བ་ཐོབ་པས་རྒྱུད་སྨིན་ཅིང་། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཡང་དག་པར་གནས་པས་སྔགས་སྡོམ་དང་ལྡན་པའི་རྟེན་གྱི་གང་ཟག་དེ་ལྟ་བུ་ཡིས་བསྒྲུབ་པར་བྱ་དགོས་ཏེ། ཅིའི་ཕྱིར་ན། དབང་ནི་ལམ་མངོན་དུ་བྱེད་པའི་རྒྱུའམ་གཞི་དང་། དམ་ཚིག་ནི་ལམ་གྱི་གྲོགས་ཡིན་པའི་ཕྱིར་རོ། །གཉིས་པ་སྒྲུབ་པའི་གནས་ནི། དུར་ཁྲོད་ལ་སོགས་པ་དབེན་ཞིང་ཡིད་དང་མཐུན་པ། ཡུལ་ཆུ་ཤིང་འཛོམས་ཤིང་ཆོས་དང་མཐུན་པའི་ཟས་གོས་གནས་མལ་སོགས་མང་ཉུང་རན་པར་རྙེད་སླ་བས་ལེགས་པར་རྙེད་པའི་གནས་དང་། རྒྱལ་བས་ཞབས་ཀྱིས་བཅགས་པ་དང་། རིག་འཛིན་གོང་མས་གྲུབ་པ་བརྙེས་ཟིན་པས་བྱིན་ཆེ་ཞིང་བཀྲ་ཤིས་པ། བླ་མ་མཁའ་འགྲོས་བྱིན་གྱིས་བརླབས་པའི་གནས་སམ། ཉམས་དགའ་ཡིད་དུ་འོང་བའི་སྡོད་སྙིང་འདོད་པ་སྟེ་གནས་བཟང་བ་དང་ཆུ་ལུས་ལ་འཕྲོད་ཅིང་ས་བསིལ་དྲོད་སྙོམས་པས་ནད་མི་སྐྱེད་པ་སྟེ་ས་བཟང་བ་དང་། མཆེད་གྲོགས་སྒོམ་ཉམས་ཅན་ནམ། མིན་ནའང་ཞི་དུལ་དང་ལྡན་ཞིང་། དམ་ཚིག་གཙང་བས་གྲོགས་བཟང་བ་དང་། ས་བདག་གིས་རྩོད་པ་དང་། ཆོམ་རྐུན་གཅན་ཟན་སོགས་ཀྱིས་འཚེ་བ་མེད་ཅིང་། སྐྱེ་བོའི་རྒྱུ་འགྲུལ་དང་། སྒྲའི་ཀླག་ཅོར་སོགས་བསམ་གཏན་ལ་འཚེ་བ་མི་འབྱུང་བས་ཤིན་ཏུ་བདེ་བའི་ཡོན་ཏན་ཚང་བ་དང་། དེ་


GTN006_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྤྱིར་གཅེས་པ་རྒྱལ་པོ་དམ་པའི་ཆོས་ལ་འདུན་ཞིང་། རྒྱལ་ཁྲིམས་བཙན་པས་ཡུལ་ཕྱོགས་བདེ་ཞིང་། འཐབ་རྩོད་སོགས་ཀྱིས་ཏིང་ངེ་འཛིན་བསྒོམ་པ་ལ་ཉེར་འཚེ་མི་འབྱུང་བ་སྟེ། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །ས་དེར་གདམས་འཛིན་རྩོད་པ་མེད་། །དེར་ནི་རྣལ་འབྱོར་ཡང་དག་རྩོམ། །ཞེས་སོ། །དེ་ལྟ་བུའི་གནས་སུ་བསྒྲུབ་པ་མ་བྱས་གོང་དུ་དཀོན་མཆོག་གི་རྟེན་ལ་མཆོད་པ་འབུལ། རྒྱལ་བའི་བཀའ་དྲི་མ་མེད་པའི་གསུང་སྒྲོགས། དགེ་འདུན་ལ་བསྙེན་བཀུར། སཱཙྪ་གདབ་པ། སྲོག་བླུ། ཉེའུ་འདོན་པ། ལམ་འཕྲང་གསོ་བ། ལྷ་བསངས། བརྒྱག་བརྔན། ཆུ་གཏོར། སྦྱིན་གཏོང་སོགས་རང་ཉིད་ཀྱིས་སམ། མི་ལྕོགས་ན་གྲོགས་གཞན་ལ་བཅོལ་ཡང་རུང་སྟེ། རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་། དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་རྒྱབ་རིམ་གྱི་དགེ་བའི་དཔུང་ཅི་འགྲུབ་སྔོན་དུ་བྱ་བར་གསུངས་པ་ནི། ཧེ་རུ་ཀ་གལ་པོ་ལས། འབྱུང་པོའི་གཏོར་མ་བཏང་ནས་ཀྱང་། །གསང་བའི་དོན་གྱི་ལས་རྣམས་བྱ། །ཐུབ་པའི་བཀའ་རྣམས་སྒྲོགས་པ་དང་། །བདེ་གཤེགས་སྐུ་གདུང་གདབ་པ་དང་། །སྲོག་ཆགས་ཚེ་ཡང་སྐྱོབ་པར་བྱ། །ལམ་འཕྲང་དག་ཀྱང་ལེགས་པར་གསོ། །སངས་རྒྱས་སྐུ་གསུམ་རྣམ་པར་དག །དོན་དམ་སྒྲུབ་དང་བསྟན་པའི་ཆོས། །ཉན་རང་བྱང་ཆུབ་སེམས་དཔའ་རྣམས། །མཆོད་པས་མཉེས་པར་བྱ་བ་དང་། །ཞེས་གསུངས་པ་ལྟར་རོ། །


GTN006_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དཀྱིལ་འཁོར་བཤམས་བཀོད་ནི། གང་དུ་སྒྲུབ་པའི་གནས་བྱི་དོར་ལེགས་པར་བྱས་ཤིང་། རང་ཉིད་ཚོགས་རྫོགས་པ། གཞན་དང་བ་འདྲེན་པ། ལྷ་ལ་བརྙས་པ་སྤང་བ་སོགས་དགོས་པ་ཆེ་བའི། སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན་དང་། གནམ་རྒྱན། ས་བརྒྱན། ཡོལ་བ། བླ་རེ། འཕན་གདུགས་སོགས་འབྱོར་བ་ཡོད་ན་སླ་ཆོས་མེད་པར་མཛེས་སྤྲོས་གང་ཆེ་བྱས་ཀྱང་ལེགས། མི་འབྱོར་ནའང་འགལ་བ་མེད། དཀྱིལ་འཁོར་གྱི་གཞིར་སྟེགས་བུ་ལ་རས་བྲིས་མདུན་ཤར་དུ་བརྟན་པར་བཀྲམ་ཞིང་། དེའི་དབུས་རིན་པོ་ཆེའི་བུམ་པ་དྲག་སྔགས་དང་། ཡུངས་ཐུན་གྱིས་བགེག་བསྐྲད། གུ་གུལ་གྱིས་བདུག །རྨ་བྱའི་སྒྲོ་གཟུང་རྡོར་ཁ་རྒྱན་ཅན་བུམ་གོས་སོགས་ཆས་ཀྱིས་མཛེས་པར་བརྒྱན་པ་དང་ལྡན་པའི་ནང་དུ། དྲི་བཟང་གི་ཆུས་བུམ་པའི་སུམ་ཆ་གཉིས་ཁེངས་པར་བཀང་། རིན་ཆེན་འབྲུ་སྨན་སྙིང་པོ་ལྔ། །བདུད་རྩིར་བཅས་པའི་ཆུ་ཡིས་བཀང་། །ཞེས་པ་ལྟར་བུམ་རྫས་ཉེར་ལྔའམ། དེའི་སྟེང་དུ་དྲི་ལྔ་བསྣན་ནས་སུམ་ཅུ་དང་། ཤ་ལྔ་བསྣན་ཏེ་བླ་མེད་བུམ་རྫས་སོ་ལྔ་ཞེས་གྲགས་པ་ལས། གང་ལྟར་ཡང་རྫས་རྣམས་ཧྲོམ་བརྡུངས་སམ་རིལ་བུར་བྱས་ཏེ། བུམ་པར་བླུགས་པ་དབུས་ཀྱི་མཉྫིའི་ཁྲིའུ་ལ་གཞག་པར་བྱའོ། །དེ་ཡང་བུམ་རྫས་སོ་ལྔ་ནི། ལྔ་ཚན་བདུན་ཡོད་པའི་ངོས་འཛིན་གང་ཞེ་ན། རིན་པོ་ཆེ་ལྔ་ནི། མུ་ཏིག །གསེར། དངུལ། བྱུ་རུ། མུ་མེན་ནོ། །འབྲུ་ལྔ་ནི། ཏིལ་དཀར་པོ། ནས། གྲོ། མོན་སྲན་ནམ་མ་ཤ་ཀ །འབྲས་མ་དྲུས་པའོ། །སྨན་ལྔ་ནི། བྲ໏་ཧསྟི་སྟག་ཚེར་ཏེ་སེ་འབྲུའི་མེ་ཏོག་གམ་སླེ་ཏྲེས། ཀཎྜ་ཀ་རི་ནི་གོ་སླ་སྟེ། བོད་སྐད་


GTN006_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཚེར་མ་བྱེད་པ། དཎྜོརྤཱ་ལ་ནི། དབྱུག་པའི་ཨུཏྤལ་ཏེ་ཨཏྤུལ་སྔོན་པོ། ཤྭེ་ཏཱ་པ་རཱ་ཛིཏ། གཞན་གྱིས་མི་ཐུབ་པ་དཀར་པོ་སྟེ་ཤུ་དག་དཀར་པོ། ཧ་ས་དེ་ཝ་ལྷ་རྒོད་དེ། ཅོག་མགོ་སྨན་ནམ། དབང་ལག་རྣམས་སོ། །སྙིང་པོ་ལྔ་ནི། ཆུའི་སྙིང་པོ་ལན་ཚྭ། མེ་ཏོག་གི་སྙིང་པོ་སྦྲང་། ཤིང་གི་སྙིང་པོ་བུ་རམ། རྩི་ཐོག་གི་སྙིང་པོ་མར་རམ་འོ་མ། སྨན་གྱི་སྙིང་པོ་ཨ་རུ་རའི་འབྲས་བུའམ་བླ་མེད་ཀྱི་སྐབས་སུ་བཅུད་ཀྱི་སྙིང་པོ་བྱས་ཀྱང་རུང་ངོ་། །དྲི་ལྔ་ནི། ག་པུར། གུར་གུམ། ཙནྡན། ཛཱ་ཏིའམ། གླ་རྩི། ལི་ཤི་རྣམས་སོ། །ཤ་ལྔ་ནི། ཡུལ་དག་པ་ལས་བྱུང་བའི་དམ་ཚིག་གི་རྫས། མི། བ་ལང། ཁྱི་དང་རྟ་ཁ་དོག་དཀར་པོ་གླང་ཆེན་རྣམས་ནད་ངན་པས་ཤི་བ་མ་ཡིན་པ་དང། སྐྱེ་བ་བདུན་པའམ་སྐྱེས་དར་མ་གཡུལ་དུ་བསད་པའི་མི་ཤ་རྣམས་སོ། །བདུད་རྩི་ལྔ་ནི། དམ་ཚིག་ཅན་གྱི་དྲི་ཆེན་དང་དྲི་ཆུ། ཁྱེའུ་གཙང་མའི་ཁུ་བ། ན་ཆུང་རྡོ་རྗེའི་མདའ་མ་ཕོག་པའི་པདྨ་རཀྟ། ཤ་ཆེན་གྱི་དངས་མ་སྟེ་ཀླད་པ་རྣམས་སོ། །བུམ་པའི་རྒྱབ་ཏུ་བསྒྲུབ་གཏོར། རི་རབ་བང་རིམ་བཞིའི་ཁར་དཔལ་གཏོར་ལོགས་བཞིར་པད་འདབ་གྱེན་ལངས་བཞི་དང་། མཚམས་བཞིར་མཐེབ་ཀྱུ་རིལ་བུས་མཚན་པ་དམར་རྒྱན་ཅན་ལྟོ་བར་པད་སྤུངས་ཟླ་གདན་ལྟེ་བར་ཧྲཱིཿས་མཚན་པ། ལྔ་རྒྱན་དང་ཉི་ཟླ་ནོར་བུ་བཅས། གཡས་གཡོན་དུ་དཀར་ཟླུམ་གཉིས་བཀོད། མདུན་དུ་མཆོད་གཏོར་དམར་ཟླུམ་པད་འདབ་བཞི། མཚམས་སུ་རིལ་བུ་བཞི་བཅས། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་གང་དགོས། ཆད་བརྟན་དང་། འདི་ཉིད་ཀྱི་བཀའ་སྲུང་ཞིང་སྐྱོང་དམར་གཏོར་འཁོར་རང་འདྲ་གསུམ། མཐེབ་ཀྱུས་བསྐོར་བ།


GTN006_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ། ཆང་བཟང་པོར་བདུད་རྩི་ཆོས་སྨན་བཏབ་པའི་སྨན་ཕུད་དང་ནང་མཆོད། རྫས་སོ་ལྔ་སྦྱར་བའི་རཀྟ། ཞལ་ཟས། བགེགས་གཏོར། ཕུད་ཀོང་། གཞན་དོན་དང་འབྲེལ་ན། དབང་ཆས། མིག་དར། མེ་ཏོག །ཙཀླི། ཤེལ་རྡོ། ཚེ་སྒྲུབ་དང་སྦྲགས་ན། ཚེ་གཏོར། ཚེ་ཆང་། ཚེ་རིལ། ཚེ་མདའ། མཚམས་སྒྲུབ་སྐབས་ཡིན་ན། ཐོ་འཛུགས་ཆས་སོགས་རིགས་པས་དཔྱད་ཅིང་། མདུན་དུ་ནང་མཆོད། རྡོ་དྲིལ། ཌཱ་མ་རུ། འཐོར་ནས། གདབ་ཕུར། གུལ་ཡུངས། ལས་བུམ་སོགས་མདོར་ན་གང་དགོས་བཅའ་ལག་ཚང་བར་བྱ་སྟེ། རྫོགས་ཆེན་གྱི་རྒྱུད་ཀློང་གསལ་ལས། གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར། །རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསགས། །ཞེས་སོ། །དེར་མ་ཟད་འཚོ་བའི་ཡོ་བྱད་ཟས་གོས་མལ་སྟན། མཐུན་པའི་ཡོད་བྱད་ལྷ་རྗེ་སྨན་དང་། རྟེན་འབྲེལ་ཟབ་མོ། དགྲ་བཟློག་གི་ཡོ་བྱད་གོ་མཚོན། བགེགས་སྲུང་གི་ཡོ་བྱད་ཐུན་རྫས་བདུག་པ། ཏིང་ངེ་འཛིན་གྱི་ཆ་རྐྱེན་མཆོག་གི་ཡོ་བྱད་ཐེ་ཚོམ་གཅོད་པའི་མན་ངག་གི་ཡི་གེ་དང་། སྒྲུབ་གཡོག་བློ་མཐུན་ཞི་དུལ་ཅན། ཀུན་སྤྱོད་དང་དམ་ཚིག་དག་པ་མཐུན་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་སོགས། མདོར་ན་སྒྲུབ་པའི་ཁོང་དེར་གང་དགོས་ཐབས་སུ་ཚུད་པར་བྱའོ། །རིལ་བུ་སྒྲུབ་པ་དང་འབྲེལ་ན། ཤ་ལྔ་བདུད་རྩི་ལྔ་དང་། ཅུ་གང་། གུར་གུམ། ལི་ཤི །ཛཱ་ཏི། སུག་སྨེལ། ཀ་ཀོ་ལ་སྟེ། བཟང་དྲུག །ཨ་རུ་ར། བ་རུ་ར། སྐྱུ་རུ་ར་སྟེ་འབྲས་བུ་གསུམ། བ་དམར་མོའི་འོ་མ། ཞོ་མར་སོགས་དཀར་གྱི་བཅུད་དང་།


GTN006_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ར། བུ་རམ། སྦྲང་རྩི་སོགས་མངར་གྱི་བཅུད། གསེར་དངུལ། མུ་ཏིག །པད་རག་སོགས་རིན་པོ་ཆེ། གྲོ་ནས་འབྲས་སོགས་འབྲུ། བཤལ་སྨན་དང་། དུག་རིགས་མ་ཡིན་པའི་སྨན་སྣ་ཚོགས་ཚད། ཙནྡན། ནཱ་གི །ལི་ག་དུར། ཨ་ག་རུ་ནག་པོ་སོགས་དྲི་བཟང་སྣ་ཚོགས། གི་ཝཾ། སིནྡྷུ་ར་རྣམས་བཏགས་ཚགས་ཀྱིས་དུལ་ཞིང་འཇམ་པར་བྱས་པ་ལ། མྱོས་བྱེད་ཀྱི་ཆང་བཟང་པོ། བཙུན་མོ་རྡོ་རྗེའི་མདའ་མ་ཕོག་པའི་མཚལ་ཆེན། ཁྱེའུ་དར་མ་བཅུད་མ་ཉམས་པའི་ཤུ་ཀྲ་གཙང་མ་གསུམ་པོར་སྦྱར་བའི་ལྡེའུ། བླ་མ་གོང་མ་རྣམས་ཀྱི་སྒྲུབ་རྫས་རིལ་བུའི་ཕབས་རྒྱུན་དང་ལྡན་པ་ལ། རིལ་བུ་རྒྱ་ཤུག་གི་འབྲུ་ཙམ་པ་བྱས་པའི་མཚལ་གྱིས་ཁ་དོག་དམར་པོར་བསྒྱུར་བ་བརྒྱ་ཕྲག་ལས་མི་ཉུང་བ་ཐོད་པ་དཔལ་ཆེན་གྱི་ནང་ཁེངས་པར་བཀང་བ། དཔྲལ་བ་རང་ལ་བསྟན་པ། དར་དམར་གྱི་ཞལ་ཁེབས་བཀབ། འཁར་བའི་མེ་ལོང་ལ་སིནྡྷུ་ར་བྱུགས་པར་ཆོས་འབྱུང་བསྣོལ་མ་བྲིས་པའི་ཟུར་དྲུག་ལ་གཡུང་དྲུང་དགའ་འཁྱིལ་གཡོན་འཁོར། ལྟེ་བར་ཧྲཱིཿའི་མདུན་ནས་རྩ་སྔགས་ཡིག་དྲུག་དང་། སྤྱན་ཕྱག་སྙིང་པོ་འབྲུ་དྲུག་པ་གཉིས་སོགས་འཁོར་སྔགས་སྦྲེལ་བས། སྦྲུལ་འཁྱིལ་གཡས་བསྐོར་བྲིས་པས་བཀབ་ཅིང་། དར་དམར་གྱི་ལྡིང་གུར་ཕུབ་སྟེ་མདུན་ཕྱོགས་སུ་སྒོ་བསལ་ཏེ་བཞག་གོ །དཀྱིལ་འཁོར་དང་མདུན་སྤྲོད་ཀྱི་སར་ས་དཀར་རམ་འབྲུ་དཀར་གྱི་གཡུང་དྲུང་ཆོས་འཁོར་དུ་བྲིས་པའི་ཁ་ལ་འབོལ་ནང་ཚང་ཅན་འདིང་། ཕྱིའི་ཁྲུས་བདུད་རྩའི་ལྔས་ཁ་ལག་དག་པར་བཀྲུས་ཏེ་དྲི་ཞིམ་པོས་ལུས་བཀུས་ལ་རྣམ་པར་རྟོག་པ་ནུབ་པའི་བརྡར་ཁ་
ནུབ་ཏུ་ཕྱོགས་པས་སྟན་བདེ་བ་ལ་ལུས་དྲང་པོར་བསྲངས་ནས་བསྡད་དེ། སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་སྟེ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་དྲན་པས་བློ་འགྱུར་ངེས་ཀྱི་རྒྱུད་སྦྱོང་དགོས་པས་གཏེར་གཞུང་འདིར། དེ་ལ་ཀུན་གྱི་ལེགས་པར་མནོ་གཞིག་ན༔ ཞེས་པ་ནས། བསམ་པས་ཐུན་བཞིའི་སྔོན་འགྲོའི་ཁྲིད་ཡིན་ལ་ཞེས་པའི་བར་དུ་གསུངས་པས་གོ་སླའོ། །

དངོས་གཞིའི་སྔོན་འགྲོ།


GTN006_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྩ་བའི་ས་བཅད་གཉིས་པ་ཆོ་ག་དངོས་གཞིའི་དོན་འཆད་པ་ལ་སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ་སྤྱི་དང་ཁྱད་པར་རོ། །དང་པོ། སྤྱིའི་སྔོན་དུ་འགྲོ་བ་ལས་རྡོར་གྱིས་བཅས་བཤམས་ལ་ཆུ་གཙང་བྲན་ཏེ། ན་མོཿ བླ་མ་དཀོན་མཆོག་རྩ་གསུམ་གྱི་སོགས་བརྗོད་པ་ནི། ཎ་མ་རབ་ཏུ་འདུད་པའི་བྱིངས་ལ་རྐྱེན་ཨ་སུན໇་སྦྱར་བས་ཕྱག་འཚལ་བའི་དོན་ཏེ། དེ་ཡང་རབ་ལྟ་བ་མཇལ་བ། འབྲིང་སྒོམ་པ་གོམས་པ། ཐ་མ་མོས་གུས་ཏེ་གསུམ་ཡོད་པར། འདིར་ཡི་དམ་དཀྱིལ་འཁོར་གྱི་ལྷ་ལ་སྒྲུབ་པ་པོས་གུས་པས་བཏུད་དེ། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་པས་རང་གིས་གདམས་པ་འདི་ཞུ་བའི་ཡུལ་རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་གསུམ་དབྱེར་མེད་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་དམ་ཚིག་བདུད་རྩིའི་ཆུ་འདི་འཐོར་བས་སོགས་གོ་སླ།


GTN006_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དོན་ནི། རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་གཏེར་དཔལ་དང་གཡང་། །སྐལ་བ་བཟང་པོ་རྣམས་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དང་། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་པས་ༀ་བཀྲ་ཤིས་པའི་ཡི་གེ་མགོ་འདྲེན་ཏེ། བཛྲ་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། ཧཱུྃ་ནི། རྩེ་མོ་ལས། སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་ཅིང་། །སྲིད་པའི་དྲ་བ་གཅོད་པར་བྱེད། །གདུག་པ་སྔངས་ཤིང་གསོད་བྱེད་པར། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་པས་བགེགས་སྐྲོད་པ་ཡིན། ཕཊཿ྄ ཀྱིས་ཁོས་ཤིག་པའོ། །ཨ་པ་ཀ་ར། གནོད་བྱེད། མཱ་ར་ཡ། སོད། ཕཊཿ྄ ཁོས་ཤིག །ཛྙཱ་ན། ཡེ་ཤེས། བྷྲཱུྃ་ལོངས་སྤྱོད་ཕུན་སུམ་ཚོགས་པ། སྭཱ་ཧཱ༔ གཞི་ཚུགས་ཞེས་པའོ། །འདི་སོགས་སྔགས་རྣམས་ལེགས་སྦྱར་སྒྲ་སྒྲུབ་བཤད་པ་ཡོད་ཀྱང་། ཡི་གེ་མང་བས་འཇིགས་པས་སྤྲོས་པ་བསྐྱུངས་སོ། །དེ་ནས་བརྒྱུད་འདེབས་ནི། ཧྲཱིཿ ངོ་མཚར་ཕུན་ཚོགས་སོགས། ཧྲཱིཿཐུགས་སྲོག་ས་བོན་གྱིས་མགོ་དྲངས། ཆོས་སྐུ་དག་པ་གཉིས་ལྡན་རྟག་བརྟན་འཕོ་འགྱུར་མེད་པས་ངོ་མཚར་ཕུན་སུམ་ཚོགས་པ་ཆོས་དབྱིངས་དོན་གྱི་འོག་མིན། གསང་བའི་འོག་མིན། རིག་པའི་འོག་མིན། འཇིག་རྟེན་གནས་ཀྱི་འོག་མིན་རྣམས་སུ་དབྱེ་བ་ལས་ཐོག་མ་ཡིན་ལ། གཟུགས་ཅན་གྱི་གནས་མིན་པས་སྡུག་བསྔལ་དང་བྲལ་ཞིང་། བདེ་བ་ཆེན་པོར་གྱུར་པའི་ཞིང་། ཡེ་ནས་རྣམ་དག་གདོད་མ་གཞིའི་སངས་རྒྱས་ཏེ། འཇིག་རྟེན་གྱི་མུན་པ་སེལ་བའི་འོད་ཟེར་འབུམ་ཕྲག་སྣང་བ་དང་ལྡན་པ། འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པའི་ལྷ། ཆོས་སྐུ་རྒྱལ་བ་དགོངས་བརྒྱུད་ཀྱི་ལྷ་


GTN006_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ལ་གསོལ་བ་འདེབས་སོ། །བདག་རག་ལུས་དྭངས་མ་གནས་འགྱུར་ཏེ་འཆི་མེད་འཇའ་ལུས་སྐྱེ་ཤི་བྲལ་བ་ཚེ་འདིས་འགྲུབ་པར་བྱིན་གྱིས་རློབས་ཤིག །ནང་གསལ་ཆོས་སྐུ་དེའི་གདངས་འགག་པ་མེད་པའི་སྣང་ཆ་ལས་རང་བྱུང་བ། ངོ་བོ་འདུས་མ་བྱས་པ་རྡོ་རྗེ་དབྱིངས་ཀྱི་ཞིང་། ཚད་དང་མཐའ་མེད་པ་སྐྱོན་ཐམས་ཅད་དང་བྲལ་བས་རྣམ་པར་དག་པ་རྒྱལ་བ་རིགས་ལྔའི་ཞིང་ཁམས་ངེས་པ་ལྔ་དང་ལྡན་པ་ན། སྟོང་ཉིད་དང་སྙིང་རྗེ་ཟུང་འབྲེལ་གྱིས་གཞན་སྣང་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཀུན་ཏུ་ཁྱབ་པས་དགྱེས་ཚུལ་དྲུག་གི་སྐྱོང་བར་ཐུགས་རྗེའི་བརྩེ་བའི་གཏེར་མི་འཛད་པས་སྟོན་འཁོར་ལྟར་སྣང་བ་ལོངས་སྤྱོད་རྫོགས་སྐུ་རིག་འཛིན་བརྡ་བརྒྱུད་ཀྱི་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས་སོ། །བདག་ཉིད་ཚེ་གཅིག་སོགས་གོ་སླ། ནམ་མཁའི་ཟླ་བ་གཅིག་ས་གཞིར་ཆུ་རྫིང་དུ་མར་འཆར་བ་མི་འགོག་པ་མཚོན་ཕྱིར། བཟོ་སྐྱེ་མཆོག་གི་སྤྲུལ་པའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་མཐའ་ཡས་པར་སྟོན་པས་རང་སྣང་ཟངས་མདོག་དཔལ་གྱི་རི་བོའི་ཕོ་བྲང་ན། ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ལ་ནང་སྲིད་པ་བཅུད་ཀྱི་སེམས་ཅན་དུ་གྲགས་པའི་གཟུགས་ཅན་གཟུགས་མེད་ཐམས་ཅད་དབང་དུ་སྡུད་ཅིང་། ཟིལ་གྱིས་གནོན་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་པ་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་མཆོག་ཏུ་ལུང་གིས་བསྟན་པ། གངས་ཅན་གྱི་འགྲོ་བ་ཀུན་ལ་བཀའ་དྲིན་བླ་མེད་དུ་ཆེ་བ་ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་(༡༣པ་དང་༡༤པ་ཆད)


GTN006_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་དར་རང་ལ་བསྟན་པ། གཡོན་དུ་ཐུན་མོང་གི་དགེ་འདུན་ཉན་རང་། དགྲ་བཅོམ། བྱང་སེམས་ཁྱད་པར་བ་མཁའ་འགྲོ་ཆོས་སྐྱོང༷་སོགས་སྐྱབས་ཡུལ༷་སྤྲིན་ཕུང་གཏིབས་པ་ལྟར་བས༷མ་པ༷འི་ཡུལ༷་ལ༷ས་འདས༷་པར་བཞུགས་པའི་མདུན་དུ། རང་གིས་ཐོག་དྲངས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ས་ཆེན་པོའི་རྡུལ་ལྟར་འཁོད་པ་རྣམས། མ་རིག་པ་ནས་བཟུང་ཤི་བའི་བར་རྟེན༷་འབྲེལ༷་བ༷ཅུ་གཉིས༷་ལུགས་འབྱུང་གིས་འཁོར༷་བ་ལུ་གུ་རྒྱུད་དུ་ཤིང་རྟའི་འཕང་ལོ༷་ལྟར་བསྐོར་བ་འདི་མ༷་ཞིག༷་གི་བར། བླ་༷མ༷་དཀོན༷་མཆོག༷་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་སྐྱབ༷ས་ཡུལ༷་དུ་བཞུགས་པ་ལ། བད༷ག་སོག༷ས་ནམ་མཁ༷འ་དང་མཉམ༷་པའི་འ༷གྲོ་ཀུན༷་སྐྱབ༷ས་སུ༷་ཞེ་ཐག་པ་ནས་ཅི་མཛད་ཁྱེད་ཤེས་ཀྱིས་མཆིའོ་སྙམ་པ། རང་རྒྱུད་དང་འདྲེས་ངེས་ཤེས་པར་བྱ་མཐར། སྐྱབས་ཡུལ་དང་སྐྱབས་སུ་འགྲོ་མཁན་རྣམས་བསྡུས་ཏེ་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་འཇོག་པ་ནི་རང་གི་སེམས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གནས་པ་ལ་འབྲས་བུའི་སྐྱབས་འགྲོའི་བྱེད་པ་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གིས་སེམས་ཉིད་མཆོག །ཅེས་སོ། །སེམས་བསྐྱེད་ནི། ཀྱེ་ཧོཿ ཞེས་བོས་ཏེ། འགྲོ་བ་ཐམས་ཅད་བདག་མེད་ཡིན་པ་ལ་དེ་ལྟར་མ་ཤེས་པས་ཡོད་པར་བཟུང་བའི་ངར་འཛིན་པའི་རྣམ་རྟོག་འགོང་


GTN006_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པོས་འཁྲུལ་སྣང་མ་རིག་པའི་ལམ་དུ་འཁྲིད་ནས་འགྲོ་བ་རིགས་དྲུག་གི་གཡང་སར་འཁྱམས་པའི་སེམས་ཅན་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་། སྒྲུབ་པ་སྡུག་བསྔལ་ཀྱི་རྒྱུ་མི་དགེ་བ་ལ་སྤྱོད་པ་འདི་རྣམས་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་སོགས་སེམས་བསྐྱེད་ནས། དེ་ལྟར་བསམ་པས་མི་ཕན་ལག་ཏུ་ལེན་དགོས་པས། བདག་ནི་འཁོར་བའི་སྡུག་བསྔལ་ལས་ཡིད་ངེས་པར་འབྱུང་བའི་དོན་གྱིས་(་་་་་་་་་་་་་་)འགྲོ་བ་སེམས་ཅན་ཀུན་ཀྱང་ཐར་ལམ་ཏུ་འདྲེན་ནས(་་་་་་་་་་་་་་་་་་་་་་་་་་་་་་་་)ཀུན་རྫོབ་བྱང་སེམས་ངང་། དེ་ཐམས་ཅད་སྐྱེ་འགག་(་་་་་་་་་་་་་་་་་་་་་)ན་ནང་སེམས་ཉིད་ལ་དམིགས་པས་དོན་དམ་བྱང་སེམས་ཏེ། མྱང་འདས་ལས། ཀུན་རྫོབ་དོན་དམ་(་་་་)བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་སོ། །ཡན་ལག་བདུན་པ་ནི། སྔར་གྱི་སྐྱབས་ཡུལ་བཀོད་པའི་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་པའི་(༡༦པ་ཆད།) མེད་པར་བསྒོམས་པས། ཐ་མལ་གྱི་བདེན་འཛིན་བསལ་ལ། དེའི་ངང་ལས་ཆུ་ལ་ཆུ་བུར་བརྡོལ་བ་ལྟར་སྐད་ཅིག་གིས་བདག་ཉིད་ནི། ཡེ་ནས་རང་བྱུང་གདོད་མའི་གཤིས་ལུགས་གཉུག་མ་མ་བཅོས་པའི་རིག་རྩལ་རྟ་མཆོག་དབང་ཆེན་ཧེ་རུ་ཀ་དཔལ་རྡོ་རྗེ་སྲིན་པོ་ཆེར་གཏུམ་ཞིང་ཁྲོས་པ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཞགས་པ་འཛིན་པ། ཁྲོ་བོའི་ཆས་ཐམས་ཅད་རྫོགས་པར་གསལ་བའི་སྐུ་གསུང་ཐུགས་ལས་ཁྲོ་ཚོགས་དཔག་མེད་ཀྱི་འཕྲོ་འདུས་


GTN006_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གསུམ་འགེངས་པ། དེ་ཡང་རང་བཞིན་སྟོང་པ་རྣམ་པ་གསལ་བར་རང་རིག་གི་རྩལ་དུ་རྫོགས་པའི་ལྟ་བའི་གདེང་ཆེན་པོའི་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་གདོན་བགེགས་ཐམས་ཅད་གཏོར་རྫས་ལེན་པར་བཀུག་པས་འདུས་ཤིང་། མཐུ་སྟོབས་ཀྱིས་འཁུ་མི་ནུས་པར་འདུལ་བའི་མཐུ་རྩལ་ཅན་དུ་ཤར་བར་བསམ། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ༀ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱོང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་རྫས་འདོད་ཡོན་ལྔ་ལྡན་གྱི་བཅུད་ཀྱིས་ཁེངས་པར་བསམ་ལ། ནང་གི་རྩ་ཁམས་ཀྱི་གནས་ཚུལ་དང་། མཁའ་ལྡིང་གིས་ཀླུའི་དུག་བདུད་རྩིར་བྱེད་པའི་རྟེན་འབྲེལ་གྱིས་ལག་གཡོན་གཡས་སྙིམ་པ་མཁའ་ལྡིང་གི་རྒྱ་རྣམས་སྟོན་བཞིན་དུ། ༀ་ཨཱཿ ཧཱུྃ་ཧོཿ ཞེས་བརྗོད་པས་ཇི་ལྟར་བཅས་པའི་ཕྱག་རྒྱར་ཡི་གེ་སོ་སོས་མཚན་པ་ལས་འོད་ཟེར་འཕྲོས་པས་རིམ་བཞིན་ༀ་གྱིས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས་ནས་སྐྱོན་མེད་པར་བྱས། ཨཱཿ ས་རྫས་རྣམས་མང་པོར་སྦར་བས་མཐའ་མེད་དུ་འཕེལ་ཞིང་རྒྱས། ཧཱུྃ་གིས་གང་མོས་ཀྱི་ངོ་བོར་དེ་ལྟར་འཆར་བའི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་རྟོགས་པར་བྱས། དེ་ཉིད་ཀྱང་ཧོཿ ས་ཟག་བཅས་ཀྱི་དྲི་མ་བསལ་ནས། ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བའོ། །དེ་ནས་རྡོར་དྲིལ་བཅས་ལྕགས་ཀྱུའི་རྒྱས། སརྦ་བྷུ་ཏ་ཨཱ་ཀ་ཡ་ཛཿས་བགེགས་བཀུག །ༀ་སརྦ་བིགྷྣཱཾ་སོགས་མིང་མཐར་ནམ་མཁའ་མཛོད་ཀྱི་སྔགས་བཤམས་ལ། གྲ໏་ེ་དཾ་བལིངྟ་སྭཱ་ཧཱ། བཏགས་པ་ལན་གསུམ་གྱིས་ལན་ཆགས་གཉེར་བའི་བགེགས་ཚོགས་ལ་སོ་སོའི་དབང་


GTN006_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཚིམ་པའི་གཏོར་མ་བསྔོས། ཧཱུྃ་ཞེས་ཁྲོ་བོའི་ཡང་སྙིང་གདུག་ཅན་སྔངས་བར་བྱེད་པ། ཕྱི་རོལ་ཏུ་བདུད་བགེགས་ཀྱི་རྣམ་པར་སྣང་བར་གཟུགས་མེད་ལྷ་འདྲེའི་ཚོགས་དང་། ནང་དུ་བདུད་ཉོན་མོངས་དུག་ལྔའི་རང་མདངས་རྣམ་རྟོག་གི་བགེགས་སུ་ཤར་བ་ཐམས་ཅད་རྟོག་ཚོགས་རང་ཤར་རང་གྲོལ་ཡེ་ཤེས་ལྔར་འཆར་བའི་དཀྱིལ་འཁོར་འདིར། བདེན་མེད་འཁྲུལ་སྣང་མཚན་མར་འཛིན་པས་གཟུགས་ཀྱི་གདོན་བགེགས་མ་ལུས་པ་རྣམས་སྐྱེ་འགག་མེད་པའི་དོན་ལ་འབྱོར་པའི་དབྱིངས་སུ་འགྲོ་བྱ་འགྲོ་བྱེད་མེད་པར་ཕྱིར་དེངས་ཤིག །ཅེས་སྒྱུ་འཕྲུལ་མེ་ལོངས་ལས། རྣམ་རྟོག་འདུ་ཤེས་ཀུན་སྤངས་ན། །བགེགས་ཀྱི་སྦྱོར་བ་ཡོངས་མི་འགྱུར། །དེ་བས་རྣམ་རྟོག་བགེགས་ཡིན་(༡༨པའི་མདུན་ངོས་མི་གསལ།) གཞོམ་ཞིང་། ཚུལ་གང་གིས་ཀྱང་གཞིག་པར་མི་ནུས་པས་མེ་དཔུང་འབར་བ་དང་བཅས་པ་(་)དེ་ཡང་རྣལ་འབྱོར་པ་སྤྲོས་པ་ཆུང་ན། རྡོ་རྗེའི་གུར་གཅིག་པུ་བསྒོམ་བདེ་བས། རྡོ་རྗེ་དང་རྡོ་རྗེའི་མཚོན་ཆ་ཕྲ་མོ་འབར་བའི་མེ་དང་བཅས་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། རྡོ་རྗེ་རྣམས་ཞུ་ལུགས་སུ་འབྲེལ་བས་[རྡོ་རྗེ]སྔོན་པོ་རྩེ་ལྔ་འབའ་ཞིག་གིས་འོག་རྡོ་རྗེའི་ས་གཞིར་བརྡལ་བ། ལོགས་རྡོ་རྗེ་གྱེན་ལངས་ཀྱི་རྭ་བ་ཟླུམ་པོ་མཐོ་ཞིང་ཡངས་པ། དེ་ལྟར་རྡོ་རྗེའི་གུར་ཟླུམ་པོ་མཐའ་བགས་ཀྱིས་གཞོལ་བས་བཀབ་པའི་རྭ་གུར་སྒྲལ་མཚམས་ནས་ནང་དུ་རྡོ་རྗེའི་བླ་རེ་དང་། གུར་གྱི་མཐའ་ཕྱིར་འཕྱར་བའི་སྣེ་ལས་རྡོ་རྗེའི་དྲ་བ་རྭ་བའི་རྐེད་པར་རྡོ་རྗེའི་ཕྲེང་བས་བཅིངས་པ། རྭ་བར་སོགས་སྟོང་ཆ་རྣམས་རྡོ་རྗེ་ཕྲ་མོས་བར་མཚམས་མེད་པར་


GTN006_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཁེངས་པ། གུར་གྱི་རྩེར་རྡོ་རྗེ་ཕྱེད་པའི་ཏོག་གིས་བརྒྱན་པ། དེ་དག་ལས་སྤྲུལ་པའི་ཕོ་ཉ་ཁྲོ་བོ་འཆོལ་བའི་ཚོགས་དང་། མཚོན་ཆ་སྣ་ཚོགས་པའི་སྤྲིན་འཕྲོ་བས་བགེགས་རྣམས་བསྡིགས་བསྐྲད་བརླག་པར་བྱེད་པ། དེ་ཐམས་ཅད་ལས་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བས། ཅིས་ཀྱང་མི་ཤིགས་པར་བསམ་པ་ཀུན་རྫོབ་ཀྱི་བསྲུང་འཁོར་ཡིན་ལ། དེ་ལྟར་བསྲུང་བྱ་སྲུང་བྱེད་བསྲུང་ཡུལ་གསུམ་ཀ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ནི། (་་་་་)དེ་ཁོ་ན་ཉིད་དོན་དམ་བདེན་པའི་མཚམས་གཅོད་དོ། །གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་སོ། །ཧྲཱིཿ ས་བོན་བསྐྱེད་སྔགས། ཧ་ཡ། རྟ། གྲཱི་ཝ། མགྲིན་པ། ཧཱུྃ༔ ལས་ལ་བསྐུལ་བ། བཛྲ། རྡོ་རྗེ། ཛྙཱ་ན། ཡེ་ཤེས། རཀྵ་རཀྵ། སྲུངས་ཤིག་སྲུངས་ཤིག་སྟེ། འགལ་རྐྱེན་སྤངས་པ་སོང་ནས། མཐུན་རྐྱེན་བྱིན་དབབ་པ་ནི། ཧྲཱིཿ ཞེས་ཡེེ་ཤེས་པ་དགུགས་པའི་ས་བོན་གྱིས་བསྐུལ་བས། རང་སྣང་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་པ་ཕྱོགས་དང་རིས་སུ་མ་ཆད་པར་ཀུན་ལ་ཁྱབ་པ་སྤྲོས་བྲལ་ཆོས་སྐུ་དྲི་མེད་ཀྱི་ཀློང་ཆེན་ཡངས་པ་ནམ་མཁའ་ལྟ་བུ་ནས། སྐྱེ་འགག་མེད་པའི་རོལ་རྩལ་ཕྲིན་ལས་གཟུགས་སྐུ་གཉིས་ཉི་མ་སྤྲིལ་བྲལ་གྱི་འོད་ལྟར་ཤར་བའི་ཐུགས་རྗེས་སེམས་ཅན་མ་རིག་འཁྲུལ་པར་སྣང་བའི་འཁོར་བའི་མུན་པ་སེལ་བར་བྱེད་པ། ཐོག་མའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་པོ་དང་ཐ་མི་དད་པ་ཆོས་སྐུ་འོད་དཔག་མེད། ལོངས་སྐུ་ཐུགས་རྗེ་ཆེན་པོ།


GTN006_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་པདྨ་འབྱུང་གནས་ཏེ། སྐུ་གསུམ་གྱི་བླ་མ་དགོངས་བརྡ་སྙན་བརྒྱུད་རིག་འཛིན་ཆེན་པོ་རྗེ་འབངས་གཏེར་སྟོན་ལམ་འདིའི་བླ་མ་བརྒྱུད་པ། གཞན་ཡང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་འབབ་པ་ལྟར་བྱོན་ནས། རང་གི་སྒོ་གསུམ་དང་། སྒྲུབ་རྫས་ཡོ་བྱད་ཐམས་ཅད་ལ་ཐིམ་པས་བྱིན་ཆེན་ཕོབས་ཤིག །ཅེས་བསྐུལ་བའི་བསམ་པ་བརྟན་པོས་མ་ཡེངས་པར་བྱ་བ་གལ་ཆེ། ༀ་ཨཱཿ ཧཱུྃ། རྡོ་རྗེ་གསུམ་གྱི་ས་བོན། ཨ་མི་དྷེ་ཝ་ཧྲཱིཿ ལྷའི་སྒྲུབ་སྔགས། བཛྲ་ས་མ་ཡ། རྡོ་རྗེའི་དམ་ཚིག །ཨཱ་ཝེ་ཤ་ཡ། ཕོབ་ཅིག །ཨ་ཨཱཿ ནི་གཉིས་སྣང་གི་ཆོས་ཐམས་ཅད་དབབ་བྱའི་ཡེ་ཤེས་སྐྱེ་མེད་དེ་བཞིན་ཉིད་དུ་ལ་ཟློ་བའི་མཚོན་དོན་ནོ། །མཆོད་རྗས་བྱིན་གྱིས་བརླབ་པ་ནི། ཧྲཱིཿ པདྨ་རིགས་ཀྱི་ས་བོན། རང་རང་གི་འབྱོར་ཚོགས་མཆོད་པའི་རྒྱུ་བསགས་པ་རྣམས། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་རྐྱེན་ཡི་གེ་རཾ་ཡཾ་ཁཾ་གསུམ་སྤྲོས་པས། རཾ་ལས་མེ་འབར་བས་བསྲེགས། ཡཾ་ལས་རླུང་བྱུང་བས་གཏོར། ཁཾ་ལས་ཆུ་བྱུང་བས་དག་པར་བཀྲུས་པས་མཆོད་པའི་རྫས་ཀྱི་རྣམ་པ་བདག་པོས་བཟུང་བ་ཀུན་རྫོབ་ཀྱི་མཆོད་པ་རྒྱ་ཆེ་བར་བཤམས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་རྒྱུར་འགྱུར་བ་ལ། བདག་པོས་ཡོངས་སུ་མ་བཟུང་བ་སྣང་སྲིད་སྣོད་བཅུད་རང་བཞིན་རྣམ་པར་དག་པ་དོན་དམ་བདེན་པའི་ཆོ་འཕྲུལ། རྒྱལ་བ་རྣམས་ཀྱི་ཐུགས་


GTN006_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཡེ་ཤེས་ལྔ་དང་ལྡན་པ། མཆོད་པའི་ལྷ་མོ་རྣམས་ཀྱིས་ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ་སྤེལ་བ། རགས་པར་སྣང་བའི་ཡུལ་ལས་འདས་པ། ཏིང་ངེ་འཛིན་གྱི་བཀོད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར་པར་བསམ་ལ། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་སྔགས་ཀྱིས་སྦྱོང་སྤེལ་བསྒྱུར་བར་བྱེད་པ་ཡིན་ཏེ། ཧེ་རུ་ཀ་གལ་པོ་ལས། མི་དམིགས་ཆོས་ལ་བློ་བཏགས་ཤིང་། །ཡེ་ཤེས་ཅན་གྱི་སྦྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་རློབས། །ཞེས་སོ། །ཆུ་གཉིས་སྔོན་འགྲོའི་ལྷ་རྫས་ཀྱི་མེ་ཏོག་སོགས་ཕྱི་མཆོད་ལ། ༀ་ཨཱཿ ཧཱུྃ། སྐུ་གསུམ་གྱི་ཡི་གེའི་བར་དུ། བཛྲ། རྡོ་རྗེ། ཨ຋ཾ། མཆོད་ཡོན། པཱདྱྃ། ཞབས་བསིལ། པུཥྤེ། མེ་ཏོག །དྷཱུ་པེ། བདུག་སྤོས། ཨཱ་ལོ་ཀེ། སྣང་གསལ། གནྡྷེ། དྲི་ཆབ། ནཻཝིངྱཱ། ཞལ་ཟས། ཤབྟ། རོལ་མོ། པཱུ་ཛ། མཆོད་པའི་དོན་ཡིན། འདི་ལ་སྔགས་དང་པོ་གཉིས་མ་ནིང་གི་རྟགས་སཾ་བུདྷི་བྱིན་པ་མུ་མཐའ་དང་། གཞན་ལྔ་མོ་རྟགས་ཨཱ་རིང་མཐར་བོད་སི་བྱིན་རྟགས་མཐའ་ཨར་བསྒྱུར་པས། ཀྱེ་མཆོད་ཡོན་མ་སོགས་ལྔ་པོ་དེ་དང་དེ་འབོད་པའི་དོན་དང་། ཤབྟ་ལ་རྣམ་དབྱེ་མ་བྱིན་པས་རོལ་ཆ་ཙམ་དུ་འགྱུར་རོ། །ཡང་སྔོན་གྱི་འབྲུ་གསུམ་རྣམས་བྱིན་རླབས་སྔགས་ཡིན་པ་འགྲེས། རཱུ་པ། གཟུགས། ཤབྡ། སྒྲ། གནྡྷེ། དྲི། རཱ་སྱ། རོ། སྤརྴེ། རེག་བྱ། མཇུག་གི་ཨཱཿ ཧཱུྃ། གསུང་ཐུགས་ཀྱི་ཡི་གེས་སྦྱོང་སྤེལ་བསྒྱུར་བ་འགྲེས། འདི་དག་གི་སྐབས་སུ་ཕྱི་མཆོད་རྣམས་མཆོད་རྫས་ཐོགས་པའི་མཆོད་པའི་ལྷ་མོ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསལ་གདབ་དགོས་པ་ཡིན། བོདྷི་ཙིཏྟ། བྱང་ཆུབ་སེམས། གུ་ཧྱ།


GTN006_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ། པཱུ་ཛ། མཆོད་པ་ཡིན། སྨན་ཕུད་ལ་འབྲུ་གསུམ་སྦྱངས་སྦར་རྟོགས་གསུམ་གྱི་ས་བོན་ཏེ། འོག་མ་གཉིས་ལའང་འགྲེ། སྣོད་རང་བྱུང་ཀ་པཱ་ལར་བཅུད་ཤ་ལྔ་དང་བདུད་རྩི་ལྔ་རྣམས་དེ་བཞིན་གཤེགས་པ་ཡབ་ཡུམ་བཅུ་སྦྱོར་བ་མཛད་པ་ལས་བྱུང་བས། གཉིས་འཛིན་གྱི་རྟོག་པ་སྦྱངས་ཏེ། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩི་ལ། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་ཀྱང་བསྡུས་ནས་རོ་གཅིག་ཏུ་ཐིམ་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས། སརྦ་པཉྩ་ཨ་མྲ໏ཏ། ཐམས་ཅད་བདུད་རྩི་ལྔ། ཧཱུྃ། དམ་ཚིག་གི་ངོ་བོར་ཞུ་བ། ཧྲཱིཿ ཡེ་ཤེས་ཀྱི་བདུད་རྩི་དགུག་པའི་ས་བོན་དེ་གཉིས་ཋཱཿ ཡིག་གིས་གཉིས་སུ་མི་གནས་པར་གྲོལ་བ་བྱེད་པའོ། །དེ་ལྟར་སྔགས་ལན་གསུམ་བརྗོད། རཀྟ་ཡང་གོང་བཞིན་ལ། ཐོད་པའི་ནང་དུ་ཁམས་གསུམ་དུ་ཞེན་པའི་ཆགས་རྟོག་ཐམས་ཅད་བསྡུས་ཤིང་སྦྱངས་པ་ལས། ཆགས་མེད་བདེ་བ་ཆེན་པོ་རཀྟའི་རྒྱ་མཚོ་ཇི་ལྟར་དུ་འདོད་པའི་མཆོད་སྤྲིན་དུ་བསམ། མ་ཧཱ་རཀྟ། ཁྲག་ཆེན་ནམ། ཆགས་པ་ཆེན་པོ། ཛྭ་ལ། འབར་བ། མཎྜལ། དཀྱིལ་འཁོར། ཧཱུྃ་ཧྲཱིཿ ཋཿ སྔར་བཞིན་ཏེ། སྔགས་ལན་གསུམ་བརྗོད། གཏོར་གཞོང་རིན་པོ་ཆེའི་མཆོད་སྡོང་ས་གཞི་དང་མཉམ་པའི་ནང་དུ། གཏོར་རྫས་བཟའ་བཅའ་ལྡག་མྱོང་འདོད་ཡོད་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་བསམས་ལ། མ་ཧཱ་བ་ལིངྟ་གཏོར་མ་ཆེན་པོ་སྟེ། སྒྲ་དོན་སྟོབས་དང་ལྡན་པ་དང་། ཞེས་བཟའ་བཏུང་གིས་ལུས་སྟོབས་རྒྱས་པར་བྱེད་པས་ན། འབྲས་མིང་རྒྱུ་ལ་བཏགས་པ། ཏེ་ཛྭ། གཟི་བརྗིད། བ་ལིངྟ་གཏོར་མ།
བ་ལ་བ་ཏེ། སྟོབས་དང་ལྡན་པའི་ཆེད་དུ། གུ་ཧྱ་ས་མ་ཡ། གསང་བའི་དམ་ཚིག ། ཧཱུྃ་ཧྲཱིཿ ཋཱཿ སྔར་བཞིན་ནོ། །སྔགས་ལན་གསུམ། དེ་ལྟར་སྔོན་འགྲོའི་ཆོས་རྣམས་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་གསུམ་རྟེན་འབྲེལ་གྱི་འགྲོས་མཚུངས་པའི་སྒོ་ནས་དག་རྫོགས་སྨིན་གསུམ་རྩི་ན། སྦྱང་བྱ་འཁོར་བའི་དུས་སུ་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ། སྐྱེ་གནས་ཀྱི་སྐྱོན་དང་། ཕྱི་མའི་གནས་སུ་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱོང་ཞིང་བསྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་སོག་པ་རྣམ་པར་དག་པར་བྱེད། སྦྱངས་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་། ཚོགས་གཉིས་གསོག་ཅིང་འོད་ཟེར་ཆེན་པོས་དབང་བསྐུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་ལ་སོགས་པ་དང་མཐུན་པས་འབྲས་བུར་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གི་རྩ་རླུང་ཐིག་ལེའི་བགེགས་དང་གོལ་ས་ཆོད་ཅིང་། ཉམས་རྟོགས་ཀྱི་རྩ་ཁ་བསྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ཐུན་མོང་མ་ཡིན་པའི་སྔོན་འགྲོས་རྒྱུད་སྦྱོང་བ་སོགས་ལམ་གྱི་རིམ་པ་རྣམས་བརྗོད་ཟིན་ཏོ། །

དངོས་གཞིའི་གཞི་ལམ་འབྲས་གསུམ་དང་། ཏིང་འཛིན་རྣམ་གསུམ།


GTN006_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དངོས་གཞིའི་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པར་གཞི་ལམ་འབྲས་གསུམ་གྱི་གོ་བ་ཅུང་ཟད་ཆགས་དགོས་པས་དེ་བཤད་པ་ལ། ཡ་གི་ཆོས་སྐུ་ཀུན་ཏུ་


GTN006_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ནས། མ་གི་འཇག་མའི་སྲིན་བུ་ཡན་ཆད་མཚུངས་པར། སངས་རྒྱས་ཐོབ་པའི་ཉེ་རྒྱུར་གཅིག་པར་འདོད་པ་ལ་གཞི་རྒྱུད་ཅེས་བྱ་བ་ཡིན། རང་ཤར་ལས། ལུས་ལ་ཡེ་ཤེས་ཆེན་པོས་ཁྱབ། །ཏིལ་འབྲུ་ལ་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་བརླན་གྱིས་ཁྱབ་པར་བྱེད། །ཅེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་དང་། མགོན་པོ་བྱམས་པས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། ཀླུ་སྒྲུབ་ཀྱིས། དེ་ལྟར་རང་ལུས་བུམ་པ་ཉིད། །དེ་ཉིད་མར་མེ་ལྟ་བུ་སྟེ། །བླ་མའི་ཞལ་གྱིས་ལེགས་བཅགས་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་སོ། །དེ་ལྟར་ཡིན་ཚུལ་ཡང་རང་ངོ་ཤེས་པས་གཞི་ཐོག་ནས་འཁྲུལ་མ་མྱོང་བ་ལ་ཐོག་མའི་སངས་རྒྱས་ཞེས་བཏགས་པ་སེམས་ཉིད་ཞལ་ཕྱག་གི་རྣམ་པར་འཆར་བའི་ལྷ་ཞེས་བརྗོད། གཞི་དེ་ལྟར་ཡིན་ཡང་གློ་བུར་ཉོན་མོངས་པའི་དྲི་མའི་སྦུབས་སུ་ཚུད་པ་ནི། རིག་པ་གཞི་ཐོག་ནས་གཡོས་པའི་སྐད་ཅིག་མར་རང་སྣང་རང་ངོ་མ་ཤེས་པས་ལྷན་སྐྱེས་ཀྱི་མ་རིག་པས་བསྒྲིབས་ཏེ། ཀུན་ཏུ་བརྟགས་པའི་མ་རིག་པས་བདག་དང་གཞན་དུ་བཟུང་ནས་འཁྲུལ་བ་ལུ་གུ་རྒྱུད་དུ་བྱུང་བས་སེམས་ཅན་ཞེས་མིང་ཆགས། འདིའི་སྐབས་སུ་གཞི་དེ་རང་བཞིན་གྱིས་གསང་བ། གབ་པའི་གསང་བ། སྦས་པའི་གསང་བ། མ་རྟོགས་པའི་གསང་བ་བཞིས་ཆོད་དེ་བུམ་ནང་དུ་མར་མེ་ཚུད་པ་


GTN006_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རང་གི་ངོ་བོ་སྟོན་མི་ནུས་པ། རྒྱུད་བླ་མ་ལས། སངས་རྒྱས་པད་ངན་སྦྲང་མ་སྦྲ་རྩི་དང་། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་སྙུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ལ་མི་བདག་དང་། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟར་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་དཔེ་དགུས་བསྟན་པ། དེ་ལ་སེམས་ཉིད་བདེན་གཉིས་དབྱེར་མེད་གསེར་དང་གསེར་གྱི་སེར་པོ། གཡུ་དང་གཡུ་ཡི་ངོ་བོ། མར་མེ་དང་མར་མེའི་འོད་ལྟ་བུར་ཟུང་འཇུག་ངོ་བོ་གཅིག་པའི་བདག་ཉིད་དེ་ནི་བཅོས་མ་གློ་བུར་གྱི་ཆོས་མ་ཡིན་པ། གདོད་མ་ཁུངས་ཐུབ་ཀྱི་ཆོས་གཤིས་ལུགས་སུ་ཡེ་ནས་གནས་པ་ལ། མདོ་རྒྱུད་རྣམས་ལས་རྣམ་གྲངས་དུ་མའི་མིང་གིས་བཤད་དེ། བདེན་གཉིས་དབྱེར་མེད་དུ་གནས་པ་དེ་ཉིད་སངས་རྒྱས་ཀྱི་ངོ་བོ་ཡིན་པའི་ཆ་ནས། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་། སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་དང་། སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་འཆར་རུང་མ་འགགས་པར་གནས་པས་རང་བཞིན་གནས་རིགས་དང་། འཁོར་འདས་གཉིས་ཀའི་འབྱུང་གཞི་ཡིན་པས་ཀུན་གཞིའི་ཡེ་ཤེས་དང་། སེམས་ཅན་གྱི་དུས་སུ་དྲི་མ་དང་འབྲེལ་བས་དྲི་བཅས་དེ་བཞིན་ཉིད། དྲི་མ་དེས་རང་བཞིན་ལ་གོས་མ་མྱོང་བས་རང་བཞིན་རྣམ་དག་བྱང་ཆུབ་བཅས་སོགས་བསྙད་ཅིང་། ཁྱད་པར་སྔགས་ཀྱི་ཐེག་པ་འདིར་ཀྲཱ་ཡས་བདག་གི་དེ་ཁོ་ན་ཉིད་དང་། ཨུ་བྷ་ཡས་བྱང་ཆུབ་ཀྱི་སེམས། ཡོ་གས་ཐོག་མཐའ་མེད་པའི་བྱང་


GTN006_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ། མ་ཧཱ་ཡོ་ག་བས་རང་རིག་པ་བྱང་ཆུབ་ཀྱི་སེམས་དབྱེར་མེད་སྤྱོད་ཡུལ་བའམ། བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ། ཨ་ནུས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཨ་ཏི་ཡོ་ག་བ་རྣམས་ཀྱིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སོགས་སུ་བཏགས་པ་སྟེ། གཞི་གནས་རང་བཞིན་རྣམ་དག་གི་ལྷ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན་སྙམ་ན། འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་པ་མེད་པའི་གནས་ལུགས་ཡེ་ཤེས་གསུམ་ལྡན་ཏེ། ཐུགས་ཐིག་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང༔ ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ༔ སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན༔ ཞེས་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས། འདི་ལྟར་སེམས་ཉིད་སྣ་ཚོགས་སུ༔ སྣང་ཞིང་སྲིད་པའི་དངོས་པོ་ཀུན༔ རང་བཞིན་རྣམ་དག་ལྷ་ཡི་དབྱིངས༔ ལྷ་ཡི་རོལ་པ་ལྷ་ཡི་སྐུ༔ དེ་བཞིན་དངོས་གཞན་མ་ལུས་པ༔ ཡེ་ནས་ལྷ་ཡི་རང་བཞིན་བས༔ ལྷ་ཡི་གཞི་ཤེས་རབ་ཏུ་བརྗོད༔ ཅེས་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་གཞན༔ ཡེ་ནས་མ་བཙས་ལྷའི་བདག་ཉིད༔ ཅེས་སོ། །གཞི་རྒྱུད་དེ་རྟོགས་པར་བྱེད་པ་ལ། བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ནས་སྨིན་བྱེད་དང་། གྲོལ་བྱེད་ཁྲིད་ཀྱི་གདམས་པ། རྒྱབ་རྟེན་ལུང་སོགས་ཞུས་ནས། ལམ་གསང་སྔགས་རྡོ་རྗེ་ཐེག་པའི་རིམ་པ་གཉིས་ལ་སྦྱོང་རྩོལ་གྱིས་གནད་དུ་བསྣུན་པས་གཞི་སྒྲིབ་བྱེད་ཀྱི་དྲི་མ་དེ་སྦྱོང་བའི་ཐབས་ལ་ལམ་རྒྱུད་ཅེས་མིང་


GTN006_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པ། རིམ་གསུམ་ལས། ངོ་བོའི་གཞི་དང་བཏགས་པའི་གཞི། །ཞེས་པས་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ནི་དྲི་མ་སྦྱོང་བའི་གཞི་ནོར་བུ་རིན་པོ་ཆེ་ལྟ་བུ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོ། །ནོར་བུའི་འདམ་རྫབ་ལྟ་བུ་ནི་བཏགས་པའི་གཞི་ཞེས་མེད་སྣང་འཁོར་བའི་ཆོས་ཐམས་ཅད་སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུ་དེ་ནི་གཉིས་མེད་ལ་གཉིས་སུ་བཟུང་བའི་ལོག་ཤེས་ཀྱི་འཁྲུལ་རྟོག་སྟེ། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་དོགས་པ་སྐྱེས་ཚེ། ཐག་ཁྲ་ལ་སྦྲུལ་གྱི་གཞིར་མ་གྲུབ་པ་བཞིན་དུ་འཁོར་བར་འཛིན་པའི་དུས་ན་འཁོར་བ་མ་གྲུབ་པ་བཞིན་མེད་པ་ལ་ཡོད་པར་བཟུང་བའི་འཁྲུལ་སྣང་དེ་དག་བྱ་ཡིན་པ། ཞལ་ལུང་ལས། འཁོར་བའི་ཆོས་རྣམས་ཐག་ཁྲ་ཡི། །སྦྲུལ་ལྟར་མེད་པ་ཉིད་དུ་འདོད། །ཅེས་སོ། །དེ་ཡང་བསྐྱེད་རིམ་གྱི་སྐད་དོད། ཨུཏྤཏྟི་ཀྲ་མ་ཞེས་པའི་ཨུཏྤཏྟི་ནི་བཅོས་པའམ་བཏགས་པ་སོགས་ལ་འཇུག་པའི་རྣམ་པར་རྟོག་པས་གསར་དུ་བཅོས་པའམ་བཏགས་པའི་དོན་དེ་བསྐྱེད་པ་ཡིན་ལ། གང་ལ་བཅོས་ཤིང་གདགས་པའི་གཞི་ནི་རྫོགས་པའི་རིམ་པ་སྟེ། ནིཥྤནྣ་ཀྲ་མ་ཞེས་པའི། ནིཥྤནྣ་ནི་མ་བཅོས་པ། གྲུབ་པ་རྫོགས་པ་སོགས་ལ་འཇུག་པས། བཅོས་མེད་ཤུགས་འབྱུང་གི་དོན་ཏེ། གཉིས་ཀའི་ཀྲ་མ་ནི། རིམ་པ་སྟེ། ཐབས་སམ་ལམ་གྱི་གོ་རིམ་གྱི་དོན་དུ་འགྱུར་བས། བཅོས་ཤིང་བཏགས་པའི་རྗེས་སུ་དཔག་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་


GTN006_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་བསྐྱེད་རིམ་དང་བཅོས་མ་དང་བྲལ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་བའི་ལམ་འཁོར་བཅས་ལ་རྫོགས་རིམ་ཞེས་བྱའོ། །ལྷ་ཞེས་བྱ་བའང་གང་གིས་གདགས་པ་མིང་གི་སྒོ་ནས་དབྱེ་ན། ཨ་བྷིངྷ་ན་ཞེས་བྱ་བའི་གཙུག་ལག་ལས། མི་འཆི་དཔའ་དང་ལྷག་པར་བརྟན། །འདོད་སྟོན་སྟེར་དང་ཞི་བ་དང་། །ལུས་གནས་ཕན་པ་སྒྲུབ་པ་དང་། །བཀུར་བར་འོས་ཕྱིར་ལྷ་ཞེས་བྱ། །ཞེས་འབྱུང་བ་ལས་ཅི་རིགས་པར་སྦྱར་ཞིང་། ངོ་བོའི་སྒོ་ནས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ལྷ་དང་། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་དང་། དེ་དག་གི་བྱིན་རླབས་མཚན་མའི་ལྷ་ཞེས་གྲགས་པ་རྣམས་ཡིན་ནོ། །དེ་ལ་ཐོག་མ་ཉིད་དུ་སྒྲུབ་པ་པོས་བསྒྲུབ་བྱའི་གཞིའི་ལྷ་དེ་གང་ཡིན་པ། ངེས་པ་གཏིང་ནས་རྙེད་པ་དགོས་ཏེ། གཞན་དུ་སྒྲུབ་གཞི་མེད་པའི་སྒྲུབ་བྱེད་ཙམ་དུ་ཟད། མདོར་ན་འགྲོ་བའི་སེམས་ཉིད་ལྷའི་ཕྱག་རྒྱར་བཞེངས་པ་དང་། ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་གདོད་ནས་གྲུབ་པ་ལ། དམ་ཚིག་སེམས་དཔའ་ཡིན་ཞིང་། དེ་ལ་རང་སྣང་ཡེ་ཤེས་ཀྱི་ལྷ་བསྟིམས་པ་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་མ་ནས་དབྱེར་མི་ཕྱེད་པའི་རང་བཞིན་ཅན་དུ་བཞུགས་པ་ནི་དམ་ཡེ་གཉིས་མེད་ཀྱི་དོན་ནོ། །ནོར་བུ་ཉིད་འདམ་གྱི་དྲི་མ་ལས་མ་གྲོལ་བར། རང་གི་བྱ་བ་བྱེད་མི་ནུས་པ་ལྟར་གཉིས་མེད་ཀྱི་དོན་དེ་ཡང་མ་རྟོགས་ན་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས་དྲི་མ་སྦྱང་དགོས་ལ། དེ་སྦྱོང་བྱེད་ཀྱི་ཐབས་ནི་འཁྲུལ་པ་བློ་བུར་པ་ཀུན་བཏགས་ཀྱི་ཆ་རྣམས་བསྐྱེད་རིམ་གྱིས་དང་། ས་བོན་གྱི་ཆ་ནི་རྫོགས་


GTN006_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་སྦྱོང་བ་ཡིན་ཞིང་། ཇི་ལྟར་སྦྱང་ན། འཁྲུལ་པའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་བའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་སྒྱུར་བར་བྱེད་པ་ཡིན་ལ། སྒྱུར་ཚུལ་དེའི་རང་ངོ་ལ་བསལ་བཞག་མེད་པར་བཞག་པས། གང་ཤར་གྱི་རང་བཞིན་དག་སྣང་དུ་འཆར་བའི་གནད་ཀྱིས་ཏེ། རྒྱུ་མཚན་དེའི་གསང་སྔགས་ཀྱི་ཐེག་པ་འདིར་ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས། འབྲས་བུ་ལམ་བྱེད་ཀྱི་དོན་ཡང་དེ་ཡིན་པའི་ཕྱིར་ན། མཚན་ཉིད་ཐེག་པ་བས་གཞི་སྤོང་འགེབས་སྦྱོང་བའི་ལམ་ལས་ཁྱད་པར་དུ་འཕགས་པའོ། །གཞི་དེའི་དྲི་མ་མ་དག་པའི་སྐབས་སུ་སེམས་ཅན་དང་ལམ་ཉམས་སུ་བླངས་པས་དྲི་མ་དག་མ་དག་གཉིས་ལྡན་ཀྱི་སྐབས་སུ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། ཤིན་ཏུ་རྣམ་དག་གི་སྐབས་སུ་དེ་བཞིན་གཤེགས་པའི་གནས་སྐབས་གསུམ་དུ་རྣམ་པར་གཞག་སྟེ། རྒྱུད་བླ་མར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས། གཞི་ལ་གནས་པའི་དྲི་མ་ལམ་གྱིས་སྦྱངས་པས་འབྲས་བུ་གཞི་དེའི་ངོ་བོ་མངོན་དུ་གྱུར་པ་ལ་འབྲས་རྒྱུད་ཅེས་བཏགས་པ་སྟེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ཡང་བུམ་པའི་ནང་གི་མར་མེས་མུན་པ་སེལ་བ་སོགས་མི་ནུས་ཀྱང་བུམ་པ་


GTN006_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་ན་ཐམས་ཅད་གསལ་ནུས་པའི་འོད་སྣང་སྤྲོ་བ་མར་མེའི་ངོ་བོ་གཅིག་པ་ལས་བཟང་ངན་མེད་པ་བཞིན། གཞི་དེ་རང་གི་ངོ་བོ་སེམས་ཅན་གྱི་དུས་ཀྱང་ངན་དུ་མ་སོང་ཞིང་། སླར་ཉོན་མོངས་པའི་དྲི་མ་དག་ནས་གཞི་མངོན་དུ་གྱུར་པར་འབྲས་བུའི་མིང་བཏགས་དུས་བཟང་དུ་སོང་བའང་མེད་པར་གཞི་འབྲས་ལྟོ་འབྱོར་བ་ཞེས་བྱ་སྟེ། རྒྱུད་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པའང་། །རང་མིང་ངང་གིས་དབྱེར་མེད་པ། །དེ་མིན་ཞེན་པར་དགྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །དེས་ན་འབྲས་ཆོས་ཉེར་ལྔ་རྟེན་སྐུ་བརྟེན་པ་ཡེ་ཤེས། མཛད་པའི་ཕྲིན་ལས་རྣམས་གཞི་ལ་རང་ཆས་སུ་ཡོན་ཏན་དེ་དག་ལྡན་པ་ཡིན་ནོ། །འདི་རྣམས་གོ་སླ་ཕྱིར་སྙན་ཚིག་སྡེབ་སྦྱོར་གྱི་མཚན་ཉིད་སོགས་མ་བྱས་པར་ཕལ་སྐད་དུ་བྲིས་པར་མཁས་པ་རྣམས་ཀྱིས་ཐུགས་ཁྲེལ་མཛད་མི་འཚལ་ལོ། །དེ་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་དབྱེ་ཤེས་པས་གཞི་དེ་ལྷའི་ངོ་བོ་བསྐྱེད་པའི་རིམ་པ་སྟོན་པ་ལམ་གྱི་ཆོ་ག་ལ་ནང་གསེས་སུ། བསྐྱེད་རིམ་སྐུའི་རྣམ་འབྱོར། བཟླས་པ་གསུང་གི་རྣམ་འབྱོར། རྫོགས་རིམ་ཐུགས་ཀྱི་རྣམ་འབྱོར་དང་གསུམ་མོ། །དང་པོ་ལ་རྒྱུའི་ཏིང་འཛིན་རྣམ་གསུམ། རྟེན་གཞལ་ཡང་ཁང་། བརྟེན་པ་ལྷ་བསྐྱེད། སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ། མཆོད་འབུལ། བསྟོད་པ། བཤགས་པ་དང་དགུའོ། །དང་པོ་རྒྱུའི་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ་ལ། ཆོས་སྐུ་དེ་བཞིན་ཉིད་


GTN006_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཏིང་འཛིན་ནི། ཧྲཱིཿ ཆོས་ཀུན་ཡེ་སྟོང་ཀ་དག་ཟང་ཐལ་ལས༔ ཞེས་འདིས་སྦྱང་བྱ་སེམས་ཅན་རྣམས་འཆི་བའི་ཚེ། ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་འཐར་སྣང་མཆེད་ཐོབ་གསུམ་སྔ་མ་ཕྱིར་མར་ཐིམ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་སྐད་ཅིག་མ་དེར་ངོ་མ་ཤེས་ན་ལྡོག་པ་ཅན་གྱི་འཆི་སྲིད་ཆོས་སྐུའི་འོད་སྣང་གསལ་སྟོང་རྣམ་པར་མི་རྟོག་པ་དང་གཅིག་འཆར་བ་དེ་ཡིན་ལ། སྦྱོང་བྱེད་ད་ལྟའི་ཐ་མལ་གྱི་ཤེས་པ་སེམས་ཉིད་མ་བཅོས་གཉུག་མའི་གཤིས་ལུགས་བཟོ་བཅོས་མེད་པ་དྲང་ཐད་དུ་མཉམ་པར་བཞག་པའི་ཚེ། སྣང་བའི་ཆོས་ཀུན་གང་དུའང་མ་སོང་། གར་ཡང་མི་གནས། ཅིར་ཡང་མ་རྟོག །དེར་འཛིན་མེད་པའི་ཡེ་ནས་སྟོང་པ་ཀ་དག་ཟང་ཐལ་ཆོས་ཉིད་ཀྱི་རང་ངོ་མཐོང་བ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ལ། དེའི་མཚན་ཉིད་གདོད་ནས་ཡོད་མ་མྱོང་བའི་ཕྱིར། མེད་པ་མ་གྲུབ་ལ། མེད་མ་མྱོང་བའི་ཕྱིར་ཡོད་པ་མ་གྲུབ་པས་རྟག་ཆད་ཀྱི་ཆོས་གང་དུའང་མི་གནས་པའི་སྟོང་པ་ཉིད། ཤེས་བྱས་གཏན་ལ་མི་ཕེབས་ཤིང་ཚིག་གིས་བརྗོད་དུ་མེད་པས་མཚན་མ་མེད་པ། རང་གི་ངོ་བོ་འདུས་བྱས་ཀྱི་ཁམས་སུ་མི་གནས་པས་སྨོན་པ་མེད་པའི་དོན་ཏེ། རྣམ་ཐར་གསུམ་གྱི་མཚན་ཉིད་ལ་གནས་པ་ཡིན་ནོ། །སྦྱངས་འབྲས་ནི། ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ལ། སྦྱང་བྱ་སྦྱངས་འབྲས་གཉིས་ཀ་ཏིང་ངེ་འཛིན་ཉིད་དང་རྣམ་པ་མཐུན་ལ། དེ་ལྟར་བསྒོམས་པས་མར་འཁོར་བའི་དུས་འཆི་སྲིད་ཀྱི་བག་ཆགས་དང་། དངོས་


GTN006_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འཛིན་པ་སྦྱངས་ཤིང་དག་པར་བྱེད། ཡར་ཆོས་སྐུའི་རིགས་ཀྱི་ནུས་པ་གསོས་འདེབས་པས་མྱང་འདས་ཀྱི་འབྲས་བུ་རྫོགས་པར་བྱེད། བར་དུ་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོའོ། །གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་ལོངས་སྤྱོད་རྫོགས༔ མ་རྟོག་འཁྲུལ་སྣང་སེམས་ཅན་སྙིང་རེ་རྗེ༔ ཞེས་པ་འདིའི་སྦྱང་བྱ་འཆི་སྲིད་ཆོས་སྐུའི་འོད་གསལ་ངོ་མ་ཤེས་པའི་སྐད་ཅིག་དེ་ལ་དབྱིངས་དང་ཡེ་ཤེས་གཉིས་སུ་དབྱེར་མེད་པ་རླུང་དང་སེམས་གཉིས་ལས་བར་དོའི་ཡིད་ལུས་དབང་པོ་ཀུན་ཚང་འགྲུབ་སྟེ་རྨི་ལམ་ལྟར་ཡད་ཡུད་ཕྱད་ཕྱོད་དུ་སྣང་བ་དྲི་ཟ་ཉེ་བར་ལེན་པ་དེ་ཡིན་ལ། སྦྱོང་བྱེད་ནི་(༢༦པ་ཆད།) ཤེས་འཁྲུལ་པའི་ངོར་སྣང་བའི། འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པའི་རང་སེམས་མ་དག་པའི་ལས་སྣང་རྣམས་ཡིན། དེ་སྦྱོང་བྱེད་ནི། ཕྱི་སྣོད་དང་ནང་བཅུད་རང་བཞིན་མ་གྲུབ་པར་བསྒོམས་པའི་བསྲུང་འཁོར་རྡོ་རྗེའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་གི་རིག་རྩལ་སྟོང་ཉིད་གསལ་ཆ་མ་འགགས་པར་ཡི་གེ་ཧཱུྃ། དེ་ལས་ཆད་པའི་ཨེ་སོགས་ས་བོན་རྣམས་སྤྲོས་པས་རིམ་བཞིན་དུ་ཨེ་ལས་ཆོས་འབྱུང་མཐིང་ག་རྩ་བ་ཕྲ་བ་ཐུར་དུ་ཟུག་པ་ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ་རྒྱ་ཚད་འབྱམས་ཀླས་པ། དེའི་སྟེང་དུ་ཡྃ་ལས་རླུང་དཀྱིལ་རྒྱ་གྲམ་ལ་དུ་བ་ལྟ་བུའི་འོད་ཟེར་ལྗང་ནག་གི་མུ་ཁྱུད་བསྐོར་བ། དེ་སྟེང་རྃ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་མེ་ལྕེ་འབར་བའི་ཕྲེང་བས་བསྐོར་བ། དེའི་སྟེང་དུ་བྃ་ལས་ཆུ་


GTN006_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་དཀར་པོ་ཟླུམ་འཁྱིལ། མཐའ་འོད་ཟེར་དཀར་པོས་བསྐོར་བ། དེ་སྟེང་སུྃ་ལས་ས་དཀྱིལ་གསེར་གྱི་རང་བཞིན་གྲུ་བཞི་འོད་ཟེར་སེར་པོས་བསྐོར་བ་སྟེ། ནམ་མཁའ་ཀུན་ཁྱབ་ལ། ས་ཆུ་མེ་རླུང་འབྱུང་བ་བཞིས་ཁྱབ་པར་བརྡལ་བའི་སྟེང་དུ་རི་རབ་བང་རིམ་བཞིའི་རྣམ་པ་ཅན་བསྒོམས་པ་རི་རབ་ཀྱི་རྩེ་མོ་གཞལ་ཡས་ཁང་གི་འོག་གཞིར་འགྱུར་བ་གསེར་གྱི་ས་གཞི་ལ་རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ་པ། དབྱར་ཀྱི་མཛེས་པ་ངོམ་པའི་མེ་ཏོག་དཀར་སེར་དམར་ལྗང་མཐིང་གའི་ཚལ་དང་། མ་རྨོས་པའི་ལོ་ཏོག་རྒྱས་པ། འཆི་བ་མེད་པ་སྟེ་ལྷའི་ཆུ་བོ་འབབ་པ། ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་རྫིང་བུ། ཡིད་ལ་ཅི་འདོད་ཐམས་ཅད་འབྱུང་བའི་དཔག་བསམ་གྱི་ལྗོན་ཤིང་རླུང་གིས་བསྐྱོད་པར་དྲི་བསུང་བཟང་པོའི་ངད་འཐུལ་བས་དབང་པོ་གསོ་བ། ཆར་སྤྲིན་དང་འཇའ་འོད་སྣ་ལྔ་འཁྲིགས་པའི་ནང་ནས་ལྷའི་བུ་དང་བུ་མོས་མཆོད་པའི་རོལ་མོ་སྙན་པའི་སྒྲ་སྒྲོགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་དགྲ་བཅོམ་པ་རྣམས། ཐེག་པ་ཆེ་ཆུང་གི་ཆོས་ཀྱི་མཛད་སྤྱོད་ངོ་མཚར་བ་སོགས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་དེ་ན། ཞེས་སོ། །སྦྱངས་འབྲས་ནི། དོན་དམ་ཡེ་ཤེས་མ་འཁྲུལ་པའི་རང་སྣང་ཆོས་ཀྱི་དབྱིངས་ཐར་པ་ཆེན་པོ་རྡོ་རྗེ་བཙུན་མོའི་བྷ་ག་དང་། དེའི་ཕྱག་རྒྱ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའོ། །དེའི་སྟེང་དུ་བཞུགས་གནས་གཞལ་ཡས་ཁང་བསྐྱེད་པ་ནི། བྷྲཱུྃ་ལས་སོགས་ཤོ་


GTN006_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀ་གཅིག་སྟེ། འདིའི་སྦྱང་བྱ་སེམས་ཅན་རྣམས་རྒྱུ་ཞིང་ལོངས་སྤྱོད་པའི་གནས་ཡུལ་དང་ཁང་ཁྱིམ་ལ་སོགས་པ་དངོས་པོར་འཛིན་པའི་ཞེན་རྟོག་ཡིན་ནོ། །སྦྱོང་བྱེད་ནི། རྒྱུའི་ཏིང་ངེ་འཛིན་ཧཱུྃ་ཡིག་དེ་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ཆད་པ་རི་རབ་ཀྱི་སྟེང་དུ་བབས་པ་འོད་དུ་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པ་སྟེ། དེ་ཡང་འབྱུང་རིམ་དཀྱིལ་འཁོར་དང་བཅས་པ་སྲུང་འཁོར་གྱི་ནང་དུ་ཚུད་པས་རྡོ་རྗེའི་རྭ་གུར་སོགས་སྔར་བསྒོམས་པ་དེ་ལས་གསལ་འདེབས་མི་དགོས་ཀྱང་། རི་རབ་ཀྱི་སྟེང་དུ་སྟོང་ཉིད་རྡོ་རྗེའི་ཆོས་བདུན་མཚོན་པའི་རྡོ་རྗེའི་ས་གཞི་ཁད་མཉམ་པའི་ཕྱི་མཐར་མི་རྟོག་པའི་ཡེ་ཤེས་དང་། སྒྱུ་མའི་དཔེ་བརྒྱད་མཚོན་པ་རྡོ་རྗེའི་རྭ་བ་ལྕགས་རི་ལྟ་བུས་བསྐོར་བ་ལས། ཡེ་ཤེས་ལྔས་བདུད་དང་ཉོན་མོངས་པ་སྲེག་བྱེད་མེ་དཔུང་ཁ་དོག་སྣ་ལྔ་མཐའ་མེད་དུ་འབར་བ་རྡོ་རྗེའི་རྭ་བའི་ནང་དུ་ཉེས་པའི་སྐྱོན་གྱིས་མ་གོས་པས་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་པདྨ་འདབ་མ་སྟོང་ལྡན་ཟེའུ་འབྲུའི་སྟེང་དུ་རང་བཞིན་གྱིས་འོད་གསལ་བའི་དོན་ཉི་མའི་དཀྱིལ་འཁོར་དངས་ཤིང་གསལ་བ། ཟེའུ་འབྲུའི་རྒྱ་དང་མཉམ་པ། དེའི་དབུས་སུ་སྟོང་ཉིད་ཡེ་ཤེས་གཞོམ་གཞིག་བྲལ་མཚོན་སྣ་ཚོགས་རྡོ་རྗེ་ལས་བཞིའི་རང་མདོག་ཅན། རྟེན་འབྲེལ་བཅུ་གཉིས་དག་པ་རྭ་བཅུ་གཉིས། ཆོས་ཉིད་འགྱུར་མེད་ལྟེ་བ་མཐིང་ཁ་གྲུ་བཞི་པའི་གཞི་ལ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་གྲུ་བཞི། དབང་པོ་ལྔ་མཚོན་རིན་པོ་ཆེ་ལྔའི་རྩིག་པ། ནང་ནས་དམར་དཀར་སེར་སྔོན་ལྗང་བ་ཕྱི་ནང་ལྔ་སྦྲགས་རེག་ལ་མ་འབྱར་བ། དེའི་


GTN006_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་འགྲམ་རྨང་ནས་དྲན་པ་ཉེར་བཞག་བཞིའི་མཚོན་དོན་འདོད་སྣམ་རིན་པོ་ཆེ་དམར་པོའི་སྟེགས་བུས་བསྐོར་བ། རྩིག་པའི་ཁར་ཕ་གུ་སེར་པོ་རིན་པོ་ཆེའི་ཕྲས་མཛེས་པ་བད་ཀྱི་ཚུལ་དུ་འཕྱར་བ། དེའི་སྟེང་དུ་བྲེ(་་་་)ང་གིས་བཏེགས་པའི་གདུང་མ། དེའི་སྟེང་དུ་ཐོག་ཕུབ་པའི་ཕྱམ་གྱི་སྣེ་ཙི་པ་ཏྲའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད་འཕྱངས་བ། ཕྱམ་གྱི་སྟེང་དུ་རྒྱ་ཕིབས་འདོད་སྣམ་གྱི་ཕྱི་མཐའ་ཁེབས་པ་ཙམ་གྱི་སྟེང་དུ་ཕྱིར་འཕྱར་བའི་ནང་གི་འོག་ཏུ་རིན་པོ་དཀར་པོའི་ཤར་བུ་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུ་ཕྲེང་བ་བསྒྲིགས་པའི་རྩེ་རྣམས་ཕྱམ་གྱི་མ་མཐའི་ཐད་དཀར་སླེབས་པ། རྒྱ་ཕིབས་ཀྱི་ཐོག་ཏུ་རྩ་བ་གནོན་བྱེད་རིན་པོ་ཆེའི་སྤང་ལེབ་དཀར་པོ་བང་རིམ་གསུམ་མམ་བཞི་ཡོད་པ་བསླངས་ནས་བསྒྲིགས་པ་པུ་ཤུའམ་ལན་ཀན་ཏུ་གྲགས་པ། གཞལ་ཡས་ཁང་གི་ནང་དུ་འཕགས་ལམ་ཡན་ལག་བརྒྱད་ལྡན་ཀ་བ་བརྒྱད་ཀྱིས་བཏེགས་པའི་ཀ་ཞུ་རྣམ་པར་ཐར་པ་བརྒྱད་མི་འཇིགས་པ་བཞིའི་གདུང་བཞི་བསྣོལ་མའི་སྟེང་དུ་སྟོང་ཉིད་བཅོ་བརྒྱད། ཕར་ཕྱིན་བཅུའི་མཚོན་དོན་ཕྱམ་ཉེར་བརྒྱད་བཏང་བའི་དབུས་ཀྱི་མཐོངས་ཁ་མ་གཏོགས་བཀབ་པའི་སྟེང་དུ། རིན་པོ་ཆེའི་སྤང་ལེབ་བསྒྲིགས་པའི་གྲལ་མ། ཐོག་ས་རིན་པོ་ཆེ་གཅལ་དུ་བཀྲམ་པ་དང་། གྲལ་ཐོག་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མཚོན། དབུས་ཕྱུར་བུ་ཞེས་པའི་དོན། མཐོངས་ཀའི་ཟུར་བཞིར་སོ་སོར་ཡང་དག་རིགས་པ་བཞི་མཚོན། ཀ་བའམ་ཤིང་བརྩེགས་ཀྱི་བཀོད་པས་བཏེགས་པའི་སྟེང་དུ་རྒྱ་ཕིབས་བཀལ་བའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་རྟོག་གིས་མཛེས་པར་


GTN006_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་སྟེ། སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་ཀློང་དུ་འཁྱིལ་བ་མཚོན། ཕྱོགས་བཞིའི་རྩིག་པའི་དབུས་དྲང་ཐད་དུ་ཚད་མེད་བཞི་ལྡན་སྒོ་བཞི་གྲུ་ཆད་དང་བཅས་པ། རྫུ་འཕྲུལ་གྱི་རྐང་པ་བཞིའི་མཚོན་དོན་སྒོ་ཁང་བཞི་རྣམས། (༢༨པ་ཆད།) མར་སྣེ་ཟུར་གཉིས་དང་ཡར་སྣེ་འདོད་སྣམ་ལ་ཐུག་པའི་ཟུར་གཉིས་བཅས་སུ་ཡང་དག་པར་སྤོང་བ་བཞིའི་དོན་ཀ་བ་བཞི་བཞིའི་སྟེང་དུ། རྣམ་ཐར་བརྒྱད་ཀྱི་ཀ་ཞུ་དང་། མི་འཇིགས་པའི་གདུང་བཞི་བསྣོལ་མར་བཏང་བའི་སྟེང་དུ་བསྡུ་བའི་དངོས་པོ་བཞི་མཚོན་པའི་འབྲས་བུའི་རྟ་བབས་བརྒྱད་དེ། རྟ་རྐང་། ཆུ་སྐྱེས། སྒྲོམ། ཟར་ཚག །སྣ་མཆོ༷ང་(འཕྱང་) ཆུན་འཕྱང་། ཤར་བུ། རྒྱ་ཕིབས་རྣམས་སོ། །དེ་རེ་རེ་ལའང་སྣམ་བུ་བརྒྱད་དམ་བཞི་ནི། ཐེག་པ་བརྒྱད་དང་། གྲུབ་མཐའ་བཞིའི་ཡོན་ཏན་རྫོགས་པ་འབྲས་བུའི་རྟ་བབས་བརྒྱད་དེ། འདིར་ཅུང་ཟད་དཀའ་བས་བཤད་པ་ཡིན་ལ། སྐབས་འདིར་རྟ་བབས་བཞི་མ་མཛད་ན་བདེའོ། །མཚོན་སྒོ་རྣམ་ཐར་བཞིའི་སྒོ་ནས་མཚོན་བྱ་བྱང་ཆུབ་ཆེན་པོར་འཇུག་པ་སྟེ། སྒོ་ཕུག་ཕྱི་ནང་གཉིས་སུ་རྣམ་ཐར་བརྒྱད་མཚོན་ཕྱིར་ཐེམ་སྐས་བཞི་བཞི་སྟེ་བབས་ཞོན་གྱི་རྟ་བབས་བརྒྱད་དང་ལྡན་པ་སྟེ། འབྲས་ཆུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བའི་རྒྱུད་དང་གཉིས་ཀའི་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་གཉིས། །རྣམ་ཐར་བརྒྱད་ཕྱིར་རྟ་བབས་བརྒྱད། །ཅེས་སོ། །རྒྱ་ཕིབས་སྟེང་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་མཚོན་པད་གདན་ལ་གནས་པའི་གསེར་གྱི་འཁོར་ལོའི་


GTN006_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དུ་གསེར་གྱི་རི་དྭགས་ཕོ་མོས་བརྟེན་པའི་སྟེང་དུ་ཐུགས་རྗེ་ཆེན་པོས་འགྲོ་བ་སྐྱོབས་པའི་གདུགས་དཀར་པོའི་རྩེ་མོར་ཏོག་གིས་མཛེས་པ། ཕ་གུ། བྲེ་ཕུལ་གྱི་སྣམ་བུ། ཤར་བུ། མདའ་ཡབ། ཕྱུར་བུ་ལྔ་ནི་སྟོབས་ལྔའི་མཚོན་དོན། སྙིང་རྗེ་ཆེན་པོའི་བ་དན། རིན་པོ་ཆེའི་དྲ་བ་དང་། དྲྭ་ཕྱེད་མེ་ཏོག་གི་ཕྲེང་བ། དར་དཔྱངས། མེ་ལོང་། ཟླ་གཟུགས། རྔ་ཡབ་སྟེ་རྒྱན་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན། བླ་བྲེ་ནི་ཆོས་ཉིད་རྣམ་པར་དག་པ། རྒྱལ་མཚན་ནི་བདུད་ལས་རྣམ་པར་རྒྱལ་ཞིང་ཆོས་མི་ནུབ་པ། སྟོང་པ་ཉིད་ཀྱི་ཆོས་སྒྲ་སྒྲོགས་པའི་གསེར་གྱི་དྲིལ་བུ་རླུང་བསྐྱོད་ཅན་ཀྱི་ཕྲེང་བ། དཔག་བསམ་གྱི་ཤིང་ལ་གནས་པའི་རིན་ཆེན་བདུན་དང་། བཀྲ་ཤིས་རྟགས་བརྒྱད་སོགས་ཕྱི་རྒྱན་ཏེ། འོད་རིམ་ལས། སྒོ་བཞིའི་གཡས་གཡོན་ལྗོན་ཤིང་དང་། །དཔག་བསམ་ཤིང་ཟུང་ཅོང་ཅོང་སྦྲེལ། །དྲིལ་བུ་གཡེར་ཁ་ཐེག་ཆེན་སྒྲོགས། །བཀྲ་ཤིས་བྱ་སྙན་སྒྲ་སྒྲོགས་ལྡན། །ཡིད་བཞིན་རིན་ཆེན་བརྒྱད་བསྐོར་བ། །རིན་ཆེན་ཕུང་པོ་བཞི་གཉིས་ལྡན། །ཞེས་སོ། །དེ་ལ་སོགས་པ་རྒྱན་དང་ཡོ་བྱད་བཀོད་པ་ཕུན་སུམ་ཚོགས་པའི་མཚན་ཉིད་རྫོགས་པ། འདོད་སྣམ་གྱི་ཕྱོགས་བཞིར་མིག་གིས་མཐོང་ཚད་ཡིད་འཕྲོག་པར་བྱེད་པ་མཆོད་པའི་ལྷ་མོ་བཞི་སྟེ། ཤར་སྟོད་དུ་པི་ཝཾ་མ་སྔོན་མོ་དང་། གླིང་བུ་མ་སེར་མོ། ཤར་སྨད་དུ་རྔ་ཟླུམ་མ་དམར་མོ་དང་། རྫ་རྔ་མ་ལྗང་བུ། ལྷོར་དེ་བཞིན་སྒེག་མོ་སྔོན་མོ། བཞད་མ་དམར་མོ་གཉིས་རང་རྒྱ། གླུ་མ་སེར་མོ་ཏིང་ཏིང་ཤག །གར་མ་ལྗང་གུ་གར་རྒྱ། ནུབ་ཏུ་མེ་ཏོག་མ་སེར་མོ། སྤོས་མ་ནག་མོ། མར་མེ་དམར་མོ། དྲི་


GTN006_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྗང་ཁུ། བྱང་དུ་གཟུགས་མ་དཀར་མོ་མེ་ལོང་། རོ་མ་དམར་མོ་ཟས་གཞོང་། རེག་མ་ལྗང་གུ་ན་བཟའ། ཆོས་དབྱིངས་མ་དཀར་མོ་ཆོས་འབྱུང་འཛིན་པ། དེ་རྣམས་ལས་གཅིག་དང་དུ་མའི་རྣམ་འགྱུར་མཆོད་ཚོགས་སྤྲིན་ལྟར་གཏིབས་པ་ཕྱག་ཏུ་བསྣམས་ནས་འཁོད་པ། སྒོ་ཁྱུད་ཀྱི་མཚམས་དང་། ཤར་ལྷོ་ལ་སོགས་པའི་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེ། གཞལ་ཡས་ཁང་ལ་འོད་ཟེར་ཀུན་ཏུ་འཕྲོ་བ་ནི་སྐུ་གསུང་ཐུགས་མི་འཛད་པ་རྒྱན་གྱི་འཁོར་ལོ། ཕྱི་དང་ནང་མེད་པ་ཀུན་ཏུ་དངས་གསལ་མི་སྒྲིབ་པར་སྣང་བ་ནི། ཐམས་ཅད་ཡེ་ཤེས་ཀྱི་རྩལ་སྣང་འབའ་ཞིག་ཏུ་གྱུར་པའོ། །དེ་ལྟར་མཚོན་བྱ་མཚོན་བྱེད་ཀྱི་དག་པ་རྣམས་དྲན་པ་གལ་ཆེ་ཡང་། ལས་དང་པོ་བས་སྒོམ་ཐེངས་གཅིག་ལ་མཐའ་དག་དྲན་པར་མ་ནུས་ན་གཞལ་ཡས་ཁང་གི་ཆོས་དེ་དག་ཐམས་ཅད་སངས་རྒྱས་རྣམས་ཀྱི་སྤངས་རྟོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དེ་དང་དེའི་མཚོན་བྱེད་དུ་ཤར་བ་ཡིན་ནོ་སྙམ་པས་ཀྱང་དག་དྲན་རྗེས་མཐུན་པར་འགྱུར་རོ། །དེ་དག་གི་སྦྱངས་འབྲས་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བརྟེན་གནས་སུ་བཤད་པས་ན། དེ་ཉིད་ཀྱི་རང་བཞིན་གཞལ་ཡས་ཁང་ནི་རྡོ་རྗེ་བཙུན་མོ་བྷ་གའི་མཁའ་ཀློང་མཚོན་པ་དང་། ཐར་པ་ཆེན་པོའི་གཞལ་མེད་ཁང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་གནས་ལུགས་ཇི་ལྟ་བའི་དོན་གྱི་འོག་མིན། རང་སྣང་རྣམ་པར་དག་པའི་གཞལ་མེད་ཁང་ཡིན་ལ། དེའང་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་ནི་རྩ་འཁོར་


GTN006_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལྔ་དང་དབུ་མ། དཀྱིལ་འཁོར་གྱི་གཞི་པད་ཉི་རྒྱ་གྲམ་ནི་རྩ་འཁོར་གྱི་ལྟེ་བའི་རླུང་དང་ཐིག་ལེ། དེ་རྣམས་དང་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་ནི་གཞལ་མེད་ཁང་། དེ་ཉིད་ལེགས་པར་བསྒོམས་པས་རྩ་ཐིག་རླུང་གསུམ་མཉེན་ཞིང་བཏུལ་བས་རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་བཏིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོའོ། །དེ་ཡང་དང་པོའི་སངས་རྒྱས་ཉིད་ཀྱི་རྒྱུ་ཚོགས་གཉིས་ལས་རང་བྱུང་དུ་གྲུབ་པ་ཚད་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་གཞལ་ཡས་ཁང་ཡེ་ཤེས་ལྔའི་རང་བཞིན། རྒྱུ་དབྱིབས་ཁ་དོག་ལ་སོགས་པའི་ཁྱད་པར་སྣ་ཚོགས་པར་སྣང་བའི་རིན་པོ་ཆེའི་ཁམས་འདུས་པ་ལས་གྲུབ་པ་ལྟར་སྣང་ཡང་འཇིག་པ་མེད་པ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་སྟེ་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་ཅན་ཏེ། ཉང་གཏེར་འགྲོ་འདུལ་རང་བྱུང་ཡེ་ཤེས་ཀྱི་རྒྱུད་ལས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་རིན་པོ་ཆེའི་ས་གཞི་མིག་མང་རིས་སུ་བྲིས་པ། དང་པོ་ཆགས་པ་ཡོད་ལ་ཕྱི་མ་འཇིག་པ་མེད་པ། ཞེས་གསུངས་སོ། །གདན་བསྐྱེད་པ་ནི། འདིའི་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བ་ལེན་པའི་གནས། ཕ་མའི་ཁུ་ཁྲག་དང་། དྲོད་གཤེར་ལ་སོགས་པའི་བག་ཆགས་སྦྱོང་བར་བྱེད། སྦྱོང་བྱེད་ནི་ཆོས་དབྱིངས་ཡེ་ཤེས་ཀྱང་གདུལ་བྱའི་དབང་གིས་པདྨའི་རིགས་སུ་སྣང་བའི་བརྡར་གཞལ་ཡས་ཁང་གི་ནང་གི་གཞི་ཐམས་ཅད་པདྨ་རཱ་


GTN006_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གའི་རང་བཞིན་ཅན་དམར་པོ་རྐང་པ་བཏེགས་ན་འཕར་ཞིང་མནན་ན་ནེམ་པ་སྙམ་བྱེད་པ་ལ་ཨུཏྤལ་དམར་པོ་གཅལ་དུ་བཀྲམ་པ་ལ། དེ་ནང་མུ་ཁྱུད་བཞི་རིམ་གྱི། དང་པོ། གཉིས་པ། བཞི་པ་རྣམས་ལ་པད་འདབ་དྲུག་རེ་དང་། གསུམ་པར་པད་འདབ་བརྒྱད་པ་སྟེ། པདྨ་ནི་འཁོར་བར་གནས་ཀྱང་འཁོར་བའི་ཆགས་པས་མ་གོས་པའི་བརྡ་ཡིན། ཁྱམས་དབུས་རྨ་བྱ་རིན་ཆེན་བདུན་གྱི་ཁྲི༔ ཞེས་པས་དཀྱིལ་འཁོར་ནང་གི་ཁྱམས་ཀྱི་དབུས་པད་འདབ་ནང་མའི་སྟེ་བར། གསེར། དངུལ། གཡུ། བྱི་རུ། མུ་ཏིག །པདྨ་ར་ག །བཻ་ཌཱུརྱ་སྟེ་རིན་པོ་ཆེ་བདུན་ཞུ་ལུགས་སུ་འདྲེས་པས་འདོད་དགུ་ལྷུན་གྲུབ་འབྱུང་བའི་བརྡ་མཚོན་དུ་བཀོད་པ་ཕུལ་བྱུང་གདན་ཁྲི་རྒྱལ་ཡོལ་བཅས་ཀྱི་ཕྱོགས་བཞིར་རྨ་བྱ་གཉིས་རེ་སྟེ་བརྒྱད་ཀྱིས་བཏེགས་པ་ནི། དབང་བསྐུར་རྒྱལ་པོའི་རྒྱུད་ལས། གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། ཞེས་སོ། །རྒྱུན་ཁྱེར་དུ། རྨ་བྱ་རིན་ཆེན་ཁྲི་དང་པད་ཟླའི་སྟེང་༔ ཞེས་དང་། འོག་གི་བཞུགས་གསོལ་སྐབས་ཆགས་མེད་སྐྱོན་བྲལ་ཐབས་ཤེས་ཉི་ཟླའི་སྟེང༔ ཞེས་འབྱུང་བས་ཁྲིའི་སྟེང་དུ་ཚོགས་རྫོགས་ཕྱིར་དར་གོས་རྒྱན་བཀོད་ཕུན་སུམ་ཚོགས་ཤིང་གདན་གྱི་པདྨ་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་འདབ་མ་རྩེ་མོ་ལངས་པ་གེ་སར་ཟི་ཕོལ་དང་མཉམ་པ། ལྟེ་བའི་ཟེའུ་འབྲུ་གེ་སར་ལས་ཅུང་ཟད་མཐོ་ཞིང་། དེའི་སྟེང་དུ་ཤེས་རབ་ཉི་མའི་དཀྱིལ་འཁོར་དམར་པོ་དང་། ཐབས་ཟླ་བའི་དཀྱིལ་འཁོར་ར་རི་མེད་པ་གཉིས་བརྩེགས་པ་པདྨའི་ལྟེ་བ་དང་མཉམ་པར་སྒོམ་དགོས་


GTN006_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཞིང་། དཔལ་མགོན་ཀླུའི་ཞབས་ཀྱིས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་དང་། སྟོང་ཉིད་ཡིན་པའི་གནད་ཀ་དེས་ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། ཞེས་པས་འཐད་མིན་གྱི་རྣམ་རྟོག་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་ཞི་བར་བྱའོ། །གཙོ་བོའི་གཡས་གཡོན་དང་། ཕྱི་རོལ་པད་འདབ་གསུམ་པ་དང་བཞི་པ་རྣམས་ལ་ལྷ་སོ་སོར་ཉེས་སྐྱོན་བྲལ་བའི་པདྨ་དང་ཐུགས་རྗེའི་རང་བཞིན་འོད་གསལ་བའི་ཟླ་གདན། པད་འདབ་ནང་མ་དྲུག་ལ། དེ་རྒྱབ་ཁོར་ཡུག་ཁྲི་དང་པད་ཟླའི་སྟེང་༔ ཞེས་འབྱུང་བས། སངས་རྒྱས་དཔའ་བོ་བདུན་གྱི་ཤཱཀྱ་ཐུབ་པ་གཙོ་བོ་འོད་དཔག་མེད་དང་དོན་གཅིག་ཕྱིར། སངས་རྒྱས་དྲུག་པོ་ལ་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་གདན་ཁྲི་རྒྱབ་ཡོལ་བཅས་ཁྲི་རྐང་མཛོད་མིག་བདུན་བདུན་དང་། ཁྲིའི་ལོགས་བཞིར་ཡོན་ཏན་གྱི་ཆེ་བའི་རྟགས་སུ་སེང་གེ་ལ་སོགས་པ་རེ་རེའང་[བརྒྱད་]བརྒྱད་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་རྐང་འདེགས་པ་སྟེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐིག་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་


GTN006_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཤང་ཤང་ཁྲི་ལ་བཞུགས། །ཞེས་སོ། །སྒོ་བཞིར་པད་ཉི་ཉོན་མོངས་བདུད་བཞིའི་སྟེང་། ཞེས་པདྨ་དང་། ཉོན་མོངས་བག་ཆགས་བསྲེགས་པའི་ཉི་གདན། དེ་ཐོག་ཤར་སྒོར་ལྷ་བུའི་བདུད་དཀར་པོ། ལྷོ་སྒོར་ཕུང་པོའི་བདུད་སེར་པོ། ནུབ་སྒོ་ཉོན་མོངས་བདུད་དམར་པོ། བྱང་སྒོར་འཆི་བདག་བདུད་ནག་པོ་རྣམས་ཁ་སྦུབས་པའི་རོ་གདན་ནོ། །དེ་དག་གི་སྦྱངས་འབྲས་ནི། གཞལ་ཡས་ཁང་གི་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་སྤྱོད་པའི་ཁང་ཁྱིམ། གདན་པད་ཟླ་ཉི་མས་མངལ་སྐྱེས་དང་། སྒོང་སྐྱེས་ཀྱི་མའི་མངལ་ཁུ་ཁྲག་དང་བཅས་པ་དང་། རྫུས་སྐྱེས་དང་དྲོད་སྐྱེས་གཉིས་ཀྱི་དྲོད་གཤེར་དང་གནས་ལུས་ལ་སྲིད་པའི་བག་ཆགས་སྦྱོང་། འབྲས་དུས་སུ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་མངོན་དུ་གྲུབ་པའི་རྟེན་འབྲེལ་སྒྲིགས། རྫོགས་རིམ་ཚེ་གཞལ་ཡས་ཁང་གི་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་དང་། གདན་པདྨ་ནི་རྩ་འཁོར། ཉི་མ་ནི་གཏུམ་མོ། ཟླ་བ་ནི་སྤྱི་བོའི་ཧྃ་སྟེ། འབར་འཛག་གི་ཞུ་བདེས་མི་འགྱུར་བའི་བདེ་ཆེན་ཐོབ་པའི་གཞི་འདིང་བའོ། །གསུམ་པ་བརྟེན་པ་ལྷ་བསྐྱེད་པ་ནི། ཧྲཱིཿ ཡིག་དམར་པོ་སོགས་ནས། སྐྱིལ་ཀྲུང་བཞུགས༔ བར་གྱི་གཙོ་བོ་སྟེ། སྤྱིར་མངལ་སྐྱེས་ཀྱི་དབང་དུ་ཕ་མའི་ཁུ་ཁྲག་དང་། དྲི་ཟའི་སེམས་ཉེར་ལེན་དང་། ཉེར་ལེན་ཅན་དུ་གྱུར་པ་ལས་གཞི་དུས་ཀྱི་ལྷར་རྫོགས་ཚུལ་ལ་རྒྱས་འབྲིང་བསྡུས་གསུམ་དུ་སྣང་བ་ལ་རྒྱས་པ་ལྟར་ན། མངོན་


GTN006_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལྔ་བསྐྱེད་ཀྱི་ཆོ་ག་སྟེ། དེ་ཡང་ཟླ་བ་ནི་ཕའི་ཁུ་བ་མཚོན་པ་སྟེ། ཁམས་དཀར་པོ་རྣམས་པར་དག་པ་དགའ་བ་བཅུ་དྲུག་ཡས་བབས་ཀྱི་ཚུལ་དུ་ཤར་བའི་ཡེ་ཤེས་ནི། དང་པོ་སེམས་སོ་སོར་རྟོག་པ་ལས་མངོན་པར་བྱང་ཆུབ་པ་ཟླ་བ་ལྟ་བུའོ། །ཉི་མ་ནི་མའི་རྡུལ་ཏེ་ཁུ་རྡུལ་གཉིས་ཀ་རྣམ་པར་དག་པའི་ཡེ་ཤེས་ལྷན་སྐྱེས་མཐར་ཕྱིན་པ་མས་བརྟན་གྱི་རང་བཞིན་ཅན་ཕུང་ལྔ་འབྱུང་བཞིས་ཕྱེ་བའི་ཁམས་ཉི་ཤུ་པོ་ཡེ་ཤེས་ལྔ་ཚད་མེད་བཞིས་ཕྱེ་བའི་ལམ་མཐར་ཐུག་གི་ཡེ་ཤེས་སྟོང་པ་ཉིད་ཉི་ཤུར་དག་པ་ནི། གཉིས་པ་བྱང་ཆུབ་ཀྱི་སེམས་ལས་མངོན་པར་བྱང་ཆུབ་པ་ཉི་མ་ལྟ་བུ་དང་། ཉི་ཟླའི་བར་གྱི་ས་བོན་ནི། བར་སྲིད་དེ་ཁུ་རྡུལ་གཉིས་དག་པའི་རྗེས་སུ་རླུང་ཐམས་ཅད་ཐིམ་པའི་ཡེ་ཤེས་སྟོང་ཉིད་མཐར་ཐུག །གསུམ་པ་བརྟན་པའི་རྡོ་རྗེའི་ལས་མངོན་པར་བྱང་ཆུབ་པ་དང་། ཉི་ཟླ་ས་བོན་གསུམ་འདྲེས་པ་ནི། ཁུ་རྡུལ་སེམས་གསུམ་འདྲེས་པ་མཚོན་ཞིང་། སྤྲོ་བསྡུ་ནི་རླུང་སེམས་སོགས་ཀྱི་རིམ་པས་ལུས་བསྐྱེད་པ་སྟེ། ཁུ་རྡུལ་རླུང་གསུམ་དག་པའི་ཡེ་ཤེས་ཉིད་ཤེས་བྱ་ཀུན་ལ་ཁྱབ་པ་ན། བཞི་པ་རྡོ་རྗེའི་བདག་ཉིད་ལས་མངོན་པར་བྱང་ཆུབ་པ་དང་། ཡོངས་སུ་གྱུར་པ་ལས་སྐུ་རྫོགས་པ་ནི་ལུས་གྲུབ་པ་སྟེ། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་གྲོལ་བའི་ལམ་རྒྱུད་ལ་སྐྱེས་པ་ན་འབྲས་ཆོས་ལྔ་མཁའ་ཁྱབ་ཏུ་གྱུར་པ་ནི། ལྔ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ལྟ་ལས་མངོན་པར་བྱང་ཆུབ་པ་ཡིན་ལ། དེ་ལྟར་སངས་རྒྱས་ཀྱི་ཉེ་རྒྱུ་ལམ་གྱི་ཏིང་འཛིན་མངོན་པར་བྱང་ཆུབ་པ་ལྔ་ཐུགས་སུ་ཚུད་པས་ཡེ་ཤེས་ལྔའི་


GTN006_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་འབྲས་བུའི་ངོ་བོ་སངས་རྒྱས་པ་ཡིན་ནོ། །འབྲིང་པོ་ལྟར་ན་མངོན་བྱང་བཞི་བསྐྱེད་དེ། འཆི་སྲིད་བར་དོ་དང་བཅས་པ་སྟོང་ཉིད་བྱང་ཆུབ། དྲི་ཟའི་སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ་ས་བོན་བསྒྲུབ། དེ་ལས་རིམ་གྱིས་ལུས་གྲུབ་པ་གཟུགས་རྫོགས་ལ། བཙས་ནས་ཕྱི་རོལ་དུ་དབང་པོ་ཡུལ་ལ་སད་པ་ནི་ཡི་གེ་འགོད་པའོ། །བསྡུས་པ་ལྟར་ན་ཆོ་ག་གསུམ་བསྐྱེད་དེ། ནམ་མཁར་གནས་པའི་རྒྱུའི་ས་བོན་དེ་གདན་གྱི་སྟེང་དུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་ག །དེ་ཕྱག་མཚན་གང་ཡིན་ལ་སྙིང་པོའི་ས་བོན་གྱི་ཡི་གེས་མཚན་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་ལས། སངས་རྒྱས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་འོད་ཟེར་གྱི་ཚུལ་དུ་ཕྱག་མཚན་ས་བོན་དང་བཅས་པ་ལ་ཐིམ་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་ག །ཕྱག་མཚན་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས། འབྲས་བུའི་རྡོ་རྗེ་འཛིན་པ་ཡི་དམ་གང་ཡིན་གྱི་སྐུ་མཚན་དཔེ་གསལ་རྫོགས་སུ་གྱུར་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་གའོ། །སྔ་འགྱུར་གཏེར་མའི་ཕྱོགས་འདིར་བསྡུས་པ་འདི་ཉིད་མང་ཞིང་དེ་ལྟར་ན། འདིའི་སྦྱང་བྱ་བར་དོའི་རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ནས་རིམ་གྱིས་ལུས་རྫོགས་པ་དང་། དབྱིབས་མཚུངས་པར་གདན་གྱི་ཉི་མ་མའི་ཁྲག །ཟླ་བ་ཕའི་ཁུ་བ། ས་བོན་རྒྱུའི་ཏིང་འཛིན་ཡི་གེ་གདན་ལ་བབས་པ། བར་དོའི་རྣམ་ཤེས་མའི་མངལ་དུ་དཀར་དམར་ཚོགས་པ་ལ་འཇུག་མ་རག་གི་གནས་སྐབས་


GTN006_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིན། ས་བོན་ལྷའི་ཕྱག་མཚན་ཏུ་བསྒྱུར་བ་ནི་ཁམས་དཀར་དམར་ཀྱི་དབུས་སུ་རྣམ་ཤེས་ཞུགས་ནས་ཁུ་རྡུལ་སེམས་གསུམ་གཅིག་ཏུ་འདྲེས་པ་དེ་སྦྱོང་། དེ་ལས་འོད་ཟེར་སྤྲོ་བསྡུ་ནི་མངལ་གྱི་ལུས་དེ་ཉིད་འབྱུང་བ་བཞིའི་བྱེད་ལས་ཀྱིས་ཕུང་ཁམས་སྐྱེ་མཆེད་རང་བཞིན་དུ་གྲུབ་པ་དང་། ཕྱག་མཚན་དེ་ཡོངས་སུ་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པ་ནི་མངལ་ཀྱི་སེམས་ཅན་དེ་རྣམས་ལུས་རྫོགས་ནས་བཙས་པའི་བར་གྱི་བག་ཆགས་རྣམས་སྦྱོང་བར་བྱེད་པ་ཡིན་ལ། དེ་ལྟར་བསྐྱེད་ཚུལ་འདིས། སྐྱེ་གནས་གཞན་རྣམས་ཀྱི་བག་ཆགས་ཀྱང་སྦྱོང་བར་ནུས་ཏེ། སྒོང་སྐྱེས་ལ་ལྷའི་ས་བོན་དྲི་ཟའི་སེམས། ས་བོན་ཕྱག་མཚན་དུ་བསྒྱུར་བ་ནི། མངལ་དུ་ཁུ་ཁྲག་གི་དབུས་སུ་ཞུགས་པ་འོད་ཟེར་སྤྲོ་བསྡུའི་མཐར་ཕྱག་མཚན་དེ་ཉིད་འོད་དུ་ཞུ་བའི་གོང་བུས་སྒོ་ངར་གྱུར་པའི་བག་ཆགས་སྦྱོང་བར་བྱེད། དེ་བཞིན་དུ་དྲོད་གཤེར་སྐྱེས་ལ། གདན་ཉི་མ་དྲོད། ཟླ་བ་གཤེར་བ། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། འོད་ཟེར་སྤྲོ་བསྡུ་དང་། སྐུ་ཡོངས་སུ་རྫོགས་པས་ཏེ་གསུམ་འདུས་པ་ལས་དྲོད་གཤེར་གྱི་དབུས་ནས་ལུས་གྲུབ་པ་སྟེ་སྦྱོང་། རྫུས་སྐྱེས་ལ་ལྷའི་གདན་གྱི་སྐྱེ་གནས། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས་འོད་ཟེར་སྤྲོ་བསྡུ་ནི་གནས། ལུས་ལ་སྲེད་པ་དང་། ལེན་པའི་མཐུས་གསོས་བཏབ་པ། སྐུ་ཡོངས་སུ་རྫོགས་པའི་དུས་སྐད་ཅིག་ཏུ་འགྲུབ་པ་སྦྱོང་བར་བྱེད་པའོ། །


GTN006_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་འབྲས་ནི། སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་པའི་སྐུར་བཞེངས་པའི་ཚེ་ལྷུམས་སུ་ཞུགས་ནས་བལྟམས་པའི་བར་གྱི་མཛད་པ་རྣམས་ཡིན་ནོ། །དེས་ལམ་གོང་མའི་ཚེ་གདན་གྱི་པདྨ་ལ་གནས་པའི་ཉི་ཟླ་ཁ་སྦྱོར་ནི། དབུ་མའི་རྩ་འཁོར་གྱི་མདུད་པའི་གནས་རྣམས་སུ་བདེ་དྲོད་འབར་འཛག་གི་ཁ་སྦྱོར་བ། ས་བོན་དང་ཕྱག་མཚན་ནི་རླུང་སེམས་དྷཱུ་ཏིར་ཐིམ་པ། སྤྲོ་བསྡུས་ཡོངས་སུ་གྱུར་པ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་ཡོངས་སུ་རྫོགས་པ་ནི། དེ་ལའང་རང་བཞིན་ལྷན་སྐྱེས་ཀྱི་བདེ་སྟོང་ལས། ཡེ་ཤེས་ཀྱི་ལྷ་སྐུར་འགྲུབ་རུང་དུ་མཚོན་པས་ན་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོའོ། །དེས་བསྐྱེད་རིམ་གྱི་དོན་ལ་གོ་བ་ཆགས་པའི་ཕྱིར་འཕྲོས་དོན་སོང་ནས། བརྗོད་དོན་དངོས་གཞི་ལ་འཇུག་པར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་འཁོར་འདས་ཀུན་ཁྱབ་རྒྱུའི་ཧཱུྃ་ཡིག་དེ། གསུང་པདྨ་རིགས་ཀྱི་ས་བོན་ཧྲཱིཿ ཡིག་དམར་པོ་ཤར་བ་གསལ་བརྟན་བརྒྱད་ལྡན་དཀྱིལ་འཁོར་གྱི་དབུས་སུ་གདན་པད་ཟླའི་སྟེང་དུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་གའོ། །ཧྲཱིཿ ཡིག་དེ་ལས་ཡེ་ཤེས་ལྔའི་འོད་ཟེར་དཔག་ཏུ་མེད་པ་སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་ཁྱབ་པར་འཕྲོས་པས་རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་དམ་བརྒྱུད་བསྐུལ་ཕྱོགས་བཅུའི་རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀུན་ནམ་མཁའ་ཁེངས་པ་ཙམ་དུ་སྤྱན་དྲངས་ཏེ། འོད་ཟེར་གྱི་རྣམ་པར་གྱུར་ཏེ་ཧྲཱིཿ ལ་ཐིམ། ཡང་འོད་ཟེར་འཕྲོས་པས་འགྲོ་དྲུག་སེམས་ཅན་ཀུན་གྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱངས་ནས་ཚུར་འདུས་ཧྲཱིཿ


GTN006_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལ་ཐིམ་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་གའོ། །ཧྲཱིཿ དེ་ཡོངས་སུ་གྱུར་པ་ལས་མཐའ་བྲལ་རིག་པའི་རང་རྩལ་གཞི་ཐོག་གདོད་མའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་དང་། སྣང་བ་མཐའ་ཡས། ཚེ་དཔག་མེད་སོགས་མཚན་གྱི་རྣམ་གྲངས་ཙམ་སྟེ་ལྷ་དེའི་སྐུར་ལམ་གྱིས་གསལ་བ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་ཡིན་ཞིང་། སྐྱེ་སྲིད་དག་པ་སྤྲུལ་པའི་སྐུར་ལམ་དུ་ཁྱེར་བ་ཡིན། གཏི་མུག་རྣམས་པར་དག་པ་ཆོས་ཀྱི་དབྱིངས་སུ་ཀུན་ཏུ་འགྲོ་བའི་རང་བཞིན་མི་འགྱུར་བའི་བདེ་བ་ཆེན་པོའི་སྣང་བརྙན་གྱི་ངོ་བོ་ཉིད་དུ་བཞེངས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཅི་འདྲ་ན། ཆོས་དབྱིངས་ཡེ་ཤེས་ཀྱང་གསུང་རྡོ་རྗེའི་རིགས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཏུ་སྣང་ཞིང་སྙིང་རྗེ་ཆེན་པོས་གདུལ་བྱ་ལ་རྗེས་སུ་ཆགས་པས་ན་སྐུ་མདོག་དམར་བ་སྟེ། དཔེར་ན་རིན་པོ་ཆེ་པདྨ་རཱ་གའི་རི་བོ་ལ་ཐུན་མཚམས་ཀྱི་དམར་བ་ཕོག་པ་ལྟ་བུའི་མདངས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པས། ཉི་མ་འབུམ་ལས་ལྷག་པའི་འོད་ཟེར་གྱི་གཟི་བྱིན་རབ་ཏུ་འཕྲོ་བའི་ཚོགས་མཐའ་ཡས་པ་ཀུན་ཏུ་འབར་ཞིང་གསལ་བས་ཕྱོགས་ཐམས་ཅད་འགེངས་པ་ནི་ཉིན་མོར་བྱེད་པའི་སྣང་བས་འཇིག་རྟེན་ཐམས་ཅད་ཁྱབ་པ་དང་མཚུངས་པ། ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་བྱེད་ཞལ་གཅིག་ཞི་ཞིང་འཛུམ་པ་ཇི་ལྟ་བ་དང་། ཇི་སྙེད་པའི་མཁྱེན་པའི་ཡེ་ཤེས་འབྲེལ་བའི་སྤྱན་ཟུང་གིས་འགྲོ་བ་སེམས་ཅན་གྱི་དོན་ལ་གཟིགས་པ། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་


GTN006_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་དུ་འཇུག་པའི་ཕྱག་གཉིས་མཉམ་རྗེས་དབྱེར་མེད་དུ་འདྲེས་མཚོན་མཉམ་བཞག་མཛད་པའི་སྟེང་དུ་རིན་པོ་ཆེའི་བཻ་ཌཱུརྱ་མཐིང་གའི་ལྷུང་བཟེད་འཛིན་པ། སྤྲུལ་སྐུའི་ཆ་ལུགས་ཅན་བླ་གོས། སྣམ་སྦྱར། མཐང་གོས་ཏེ་ཆོས་གོས་གསུམ་གྱིས་སྐུ་ལ་བཀླུབ་པ། ཆོས་སྐུའི་ངོ་བོ་ལས་མི་གཡོ་བཞིན་དུ་སྤྲུལ་སྐུའི་མཛད་པས་སྲིད་ཞི་དག་མཉམ་ཆེན་པོར་གཟིགས་ཤིང་། དེ་དག་གི་མཐའ་གཉིས་ལ་མི་གནས་(་་་་་་)རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་རྒྱལ་པོ་ལྟ་བུ་བཞུགས་པ། མཆོག་ཟུང་གི་གཡས་སུ་སོགས་ཤོ་ལོ་ཀ་གཅིག་གིས་གཙོ་བོའི་གཡས་སུ་པད་ཟླའི་གདན་ལ། སྙིང་རྗེ་ཆེན་པོ་དང་ལྡན་པའི་མཆོག་འཇིག་རྟེན་(་་་་་་་་་་)ཆོས་ཐམས་ཅད་དེ་བཞིན་ཉིད་དུ་ངོ་བོ་གཅིག་པས་ཞལ་གཅིག །ཉེས་སྐྱོན་གྱིས་མ་གོས་པའི་བརྡར་སྐུ་མདོག་དཀར་པོ། ཚད་མེད་བཞིའི་རང་བཞིན་ཕྱག་བཞི་པ། ཕྱག་ན་(་་་་་་་་་་་)ཕྱིར་ཐལ་མོ་སྦྱར་བའི་ནང་དུ་ནོར་བུ་བསྣམས་པ། དོན་དམ་སྣང་བ་རབ་འབྱམས་གཟིགས་པའི་ཤུགས་ལས་གདུལ་བྱའི་ཡུལ་སེམས་ཅན་གྱི་ཁམས་དང་དབང་པོ་(་་་་་་་་་་་་)ངོ་བོ་སྟོང་པ་ཉིད་ཡིན་པས་དངོས་པོར་མི་དམིགས་པའི་ཕྱིར། དམིགས་མེད་ཀྱི་ཐུགས་རྗེ་རྣམ་པ་ཐམས་ཅད་པའི་ཕྲིན་ལས་ཀྱིས་འགྲོ་བ་རྣམས་རིགས་དྲུག་གི་གནས་ནས་འདྲེན་པར་(་)མཇུག་པའི་བརྡར་གཡས་གཉིས་(་་་་)ཕྲེང་འཛིན་པ། རང་མཚན་གྱི་ཆགས་པས་མ་གོས་པའི་བརྡར་གཡོན་གཉིས་པས་པདྨ་དཀར་པོ་འདབ་མ་ཡོངས་སུ་རྒྱས་པའི་སྡོང་བུ་འཛིན་པ། གཙོ་བོའི་(་་་་་་་་་་་་་)མཆོག་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་མཛོད་འཛིན་ཅིང་། རྒྱལ་ཀུན་ཕྲིན་ལས་ཀྱི་


GTN006_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོ་མཐུ་ཆེན་ཐོབ་པ་སྟེ། གསང་བདག་ཕྱག་ན་རྡོ་རྗེ་ཆོས་ཉིད་འགྱུར་བ་མེད་པའི་རྟགས་སུ་སྐུ་མདོག་མཐིང་གསལ། ཆོས་དབྱིངས་དེ་བཞིན་ཉིད་རྟོགས་པའི་བརྡར་ཞལ་གཅིག་པ། ཐབས་ཤེས་མཚོན་པའི་ཕྱག་གཉིས། ཟུང་འཇུག་མཚོན་བྱེད་རྡོ་དྲིལ་འཛིན། མཆོག་ཟུང་གཉིས་ཀ་ལོངས་སྤྱོད་རྫོགས་སྐུའི་ཆས། ཉོན་མོངས་པའི་གདུང་བ་ལས་རྣམ་པར་གྲོལ་བའི་བརྡར་ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་དར་དཔྱངས་འཕུར་བ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་བརྡར་དབུ་སྐྲ་རལ་བའི་ཐོར་ཅོག །འདོན་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་མཚོན་བྱེད་རིན་པོ་ཆེ་དང་མེ་ཏོག་གི་རྒྱན། བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་བྱེད་རིན་པོ་ཆེའི་རྒྱན་ཆ་སྟེ། དེ་ལའང་ནང་གསེས་སུ་ཕྱེ་ན། རིན་པོ་ཆེའི་དོ་ཤལ་ནི་དྲན་པ། དབུ་རྒྱན་ནི་ཆོས་རྣམ་པ་འབྱེད་པ། གདུ་བུ་ནི་བརྩོན་འགྲུས། སྙན་ཆ་ཤིན་ཏུ་སྦྱངས་པ། དཔུང་རྒྱན་ནི་ཏིང་ངེ་འཛིན། སེ་མོ་དོ་བཏང་སྙོམས། མེ་ཏོག་གི་ཕྲེང་བ་དགའ་བ་མཚོན་བྱེད་རྣམས་སོ། །དེ་ལྟར་ཞི་བའི་རྒྱན་ཆས་ཐམས་ཅད་ཚོགས་པ་པད་ཟླར་འགྲོ་དོན་རྒྱུན་ཆད་མེད་པར་མཛད་མཚོན་བཞེངས་སྟབས་སུ་གནས་པའོ། །དེ་རྒྱབ་ཁོར་ཡུག་སོགས་ཤོ་ལོ་ཀ་གཉིས་ཏེ། མུ་ཁྱུད་དང་པོའི་ནང། གཙོ་བོ་དེ་གསུམ་གྱི་རྒྱབ་ཀྱི་ཁོར་ཡུག་ཁྲི་བཀོད་པ་ཕུལ་བྱུང་དང་། པད་ཟླའི་སྟེང་དུ་ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གི་རང་བཞིན་རྫོགས་པའི་སངས་རྒྱས་དྲུག་ནི།


GTN006_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཟིགས་སྐུ་མདོག་སེར་པོ་ཕྱག་མཉམ་བཞག་འཁོར་ལོ་འཛིན་པ། རིམ་པར་གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་པ་གཉིས་ཀ་སྐུ་མདོག་སྔོན་པོ་ཕྱག་གཉིས་སྐྱབས་སྦྱིན་དང་མཉམ་བཞག་མཛད་པ། འཁོར་བ་འཇིགས་སྔོན་པོ་ཕྱག་མཉམ་གཞག་སྟེང་ནོར་བུ་འཛིན་པ། གསེར་ཐུབ་སྐུ་མདོག་སེར་པོ་ཕྱག་གཉིས་མཆོག་སྦྱིན་དང་མཉམ་བཞག་མཛད་པ། འོད་སྲུངས་དཀར་པོ་ཕྱག་གཉིས་མཉམ་བཞག་རྡོར་དྲིལ་བསྣམས་པ། དེ་རྣམས་ཐམས་ཅད་ཀྱང་སྤྲུལ་སྐུའི་ཆ་ལུགས། འཁོར་བའི་ཆགས་པས་མ་གོས་པའི་བརྡར་གཙུག་ཏོར་དང་ལྡན་ཞིང་། ཆོས་གོས་སྣམ་སྦྱར་ཤམ་ཐབས་སོགས་ཚངས་པར་སྤྱོད་པའི་ཆས་ཅན། སྲིད་ཞི་མཉམ་ཉིད་ཀྱི་བརྡར་ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་རྒྱབ་ས་སྙིང་སོགས་ཤོ་ལོ་ཀ་གཅིག་དང་རྐང་པ་གསུམ་སྟེ། མུ་ཁྱུད་གཉིས་པས་སངས་རྒྱས། དེ་རྣམས་ཀྱི་རྒྱབ་ཕྱོགས་པད་འདབ་དྲུག་ལ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྤྱན་གཟིགས་ཕྱག་རྡོར་མཆོག་ཟུང་ཡིན་པ། དེ་ལྷག་དྲུག་པོ་ནི། སྤྱིར་མིག་ཤེས་ལ་སོགས་པའི་རྟོག་ཚོགས་རྣམས་ཡེ་ནས་ཆོས་ཉིད་བྱང་ཆུབ་པའི་སེམས་ཏེ། དེ་ཉིད་མངོན་དུ་གྱུར་པའི་འབྲས་བུ་ནི་སྤངས་རྟོགས་མཐར་ཕྱིན་པས་བྱང་ཆུབ་ཀྱང་ཡིན་ལ། སར་གནས་ཀྱི་སེམས་དཔའ་ལས་འཕགས་པས་ཆེན་པོའང་ཡིན་ཏེ། འདིར་བསྟན་གྱི་འཁོར་ཐམས་ཅད་སྟོན་པའི་ཐུགས་རིག་པ་རང་སྣང་གི་སྤྲུལ་པར་ཡིན་པའི་ཕྱིར། རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །ཞེས་སོ། །དེའང་ནང་སེམས་


GTN006_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རྣམ་ཤེས་བཞི་དག་པས་ཐུགས་དང་། ཕྱི་སེམས་བཞི་དབང་བཞི་དག་པས་གསུང་གི་སེམས་དཔའ་ཞེས་བྱ་སྟེ། མིག་གི་རྣམ་ཤེས་དག་པ་ས་སྙིང་སྐུ་མདོག་དཀར་པོ། ཕྱག་གཡས་ཡེ་ཤེས་བསྐྱེད་པའི་རིན་ཆེན་མྱུ་གུ། གཡོན་པས་སྟོང་ཉིད་ཆོས་སྒྲ་སྒྲོག་པའི་དྲིལ་བུ། འདི་ཕྱིན་དྲིལ་བུ་རྣམས་དག་པ་མཚུངས། མིག་གི་དབང་པོ་དག་པ་བྱམས་པ་དམར་སེར། གཡས་གདུང་བ་སྐྱོབ་པའི་ཀླུ་ཤིང་། གཡོན་དྲིལ་བུ། སྣའི་དབང་བོ་དག་པ་ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོ། གཡས་དུག་ལྔ་རྩད་གཅོད་དེའི་གཡོན་དྲིལ་བུ། སྣའི་རྣམ་ཤེས་དག་པ་ནམ་མཁའི་སྙིང་པོ་སྐུ་མདོག་མཐིང་ཁ། གཡས་ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་འཁོར་ལོ། གཡོན་དྲིལ་བུ། ལྕེའི་དབང་པོ་དག་པ་འཇམ་དཔལ་སྐུ་མདོག་དམར་སེར། གཡས་ཉོན་མོངས་པ་གཅོད་པའི་རལ་གྲི། གཡོན་ཤེས་རབ་རྒྱས་པའི་པུསྟི། རྣ་བའི་དབང་པོ་དག་པ་སྒྲིབ་སེལ་སྐུ་མདོག་དཀར་པོ། གཡས་ཉོན་མོངས་སེལ་བའི་གླེགས་བམ། གཡོན་དྲིལ་བུ་འཛིན་པ། དེ་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བའི་རྒྱན་ཆས་རྫོགས་པ། གཞན་དོན་གྱི་མཛད་པ་མ་རྫོགས་པ་སོགས་ས༷་(ཞབས)ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་ཏེ་བློན་པོའི་ཚུལ་ལོ། །འདི་སྐབས་མཆོག་ཟུང་ནི་ལྕེའི་རྣམ་ཤེས་དག་པ་སྤྱན་གཟིགས་དང་། རྣ་བའི་རྣམ་ཤེས་ཕྱག་རྡོར་དུ་དག་པའང་དྲན་པར་བྱའོ། །དེ་རྒྱབ་ལཱ་སྱ་སོགས་ཤོ་ལོ་ཀ་ཕྱེད་གསུམ་སྟེ། མུ་ཁྱུད་གསུམ་ལ་སེམས་དཔའ་དྲུག །དེའི་རྒྱབ་ཏུ་བྱང་ཆུབ་སེམས་མ་བརྒྱད་དེ། ཡུལ་བཞི་དག་པར་སྐུའི་སེམས་མ་དང་། སྐྱེ་གནས་འཇིག་སྟོང་བཞི་དག་པ་ལ་དུས་ཀྱི་སེམས་


GTN006_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མར་གསུངས་སོ། །མིག་ཤེས་ཀྱིས་མཐོང་བྱའི་ཡུལ་གཟུགས་དག་པ་ལཱ་སྱ་མ་སྐུ་མདོག་དཀར་མོ་ཕྱག་གཉིས་མེ་ལོང་། རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པ་ད་ལྟར་བའི་དུས་དག་པ་པུཥྤེ་མ་སྐུ་མདོག་མཐིང་ག་མོས་ཕྱག་ན་མེ་ཏོག་སྣ་ཚོགས་བཀྲལ་བ། བསྣམ་པར་བྱ་བ་དྲི་དག་པ་མཱ་ལྱ་མ་སྐུ་མདོག་སེར་མོ་ཕྱག་གཉིས་རིན་པོ་ཆེ་ཕྲེང་བ་འདྲེན་པ། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པ་འདས་པའི་དུས་དག་པ། དྷཱུ་བྤེ་མ་སྐུ་མདོག་སྔོན་པོ་ཕྱག་གཉིས་དྲི་ཞིམ་པོའི་སྣོད་སྤོས་ཁང་ཐོགས་པ། མཉན་པར་བྱ་བ་སྒྲ་དག་པ་གཱིརྟི་མ་སྐུ་མདོག་དམར་མོ་ཕྱག་གཉིས་པི་ཝཾ་སྒྲོགས་པས་སྙན་འགྱུར་གྱི་གླུ་དབྱངས་འཐེན་པ། རྒྱུ་འབྲས་ཚོགས་ལ་མ་སྤྱད་པ་མ་འོངས་པའི་དུས་དག་པ་ཨཱ་ལོ་ཀེ་སྐུ་མདོག་དམར་སྐྱ་ཕྱག་ན་སྣང་གསལ་འཛིན་པས་ཉི་འོད་ཀྱིས་ཁྱབ་པ་དང་། མཚུངས་པའི་འོད་ཟེར་གྱིས་བལྟམས་པ། རྒྱུ་འབྲས་ཡོད་ལ་མ་ཚོགས་པས་འདས་མ་འོངས་གང་དུའང་ཁ་ཚོན་མ་ཆོད་པ་མ་ངེས་པའི་དུས་དག་པ་གནྡྷེ་སྐུ་མདོག་དམར་སེར་མ་ཡིས་ཕྱག་ན་དྲི་བཟང་གི་ཆུས་གང་བའི་དུང་ཞལ་ཐོགས་པ། མྱོང་བར་བྱ་བ་རོ་དག་པ་ནྲ໏ཏྱེ་སྐུ་མདོག་ལྗང་མོ་ཕྱག་ན་རོ་བརྒྱ་དང་ལྡན་པའི་ཞལ་ཟས་བཏེགས་པ། དེ་ཐམས་ཅད་ཀྱང་གདུལ་བྱ་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར་ལྷ་རྫས་ལས་གྲུབ་པའི་དར་གྱི་རྒྱན་གོས་ལྔ་དང་། འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་དེ་རྒྱན་ཆས་བཅུ་གསུམ་གྱིས་སྤ་བར་རོལ་པའི་སྟངས་སྟབས་རབ་ཏུ་མཛེས་པ་དང་ལྡན་མ། སེམས་དཔའ་སེམས་མ་དེ་རྣམས་པད་ཟླའི་གདན་ལ་


GTN006_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་སྟེ། ཡུམ་བརྒྱད་གཡོན་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་ལ། དེ་རྒྱབ་ལྷ་སྟོན་སོགས་རྐང་པ་བདུན་ཏེ། མུ་ཁྱུད་བཞི་བར་སེམས་མ་དེའི་རྒྱབ་ཏུ་ཤར་ལྷོའི་པད་འདབ་ལ་ལྷའི་སྟོན་པ་བརྒྱ་བྱིན་སྟོབས་བཞིའི་ཆོས་སྒྲས་ང་རྒྱལ་འཇོམས་པར་མཛད་པ་ཕྱག་ན་པི་ཝཾ་བསྣམས་པ་སྐུ་མདོག་དཀར་པོ། བྱང་དུ་ལྷ་མིན་ཐུབ་པ་ཐགས་བཟང་རིས་བཟོད་པས་ཕྲག་དོག་སྦྱོང་མཛད་གོ་མཚོན་ཕྱག་ཏུ་བསྣམས་པ་སྐུ་མདོག་ལྗང་ཁུ། ལྷོར་མིའི་ཐུབ་པ་ཤཱཀྱ་སེང་གེ་ཆགས་བྲལ་གྱི་ལམ་གྱིས་འདོད་ཆགས་དག་པར་མཛད་པ་ཕྱག་ན་གསེག་ཤང་དང་། ལྷུང་བཟེད་འཛིན་པ་སྐུ་མདོག་སེར་པོ། ནུབ་བྱང་དུ་བྱོལ་སོང་ཐུབ་པ་སེང་གེ་རབ་བརྟན་གཏི་མུག་སེལ་ཕྱིར་ཆོས་སྟོན་པས་ཕྱག་ན་པུསྟི་བསྣམས་པ་སྐུ་མདོག་མཐིང་ཁ། ལྷོ་ནུབ་ཡི་དྭགས་ཐུབ་པ་ཁ་འབར་བཀྲེས་སྐོམ་སེལ་བས་སེར་སྣ་དག་བྱེད་ཕྱག་ན་རིན་ཆེན་སྒྲོམ་བུ་བསྣམས་པ་སྐུ་མདོག་དམར་པོ། བྱང་ཤར་དམྱལ་བའི་ཐུབ་པའི་ཆོས་ཀྱི་རྒྱལ་པོས་ཚ་གྲང་གི་ཉེས་དམིགས་བསྟན་ནས་ཞེ་སྡང་དག་པར་མཛད་པ་ཕྱག་ན་མེ་ཆུ་བསྣམས་པ་སྐུ་མདོག་ནག་པོ་སྟེ། དེ་རྣམས་སྤྲུལ་སྐུའི་ཆ་ལུགས་གང་འདུལ་གྱི་གཟུགས་སུ་རྣམ་པར་སྟོན་ཡང་འཁོར་བའི་ཆགས་པས་མ་གོས་པའི་བརྡར་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། འགྲོ་བའི་དོན་ལ་སྐད་ཅིག་ཀྱང་མི་གནས་པར་ཉིན་མཚན་དུས་དྲུག་ཏུ་གཤེགས་པའི་ཕྱིར་པད་ཟླར་བཞེངས་སྟབས་ཏེ། འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་འབྱུང་ངོ་། །དེ་རྒྱབ་སོགས་ཏེ། ལྷ་ཚོགས་དེ་


GTN006_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྒྱབ་ཏུ་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ཐམས་ཅད་དང་། རང་རྒྱལ་སོགས་ཉོན་མོངས་པའི་དགྲ་བཅོམ་ཞིང་སྲིད་པ་ཐ་མལ་གྱུར་པའི་ཚོགས་གྲངས་མེད་ཀྱིས་བསྐོར་བ་ཡིན། དཀྱིལ་འཁོར་དུ་བཞུགས་པའི་ཉན་རང་འདི་རྣམས་ཀྱང་ཐེག་དམན་རང་རྒྱུད་དུ་གྱུར་པ་གཅིག་ཀྱང་མེད་ཀྱང་བཅོམ་ལྡན་འདས་འོད་སྣང་མཐའ་ཡས་ཀྱི་ཡེ་ཤེས་ཆེན་པོའི་རྣམ་པར་རོལ་པ་ལས་བྱུང་བ་ཉིད་དུ་ཤེས་པར་བྱའོ། །སྒོ་བཞི་སོགས་ཤོ་ལོ་ཀ་གཉིས་དང་རྐང་པ་གཅིག་སྟེ། དཀྱིལ་འཁོར་གྱི་སྒོ་བཞིར་པད་ཉི་དང་ཉོན་མོངས་བདུད་བཞི་བམ་རོ་ཁ་སྦུབས་པའི་སྟེང་དུ། ཤར་སྒོ་ཁྲོ་བོ་རྣམ་པར་རྒྱལ་བ་བྱམས་པས་ཞེ་སྡང་ཚར་གཅོད་ཅིང་། ཞི་བའི་ཕྲིན་ལས་མཛད་ཕྱིར་སྐུ་མདོག་དཀར་པོ། རྡོ་རྗེའི་རིགས་ཡིན་པས་ཕྱག་མཚན་རྡོ་རྗེ་དང་། འགུགས་པར་བྱེད་པའི་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་གཤིན་རྗེ་གཤེད། སྙིང་རྗེས་སྡུག་བསྔལ་འཇོམས་པས་རྒྱས་པའི་ལས་མཛད་པ་སྐུ་མདོག་སེར་པོ་རིན་ཆེན་རིགས་རིན་པོ་ཆེ་དང་། འཆིང་བར་བྱེད་པའི་ཞགས་པ་བསྣམས་པ། ནུབ་སྒོར་རྟ་མགྲིན་དགའ་བས་འགྲོ་བའི་དོན་མི་གཏོང་བ། དབང་གི་ལས་མཛད་སྐུ་མདོག་དམར་པོ། རིགས་ཀྱི་པདྨ་དང་སྡོམ་བྱེད་ལྕགས་སྒྲོགས་འཛིན་པ། བྱང་སྒོར་བདུད་རྩི་འཁྱིལ་བ་བཏང་སྙོམས་ཀྱིས་འགྲོ་དོན་མཐར་ཕྱིན་ཅིང་དྲག་པོའི་ལས་མཛད་སྐུ་མདོག་ལྗང་ཁུ། ལས་རིགས་རྒྱ་གྲམ་དང་མྱོས་པར་བྱེད་པའི་དྲིལ་བུ་འཛིན་པ་སྟེ། རྒྱུད་སྡེར་ལུས་ཀྱི་ཡུལ་དབང་རྣམ་ཤེས་གསུམ་འདུས་ཀྱི་རེག་བྱ། རེག་ཤེས། རེག་བྱེད། རེག་པ་བཞི་སྦྱངས་པར་མཛད་དོ། །དེ་བཞི་ཀ་དང་། དུས་གསུམ་


GTN006_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པའི་སྤྱན་གསུམ། སྐྱེ་བཞི་གཅོད་པ་མཆེ་བའི་མྱུ་གུ་བཞི་གཙིགས་ཤིང་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་ཁྲོ་ཚུལ་གྱི་ཉམས་རྒྱས་པ་དང་། གློག་གི་ཕྲེང་བ་ལས། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་པའི་དང་པོ་གསུམ་སྐུ་དང་། བར་པ་གསུམ་གསུང་། ཐ་མ་གསུམ་ཐུགས་ཀྱི་ཉམས་སོ། །དེ་ཡང་རིགས་ལྔ་ཡབ་ཡུམ་བཅུའི་དབྱིངས་ཕྱུག་མ་གཏོགས་པར་ཡང་སྦྱོར་རོ། །སྟོབས་བཅུས་གཏི་མུག་བཅོམ་པའི་བརྡར་གླང་ཀོའི་སྟོད་གཡོགས། དྲག་པོས་ཞེ་སྡང་བཅོམ་པའི་སྟག་ལྤགས་ཤམ་ཐབས་ཅན། འཁོར་བ་མི་སྤོང་མི་ལྤགས་གཡང་གཞིའི་སྐེད་དཀྲིས། འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས། ཆགས་པ་དབང་སྡུད་རཀྟའི་ཐིག་ལེ། སྐྱེ་ཤི་རྩ་གཅོད་ཐལ་ཆེན་ཚོམ་བུ། བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་དར་དཔྱངས། ང་རྒྱལ་བཅོམ་པའི་ཐོད་སྐམ་སངས་རྒྱས་ལྔའི་བདག་ཉིད་ཅན་གྱི་དབུ་རྒྱན། ཕྲག་དོག་བཅོམ་པ་སེམས་བྱུང་ལྔ་བཅུ་དག་རྟགས་ཐོད་རློན་ལྔ་བཅུའི་ཕྲེང་བ་བརྒྱུས་པའི་དོ་ཤལ། ཕར་ཕྱིན་དྲུག་གི་རང་བཞིན་རུས་པའི་ཕྱག་རྒྱ་དྲུག་རྣམས་ཀྱིས་སྐུ་ལ་བརྒྱན་པ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་གསུམ་བསྲེགས་པས་ན་ཡེ་ཤེས་ཀྱི་མེ་འོད་ཁ་དོག་སྣ་ལྔའི་ཕྲེང་བ་འཁྲིགས་པའི་དབུས་ན་བཞུགས་པ་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པའི་དམགས་དཔོན་གྱི་ཚུལ་ལྟར་གདུག་པ་ཅན་ཚར་གཅོད་པས་ཞལ་ཕྱིར་གཟིགས་ནས་གྱད་ཀྱི་འདོར་སྟབས་ཀྱིས་བཞེངས་པ་སྟེ། དེ་ལྟར་བཅོམ་ལྡན་


GTN006_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ཐུགས་རྗེ་ཆེན་པོ་ཉིད་རིས་སུ་མ་ཆད་པའི་གདུལ་བྱའི་ཁམས་ལ་མི་འགག་པའི་སྒྱུ་འཕྲུལ་གྱི་རོལ་པ་ལས་རྩ་བ་གསུམ་དང་། ཡང་སྤྲུལ་མངག་གཞུག་གི་འཁོར་ཚོགས་གྲངས་མེད་རྒྱས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམ་འགྱུར་སྣ་ཚོགས་པ་དུ་མར་སྣང་བའི་རྟེན་དང་བརྟེན་པར་བཅས་པའི་དམ་ཚིག་གི་འཁོར་ལོ་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཆོས་འཕྲུལ་རྣམ་པ་ཐམས་ཅད་པ་འཆར་ཞིང་སྟོན་པའི་ཚུལ་ནམ་མཁའི་དབྱིངས་ཁྱབ་པ་སྟོན་འཁོར་གྱི་ཚུལ་དུ་སྣང་བ་དེ་ཐམས་ཅད་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རོལ་པ་གཅིག་གི་ངང་དུ་འདུ་ཞིང་འགྲོ་བའི་སྐྱེ་མཆེད་ཇི་སྙེད་པ་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་ཕྱིར་ཏེ། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་དང་། བརྟག་གཉིས་ལས། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་སོ། །བསྐྱེད་པ་དེ་རྣམས་ཀྱང་གདོས་བཅས་དངོས་པོར་འཛིན་པའི་ཐ་མལ་གྱི་གཟུགས་སྣང་རང་རྒྱུད་དུ་བཟུང་བ་མ་ཡིན་པ། དངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་རམ། དངས་པའི་མཚོ་ནང་དུ་གཟའ་སྐར་ཤར་བ་ཇི་བཞིན་སྣང་ལ་བདེན་པར་མ་གྲུབ་པར་གསལ་ཞིང་རྣམ་པ་ཐམས་ཅད་པར་འཆར་བའི་ཆོས་ཉིད་ཀྱི་རྟེན་ཅིང་འབྲེལ་འབྱུང་དྲན་བཞིན་


GTN006_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གནས་པ་གལ་ཆེ། དེ་ཡང་མཚོན་བྱེད་ལྷ་སོ་སོའི་སྐུ་མདོག་ཕྱག་མཚན་སོགས་རེ་རེར་བསྒོམས་པ་དང་། མཚོན་བྱ་དོན་གྱི་དག་པ་དེ་རྣམས་རེ་རེ་བཞིན་དྲན་དུ་ཟིན་དགོས་ཀྱང་ལས་དང་པོ་པ་བསྐྱེད་རིམ་ལ་སེམས་རྣལ་དུ་མ་འབྱོར་པའི་རིགས་ཀྱིས་དེ་ཙམ་མི་ནུས་པས་ལྷའི་གསལ་སྣང་ཐེབས་ཙམ་གྱི་མཐར་འདི་ཐམས་ཅད་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའི་ཡེ་ཤེས་དང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཚད་མེད་པའི་ཐུགས་རྗེ། མཛད་པའི་འཕྲིན་ལས་རྣམས་མཚོན་བྱེད་ཀྱི་བརྡའ་དང་ཐབས་རྨད་དུ་བྱུང་བ་ཡིན་ནོ་སྙམ་པའི་མོས་གུས་རྩེ་གཅིག་ལ་གནས་པ་ཤིན་ཏུ་གལ་ཆེ་སྟེ་དག་དྲན་རྗེས་མཐུན་པར་འགྱུར་རོ། །དེ་ལྟར་བསྒོམས་པས་གཞི་དུས་སུ་བྱིས་པ་བཙས་པ། ནར་སོན་ནས་འདོད་པས་ཚོར་བས་གདུང་སྟེ། དོན་དུ་གཉེར་བ། ཆུང་མ་ལེན་པ། སྒོ་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ་སྟེ། རང་རང་གི་རིགས་ཀྱི་བྱ་བ་ལ་དབང་བསྒྱུར་བ་རྣམས་སྦྱོང་ཞིང་། སྦྱངས་འབྲས་ནི། སངས་རྒྱས་སྤྲུལ་པའི་སྐུ་བལྟམས་པ་དང་། བྱང་ཆུབ་དོན་དུ་གཉེར་བས་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་པ་དང། དེ་ལས་བཞེངས་ཏེ་བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་བཏུལ་ཏེ་བསམ་གཏན་བསྐྱེད་པ་དང། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་རྣམས་ཡིན་ལ། ལམ་གོང་མའི་ཚེ་ན་བདེ་སྟོང་ཡེ་ཤེས་ཀྱི་ལྷ་སྐུར་བསྒྲུབ་པར་བྱར་ཕྱིར། བདེ་རླུང་སེམས་ལ་ལྷ་སྐུར་ལྡང་བ་དང་། དེ་ནས་མཆོག་གི་དངོས་གྲུབ་དོན་དུ་གཉེར་བར་འདོད་པས་ཕྱག་རྒྱ་གཉིས་གང་རུང་བསྟེན་པ་དང་། དེ་ལས་ལྷན་སྐྱེས་ཀྱི་ཡེ་ཤེས་རིམ་གྱིས་གོམས་


GTN006_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དང་། དེས་མཆོག་གི་དངོས་གྲུབ་མྱུར་དུ་སྦྱོང་བའི་གཞི་འདིང་བས་ན་སྨིན་བྱེད་དུ་འགྲོའོ། །དེ་ནས་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿ ཧཱུྃ་ཧྲཱིཿ ཞེས་པ་སྟེ། འདིས་ནི་སྦྱང་བྱ་བྱིས་པ་དེ་ཉིད་ལུས་ངག་ཡིད་གསུམ་གྱི་ནུས་པའི་རྩལ་རྫོགས་ནས་ནར་སོན་པའི་བག་ཆགས་དེ་ཡིན། སྦྱོང་བྱེད་ནི་བདག་དམ་ཚིག་གི་དཀྱིལ་འཁོར་དུ་བསྒོམ་པ་དེ་རྣམས་ཀྱི་སྤྱི་བོ་དུང་ཁང་གི་ནང་དུ་འཁོར་ལོའི་གདན་ལ་ༀ་ཡིག་དཀར་པོ་གསལ་ཞིང་འབར་བ་སྐུ་རྡོ་རྗེ་དང་། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་གདན་ལ་ཨཱཿ ཡིག་དམར་པོ་གསལ་ཞིང་འབར་བ་གསུང་རྡོ་རྗེ། སྙིང་ཁར་པདྨ་དང་ཟླ་གདན་ལ་ས་བོན་རྣམས་ཀྱི་མདུན་ཕྱོགས་སུ་ཧཱུྃ་ཡིག་མཐིང་ལ་གསལ་ཞིང་འབར་བ་ཐུགས་རྡོ་རྗེ་སྟེ། འདི་དག་ལ་ལྷའི་གཟུགས་སུ་མི་བྱེད་པ་ནི། ཡི་གེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ལ་རྡོ་རྗེ་གསུམ་ཡང་ཡེ་ཤེས་དྲུག་གི་བདག་ཉིད་ཡིན་པས་ན་ཞལ་ཕྱག་སོགས་ལྷའི་གཟུགས་སུ་མ་བྱས་ཀྱང་དེ་དང་དེའི་ཕྱག་རྒྱའི་འགྱུར་བ་ཡིན་ཞིང་། སྐུ་རྡོ་རྗེ་ནི་ཡབ་རྣམས་ལ་སྣང་མཛད་རིན་འབྱུང་འདྲེས་པ། ཡུམ་རྣམས་ལ་སྤྱན་མ་དང་བདག་མ་འདྲེས་པའི་བདག་ཉིད་ཡིན་ཞིང་། དེ་བཞིན་དུ་འོད་དཔག་མེད་དང་དོན་གྲུབ་གཉིས་དང་། གོས་དཀར་སྒྲོལ་མ་གཉིས་འདྲེས་གསུང་རྡོ་རྗེ། མི་བསྐྱོད་རྡོར་སེམས་གཉིས་དང་། དབྱིངས་ཕྱུག་མཱ་མ་ཀི་གཉིས་འདྲེས་རོ་གཅིག་པའི་བདག་ཉིད་ཅན་ནི་ཐུགས་རྡོ་རྗེའོ། །ཧྲཱིཿ ཞེས་བརྗོད་པས་ལུས་ངག་ཡིད་གསུམ་རྣམ་པར་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་


GTN006_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གསུམ་གྱི་རང་བཞིན་དུ་མོས་པ་བརྟན་པོས་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱ་ཞིང་། སྦྱངས་འབྲས་ལམ་གོང་མའི་དུས་ན། ཁུ་རྡུལ་རླུང་གི་ཁམས་གསུམ་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་སྙིགས་མ་ཟད་ནས་དྭངས་མ་འཕེལ་བ་ལས་བྱུང་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་གཞི་འདིང་བའོ། །བཞི་པ་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་ནི། ཨ་མི་དྷེ་ཝ་ཧྲཱིཿ ཛཿ ཧཱུྃ་བྃ་ཧོཿ ཞེས་པ་སྟེ་འདིའི་སྦྱང་བྱ་ནི། བྱིས་པ་དེ་རང་དང་རིས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་། བློ་གྲོས་ཀྱི་ནུས་པ་མཉམ་པར་འགྱུར་བའི་བག་ཆགས་དེ་ཡིན། སྦྱོང་བྱེད་ནི་ཡེ་ཤེས་པ་སྤྱན་དྲངས་ཤིང་སྟིམ་པར་བྱེད་པ་སྟེ། དེས་དམ་ཡེ་ལ་མཆོག་དམན་ཐ་དད་དུ་འཛིན་པའི་ཞེན་རྟོག་སྤང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་ཉིད་རང་གི་སེམས་དང་དབྱེར་མེད་དུ་ཤེས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདག་ཉིད་ལ་འཇུག་པ་སོགས་ཀྱི་དགོས་པ་ཡོད་ཅིང་། ལམ་གོང་མའི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པར་བྱེད་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །དེ་ཡང་རྩ་སྔགས་ལ་འགུགས་འཆིང་སྡོམ་བསྟིམས།(༤༢པའི་མདུན་ངོས་མི་གསལ།)ཡོན་ཏན་ཕུན་སུམ་ཚོགས་པ་དུ་མ་ལྡན་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེ་ནི་གནས་གཞན་དུ་འཕོ་བ་དང་། བླ་གབ་འགྱུར་བ་སོགས་མེད་པར་རང་སྣང་རིག་རྩལ་རྒྱལ་བའི་དཀྱིལ་འཁོར་དུ་སྣང་བ་དེ་ནས། ཡེ་ཐོག་དང་པོ་དུས་ནས་འཁྲུལ་མ་མྱོང་བའི་སངས་རྒྱས་ཆོས་སྐུ་སྣང་བ་མཐའ་ཡས་དེ་ཉིད་རིགས་ཐམས་ཅད་འདུས་པ་རྒྱལ་བ་ཀུན་གྱི་


GTN006_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་རྒྱན་དུ་གྱུར་པ་སྟེ། གཤེགས་བཞུགས་ཀྱི་རྣམ་པར་རྟོག་པ་བྲལ་ཡང་བདག་ཅག་དད་པ་ཅན་གྱི་མོས་ངོར་སྤྱན་འདྲེན་པར་ཞུ་ན། ཚད་མེད་ཀྱི་སྐུའི་བཀོད་པ་ཡང་། འཕགས་པ་དཀོན་མཆོག་བརྩེགས་པ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་སོགས་སྤྲུལ་པ་དུ་མའི་འབྱུང་གནས་སུ་བསྟན་པ་ལྟར། རྒྱལ་བའི་ཡེ་ཤེས་ཀུན་ཁྱབ་ཐུགས་རྗེ་ཆེན་པོ་ཅན་དེས་ཇི་སྲིད་འཁོར་བ་རྡུལ་གྱི་གྲངས་མཉམ་སེམས་ཅན་ཐམས་ཅན་འདྲེན་པའི་དཔལ་ཏུ་གྱུར་པ་ལགས་ན། སྐྱབས་དང་མགོན་མེད་པ་བདག་གིས་རེ་ས་སྐྱབས་གནས་གཅིག་པུ་ཁྱེད་ཀྱི་ཐུགས་རྗེ་སྐུལ་བའི་ཚེ་ན་འགྲོ་བ་སེམས་ཅན་ཀྱི་དོན་དུ་སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ་ལོ། །གཙོ་འཁོར་དགོངས་པ་རོ་མཉམ་པ་ངོ་བོ་ཡེ་ཤེས་མཚུངས་པའི་རང་སྣང་སྣ་ཚོགས་འཁོར་གྱི་རྣམ་པར་ཤར་བའི་གཞི་ཀློང་གཅིག་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་ཀྱི་ཐུ་བོ་མཆོག་གསུང་སྟེ། སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་པ། མཚན་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཀུན་ཉི་མས་བ་མོ་བཞིན་སྦྱང་བར་བྱེད་པ་སངས་རྒྱས་དཔའ་བོ་བདུན། ཁམས་དང་སྐྱེ་མཆེད་དག་པའི་སེམས་དཔའ་སེམས་མ་འགྲོ་བ་རིགས་དྲུག་སྒྲོལ་བ་ཐུབ་པ་ཆེན་པོ་དྲུག ། གཞན་ཡང་ཉན་ཐོས་རང་རྒྱལ་སྐྱེ་བུ་བཞིའི་མཐར་སོན་ཞིང་དགྲ་བཅོམ་པ།


GTN006_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་གདུག་ཅན་འདུལ་བའི་གཉེན་པོར་ཁྲོ་བོའི་རྒྱལ་པོར་སྟོན་པ་སྒོ་བ་བཞི་སོགས་གཞན་ཡང་སོ་སོར་རྟོག་པའི་ཡེ་ཤེས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས་རྩ་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས། ཆོས་ཀྱི་དབྱིངས་རང་བཞིན་མི་འགྱུར་བའི་བདེ་བ་ཆེན་པོའི་སྣང་ཆ་བདེ་ལྡན་ཞིང་ཁམས་སོགས་དག་པའི་ཞིང་དང་། ཕོ་ཉ་འདུ་བ་ཐོབ་པའི་གནས་ཆེན་ཉི་ཤུ་རྩ་བཞི་སོགས་འཛམ་གླིང་གི་ཆར་གདོད་ནས་གྲུབ་པའི་གནས་ཆེན་གནས་ཆུང་ཧེ་རུ་ཀའི་གནས་བཅུ། དུར་ཁྲོད་ཆེན་པོའི་གནས་བརྒྱད་སོགས་གར་བཞུགས་ཀྱི་ཞིང་ཐམས་ཅད་ནས་བསྒྲུབ་པའི་གནས་འདིར་སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ་ལ། མཆོག་གི་དངོས་གྲུབ་རིག་འཛིན་བཞིས་མཚོན་ཏེ། གསང་བ་སྙིང་པོའི་རྒྱུད་ལས། དུས་གསུམ་རྒྱལ་བས་ཐུགས་ཆུད་པའི། །དངོས་གྲུབ་མཆོག་གི་སྙིང་པོ་འདི། །ཟད་པའི་དུས་མེད་ཡིད་བཞིན་མཛོད། །འཕེལ་འགྲིབ་མེད་པར་འབྱུང་བ་སྟེ། །དངོས་པོ་མེད་པས་དངོས་པོའི་སྤྲིན། །ལྷ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །ཞེས་དང་། ཐུན་མོང་གི་དངོས་གྲུབ་ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚོགས་བརྒྱད་སོགས་རྩོལ་བའི་ཕྱིར་བྱོན་ཅིག །འདིས་ཨཱ་ལ་ཟླ་ཚེས་དང་འ་འདོགས་ཀྱིས་ཡེ་ཤེས་ལྔ་མཚོན་པ། སློབ་དཔོན་སྨན་ཞབས་ཀྱི་ཞལ་ལུང་འགྲེལ་པར། ཟླ་ཕྱེད་ཐིག་ལེ་རྣམ་སྒེག་པ། །མགོ་བོ་ཨེ་དབྱིབས་ཐུར་དུ་བལྟས། །མི་བསྐྱོད་པ་ཡི་ངོ་བོ་འོ། །དྲིལ་བུ་ལྟ་བུའི་ལུས་ཉིད་ནི། །རིན་ཆེན་ཏོག་གི་ངོ་བོ་འོ། །དེ་ཡི་ཕྱི་རོལ་དབྱུག་པ་ནི། །ཚེ་དཔག་མེད་པའི་ངོ་བོའོ། །རིང་པོ་ཨུ་ནི་


GTN006_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཕྱོགས་འགྱུར། །དོན་ཡོད་གྲུབ་པའི་ངོ་བོ་འོ། །ཞེས་བཤད་པ་རྒྱ་ཡིག་དང་སྦྱར་བ་ཡིན་པས་མཚུངས་སོ། །ཨ་མི་དེ་ཝ། འོད་དཔག་ཏུ་མེད་པ། ས་པ་རི་ཝཱ་ར། འཁོར་བཅས། བཛྲ་ས་མཱ་ཡ། རྡོ་རྗེའི་དམ་ཚིག །ཛཿ ཛཿ ནི་དགུག་པའི་ས་བོན་ཏེ། དམ་བཅས་པ་ལྟར་སྤྱོན་ཅིག །ཅེས་པའི་སྔགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་བྱོན་པ་དམ་ཚིག་གི་དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ་མེ་རི་འདབ་འབྱོར་ཙམ་དུ་བཞུགས་པར་སྒོམས་པའོ། །ལྔ་པ་བཞུགས་སུ་གསོལ་བ་ནི། ཧྲཱིཿཞེས་ས་བོན་གྱིས་བོས་ཏེ། སྟོང་པ་ཉིད་ཀྱི་ཀློང་ཡངས་པར་རིག་པ་ཡེ་ཤེས་ཀྱི་ཆོས་འཕྲུལ་གྱི་ཞིང་ཁམས་སུ་ཤར་བ། བློས་མ་བཅོས་རང་བབས་ལྷུན་གྲུབ་འདི་ཉིད་དུ་སྤྱིར་གདན་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པར་ཡོད་བཞིན། དེ་དང་དེའི་དབུས་སུ། བྱེ་བྲག་ཉོན་མོངས་ལྔའི་སྐྱོན་ཆགས་པ་མེད་པར་བྲལ་བ་ཐབས་དང་ཤེས་རབ་སོགས་མཚོན་པའི་པད་ཉི་ཟླ་བའི་སྟེང་དུ་ལྷ་ཚོགས་རྣམས་དགྱེས་ཤིང་མི་གཡོ་བར་བརྟན་པར། དམ་ཚིག་པ་དང་ཡེ་ཤེས་གཉིས་ཆུ་ལ་ཆུ་བཞག་པ་ཇི་ལྟ་བ་བཞིན་གཉིས་སུ་མེད་པར་བསྟིམས་ཏེ་བཞུགས་སུ་གསོལ་བའོ། །ཨཱ་ཡེ་ཤེས་ལྔ་མཚོན། སརྦ་ཏིཥྠ་ལྷནཿ ཐམས་ཅད་བཞུགས་ཤིག །སྦྱངས་འབྲས་ནི། སངས་རྒྱས་པའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཡེ་ཤེས་གཅིག་ཏུ་གྱུར་པའི་དགོངས་པ་གཉིས་སུ་མེད་པ་ཉིད་ཡིན་ནོ། །དྲུག་པ་ཕྱག་འཚལ་བ་ནི། འདི་དག་གི་སྦྱང་བྱ་ནི་བྱིས་པ་དེ་བཟའ་བཏུང་གོས་


GTN006_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་། ཡུལ་ནོར་བཅད་རིས་དང་། ཁེ་གྲགས་སྒྲུབ་པ་རྣམས་ཀྱིས་བག་ཆགས་ཡིན། སྦྱོང་བྱེད་ཕྱག་འཚལ་མཆོད་ཕུལ་བསྟོད་པར་བྱ་བ་རྣམས་ཡིན། དེས་ལམ་གོང་མའི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྟོན་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །འདི་ནས་བཟུང་འཕྲུལ་དགའི་ལྷ་རྣམས་རང་གི་སྤྲུལ་པའི་ལོངས་སྤྱོད་ལ་རྩེ་བའི་ཚུལ་གྱིས་བདག་ཉིད་གཙོ་བོའི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རང་དང་འདྲ་བའི་སྤྲུལ་པ་ཐོན་ནས་ཕྱག་སོགས་ལས་རིམ་ལ་འཇུག་པར་མོས་སོ། །ཧྲཱིཿ ཞེས་པ་རིགས་ས་བོན་གྱིས་མགོ་དྲངས། ཡེ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་ཀློང་དུ་རྫོགས་པ་དུག་གསུམ་གྱི་སངས་རྒྱས་ཀུན་གྱི་མཆོག་ཏུ་གྱུར་ཅིང་། རང་སྣང་གི་ཞིང་ལ་མཆོད་པ་སོགས་རྒྱན་དང་ཡོ་བྱད་ཀྱི་བཀོད་པ་མཐའ་ཡས་པས་ངོ་མཚར་བ་ཅན། མགོན་པོ་འོད་དཔག་མེད་དེ་ལ། སྣང་བ་ལྷ། གྲག་པ་སྔགས། དྲན་རྟོག་ཐུགས་བདེ་ཆེན་དུ་འཆར་བའི་ཁྱེར་སོ་གསུམ་རིག་ངོར་དབྱེར་མེད་དུ་ཤར་བའི་སངས་རྒྱས་འཁོར་བཅས་ལ། ཕྱི་སྣང་བའི་ཡུལ་དང་། ནང་དེར་འཛིན་གྱི་དྲན་རིག་རང་སོ་ཟིན་པས་མ་འཁྲུལ་བར་འགྱུར་མེད་དུ་ཤར་བའི་ངང་ནས་ལྟ་བ་མཇལ་བར་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ ཞེས་པ་ནི་ཕྱག་འཚལ་བའི་བརྡའ་དང་། པྲ་ཏཱིཙྪ་ཧོཿ ཞེས་པ་ནི་མཉེས་པས་ལན་བྱིན་པའི་བརྡའོ། །བདུན་པ་མཆོད་པ་ནི། ཨ໋་ཨཱཿཧཱུྃ། སྐུ་གསུང་ཐུགས་ཀྱི་ས་བོན་གྱིས་དྲངས་ཏེ།


GTN006_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྣམས་ལ། དེ་དང་དེར་འཛིན་ཞིང་ཆགས་པའི་ཞེན་རྟོག་དང་བྲལ་བ་ནི་བློའི་མདུད་པ་གྲོལ་བ་ཡིན་ཀྱང་། ཐ་མལ་གྱི་བློ་དམན་པས་སྦྱངས་རྟོགས་སྤར་གསུམ་མ་ཤེས་པའི་སྤྱོད་ཡུལ་དུ་མཆོད་པ་རང་མཚན་པས་ཚོགས་གཉིས་རྒྱ་ཆེར་རྫོགས་མི་ནུས་ཕྱིར་ལམ་པ་སྙིང་སྟོབས་ཕྲ་བའི་སྐྱོན་འཇུག །འོན་ཀྱང་དངོས་སུ་འབྱོར་པ་དེ་དང་རྗེས་འབྲེལ་ཡིད་ཀྱི་སྣང་ངོར་ཤར་བ་ཉིད་རིག་པའི་རྩལ་མ་འགགས་པ་ལས་བྱུང་བས་སྟོང་གསུམ་རབ་འབྱམས་ཐམས་ཅད་ཀུན་བཟང་མཆོད་སྤྲིན་དུ་སྤྲུལ་ནས་འབུལ་དགོས་པ་ཤེས་པར་བྱས་ཏེ། ཕྱི་ནང་གི་མཆོད་པ་ལ་འཇུག་དགོས་པ། འདིར་སྒེག་སོགས་ལྷ་མོ་བཅུ་དྲུག་མཆོད་པ་ལ༔ དོན་གྱི་འཕྲོ་འདུ་སྤྲོས་བཅས་སྤྲོས་མེད་གང་༔ ཞེས་བཤད་པ་ཡིན། ལྷ་མོ་འདི་རྣམས་གོང་དུ་གཞལ་ཡས་ཁང་གི་འདོད་སྣམ་གྱི་སྟེང་དུ་ཡོད་པ། གཞལ་ཡས་ཁང་ཕྱི་ནང་མི་སྒྲིབ་པ་དེ་བཞིན་ཡང་། རྒྱལ་བ་གཡུང་སྟོན། རྩིག་པའི་ཁ་ཕ་གུ་སེར་པོའི་སྟེང་། ཀ་ཐུང་བཅུ་དྲུག་གི་[ཕྲག]། དྲྭ་བ་དྲྭ་ཕྱེད་ཀྱི་གསེབ་ནས་མཆོད་པ་འབུལ་བར་བཞེད་ལ། དོན་དུ་གང་འབུལ་བར་བྱ་བའི་མཆོད་པ་ནི། སྤྱིར་གང་དུ་བཤམས་ཤིང་བྱིན་གྱིས་བརླབས་པའི་ཕྱི་མཆོད་དེ་ཉིད་མཚོན་བྱེད་དུ་བྱས་ནས་རབ་འབྱམས་ཞིང་ཁམས་རྒྱ་མཚོའི་མཆོད་ཚོགས་ཇི་སྙེད་ཡོད་པ་རྣམས་དང་། བྱེ་བྲག་སྣང་སྲིད་དག་པ་རབ་འབྱམས་ཀྱི་མཆོད་རྫས་སུ་རྟོགས་པའི་དགོངས་པས་ཁམས་གསུམ་འགྲོ་བ་རིགས་དྲུག་གི་སྣོད་བཅུད་ཐམས་ཅད་ཡེ་ནས་རྣམ་དག་མཆོད་པའི་རྫས་སུ་མ་གྱུར་པ་མེད་བཞིན་དེ་དག་མཆོད་པའི་


GTN006_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཕུང་ནམ་མཁའི་ཁམས་གང་བའི་རྣམ་པར་སྤྲུལ་ནས་འབུལ་བ་ཉིད་དོ། །ཕྱི་མཆོད་ལ། རང་གཞུང་གི་མཆོད་པའི་ཚིག་རྣམས་བརྗོད་པ་དང་དུས་མཚུངས་པར་མཆོད་རྫས་ཐོགས་པའི་ལྷ་མོ་རྣམས་ཀྱིས་ལྷ་སོ་སོའི་དབང་པོའི་གནས་སུ་མཆོད་རྫས་ཀྱིས་མཆོད་པ་ཡིན་ནོ། །དེ་ཡང་བྱེ་བྲག་ངོ་མཚར་རྨད་དུ་བྱུང་བ་གཏེར་ཁ་འདི་ཉིད་ཀྱི་སྒོས་ཆོས་ལྟར་ན། གདོད་ནས་འཁོར་འདས་མཉམ་ཡངས་ཆེན་པོར་རིགས་དྲུག་ཁམས་ཀུན་མཆོད་པའི་རང་བཞིན་ཡེ་ནས་ལྷུན་གྲུབ་ཡིན་པ་དེ་ཉིད་ཚིག་དོན་མཐུན་པར་མཆོད་པ་འབུལ་ཚུལ་ཤེས་པར་བྱ་བ་ཡང་། ཇི་སྐད་དུ། དབང་ཆེན་ཁྲོ་བོ་འདུས་པའི་རྒྱུད་ལས། དེ་ལ་ཞིང་ཁམས་སྲིད་རྩེ་མན༔ ན་རག་ཡན་ཆད་ཐམས་ཅད་དང་༔ སྣོད་བཅུད་འཇིག་རྟེན་རྡུལ་སྙེད་ལ༔ བཅུད་ཀྱི་སེམས་ཅན་དེ་སྲིད་ཀུན༔ རྒྱལ་བའི་ཞིང་ཁམས་བྱེ་བ་ན༔ ངོ་མཚར་ལྷ་རྫས་མཆོད་པའི་སྤྲིན༔ བསམ་པའི་ཡུལ་འདས་ཇི་སྙེད་དག༔ དེ་དང་འདྲ་བ་ཅི་བཞིན་དུ༔ རྣལ་འབྱོར་བློ་ཡིས་རབ་བླངས་ཏེ༔ དཀྱིལ་འཁོར་ལྷ་ལ་འབུལ་ཤེས་ན༔ དེ་ལས་ལྷག་པའི་མཆོད་པ་མེད༔ འཁོར་འདས་དབྱེར་མེད་མཆོད་པ་ཆེ༔ མ་ཚང་མེད་པའི་ཚོགས་ཆེན་ཡིན༔ ཞེས་གསུངས་པ་ལྟར། ཧྲཱིཿས་བོན། རྡོ་རྗེ་སྒེག་མོས་བཞད་པའི་སྒྲ་དང་བཅས་ཏེ་རང་གི་གཟུགས་མཛེས་ངོམ་ཞིང་། མེ་ལོང་དུ་གཟུགས་སྣ་ཚོགས་འཆར་བ་སྟོན་པས་ལྷ་ཚོགས་རྣམས་ཀྱི་ཐུགས་ལ་སྤྲོ་བ་བསྐྱེད་པ། རྡོ་རྗེ་ཕྲེང་བ་མས་རིན་པོ་ཆེའི་རྒྱན་ཆས་སྣ་ཚོགས་འབུལ་བ། རྡོ་རྗེ་གླུ་མས་དབྱངས་ཀྱི་ཡན་ལག་དྲུག་ཅུའི་པི་ཝཾ་གི་སྒྲ་སྙན་


GTN006_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ། རྡོ་རྗེ་གར་མས་ཕྱག་རྒྱ་གར་གྱི་རྣམ་འགྱུར་སྣ་ཚོགས་གཡོ་བ་སོགས་འདི་རྣམས་གཟུགས་ཀྱི་མཛེས་པ་དང་། རྒྱན་དང་ཡོ་བྱད་སོགས་ངོ་མཚར་ཕུན་སུམ་ཚོགས་(༤༦པ་ཆད།) མོའི་བྱེ་བྲག་འབུད་དཀྲོལ་བརྡུང་བྱ་རྒྱུད་ཅན་སོགས་སྒྲ་དབྱངས་སྣ་ཚོགས་པས་སྙན་གྱི་དབང་པོ་རྣམས་ལ་མཆོད། དབང་པོ་ལྔའི་སྤྱོད་ཡུལ་དུ་འདོད་ཡོན་ལྔ་འབུལ། འདི་སོགས་མཆོད་པ་རྣམས་ལ་མཚོན་དོན་དག་པ་ཡང་སྤྲོས་སུ་ཡོད་མོད་ཡི་གེས་འཇིགས་སོ། །ཨ໋་མཆོད་པའི་ས་བོན་མགོ་འདྲེན་སྐུའི་ཡི་གེ། གུ་རུ། བླ་མ། ཨ་མི་དེ་ཝ། འོད་དཔག་མེད། ས་པ་རི་ཝཱ་ར། འཁོར་བཅས། ཨ຋ཾ་ནས་ཤབྟ་བར་སྔར་བྱིན་རླབས་བཞིན། ཨཱཿ གསུང་། ཧཱུྃ་ཐུགས་གྱི་ཡི་གེ །རཱུ་པ་སོགས། ཨཱཿ ཧཱུྃཿ དེ་བཞིན་ལས་ཡང་བསྐྱར་མ་དགོས། ཡང་གསང་གི་མཆོད་པ་ལ། ཧྲཱིཿ པདྨ་རིགས་ཀྱི་ས་བོན། སེམས་ཅན་རྣམས་འཁྲུལ་པ་རང་ག་མའི་གཟུགས་ལ་ཞེན་ནས་འཁྲུལ་ཏེ། འདོད་ཆགས་ཀྱི་སྤྱོད་པར་ཆགས་པས་བདེ་བའི་རོ་སྐྱེས་པས་སེམས་འཚེངས་པ་གསུམ་གྱི་ནུས་པ་ཐེབས་པའི་གཟུགས་ཕུང་གི་ཁམས་ལ་བརྟེན་པ་སྦྱང་བྱ། སྦྱོང་བྱེད། སྣང་བ་ཡུལ་ཅན་ཐབས་ཡབ་ཀྱི་རང་བཞིན། ཡུམ་སྟོང་པ་ཉིད་ཤེས་རབ་ཡུམ་གྱི་རང་བཞིན་ཡེ་རྒྱ། ཟུང་འཇུག་དབྱེར་མི་ཕྱེད་པ་ཐམས་ཅད་ཡེ་སྦྱོར་ཆེན་པོ་ཡིན་ལ། དེ་ལྟར་མཉམ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་རོས་དཀྱིལ་འཁོར་ཐམས་ཅད་ཚིམ་པར་བྱེད་པ་སྦྱོར་མཆོད་དང་། སེམས་ཅན་རྣམས་དུག་གསུམ་རང་ག་མའི་དབང་གིས་ཉོན་མོངས་པ་ཞེ་སྡང་གིས་སྲོག་གཅོད་པའི་


GTN006_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་དེ་སྦྱང་བྱ། སྦྱོང་བྱེད། བསྒྲལ་བྱ་བདག་ལྟའི་མཚན་ཉིད་ཅན་གྱི་གཟུང་བ་དང་འཛིན་པའི་རྣམ་རྟོག་ཡིན་ལ། དེས་འཁོར་བར་འཕེན་ཏེ་གཉིས་མེད་ཡེ་ཤེས་རྟོགས་པ་ལ་བར་དུ་གཅོད་པའི་དགྲ་ཡིན། གང་གིས་བསྒྲལ་ན། གཉིས་འཛིན་གྱི་རྣམ་རྟོག་དང་བྲལ་བའི་ཡེ་ཤེས་ཀྱི་མཚོན་ཆ་རྣོན་པོས་ཐོག་མར་རང་རྒྱུད་ཀྱི་གཉིས་འཛིན་ཞེན་རྟོག་དང་བཅས་པ་སྐྱེ་མེད་སྐུ་གསུམ་གྱི་དབྱིངས་སུ་བསྒྲལ་པས་ཉོན་མོངས་པ་དུག་ལྔའི་རྒྱུ་ཡེ་ཤེས་ལྔར་སྦྱངས་པའམ་འགྱུར་བ་ནི། ཡེ་སྒྲོལ་ཆེན་པོའི་དོན་ཡིན་པ་དང་། མྱང་འདས་དང་ངན་སོང་གཉིས་འཛིན་གྱི་རྟོག་པ་མི་རྟོག་པའི་ཆོས་ཉིད་ཀྱི་དབྱིངས་སུ་ལ་བཟླ་བ་བསྒྲལ་མཆོད་ཀྱི་སྙིང་པོར་གྱུར་པ་ནི། གསང་སྙིང་ལས། ཐོག་མར་བདག་ཉིད་རྟོག་གོམས་བསྒྲལ། །ཞེས་པའི་དོན་ཡིན་ལ། དེ་ལྟ་བུའི་དགོངས་པས་དམྱལ་བའི་ཡུལ་སྣང་ཡང་དག་ཞིང་འོག་མིན་ཉིད་དུ་ཤར་བ་ལ། དམྱལ་ཡུལ་མཆོད་ཚོགས་སུ་སྤྲོས་པའི་ཐ་སྙད་མཛད་བཞིན། མཆོད་པ་འདི་གཉིས་ཀས་ན་རཀ་དམྱལ་ཁམས་ཡུལ་གྱི་ལས་སྒྲིབ་ཀུན་བྱང་བར་མོས་ཏེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པའི་ཕྱིར། མཆོད་པར་བྱ་བའི་ཡུལ་དང་། མཆོད་བྱེད་ཀྱི་གང་ཟག །མཆོད་པ་གསུམ་ཀ་མི་དམིགས་ཤིང་། ཅིར་ཡང་གྲུབ་པ་མེད་པའི་གནས་ལུགས་རྫོགས་པ་ཆེན་པོའི་དོད་དྲན་པ་འཁོར་གསུམ་དམིགས་མེད་ཕྱག་རྒྱ་ཆེན་པོའི་མཆོད་པ་ཐམས་ཅད་ཀྱི་བླ་ན་མེད་པ་ཡིན་ནོ། །དེ་ལྟར་སྦྱོར་སྒྲོལ་དེ་ཁོ་ན་ཉིད་གསུམ་གྱི་མཆོད་པའི་དོན་


GTN006_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདིར་ཚང་བ་སྤྲོས་མེད་ཀྱི་མཆོད་པ་འདིས་ཚ་གྲང་གི་སྡུག་བསྔལ་མྱོང་བའི་སྐྱེ་སྒོ་གཅོད་ནས་སངས་རྒྱས་པར་ཤོག །ཨ໋་ཨ་ཨུ་མ་གསུམ་འདུས་པ་བསྐྱེད་རྫོགས་གསུམ་མཚོན། མ་ཧཱ་ཝཱ་ཊ໇་བརྗོད་མེད་ཆེན་པོ། དྷཱ་ཏུ་ཛྙཱ་ན། དབྱིངས་ཡེ་ཤེས་སུ། ཁ་ཁ། ཟོ་ཟོ། ཁཱ་ཧི། ཟོ་ཤིག ། སྨན་གཏོར་རཀྟ་འབུལ་བ་ནི། ཧྲཱིཿ ས་བོན། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བཅོས་རང་བྱུང་གི་བདུད་རྩིའི་ངོ་བོར་གདོད་ནས་རྣམ་པར་དག་པ་ཡིན་ལ། དེ་ཤེས་བྱེད་ཕྱི་ནང་གསང་གསུམ་གྱི་རྩ་བ་བརྒྱད་དམ། ཡང་ན་རྩ་བ་བདུད་རྩི་ལྔ་རེ་རེ་ལ་ཕྱི་ནང་གི་རྩ་བ་བཞི་རེ་སྦྱར་བའི་བརྒྱད། བརྒྱད་ཚན་རེ་རེ་ལའང་སོ་སོའི་སྐྱོབ་དང་འཕྲད་བརྒྱ་ཉེར་ལྔ་རེ་སྦྱར་དུ་ཡོད་པས་ཡན་ལག་གི་སྟོང་དུ་འགྱུར་ལ། དེ་ལྟར་སྦྱར་བའི་དམ་རྫས་དེ་ནི་ཆོས་ཐམས་ཅད་བླང་དོར་མེད་པའི་མཉམ་པ་ཉིད་རྟོགས་པ་ལས་བྱུང་ཞིང་། གཉིས་འཛིན་རྣམ་རྟོག་གི་བདུད་སེལ་བའི་རྩི་དེ་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་བྱིན་གྱིས་བརླབས་པའི་བཅུད་ཀྱིས་མཆོད་པ་དང་། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོང་གཞོང་དུ་བྱས་པར། སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མ་ཤེས་པ། རོ་བརྒྱ་དང་ལྡན་པའི་བདུད་རྩི་སྨན་གྱིས་བྲན་པའི་གཏོར་མ་རི་རབ་ལྷུན་པོ་དང་མཉམ་པ་ཉི་མ་དང་ཟླ་བས་བརྒྱན་པའི་དཔལ་གྱི་གཏོར་མ། དཀར་གྱིས་ཐིག་བཏབ་དམར་གྱིས་གུར་ཕུབ་པ་དང་། སྡུག་བསྔལ་གྱི་རྩ་བ་ཆགས་ཞེན་ཁྲག་གི་རྣམ་པར་བསྡུས་པ་ཆགས་མེད་བདེ་བ་ཆེན་པོའི་ཀློང་དུ་བསྟིམས་པ་ནི། འཁོར་བ་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་བའི་དམ་རྫས་རཀྟ་


GTN006_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ལྔའི་ཡན་ལག་ཚང་བ་སོགས་སྣང་སྲིད་སྣོད་བཅུད་ཐམས་ཅད་མཆོད་པའི་རྫས་སུ་རང་བྱུང་ལྷུན་གྱིས་གྲུབ་ཅིང་གཟུང་འཛིན་གཙང་སྨེའི་རྟོག་ཚོགས་ལས་འདས་པའི་དུད་འགྲོའི་ཡུལ་སྣང་བཀོད་པ་ཐམས་ཅད་དམ་རྫས་སྨན་གཏོར་རཀྟའི་མཆོད་ཚོགས་སུ་གྱུར་པ་འབུལ་བས། བླུན་རྨོངས་སུ་སྐྱེ་བའི་སྒོ་བཅད་ནས་སངས་རྒྱས་པར་ཤོག །མ་ཧཱ། ཆེན་མོ། སརྦ། ཐམས་ཅད། པཉྩ་ཨ་མྲ໏་ཏ། བདུད་རྩི་ལྔ། བ་ལིངྟ། གཏོར་མ། འདི་ལ་བྷ་ལིང་ཡང་འཇུག་སྟེ། ཡེ་ཤེས་ཐིག་ལེར། སེམས་ཅན་ཐམས་ཅད་འཁྲུངས་དོན་ཏུ། །འབད་པ་ཡིས་ནི་གཏོར་མ་བྱིན། །བྷ་ཡི་ཡིག་འབྲུ་བྷ་གར་བརྗོད། །ལིང་གི་ཡིག་འབྲུ་ལིངྒར་བསྟན། །ཞེས་སོ། །རཀྟ། རཉྩ་ཚོས་ཀྱི་བྱིངས་ལ་སྒྲུབས་པའི་ཁ་དོག་དམར་པོའི་རིགས་ལ་བརྗོད་པ། འགྱུར་མེད་དོན་གྱི་རཀྟ། སྣང་བ་བརྡའི་རཀྟ། རྟེན་འབྲེལ་རྫས་ཀྱི་རཀྟ། མ་ཧཱ་རཀྟ། མཱུ་ལ་རཀྟ། པདྨ་རཀྟ་སོགས་དབྱེ་བ་མང་ཡང་འདིར་གསང་བའི་ཁྲག་གོ། པཱུ་ཛ་མཆོད་པ་སྟེ། འདི་ལ་པཱུ་ཛ་མཆོད་པའི་བྱིངས་ལ་རྐྱེན་ཨ་ཙ་སྦྱར་བའམ། ཡང་ན་གཞུང་ཆེན་པོ་རྣམས་སུ། པུ་ན་རུ་དང་ཛ་ནའི་སྒྲ་ལས་ཡང་དང་ཡང་དུ་དགྱེས་པ་བསྐྱེད་པ་དང་། པཱུརྦ་ཛ་ནའི་སྒྲ་སྔོན་དུ་བསྐྱེད་པ་སྟེ། འདོད་པའི་དོན་ལ་གསོལ་བ་གདབ་པའི་སྔོན་དུ་མཆོད་པས་དགྱེས་པར་བྱེད་པའི་དོན་ཡིན། དེ་དག་བསྡུས་པས་པཱུ་ཛའི་སྒྲ་ནི་དོན་གྱི་དབང་གིས་མཆོད་པར་འགྱུར་རོ། །ཁ་ཁ་ནི་ཁཻ་ཟ་བའི་བྱིངས་ལ། རྐྱེན་ཌ་བྱིན་པས། ཟོ་ཟོ། ཡང་ཁཻ་ལ། པཉྩ་མཱིའི་ཧི་དང་། ཨན་໇བི་འཇིག་པས། ཁ་ཧི། ཟོ་ཤིག་ཅེས་སྐུལ་ཚིག་ཡིན།


GTN006_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་བསྟོད་པ་ནི། མཆོད་པའི་རྗེས་དེ་ནས་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་རབ་ཏུ་དང་བའི་ཡིད་ཀྱིས་ཀུན་ནས་བསླངས་ཏེ། རྡོ་རྗེ་གླུ་ཡིས་གྲགས་སྟོང་གཞོམ་མེད་ཀྱི་རང་སྒྲར་ཤེས་པས། ཀརྨ་མཱ་ལེན། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། །རིགས་ལྔའི་ཕྱག་རྒྱའི་དྲིལ་སྟབས་བྱ། །ཞེས་པས་རིགས་ལྔའི་སྤྱི་ཕྱག་དང་། སོ་སོའི་ཕྱག་ཆེན་གྱིས་ཐལ་མོ་སྦྱར་བས་བཏུད་ནས་བསྟོད་པའོ། །ཧཱུྃ། ཞེས་ཐུགས་བསྐུལ་བ་དང་། ཧྲཱི༔ རིགས་ཀྱི་ས་བོན་གྱིས་མགོ་དྲངས། ནུབ་ཕྱོགས་བདེ་བ་ཅན་འདིར་ཞིང་ཁམས་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པའི་རྒྱན་དང་ཡོ་བྱད་ཚད་མེད་པའི་བཀོད་པ་དང་ལྡན་ཞིང་། ཞིང་ཁམས་གཞན་དུ་སྨོན་ལམ་བཏབ་ཀྱང་སྐྱེ་དཀའ་ལ། རྒྱལ་བ་འདིའི་མཚན་རྣ་ལམ་དུ་གྲགས་པ་དང་། གསོལ་བ་བཏབ་མ་ཐག་ཏུ་ཞིང་འདིར་སྐྱེ་བ་དེ་ཡང་སྐྱེས་མ་ཐག་ནས་འཁོར་བའི་སྡུག་བསྔལ་རྣམ་པར་དག་པར་འགྱུར་བས་ཐ་མལ་གྱི་ཞིང་ལས་འདས་ཕྱིར་མཆོག་གི་ཞིང་ཡིན། སྤྱིར་སྡོང་པོ་བཀོད་པ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་འགྱུར་བ་མེད། །ཅེས་དང་། བཟང་སྤྱོད་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །ཞེས་སོགས་གསུངས་པ་ལྟར། ཞིང་རྡུལ་གྱི་གྲངས་སྙེད་དུས་གསུམ་སངས་རྒྱས་ཀུན་གྱི་ཞིང་འདིར་འབྱོན་ནས་གཙུག་ཏུ་མཆོད་པ། ཆོས་སྐུའི་ཞིང་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་བཞིན་ཉིད་དུ་ནར་སོན་པའི། ཡོན་ཏན་མ་བཙལ་


GTN006_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི། ཡེ་ཤེས་མཐའ་དབུས་དང་བྲལ་བའི། འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི། མཉམ་པ་ཉིད་མངོན་དུ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བའི། གཅིག་དང་དུ་མ་ལས་གྲོལ་བའི། དུས་གསུམ་འདུ་འབྲལ་མེད་པའི་སྟེ་རང་བཞིན་བདུན་དང་ལྡན་པ། བུདྡྷའི་སྒྲ་གཉིད་སད་པ་ལྟར་སངས་པ་དང་། པདྨ་ཁ་བྱེ་བ་ལྟར་རྒྱས་པའི་དོན་གཉིས་ཀ་ལ་འཇུག་པས། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་སོ། །དེ་ལྟ་བུའི་རང་བཞིན་ནི། བདུད་བཞི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་བཅོམ་ཞིང་། སྐུ་ལྔ་ལ་སོགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པས་ན་ལྡན་ལ། མཐའ་གཉིས་ལ་མི་གནས་པས་རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད་པས་ན་འདས་པ་སྟེ། རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱིས་བཅོམ། །སྐུ་ལྔ་ཡོངས་རྫོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་སོ། །སྒྲིབ་གཉིས་ནི། རྒྱན་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་བརྗོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་སོ། །བག་ཆགས་ནི་ཀུན་འབྱུང་ཕྲ་བའི་མཐར་ཐུག་ལམ་པའི་བག་ཆགས་དེ་དཀར་དམར་རླུང་གསུམ་འགྲོགས་པའི་ཤེས་པ་གཉིས་སྣང་འཁོར་བའི་ཆོས་སུ་ཤར་བ་ལ་བཞེད། སྐུ་ལྔའི་ཡོན་ཏན་དང་ལྡན་པ་ནི། སམ་བུ་ཌི་ལས། དབང་


GTN006_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དང་ནི་གཟུགས་ཅན་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཅེས་སོ། །གཞན་ཡང་མཚན་དང་དཔེ་བྱད་འབྲས་ཆོས་ཉི་ཤུ་རྩ་ལྔ་ཐམས་ཅད་(་་་་་་་་)དབྱེར་མི་ཕྱེད་པ་རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན། དེ་ལྟ་བུའི་མགོན་པོ་འོད་མི་འགྱུར་བ། མཆོག་གི་མགོན་པོ་ཁྱེད་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བསྟོད།(་་་་)ཡོན་ཏན་མཐའ་ཡས་པའི་དུས་གསུམ་གྱི་རྒྱལ་བས་རྡོ་རྗེའི་ལྗགས་ཀྱིས་ཀྱང་བརྗོད་པར་མི་ནུས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཀུན་ལ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱིས་ཁྱབ་པའི་ཐུགས་རྗེའི་གཏེར་ཆེན་པོ། [འགྲོ་བ་རིགས་དྲུག་ན་]འཁོར་བའི་སྲིད་པ་ཡོངས་ལས་ཁྱེད་ཀྱི་སྤྲུལ་པས་སྐྱོབས་པར་ནུས་བཞིན། དག་པའི་ཞིང་ཁམས་གྲངས་མེད་ཀུན་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས། ངོ་མཚར་བའི་རྫུ་འཕྲུལ་གྱི་མཛད་པ་མཆོག་སྟོན་པ་ལ་ཡང་བསྟོད་པར་བགྱིའོ། །ཐར་མེད་ལས་ཀྱི་བཙོན་རར་ཚུད་པ་ཅན། སེམས་ཅན་ངན་སོང་གི་སྡུག་བསྔལ་མྱོང་བ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས། སྙིང་རྗེ་ཆེན་པོ་བཅོས་མིན་སྐྱེས་པས་མ་བཟོད་པར་འདྲེན་པའི་ཐུག་རྗེའི་མདངས་ལས་ཤར་བ། སངས་རྒྱས་དཔའ་བོ་དང་། སེམས་དཔའ་སེམས་མ་ཐམས་ཅད། སྟོན་འཁོར་དགོངས་པ་དབྱེར་མེད་པ་རྒྱལ་བ་བྱང་སེམས་ཚོགས་ལའང་བསྟོད་པར་བགྱིའོ། །འགྲོ་བ་རིགས་དྲུག་ཀ་དཀར་ནག་ལས་ཀྱི་རྣམ་སྨིན་མྱོང་བ་སྲིད་པའི་མཚོ་ལས་མྱུར་དུ་སྒྲོལ་བའི་ཐུབ་ཆེན་ཉན་ཐོས་རང་རྒྱལ་དགྲ་བཅོམ་པའི་འཁོར་


GTN006_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཆི་ཁའི་བར་དོར་འཇིགས་པ་སྐྱོབ་བྱེད་ཁྲོ་ཆེན་(་་)རྩ་གསུམ་སོགས། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ་ཡིད་སྣང་དག་པས་བསྟོད་པར་བགྱིའོ། །དགུ་པ་བཤགས་པ་ནི། ཨེ་མ་ཧོ་ཞེས་བཤགས་ཡུལ་ཞིང་གི་ཆེ་བའི་ཡོན་ཏན་དྲན་པས་ངོ་མཚར་བའི་དོན་གདོད་མའི་མགོན་པོ་འོད་དཔག་མེད་ལ་གདོད་མ་ནས་རང་དང་གཉིས་སུ་མེད་པ་ཡིན་ཀྱང་། དེ་ལྟར་མ་རྟོགས་ཏེ། བློ་འཁྲུལ་པའི་སྣང་བར་སྤྱོད་པ་ཆགས་སྡང་རྨོངས་པའི་དབང་དུ་མས་ཉེས་པ་མི་བཟོད་པས་[ནོངས་པ།] རྩ་གསུམ་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། ཐུགས་ཆོས་དབྱིངས་འགྱུར་བ་མེད་པའི་ཀློང་དུ་བཟོད་པར་གསོལ་ན། སྒྲིབ་པས་གོས་མ་མྱོང་བ་ངོ་བོ་ཀ་དག་ལ་ཉེས་པའི་དྲི་མས་གོས་མ་མྱོང་བ་སྟོང་པ་ཆེན་པོ། རང་བཞིན་ལྷུན་གྲུབ་ལ་ཡོན་ཏན་ཐམས་ཅད་ཚང་བས། ཐུགས་རྗེས་ཀུན་ལ་ཁྱབ་པའི་གཞི་དབྱིངས་དེར། བཤགས་བྱ་བཤགས་བྱེད་མི་དམིགས་པའི་ངང་ནས་རབ་ལྟ་བས་བཤགས་པས། སྒྲིབ་གཉིས་བག་ཆགས་དང་བཅས་པ་མི་གནས་པར་ཤོག་སྟེ། ཇི་སྐད་དུ། དྲང་པོར་འདུག་ལ་དྲང་པོར་ལྟོས། །འགྱོད་ཚངས་རྣམས་ཀྱི་ནང་ན་མཆོག །ཅེས་སོ། །འདི་ལ་སྟོབས་བཞི་རྩི་ན། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན། སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་སོ། །


GTN006_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བརྒྱའི་སྔགས་དོན་ནི། རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོངས། ཞེས་སོགས་སྤྱི་དང་མཐུན། བཟླས་བརྗོད་བྱས་པའི་ཕན་ཡོན་ཡང་། དྲི་མེད་བཤགས་རྒྱུད་ལས། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཉམས་ཆག་ཐམས་ཅད་བསྐངས་ཏེ། ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཞེས་པ་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་པའི་བར་གསུངས་ཤིང་། འདི་ཉིད་གསང་སྔགས་བླ་མེད་ཀྱི་ནང་ཁྲུས་ཡིན་པས་འབྲེལ་ཆགས་སོ། །འདི་དག་གི་བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་། ཡུལ་དོན་གྱི་སྤྱད་རིགས་དང་། ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། འབྲས་བུ་སངས་རྒྱས་པའི་ཚེ་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་། ཕྱག་གི་གནས། མཆོད་པའི་ཞིང་བླ་ན་མེད་པར་འགྱུར་བའི་རྟེན་འབྲེལ་སྒྲིགས། རྫོགས་རིམ་གྱི་ཚེ་ཐེག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །སྐབས་འདིར་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ནི། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། དག་པ་དྲན་པ། བདེ་གསལ་སྟོང་པ་ཉིད་དུ་འཆར་བ་ལ་བསླབ་དགོས་པས། ཐ་མལ་མ་དག་པའི་སྣང་བ་རགས་པ་ལྡོག་པའི་ཕྱིར་སྐུ་ཡོངས་སུ་རྫོགས་པ་ལམ་གྱིས་གསལ་བཏབ། ཡང་ཐ་མལ་གྱི་སྣང་བ་ཕྲ་བ་ལྡོག་པའི་ཕྱིར་སྤྱན་སོགས་ནས་ཞབས་ཀྱི་བར་སྐུའི་ཆ་ཤས་དང་། རྒྱན་རྣམས་ཀྱང་རེ་


GTN006_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རེའི་རྣམ་པ་ལ་རིམ་པར་སེམས་འཛིན་པས། སོ་སོའི་གསལ་སྣང་སྐྱེས་པ་དང་གཅིག་ཆར་གསལ་གདབ་སྟེ། རྫིང་བུ་རླུང་གིས་མ་བསྐྱོད་པ་ལ་གཟུགས་བརྙན་ཤར་བ་ལྟ་བུར་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱ། དེ་ནས་ཐ་མལ་གྱི་ཞེན་པ་བཟློག་པའི་ཕྱིར་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས་རྒྱལ་ཀུན་འདུས་པའམ་བདག་ཉིད་(༥༢པ་ཆད།) མཐར་ཐུག་སངས་རྒྱས་ཀྱི་གསུང་རྡོ་རྗེ་ཐོབ་པའི་དངོས་རྒྱུར་འགྱུར་བ་དང་། ཡང་ཡང་བསྐྱར་བ་ནི་ཛབ་སྟེ་བཟླས་པའི་ངོ་བོའོ། །བཞི་པ་དབྱེ་བ་ནི། བཀོད་པའི་བཟླས་པ་འམ་ཟླ་བ་སྐར་ཕྲེང་ལྟ་བུ། མགར་མེ་འཁོར་བ་ལྟ་བུའམ་ཁྱོགས་ཀྱི་བཟླས་པ། རྒྱལ་པོའི་ཕོ་ཉ་ལྟ་བུའམ་སྤྲོ་བསྡུའི་བཟླས་པ། བུང་བ་ཚང་ཞིག་པ་ལྟ་བུའི་ཛབ໇་དགོངས་བཞི་པོ་འདི་དུས་གཅིག་སྦྱར་དགོས་པའི་ངེས་པ་མེད་ཀྱང་སྐབས་ཐོབ་ཏུ་སྦྱོར་བ་སྟེ། འོག་ནས་འབྱུང་ངོ་། །ལྔ་པ་བཟླས་པ་ཇི་ལྟར་བྱ་ཚུལ་ནི། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་རྣམ་རྟོག་གཡེང་བས་མ་དཀྲུགས་པ་ཤིན་ཏུ་གལ་ཆེ་ཞིང་། སླར་ཡང་ཡང་བསྐྱར་ཞིང་བཟླས་པས་སྒོམ་པ་རྒྱུན་མི་འཆད་པ་ལ་བསླབ་པ་ཡིན་ལ། སེམས་རྣམས་པར་གཡེངས་པས་ཇི་ཙམ་བཟླས་ཀྱང་ངག་སྒྲིབ་ཅུང་ཟད་སྲབ་པར་བྱེད་པ་ཙམ་ལས་འདོད་དོན་འགྲུབ་པ་དཀའོ། །བཟླས་པའི་ཚེ་བགྲང་ཕྲེང་གི་མཚན་ཉིད་ཀྱང་། སློབ་དཔོན་སངས་རྒྱས་གཉིས་པས། རྒྱུ་ནི་རབ་ལ་རིན་པོ་ཆེ། །འབྲིང་པོ་ཤིང་གི་འབྲས་བུ་སྟེ། །ཐ་མ་ཤིང་དང་ས་རྡོ་དང་། །སྨན་གྱི་ལྡེ་གུའི་ཕྲེང་བའོ། །དུང་ནི་ཞི་བའི་ཕྲེང་བ་སྟེ། །ཞི་བའི་ལས་
ལ་བསྔགས་པའོ། གསེར་གྱི་ཕྲེང་བ་རྒྱས་པའི་ལས། །བྱི་རུའི་ཕྲེང་བས་དབང་ལས་འགྲུབ། །ལྕགས་དང་གཡུ་ཕྲེང་དྲག་པོའི་ལས། །གཟི་མཆོངས་སྣ་ཚོགས་ལས་ལ་ཤིས། །སའམ་ཤིང་འབྲས་ཞི་བའི་ལས། །མཐེའུ་ཁམ་འབྲས་རྒྱས་པ་འགྲུབ། །ལུང་ཐང་དབང་གི་ལས་ལ་ཤིས། ནཱ་ག་ཁྱུང་མཆུ་རཀྴ་ནི། །དྲག་པོའི་ལས་ཀྱི་ཕྲེང་བར་བསྔགས། །བོ་ངྷི་ཙི་ནི་ཀུན་ལ་ཤིས། །བྱང་ཆུབ་ཤིང་དང་སྐྱེ་གཉེན་ཕྲེང་། །ཞི་བའི་ལས་ཀྱི་ཕྲེང་བར་ཤིས། །འོ་སེ་ལ་སོགས་འབྲས་བུ་ཅན། །རྒྱས་པའི་ལས་འགྲུབ་ཕྲེང་བའོ། །མཛོ་མོ་ཤིང་དང་འོམ་བུའི་ཕྲེང་། །དབང་གི་ལས་འགྲུབ་ཕྲེང་བར་བསྔགས། །སེང་ལྡེང་ཚེར་ནག་དྲག་པོའི་ཤིང་། །བར་གློ་ཤིང་གི་ཕྲེང་བ་ནི། །ལས་རྣམས་ཀུན་ལ་བསྔགས་པའོ། །བ་སོའི་ཕྲེང་བས་ལས་ཀུན་འགྲུབ། །ས་རིལ་ཞི་བའི་ཕྲེང་བ་ལ། །རྒྱས་པར་རྡོ་ཡི་ཕྲེང་བ་ཤིས། །སྨན་གྱི་ཕྲེང་བས་དབང་ལས་འགྲུབ། །ཐོད་པ་ལ་སོགས་རུས་ཆེན་གྱིས། །ཕྲེང་བས་དྲག་པོའི་ལས་འགྲུབ་འགྱུར། །སྣ་ཚོགས་བསྡུས་པའི་ཕྲེང་བས་ནི། །ལས་རྣམས་ཐམས་ཅད་འགྲུབ་ཅེས་བཤད། །ཅེས་སོ། །

བགྲང་ཕྲེང་གི་མཚན་ཉིད་དང་། འདྲེན་ཚུལ་སོགས།


GTN006_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་བྱིན་རླབས་ནི། སྔ་མ་ལས། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །ཕྲེང་བ་ལག་པ་གཡོན་དུ་བསྐྱིལ། །མདོ་འཛིན་སྟེང་དུ་ཡོད་པར་བྱ། །སྭ་བྷའི་སྔགས་ཀྱིས་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཕྲེང་བ་དེ། །མདུད་འཛིན་ཡི་དམ་གཙོ་བོ་ལ། །ཕྲེང་བ་འཁོར་གྱི་རྣམ་པས་བསྐོར། །ཡེ་ཤེས་སྤྱན་དྲངས་དགུག་ཅིང་བསྟིམ། །ཞེས་པ་ལྟར་དང་།


GTN006_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་སྔགས། ཨ໋་རུ་ཙི་ར་མ་ཎི་པྲ་ཝརྡྷཱ་ཡ་སྭཱ་ཧཱ་ཉེར་གཅིག་དང་དབྱངས་གསལ་རྟེན་སྙིང་བཟླས། ལྷ་འོད་ཞུ་ཕྲེང་བའི་རྣམ་པར་མོས་པའོ། །རབ་གནས་ལྡན་པའི་ཕྲེང་བ་དེ་ལ་སྔགས་གང་ཡིན་འབུམ་འགྱུར་དུ་འགྲོ་བར་གསུངས་ཤིང་། ཕྲེང་བ་འདྲེན་ཚུལ་ཡང་། སྔ་མ་ལས། ཞི་བའི་སྔགས་རྣམས་འདྲེན་པའི་དུས། །མཛུབ་མོའི་སྟེང་ནས་འདྲེན་པར་བྱ། །དེ་བཞིན་རྒྱས་པ་གུང་མོའི་སྟེང་། །དབང་ལ་སྲིན་ལག་དྲག་པོ་ལ། །མཐེའུ་ཆུང་སྟེང་ནས་འདྲེན་པ་སྟེ། །ཀུན་ཀྱང་གཡོན་པ་ཁོ་ནས་སྟེ། །གཡས་པ་རྐྱང་པས་མི་འདྲེན་ཞིང་། །འོན་ཀྱང་ལ་ལས་སྐབས་རྣམས་སུ། །ལག་པ་གཉིས་ཀས་འདྲེན་པའང་བཤད། །ཅེས་སོ། །ལས་བཞི་སྤྱི་ཁྱབ་ཏུ་སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་དུ་བཞག་ནས་མཐེ་བོང་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་བཟླ་བ་ཉིད་འཇུག་པ་བདེ་ཞིང་ལེགས་སོ། །ཡང་སྔ་མ་ལས། ཕྲེང་བ་གཞན་ལ་མི་བསྟན་ཞིང་། །ལུས་ཀྱི་དྲོད་དང་མ་བྲལ་ན། །གང་སྒྲུབ་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོ། །སྔགས་བཟླ་ཚུལ་ཡང་། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུའི་ཡན་ལག་ཉམས་པ་མིན། །ཡེངས་པར་མ་ཡིན་སྒྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་སོ། །བཟླས་པ་དངོས་ལ། སྐུ་གསུམ་དམིགས་པ། འཛབ་སྐུལ། སྔགས་བཟླ་བ། དམིགས་པའི་འཕྲོས་དོན་རྣམས། བུམ་[སྐུར་]སྒྲུབ་པའོ། །དང་པོ་ནི། སྒྲུབ་པའི་སྙིང་


GTN006_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཛབ་ལ་འཇུག་པ་ལ་སོགས་ཤོ་ལོ་ཀ་བཞི་སྟེ། བསྒྲུབ་པར་བྱ་བའི་སྙིང་པོ་ཛབ་ལ་འཇུག་པར་བྱེད་པ་ལ་འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན་གྱི་རྩ་བ། རང་སེམས་ཉིད་དུ་འདུས་པ་ཡིན་ལ། དེ་ཡང་བརྟགས་ན་ཁ་དོག་དང་དབྱིབས་སོགས་གང་དུ་གྲུབ་པ་མེད་པ་སྟོང་པའི་རང་མདངས་ཡིན་པ་ནི། རྒྱུད་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །ཁ་དོག་མ་ཡིན་དབྱིབས་སུ་མིན། །གནས་སུ་མ་ཡིན་གང་དུའང་མིན། །ཞེས་པ་ལྟར་ལ། སྤྱིར་སེམས་ཀྱི་རྣམ་པར་རྟོག་པ་ཐོལ་སྐྱེས་སུ་ཤར་བ་དེ་འགྲོ་བའི་ཡུལ་མེད་ཅིང་བཀག་པས་ཀྱང་མི་ཁེགས་གང་ནས་ཀྱང་འོང་བ་མེད། བར་དུ་གནས་པའི་ཡུལ་སྟོང་། དེ་ལྟར་བུའི་གནས་ཚུལ་ཡིད་ལ་ངེས་པས་བྱང་ཆུབ་ན། སེམས་ཉིད་དེའི་རང་བཞིན་ལྷར་ཤར་བའི་བསྐྱེད་རིམ་དང་། དེ་ཡང་ཆུ་ཟླ་འཇའ་ཚོན་ལྟ་བུའི་སྣང་ལ་རང་བཞིན་མ་གྲུབ་པར་ཤེས་པའི་རྫོགས་རིམ་སྟེ་གསལ་སྟོང་ཟུང་འཇུག་ཚོགས་ལམ་མོས་སྤྱོད་ཀྱི་ལྷ་སྐུ། སྦྱོར་ལམ་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་རྣམ་པར་མི་རྟོག་པའི་ལྷ་སྐུ། སྒོམ་ལམ་ས་དང་པོ་ནས་སངས་རྒྱས་ཀྱི་བར་སློབ་པ་ཟུང་འཇུག་གི་ལྷ་སྐུ། སངས་རྒྱས་ཀྱི་སར་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུའི་རྣམ་པར་སྣང་བའི་ཚུལ། རླུང་གི་འགྲོ་འོང་དང་། ནང་གི་སེམས། ཕྱིའི་སྣང་བ་ཐམས་ཅད་ལྷར་གོམས་པའི་ཡིད་ཀྱི་བརྡ་དོན་རྟོགས་པས་ན། ཕྱི་སྣོད་བདེ་བ་ཅན་གྱི་ཞིང་ཁམས་དང་། ནང་བཅུད་ལྷ་རུ་མགོན་པོ་འོད་དཔག་མེད་པར་གསལ་ཞིང་། སྒྲ་གྲག་པ་སྔགས་ཀྱི་དབྱངས་དང་། དྲན་རིག་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་། གཞི་ཀ་དག་ལ་


GTN006_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྣང་ལྷུན་འགྲུབ་ཀྱི་གདངས་ཤར་བ་མ་བཅོས་གཉུག་མའི་རང་བཞིན་གསལ་བ་གསུམ་དང་ལྡན་པའི་ངང་ནས། ཉོན་མོངས་པ་དུག་གསུམ་གཞིལ་བའི་དམིགས་པས་རླུང་རོ་ལན་གསུམ་བུས། ཕྱི་ལུས་ཀྱི་སྟོང་ར་མགོན་པོ་འོད་དཔག་མེད་ཀྱི་སྐུ་དམར་གསལ་ཕྱི་ནང་མི་སྒྲིབ་པ་ཕྲུ་མ་ཕུས་བརྒྱངས་པ་ལྟ་བུ་ཁོང་སྟོང་གཅིག་བསྒོམ་ལ། དེའི་དབུས་སུ་ནང་རྩའི་སྟོང་ར་དབུ་མ་ཕྱི་དཀར་ལ་ནང་དམར་པ་སྦོམ་ཕྲ་སྦ་ལྕག་ཙམ་པ་སྦུབས་སྟོང་དངས་ཤིང་སྒྲིབ་པ་མེད་པར་གསལ་བ། ཚངས་བུག་ནས་གསང་གནས་ཀྱི་བར་ཡ་ཡོ་མེད་པར་དྲང་ཐལ་ལེར་གནས་པ། དེའི་གཡས་སུ་རོ་མ་དམར་མོ་དང་། གཡོན་ཏུ་རྐྱང་མ་དཀར་མོ་གཉིས་དབུ་མ་ལས་ལྡབ་འགྱུར་གྱིས་ཕྲ་བ། སྤྱི་བོའི་འཁོར་ལོ་ནས་གསང་བའི་འཁོར་ལོའི་བར་སུམ་གཤིབས་ཀྱི་རྣམ་པ་ཅན། ཡས་སྣ་གཉིས་ཐུར་དུ་སྣ་ཕུག་ལ་ཟུག་ཅིང་། མས་སྣ་གསང་གནས་ཀྱི་འཁོར་ལོའི་ལྟེ་བའི་འོག་ནས་འདྲེས་ཏེ། དབུ་མའམ་དུང་ཅན་མ་གཡས་ཕྱོགས་དང་། རོ་མ་གཡོན་ཕྱོགས་སུ་སོང་བ་གཉིས་མདུན་དུ་འཁྱོག་སྟེ་གསང་བར་ཟུག་པ། རྐྱང་མ་རྒྱབ་ཕྱོགས་སུ་འཁྱོག་སྟེ་བཤང་སྒོར་ཟུག་པ། འཁོར་ལོ་སོ་སོའི་ཐད་དུ་རོ་རྐྱང་གཉིས་དྷཱུ་ཏི་ལ་ཐིམ་པའི་ཚུལ་དུ་མི་མངོན་པ་སྟེ་རྩ་གསུམ་དང་། དེ་ལ་བརྟེན་པའི་འཁོར་ལོ་ལྔ་པོ་ནི། སྔར་གྱི་རྩ་གསུམ་སྲོག་ཤིང་བསླང་བ་ལྟ་བུ་ལ། གདུགས་ཀྱི་རྩིབ་མ་བཀོན་པ་ལྟར་གསལ་བཏབ་པར་བྱ་སྟེ། དེ་ཡང་དབུ་མའི་ཡས་སྣ་སོར་གང་གཞལ་བ་ན་སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སོ་གཉིས་ཕྲག་པ་གཡས་གཡོན་སྐྱེ་བའི་མཚམས་ཀྱི་ཐད་དུ་མགྲིན་པ་ལོངས་སྤྱོད་ཀྱི་


GTN006_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྩ་འདབ་བཅུ་དྲུག །ནུ་སྤག༷་གི༷་(པགས་ཀྱི་)དབུས་ཀྱི་ཐད་དུ་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད། ལྟེ་ཁུང་གི་ཐད་དུ་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ། དེ་ནས་སོར་བརྒྱད་ཙམ་གཞལ་བ་རྒྱུ་ཞབས་ཀྱི་ཐད་དུ་གསང་གནས་ནོར་བུའི་འཁོར་ལོ་རྩ་འདབ་བཞི་པ་སྟེ། འདི་འོག་སྦར་བྱ་མེ་དང་། སྦར་བྱེད་རླུང་གི་འཁོར་ལོ་བསྣན་ན་འཁོར་ལོ་བདུན་བརྩེགས་ཡིན། སྐབས་འདི་རྩ་འཁོར་སྤྱི་མགྲིན་སྙིང་གསུམ་དང་། འོག་ཏུ་འཁོར་ལོ་བཞི་ཡང་འབྱུང་བ་དང་། ལར་སྟེང་སྒོ་རྣམ་གྲོལ་དང་། འོག་སྒོ་འཇུ་འདུལ་ཉམས་སུ་ལེན་པ་སོགས་ལ་གལ་ཆེ་བས་འདིར་འཁོར་ལོ་བདུན་ཀ་བཤད་པ་སྟེ་དོན་མེད་མིན་ནོ། །འཁོར་ལོ་ལྔ་པོའི་ལྟེ་བ་ངྷཱུ་ཏི་ནས་ཕྱོགས་རེར་རྩ་འདབ་རེ་རེ་གྱེས་པ་བཞི་ཡིན་ལ། གསང་བའི་འཁོར་ལོ་ལ་ཕྱི་སྐོར་ནང་སྐོར་གྱི་དབྱེ་བ་མེད་པས་འདབ་མ་བཞི་པོ་དེ་ཀའོ། །སྙིང་ཁར་དེ་ལས་གཉིས་གཉིས་གྱེས་པས་ནང་སྐོར་ལ་བཞི་དང་། ཕྱི་སྐོར་ལ་བརྒྱད། མགྲིན་པར་དེ་ལས་ཀྱང་གཉིས་གཉིས་གྱེས་པས་ནང་སྐོར་ལ་བཞི། བར་སྐོར་ལ་བརྒྱད། ཕྱི་སྐོར་ལ་བཅུ་དྲུག །སྤྱི་བོར་དེ་ལས་ཀྱང་གཉིས་གཉིས་གྱེས་པས་ནང་སྐོར་ལ་བཞི། བར་སྐོར་ནང་མར་བརྒྱད་དང་། ཕྱི་མར་བཅུ་དྲུག ། ཕྱི་སྐོར་ལ་སོ་གཉིས། ལྟེ་བར་སྙིང་ཁར་ལྟར་གྱེས་པའི་རྩ་འདབ་ཀྱི་བཞི་ལས་གཉིས་རེ་གྱེས་ཤིང་། དེ་ལྟར་གཉིས་རེ་གྱེས་པའི་བརྒྱད་ལས་ལྔ་ལྔ་དང་། མ་གྱེས་པའི་བཞི་ལས་དྲུག་དྲུག་གྱེས་པས། ནང་སྐོར་ལ་བཞི། བར་སྐོར་ལ་བཅུ་གཉིས། ཕྱི་སྐོར་ལ་དྲུག་ཅུ་རྩ་བཞི་སྟེ། རྩ་འདབ་ཐམས་ཅད་ཀྱང་། དངས་གསལ་སྦུབས་


GTN006_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གི་རྣམ་པ་ཅན་དུ་གནས་པའི་སྦུ་གུ་རྣམས་དབུ་མ་ལ་གཏད་དེ་འབྲེལ་བར་བསྒོམ་མོ། །གསང་བ་སེམས་ཀྱི་སྟོང་ར་ནི། དེ་ལྟར་དབུ་རྐྱང་རོ་གསུམ་ལ་ཡི་གེ་འབྲུ་གསུམ་གསལ་དགོས་པ་ཨ་བ་ངྷཱུ་ཏི་སྟེ་དབུ་མའི་གཡོན་དུ་རྐྱང་མ་དཀར་པོའི་སྤྱི་བོའི་རྩ་འདབ་ཀྱི་དབུས་སུ་ཟླ་བའི་གདན་ལ་སྐུ་རྡོ་རྗེའི་རང་བཞིན་ཡི་གེ་ཨ໋་དཀར་པོ་ཟླ་བ་ལྟར་གསལ་ཞིང་འཚེར་བ་ལ་བློ་རྩེ་གཅིག་ཏུ་གཏད། དེ་ལས་འོད་ཟེར་དཀར་པོ་ཟླ་འོད་ལྟ་བུ་ཡང་འཕྲོས་པས། སྐུ་རྡོ་རྗེའི་ལྷ་ཚོགས་བཞུགས་པའི་ཞིང་ཁམས་ཐམས་ཅད་ཁྱབ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུའི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་གི་སྤྱི་བོ་ལ་ཐིམ། འོད་ཟེར་མར་འཕྲོས། འགྲོ་བ་རིགས་དྲུག་གི་སེམས་ཅན་རང་ལས་གཞན་དུ་གྱུར་པ་ཐམས་ཅད་ལ་ཕོག ། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་སྦྱོང་བ་དམིགས་སྐོར་དང་པོའོ། །དབུ་མའི་གཡས་སུ་རོ་མ་དམར་མོའི་མགྲིན་པའི་རྩ་འདབ་ཀྱི་དབུས་སུ་པདྨའི་གདན་གསུང་རྡོ་རྗེའི་རང་བཞིན་ཡི་གེ་ཨཱཿ དམར་པོ་མར་མེ་ལྟར་གསལ་བ་ལ་རིག་པ་རྩེ་གཅིག་ཏུ་གཏད། དེ་ལས་འོད་ཟེར་དམར་པོ་མེ་འོད་ལྟ་བུ་འཕྲོས་པས། གསུང་རྡོ་རྗེའི་ལྷ་ཚོགས་བཞུགས་པའི་ཞིང་ཁམས་ཐམས་ཅད་ཁྱབ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་གསུང་གི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་གི་མགྲིན་པར་ཐིམ། འོད་ཟེར་མར་འཕྲོས། འགྲོ་བ་རིག་དྲུག་གི་སེམས་ཅན་ཐམས་


GTN006_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཕོག་པའི་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་སྦྱོང་བར་བསམ་པ་དམིགས་སྐོར་གཉིས་པའོ། །དེ་ནས་དབུ་མའི་སྙིང་གི་རྩ་འདབ་ཀྱི་དབུས་སུ་ཡི་གེ་ཧཱུྃ་མཐིང་ནག་སྟོང་ཟིལ་བཅག་པ་ལྟ་བུ་ལ་རིག་པ་རྩེ་གཅིག་ཏུ་གཏད་དེ། དེ་ལས་འོད་ཟེར་མཐིང་ནག་བ་ཐག་གཟིང་བ་ལྟ་བུ་འཕྲོས། ཐུགས་རྡོ་རྗེའི་ལྷ་ཚོགས་བཞུགས་པའི་ཞིང་ཁམས་ཐམས་ཅད་ཁྱབ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་གི་སྙིང་ཁར་ཐིམ། འོད་ཟེར་མར་འཕྲོས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་སྦྱོང་བར་བསམ་པ་དམིགས་སྐོར་གསུམ་པའོ། །དེ་ཡང་ཞིང་ཁམས་ཀུན་ལ་ཁྱབ་པའི་ཡིག་འབྲུ་གསུམ་གྱིས་འོད་ཟེར་ཚུར་འདུས་ནས་བླ་མ་དང་ཡི་དམ་དབྱེར་མེད་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་གྱི་ངོ་བོར་བསྒོམས་པས་རྡོ་རྗེ་གསུམ་གྱི་བྱིན་རླབས་རང་རྒྱུད་ལ་གཞུག་པའོ། །གཉིས་པ། དེ་ནས་ཛབ་བསྙེན་གསལ་བའི་བསྐུལ་ཚིག་ལ༔ ཞེས་པས། ཨ໋་ཨཱཿ ཧཱུྃ༔ བླ་མ་སྐུ་གསུམ་སྙིང་པོའོ། །ཧྲཱིཿ ས་བོན་གྱིས་བསྐུལ་ཏེ། གོང་བཞིན་རང་རིག་ཐོག་མའི་སངས་རྒྱས་མགོན་པོ་འོད་དཔག་མེད་དུ་གསལ་བ་དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿ་དམར་པོའི་མཐར། ཨ໋་ཨ་མི་དྷེ་ཝ་ཧྲཱིཿ ཞེས་པའི་སྔགས་ཕྲེང་ཡིག་ངོ་ཕྱིར་བསྟན་གཡོན་དུ་བཀོད་པའི་སྔགས་ཕྲེང་


GTN006_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་འཁོར་བའི་རང་སྒྲ་སྒྲོག་བཞིན་པ་དང་འཁོར་རྣམས་ཀྱི་ཐུགས་ཀར་པད་ཟླ་ལ་སོ་སོའི་ས་བོན་མཐར་རང་སྔགས་ཀྱིས་བསྐོར་བ་བཅས་གཡས་སུ་འཁོར་བ་སྟེ་འདི་ལ་ཟླ་བ་སྐར་ཕྲེང་ལྟ་བུའི་ཛབ་དགོངས་ཟེར། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་ཕྱོགས་བཞི་མཚམས་བཞི་དང་བརྒྱད། སྟེང་འོག་གཉིས་ཏེ་བཅུ་ན་བཞུགས་པ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྒྱལ་བ་རབ་འབྱམས་སྲས་བཅས་གཙོ་དང་འཁོར་ལ་སོགས་པ། སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་རིན་ཆེན་རྣམ་གསུམ་དང་། དགོངས་བརྡ་སྙན་བརྒྱུད་ལ་སོགས་བཀའ་གཏེར་གསར་རྙིང་གི་རྩ་བརྒྱུད་བླ་མ་རྣམས་དང་། བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་བཞི་དང་། ཨ་ནུ། ཨ་ཏི་བསྣན་པའི་དྲུག་སྟེ་ཐེག་པ་ཡོངས་ཀྱི་ཡི་དམ་ལྷ་ཚོགས། གནས་དང་ཡུལ་གྱི་དཔའ་བོ་མཁའ་འགྲོ་སྟེ་རྩ་གསུམ་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་སྤྱན་དྲངས་པས་སྐུའི་ངོ་བོ་རྣམ་པར་སྣང་མཛད། གསུང་ཡི་གེ་ཨ໋་དཀར་པོ། ཐུགས་ཆོས་དབྱིངས་ཡེ་ཤེས་འོད་ཟེར་དཀར་པོ་དང་བཅས་པ་རང་གི་དཔྲལ་བར་ཐིམ་སྐུ་བུམ་པའི་དབང་ཐོབ། ལུས་སྒྲིབ་དག །སྤྲུལ་སྐུའི་ས་བོན་ཐེབས། ལྷ་ཚོགས་རྣམས་ཀྱི་གསུང་གི་ངོ་བོ་སྐུ་སྣང་བ་མཐའ་ཡས། གསུང་ཧྲཱིཿ དམར་པོ། ཐུགས་སོ་སོར་རྟོགས་པའི་ཡེ་ཤེས་འོད་ཟེར་དམར་པོ་དང་བཅས་རང་གི་མགྲིན་པར་ཐིམ། གསང་བ་གསུང་གི་དབང་ཐོབ་ངག་སྒྲིབ་དག །ལོངས་སྐུའི་ས་བོན་ཐེབས། ལྷ་ཚོགས་རྣམས་ཀྱི་ཐུགས་


GTN006_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོ་སྐུ་རྡོ་རྗེ་སེམས་དཔའ། གསུང་ཧཱུྃ་མཐིང་ག །ཐུགས་མེ་ལོང་ཡེ་ཤེས། འོད་མཐིང་ག་དང་བཅས་རང་གི་སྙིང་གར་ཐིམ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་སྒྲིབ་དག་ནས་ཆོས་སྐུའི་ས་བོན་ཐེབས། ལྷ་ཚོགས་རྣམས་ཀྱི་ཡོན་ཏན་དང་ཕྲིན་ལས་ཀྱི་ངོ་བོ། སྐུ་རིན་ཆེན་འབྱུང་ལྡན་དང་། དོན་ཡོད་གྲུབ་པ། གསུང་ཏྲྃ་སེར་དང་། ཨ་ལྗང་གི །ཐུགས་མཉམ་ཉིད་ཡེ་ཤེས་དང་བྱ་གྲུབ་ཡེ་ཤེས་འོད་སེར་པོ་དང་ལྗང་གུར་བཅས། རང་གི་ལྟེ་བ་དང་གསང་བར་ཐིམ། ཚིག་དབང་རིན་ཆེན་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་ངོ་བོ་ཉིད་སྐུའི་ས་བོན་ཐེབས་པར་བསམ་མོ། །སྤྱིར་མགོན་པོ་འོད་དཔག་མེད་འདི་ཆོས་སྐུའི་སྐབས་ཡིན་ཞིང་། ལོངས་སྐུར་སྣང་དུས་ཚེ་དཔག་མེད་པ་ཡང་འདི་ལས་གཞན་དུ་མེད་ཕྱིར། གནས་སྐབས་ཀྱི་དུས་མིན་འཆི་བ་སོགས་བཟློག་པས་ཚེ་ཡི་རིག་འཛིན་ཡང་ཞར་ལ་འགྲུབ་པ་ནི། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་པདྨ་གསུང་གི་ཏནྟྲ་ལས། དེ་ལ་འདི་ནི་ཚེ་སྒྲུབ་པའི་སྔགས་སོ། །ཨ໋་ཨ་མིདྷེ་ཝ་ཧྲཱིཿ ཞེས་དངོས་སུ་བསྟན་པའི་ཕྱིར་དང་། ཡང་འོད་ཟེར་ཕྱིར་འཕྲོས་པས་ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་འགྲོ་བ་རིགས་དྲུག་བཅས་པ་ལ་ཕོག །དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བ་སོགས་རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས། སྣང་སྲིད་ལྷ་འདྲེ་ཡུལ་ལྷ་གཞི་བདག་གནོད་བྱེད་གདོན་བགེགས་ནད་འདྲེ་ལན་ཆགས་བདག་པོ་དང་


GTN006_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་འོད་ཟེར་ཕོག་པས། སོ་སོའི་ལས་ངན་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་གདུག་རྩུབ་སྡང་སེམས་དང་བཅས་པ་བྱང་ཞིང་དག་ནས་ཐམས་ཅད་འོད་དཔག་མེད་པའི་སྐུར་གྱུར་ནས་སྔགས་སྒྲ་འུར་དིར་སྒྲོགས་པས། ཕྱི་སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་འོད་དཔག་མེད་པའི་སྐུ། སྒྲ་གྲགས་ཚད་ཨ་མི་དྷེ་ཝའི་སྒྲ། སེམས་ཀྱི་དུག་ལྔ་དུག་གསུམ་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་དགག་སྒྲུབ་རེ་དོགས་སྤང་བླང་མི་བྱ་བར་རང་ཤར་རང་གྲོལ། སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་རིག་ཡེངས་མེད་འཛིན་མེད་ཀྱི་དོན་ལ་འཇོག་པར་བྱའོ། །རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛབ་དགོངས་ཡང་ཚང་ངོ་། །གསུམ་པ་ཛབ་བཟླ་བ་ནི། སྔར་བཤད་པ་སྒོམ་བྱའི་དོན་གསལ་བཏབ་ནས་འོད་ཟེར་འཕྲོ་འདུ་ལ་དམིགས་ནས་ཛབ໇་བསྙེན་བཟླས་པ་ལ་གཙོ་བོ་སངས་རྒྱས་འོད་དཔག་མེད་ལ། ཨ໋་ཨ་མི་དྷེ་ཝ་ཧྲཱིཿ ཞེས་པ་སྟེ། དེ་ཡང་སྔགས་ཀྱི་སྒྲ་དོན་སྦྱོར་བ་ཤེས་ན་དོན་གྱི་གཟུངས་འགྱུར་བ་སོགས་དགོས་པ་ཡོད་ཀྱང་། གཞན་དུ་སྦྱོར་མ་ཤེས་ནའང་དད་མོས་རྩེ་གཅིག་པས་བཟླས་ན་དངོས་གྲུབ་ཆེན་པོ་ཇི་ལྟ་བ་བཞིན་འབྱུང་ངོ་། །གལ་ཏེ་སྔགས་རྒྱ་སྐད་དུ་ཡོད་པ་བོད་སྐད་དུ་བསྒྱུར་བ་དང་། རྒྱ་བོད་འདྲེས་མར་ཡོད་པའི་བོད་སྐད་རྣམས་རྒྱ་སྐད་དུ་བསྒྱུར་ནས་བཟླས་ན་ནི་དངོས་གྲུབ་མེད་དེ། ཅིའི་ཕྱིར་ན་སྔོན་གྱི་གསང་སྔགས་གསུང་བ་པོ་ཉིད་ཀྱིས་བསྒྱུར་བའི་སྐད་དེ་དང་དེར་བྱིན་གྱིས་མ་བརླབས་པས་གང་གསུང་བ་པོ་དེའི་བདེན་ཚིག་ཉིད་འགྲུབ་པར་མི་འགྱུར་བས་སོ། །སྒྲ་ཀ་ཙཱན་གྱིས་བསྒྲུབས་


GTN006_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས་ཕལ་ཆེ་བ་ནི་སམ་ཀྲ໏་ཏའི་སྐད་ལེགས་པར་སྦྱར་བ་ཡིན་ཡང་། གསང་སྔགས་རྡོ་རྗེ་འཆང་གི་སྔགས་རྣམས། རྣལ་འབྱོར་མའི་ཀླ་ཀློའི་སྐད་དང་། ཟུར་ཆགས་དང་། འགྲོ་ལྡིང་པའི་སྐད་དང་། ཨ་ལི་ཨུ་ལིའི་གླུ་ལྟ་བུ་ཨ་བ་གྷྲཾ་ཤའི་སྐད་དུ་དང་། ཁྱད་པར་སངས་རྒྱས་ཀྱི་ཚིག་ཐུན་མོང་མ་ཡིན་པ་ཀོ་ཏཱ་ཁྱཱཿ ལ་སོགས་པའི་སྒྲར་ཡོད་པས་སྐབས་ཐོབ་མ་བལྟས་ན་དག་མ་དག་དཔྱོད་པར་མི་ནུས་ཤིང་། དཔྱད་པས་སྐྱོན་དུ་སོང་བའང་མང་ངོ་། །དེ་བས་ན་གཙོ་བོར་ནི་འདུན་པ་རྩེ་གཅིག་པས་བསྒྲུབ་པར་བྱ་བ་ཁོ་ནའོ། །འདིར་གཙོ་བོའི་སྔགས་ལེགས་སྦྱར་བཏུབ་པས་སྒྲ་སྒྲུབ་བཤད་ན། ཨ་བ་དང་རờ་སྦྱོར་བའི་བྱིངས་ལས། ཨ་བ་བཞག་བྱིངས་མཐར་ཕྱིས། ཨུཎ໇་ལས་མུཀ྄་སྦྱར། ཀཱིཏ໇་ལ་སཾ་པྲ་སཱ་ར་ཎ་བྱས་ཏེ། མཚམས་སྦྱར་བས། ཨ໋་སྔགས་ཀྱི་མགོ་འདྲེན་ནོ། །དགག་པའི་ནཉ໇་སྔོན་ན་(༥༩པ་ཆད།) འོད་དཔག་མེད་ཀྱི་རོལ་པར་བལྟ། ས་ཆུ་མེ་རླུང་ནམ་མཁའ་སྟེ། འབྱུང་བའི་རང་སྒྲ་ལུང་དུ་མི་སྟོན་པ་དང་། སེམས་ཅན་རིགས་མི་གཅིག་པའི་སྐད་རིགས་ལུང་དུ་སྟོན་པའི་སྒྲ་ཐམས་ཅད་རྩ་སྔགས་འུར་སྒྲ་ཡིན་པར་བསམ། སྣང་བ་སྣོད་དང་སྲིད་པ་བཅུད་ཐམས་ཅད། དྲན་རིག་འགག་པ་མེད་པ་སྟོང་པའི་འཆར་ཆ་ཡིན་ཕྱིར་རིག་ངོས་ཚུར་ལ་རྫོགས་པ་སྣོད་བཅུད་དག་མཉམ་ཆེན་པོ་ལ་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོའི་རྒྱས་ཐེབས་པའི་ངང་ལ་གནས་པར་བྱ༔ ས་མ་ཡ༔ དེས་ཕྱི་བསྐྱེད་པ་མ་ཧཱ་ཡོ་གའི་ཁྱེར་སོ་གསུམ་ལྟར་བཤད་ནས།


GTN006_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ནང་རྫོགས་པ་ཨ་ནུ་ཡོ་གའི་དཀྱིལ་འཁོར་ལ། རང་རིག་འོད་དཔག་མེད་ཀྱི་ཕྱིའི་སྟོང་པའི་ཀློང་དུ། རྩ་གསུམ་འཁོར་ལོ་བཞིའི་སྟོང་ར་གོང་དུ་རྒྱས་པར་བཤད་ཟིན་པ་དེ་བཞིན་གསལ་གདབ། གསང་བ་སེམས་ཀྱི་སྟོང་ར་རྩ་དཀྱིལ་བཞི་རྣམས་སུ་འོད་དཔག་མེད་མགོན་གྱིས་ཏིལ་གོང་ཁ་ཕྱེས་པ་ལྟར་བར་མཚམས་མེད་པར་ཁེངས་ནས་བཞུགས་པར་གསལ་བ་ལུས་ལྷའི་འཁོར་ལོ་དང་། ངག་སྔགས་ཀྱི་དཀྱིལ་འཁོར་ནི་རྩ་འདབ་འཁོར་ལོ་བཞི་རྫོགས་ལྷ་ཚོགས་དེ་རྣམས་ཀྱི་ཐུགས་ཁར་ཟླ་སྟེང་ས་བོན་མཐར། སྔགས་ཀྱི་ཕྲེང་བས་བསྐོར་ཞིང་རང་གིས་ཨ་མི་དྷེ་ཝ་སྒྲོགས་པ་དང་། ལྷ་རྣམས་ཀྱིས་ནི་འུར་སྒྲ་དིར་དིར་སྔགས་སྒྲ་སྒྲོགས་པར་བསམ་ལ། བཟླས་པ་བྱ་བ་ནི། བདག་གཞན་གཉིས་མེད་ཀྱི་བཟླས་པ་སྟེ་བུང་བ་ཚང་ཞིག་པ་ལྟ་བུའང་ཟེར། འདི་སྔགས་ཀྱི་སྒྲ་གདངས་ཡིད་ལ་དྲན་པས། ལྡང་འཇུག་གནས་གསུམ་བགྲང་བ་བརྡར་གྱུར་རྡོ་རྗེའི་བཟླས་པ་དང་། འགྲོ་འོང་གནས་གསུམ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ལ་བཞག་ནས་རླུང་རང་སོར་འཇོག་པ་དོན་དམ་རྡོ་རྗེའི་བཟླས་པ་གཉིས་ལའང་འབད་པར་བྱའོ། །གསང་བ་གཉིས་མེད་ཨ་ཏི་ཡོ་གའི་སེམས་དཀྱིལ་ལ། སྣང་སྲིད་ཐམས་ཅད་ཡེ་གདོད་མ་ནས་དད་པའི་སེམས་ཀྱི་ཆོ་འཕྲུལ་གང་ཤར་ཆོས་སྐུའི་རོལ་པར་ཤེས་པར་བྱས་ནས། དེ་ཡང་ཀུན་བཟང་ཁྱབ་བདལ་ཆེན་པོར་རང་ཤར་རང་གྲོལ་འཛིན་མེད་དུ་བཞག་པ་ནི། ལྟ་བ་དོན་གྱི་ལམ་ཁྱེར་ཉམས་སུ་ལེན་པ་ཞེས་བྱ། སྐབས་སུ་


GTN006_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་ནས་གསོལ་བ་འདེབས་པ་ལ། ཨེ་མ་ཧོཿ ཞེས་པ། འགྲེལ་ཆུང་ལས། ཨེ་ཞེས་བྱ་བ་ངམ་པའི་ཚིག །ཨེ་མ་ཞེས་པ་རབ་ཏུ་ངམ། །ཨེ་མ་ཧོ་ཞེས་ཤིན་ཏུ་ངམ། །ཞེས་པས་ཤིན་ཏུ་ངོ་མཚར་བར་སྟོན་པའི་ཚིག་གོ །སྐྱབས་གནས་མ་ལུས་ཀུན་འདུས་སངས་རྒྱས་འོད་དཔག་མེད་པ་གཙོ་བོ་དང་། སྤྱན་རས་གཟིགས་གསང་བའི་བདག་པོ་སྟེ་མཆོག་ཟུང་། སངས་རྒྱས་དཔའ་བོ་སེམས་དཔའ་སེམས་མའི་འཁོར་ཚོགས་བཅས་ལ་བདག་གིས་གསོལ་བ་སྙིང་ནས་འདེབས་སོ་ཐུགས་རྗེས་བརྩེ་བ་ཆེན་པོས་གཟིགས་ཤིག །ཀྱེ་མ་ཀྱི་ཧུད་ཅེས་འཁོར་བའི་སྡུག་བསྔལ་དྲན་པས་སྐྱོ་བའི་སྨྲེ་སྔགས་བཏོན་ནས་མགོན་སྐྱབས་དཔུང་གཉེན་དང་བྲལ་བས། སྐྱབས་དང་མགོན་མེད་པ་བདག་ཅག་སེམས་ཅན་ཐམས་ཅད་ནམ་ཞིག་འཆི་འཕོ་བར་གྱུར་པའི་ཚེ་ངན་སོང་དུ་འཁྲུལ་པའི་ལམ་རིགས་དྲུག་དང་། དེར་སྐྱེ་བའི་རྒྱུ་ཉོན་མོངས་པའི་སྐྱོན་གྱིས་སྡུག་བསྔལ་འཁོར་བའི་མཚོ་ནང་དུ་ལྟུང་དུ་ཆ་བས་དེར་མ་ཤོར་བ་ལ། མྱུར་དུ་སྐྱབས་ནས་བདེ་བ་ཅན་གྱི་ཞིང་ཁམས་དེར་དྲངས་ནས་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པར་པདྨའི་ནང་དུ་གཟུགས་སྨིན་པ་ཁ་བྱེ་སྟེ། སྐྱེ་གཟུགས་ཀྱི་ཁ་དོག་ལེགས་པར་འཛིན་པས་མགོན་པོ་འོད་དཔག་མེད་པར་གུས་འདུད་མཆོད་སྤྲིན་སྤྲོས་ཏེ་ཆོས་ཐོབ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་ཤོག །དེ་ལྟར་ཉིན་མཚན་དུས་དྲུག་ཏུ་རྩེ་གཅིག་གསོལ་བ་བཏབ་པས། རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷའི་ཞལ་མཐོང་བ། ཐ་མ་རྨི་ལམ་དུ་ལུང་བསྟན་ཐོབ་པ་ཉམས་ཀྱི་སྣང་བ་སྤྲོ་ཞིང་མི་དགེ་བའི་རྟོག་པ་ཇེ་ཉུང་དུ་འགྱུར། དགེ་བའི་ལས་ལ་སྤྲོ་བའོ། །ས་མ་ཡཱཿ

དམིགས་པའི་འཕྲོས་དོན་སོགས།


GTN006_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་དམིགས་པའི་འཕྲོས་དོན་ལ། རིགས་དྲུག་སྐྱེ་སྒོ་གཅོད་པའི་དམིགས་རིམ་ནི། འཁོར་འདས་ཆོས་ཀུན་རིག་རྩལ་དུ་རྫོགས་པ་རིམ་པ་གཉིས་པའི་ལམ་གྱིས་གནས་ངན་ངན་སོང་གི་སྒོ་གཅོད་པར་བྱེད་པའི་འདུན་པས། རང་ཐ་མལ་དུ་གནས་པའི་གཟུགས་ཕུང་གི་སྤྱི་བོའི་གཙུག་ཏུ་བླ་མ་དང་དབྱེར་མེད་མགོན་པོ་འོད་དཔག་མེད་མགོན་མཚན་དཔེ་ཡོངས་རྫོགས་གསལ་གདབ། གནས་ལྔ་དང་རྐང་མཐིལ་བཅས་དྲུག་ལ་སྦྱང་བྱ་རིགས་དྲུག་ས་བོན་འབྲུ་རྣམས་གསལ་དགོས་པས་བཀོད་པ་ལ། རྐང་མཐིལ་གཉིས་སུ་དམྱལ་བའི་ས་བོན་དུཿ དུད་ཁ་དང་ནག་པོ་གཉིས། གསང་གནས་སུ་ཡི་དྭགས་ས་བོན་པྲེཿ་དམར་པོ། ལྟེ་བར་བྱོལ་སོང་ས་བོན་ཏྲིཿ སྨུག་ནག །སྙིང་ཁར་མིའི་ས་བོན་ནྲ໏ཿ སེར་པོ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུཿ ལྗང་ཁུ། སྤྱིར་བོར་ལྷའི་ས་བོན་ཨཿ དཀར་པོ་བཅས་པ་བསམ་ལ། སྦྱོང་བྱེད་སྤྱི་གཙུག་འོད་སྣང་གི་དཔྲལ་བར་ཨ໋་དཀར་པོ། མགྲིན་པར་ཨཿ དམར་པོ། ཐུགས་ཁར་ཧཱུྃ་མཐིང་ཁ་གསུམ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འདུས་པ་དེ་ལས་ཡེ་ཤེས་ལྔའི་མེ་ཁ་དོག་ལྔ་ལྡན་དུ་འབར་བས་རྐང་མཐིལ་ནས་བཟུང་རིམ་བཞིན་རིགས་དྲུག་གི་ས་བོན་རྣམས་བསྲེགས་པས་དངོས་མེད་དུ་སྦྱངས་ཤིང་བཀྲུས་ནས་འཇོམས་པར་བསམ་ལ། ཨ໋་ཨཿ ཧཱུྃ། ཅི་མང་འབུམ་ཐེར་སོགས་བཟླ། སྦྱང་བྱ་སུ་དང་ཏྲི། སྦྱོང་བྱེད་ཨ໋། ཀུན་གཞིའི་རྣམ་ཤེས་དག །སྦྱང་


GTN006_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཨ་དང་ནྲ໏། སྦྱོང་བྱེད་ཧཱུྃ། ཡིད་ཀྱི་རྣམ་ཤེས་དག །སྦྱང་བྱ་པྲེ་དང་དུཿ སྦྱོང་བྱེད་ཨཱཿ ཉོན་མོངས་པ་ཅན་གྱི་ཡིད་སྒོ་ལྔའི་ཤེས་པ་གཉིད་དང་བཅས་པ་དག་དགོས། དེ་ནས་གནས་ངན་སྐྱེ་སྒོ་གཅོད་ཕྱིར་རྐང་མཐིལ་ལ་མ། གསང་བར་ས། ལྟེ་བར་ཤ །སྙིང་ཁར་ཧ། མགྲིན་པར་འ། སྤྱི་བོར་ཨ་ཡིས་མཚན་པར་བསམ་ལ། ཨ་འ་ཧ་ཤ་ས་མ། ཅི་ནུས་སུ་བགྲང་བར་བྱ། འཕོ་བ་དང་ཚེ་སྒྲུབ་པའི་དམིགས་རིམ་ནི། རང་ལུགས་དངས་གསལ་སྒྲིབ་གཡོག་དང་བྲལ་བ་ཕྱི་ནང་མི་སྒྲིབ་པའི་དབུས་སུ་རྩ་དབུ་མ་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ་མར་སྣེ་ལྟེ་འོག་ཏུ་ཁ་ཟུམ་པ། ཡར་སྣེ་ཚངས་བུག་ཏུ་ཧར་རེ་ཡོད་པ་ནང་སྟོང་པ་དེའི་སྙིང་ཁར་ཟླ་གདན་ལ་རྣམ་ཤེས་གསལ་སྟོང་ཡི་གེ་ཧྲཱིཿ དཀར་པོ་རུ་བསྒོམས། དབུ་མའི་ཡར་སྣེ་སྤྱི་བོའི་གཙུག་ཏུ་པད་ཟླའི་སྟེང་བླ་མ་དང་དབྱེར་མེད་སངས་རྒྱས་འོད་དཔག་མེད་བཞུགས་པ་ལ། རྣམ་ཤེས་ཀྱི་ཐིག་ལེ་ཡང་བླ་མའི་ཐུགས་ཀར་ཡར་ལ་འཕོས་པས། དེ་ལས་འོད་ཟེར་ཕྱོགས་ཀུན་ཁྱབ་པར་འཕྲོས་པས་འཁོར་འདས་ཀུན་གྱི་ཚེ་བཅུད་འཆི་བ་མེད་པའི་དཔལ་ཡོན་ཐམས་ཅད་བསྡུས་ནས་བླ་མ་དང་འོད་དཔག་མེད་དབྱེར་མེད་པ་ཐིམ། དེ་འོད་ཞུ་ནས་རང་ལུས་མར་ཞུགས་པས། ལྷ་རུ་གསལ་བ་གཙོ་འཁོར་གཞལ་ཡས་ཁང་དང་བཅས་པ་གསལ་སྟོང་ཟུང་དུ་འཇུག །སེམས་སྐྱེ་འགག་གཉིས་སུ་མེད་པ་ཀ་དག་ཆོས་ཉིད་ཀྱི་རང་མདངས། ཡོད་པ། མེད་པ། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་མུ་བཞིའི་མཐའ་དང་བྲལ་བ་གཞོན་ནུ་བུམ་སྐུ་མངོན་དུ་གྱུར་པར་བསམ་པ། གཞུང་


GTN006_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚིག་གསལ་ལོ། །ངན་སོང་གནས་ངན་སྒོ་གཅོད་གྲུབ་པའི་རྗེས་སུ་སྨོན་ལམ་ཞིང་སྦྱོང་སྦྱར་བ་ནི། ཨེ་མ་ཧོ། ཞེས་ཆེད་དུ་བརྗོད་དེ། བླ་མ་དང་དབྱེར་མེད་ཆོས་སྐུའི་སྟོན་པ་གཙོ་དང་འཁོར་དུ་བཅས་པ་ལ། ཐུགས་དམ་བསྐུལ་ལོ། །འགྲེལ་ཆུང་ལས། ཉོན་མོངས་༡དུས་༢ཚེ་༣ལྟ་བ་༤སེམས་ཅན་༥ཉིད། །ཅེས་པ་ལྟར་དེང་སང་སྙིགས་མ་ལྔ་བདོ་བའི་དུས་འདིར། སྐྱབས་གནས་ཁྱེད་རྣམས་ཀྱིས་ཐུགས་རྗེས་མ་གཟིགས་ན་བདག་ཅག་སུ་ལ་རེ་བ་འཆའ། དེས་ཕྱིར་ལྷ་ཁྱེད་རྣམས་བསྒྲུབས་ནས་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པ་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་སྩོལ་ཅིག །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལ་དབང་འབྱོར་ནས། སྐྱེ་མཆིའི་སྣང་བ་ཞིག་སྟེ་འཁོར་བར་ཕྱིར་མི་ལྡོག་པའི་སར་འགོད་ཅིང་། ཁ་ལག་འབྲེལ་ཚད་ལུས་རྟེན་དོན་ལྡན་དུ་གྱུར་པས་འགྲོ་བ་ཐམས་ཅད་ཀུན་སངས་རྒྱས་ཀྱི་དགོངས་དོན་ཕྲིན་ལས་གྲུབ་ནས་ཆོས་ཀྱི་སྐུར་མངོན་དུ་གྱུར་ཅིག །ཨ໋་ཨ་མི་དྷེ་ཝ་ཧྲཱིཿ ཀཱ་ཡ་སྐུ། ཝཱཀྐ་གསུང་། ཙིཏྟ་ཐུགས། ཛྙཱ་ན་ཡེ་ཤེས། སརྦ་སིདྡྷི་དངོས་གྲུབ་ཐམས་ཅད། ཕ་ལ་བཟང་པོ། །ཧཱུྃ་ཐུགས་བསྐུལ་བས་སྩོལ། བྷྲཱུྃ་ནི། ཐལ་རྒྱུད་ལས། བྷྲཱུྃ་དབྱིངས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱིན་རླབས་སྐྱོབ་ཕྱིར་སྔགས་སུ་བརྗོད་། །ཅེས་གསུང་ཀྱང་། འདིར་དངོས་གྲུབ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་དོན་ནོ། །དེ་ལྟར་ལྷ་ཚོགས་རྣམས་ལ་ཕྲིན་ལས་ཞུ་བ་སྟེ་བསྐུལ་ནས་གནས་སྐབས་ཀྱི་མོས་


GTN006_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རླུང་སེམས་འདུན་པས་བསྒྱུར་ན་ལས་གང་འདོད་སྒྲུབ་པར་བྱེད་ཕྱིར་ཕྲིན་ལས་བཞི་གྲུབ་པར་འདོད་པས། གོང་དུ་སྟོང་ར་གསུམ་གསལ་བཞིན་སྐབས་འདིར་རྩ་འཁོར་བཞི་གསལ་གདབ་པ་ལ། ཞི་བའི་ལས་སྒྲུབ་ཕྱིར། རང་འོད་དཔག་མེད་པར་གསལ་བའི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་ལ་ཨ໋་དཀར་པོ་གསལ་བ་ལས་འོད་ཟེར་དངུལ་མདོག་ཕྱོགས་ཀུན་ཁྱབ་པར་འཕྲོས་པས་རང་གཞན་འགྲོ་བ་ཀུན་གྱི་ནད་གདོན་སྡིག་སྒྲིབ་ཐབས་ཅད་ཞི་བར་བསམ་ལ། ཨ໋་ཨ་མི་དེ་ཝ་ཧྲཱིཿ ཨ໋་ཤཱནྟ་ཀུ་རུ་ཡེ་སྭཱ་ཧཱ། བགྲང་། རྒྱས་པ་ལ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ། ཨཱཿ སེར་པོ་གསལ་བའི་འོད་ཟེར་གསེར་མདོག་ཕྱོགས་ཀུན་ཁྱབ་པར་འཕྲོས་པས། རང་གཞན་ཀུན་གྱི་ཚེ་ཉམས་པ་དང་ནོར་གྱི་དབུལ་ཕོངས་རྒུད་པ་ཀུན་སེལ་ཞིང་ཚེ་བསོད་དཔལ་ཡོན་ཐམས་ཅད་རྒྱས་པར་བསམ་ལ། རྩ་སྔགས་ལ་ཨཱཿ པིུང་ཀུ་རུ་ཡེ་སྭཱ་ཧཱ། མཐར། དབང་ལ་རང་འོད་དཔག་མེད་གསལ་བའི་ཐུགས་ཀ་ཆོས་ཀྱི་འཁོར་ལོ་ཧཱུྃ་དམར་པོ་ལས་འོད་ཉི་ཟེར་ལྟ་བུ་ཕྱོགས་ཀུན་ཁྱབ་པར་འཕྲོས་པས། གཞན་སྣང་ཀུན་དང་ནག་ཕྱོགས་བདུད་རིགས་མི་དད་ལོག་ལྟ་ཅན་ཀུན་དབང་དུ་བསྡུས་ནས་སྨིན་གྲོལ་ལམ་ལ་བཀོད་པར་བསམ་ལ། ཧཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོ་ལ་རང་འོད་དཔག་མེད་གསལ་བའི་ལྟེ་བར་སྤྲུལ་པའི་འཁོར་ལོ་ཧྲཱིཿ ཡིག་ལྗང་གུ་ལས་མརྒད་མདངས་འཛིན་འོད་ཟེར་ཕྱོགས་ཀུན་ཁྱབ་པར་འཕྲོས་པས། དགྲ་བགེགས་གནོད་བྱེད་རིགས་ཐམས་ཅད་སྙིང་རྗེ་ཆེན་པོས་མ་དག་པའི་གནས་ངན་དེ་ལས་བསྒྲལ་ནས་ཐར་པ་མཆོག་གི་གནས་བདེ་བ་ཅན་གྱི་ཞིང་དུ་འཕོས་


GTN006_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱིར་མི་ལྡོག་པའི་ས་ཐོབ་པར་བསམ། རྩ་སྔགས་ལ་ཧྲཱིཿ མཱ་ར་ཡ་ཕཊཿ དེ་ལྟར་སྣང་བའི་རྩལ་ལ་བྱང་ཆུབ་པས་ལས་བཞིའི་ཕྲིན་ལས་སྣ་ཚོགས་ཀྱི་ཡོན་ཏན་འབྱུང་ལ། འོན་ཀྱང་འདུ་འཛི་ལ་ཞེན་པའི་བློ་དང་འདུན་པ་བྲལ་དགོས་པས། དེའི་ངང་དུ་ཀུན་རྫོབ་ཀྱི་སྣང་བ་རང་སར་ཞིག་པའི་དོན་གྱིས་རང་སྣང་དབང་དུ་འདུས་ཤིང་གཞན་སྣང་ཟིལ་གྱིས་ནོན་ནས་དོན་གཉིས་ཕྲིན་ལས་ལྷུན་གྲུབ་ཀྱི་འབྲས་བུ་མངོན་སངས་རྒྱས་པ་རིག་འཛིན་བཞི་གྲུབ་པ་སོགས་ཡིན་ནོ། །རང་དོན་བདག་བསྐྱེད་ཁོ་ནའི་ཚེ་སྒྲུབ་དམིགས་བསལ། རང་མགོན་པོ་ཚེ་དཔག་མེད་ལོངས་སྤྱོད་རྫོགས་སྐུའི་རྣམ་པར་བསྒྱུར་བའི་ཕྱག་གཡས་སུ་ཚེ་མདའ་དང་། གཡོན་མཉམ་བཞག་སྟེང་ཚེ་བུམ་བསྣམས་པ། ཐུགས་ཀར་པད་ཟླར་ཧྲཱིཿ དམར་པོའི་མཐར། ཨ໋་ཨཱཿ ཧཱུྃ༔ ཨ་མི་དྷེ་ཝ་ཨཱ་ཡུཿ སིདྡྷི་ཧཱུྃ༔ ཞེས་ཡིག་འབྲུ་བཅུ་གཉིས་སྔགས་ངོ་ཕྱིར་བསྟན་ཐུགས་སྲོག་ས་བོན་གྱི་མདུན་ནས་བརྩམས་གཡས་སུ་འཁོར་བ་སྔགས་ཀྱི་རང་སྒྲ་སྒྲོག་བཞིན་པ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་ཁྱབ་པར་འཕྲོས་པས་འཁོར་འདས་ཀུན་གྱི་བྱིན་རླབས་ནུས་མཐུ་ལུང་རྟོགས་ཀྱི་ཡོན་ཏན་ཚེ་དང་ཡེ་ཤེས་བསོད་ནམས། བཀྲག་མདངས་གཟི་བརྗིད་དཔལ་གཡང་ནམ་མཁའ་ཉི་ཟླ་ས་ཆུ་མེ་རླུང་འབྱུང་བའི་བཅུད་གྱི་དངས་མ་དང་བཅས་པ་སྣོད་བཅུད་འཁོར་འདས་ཐམས་ཅད་འོད་དང་འོད་ཟེར་འཕྲོ་འདུས་འུབ་ཀྱིས་བསྡུས་ནས་རང་ཉིད་ལ་ཐིམ་པར་གྱུར་པར་བསམ་ལ་འབྲུ་གསུམ་དང་འབྲེལ་བའི་རྩ་སྔགས་ཚེ་ཤམ་ཅན་བཟླས་པ་ཅི་འགྲུབ་བྱ། རྗེ་བླ་མས་མཛད་


GTN006_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་བསྐུལ་རྡོ་རྗེའི་ཐ་ཚིག་འབྱུང་། ཐུན་མཐར་ཚེ་འགུགས་དམིགས་པ་ནི། རང་ཚེ་དཔག་མེད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་འགུགས་བྱེད་ཀྱི་ཕོ་ཉ་གྲངས་མེད་བསྐུལ་ནས། ཐུགས་ཀའི་ཧྲཱིཿ ཡིག་ལ་སིབ་སིབ་ཐིམ་པར་གྱུར་པར་བསམ་ལ། ཧྲཱིཿ འཆི་མེད་ཞིང་གི་ཚེ་ལྷ་འོད་དཔག་མེད༔ ཀུན་ཁྱབ་ཟེར་གྱིས་བླ་ཚེ་སྲོག་མདངས་བཅུད༔ ཉམས་ཆད་ཡར་འཐོར་འཁོར་འདས་ཚེ་བཅུད་ནས༔ བསྡུས་ནས་རྣལ་འབྱོར་མི་ཤིགས་རྡོ་རྗེ་སྩོལ༔ ཨ໋་ཨཱཿ ཧཱུྃ༔ ཨ་མི་དེ་ཝ་ཧྲཱིཿ ཨཱ་[ཡུ་པཱུ་ནཱེ་]སརྦ་སིདྡྷི་ཧྲཱིཿ ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཞེས་བརྗོད་དོ། །རྒྱས་པར་ཚེ་སྒྲུབ་ཟུར་དུ་གསལ། བསྙེན་པར་གྲུབ་ནས་ཐུན་རྣམས་ཀྱི་མཐར། གོང་དུ་འཕེལ་སྔགས་དབྱངས་དང་གསལ་བྱེད་ཅི་རིགས་བགྲང་། ཞེས་པ། རང་གཏེར་འགྲོ་འདུལ་ལས། ཨ໋་ཨཱརྱ་དཱེ་ཝ་ཧཱུྃ་ཨ໋་སཾ་བྷ་ར་སཾ་བྷ་ར་བི་མ་ན་སཱ་ར་མ་ཧཱ་ཛཾ་བྷ་ཧཱུྃ་ཕཊ྄༔ བསྙེན་པའི་སྐབས་སུ་འདི་ཉིད་ཐུན་མགོར་ལན་གསུམ་བགྲངས་ན་བྱེ་བ་འགྱུར། ཞེས་དང་། ༀ་ཨཱརྱ་ཏ་རེ་ཧཱུྃ་ༀ་དྷུ་རུ་དྷུ་རུ་ཛ་ཡེ་མུ་ཁེ་སྭཱ་ཧཱ༔ འདི་ཉིད་ཐུན་མཇུག་བགྲངས་ན་བསྙེན་སྔགས་ཚར་གཅིག་ལ་བྱེ་བ་འཕེལ་བར་འགྱུར་རོ། །ཞེས་གསུངས་པས་བཟླས་བརྗོད་ནུས་པ་འདོན་ཞིང་གྲངས་འཕེལ་བའི་ཆེད་དུ་དབྱངས་གསལ་དང་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་། མཆོད་བསྟོད་བསྡུས་པ་ཟུར་བཀོལ་ལྟར་བྱའོ། །ལྔ་པ་བུམ་པ་བསྒྲུབ་པ་ལ། བཟླས་པ་རྫོགས་པ་དེ་ནས་རྣམ་རྒྱལ་བུམ་པ་དང་། ལས་བུམ་གཉིས་ཀྱི་བུམ་གོས་ཁ་རྒྱན་ནང་བུམ་རྫས་སོགས་དགོས་པ་ཚང་ནས།


GTN006_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝའི་སྔགས་ཀྱིས་བསངས་སྦྱང་བྱ། ཧཱུྃ༔ ཞེས་འགོ་འདྲེན། འདི་ལྟར་སྣང་བའི་ཆོས་ཀུན་སྟོང་ཉིད་ཡེ་དག་གདོད་མའི་ཀློང་ཆེན་པོའི་རང་བཞིན་གྱུར་པ་དེའི་ངང་། རིག་རྩལ་མ་འགགས་པའི་འཆར་སྒོར། བདག་བསྐྱེད་ཀྱི་མདུན་དུ་པད་ཟླའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པའི་ས་བོན་བྷྲཱུྃ་ཡིག་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་བུམ་པ་ཟུང་གཞལ་ཡས་ཁང་གི་མཚན་ཉིད་རྫོགས་པ། ཁ་རྒྱན་གཟུང་རྡོར་སྒྲོ་མདོངས་སོགས་ཐབས་ཤེས་མཚོན་པས་མཛེས་པའི་ནང་དུ། བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས། གཙོ་བུམ་ནང་འོད་ཀྱི་དཀྱིལ་འཁོར་འཁྱིལ་བའི་ལྟེ་བར་རིན་པོ་ཆེའི་ཁྲི་རྨ་བྱས་བཏེགས་པའི་སྟེང་དུ་པདྨ་དང་ཟླ་བར། དོན་གཉིས་ལྷུན་གྲུབ་ཧྲཱིཿ ཡིག་ལས་འོད་ཟེར་འཕྲོ་འདུ་ཡོངས་གྱུར། བུམ་ལྷ་འོད་དཔག་མེད་སྐུ་མདོག་དམར་གསལ་མཚན་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུས་རབ་བརྒྱན་སྤྲུལ་སྐུའི་ཆས། མཉམ་བཞག་ལྷུང་བཟེད་འཛིན་ཅིང་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་སྤྱན་གཟིགས་དང་གསང་བདག་ལོངས་སྤྱོད་རྫོགས་སྐུའི་ཆས་ཅན་བཞེངས་སྟབས། འཁོར་དུ་སངས་རྒྱས་དཔའ་བོ་དྲུག་དང་། བྱང་ཆུབ་སེམས་དཔའ་དང་། སེམས་མ། ཐུབ་པ་དྲུག །ཉན་རང་དང་དགྲ་བཅོམ། ཁྲོ་རྒྱལ་སྒོ་བ་བཞི། གཞན་ཡང་རྩ་བ་གསུམ་སོགས་བུམ་ལྷ་མེ་ལོངས་ནང་གཟུགས་བརྙན་འཆར་བ་བཞིན་བཞུགས་པ་དང་། ལས་བུམ་ནང་པདྨའི་དཀྱིལ་འཁོར་ལ་ཧཱུྃ་ལས་རྡོར་སེམས་སྐུ་མདོག་དཀར་པོ་དར་དང་རིན་པོ་ཆེའི་རྒྱན་ཅན་ལོངས་སྤྱོད་རྫོགས་སྐུའི་ཆས་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་


GTN006_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་ལས་བུམ་དུ་བསྐྱེད་པའི་ལྷ་ཚོགས་ཀྱི་གནས། (༦༥པ་ཆད།) གྱིས་མཆོད་པ་དང་བསྟོད་པར་འོས་པས་བསྟོད་པའམ་རང་གཞུང་མཆོད་བསྟོད་བསྡུས་པ་བྱ། ༀ་ཨཱཿ ཧཱུྃ་ཞེས་འབྲུ་གསུམ་བརྗོད་དེ་དུང་ཞལ་གྱི་མཆོད་ཡོན་ཕུལ། བུམ་ལྷ་ཡེ་ཤེས་ལྔའི་བདག་ཉིད་འོད་དཔག་མེད་གཙོ་འཁོར་དང་། རིགས་འདུས་རྡོར་སེམས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ངོ་བོ་འོད་སྣང་མཐའ་ཡས་ཀྱི་རོལ་རྩལ་མ་བཅོས་པའི་ཀློང་ཡངས་སུ་ཤར་བ། གྲངས་དང་ཚད་མེད་པ་ཀུན་གྱི་ནུས་པའི་བྱིན་རླབས་ཞུ་བའི་ཟེར་མའི་མདངས་ཐམས་ཅད་ཆུ་ལ་ཆུ་ཐིམ་པ་ལྟར་བུམ་པའི་ཆུ་དང་དབྱེར་མེད་ཉིད་དུ་སྐྱེ་མེད་ཡི་གེ་ཨཱཿས་མཚོན་པར་མཉམ་བཞག་བྱ། ས་མ་ཡཿ དམ་ཚིག་གི་རྒྱ། གཞན་དོན་གསོན་པོར་དབང་བསྐུར་བ་དང་། གཤིན་པོར་སྡིག་སྦྱོང་ལ་བུམ་བསྐྱེད་དེ་ཡིས་འཐུས། ཨ་མི་དཱེ་ཝའི་སྒོ་ནས་འཇའ་ལུས་འོད་སྐུ་འགྲུབ་པའི་ཧྲཱིཿ འོད་དཔག་མེད་པའི་ཐུགས་སྲོག་སྟེ་ལྷ་དེ་སྒྲུབ་ནས་མྱོང་གྲོལ་རིལ་བུ་ངན་སོང་གི་རྒྱུན་ལམ་ཟློག་བྱེད་ཞིང་སྦྱོང་གི་ཆོ་གའི་ལས་སྦྱོར་འདོད་ན། བདག་བསྐྱེད་བསྙེན་བསྟོད་གྲུབ་ནས། མདུན་བསྐྱེད་རིལ་བུའི་བུམ་པ་བསྐྱེད་ཆོག་གི་ཁ་རྒྱན་ཐབས་ཤེས་མཛེས་ནང་བདུད་རྩིའི་དབུས་ཞེས་པའི་ཚིག་མཚམས་ལས་བྱང་བདག་བསྐྱེད་ཀྱི་ཁ་བསྒྱུར་འོད་དཀྱིལ་རྨ་བྱ་རིན་ཆེན་བདུན་གྱི་ཁྲི་སོགས། ལྷ་བསྐྱེད་སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། བསྟོད་པ་ལ་སོགས་ཕྲིན་ལས་རྒྱས་པའི་གཞུང་ནས་བླང་བར་བྱོས་ཤིག །དེ་ནས་བསྙེན་པའི་སྐབས་བདག་བསྐྱེད་ཀྱི་ཐུགས་སྲོག་ས་བོན་ལས་འོད་


GTN006_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས། མདུན་བསྐྱེད་ཀྱི་བུམ་ལྷའི་ཐུགས་རྒྱུད་བསྐུལ། འོད་ཟེར་སྤྲོ་བསྡུས་བྱིན་རླབས་བུམ་ནང་གི་རིལ་བུར་བསྟིམ་པར་བསམ་ལ་བསྙེན་པ་ལ་འཇུག །དེ་ལྟར་བཟླས་པས་གྲུབ་རྟགས། རིལ་བུ་འཕེལ་བ་དང་། དྲི་བཟང་དྲོ་བ། འཇའ་འོད་ཟུག་པ། ཉམས་དགའ་ཞིང་དག་སྣང་སྤྲོ་ལ་འཕེལ་བ་སོགས་བྱུང་ན་བཟང་པོའི་རྟགས་སུ་རིགས་པས་བསྐྱེད་དོ། །དེ་ལྟར་བདེ་ཆེན་ཞིང་སྒྲུབ་ཕྲིན་ལས་བུམ་པ་སྒྲུབ་པ་འདི་ནི། ཟབ་སྐོར་མཁའ་འགྲོའི་སྙིང་བཅུད་ཡིན་པ། འདི་སྦྱིན་ཡུལ་སྐལ་ལྡན་ལ་ཡིན་གྱི་སྐལ་མེད་དམ་ཉམས་ལ་མི་བསྟན་པའི་རྒྱཿ ཡོད་དོ་ས་མ་ཡཿ དམ་ཚིག་མནའ་རྒྱའོ། །གསུམ་པ་རྫོགས་རིམ་ཐུགས་ཀྱི་རྣལ་འབྱོར་ནི་འོག་ཏུ་བསྡུ་རིམ་གྱིས་སྟོན་ནོ། །གཏེར་བསྲུང་ཞིང་སྐྱོང་སྒྲུབ་བྱང་ངམ་གསོལ་མཆོད་རྒྱས་བསྡུས་གང་རུང་རྣམས་འདིར་བྱ། གསུམ་པ་རྗེས་ཀྱི་བྱ་བ་ཚོགས་མཆོད་སོགས་ཀྱི་རིམ་པ་བཤད་པ་ལ། གང་གི་ཆེད་དུ་བྱ་བ། ཆོ་ག་དངོས་གཞི་སོང་བ། དེ་ནས་རང་གཞན་ཚོགས་རྫོགས་ཤིང་བསོད་ནམས་བསགས་པར་བྱ་བའི་ཕྱིར་དུ། གསང་སྔགས་བླ་ན་མེད་པ་བདུད་རྩི་ཚོགས་མཆོད་འདི་ཡིས། བླ་མ་རྣམས་ཀྱི་བྱིན་རླབས་འཇུག་པ་དང་། ཡིད་དམ་ལྷའི་དངོས་གྲུབ་ཐོབ་པ། མཁའ་འགྲོའི་ཆོས་སྐྱོང་གིས་ཕྲིན་ལས་ཤུགས་ཀྱིས་སྒྲུབ་པས་འདོད་དོན་སྨིན་པར་བྱེད་པ་དེ་ཕྱིར་ཚོགས་ཀྱི་འཁོར་ལོ་འདི་ལ་འབད་དགོས་པ། གཏེར་ལུང་ལས། བདག་གཞན་ཚོགས་རྫོགས་སྒྲིབ་སྦྱོང་


GTN006_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༔ བདེ་ཆེན་མཆོག་གི་གནས་ཐོབ་ཕྱིར༔ གསང་བ་ཚོགས་ཀྱི་འཁོར་ལོ་བྱ༔ ཞེས་སོ། །དེ་ཡང་ཚོགས་ཞེས་བྱ་བ། སྐལ་ལྡན་འདུས་པ་མིའི་ཚོགས་དང་། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། དགྱེས་ལྡན་ལྷའི་ཚོགས། དེ་གསུམ་འདུས་ཏེ་སྤྱད་པས་ཐོབ་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཏེ། སྒྱུ་དྲྭའི་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་བའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་ལ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་པ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་སོ། །དེ་ལྟ་བུའི་ཚོགས་དེ་ལ་ཚོགས་བཤམས་ལ། བགེགས་བསྐྲད། བྱིན་རླབས། སྤྱན་འདྲེན། མཆོད་བཤགས་བསྒྲལ་སྟོབས། ཚོགས་དྲང་བ། ལྷག་མ་རྗེས་ཀྱི་བྱ་བ་རྣམས་ཡོད་པས། དང་པོ་བཤམས་ནི། དཀྱིལ་འཁོར་གྱི་མདུན་དུ་སྟག་གཟིག་གམ་རས་སོགས་ཀྱི་གདན་བཀྲམ། དེའི་སྟེང་དུ་བཟའ་བཏུང་གི་དམ་རྫས་སྐྱེ་བ་བདུན་པའི་ཤའམ། གཡུལ་དུ་མཚོན་གྱིས་བསད་པའི་ཤ་སོགས་ཤ་ལྔ་དང་། བདུད་རྩི་ལྔ་གསུང་ཡང་། དེང་སང་ཕྱག་རྒྱུན་ངན་ནད་ཀྱི་ཤི་ཤ་དང་། རྐུན་ཤ་སོགས་མིན་པ་གཡུང་ནོར་རི་དྭགས་སོགས་ཀྱི་ཤ་གཙང་མ། འབྲས་བུ། འབྲུ། ཤིང་། མེ་ཏོག་རྣམས་ལས་བྱུང་བའི་ཆང་སྟེ་བཞི། མར་མཐུད། ཕྲུམ། ཞོ། འོ་མ། དཀར་གསུམ། ཤིང་[ཐོག] མངར་གསུམ་སོགས་བཟའ་བཏུང་གི་ཡོ་བྱད་ཚོགས་


GTN006_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏོར་མ། བསྐང་རྫས་མཆོད་པ་སོགས་གང་རྒྱས། བཟའ་བཏུང་ཅི་འབྱོར་བསགས། ལས་ཀྱི་རྡོ་རྗེས་བསྒྲལ་བ་མ་གཏོགས་པར་ཆུ་ཆང་ནང་གསུམ་བྲན། འདུས་པ་ལ་ཕྱག་བྱས་ཏེ་ཚོགས་གསོལ་གདབ་ཞུ། བདེ་སྟོང་ཟུང་འཇུག་ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམས་པ་གྲུབ་ནས། སྒྲུབ་པོ་རང་ཉིད་སྔར་སྨོས་མཚམས་ལྷ་རྟ་མགྲིན་གྱི་ང་རྒྱལ་བཟུང་། གཉིས་པ་ཚོགས་ཀྱི་བགེགས་བསྐྲད་པ་ནི། ཧྲཱིཿ ས་བོན། ཧཱུྃ་བགེགས་བསྐྲོད་པ་ཁྲོ་བོའི་ཡང་སྙིང་། ཆོས་དབྱིངས་འགྱུར་བ་མེད་པའི་ཀློང་འདིར་རང་ཤར་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དུ་ཤར་བའི་རྩལ་གྱིས། ཚོགས་ཀྱི་མཆོད་པའི་རོ་བཅུད་ལ་རློམ་པར་བྱེད་པའི་འབྱུང་པོ་གཡོ་མོ་སོ་ཅན་ཞེས་བྱའི་བགེགས་དང་གཏོར་མ་ཟ་བ་སོགས་གནོད་བྱེད་ཐམས་ཅད་ཕྱིར་དེངས་ཤིག །གལ་ཏེ་བཀའ་ལས་འདས་ན་ཁྲོ་བོའི་ཕྱག་ན་རྣོ་ངར་ཡེ་ཤེས་ཀྱི་རང་འོད་འབར་བའི་རལ་གྲིས་དུམ་བུར་གཅོད་ཅིང་མཚམས་གཅོད་པར་བྱེད་དོ། །སརྦ་ཨ་པ་ཀ་ར་གནོད་བྱེད་ཐམས་ཅད་མ་རཱ་ཡ་སོད། ཕཊཿ໇ ཀྱིས་དུམ་བུར་ཁོས་ཤིག །བཛྲ་རཀྵ་རཀྵཿ རྡོ་རྗེའི་རྭ་གུར་གྱིས་སྲུངས་ཤིག་སྲུངས་ཤིག །ཅེས་པའོ། །གསུམ་པ་ཚོགས་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ ཡེ་ཤེས་ལྔ་ལྡན་དང་། ཧྲཱིཿ པདྨ་རིགས་ཀྱི་ས་བོན་གྱིས་ཚོགས་རྫས་ཀྱི་དངོས་འཛིན་ཉེས་སྐྱོན་སྦྱོང་སྟེ་རོ་བརྒྱ་དང་ལྡན་པར་བྱིན་གྱིས་རློབས་བྱེད། མ་བཅོས་གཉུག་མའི་རིག་པར་རང་གསལ་ལྷའི་ཏིང་འཛིན་གསལ་བའི་ཐུགས་ཀ་ནས། ཡི་གེ་རཾ་ཡཾ་ཁཾ༔ གསུམ་སྤྲོས་པས་


GTN006_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ཉེས་རྡུལ་བག་ཆགས་རྣམས་མེས་བསྲེག །རླུང་གིས་གཏོར་ནས་སྦྱངས། ཆུས་བཀྲུས་ནས་ཚོགས་ཀྱི་ངོ་བོར་མ་དག་པ་མེད་པས་རྣམ་པར་དག་པར་གྱུར། རིག་རྩལ་མ་འགགས་པའི་འཕྲོ་འདུས། ༀ་ཨཱཿ ཧཱུྃ། འབྲུ་གསུམ་འོད་ཟེར་འཕྲོ་ཞིང་འདུ་བ་ཡིས་ཚོགས་སྣོད་ཀ་པཱ་ལར་ཚོགས་རྫས་ཤ་ལྔ་དང་། བདུད་རྩི་ལྔ་ལ་ཕོག །ཉོན་མོངས་པ་དུག་ལྔའི་རྣམ་རྟོག་ཧཱུྃ་གིས་སྦྱངས། ཨཱཿ ཡིས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ ༀ་གྱིས་མི་ཟད་འདོད་དགུའི་ལོངས་སྤྱོད་ཕུན་སུན་ཚོགས་པ་ལ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་འཕྲོ་བར་གྱུར༔ ༀ་ཨཱཿ ཧཱུྃ༔ བཤད་མ་ཐག་པ་སྦྱོང་སྤེལ་བསྒྱུར་བའི་དོན། ཧ་དང་། དེ་རྗེས་ཧ་དང་ཨཱུ་མཚམས་སྦྱར་བའི་ཧོཿ གྲུབ་པ། ཡི་གེ་གཅིག་པའི་ཨ་བྷི་དྷ་ན་ལས། ཧ་ནི་སྡུག་བསྔལ་ལ་རབ་སྨྲ། ཞེས་དང་། ཨཱུ་ཡང་ཚངས་བསྲུང་བ་ལ། ཞེས་སོ། །ཧ་ཧོ་ཧྲཱིཿ བྱིན་གྱིས་རློབ། རཾ་ཡཾ་ཁཾ། བསྲེག་གཏོར་བཀྲུ་བའི་ཡི་གེ །སྭཱ་ཧཱ། གཞི་ཚུགས། བཞི་པ་དེ་ནས་སྤྱན་འདྲེན་པ་ལ། ཧཱུྃ་ནི་རྡོ་རྗེ་རྩེ་མོ་ལས། ཧཱུྃ་ནི་སྐུ་གསུང་ཐུགས་ཡིན་ཏེ། །རྡོ་རྗེའི་ཐུགས་ནི་ཐོབ་བྱེད་པའོ། །ཞེས་པ་ལྟར་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་གྱི་ཡི་གེ་དང་ཧྲཱིཿ པདྨ་རིགས་ཀྱི་ས་བོན་གྱིས་མགོ་དྲངས། ངོ་མཚར་ཁྱད་དུ་འཕགས་པ་ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས། འཕོ་འགྱུར་མེད་པ་འཇའ་འོད་འཚེར་བའི་ཕོ་བྲང་ནས། ཐོག་མའི་རྒྱལ་བ་ཆོས་སྐུ་འོད་དཔག་མེད་དང་། དེའི་རང་མདངས་སྙིང་རྗེ་དབང་ཕྱུག་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་འཛིན་པ། སངས་རྒྱས་དཔའ་བོ་བྱང་ཆུབ་སེམས་དཔའ་སེམས་མ་ཉན་རང་


GTN006_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་དང་། སྐྱེ་འཆི་མེད་པ་ཚེ་དབང་རིག་འཛིན་གུ་རུ་པདྨ་འབྱུང་གནས། དེའི་གསང་ཡུམ་ཌྰ་ཀི་དཔའ་བོ་མཁའ་འགྲོ་དང་། གནས་ཡུལ་ཉེར་བཞི་ཞེས། པུལླི་ར། ཛཱ་ལནྡྷ་ར། ཨོ་རྒྱན། ཨརྦྷུ་ཏ་བཞི་དཔའ་བོ་དང་རྣལ་འབྱོར་མ་རྣམས་རྟག་ཏུ་བཞུགས་པ་ཡིན་པས་གནས་དང་། གོ་ད་ཝ་རི། སཱ་མ་ཤྭ་རི། དེ་ཝི་ཀོ་ཊི། མཱ་ལ་ཝ་བཞི་ནི་དུས་རེས་འགའ་ཙམ་བཞུགས་པ་ཉེ་བའི་གནས། འདི་དག་སྔོན་ནམ་མཁའ་ལས་བྱུང་བའི་ལྷ་དང་། དྲི་ཟ་བཞི་བཞིས་བཟུང་བས་མཁའ་སྤྱོད་ཀྱི་གནས་ཞེས་གྲགས། ཀཱ་མ་རཱུ་པ་དང་། ཨྃ་ཏྲེ་གཉིས་རྟག་ཏུ་ལོངས་སྤྱོད་པའི་ས་ཡིན་པས་ཞིང་དང་། ཏྲི་ཤ་ཀུ་དང་། ཀོ་ས་ལ་གཉིས་རེས་འགའ་ཙམ་ལོངས་སྤྱོད་པས་ཉེ་ཞིང་ངོ་། །ཀ་ལིདྐ་དང་། ལཾ་བྷ་ཀ་གཉིས་རྟག་ཏུ་ཁྲུས་བྱེད་པའི་ས་ཡིན་པས་ཚནྡྷོ་དང་། ཀཱཉྩི་དང་ཧི་མ་ལ་ཡ་གཉིས་རེས་འགའ་ཙམ་ཁྲུས་བྱེད་པས་ཉེ་བའི་ཚནྡྷོ་སྟེ། འདི་དག་ས་སྟེང་ནས་བྱུང་བའི་གནོད་སྦྱིན་དང་སྲིན་པོས་བཟུང་བས་ས་ལ་སྤྱོད་པའི་གནས་སོ། །པྲེ་ཏ་པཱུ་རི་དང་། གྲ໏་ཧ་དེ་ཝ་གཉིས་རྟག་ཏུ་བཀའ་བགྲོ་བའི་ས་འདུ་བ་དང་། སཽ་རཥྚ་དང་། སུ་ཝརྞ་དྭཱི་པ་གཉིས་རེས་འགའ་ཙམ་བཀའ་བགྲོ་བའི་ས་ཉེ་འདུའོ། །ནཱ་ག་ར་དང་། སིནྡྷུ་གཉིས་རྟག་ཏུ་ཚོགས་འཁོར་སོགས་བྱེད་པས་རྣམ་རྟོག་སྤངས་པའི་ས་དུར་ཁྲོད་དང་། མ་རུ་དང་། ཀུ་ལུ་ཏ་གཉིས་རེས་འགའ་ཙམ་ཚོགས་འཁོར་སོགས་བྱེད་པས་ཉེ་བའི་དུར་ཁྲོད་དེ། འདི་དག་ས་འོག་ན་གནས་པའི་ཀླུ་དང་ལྷ་མིན་གྱིས་བཟུང་བས་ས་འོག་ན་སྤྱོད་པའི་གནས་ཆེན་པོ། དུར་ཁྲོད་གནས་ཆེན་བརྒྱད་དེ། རྒྱ་གར་མ་ག་དྷ་ན་བསིལ་བའི་ཚལ། སིང་ག་ལར་


GTN006_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་རྫོགས། ཀསྨི་རར་ཧེ་ཆེ་རོལ་པ། ཐོ་གར་དུ་གསང་ཆེན་རོལ་པ། ཨུ་རྒྱན་དུ་པདྨ་བརྩེགས་པ། ནཻ་པཱ་ལར་ཡ་མ་ཁ། ས་ཧོ་རར་ཁུ་བྱུག་ཀློང་། ལི་ཡུལ་དུ་འཇིག་རྟེན་མངོན་རྫོགས། དེ་ལ་སོགས་པ་རྟག་པའི་དུར་ཁྲོད་དམ། རོ་བཞི་ཚོགས་པ་ཡན་ཆད་རེས་འགའ་བའི་དུར་ཁྲོད་དུ་གྲགས་པ་རྣམས་ཏེ། འཇིག་རྟེན་གྱི་མཁའ་འགྲོ་རྣམས་འདུ་བས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་གནས་སོ། །དེ་ལྟར་དག་པའི་ཞིང་ཡུལ་ཀུན་ནས་རྩ་གསུམ་སྲུང་མའི་ཚོགས་དང་མཆོད་འོས་སུ་གྱུར་པ་གཙོ་དང་འཁོར་དང་བཅས་པ་མ་ལུས་ཐམས་ཅད་ཀུན་སྐད་ཅིག་ཡུད་ཙམ་ལ་གར་བཞུགས་དག་པའི་གནས་ནས་སྐུར་བཞེངས་ལ། ཚོགས་ཀྱི་ཁང་བཟང་མཉམ་དགའ་བ། མཆོད་པའི་རྣམ་གྲངས་དུ་མ་ཡོད་པའི་གནས་འདིར་གཤེགས་སུ་གསོལ། ༀ་ཨཱཿ ཧཱུྃ། རྡོ་རྗེ་གསུམ། བཛྲ་རྡོ་རྗེ། གུ་རུ་བླ་མ། དེ་ཝ་ལྷ། ཌཱ་ཀི་ནི་མཁའ་འགྲོ་མ། ས་པ་རི་ཝ་ར་འཁོར་བཅས། བཛྲ་ས་མཱ་ཡ་རྡོ་རྗེའི་དམ་ཚིག །ཛཿ ཛཿ བྱོན་བྱོན། ཅེས་སོ། །ལྔ་པ་དགྱེས་བསྐང་ཕུད་བཤགས་བསྒྲལ་གསུམ་གྱི་ཚོགས་ཕུད་འབུལ་བ་ལ། ཧྲཱིཿ ས་བོན། གསང་སྔགས་བླ་མེད་ཚོགས་ཀྱི་མཆོད་པ་འདི་ལ། ཡེ་ཤེས་ལྔའི་འོད་ཟེར་རྣམ་པར་འཕྲོ་བ་འདི་ཉིད། མཆོད་ཡུལ་གྲངས་མེད་པ་ལ་རྒྱ་མཚོར་བཏགས་པའི་ལྷ་ཚོགས་དགྱེས་པར་བཞེས། ༀ་ཨཱཿ ཧཱུྃ། ག་ཎ་ཙཀྲ་ཚོགས་འཁོར། པཱུ་ཛ་ཧོཿ མཆོད་པར་བགྱིའོ། །ཧྲཱིཿ མགོ་འདྲེན། ཚད་མེད་བདེ་ཆེན་འབར་བའི་ཕོ་བྲང་ནས། ཆོས་སྐུའི་ཞིང་གི་སྟོན་པ་འོད་ཟེར་དཔག་ཏུ་མེད་པ་སྤྲོ་བ་དང་། ཞིང་སྒྲུབ་ལྷ་


GTN006_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཁོར་བཅས་གནས་འདིར་གཤེགས་ཤིག །ཁྱེད་ལ་གཤེགས་དང་བཞུགས་པའི་མཚན་མའི་རྟོག་པ་མི་མངའ་ཡང་། ས་གཞིར་ཆུ་སྣོད་དུ་མར་ནམ་མཁའི་ཟླ་གཟུགས་དེ་སྙེད་སྣང་བ་བཞིན་དུ་སྒྲུབ་གནས་འདིར་སྣང་བར་མཛོད་ལ། བདག་ཅག་གིས་རྩེ་གཅིག་སྙིང་ནས་ཁྱེད་སྒྲུབ་པར་བྱེད་སྙམ་ཡང་། རང་གི་སྣང་བ་མ་དག་པར་རྟོག་ཚོགས་ཤར་བ། རང་ངོ་མ་རིག་པ་འཁྲུལ་པས་བསྒྲིབས་ནས་རང་སེམས་ལྷ་ཞལ་མ་མཇལ་ནོངས་པ་གྱུར་པས། ཕྱི་གཟུང་ཡུལ། ནང་རྣམ་ཤེས། གསང་བ་དབང་པོའི་བརྡ་སྦྱོར་བའི་འགལ་འཁྲུལ་ཅི་མཆིས་པ་ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་ངོ་། །ཉེས་ལྟུང་མཐོལ་ལོ་བཤགས་སོ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀྱི་དགྱེས་པ་བསྐང་། (༧༠་པ་དང་༧༡པ་གཉིས་ཆད།) གཅིག་གམ། གསུམ་པ་ཆང་གིས་བཀང་། གྲོགས་གཞན་དག་གིས་མཾ་ས་ལ་སོགས་པའི་རྫས་རྣམས་ཐོགས། ལག་གཡས་པ་རྩེ་གསུམ་གྱི་རྒྱ་སྟོན་ཞིང་ཚིག་འདི་སྐད་བརྗོད་དོ། །གསང་སྔགས་ཚོགས་ཀྱི་དགའ་སྟོན་ལ་ངོ་མཚར་བས། ཨེ་མ་ཧོཿ ཞེས་དང་། ཐེག་ཆེན་རྨད་བྱུང་གསང་སྔགས་ཕྱི་པ་ལས། ལྷག་པར་ནང་པ་བླ་མེད་ཀྱི་ཚོགས་བཟའ་བཏུང་གི་ཟས་འདི་ལ་སྤྱོད་པས། ཕ་དང་མ་ལྟ་བུར་མོས་པ། རྗེར་མོས་པ། རྒྱལ་པོའི་གཙོ་བོར་མོས་པ། བློན་པོ་ལྟ་བུར་མོས་པ་རྣམ་པ་བཞི། ཚེ་རིང་། དབང་ཆེ། བཀྲ་ཤིས། གཟི་མདངས་ཆེ། འཁོར་མང་། ལོངས་སྤྱོད་ཆེ། འབྱོར་པ་དྲུག་དང་ལྡན་པའི་བཅུད་འཕེལ། འཕྲལ་དུ་ཚེ། བསོད་ནམས། དབང་


GTN006_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་། སྙན་གྲགས། མངའ་ཐང་། དཔལ་འབྱོར་དྲུག །ཡུན་དུ་གཏན་གྱི་བདེ་བ་སྟེ་དོན་བདུན་གྱི་དངོས་གྲུབ་འབྱུང་གནས་འདི་རེ་དོག་དང་གཙང་རྨེ་བྲལ་བའི་ངང་ནས་བཞེས་ཤིག་ཞུ། བརྡའ་ལན་དུ་ལེན་པ་པོས་ཀྱང་པད་བསྐོར་དང་རྩེ་གསུམ་གྱི་རྒྱས། ཧྲཱིཿ སོར་རྟོག་ཡེ་ཤེས་ཨཱ་བྱ་གྲུབ་ཡེ་ཤེས་དེ་ལ་ཡེ་ཤེས་གཞན་གསུམ་ཡང་ཚང་། ཐར་པ་ཆེན་པོའི་གླིང་དུ་ཕྱིན་པའི་ས་ལ་སླེབས་པས་ཕྱིར་མི་ལྡོག་པར་བགྲོད་ཟིན་ནས། ཕྱི་བདུད་ལྷ་འདྲེ་དང་། ནང་བདུན་ཉོན་མོངས་པ་བཞི། དེའི་མཐུས་སྐྱེ་འཆིའི་སྣང་བ་ཞིག་ནས་འཇའ་ལུས་འཆི་མེད་ཀྱི། འོད་དཔག་མེད་པ་སྣང་བ་མཐའ་ཡས་ཀྱི་གོ་འཕང་འགྲུབ་པའི་ཟས་ལ་རོལ་པར་བྱའོ། །ཨ་ལ་ལ་ཧོ། དགའ་བའི་བཞད་སྒྲ། ཚུལ་དེ་ལྟ་བུས་འདུས་པ་གཞན་རྣམས་ལའང་བྲིམ་ཞིང་བླང་ངོ་། །ཚོགས་གྲལ་དུ་རྩོད་པ་དང་། ཀུ་ཅོ་དང་། ཐ་མལ་གྱི་སྣང་བའི་བདེན་ཞེན་སོགས་སྤངས་ཏེ། ཚིམ་པ་དང་། དགའ་བ་དང་། འཛིན་ཞེན་མེད་པའི་སྒོ་ནས་བདུད་རྩིའི་མཆོད་རྫས་ལྟེ་བའི་གཏུམ་མོའི་མེས་ཞུ་བའི་དངས་མས། ལུས་ནང་གི་ལྷ་ཚོགས་ཐམས་ཅད་མཆོད་པར་བསམ་པ་ནང་གི་སྲེགས་བླུགས་ཀྱིས་ལོངས་སྤྱོད་དོ། །བདུན་པ་དེ་ནས་ལྷག་མ་སྦྱིན་པ་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ་ཕུད་ཆ་གསུམ་པའང་བསྣན་ཏེ། ལས་ཀྱི་རྡོ་རྗེས་ཕྱག་བྱས་ནས་བྱིན་གྱིས་རློབ་པར་བསྐུལ། སློབ་དཔོན་གྱིས་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་བདུད་རྩིར་


GTN006_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ་པར་བསམ་ལ། མཁའ་དབྱིངས་ཀྱི་རྒྱས་ཁ་བཀབ་ནས། ༀ་ཨཱཿ ཧཱུྃ། སརྦ་པཉྩ་ཨ་མྲ໏་ཏ་ཧཱུྃ། ཧ་ཧོ་ཧྲཱིཿ ཞེས་ཛ་གད་ཀྱི་ཁ་ཕྲུས་བཏབ་པས་བདུད་རྩིར་སྤེལ་བ་དཀྱིལ་འཁོར་གྱི་བྱང་ཤར་རམ་ཤར་ལྷོ་ཡང་རང་སྟེ། ཞིང་ལྤགས་ལ་དྲི་དང་རཀྟས་ཆོས་འབྱུང་ཟླ་གམ་གསུམ་དང་བཅས་པ་བྲིས་པའི་སྟེང་དུ་བཀོད་ཅིང་མར་མེ་བཙུགས་ལ། འབར་བའི་རྒྱ་དང་ཕ་གྱི་སྒྲས་ལྷག་སྡུད་ཀྱི་ཕོ་ཉ་རྣམས་སྤྲིན་གཏིབས་པ་བཞིན་དུ་བྱོན་པར་བསམ། ༀ་བཛྲ་པུཥྤེ་ནས། ཤབྟའི་བར་གྱིས་མཆོད། བྷྱོ༔ མ་མོ་དང་མཁའ་འགྲོའི་སྲོག་སྔགས་ཀྱིས་བསྐུལ་ནས། ཤར་ནས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་རྒྱུ་བའི་གར་མཁན་ཌཱ་ཀྐི་སྟེ་མཁའ་འགྲོ་འབུམ་རྣམས་ཞེ་སྡང་སྐྱེ་བའི་སྣང་ཡུལ་རང་སར་དག་པ་མེ་ལོང་ཡེ་ཤེས་སུ་གསལ་བའི་ཚོགས་ཀྱི་ལྷག་མ་འདི་བཞེས་ཤིག །ལྷོ་ནས་རང་གཟུགས་གང་འདོད་ཀྱི་དགུ་སྟེ་མང་ཚིག་ཡིན་པ་གྲངས་མེད་དུ་བསྒྱུར་བའི་ཆོ་འཕྲུལ་སྟོན་པ་མ་མོ་འབུམ་རྣམས་བདག་ལྟ་མཆོག་འཛིན་གྱི་ཞེན་འཛིན་རང་སར་གྲོལ་བ་མཉམ་ཉིད་ཡེ་ཤེས་སུ་གསལ་བའི་ཚོགས་ལྷག་འདི་བཞེས་ཤིག །ནུབ་ནས་སྣང་ཞིང་སྲིད་ཚད་དབང་དུ་སྡུད་པར་བྱེད་པའི་མཁའ་འགྲོ་འབུམ་གྱིས། ཕྱི་གཟུགས་སུ་སྣང་བར་ནང་གི་ཤེས་པ་རྗེས་ཞེན་འདོད་ཅིང་ཆགས་པ་རང་བཞིན་མ་གྲུབ་པ་སྒྱུ་མའི་དཔེ་བཅུར་རྟོགས་པས་འཛིན་པ་ཞིག་པ་སོར་རྟོག་ཡེ་ཤེས་སུ་མཐོང་བའི་ཚོགས་ལྷག་བཞེས་ཤིག །བྱང་ནས་རང་སྣང་མ་དག་ལོག་རྟོག་གི་འཁྲུལ་སྣང་རིག་རྩལ་དུ་ཤེས་པས་ཚར་གཅོད་པར་བྱེད་པའི་ཁྲོ་མོ་འབུམ་གྱིས། རང་ལས་གཞན་དུ་གྱུར་པ་ལ་ཕྲག་དོག་འགྲན་


GTN006_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་དགྲ་དང་གཉེན་དུ་བཟུང་བའི་དབྱེན་བཅོས་པ་ཞི་ནས་བདག་གཞན་དབྱེར་མེད་བྱ་གྲུབ་ཡེ་ཤེས་ཀྱི་ཚོགས་ལྷག་འདི་བཞེས་ཤིག །འཁོར་བ་དང་འདས་པ་མ་འགག་པའི་རྩལ་ཤུག་མ་མོའི་ཚོགས་ཏེ། དབང་ཕྱུག་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། གིང་ཆེན་བཅོ་བརྒྱད། ལངྐ་ཚར་གསུམ། གཞན་ཡང་མ་མོ་བདུན། སྲིང་མོ་བཞི། འབར་མ་བརྒྱད། ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས་ཕྲ་མེན་དང་། ཤུགས་འགྲོ་དང་། གནོད་སྦྱིན་གྱི་རིགས་ཅན་ལྷག་གཏོར་གྱི་དམ་ཚིག་ལ་གཏོགས་པ་མཐའ་ཡས་པ་རྣམས་ཏེ། ཇི་སྐད་དུ། ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མ་ཞལ་ཆབ་སྒྲོན་ལ་གསོལ། །ཞེས་པ་ལྟར་འདི་རྣམས་དུར་ཁྲོད་དུ་བམ་རོ་རྫུ་འཕྲུལ་རྩལ་གྱིས་གནས་གང་ཡོད་ཉུལ་བས་ལེན་ཞིང་། དམ་ཉམས་ཞིང་བཅུའི་ཤ་ཟས་སུ་ཟ། ལྤགས་པ་གོས་སུ་གྱོན་པ་ཅན་རྣམས་གཏོར་མའི་རང་བཞིན་ཀ་དག་མི་གཙང་སྤངས་(་)གཉུག་མར་གནས་པའི་དམ་ཚིག་གི་ལྷག་གཏོར་འདི་བཞེས་ལ། བདག་སྒྲུབ་པ་པོ་ས་ལམ་གྱི་ཡོན་ཏན་རྫོགས་པ། སྤྱིར་ཆིབས་༼བརྡ་རྙིང་༽ཏེ་མཐར་སོན་པའི་བར་དུ་ཕྲིན་ལས་ཞི་རྒྱས་དབང་དྲག་གི་ལས་བཞི་ལྷུན་གྱིས་གྲུབ་བར་མཛོད་ཅིག །ཌཱ་ཀི །མ་མོ། ཌཱ་ཀཱི་ནི། མཁའ་འགྲོ་མ། ཨུ་ཙིཥྚ། ལྷག་མའི། བ་ལིདྟ། གཏོར་མ། ཁ་ཁ། ཟོ་ཟོ། ཁཱ་ཧི་ཁཱ་ཧི། ཟོ་ཤིག་ཟོ་ཤིག ། ཅེས་གཏོར་མ་གཙང་སར་བསྐྱལ་ལོ། །བརྒྱད་པ་ལ་ལྔ་ལས། དང་པོ་ཆད་མདོ་བཏང་བ་ལ། ཕྱི་ནང་གནོད་བྱེད་བཀུག་མཆོད་དམིགས། ཧྲཱིཿ ཧཱུྃ། ཞེས་པས་མགོ་དྲངས་ཏེ། ཕྱི་སྣང་བའི་ཡུལ་དུ་བདུད་


GTN006_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དགྲ་དང་། བགེགས་ཐམས་ཅད་སྟོང་ཉིད་རང་ངོ་འཕྲོད་པའི་གཞི་ལས། ས་ལམ་ལ་འགལ་བའི་བར་ཆོད་ཀྱི་རྐྱེན་དུ་གྱུར་པའི་གནོད་བྱེད་ཐམས་ཅད་དང་པོར་རྒྱུ་བྱས་ནས་རྐྱེན་བྱུང་བ་ལྟར་རྩ་བ་ནས་ཁུག་ལ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཕྱག་རྒྱ་ཆེན་པོའི་མཚོན་ཆས་བསྒྲལ་ཏེ་ཚར་ཆོད་ཅིག །ཅེས་གནོད་བྱེད་འགུག་བསྒྲལ་གྱིས་ཤ་ཁྲག་བདུད་རྩིར་བསྒྱུར་བ། [སད་]ཨ་པ། གནོད་བྱེད་ཐམས་ཅད། ཛཿ ཛཿ གཉིས་ཀྱིས་དབུག །མཱ་ར་ཡ་ཕཊཿ གསོད་པར་གྱིས། དེ་ནས་ཆད་མདོ་བྱ་བ་ནི། ཧཱུྃ། བླ་མ་ཡི་དམ། བྷྱོ༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐུལ་བ། སྔོན་ཚེ་བདེ་བ་ཆེན་པོའི་ཞིང་ཁམས་སུ་ཐོག་མའི་སངས་རྒྱས་འོད་དཔག་མེད་ཀྱིས་འགྲོ་བ་སེམས་ཅན་ཀུན་ལ་ཁྱབ་པའི་སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལུང་གི་ཆོས། རྒྱལ་བའི་དགོངས་བརྒྱུད་མ་བཅོས་འགག་མེད་དུ་ཤར་བ་བཞིན་རིག་འཛིན་བརྡའི་བརྒྱུད་པ་རྡོ་རྗེའི་གསང་མཛོད་དཀྲོལ་བ་རྣམས་ཆོས་ཀྱི་དབྱིངས་སུ་རྒྱས་བཏབ་སྟེ་མཁའ་འགྲོ་ཆོས་སྐྱོང་ལ་གཉེར་དུ་གཏད་པ་ལ་སོགས་རྣམ་རྟོག་འགྱུ་ཚོགས་རང་ཤར་རང་གྲོལ་དུ་དམ་བཞག་ཨ་འཐས་བག་ཆགས་མི་གསོག་པ་འགྱུར་མེད་དམ་བཅའ་བརྟན་པོའི་ཁས་བླངས་པ་དང་། རིགས་གསུམ་མགོན་པོའི་ཕོ་བྲང་མ་ར་ཏི་ཀའི་གནས་སུ་རིག་འཛིན་པདྨ་འབྱུང་གནས་དང་། ལྷ་ལྕམ་མནྡ་ར་ཝ་ཡབ་ཡུམ་གྱི་འོད་སྣང་གསང་སྒྲུབ་དཀྱིལ་འཁོར་བསྒྲུབས་པས་སྐྱེ་འཆིའི་སྣང་བ་རང་སར་ཞིག་སྐབས་ཡེ་ཤེས་དང་ལས་ལ་གྲུབ་པའི་འཇིག་རྟེན་སྐྱོང་བའི་ཚོགས་སྲུང་མས་


GTN006_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་ཤེས་པའི་སྲོག་གི་སྙིང་པོ་ཕུལ། དེ་རྗེས་ནས་བོད་ཡུལ་དུ་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྲུབ་ཏུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། གང་ཟག་སྙན་ཁུང་བརྒྱུད་པ་མངའ་བདག་རྗེ་འབངས་བཅས་ཀྱི་དྲུང་ན་ཞིང་སྒྲུབ་དཀྱིལ་འཁོར་ཞལ་ཕྱེས་པའི་ཚེ། སེམས་ཅན་ཀུན་ལ་སྣང་བ་བྱ་བ་དགུ་སྟེ། རྗེ་བླ་མའི་ཞལ་གདམས་སུ། ཀུན་གཞི་དེ་ཡི་རྣམ་ཤེས་དང་། །སྒོ་ལྔ་ཡིད་དང་ཉོན་ཡིད་ཀྱི། །རྣམ་ཤེས་ཞེས་ཐེག་པའི་རྩེ་མོར། རྣམ་ཤེས་ཚོགས་པ་དགུར་ཕྱེ་བ་རང་སར་བཀུག་པས་ཀུན་གཞི་ཉིད་ལ་[སྦོལ་]ཏེ་བཀག་པའི་ངོ་མཚར་བ་ཤར་ཞིང་། ཤེས་རབ་ཕུན་སུམ་ཚོགས་པ་རྗེ་འབངས་ཉེར་ལྔར་སྨིན་ལམ་དབང་བསྐུར་ལུང་བསྟན་པ་གནང་བའི་ཚེ། མ་འོངས་པའི་འགྲོ་བའི་དོན་དུ་གཏེར་དུ་སྦས་ཏེ་རྒྱ་བདུན་བཏབ་སྟེ། སླར་ལུང་འཛིན་ཆོས་བདག་གཏེར་སྟོན་རྣམས་ཀྱིས་གཏེར་འདོན་ཚེ་ཐོག་མཐའ་བར་དུ་དགེ་བའི་སྟོང་གྲོགས་ཅན་གྱི་བཀའི་སྲུང་མས་དཔལ་གྱི་གཏོར་མ་འདི་བཞེས་ལ། རང་རྩལ་རིག་པ་རྩེ་གཅིག་པས་ཁས་བླངས་དམ་བཅས་པ་བཞིན་དུ། བདག་སྒྲུབ་པོས་མཐོང་བ་དང་ཐོས་པའི་སེམས་ཅན་སྨིན་ཅིང་གྲོལ་བ་སོགས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད་ཅིག །རུ་དྲ། དྲག་པོ། ཨ་པ་ཀ་ར། གནོད་བྱེད། མཱ་ར་ཡ། སོད། ཕཊཿ ཀྱིས་དེ་ལྟར་བྱེད་པར་བསྐུལ་བའོ། །གཏོར་གཞོང་དེ་ཉིད་བཤལ་བའི་སྨན་ཕུད་ཀྱིས་བསྟན་གཏོར་ལ་བྲན། འབྲུ་གསུམ་གྱིས་མི་ཟད་པའི་ལོངས་སྤྱོད་ཀྱི་གཏེར་ཏུ་སྤེལ། གཉིས་པ་དེ་ནས་བསྟན་མ་སྐྱོང་བ་ལ། བྷྱོ༔ མ་མོའི་སྤྱི་སྙིང་གིས་བོས་ཏེ། བོད་


GTN006_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གླིང་གི་ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ་སྐྱོང་བའི་རྫུ་འཕྲུལ་ཅན་བསྟན་སྐྱོང་བདུད་མོ་བཞི། གནོད་སྦྱིན་བཞི། སྨན་བཙུན་བཞི་སྟེ་མ་མོའི་ཚོགས་བཅུ་གཉིས་གཏོར་མ་འདི་བཞེས་ལ། དཔལ་མོ་དཔལ་ཐང་བྲེ་སྣར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དམ་ལ་བཞག་པ་ལྟར། མཐའ་དམག་ལྡང་བའི་སྒོ་བཞི་དང་། ཤར་ལྷོ་ནུབ་བྱང་སྒོ་བཞིའི་ཕྱོགས་ནས་གནོད་ཅིང་གདུག་པའི་བསམ་སྦྱོར་འཆང་བའི་དམག་ཚོགས་བཟློག་ལ་རྣལ་འབྱོར་ཕྲིན་ལས་གང་བཅོལ་བ་སྒྲུབས་ཤིག །དུཿ ཤ་ལ་ལོ་ཀ་ཌཱ་ཀི་ནཱི་བ་ལིདྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བརྟན་ཞིང་ཆགས་པའི་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་འཁོར་སྨན་ཕྲན་འབུམ་དང་བཅས་པ་ཨུ་རྒྱན་ཆེན་པོས་བོད་དུ་མུ་སྟེགས་ངན་པའི་བར་གཅོད་སེལ་ནས་མི་བཏང་བར་བཀའ་བསྒོས་ཤིང་དམ་བཅས་པའི་འཇིག་རྟེན་སྐྱོང་བའི་མཁའ་འགྲོ་རྣམས་གཏོར་མ་ཟོ་ཟོ་ཟོ་ཤིག་ཅེས་པའོ། །གསུམ་པ་རྟ་བྲོ་བརྡུང་བས་གཟིར་མནན་བྱ་བ་ནི། གཏོར་སྣོད་ཁ་སྦུབས་པའི་འོག་ཏུ་ལྟོགས་འགོང་དབུལ་སྲི་འགུག་དམིགས་བྱས་ལ་མནན་ཞིང་། རྡོ་རྗེའི་རྒྱས་གདབ་པའི་ཁར་བྲོའི་ལས་བྱ་སྟེ། མཆེད་ཐམས་ཅད་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་ལས་དང་མཐུན་པའི་བྲོ་ར་བཅའ་བའམ། དེར་མོས་པས་སྣོད་བཅུད་ཐམས་ཅད་རྟ་མཆོག་ཧེ་རུ་ཀའི་སྐུར་བལྟས་ཏེ། བྲོ་བརྡུངས་པས་ལས་བཞི་འགྲུབ་ཅིང་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བདེ་བ་ཆེན་པོའི་རོལ་པར་འཆར་བའི་དམ་ཚིག་གིས་དམིགས་པ་མེད་པའི་དབྱིངས་སུ་ཐིམ་པར་བསམ། ཧཱུྃ་དགྲ་བགེགས་


GTN006_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པའི་ཡི་གེ་དང་། ཧཱུྃ་ས་བོན། དཀོན་མཆོག་གསུམ་གྱི་བདེན་པ་གསུམ་གྱི་ནུས་པས་དམ་ཉམས་འགབ་འདྲེ་བག་ཉལ་བགེགས་རིགས་ཐམས་ཅད། གཏོར་གཞོང་སྣོད་སྟོང་གསུམ་ཁྱབ་པར་གསལ་བའི་ཏིང་ངེ་འཛིན་རི་རབ་ལྷུན་པོར་(་་་་་་་་་་་་་་་་་་་་་་་)གསལ་བའི་བྲོ་བརྡུངས་པས་དངོས་པོར་འཛིན་པ་དུག་ལྔའི་དགྲ་བགེགས་ཐམས་ཅད་འདུལ་ནས་ཀུན་རྫོབ་འཁོར་བ། མེད་སྣང་སྒྱུ་མ་ལྟ་བུའི་གྲོང་ཁྱེར་མི་དམིགས་པའི་དབྱིངས་སུ་འཇོམས་པའི་རྒྱས་གདབ་བོ། །ༀ་ལཾ༔ ཨཱ་ལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ ཧཱུྃ་ཞེས་སྐུ་གསུང་ཐུགས་ཀྱི་ས་བོན་དང་གཞི་དབང་ཆེན་གྱི་ས་བོན་ལམ་ཡིག་གི་བར་དུ་གནོན་ཅིག་པའི་སྔགས་སྟབས་ཏེ་གཟིར་ཞིང་མནན་ནོ། །དེ་ཡང་སྦྱིན་སྲེག་མནན་ཟོར་སོགས་ལས་གང་ཡིན་ཡང་རུང་སྟེ། ལས་ཟིན་རྗེས་བྲོ་མཐའ་བསྡུས་ན་ལས་བྱས་པ་གསོར་མི་རུང་བར་འགྱུར་རོ། །བཞི་པ་ཚེ་འགུགས་ནི། ཧྲཱིཿ ས་བོན། འཆི་བ་མེད་པ་བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུགས་པ་ཚེའི་ལྷ་འོད་དཔག་མེད་ཀྱི་ཐུགས་སྲོག་ས་བོན་ལས་ཕྱོགས་ཀུན་ཏུ་ཁྱབ་པའི་འོད་ཟེར་གྱི་སྣ་ལ་མགྱོགས་མ་བཞི་སྤྲོས་པས་སྒྲུབ་པ་པོའི་བླ་ཚེ་སྲོག་གསུམ་གྱི་མདངས་དང་བཅུད་ཉམས་ཤིང་ཆད་པ་ཡར་བ་འཐོར་བ་འཁོར་འདས་སྣོད་བཅུད་ཐམས་ཅད་ནས་བསྡུས་ནས་རྣལ་འབྱོར་པ་བདག་ལ་མི་ཤིགས་པ་རྡོ་རྗེ་ཚེའི་དངོས་གྲུབ་སྩོལ་ཅིག །ༀ་ཨ་མི་དྷེ་ཝ་ཧྲཱིཿ སྙིང་པོ། ཨཱ་ཡུས྄། རྣམ་བཅད་མཚམས་སྦྱོར་གྱིས་ས྄་ར྄་བྱས་དྲངས་པས། ཨཱ་ཡུར་ཛྙཱ་ན། ཚེ་དང་ཡེ་ཤེས། སརྦ་སིདྡྷི་ཧྲཱིཿ དངོས་གྲུབ་ཐམས་ཅད་སྩོལ། ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་


GTN006_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བྷཱུྃ། སྭཱ་ཧཱ་ཞེས་ཚེ་དང་དེ་རྟག་པ་གཡུང་དྲུང་ཞེས་བོན་པོའི་བརྡ་གཡུ་དྲུང་། བྷྲཱུྃ༔ ཕུན་སུམ་ཚོགས་པ། སྭཱ་ཧཱ༔ གཞི་ཚུགས་ཤིག་པའོ། །དེ་ནས་དཀྱིལ་འཁོར་བའི་ལྷ་ལ་མཆོད་བསྟོད་ཟུར་གསལ་བཞིན་བྱ་ཞིང་། དངོས་གྲུབ་ལེན་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཚུར་འདུས་འགྲོ་བའི་རྒྱུད་སྦྱོང་། སྣོད་བཅུད་དག་པ་རབ་འབྱམས་སུ་གྱུར། བསྟན་གཡོ་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་བུམ་བཅུད་དང་། སྒྲུབ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར་བར་བསམ་ལ། ༀ་ཨ་མི་དྷེ་ཝ་ཧྲཱིཿ ཀཱ་ཡ་ཝཱཀྐ་ཙིཏྟ་པཱ་ཤཾ་ཀུ་རུ་ཨ་བྷིཥིཉྩ་ཨ༔ ཞེས་རྩ་སྔགས་ཤམ་ཅན་བརྒྱ་རྩ་བཟླས། བུམ་པ། གཏོར་མ། དངོས་གྲུབ་རྫས་སོགས་འབུལ་བསྟུན། བདེ་མཆོག་བདེ་སྐྱོད་ནམ་མཁའ་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་འོད་དཔག་མེད་མགོན་གྱི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་


GTN006_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ༔ འཆི་མེད་ཚེ་མི་དངོས་གྲུབ་སྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་སྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ༀ་ཨ་མི་དྷེ་ཝ་ཧྲཱིཿ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧོཿ ཞེས་ཛབ་དབྱངས་དང་བཅས་བུམ་ཆུ་མྱང་སྒྲུབ་གཏོར་ལྷར་གསལ་བ་ལས་བྱིན་རླབས་དང་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་དབང་བཞི་བླངས། སྒྲུབ་རྫས་རྣམས་གནས་བཞིར་གཏུག་ཅིང་། ཚེ་རིལ་གཡས་བསྐོར་དང་། ཚེ་ཆང་གཡོན་བསྐོར་དུ་རོལ། མཐར་ལྷ་འོད་དུ་ཞུ་བའི་གཏོར་ཟན་དང་། བུམ་པའི་བདུད་རྩི་སོགས་དངོས་གྲུབ་ཀྱི་རྫས་རྣམས། ༀ་ཨཱཿ ཧཱུྃ་ཧྲཱིཿ གུ་རུ་དེ་ཝ་ཌཱཀྐི་ནཱི་ཛོ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཨཱཿ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ། ཨ་ལ་ལ་ཧོཿ ཞེས་ལན་གསུམ་བརྗོད་ལ་ལོངས་སྤྱོད་ཅིང་རྩ་ཁམས་ཐམས་ཅད་བདུད་རྩིས་ཁྱབ་པས་ཟག་མེད་ཀྱི་བདེ་བའི་ཡེ་ཤེས་རྒྱས་པར་བསམ་མོ། །ལྔ་པ་བཤགས་པ་བྱ་བ་ནི། ཧྲཱིཿ ས་བོན་མགོ་འདྲེན། རྣམ་པར་དག་པའི་བདག་མདུན་བུམ་པའི་དཀྱིལ་འཁོར། རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དངོས་སུ་མཆོད་པའི་འབྱོར་ཚོགས་དམན་པ་དང་། རྒྱུ་མ་ཚང་བས་ཉམས་ཤིང་། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་མ་གསལ་བས་གཡེལ་བ། ཆོ་ག་ལྷག་པ་དང་ཆད་པ་ཚུལ་འཆོས་ཀུན་རྫོབ་ཀྱི་ཆོས་སུ་སོང་བའི་ཉེས་ལྟུང་མ་ལུས་པ་བཤགས་པར་བྱ་བ་ལ་སྒྲིབ་པ་


GTN006_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཞིང་ཚངས་པའི་དངོས་གྲུབ་སྩོལ་ཞེས་ཡིག་བརྒྱ་བརྗོད། དྲུག་པ་མེ་ཏོག་ཆར་འབབ་བཀྲ་ཤིས་གསོལ་བ་ནི། ནམ་མཁར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཀྲ་ཤིས་པའི་མེ་ཏོག་གི་ཆར་དབབ་པར་མོས་ལ། ཧྲཱིཿ མགོ་འདྲེན། མདྒ་ལའི་སྒྲ་ལས་མི་མཐུན་པའི་ཕྱོགས་བྲལ་ཏེ་མཐུན་རྐྱེན་ཚང་བས་ཕུན་སུམ་ཚོགས་པའི་རྒྱན་དུ་གྱུར་པ་ལ་བཀྲ་ཤིས་པ་ཞེས་བྱ་བ་དོན་འགྱུར་ཡིན། ལོངས་སྐུའི་སྟོན་པ་རྣམ་སྣང་གངས་ཅན་མཚོའི་ཕྱག་མཉམ་བཞག་གི་ལྷུང་བཟེད་ནང་སྤོས་ཆུའི་རྒྱ་མཚོ་ཆེན་པོ་འཁྱིལ་དབུས་ཞིང་ཁམས་ཆེན་པོ་ཉེར་ལྔ་པད་སྡོང་བརྩེགས་པའི་ཚུལ་དུ་ཡོད་པའི་ཞིང་དབུས་མ་མི་མཇེད་ཀྱི་འཇིག་རྟེན་འདིར་རི་རྒྱལ་ལྷུན་པོ་དབུས་སུ་བཞག །ཕྱོགས་བཞིར་གླིང་ཆེན་བཞི། མཚམས་སུ་གླིང་གཡོག་སོགས་ཡོད་པར། ལྷོ་ཕྱོགས་ཀྱི་ཞིང་འདིར་ཤིང་ཛམྦུ་པྲ໏ཀྵའི་སྡོང་པོ་ཡོད་པས་ཛམྦུའི་གླིང་དུ་འབོད་པ་ཡིན་པ། གླིང་གཞན་དང་མི་འདྲ་བ། ཁྱད་པར་འཕགས་པའི་ཡོན་ཏན་མང་བས་ངོ་མཚར་ཞིང་། ཁྱད་པར་བསྐལ་བཟང་སངས་རྒྱས་སྟོང་བྱོན་པའི་ནང་། ད་ལྟ་རྣམ་འདྲེན་བཞི་པ་རྒྱལ་བ་ཉི་མའི་གཉེན་གྱིས་འདུལ་བ་རྣམ་པ་བཞིས་སེམས་ཅན་གྱི་དོན་མཛད་པའི་གསུང་རིག་པའི་བསྟན་པ་མ་ནུབ་པར་མདོ་སྔགས་ཆོས་ཀྱི་ཁྲི་གདུགས་ཉི་མ་ཤར་བ་འོད་སྟོང་ས་གཞི་ལ་བརྡལ་བ། དེའི་སྤྲུལ་པ་ཉི་ཟེར་ལ་རྡུལ་འཁྲིགས་པ་བཞིན་ལྔ་བདོའི་འདྲེན་པར་བྱོན་པ་ནི། མདོ་སྡུད་པའི་ལུང་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་པར་རིག་པ་དག་དང་ལྡན་


GTN006_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུ་མཐུ། །ཞེས་རྒྱལ་བ་ཉི་མའི་གཉེན་གྱི་ཞལ་ཚུལ་ཉམས་མེད་སྔགས་ཀྱི་སྟོན་པའི་ཚུལ་པདྨ་འབྱུང་གནས་རྫུས་སྐྱེས་རྫུ་འཕྲུལ་ཐོགས་པ་མེད་པའི་མཆོག་དང་ལྡན་པས་རྒྱ་དཀར་བལ་ཡུལ། བོད་དང་བོད་ཆེན་པོའི་ལྗོངས་སུ་མདོའི་སྤྲུལ་སྐུས་གདུལ་བྱར་མ་གྱུར་པ་གཟུགས་མེད་ལྷ་འདྲེའི་གདུལ་བྱ་བདུད་རིགས་ནག་པོའི་ཕྱོགས་འདུལ་བའི་ལུང་རྟོགས་ཀྱི་ཆོས་མི་ནུབ་པར་སྐྱོང་བ་དེས་བཀྲ་ཤིས་ཤོག །བཀྲ་ཤིས་མཁན་སློབ་ཆོས་གསུམ་འཛོམས་པའི་དུས་དེ་ཡོལ་བའི་མ་འོངས་པ་ལྔ་བརྒྱ་ཐ་མ་ལ་བབས་སྐབས། གསང་སྔགས་ནང་པ་ཡོ་ག་གསུམ་གྱི་ཟབ་ཆོས་སྐོར། ཁྱད་པར་དུ་འཕགས་པ་བདེ་ཆེན་ཞིང་སྒྲུབ་འབྲེལ་བ་ཐོབ་ཚད་སྐད་ཅིག་ལ་སངས་རྒྱས་པ་འདི། ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ལ་བཀའ་གཏད་དབང་བསྐུར་ལུང་བསྟན་མཛད་པ་དུས་བབ། དེའི་སྤྲུལ་པར་ཐེ་ཚོམ་སོམ་ཉི་སྤངས་པ་གཏེར་སྟོན་བསམ་གཏན་གླིང་པའམ་མཚན་དངོས་རིགས་སྔགས་རྡོ་རྗེས་ཐོག་མར་གཏེར་གནས་རུ་དམ་དཔྱལ་མོ་བྲག་ནས་གདན་དྲངས། བར་དུ་གསང་རྒྱས་རང་དོན་ཕུན་ཚོགས་མཛད། དེ་ནས་ཐ་མ་གཞན་དོན་ཕུན་ཚོགས་ལ་བབས་དུས། གྲུབ་པའི་དབང་ཕྱུག་ལྷ་འབྲང་རིན་པོ་ཆེ་བདག་གི་རྩ་བའི་བླ་མ་བཀའ་དྲིན་མཚུངས་མེད་དེ་ཉིད་ཀྱིས་རྗེས་སུ་བཟུང་ནས། ཆོས་འདིས་ནམ་མཁའི་མཐས་གར་ཁྱབ་སེམས་ཅན་ཐམས་ཅད་འཚང་རྒྱ་འགྱུར་གྱི་རྟེན་འབྲེལ་འགྲིགས་ནས། བསྟན་པ་དང་འགྲོ་བའི་བདེ་སྐྱིད་གོང་ནས་


GTN006_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་འཕེལ་ཞིང་རྒྱས་པར་གྱུར་པ་དེ་བཞིན་དུ་བཀྲ་ཤིས་ཤོག །ཅེས་སོ། །བདུན་པ་དཀྱིལ་འཁོར་བསྡུ་བ་རྫོགས་རིམ་ནི། འདིས་སྦྱང་བྱ་ནི། བྱིས་པ་དེ་ཉིད་ལང་ཚོ་རྫོགས་ནས་འཆི་བ་སླར་ཡང་འབྱུང་བ་མཚོན་པ་སྟེ། སྣོད་བཅུད་སྲུང་འཁོར་ལ་བསྡུ་བ་ནི་གཟུགས་སོགས་སྣང་བ་ལ་ཐིམ་པ་དང་། སྲུང་འཁོར་ནས་སྙིང་པོའི་ཕོ་བྲང་གི་ལྟེ་བའི་བར་བསྡུ་བ་ནི། ས་ཆུ་ལ་ཐིམ་པ་སོགས་རགས་པ་ཐིམ་པ། འཁོར་རྣམས་རིམ་པར་གཙོ་བོ་ལ་ཐིམ་པ་སྣང་བ། ཡབ་ཡུམ་དང་དེ་ཡེ་ཤེས་སེམས་དཔའ་ལ་ཐིམ་པ་མཆེད་པ། ཡེ་ཤེས་སེམས་དཔའ་ས་བོན་ཧྲཱིཿ་ལ་ཐིམ་པ་ཐོབ་པ། དེ་གྱེན་རྫོགས་ཀྱི་ནཱ་དའང་བསྡུས་པ་ཉེར་ཐོབ་སྟེ་འཆི་བའི་འོད་གསལ་དང་། དེ་ནས་སླར་ལྡང་བ་བར་དོ་སྦྱོང་ཞིང་། སྦྱངས་འབྲས་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་སྣང་བ་ནི། ཆོས་སྐུའི་ཕྲིན་ལས་ཡིན་ཞིང་། ཆོས་ཀྱི་སྐུའི་ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པས་དེ་ཐིམ་པ་དང་། དེ་ལས་གཟུགས་སྐུའི་སྣང་བ་རྒྱུན་མི་འཆད་པས་ན་དེ་ལས་ལྡང་བ་མཚོན་ནོ། །ལམ་གོང་མའི་དུས་སུ་ཐུགས་རྡོ་རྗེའི་རྣལ་འབྱོར་གྱིས་སྣོད་བཅུད་འོད་གསལ་དུ་བཅུག་ནས་སླར་ཡང་ཟུང་འཇུག་གི་སྐུར་ལྡང་ནུས་སུ་སྒྲུབ་པའི་རྒྱུར་འགྲོ་བའི་སྨིན་བྱེད་དོ། །སྦྱོང་བྱེད་ནི། དེ་ཡང་ལྷ་སྔགས་ཀྱི་ཆོ་གའི་རྣལ་འབྱོར་སྔར་བཤད་པ་རྣམས་ལ་ཅི་ནུས་སུ་བསླབ་ཅིང་མི་ནུས་པ་ན་བསྡུ་རིམ་ལ་བསླབ་པ་ནི། ༀ་ཨཱཿ ཧཱུྃ། སྐུ་གསུམ་མཚོན། སྟོང་པ་ཉིད་ཀྱི་ཡེ་ཤེས་འགག་པ་མེད་པའི་དཀྱིལ་འཁོར་དུ་ཤར་བ།


GTN006_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ནས་ལྷུན་གྲུབ་ཡེ་ཤེས་པ་དབྱིངས་སུ་གཤེགས་གསོལ་མི་བྱེད་པར་དམ་ཚིག་པ་དང་རང་སྣང་དབྱེར་མེད་དུ་བསྡུ་བ་ནི། སྔགས་བླ་ན་མེད་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དེ། རང་གི་སྙིང་ཁའི་འོད་ཀྱིས་ཕྱི་རོལ་དག་པའི་སྣོད་བཅུད་དུ་སྣང་བ་ཐམས་ཅད་འོད་དུ་ཞུ་སྟེ་སྲུང་འཁོར་ལ་ཐིམ། དེ་ནས་ནང་གི་སྣོད་འབྱུང་རིམ་སོགས་རིམ་བཞིན་སྲུང་འཁོར་དང་། གཞལ་ཡས་ཁང་དང་། དེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་གཙོ་བོ་ཆོས་སྐུའི་ལྷ་ལ། དེ་ཐུགས་ཀའི་ཧྲཱིཿ ལ། དེ་ཡང་གྱེན་རྫོགས་སུ་ཡལ་ནས་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་འོད་དཔག་མེད་པར་གསལ་བ། གསང་བ་རྟོག་ཚོགས་སྟོང་ཉིད་ཀྱི་ཁྱེར་སོ་གསུམ་གྱི་མདངས་མ་འགགས་ཀྱང་ངོ་བོ་བློ་འདས་ཀ་དག་རྫོགས་པ་ཆེན་པོའི་ཀློང་དུ་སྐྱེ་འགག་གནས་གསུམ་དང་བྲལ་མཚོན། ཨ་ཨ་ཨཱཿ ཞེས་གསུམ་བརྗོད་པས། བདག་དང་གཞན་དུ་མ་གྲུབ་པའི་སྟོང་པ་ཉིད་གང་དུའང་མི་དམིགས་ཤིང་ཡོད་མེད་ཡིན་མིན་སོགས་ཅིར་ཡང་མ་མཐོང་བའི་སྤྲོས་པ་ཀུན་དང་བྲལ་བའི་ངང་ལ་བཞག་པས་རྟག་མཐའ་བསལ་ལོ། །དེའི་ངང་ལས་སླར་ཡང་ཆུ་ལས་ཉ་ལྡང་བ་བཞིན་རང་ཉིད་འོད་སྣང་གི་སྐུར་ལངས་ཏེ་སྣོད་བཅུད་ལྷའི་འཁོར་ལོར་བཞེངས་པས་ཆད་མཐའ་བསལ་ནས་སྤྱོད་ལམ་ཆུ་བོའི་རྒྱུན་ལྟ་བུ་འཇུག་པ་བར་དོའི་ལུས་འགྲུབ་པའི་མཚོན་བྱེད་དོ། །བརྒྱད་པ་བསྔོ་སྨོན་གཉིས་ལས་བསྔོ་བ་ནི། སྔར་སྦྱོར་བ་སེམས་བསྐྱེད་ཀྱི་སྐབས་སུའང་སེམས་ཅན་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་གཏན་གྱི་བདེ་བ་ལ་གཞག་པའི་ཕྱིར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བསྒོམ་པར་ཁས་བླངས་པ་དེ་སྐབས་


GTN006_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གྲུབ་པའི་དགེ་རྩ་བསྔོ་བས་རྒྱས་གདབ་པ་ཡིན། འདི་ཙམ་དུ་མ་ཟད་དགེ་རྩ་ཆེ་ཆུང་གང་བྱས་པ་ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་བསྔོས་ན། དགེ་རྩ་དེ་ཉིད་ནམ་ཡང་ཟད་པར་མི་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་བསྐམས་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་གསུངས་པས། ཧྲཱིཿ ཡིག་གིས་མགོ་དྲངས་ཏེ། ཐེག་ཆེན་བླ་མེད་མྱུར་ལམ་དཀྱིལ་འཁོར་ཆོ་ག་བསྒྲུབས་པ་འདིས་མཚོན་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་བརྩོན་པའི་འབྲས་བུ་དེ་དང་འབྲེལ་བའི་ཟག་བཅས་ཟག་མེད་ཀྱི་དགེ་རྩ་ཆེ་ཆུང་ཅི་མཆིས་པ་ཐམས་ཅད་མ་གྱུར་ནམ་མཁའི་མཐའ་མཉམ་སེམས་ཅན་ཡོངས་ལ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པས་འགྲོ་བ་སེམས་ཅན་ཀུན་ཀྱང་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་བསྔོ་བའི་ཚུལ་ནི། རབ་འཁོར་གསུམ་རྣམ་པར་མི་རྟོག་པའི་གནས་ལུགས་ལ་མཉམ་པར་བཞག་བཞིན་དུ་བསྔོ་བ་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། དེ་ལྟར་མ་ནུས་ཀྱང་སྔོན་གྱི་རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་དང། བསྔོ་བ་སྨོན་ལམ་ཇི་ལྟར་མཛད་པ་བཞིན་དུ་བདག་གིས་ཀྱང་དེ་ལྟར་བསྔོ་བར་བྱའོ་སྙམ་པས་བསྔོ་བ་བྱས་ན་མཁོར་གསུམ་རྣམ་དག་གི་བསྔོ་བ་དང་རྗེས་མཐུན་ཉིད་དུ་འགྱུར་བ་ཡིན་ནོ། །སྨོན་ལམ་ནི། ཨུ་རྒྱན་ཆེན་པོས། དད་དང་སྙིང་རྗེས་ཀུན་བསླངས་ལ༔ གཞན་དོན་བྱང་ཆུབ་སེམས་ཀྱི་ཕྱིར༔ བསྔོ་བ་སྨོན་ལམ་གྱིས་བསྒྱུར་ཏེ༔ ཞེས་


GTN006_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་བཞིན་བསམ་པ་བྱང་ཆུབ་སེམས་ཀྱིས་ཟིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོར་འགྱུར་བའི་སྨོན་ལམ་རྣམ་པར་དག་པ་འདེབས་པ་སྟེ། ཧྲཱིཿ ཐུགས་སྲོག་གིས་དྲངས། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་གི་གཙོ་མཆོག་རྒྱལ་བ་འོད་དཔག་མེད་ཀྱི་མདུན་དུ། བདག་གི་ཐོག་དྲངས་པ་དང་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལུས་རྟེན་འདི་འཆི་འཕོས་པར་གྱུར་པ་དེ་མ་ཐག་ཏུ། ས་དང་ལམ་བཙན་ཐབས་སུ་ཆོད་ནས་ཞིང་མཆོག་དེར། རྒྱལ་བའི་(༨༠པ་ཆད) བྱ་ཞིང་། གཞན་ནང་གི་སྲེགས་བླུགས་ཀྱིས་སྤྱོད་པ་ཟས་ཀྱི་རྣལ་འབྱོར་དང་སྔར་གྱི་འོད་གསལ་དུ་བསྡུ་ཞིང་ལྡང་བ། གཉིད་མཐུག་དང་རྨི་ལམ་ལ་སྦྱར་ཏེ། ཉལ་བ་དང་ལྡང་བའི་རྣལ་འབྱོར་ལ་སོགས་པ་སྟེ་སྦྱོར་བ་བྱང་ཆུབ་ཀྱི་སེམས། དངོས་གཞི་སྐྱེ་བ་མེད་པ། རྗེས་ནས་བསྔོ་བས་ཟིན་པའི་སྒོ་ནས་སྤྱད་པར་བྱའོ། །གཞན་དུ་ན་ལྷའི་སྣང་ཞེན་ལ་བསླབ་པ་ཡན་ཆད་མཉམ་བཞག་གི་རྣལ་འབྱོར་དུ་བྱས་ནས། དེ་ལས་ལངས་པ་ངག་སྤྱོད་དང་འབྲེལ་བས་བཟླས་པའང་མཉམ་ལངས་ཀྱི་རྣལ་འབྱོར་དུ་བསྡུས་པ་ཡོད་མོད་ཀྱི། འདིར་ནི་ལྷ་སྔགས་འོད་གསལ་མཉམ་བཞག་དང་། དེ་ལས་ལངས་པའི་ཐུན་མཚམས་ཀྱི་བྱ་བ་ལ་མཉམ་ལངས་སུ་བྱས་པ་སྟེ། ཞེ་འདོད་ཐ་དད་པས་གཉིས་ཀ་མི་འགལ་ལོ། །དེ་ལྟར་སྦྱང་གཞི་སེམས་ཉིད་བདེ་གཤེགས་སྙིང་པོ་གང་ལ་སྦྱང་བྱ་སྦྱོང་བྱེད་འབྲེལ་བའི་ལམ་གསལ་དག་བརྟན་གསུམ་ལ་མྱོང་བ་ཐོན་པ་ནི་བསྐྱེད་རིམ་མཚན་ཉིད་པར་འགྱུར་ཏེ། དེའང་སྔ་མ་སྔ་མ་རྣམས་སུ་གསལ་དག་བརྟན་པའི་ཚད་ཕྱིན་པ་དང་། རིམ་གྱིས་ཕྱི་མ་ཕྱི་མ་


GTN006_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྒོམ་པ་ལ་འཇུག་པ་ནི་ངེས་རྫོགས་ཀྱི་མཚན་ཉིད་དུ་འགྱུར་པ་ཡིན་ནོ། །འོ་ན་དེ་ལྟ་བུ་ཉིད་ལས་གཞན་བསྒོམ་དུ་མི་རུང་ངམ་ཞེ་ན། གསལ་སྣང་ལ་རིམ་གྱིས་བསླབ་པར་མི་ནུས་པས་ཆོ་ག་གཅིག་གིས་སྦྱོར་དངོས་རྗེས་གསུམ་ཚང་བར་སྟན་ཐོག་གཅིག་ཏུ་ཉམས་སུ་བླངས་པའི་ཚེ། དེ་དང་དེའི་བསྐྱེད་རིམ་མོས་པ་ལམ་བྱེད་ཙམ་དུ་བསྒོམ་པའང་སྟོན་པས་གདུལ་བྱའི་རྒྱུད་ཚོད་ཐམས་ཅད་མཁྱེན་ནས་ངེས་རྫོགས་དང་། མོས་སྒོམ་གྱི་རྣམ་གཞག་སོ་སོར་གསུངས་པའི་ཕྱིར་ཤིན་ཏུ་རུང་བ་ཡིན་ལ། སྤྱིར་སངས་རྒྱས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ནི་མོས་པ་ཁོ་ནའི་རྗེས་སུ་འཇུག་པ་ཆོས་ཉིད་དང་། བྱེ་བྲག་གསང་སྔགས་ཀྱི་དགོས་པ་ནི། བླ་མའི་ཐུགས་རྗེ་དང་། སློབ་མའི་མོས་གུས་ཁོ་ནའི་རྟེན་ཅིང་འབྲེལ་འབྱུང་ལས། གཞན་ལ་རག་མ་ལས་པ་འཕགས་ཡུལ་གྱི་གྲུབ་པ་བརྙེས་པ་རྣམས་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་སྔགས་ལམ་དང་འཕྲད་པ་ཙམ་ནས་གྲོལ་བ་ཤ་སྟག་གྱུར་པས་ཤེས་པར་ནུས་སོ། །དེ་ལྟར་ལམ་རིམ་པ་གཉིས་ལ་གོམས་པར་བྱས་པས་གཞིའི་གནས་ལུགས་ཇི་ལྟ་བ་མངོན་དུ་གྱུར་པ་ནི་སྤང་ཐོབ་མེད་པ་ཆོས་ཀྱི་སྐུའི་འབྲས་བུ་ཡིན་པ་ནི། བསམ་གཏན་མིག་སྒྲོན་གྱི་རང་འགྲེལ་དུ་ཞུས་ལན་གྱི་ལུང་དྲངས་པར། ཇི་ལྟར་ཆུ་ལ་རྙོག་མ་དངས་གྱུར་ན། །ཉི་ཟླའི་གཟུགས་བརྙན་འབྱུང་བ་བཙལ་མི་དགོས། །རང་སེམས་རྣལ་འབྱོར་དག་པར་གྱུར་པ་ན། །རྒྱལ་བའི་བྱིན་རླབས་འབྱུང་བ་བཙལ་མི་དགོས། །ཞེས་གསུངས་པར། གནས་སྐབས་ཀྱི་འབྲས་བུ་དང་མཐར་ཐུག་


GTN006_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་དེ་ལའང་། ཉམས་དང་དྲོད་རྟགས་ཡོན་ཏན་བཞིར་འདུས་པའི་ཉམས་ནི། ཇི་སྐད་དུ། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་པ་ལྟར་དང་། དྲོད་ནི། ལམ་རིམ་ལས། དེ་ལྟར་བྱ་བྱེད་མེད་བསྲིངས་ན། །ལུས་ངག་སེམས་ལ་དྲོད་འབྱུང་སྟེ། །ཞེས་སོ། །རྟགས་ནི། མིག་སྒྲོན་འགྲེལ་བར། ངེས་པར་དྲོད་གསུམ་མྱོང་ནས་ནི། །རྟགས་ཀྱི་རྣམ་པ་ཅིང་ཡང་སྣང་། །ཞེས་པའི་དོན་ལམ་རིམ་ལས། ཕྱི་རོལ་ཟད་པར་སྐྱེ་མཆེད་དངོས། །མཐོང་དང་པདྨོའི་འོད་སོགས་མཐོང་། །ནང་དུ་བཟོད་ཐོབ་བྱེ་བྲག་དང་། །ཆུ་ལྔ་རྒྱུན་ལམ་བགས་ཀྱིས་བཅད། །ཅེས་སོ། །ཁྱད་པར་ཡན་ལག་གི་རླུང་ལ་དབང་ཐོབ་པ་དང་། རྩ་བའི་རླུང་ལས་སུ་རུང་བ་དང་། མངོན་ཤེས་ལྔ་འཆར་ཞིང་། དབུ་མར་ཡེ་ཤེས་ཀྱི་རླུང་ཟིན་པ་རྣམས་ཀྱང་རྫོགས་རིམ་ལ་དངོས་དང་། བསྐྱེད་རིམ་གྱི་ཚེ་རྗེས་སུ་མཐུན་པ་ཙམ་འབྱུང་། དེར་མ་ཟད་རྨི་ལམ་གྱི་རྟགས་དགེ་བ་མང་པོ་དང་། སྒྲུབ་པའི་རྟགས་ཁྱད་པར་བ་ཡང་འབྱུང་བ་དེའི་ཚེ་སྐྱོན་ཡོན་དང་དགའ་སྡུག་གང་དུའང་མ་བལྟས་པར་རྟོག་མེད་དུ་འཇོག་པ་གནད་དམ་པའོ། །ཡོན་ཏན་ལ་ཐུན་མོང་གི་དངོས་གྲུབ་ལས་ཆེན་བརྒྱད་དང་། གྲུབ་ཆེན་བརྒྱད་ཀྱི་དང་པོ། །དགྱེས་རྡོར་ལས། དབང་དང་མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། བསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པ་ཡང་དག་པར་འགྲུབ་པར་འགྱུར་རོ། །གཉིས་པ་ནི། གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་


GTN006_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ས་འོག་གྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉེ། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་པ་དང་སྒྱུ་འཕྲུལ་རྩ་རྒྱུད་ནས་གསུངས་པའི་ཡོན་ཏན་རྣམས་ཀྱང་ཐོབ་བོ། །དངོས་གྲུབ་འདི་དག་ནི་ཕྱི་རོལ་པ་ལའང་འོང་བས་ན་ཐུན་མོང་བར་གྲགས། ཐུན་མོང་མ་ཡིན་པ་ནི། རྩ་རླུང་བྱང་ཆུབ་ཀྱི་སེམས་རིམ་གྱིས་བརྟན་པས་དག་པ་ན། ས་དང་ལམ་གྱི་ཡོན་ཏན་རྣམས་ཐོབ་པར་འགྱུར་ཏེ། འཁོར་ལོ་བཞི་ལས་སུ་རུང་བས་ཚོགས་སྦྱོར་མཐོང་སྒོམ་བཞིས་བསྡུས་པའི་སློབ་ཅེས་ཡོན་ཏན་རྣམས་འཆར་ཞིང་། དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པ་ལས། མདུན་པ་གཉིས་གྲོལ་བ་ན། དེར་དངས་མ་ཡེ་ཤེས་ཀྱི་རླུང་སེམས་རེ་ཆུད་པས་ཉི་ཤུ་པའི་བར་གྱིས་མཐོང་སྒོམ་གྱིས་བསྡུས་པའི་སློབ་པའི་ཟུང་འཇུག་ས་བཅུ་པོ་རེ་རེ་དང་། ཉེར་གཅིག་པ་གྲོལ་བས་མི་སློབ་པའི་ཟུང་འཇུག་བརྙེས་པ་ཡིན་ནོ། །དེ་ཡང་། ཡིད་བཞིན་མཛོད་ལས། འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་གྱིས་འཆར་བ་སྟེ། །དབུ་མའི་རྩ་མདུད་གཉིས་པ་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་འཆར་བར་བཞེད། །ཅེས་སོ། །མཐོང་ལམ་ས་དང་པོ་ལ་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་སྙིགས་མའི་ལུས་ཡེ་ཤེས་ཀྱི་མེས་སྦྱོང་བར་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། སྦྱོང་བར་ནུས་པ་ཚེ་དབང་རིག་འཛིན་། ས་བརྒྱད་པ་སྒོམ་ལམ་ཕྱག་ཆེན་རིག་འཛིན། བཅུ་པ་ཆོས་ཀྱི་སྤྲིན་མཐར་ལམ་ལྷུན་གྲུབ་རིག་འཛིན་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་རྣམ་པ་ཅན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་ཡིན། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ཡང་ཉེ་བ་དང་། །སེམས་


GTN006_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་དང་། །(༨༣པ་ཆད།) རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། །ཞེས་སོ། །མཛད་པ་ཕྲིན་ལས་ནི། རྒྱ་ཆེ་བ་ནམ་མཁའ་ལྟ་བུ། རྒྱུན་མ་ཆད་པས་རྟག་པ། ཇི་ལྟར་འདོད་པའི་དོན་མ་ཚང་མེད་པ་དུས་ཡོལ་བ་མེད་པར་འབྱུང་བས་ཕྲིན་ལས་ལྷུན་གྲུབ་སྟེ། བཞི་བརྒྱ་པ་ལས། སངས་རྒྱས་རྣམས་ཀྱི་མཛད་པ་ནི། །རྒྱུ་མེད་འགའ་ཡང་ཡོད་མ་ཡིན། །དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང་། །ཞེས་སོགས་ལུང་མང་ངོ་། །མདོར་ན་འབྲས་བུའི་རྣམ་གཞག་དེ་དག་ཀྱང་སྤང་ཐོབ་མེད་པར་རང་སྣང་བ་ཙམ་སྟེ། སེམས་ཅན་ཐམས་ཅད་ཡེ་ནས་བཅིངས་གྲོལ་མེད་པའི་རང་བཞིན་དུ་རྣམ་པར་དག་པས་གློ་བུར་འཁྲུལ་སྣང་གི་ཆོས་ཐམས་ཅད་ཀྱང་མེད་པ་གསལ་སྣང་ཙམ་ལས་གཞན་སྤང་དུ་མེད་པས་མ་སྤངས་ཤིང་ཐོབ་བྱའི་འབྲས་བུ་སྐུ་དང་ཡེ་ཤེས་ཀྱང་གཞན་ནས་བཙལ་དུ་མེད་པའི་ཕྱིར་འཁོར་བ་ཉིད་མ་སྤངས་མ་བསྒྱུར་བར་མྱ་ངན་ལས་འདས་པར་འགྱུར། ཞེས་པའོ། །སྒྱུ་འཕྲུལ་རྩ་རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་སོ། །རྟེན་པ་ཞིང་མཆོག་ནུབ་ཕྱོགས་བདེ་བ་ཅན་ཞེས་ཐུགས་རྗེ་ཚད་མེད་པ་སངས་
རྒྱས་འོད་དཔག་མེད་བཞུགས་གནས། དེའི་ཕྱོགས་བཅུའི་ཞིང་ཁམས་ན་སངས་རྒྱས་གྲངས་ལས་འདས་པར་བཞུགས་པ་ཐམས་ཅད་ཀྱང་ངོ་བོ་གཅིག་ལ་རྣམ་པ་དུ་མར་འཆར་བ་ཐམས་ཅད་འགྲོ་བ་འདྲེན་པའི་ཐུགས་རྗེ་ཅན་ཡིན་ནའང་འཛམ་བུ་གླིང་པ་སྤྱི་དང་ཁྱད་པར་བོད་ཡུལ་ཁ་བ་ཅན་འདིར། ཇི་སྲིད་སེམས་ཅན་ཐམས་ཅད་འདྲེན་མཛད་བདེ་ཆེན་ཞིང་མགོན་འདི་ཉིད། རྒྱལ་བ་ཀུན་ལས་ཐུགས་རྗེ་མྱུར་མགྱོགས་དང་ནུས་རྩལ་ཆེ་བ། གསོལ་བ་བཏབ་ཚད་བྱ་ཁྱུ་འཕུར་བ་བཞིན་བདེ་ཆེན་གནས་སུ་དྲངས་པ་ནི། སེམས་ཅན་རྣམས་ཀྱི་རྣ་ལམ་དུ་མཚན་ཐོས་པ་དང་། ཡིད་ལ་དྲན་ཚད། མཚམས་མེད་ལྔ་བྱས་པ་མ་གཏོགས་དག་པའི་ཞིང་དེར་འཕོ་བར་རྒྱལ་བ་ཉིད་ཀྱི་ཞལ་གྱིས་བཞེས་ནས་གསུངས་པ་དེ་ཕྱིར་བདེ་ཆེན་ཞིང་གི་སྒྲུབས་ཐབས་དཀྱིལ་འཁོར་གྱི་ཆོ་ག་ཉམས་སུ་བླངས་ན་སྐད་ཅིག་འཇའ་ལུས་གྲུབ་པ་འདི་ཟབ་ཆོས་སྐོར་མཁའ་འགྲོ་སྙིང་ཐིག་ས་མ་ཡཱཿ ཞེས་སོ།། །།

དབང་དང་། བྱང་ཆོག །སྦྱིན་སྲེག


GTN006_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྩ་བའི་ས་བཅད་གསུམ་པ་རྗེས་ཀྱི་བྱ་བ་འཕྲོས་དོན་བཅས་འཆད་པ་ལ། དབང་། བྱང་ཆོག །སྦྱིན་སྲེག་དང་གསུམ་ལས། དང་པོ་དབང་ལ་རང་དོན་བདག་འཇུག་ལེན་པ་ནི། རང་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བལྟ་བ་ནི་རིག་པའི་མེ་ཏོག་དོར་བའང་རང་སྣང་གི་དཀྱིལ་འཁོར་དུ་རིག་པས་འཇུག་པའི་ཚུལ་ཞེས་ཀྱང་བྱ་སྟེ། དེ་བས་ན་འདིར་རང་ཉིད་ལྷ་དང་གཉིས་སུ་མེད་པར་མོས་པ་ཙམ་གྱིས་ཀྱང་ཆོག་མོད། རྒྱས་པར་ན་སློབ་མ་འཇུག་པ་ལྟར་ཁ་བསྒྱུར་


GTN006_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ། ཆོ་ག་རྒྱས་བསྡུས་ཅི་རིགས་པས་དབང་ལེན་པ་ཡིན་ནོ། །གཞན་དོན་དབང་བསྐུར་བ་ལ། ཁྲུས་དང་འབྱུང་གཏོར་བྱིན་རླབས་ལྷར་གསལ་ཞིང་༔ བཀའ་བསྒོ་མཚམས་གཅོད་བསྲུང་འཁོར་དང་བཅས་དྲུག༔ ཅེས་ས་བཅད་དྲུག་དང་། དབང་བཤད་རྗེ་བླ་མའི་གསུངས་ལྟར་ལ། མ་འོངས་པ་ན་བསམ་གཏན་གླིང་པ་ཞེས་འབྱུང་བས་དེ་ལ་སྤྲོད་ཅིག་ཅེས་བཀའ་བསྒོ་བར་མཛད་པ་དེ་བཞིན། པདྨ་བཀའ་ཐང་ལས། དཔྱལ་གྱི་བྲག་ལ་ལོ་གཅིག་བཞུགས༔ ཞེས་དང་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ༔ བོད་འདིར་རྒྱལ་པོའི་མིང་གཏགས་བརྒྱ་རྩ་གཅིག༔ གངས་དང་སེང་གེ་ལས་ཀྱི་འབྲེལ་བ་ཡིས༔ འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ དཔྱལ་གྱི་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པས། དེང་སྐབས་རྩོད་དུས་ཀྱི་སྙིགས་མ་ལས་ཆེར་སྙིགས་མ་སོགས་སྦྱོར། དེ་ནས་མཎྜལ་འབུལ་བའི་བར་སོང་། དབང་རྒྱས་འབྲིང་སྦྱོར་ནས་ལྷན་དུ་བསྐུར་བར་བྱེད་པ་ལ། དབང་རྒྱས་ནས་གསང་བ་སྤྱི་འགྲོས་ལྟར། སྔོན་ཆད་ཡང་གསང་བླ་མེད་བདེ་ཆེན་ཞིང་སྒྲུབ་ཀྱིས༔ དཀྱིལ་འཁོར་དུ་མ་ཞུགས་པའི་བརྡར་སོགས་མིག་དར་དང་། མེ་ཏོག་གཏད་ཝི་ར་ཧཱུྃ་བར་བརྗོད། དེ་ནས། བླ་མ་ལྔ་བཅུ་པ་ལས། པུས་བཙུགས་ཐལ་མོ་སྦྱར་བྱས་ནས། །ཉན་སོགས་འདོད་པས་གསོལ་གསུམ་བཏབ། །ཅེས་པ་ལྟར་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོཿ སློབ་དཔོན་


GTN006_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སོགས་ནས། སྨིན་གྲོལ་དབང་མཆོག་བསྐུར་དུ་གསོལ༔ བར། དབང་འབྲིང་ནས། དེས་ན་གནས་འདི་ཉིད་རང་བྱུང་གི་གཞལ་ཡས་ཁང་སོགས། དབང་གི་སྨིན་གྲོལ་སྩལ་དུ་གསོལ། བར་བརྗོད། དབང་རྒྱས་ནས་དམ་ཆུ་བླུད་པ་ནི། ཀྱེ་ཧོ། སྐལ་ལྡན་རིགས་ཀྱི་བུ༔ སོགས། ཨུ་བྷ་ཥ་ཋ་ཋཿ དེ་ལྟར་ཆུ་དེ་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ། དམ་ཚིག་ལས་འདས་ན་བཛྲ་ཡཀྵ་ཀྲོ་དྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་པས་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང་། ཕྱི་མར་རྡོ་རྗེའི་དམྱལ་བར་ལྟུང་ནས་སྲེག་པར་བྱེད་ཅིང་དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར་ནས་དུས་རྟག་ཏུ་བྱིན་གྱིས་རློབ་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་རོ། །རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་གཞག་པ་ནི། རྡོ་རྗེ་གནས་གསུམ་དུ་བཞག་ལ། ཧཱུྃ༔ སྐལ་ལྡན་ཁྱོད་ཀྱི་སོགས། ཨུ་ད་ཀ་ཋཿ དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ལྷར་ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། མ་མ་མུ་ན་ཡེ་ན་མཿ ཞེས་དཀྱིལ་འཁོར་གྱི་ཤར་སྒོར་སོགས། དབབ་ཏུ་གསོལ་བས། སློབ་མ་ལ་ལས་བུམ་ཆུ་འཐོར། དབང་འབྲིང་ནས། ༀ་སྭ་བྷཱ་ཝ་སོགས། གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། བདུད་རྩི་ལྔས་སྦགས་པའི་གཞོན་ནུ་མའི་རྡུལ་རས་དང་། བྱི་ལ་ནག་པོའི་བྲུན་གུལ་གུལ་རྣམས་རོ་སོལ་གྱི་མེ་ལ་བསྲེགས་པས་བདུག །ཌཱ་དྲིལ་བཅས། ཧྲཱིཿ བྱིན་ཆེན་ངོ་མཚར་སོགས། ཨ་ཝེ་ཤ་ཡ་ཨ་ཨཱཿ ཌཱ་དྲིལ་གྱིས་དྲངས་པའི་རོལ་མོའི་སྒྲ་དྲག་པོ་མྱུར་དལ་སྤེལ་


GTN006_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྦྱོར་བ་དང་ལྷན་ཅིག་སྔགས་ཅི་ནུས་བརྗོད། སྐུ་ཕེབས་པས་འཕར་ཞིང་གཡོ་བ། གསུང་ཕེབས་པས་སྨྲ་ཞིང་རྒོད་པ། ཐུགས་ཕེབས་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་རྟགས་བྱུང་བ་དང་། བྱིན་ཕབ་པའི་ཡེ་ཤེས་པ་རྣམས་སློབ་མ་ལ་རོ་གཅིག་ཏུ་བརྟན་པར་བཞུགས་པར་མོས། སྤྱིར་བོར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་བཞག་ལ། ཏིཥྠ་བཛྲཿ ཞེས་བརྗོད། མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བར་མོས། དབང་བྱས་ནས། མེ་ལོང་དང་གསེར་ཐུར་ཐོགས་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་སོགས། ཙཀྵུ་པྲ་ཝེ་ཤ་ཡ་ཧཱུྃ༔ དེ་ནས་མེ་ཏོག་དོར་བ་ནི། འདི་ན་ཞིང་སྒྲུབ་ལྷ་ཚོགས་མེ་ཏོག་གི་ར་བར་བཞུགས་པ་ལ་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་འབབ་པར་ཤོག་སྙམ་པས་ལྟོས་པ་མེད་པར་མེ་ཏོག་དོར་མཛོད་། ཧཱུྃ། རང་ལུས་ཤ་ཁྲག་ཕུང་པོ་འདི། སོགས། པུཥྤེ་ཧཱུྃ༔ དེ་ལྟར་མེ་ཏོག་ཕུལ་བས་དབུས་སུ་ཕོག་ན་དེ་བཞིན་གཤེགས་རིགས། ཤར་ལྷོ་ནུབ་བྱང་བཞིར་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་སོགས། འདི་པདྨའི་རིགས་ལ་ནང་གསེས་རིགས་ཆུང་ཕྱེ་བ་ཡིན་ནོ། །ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པ་ནི། དེ་ཡང་མ་ཡེངས་ཉོན་ཅིག་སོགས། དངོས་གཞིའི་དབང་བསྐུར་སྩོལ༔ བར་བརྗོད། དབང་བསྐུར་བ་དེ་ལ་དབང་གི་ངོ་བོ། ངེས་ཚིག །དབྱེ་བ་སྤྱིར་བཤད་རྣམས་སློབ་བུའི་རྒྱུད་ལ་ངེས་པ་གཙོ་ཆེ་བས་བཤད་པ་ལ། ངོ་བོ་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་དབང་


GTN006_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེ་ཉིད་དུ་མངོན་དུ་བསྐྱེད་པའམ། སླར་སྐྱེ་ངེས་ཀྱི་ནུས་པ་ཅན་དུ་སྒྲུབ་པའི་སྒོ་ནས་རྒྱུད་སྨིན་པར་བྱེད་པའོ། །དེ་ལ་རྒྱུ་གཉིས་ལས། མཚུངས་ལྡན་གྱི་རྒྱུ་ནི། རླུང་སེམས་རྩ་དང་ཐིག་ལེར་དབང་རྣམས་གདོད་མ་ནས་རང་ལ་རང་ཆས་སུ་ལྡན་པ་སྟེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པ་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཀྱང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་སོ། །ལྷན་ཅིག་སྐྱེས་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་སྟེ། སློབ་བུའི་མཚུངས་ལྡན་གྱི་རྒྱུ་རྟོག་ཚོགས་སུ་སྣང་བའི་ཆོས་ཅན་གང་ལ་རང་གནས་ཀྱི་ཡེ་ཤེས་དེ་ཆོས་ཉིད་དུ་སོང་བའི་ལྡོག་ཆ་སོ་སོ་དང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པས་དབང་རྫས་དེ་དང་དེ་ནུས་པ་ཅན་དུ་བསྒྲུབ་པའོ། །རྐྱེན་བཞི་ནི། དབང་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། བསྐུར་ནུས་ཀྱི་སློབ་དཔོན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་སོགས་འཛོམས་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འགྱུར་བ་དེ་མ་ཐག་པའི་རྐྱེན་ནོ། །ངེས་ཚིག་ནི། ཨ་བྷི་ཤིཉྩ། ཞེས་པའི་སྒྲ་ལས་དྲངས་ན། ཨ་བྷི་ནི། མངོན་པ། ཥིཉྩ་ནི། གཏོར་བའམ་བླུགས་པ་ལ་འཇུག་པའི་རྒྱུ་མཚན་གྱིས་དབང་ཞེས་བྱ་སྟེ། སྒོ་གསུམ་གྱི་དྲི་མ་ཕྲ་རགས་མངོན་པར་གཏོར་ཞིང་འཁྲུད་པ་དང་། འབྲས་བུ་ཡེ་


GTN006_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པར་བྱེད་པའི་ཕྱིར། དེ་ལྟར་ཡང་། བརྟགས་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེ་བརྗོད་པར་བྱ། །ཞེས་སོ། །དབྱེ་བ་ལ། སྨིན་བྱེད་རྒྱུའི་དབང་། སློབ་མ་གང་ཞིག་སྔོན་ཆད་རྡོ་རྗེའི་ཐེག་པའི་དཀྱིལ་འཁོར་དུ་ཞུགས་མ་མྱོང་བ་ཞིག །རྡོ་རྗེ་སློབ་དཔོན་མཚན་ལྡན་གྱིས་དང་པོར་དཀྱིལ་འཁོར་དུ་བཅུག་ནས། དབང་གིས་དེའི་རྒྱུན་སྨིན་པར་བྱས་པའོ། །གྲོལ་བྱེད་ལམ་གྱི་དབང་། དེ་ལྟར་ཞུགས་ཤིང་དབང་ཐོབ་པ་ནས་བཟུང་ས་བཅུ་རྒྱུན་མཐའ་ལ་ཐུག་གི་བར་དུ་རྡོ་རྗེ་སློབ་དཔོན་ལས་སམ་བདག་འཇུག་སོགས་ལ་བརྟེན་པ་གང་ཡིན་ཡང་འདྲ་སྟེ། བར་སྐབས་དེ་དག་ཏུ་དབང་ནོད་པ་ཐམས་ཅད་དོ། །མཐར་ཕྱིན་འབྲས་བུའི་དབང་ནི། རྒྱུན་མཐའི་གནས་སྐབས་སུ་འོག་མིན་ཆེན་པོར་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལས། གསང་བ་ཟབ་མོའི་དབང་གསུམ་ནོད་པ་ལ་བརྟེན་ནས་སྐབས་དེར་སྟོན་འཁོར་དགོངས་པ་དབྱེར་མེད་དུ་བྱེད་པའོ། །དེ་ནི་རྒྱུད་ཚོད་དང་སྦྱར་ནས་ཕྱེས་པ་ཡིན་ལ། དབང་གི་རྣམ་གྲངས་བྱེ་བྲག་པ་ནི། སྤྱིར་རྒྱུད་སྡེ་བཞི་ལ་དབང་གི་བབ་མི་འདྲ་བ་བཞི་ཡོད་པ་སྟེ། བྱ་རྒྱུད་ལ་དབང་བུམ་གྱི་ཆུའི་དབང་། རིགས་གང་ཡིན་གྱི་དམ་ཚིག་གི་ཕྱག་རྒྱ་ཅོད་པཎ་གྱི་དབང་གཉིས། དེའི་མཐའ་བརྟེན་དུ་བཟླས་ལུང་བཀྲུ་བྱབ་བསྲུང་གསུམ། བཀྲ་ཤིས་རྫས་བརྒྱད་བྱིན་པ་རྣམས་སོ། །


GTN006_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྒྱུད་ལ་ཆུ་ཅོད་པཎ་རྡོ་རྗེ་དྲིལ་བུ། མིང་དབང་རྣམས་དང་། མཐའ་རྟེན་དུ་མེ་ལོང་ཐུར་མ་ཆོས་འཆད་ཀྱི་རྗེས་གནང་དང་བཅས་པའོ། །ཡོ་གར། ལྷ་བུམ་སོགས་ཀྱི་ཆུའི་དབང་། རྡོ་རྗེ་རིན་ཆེན་ཅོད་པཎ་སོགས་རིགས་མཐུན་གྱི་དབུ་རྒྱན། རྡོ་རྗེ་དྲིལ་བུ་གསུམ། མིང་དབང་སྟེ་སློབ་མའི་དབང་ལྔ། ཕྱིར་མི་ལྡོག་པ་དམ་ཚིག་གསུམ་བཟུང་བ། གསང་དཀྱིལ་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ་། ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད། སློབ་དཔོན་གྱི་ལས་རིམ་རྣམས་ཤེས་པར་བྱ་བ། ཐུན་མོང་མ་ཡིན་པ་ཆོས་འཆད་རྗེས་གནང་དང་། ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དེ་བཅུ་གཅིག་གོ། བླ་མེད་ལ། སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཞེས་རང་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་པ་ལྟར་རྩ་བའི་དབང་བཞི། བྱེ་བྲག་ཏུ་བུམ་དབང་ལ་རིག་པའི་དབང་ལྔ། དྲུག་པ་རྡོ་རྗེ་འཆང་གི་དབང་སྟེ་སློབ་མའི་དབང་དྲུག །རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པ་བུམ་དབང་དངོས་གཞི་ལ་བདུན་དང་། དེའི་ཡན་ལག །རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དེ་བཅུ་གཅིག་ཏུ་འགྱུར་རོ། །དེས་མཚོན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་གི་བྱེ་བྲག་དབྱེ་བ་འབྱེད་ཚུལ་མི་འདྲ་བ་མང་སྟེ་བརྗོད་ཀྱིས་མི་ལང་ངོ། །དེ་ནས་གཞུང་གི་དབང་དངོས་འཆད་པ་ལ། དབང་ལྷ་སྤྱན་འདྲེན་པ་ནི། དབང་འབྲིང་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སོགས། འབྲས་བུ་ངོ་


GTN006_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་སྐུ་འགྲུབ་པའི་འཕྲོ་བར་སོང་ནས། ཕྱག་མཚན་སོགས་ཀྱི་དབང་ལ་ལྷུང་བཟེད་ཐོགས་ཏེ། ཧཱུྃ། རིན་ཆེན་བཻ་ཌཱུརྱ་ཡི་སོགས་ནས། དབུ་གདུགས་བར་བསྐུར། ཡང་ན་ཟུར་བརྒྱན་འདི་གཏེར་གཞུང་དགོངས་པ་ལྟར་ལྷ་དབང་གཞུག་ཏུ་བསྐུར་ཀྱང་ལེགས་པའི་འབྲེལ་མཚུངས་ཉིད་དོ། །དབང་རྒྱས་ལས། དེ་ནས་གཙོ་འཁོར་རིམ་པས་དབང་བསྐུར་བ་ཡིན་པས། སོགས། ལྷ་དབང་འཇུག །ཛཿ་དྷི་ཧྲཱིཿ ཧཱུྃ༔ ཨ་བྷི་ཥཱིཉྩ་ཧཱུྃ༔ གཏོར་མ་འདི་ནི་ཕྱི་འབྲུ་སྨན་གྲུབ་པ་སོགས། རྒྱལ་སྲིད་སྣ་བདུན་དབང་གི་མཇུག་བར་བརྗོད། དེ་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་སོགས། བཀྲ་ཤིས་ཕྱག་ནས་འཐོར་ཏེ། རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག༔ བར་རོ། །དེ་ལྟར་དབང་ཐོབ་ནས་དེ་དང་འབྲེལ་བའི་དམ་ཚིག་དང་སྡོམ་པ་བསྐྱང་བར་བྱ་སྟེ། ཀུན་འདུས་ལས། དབང་རྣམས་ལེགས་པར་རྫོགས་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རབ་ཏུ་བསྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་སོ། །དེ་ལ་དམ་ཚིག་གི་སྐད་དོད་ས་མ་ཡ་ཞེས་པ་ཡལ་གམ་བཅས་པའི་ཐ་ཚིག་དང་། མནའ་དང་། སྡོམ་པ་ལ་སོགས་ལ་འཇུག་པས་ཇི་ལྟར་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པའི་དོན་ཏེ། ངོ་བོ་སྔགས་ཀྱི་སྒོར་ཞུགས་ནས་དེ་ཉིད་ཀྱི་བརྟུལ་ཞུགས་བསྲུང་ཞིང་བསྒྲུབ་པར་བྱ་བའི་དོན་ལས་མི་འདའ་བའི་ལྷག་བསམ་ཁྱད་པར་ཅན་ཡིན་ལ། དེ་ཡང་རང་རྒྱུད་སྡོམ་པའི་ཆ་ནས་སྡོམ་པ་དང་། སངས་རྒྱས་ཀུན་གྱི་གསང་བའི་རྡོ་རྗེ་གསུམ་འཛིན་ཞིང་མི་ཉམས་པར་


GTN006_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བའི་ཆ་ནས་དམ་ཚིག་ཡང་ཡིན་པས། ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་དུ་ཟད་དེ། དེ་ལྟར་ཡང་གསང་སྙིང་གི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་དང་། ཕྲ་རྒྱས་ལས། དེ་ལྟར་སུམ་ཅུ་དྲུག་ཅུ་རྣམས། །བདག་གི་རྡོ་རྗེ་མཆོག་གསུམ་པོས། །ལོག་པར་མི་གཏོང་སྡོམ་པའི་དངོས། །ས་གཞི་ལྟ་བུར་གསུང་བ་ཡིན། །ཞེས་པའོ། །དེ་ལ་རེ་ཞིག་སྡོམ་པའི་ངོས་ནས་གཞལ་ན། སོ་ཐར། བྱང་སེམས། རིག་པ་འཛིན་པའི་སྡོམ་པ་དང་གསུམ་སྟེ། དེ་གསུམ་ཡང་རྣམ་པ་འགལ་བ་ལྟར་ཡང་ངོ་བོ་ཚང་བ་དང་གནས་འགྱུར་བའི་སྒོ་ནས་སོ་བྱང་གཉིས་སྔགས་སྡོམ་གྱི་ནང་དུ་འདུས་ཤིང་རྣམ་པར་དག་པ་སྟེ། ཇི་ལྟར་ན། སྡོམ་པ་འོག་མ་གཉིས་ལ་མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ཆ་དེ་ཡོད་པ་རྩ་ལྟུང་གི་སྒོ་ནས་སོ་ཐར་གྱི་གཞན་གནོད་གཞི་བཅས་ལས་ལྡོག་པ་དང་། བྱང་སྡོམ་གྱི་གཞན་ཕན་ལ་ཞུགས་པའི་ལྡོག་ཆ་གཉིས་པོ་དེ་སྔགས་སྡོམ་གྱི་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པའི་ཐབས་མཁས་ཀྱི་ནང་དུ་ཚང་ཞིང་རྫས་གོང་འཕེལ་གྱི་ཚུལ་གྱིས་སྔགས་ཀྱི་སྡོམ་རྫས་སུ་འགྱུར་བ་ཡིན་ནོ། །དེ་ཡང་གསལ་བཀྲ་ལས། ཐེག་ཆེན་དམ་ཚིག་ལ་གནས་ནས། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །


GTN006_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ངོས་ནས་གཞལ་ན། བདེ་འདུས་ཞི་བ་རྩ་བའི་རྒྱུད་ལས། སྤྱི་དང་ཁྱད་པར་ལྷག་པ་ཡི༔ རྣམ་པར་དབྱེ་བས་གཟུང་བྱ་སྟེ༔ ཞེས་པས། དམ་ཚིག་གསུམ་སྟེ།སྤྱིའི་དམ་ཚིག་སོ་བྱང་ཕྱི་རྒྱུད་གསུམ་གྱི་བསྲུང་མཚམས་སུ་གྲགས་པ་རྣམས་སོ། །ཁྱད་པར་གྱི་དམ་ཚིག་ནི། རིགས་ལྔའི་དམ་ཚིག་དང་རྩ་བ་དང་ཡན་ཡག་གིས་བསྡུས་པའི་བླ་མེད་ཀྱི་དམ་ཚིག་ཁྱད་པར་བ་རྣམས་སོ། །ལྷག་པའི་དམ་ཚིག་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་གནས་པའི་གང་ཟག་གིས་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བར་བྱ་བ་ལྷག་པར་བསྟན་པའི་དམ་ཚིག་གཅན་ཟན་རྒྱལ་པོའི་ཁྲི་མི་བཤིག་པ་ལ་སོགས་པ་ཉི་ཤུའོ། །དེ་ལྟ་ནོས་པའི་དམ་ཚིག་དེ་དག་ཇི་ལྟར་སྲུང་བའི་ཐབས་ནི། གནང་བཀག་གི་གནད་རྣམས་མ་བརྗེད་པའི་དྲན་པ་དང་། དམ་ཚིག་ལས་འདས་མ་འདས་རྟོག་དཔྱོད་བྱེད་པའི་ཤེས་བཞིན་དང་། གཟོབ་པ་ལྷུར་ལེན་པའི་བག་ཡོད་དང་། ཉམས་ན་བདག་ཉིད་ངན་སྙམ་དུ་རང་ལ་བརྟེན་ནས་འཛེམས་པའི་ངོ་ཚ་ཤེས་པ་དང་། ཡུལ་གཞན་ལ་བརྟེན་ནས་འཛེམས་པའི་ཁྲེལ་ཡོད་དང་། ཉམས་པའི་ཉེས་དམིགས་མཐོང་བས་འཇིགས་པ་དང་། ཕན་ཡོན་ལ་བྲོད་པས་གུས་པ་སྟེ། དེ་དག་གི་སྒོ་ནས་འབད་པས་བསྲུང་བས་སོ། །ཉམས་ན་ཕྱིར་བཅོས་པ་ནི། ཡུལ་གང་ཟག་ལས་ཉམས་པ་རྣམས་དེ་དག་གི་དྲུང་དུ་བཤགས་ཤིང་། གཞན་རྣམས་འགྱོད་སྡོམ་གྱི་སྒོ་ནས་ཇི་ལྟར་རིགས་པས་བཤགས་པར་བྱ་ལ། ཉམས་པ་ཆེན་པོ་ནི། ཡུལ་གང་ལ་བརྟེན་ནས་ཉམས་ཀྱང་


GTN006_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ། ཐོག་མར་སོ་སོའི་ལུགས་གཞིན་བཤགས་ནས་སླར་དབང་དང་དམ་ཚིག་ནོད་པར་བྱ་བ་ཡིན་ནོ། །དེ་ལྟར་དབང་བཞི་རྫོགས་པར་ཐོབ་ནས། སོགས་དབང་གཞུང་དཀྱུས་ལྟར་དམ་ཚིག་ཁས་བླངས་དང་གཏང་རག་འབུལ་བར་བྱའོ། །དེས་ནི་སྨིན་དབང་བཤད་པ་སོང་ངོ་། །རྗེས་གནང་ནི་ཡིག་ཆས་གསལ། ཚེ་དབང་དང་ཚེ་སྒྲུབ་ཀྱང་ཟུར་གསལ་ཡོད་བཞིན་ལ། དབང་གི་སྐབས་མཚམས་སྦྱོར་རིགས་པས་འཕྲུལ་རྒྱུ། སྔོན་འགྲོ་གསོལ་འདེབས་སྐྱབས་སེམས་བདུན་མཐར་བྱིན་དབབ། དེ་རྗེས་ཚེ་འགུགས་བྱས་ནས། བུམ་པ། ཚེ་རིལ། ཚེ་ཆང་། རྒྱས་གདབ། རྫས་རྟགས་ཀྱིས་ཚང་བའོ། །༈ གཉིས་པ་བྱང་ཆོག་ལ། དམ་ཚིག་དང་ལྡན་པའི་སྔགས་པས་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ་ཆེན་པོའི་སྒོ་ནས་བརྩམ་པར་བྱ་སྟེ། ཐོག་མར་གང་དུ་བྱ་བའི་གནས་དེར་འོད་ཆོག་དཀྱིལ་འཁོར་བཤམས་ནས་བསྒྲུབ་ཅིང་མཆོད་པ་སོགས་གང་དགོས་གྲུབ་སྟེ། ལྷག་མའི་མཇུག་སོགས་སྟབས་གང་བདེར་སློབ་དཔོན་མདུན་དུ་ཕུང་པོའམ། ཡང་ན་གཞུང་འདིར། འབྱུང་བཞི་འོད་སྐོར་འཁོར་ལོའི་སྟེང་༔ འདབ་བརྒྱད་དབུས་སུ་མཚན་བྱང་འཛུགས༔ ཞེས་པ། སྦྱོང་རྒྱུད་ལས། དེ་ཡི་གཟུགས་བརྙན་བྲི་བ་འམ། །གུར་གུམ་གྱིས་ནི་མིང་ཡང་རུང་། །ངན་སོང་གསུམ་གྱི་འཇིགས་ཆེན་ལས། །སེམས་ཅན་རྣམས་ནི་གྲོལ་བའི་ཕྱིར། །བློ་ཆེན་གྱིས་ནི་དབང་བསྐུར་བྱ། །ཞེས་དང་། བྱང་གཏེར་འགྲོ་བ་ཀུན་སྒྲོལ་ལས།


GTN006_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་བརྟེན་པའི་མཁར་ཡིན་པས༔ འདྲ་འབག་པུས་བཙུགས་ཐལ་སྦྱོར་བ༔ ལག་ན་མེ་ཏོག་ཐོགས་པ་བྲི༔ ཞེས་གསུངས། བྱང་བུའི་རྒྱབ་ཏུ། ༀ་ཨ་མི་དེ་ཝ་ཧྲཱིཿ སངས་རྒྱས་འོད་དཔག་མེད་ལ་ཚེ་འདས་མིང་འདི། ཞེས་བགྱི་བ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྒྲིབ་པ་སྦྱོང་དུ་གསོལ། དབང་བསྐུར་དུ་གསོལ། ལམ་བསྟན་དུ་གསོལ། མྱུར་དུ་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བྲི། ཀར་གླིང་ཞི་ཁྲོར། འཕན་ཕྲན་མཛེས་པ་འདི་ནི་ལུས་ཀྱི་རྟེན༔ མིང་ཡིག་བྱང་བུ་འདི་ནི་ངག་གི་རྟེན༔ མེ་ལོང་གསལ་བ་འདི་ནི་སེམས་ཀྱི་རྟེན༔ རས་ཕྲུག་དྲི་མེད་འདི་ནི་གོས་ཀྱི་རྟེན༔ གདུགས་ཆེན་འབར་བ་འདི་ནི་གཞལ་ཡས་ཁང༔ ལེགས་ཕྱིང་དཀར་པོ་འདི་ནི་འདུག་པའི་གདན༔ སྦ་སྨྱུག་ལྡེམ་པ་འདི་ནི་འཇུ་བའི་ཤིང་༔ ཞེས་འབྱུང་བ་ཕྱག་བཞེས་ལྟར་བྱ། གཞན་ཡང་འདིར་དགོས་དམིགས་བསལ་བུམ་པ་གཉིས། ཞི་སྦྱང་གཏོར་མ། ཏིང་ལོ་ཆང་བུ། བྲབ་རྫས་བྱེ་ནག་མི་ཁྱིས་མ་འགོམ་པ། སྡིག་སྒྲིབ་བསྲེག་པའི་རྟེན་འབྲེལ་དང་། དུག་ཕྲལ་ཕྱིར་མེ་ཐབ་ཏུ་བརྔོ་ཙམ་བྱས་པ་ཡིན་པས། བྱེ་མ་དཀར་པོ་མི་འཐད་པ་རྒྱུད་དུ་གསལ། སྤྱིར་བྲབ་རྫས་བྱེ་ཡུངས་ལ་ཞི་ཁྲོའི་སྔགས་དང་། ཡི་གེ་བརྒྱ་པ། གཙུག་ཏོར་རྣམ་རྒྱལ། གཙུག་གཏོར་དྲི་མེད། པདྨ་ཨུཥྞཱི་ཥ་སོགས་གཟུངས་བྱིན་ཆེན་བཟླས་ནས་བཏབ་པ་དགོས། སྡིག་སྦྱོང་ཏིལ་ནག་ལ་སྡིག་པའི་གཟུགས་གཏོད་པ། མེ་ཆུ། ལྷ་ཁྲུས་ཆས། མེ་ལོང་། ཁྲུས་དར། བཟེད་ཞལ། ཚྭ་ཀོང་། དུག་སྦྱོང་ཆས། ས་ཆུ་[སྦར་མེ།] རླུང་གཡབ། ཟས་གཏད་ལ། གཟུག་མེ་ལོང་། སྒྲ་ཏིང་ཤག །


GTN006_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་སྤོས། རོ་ཟས་སྣ་དང་བཏུང་བའི་རིགས། རེག་བྱ་དར་བཅས། བྱང་བུ་བསྲེག་པའི་མར་མེ། སཱཙྪ་གདབ་པའི་ས་པད་འདབ་བྱས་པ་སོགས་དགོས་ཆས་ཚགས་སུ་ཆུད་པར་བྱ། ལས་བུམ་སྒྲུབ་རྗེས་ལས་སྦྱོར་གྱི་བཟླས་པས་བྱེ་མ་སྔགས། བདག་འཇུག་ལེན་པའམ་རིག་མེ་དོར། སློབ་དཔོན་ལྷའི་ང་རྒྱལ་ལ་གནས་པས་དམིགས་རྟེན་ལ་ལས་བུམ་ཆུ་འཐོར། ༀ་བཛྲ་ས་ཏྭ་ཧཱུྃ༔ སོགས་རྟེན་བསྐྱེད། རྣམ་ཤེས་འགུག་པར་ལྕགས་ཀྱུ་ཕྱག་རྒྱ་འཆིང་བ་ཡང་། རྒྱུད་ལས། གསང་བའི་ལྕགས་ཀྱུས་བསྡམས་བྱས་ཏེ། །ཐ་མ་མཉམ་པར་[བརྐྱངས་]ནས་ནི། །ཤི་བའི་མགོ་བོར་བཞག་ན་ནི། །སྲོག་གི་ཕྱིར་ཡང་ཐོབ་པར་འགྱུར། །ཞེས་སོ། །འགུགས་པ་ལན་གསུམ་བྱས། བར་དོའི་སེམས་ཅན་དེ་བགེགས་ཀྱིས་བཟུང་ནས་ཐར་པ་ཐོབ་ཏུ་མི་འཇུག་པའི་དྲི་ཟ། པི་ཤ་ཙི་ན། གནོད་སྦྱིན་སྨྲ་འདོད། འབྱུང་པོ་ཝ་ར་ཧེ་ན། ཀུན་ཏུ་གཏོགས་འདོད། ཡི་དྭགས་གཤིན་རྗེའི་སྡེ་སོགས་ཤ་ཟ་དང་འབྱུང་པོ་བསམ་གྱིས་མི་ཁྱབ་ཅིང་། དེ་དག་གདོན་གསུམ་དུ་འདུ་བས་ཞི་སྦྱོང་གིས་ཀླུ་གདོན་སྦྱོང་བས། གཏོར་མ་དང་ནམ་མཁའ་མཛོད་རྫས་སྔགས་གཉིས་ཀ་ཞི་བ་ཡིན། སྔགས་ལན་གསུམ་ལ་གཏོར་མ་གཡས་སུ་ལན་གསུམ་བསྐོར། ཏིང་ལོ་ཆང་བུ་རྫས་ཞི་བ་སྔགས་ཁྲོ་གནོད་མཛེས་སྙིང་པོ་དྲག་པོ་སྟེ། ཞི་དྲག་ཕྱེ་མས་མོ་གདོན་སྦྱོང་། གཏོར་མ་གཡོན་དུ་ལན་གསུམ་བསྐོར། གནོད་བྱེད་གཤིན་འདྲེ་དེའི་སྒོ་གསུམ་གྱི་ཉེས་པ་སྦྱོང་། སྲོག་གཅོད་དབུགས་ལེན་སོགས་རྟག་ཏུ་འདོད་པའི་གདུང་བ་ངོམ་ཞིང་ཚིམ་པའི་རྒྱུར་བསྔོ། རང་དཔལ་རྟ་མགྲིན་གྱི་ང་རྒྱལ་


GTN006_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་སྔགས་གུ་གུལ་ཡུངས་རོལ་མོ་དང་བསྐྲད་པ་ནི་དྲག་པོ་སྟེ་ཕོ་གདོན་སྦྱོང་བའོ། །དེ་ཡང་། གྲུབ་ཐོབ་ཀརྨ་ཆགས་མེད་ཀྱིས། ཀླུ་གདོན་ཞི་བ་ཕོ་གདོན་དྲག་པོ་དང་། །མོ་གདོན་ཞི་དྲག་ཕྱེད་མས་སྦྱོང་བར་གསུངས། །ཞེས་དང་། ཆང་བུ་ཟུར་ལྔ་འདོད་ཡོན་ལྔ་པོ་མཚོན། །སོར་མོའི་རྗེས་དྲུག་རིགས་དྲུག་ལན་ཆགས་བྱང་། །འབུར་ཆུང་བཅུ་གཉིས་ལོ་བདུན་བཅུ་གཉིས་ཚིམ། །ཏིང་ལོ་མར་མེའི་གཟུགས་ཡིན་ལམ་སྒྲོན་གསལ། །ཞེས་སོགས་གསལ་བར་བསྟན་ནོ། །དེ་ལྟར་བགེགས་བསྐྲད་ནས་མཚམས་བཅད་དེ་ཚེ་འདས་སྲུང་གུར་དུ་འཛུད། བྱང་བུའི་གཡས་སུ་མེ་དང་། གཡོན་དུ་ཆུ། དབུས་སུ་ཏིལ་ནག་ལ་སྡིག་གཟུགས་བྱས་པ་བཞག །ཚེ་འདས་ཐ་མལ་པའི་སྙིང་ཁར་ཡི་གེ་ཀཾ་ནག་པོ་ལ་སྡིག་སྒྲིབ་བསྡུས་པ་སྡིག་པའི་གཟུགས་སུ་བསམ། རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གཡོས། སུམ་མདོར་གཏུམ་མོ་རཾ་ཡིག་ལས་མེ་འབར། དེའི་ཤུགས་ཀྱིས་སྙིང་གའི་སྡིག་པ་སྣ་ཕུག་གཡས་ནས་ཐོན་པ་མདུན་གྱི་ཏིལ་ལ་ཐིམ། མེ་ཆུ་བཞག་པར་ཟ་བྱེད་ཁྲོ་མོ་རྡོ་རྗེ་ཁྲོ་བོ་གཉིས་ཀ་མཐིང་ནག་རྡོ་དྲིལ་འཛིན་པར་གསལ་བ་དེ་གཉིས་ཐུགས་ཀར་ཞིང་སྒྲུབ་ལྷ་ཚོགས་བཞུགས་པ་བཅས་དཀྱིལ་འཁོར་གཉིས་ཀའི་ལྷ་ལ་བསྲེག་སྦྱང་འབུལ་བར་དམིགས་ནས། མཁའ་འགྲོ་ཟུང་གི་སྔགས་བཅས་ཏིལ་མཐེབ་སྲིན་བར་བཟུང་བ་ཁ་གྱེན་བསྟན། ཏིལ་གཡས་སུ་ལན་གསུམ་བསྐོར་མེར་བསྲེག །གཡོན་དུ་ལན་གསུམ་བསྐོར་ནས་ཆུར་དོར། གཡས་གཡོན་གཉིས་ཀར་ལན་གསུམ་བསྐོར་ལག་བསྣོལ་ནས་མེ་ཆུར་དོར། ཆུ་[མེ་ནང་བླུགས་]པ་ཕྱིར་


GTN006_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དོར། མཁའ་འགྲོ་ༀ་བཛྲ་མུས་གཤེགས། རྩ་སྔགས་ཡོངས་རྫོགས་མཐར། ཡིག་བརྒྱ་ལ་ངན་སོང་གསུམ་སྦྱོང་བའི་སྤེལ་ཚིག་དང་བྱེ་མས་བྲབ་པས་ཚེ་འདས་ཀྱི་སྡིག་སྒྲིབ་སྦྱོང་བར་བསམ་པ་སྟེ། དོན་ཞགས་ཆོ་གར། གང་ན་སེམས་ཅན་གྱི་རུས་པ་བྱང་བུ་སོགས་ལ་བྱེ་མ་གཏོར་ན། དེར་བྱེ་མ་བབས་པས་སེམས་ཅན་དམྱལ་བ་དང་། ཡི་དྭགས། ཤ་ཟ། གནོད་སྦྱིན། སྲིན་མོའི་སྐྱེ་གནས་སུ་སྐྱེས་ནའང་། དེའི་མོད་ལ་ཚེ་འཕོས་ཏེ། མཐོ་རིས་སུ་སྐྱེ་བར་འགྱུར་ཞིང་། ནམ་ཡང་དམྱལ་བར་གཞོལ་བར་མི་འགྱུར་རོ། །ཞེས་གསུངས། དེ་ནས་ཐོག་མར་བཟང་ཁྲུས་རྣམ་བུམ་གྱིས་ལྷ་ལ་གསོལ་ཞིང་། སྐུ་ཕྱིས་གོས་འབུལ། དེའི་ཁྲུས་ཆུ་ལས་བུམ་དུ་བྲན་ནས། ངན་ཁྲུས། དམིགས་རྟེན་མེ་ལོང་ངོར་འཆར་བ་བཀྲུ་བ་ཡིན་པ། ཞིང་སྒྲུབ་ལྷ་ཚོགས་ཀྱི་བྱིན་རླབས་ཆུ་ལ་བསྟིམས་པ་དང་། གཏོང་བ་དང་། གཏོང་བ་ཆེན་པོ། ཤིན་ཏུ་གཏོང་བ་སྦྱིན་པ་གསུམ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། སྡུག་བསྔལ་དང་ལེན། གནོད་ལ་ཇི་མི་སྙམ་པ། རང་རྒྱུད་ལ་འཁོན་དུ་མི་འཛིན་པ་སྟེ་བཟོད་པ་གསུམ། གོ་ཆ་བསྒོས་པ། བདུད་ཀྱིས་མི་བརྫི་བ། སྦྱོར་བ་ལག་ལེན་ཏེ་བརྩོན་འགྲུས་གསུམ། བྱིས་པ་ཉེར་སྤྱོད། དོན་རབ་འབྱེད་པ། དེ་བཞིན་གཤེགས་དགེ་སྟེ་བསམ་གཏན་གསུམ། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་སྟེ་ཕར་ཕྱིན་དྲུག་པ་ཡོངས་སུ་རྫོགས་པའི་བྱིན་ནུས་ཆུ་འདིས་ཁྲུས་བྱས་པས། སེར་སྣ། ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ་དྲི་མ་དྲུག་སྦྱོང་། ཐུབ་


GTN006_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་གིས་རིགས་དྲུག་གི་སྐྱེ་སྒོ་གཅོད། ཡེ་ཤེས་ལྔའི་ཆུས་ཉོན་མོངས་པ་དུག་ལྔ་དག །རྒྱལ་བ་རིགས་ལྔའི་ཞིང་ཁམས་མཐོང་། ས་བཅུའི་ཆུས་ལུས་ཀྱི་ལས་གསུམ། སྲོག་གཅོད་པ། མ་བྱིན་ལེན་པ། མི་ཚངས་སྤྱོད་པ། ངག་གིས་ལས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི། ཡིད་ཀྱི་ལས་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་སྟེ་མི་དགེ་བཅུ་བཀྲུས་པས། སྟེང་འོག་གཉིས། ཕྱོགས་བཞི། མཚམས་བཞི་དང་བརྒྱད་དེ་བཅུའི་ཁྲོ་བོ་རྣམས་ཀྱིས་ཚེ་ལས་འདས་པའི་ས་ལམ་གྱི་བར་ཆད་སྒྲོལ་བའི་དོན་ཡིན། དུག་སྦྱོང་ནི། རྨ་བྱས་དུག་བཅོམ་ཕྱིར་ཡེ་ཤེས་ལྔ་ལྡན་གྱི་ཐིག་ལེའི་དབུས་སུ་ཧྲཱིཿ ལ་རྩ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་དུག་ལྔའི་སྒྲིབ་པ་དག་པར་བསམ་ལ། ཀུ་ཤ་རྨ་བྱའི་སྒྲོ་མདངས་ཀྱིས་བྱབ་ཅིང་ཚིག་དོན་གོ་སླ། འབྱུང་བའི་དུག་སྦྱོང་བ་ནི། ནང་ཤ་རུས་ལ་བརྟེན་པའི་དུག་ཐམས་ཅད་མདོག་སེར་ལ་མོག་པའི་རྣམ་པར་ཐོན། ཕྱིའི་འབྱུང་བ་ས་ལ་ཐིམ། སྦྱང་བྱ་གཏི་མུག ། སྦྱངས་འབྲས་རྣམ་སྣང་། ཁྲག་གི་དུག་སྔོ་ལ་མོག་པ་ཆུ་ལ་ཐིམ། ཞེ་སྡང་སྦྱོང་། སྦྱངས་འབྲས་མི་བསྐྱོད་པ། དྲོད་ཀྱི་དུག་དམར་ལ་མོག་པ། མེ་ལ་ཐིམ། འདོད་ཆགས་སྦྱོང། སྦྱངས་འབྲས་འོད་དཔག་མེད། དབུགས་ལྗང་ལ་མོག་པ་རླུང་ལ་ཐིམ། ཕྲག་དོག་སྦྱོང་། སྦྱངས་འབྲས་དོན་ཡོད་གྲུབ་པ་ཡིན་པ་ནི། བརྟགས་གཉིས་ལས། སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །དྲོད་ནི་རྟག་ཏུ་སྦྱོང་


GTN006_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །ཕྲག་དོག་དོན་ཡོད་གྲུབ་པ་ཉིད། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །ཅེས་གསུངས། དེ་ལྟར་ན་རྟེན་བརྟེན་པ་དང་སྦྱོང་བས་འདིར་ཡུམ་བཞིར་སྦྱོར་བ་གཞུང་ཚིག་ཏུ་གསལ་བས་གོ་སླའོ། །རིགས་དྲུག་གནས་འདྲེན་ཟུར་དུ་ཡོད་པ་འདིར་སྦྱོར་བར་སྤྲོ་ན་སྦྱར། བདེན་ཚིག་གིས་ཤིས་པར་བརྗོད་ཅིང་མེ་ཏོག་འཐོར། ལས་རྡོར་དམིགས་བྱང་ལག་གཡོན་དུ་བཟུང་ནས་ཕྱག་འཚལ་བར་བཅས་ཕྱག་འཚལ་འདོན། གནས་སྦྱོང་འདོན་སྒོམ་སྦྲགས། དེ་རྗེས་དབང་རྒྱས་འབྲིང་རྗེས་གནང་སོགས་གང་འོས་ཁ་བསྒྱུར་གྱིས་བཏང་། ཟས་བསྔོ་ལ་འདོད་ཡོན་ལྔ་ཚིག་བསྟུན་[མཆོད།] ལམ་བསྟན་མཐར་སྤྲོ་ན། ངོ་སྤྲོད་འཕོ་ལུང་རྒྱས་པར་བྱེད་གཞན་གཞུང་ལྟར། ཕུང་པོའམ་གནས་ལྔའི་རུས་བུ་ལྟ་བའི་སྐབས་ཡིན་ཚེ་རོ་བསྲེག་ཆོ་ག་ཡེ་ཤེས་འོད་འབར་ངན་སོང་རྒྱུན་གཅོད་ལྟར་བྱ་ཞིང་། བྱང་བུ་ཡིན་ན་བསྲེག །སྨོན་ལམ་བྱ། བྱང་ཐལ་སཱཙྪ་གདབ་ཆོག་ལྟར་བྱ་བ་རྣམས་གོ་སླའོ། །བྱང་བུ་བསྲེགས་པའི་ཐལ་བ། སཱཙྪ་གདབ་རབ་གནས་བྱ་བའམ། ཐལ་བ་དེར་བྲབ་རྫས་བྱེ་ཡུངས་སྔགས་ཀྱིས་གཏོར་ནས་རྒྱུན་འབབ་ཆུར་བླུགས་པའམ། རླུང་ལ་བསྐུར་བའང་ལག་ལེན་ཁུངས་མར་བཤད་དོ། །གནས་འདྲེན་བྱེད་པ་འདི་གསོན་པོ་དང་གཤིན་པོ་གཉིས་ཀ་ལ་སྦྱོར་ཆོག་སྟེ། གསོན་པོ་ལ་བསྐུར་དུས་རྣམ་ཤེས་འགུགས་པ། ཟས་བསྔོ། ལམ་བསྟན། གནས་སྤར་རྣམས་བསྒྱུར། ཚེ་འདས་ཟེར་བ་རྣམས་སྐལ་ལྡན་དུ་བསྒྱུར། གལ་ཏེ་གསོན་


GTN006_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དངོས་ཐག་རིང་དུ་སོང་ནས་མེད་ན། བྱང་བུ་དང་དབྱེར་མེད་དུ་བསམ་ལ་རྣམ་ཤེས་འགུགས་པ་དང་། བསྲེག་པའི་དུས་ནད་གདོན་བར་གཅོད་སྡིག་སྒྲིབ་རྣམས་བསྲེག་པར་བསམ་པ། ཚེ་འགུགས་བཀྲ་ཤིས་བརྗོད་པ་སོགས་རྗེ་བླ་མའི་ཆོག་བསྒྲིགས་གསོན་བྱང་ཆོ་ག་འཁོར་འདས་ཡེ་གྲོལ་བདེ་བ་ཆེན་པོའི་ཁང་བཟང་ལྟར་བྱ། དེས་ནི་དེ་ཡི་སྐག་ཆེན་དང་འཆི་བ་བཟློག་པ། བླ་མ་གོང་མ་རྣམས་གསུངས། ཁྲུས་དང་དུག་བཅོམ་དབང་བསྐུར་བ་ལ་སོགས་པས་ནད་གདོན་འཇོམས་པར་སྦྱོང་རྒྱུད་གྲ་ལྔ་སོགས་ཀྱི་དགོངས་པའོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ཀྱང་གསོན་ཤོག་བཞུ་ཐབས་དང་། མིང་གཟུགས་བསྲེག་པའི་ཁུངས་སྦྱོང་རྒྱུད་ལས་ཀྱང་གསུངས། སྲོང་བཙན་སྒམ་པོས་རང་གི་ཕུང་པོ་རང་གིས་བསྲེག་ཐབས་གསུངས་པ་སོགས་ཀྱང་གསོན་བྱང་ཉིད་དུ་ངེས་སོ། །དེ་ལྟར་ཚེ་བསོད་འཕེལ་བ་དང་། རྐྱེན་བཟློག་དུར་བསླུས་སོགས་འོང་བ་མཁས་པའི་ཞལ་ཤེས་ཡིན། ཡང་ན་བྱང་བུའི་དོད་དུ་དམིགས་བྱའི་སྐྲ་སེན་གོང་གི་དམིགས་པ་དང་ལྡན་པས་བསྲེག་ཀྱང་ཆོག །འདི་ལྟར་མི་རུང་སྙམ་ན། ཅིས་ཀྱང་རུང་སྟེ། གསོན་བྱང་གི་ཆོ་ག་དུ་མ་ཨུ་རྒྱན་ཆེན་པོའི་ཟབ་གཏེར་ལས་ཀྱང་འབྱུང་བས་སོ། །གསུམ་པ་སྦྱིན་སྲེག་ནི། འདོད་པའི་དངོས་གྲུབ་མྱུར་དུ་སྟེར་བའི་ཐབས་མཁས་ཀྱི་ཕྲིན་ལས་ཏེ། དེ་ལའང་དོན་བྱ་བའི་ཡུལ་ནི། སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་ཏུ་ཕྱེ་ན། ཞི་རྒྱས་དབང་དྲག་མཆོག་གི་ཁྱད་པར་གནོད་སྡིག་ཅན་དང་། དབུལ་ཕོངས་ཅན་དང་། ལོག་ལྟ་ཅན་དང་། གདུག་པ་ཅན་དང་། སྒྲིབ་གཉིས་


GTN006_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ཅན་རྣམས་སོ། །བྱེད་པའི་ཕྲིན་ལས་ནི་ཞི་རྒྱས་དབང་དྲག་ལས་བཞི་དང་། ཐུན་མོང་མ་ཡིན་པ་མཆོག་སྒྲུབ་ལྷུན་གྲུབ་ཀྱི་ལས་རྣམས་ཡོད་པའི་ནང་ཚན་འདིར་ཞི་བའི་ལས་སོ། །བྱ་བའི་ཐབས་ལ། ཕྱི་ནང་གསང་བ་ཡང་གསང་དང་བཞིའོ། །ཕྱི་ལའང་རྫས་ལ་བརྟེན་པ་དང་། མ་བརྟེན་པ་ཏིང་ངེ་འཛིན་གྱི་སྦྱིན་སྲེག་གཉིས། དང་པོ་ལའང་སྦྱོར་དངོས་རྗེས་གསུམ་ལས། ས་ཆོག །ས་ལྷའི་གཏོར་མ་འབུལ་བ། གཞི་བདག་གཏོར་འབུལ། སྡེ་བརྒྱད་གསེར་སྐྱེམས། ཐིག་ཚོན་བྱིན་རླབས། ཆག་ཆག་གདབ་པ་སོང་ནས། དཀར་ཕྱོགས་ཀྱི་ཚེས་གཅིག །བཞི་སོགས་དང་། སྟོད་ཀྱི་ཆ་ལ་ལྔ་སེར་མེད་ཕྱོགས་སམ། ཡང་ན་ཁ་ཤར་དུ་ཕྱོགས་པས། ཐབ་ཁུང་གཞི་དཀར་པོ་ལ་དམར་གྱིས་བཅད་པའི་ཟླུམ་པོ་རྒྱར་ཁྲུ་གང་བ་མུ་ཁྱུད་ནང་མར་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། མུ་ཁྱུད་ཕྱི་མར་རྡོ་རྗེའི་ཕྲེང་བ། དཔངས་སུ་རང་གི་ཕྱེད་ཚད་དང་སོར་བཞི་པའི་ཁ་ཁྱེར་མུ་རན་དང་། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བཅས་པས་བསྐོར་བའོ། །སྲེགས་ཤིང་། བ་ལང་གི་ལྕི་བའམ་བལ་བུ་སོགས་མཆོད་སྦྱིན་གྱི་ཤིང་གིས་ཟླུམ་བསྐོར་དུ་བརྩིགས་པར་དབུས་སུ་མེ་སྙིང་ཏིང་ལོ་འབར་ཚང་། མེ་སྒོ་བཅས་གཡས་སུ་སྲེག་གཞིར་ཡམ་ཤིང་མཐོ་གང་བ་དང་། བུད་ཤིང་ཁྲ་མ་སོགས་རྩི་མར་བཞུ་བའི་མར་ཁུ་མངར་གསུམ་བསྲེས་པར་ཡམ་ཤིང་རྩེ་བསྣུབས་པར་འཇིག་རྟེན་པར་བདུན་པ་དང་། གསུམ་པ། དཀྱིལ་འཁོར་པར་བརྒྱ་རྩ་བརྒྱད་རེ། འཁོར་རྣམས་ཉེར་གཅིག་པ་དང་བཅུར་ཡིན་པས་


GTN006_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ང་གཅིག་དགོས། རྫས་གཞན་རྣམས་ཀྱང་དེ་མཚུངས། ཏིལ་ནག །ཡུངས་དཀར། ཟས་མཆོག །དུ། ནས། གྲོ། སོ་བ། སྲན་མ། འབྲས། ཀུ་ཤ །ཤུག་ཐོག་སོགས་འབྲས་བུའི་རིགས། དཀར་གསུམ། མངར་གསུམ། མེ་ཏོག་སྣ་ཚོགས། སྨན་སྣ་ཚོགས། གོས་དར་རས་དུམ། དྲི་བཟང་ཆོས་སྨན་བཏུང་བ། ཇ་སོགས་དང་། གཞུང་འདིར། གཡོན་དུ་མཆོད་གཞིར་མེ་ཏོག་སྤོས་མེ་དང་༔ ཆུ་བཤོས་ལ་སོགས་གང་འབྱོར་ཐ་ན་བདུན༔ རིམ་བསྒྲིག་རྣམ་ལྔ་ཕྲེང་ཚར་ཟླུམ་གཏོར་ཆེ༔ ལྷ་གྲངས་གཏོར་ཆུང་གྲུབ་པ་མཐེབ་ཀྱུས་བསྐོར༔ མེ་ལྷར་ཟླུམ་གཏོར་ཆོས་སྐྱོང་གཏོར་འབུལ་དང་༔ འབྱོར་ན་ཚོགས་དང་སོགས་གསུངས་པ་དང་། མདུན་དུ་བུམ་གཟུང་རྡོར་དྲིལ་དགང་བླུགས་དང༔ བསང་ཆུ་ཡང་བསགས་ཀུ་ཤ་ཆུན་པོ་བརྒྱད༔ དཔལ་འབར་ལ་སོགས་མཁོ་བའི་ཡོ་བྱད་རིགས༔ སོགས་གསུངས་པ་ལྟར་གང་དགོས་ཚོགས་པར་བྱས། སྦྱིན་སྲེག་འདིར་ངག་གཅོད་པ་དང་། རྡོར་དྲིལ་མི་འབྲལ་བ་དམ་ཚིག་ཡིན། དགང་བླུགས་དང་མེ་ཡོལ་ཆུ་བྲག་རི་མོ་ཝྃ་བྲིས་པ། མེ་དར་སོགས་འཛོམས་ནས། མཐུན་པའི་སྟན་ལ་པདྨའི་སྟབས་ཀྱིས་འཁོད་དེ། དོན་གྱི་སེམས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་སེམས་ཀྱིས་ཟིན་པ་ནི། ལས་ཐམས་ཅད་ལ་ཁྱབ་བྱེད་དུ་དགོས་པ་རྒྱུའི་སེམས་དང་། སྟོབས་ཀྱི་སེམས་ནི་ཞི་ཞིང་དངས་པ། ལས་མཐུན་པའི་གྲོགས་བྱེད་པས་ན་རྐྱེན་གྱི་སེམས་སོ། །གཉིས་པ་དངོས་གཞི་ཆོ་ག་ལ། བདག་བསྐྱེད་བཟླས་པའི་བར་སོང་། དཀྱིལ་འཁོར་གྱི་འཁོར་ལོ་རང་ལ་བསྡུས་ཏེ་གཙོ་བོའི་ང་རྒྱལ་ལ་གནས་པས་ལས་ལ་


GTN006_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ནི། འཛོམས་ན་ཞི་བའི་གར་ཆས། མ་འཛོམས་ན་སྟོད་ལེ་དང། དབུ་དཀྲིས་དར་དཀར་བྱེད། མཆོད་རྫས་བྱིན་བརླབས་ནས་རིམ་པར་ཀུ་ཤ་ཕྱོགས་བཞི་གཡས་བསྐོར་དང་། མཚམས་བཞི་གཡོན་བསྐོར་དགྲམ། ཛྭ་ལའི་སྔགས་ཀྱིས་རྩུབ་ཤིང་གིས་མེ་སྦར། དར་གཡུག །མར་ཁུས་གསོ། མེ་ལྷ་བསྐྱེད། སྤྱན་འདྲེན་ལ་ལག་གཡས་ཐལ་མོ་ཕྱིར་བསྟན་རྡོ་རྗེར་བཅས་མི་འཇིགས་པའི་རྒྱས་མཐེ་བོང་གཡབ་པ། མེ་ལྷ་དགའ་བར་བྱེད་པའི་རྒྱ་ཡིན། གཡོན་དྲིལ་བུ་གསིལ། བྱོན་སྐྱེམས་ལ་དགང་བླུགས་བཅས་མར་ཁུ་བདུན་གསུམ་ཉེར་གཅིག་འབུལ་སྐབས། དགང་བླུགས་ཁ་སྦྱར་པུས་མོ་ལས་མི་འདའ་བར་གཡས་སུ་ལན་གསུམ་བསྐོར་ནས་ཐབ་ཏུ་འབུལ། དེ་རྗེས་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་མཆོད། འདི་ཕྱིན་རྫས་རྣམས་འབུལ་སྐབས་བླུགས་གཟར་གྱིས་མར་ཁུ་འབུལ་བ་ལས་དགང་གཟར་མི་འཛིན་པ་ཕྱག་བཞེས། རྫས་མང་བ་མི་རུང་ཞིང་། སྔགས་མང་བ་བཟང་། མེ་ལྷའི་སྔགས་ཀྱིས་མགོ་དྲངས་ནས་རྫས་རྣམས་བདུན་ཚན་རེའི་མཚམས་སུ་སྤེལ་ཚིག་སྦྱར་བ་ཡིན་པ་འདྲེས། རྫས་རྫོགས་པ་དང་བསྟོད་པ་བྱེད་། སླར་ཡང་མར་ཁུ་བླུགས་གཟར་གང་ཕུལ་བའི་རྐྱེན་གྱིས་མེ་ལྷ་འབར་བར་བསམ་པ་ནི། འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་ག་སྟེ། མེའི་ལས་ཀྱིས་མེ་ལྷ་ཚིམ་པས་དེས་དཀྱིལ་འཁོར་བའི་ལྷ་རྣམས་ཚིམ་པའི་དགོས་པ་ཡོད་དོ། །འདས་པའི་མེ་ལྷ་ནི། གཞུང་སོ་སོའི་དགོངས་པས་མེ་ལྷའི་ལྟོ་བར་བསྐྱེད་པ་དང་། སྙིང་གར་བསྐྱེད་པ། རང་བཞིན་གྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་བཞག་སྟེ། དམ་ཚིག་


GTN006_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེར་བསྒྱུར་བའང་། དམ་མེ་དབྱེར་མེད་དུ་འབར་བའི་དབུས་སུ་བསྐྱེད་པ་སྟེ་བཞི་ལས། འདིར་ཕྱི་མ་སྟེ། མེའི་དབུས་སུ་པད་ཟླ་སོགས་གདན་རྣམས་ཀྱི་སྟེང་ལྷ་ཚོགས་འཁོར་བཅས་བསྐྱེད་ནས། སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་སོང་ནས་དགང་བླུགས་བདུན་ཚན་གསུམ་སྔར་ལྟར་འབུལ་བ། གཙོ་སྔགས་ཁོ་ནས་འབུལ། མཚམས་སུ་འཁོར་སྔགས་མཐར་སྤེལ་ཚིག་སྦྱོར། ༀ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར་ཨ຋ཾ་ནས། ཤབྟ་པྲ་ཏཱི་ཙྪཿ ཨཱཿ ཧཱུྃ༔ རྫས་མང་མ་སྔགས་མགོར་ཨ་མི་དྷེ་ཝ་ལན་རེའི་མཐར་རྫས་སྔགས་སོ་སོ་དང་། བཅུ་ཚན་རེའི་མཐར་འཁོར་སྔགས་རྣམས་ལ་སྤེལ་ཚིག་སྦྱོར། གོང་སྨོས་ལྟར་རྫས་དལ་བས་སྔགས་གྲངས་ཚང་བ་གལ་ཆེ། དེ་མཚམས་འཁོར་མཆོག་ཟུང་སོ་སོའི་སྔགས་ཀྱི་མཐར། རྫས་སྔགས་ཉེར་གཅིག་རྗེས་སྤེལ་ཚིག་སྦྱར། དེ་རྗེས་བྱང་ཆུབ་སེམས་དཔའ། སྒོ་བཞི་ཐུབ་དྲུག་རྣམས་ཀྱི་སོ་སོའི་སྔགས་ཀྱིས་མགོ་དྲངས་ནས་རྫས་སྔགས་རྣམས་བཅུ་རེའི་མཐར་སྤེལ་ཚིག་སྦྱོར། ལྷ་ཚོགས་རྣམས་ཀྱིས་བསྲེག་རྫས་བདུད་རྩི་དཀར་པོའི་རྣམ་པར་གསོལ་བར་བསམ། གཙོ་འཁོར་རྫས་རྫོགས་ནས་འདོད་གསོལ། བསྟོད་པ་དང་བཤགས་པ་བྱ། བཀའ་སྲུང་སྒེར་མཆོད་བྱ། དེ་རྗེས་ཚོགས་ལྷག་མའི་བར། དཀྱིལ་འཁོར་བའི་གཏང་རག་ནི་མཆོད་པ་ཁ་གསོས་ལ་བསྡུས་པའི་མཐར། དགང་བླུགས་ཉེར་གཅིག་སྔར་ལྟར། དེ་རྗེས་གཙོ་སྔགས་ལན་རེའི་མཐར། རྫས་སྔགས་བརྒྱད་རེ། མཚམས་སུ་འཁོར་སྔགས་སྤེལ་ཚིག་བཅས་སྔར་ལྟར་རྫས་སྣོད་ཁ་སྦུབས་སོ། །དེ་རྗེས་བླུགས་གཟར་གཏོར་མ་སློབ་དཔོན་གྱིས་ཐོགས་


GTN006_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པར། ལས་རྡོར་གྱིས་སྨན་རཀ་བྲན། ཨ་ཀ་རོས་བྱིན་རླབས། གཏོར་སྔགས་ལན་གསུམ་གྱིས་ཕུལ། དེ་རྗེས་བསྟོད་པ། གཤེགས་གསོལ། བསྲུང་བ། སླར་ཡང་མར་ཁུ་དང་སྔགས་ཀྱིས་འཇིག་རྟེན་པའི་མེ་ལྷ་གསལ། སྔར་ལྟར་བྱོན་སྐྱེམས་དགང་བླུགས་ཉེར་གཅིག་རྫས་ཆེན་རྣམས་གསུམ་རེ་འབུལ་ལ་རྫས་ཕོར་རྣམས་ཁ་སྦུབས། ལར་འཇིག་རྟེན་པ་དང་མེ་ལྷ་རྫས་གཞི་གཅིག་ཡིན་ན་མར་ཁུ་ཡམ་ཤིང་མ་གཏོགས་པ་ནས་འཇིག་རྟེན་པའི་ཕུད་བླངས་པ་ཕྱིར་བསྣན་ནས། དཀྱིལ་འཁོར་པར་འབུལ་བ་བོད་ལུགས་ཕྱག་བཞེས་ཡོད་པའང་ཤེས་པར་བྱ། ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་རོལ་མོ་བཅས་པས་མཆོད་ཅིང་བསྟོད། དབྱངས་གསལ་དང་། ཡིག་བརྒྱ། བཤགས་པ། གཤེགས་གསོལ་དང་སྨོན་ལམ། རྟེན་འབྲེལ་སྙིང་པོ་སྔོན་འགྲོའི་བཀྲ་ཤིས་བརྗོད། གསུམ་པ་རྗེས་ནི། མེ་རང་ཞིའམ་ཆུ་དཀར་གྱིས་གཞིལ། ཐལ་བ་དང་སོལ་བ་ཆུར་སྐྱེལ། གཉིས་པ་ཏིང་ངེ་འཛིན་གྱི་སྦྱིན་སྲེག་ནི། སྦྱིན་སྲེག་གི་རྫས་དང་ཡོ་བྱད་མ་འབྱོར་བའམ། འབྱོར་ཡང་སྒྲུབ་ལང་མེད་ན། ཏིང་ངེ་འཛིན་ལ་བརྟེན་པ་ཅི་རིགས་ཐོབ་པས་ནི། ཕྱིའི་རྗས་ལ་མ་བརྟེན་པར་ཏིང་ངེ་འཛིན་ཁོ་ནས་བསྒྲུབས་ཀྱང་འདོད་དོན་སྟེར་ལ་སྔ་མ་དང་མཚུངས་པར་འགྱུར་རོ། །གཉིས་པ་ནང་གི་སྦྱིན་སྲེག་ནི། རང་ལུས་ལྷར་གསལ་བའི་སྐུའི་ནང་དུ་དཔའ་བོ་དང་མཁའ་འགྲོ་ཏིལ་གྱི་གང་བུ་ལྟར་བཞུགས་པ་ལ་ཁ་ཟས་བདུད་རྩིར་སྦར་བ་ལྟེ་བའི་ཐབ་ཁུང་དུ་ལག་པའི་དགང་བླུགས་ཀྱིས་ཕུལ་བ་ཉིད་གཏུམ་མོའི་མེས་ཞུ་


GTN006_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དྭངས་མས་ལྷ་རྣམས་ཚིམ་ཞིང་སྙིགས་མ་ཐལ་བར་སྦྱངས་པར་བསམ་སྟེ། རླུང་ཁ་སྦྱོར་དུ་འཆིང་བའོ། །གསུམ་པ་གསང་བའི་སྦྱིན་སྲེག་ནི། རང་ལྷར་གསལ་བའི་སྐུ་ལ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་པའི་འཁོར་ལོ་དང་། རྩ་ཁམས་ཐམས་ཅད་ལ་རྒྱལ་བ་ཏིལ་གྱི་གོང་བུ་ལྟར་བཞུགས་པར་མོས་ཏེ། བདེ་བ་བསྐུལ་བའི་རླུང་གི་ནུས་པས་གཏུམ་མོ་སྦར་བས་སྤྱི་བོའི་ཧཾ་བཞུ་བའི་བདུད་རྩིའི་དངས་མས་ལྷ་ཐམས་ཅད་ཚིམ་པར་བསམ་ཞིང་། ཞུ་བདེས་དྲངས་པའི་བདེ་སྟོང་གི་ངང་མདངས་བསྐྱངས་པའོ། །བཞི་པ་ཡང་གསང་མཆོག་གི་སྦྱིན་སྲེག་ནི། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས། མ་རིག་བག་ཆགས་ཀྱིས་བསྡུས་པའི་རྟོག་ཚོགས་ཐམས་ཅད་བསྲེག་པའི་ཟུང་འཇུག་བདེ་ཆེན་གྱི་བདུད་རྩིས་འཁོར་འདས་རོ་མཉམ་དཀྱིལ་འཁོར་གྱི་འཁོར་ལོ་དག་པ་ཉིད་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་མཆོད་པ་སྟེ། རྒྱས་པ་ལས། སྲིད་གསུམ་སྲེག་པ་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །ཞེས་སོ། །དེ་ལྟར་སྒྲུབ་གཞུང་དང་ཡན་ལག་གི་ཆོ་ག་བཅས་ལ་གོ་དོན་རྒྱས་པར་བཤད་ན་བློ་གསར་རྣམས་ལ་ཉེ་བར་མཁོ་བར་འགྱུར་མོད་ཀྱི། དེ་ལྟ་ན་ཡང་ཡི་གེ་མང་བས་འཇིགས་ཏེ་དོན་བསྡུས་རྩ་ཐོ་ལྟ་བུར་ཉུང་ངུའི་ཚིག་གིས་བསྡུས་པ་སྟེ། བདེ་སྨོན་ནི་ཞིང་ཆོག་ཕན་ཡོན་གཏམ་བཤད་ཟུར་དུ་བྲིས་ཡོད་ཕྱིར་འདིར་མ་སྤྲོས་སོ། །

འདིར་སྨྲས་པ།


GTN006_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྨྲས་པ། འགྲོ་ལ་ཕན་བཞེད་རྒྱལ་བ་མཆོག་དེ་ཡིས། །འགྲོ་ཁམས་ཚ་གྲང་ནད་པར་སྨན་པ་བཞིན། །འགྲོ་བློར་འཚམས་ཕྱིར་ཆོས་ཀྱི་གོ་རིམ་ནི། །འགྲོ་ཀུན་ཐར་པར་བགྲོད་ལ་ཐེམ་སྐས་ལྟར། །དེ་ལས་དབང་པོར་རབ་ལ་བླ་མེད་ཀྱི། །དེ་ཉིད་སྟོན་བྱེད་བསྐྱེད་རྫོགས་གཉིས་མེད་གསུམ། །དེ་དོན་ཉམས་སུ་ལེན་ལ་བསམ་གླིང་པ། །དེ་ཉིད་ལྔ་བདོར་པད་འབྱུང་དངོས་བྱོན་བཞིན། །གང་དེའི་ཆོས་བརྒྱུད་ཨུཏྤལ་དཀར་པོའི་ཚལ། །བཤད་སྒྲུབ་ཟླ་གཞོན་འོད་ཀྱིས་ཕྱེ་བ་ན། །གྲུབ་འབྲས་དྲི་བསུང་སྤྲོ་བས་བདག་ཡིད་ལ། །ཚིམ་པ་སྟེར་མཛད་དཔལ་ལྡན་ཆོས་རྒྱལ་ཞབས། །མགོན་དེ་གཏེར་སྟོན་མཆོག་དེས་ལུང་བསྟན་དང་། །རྗེས་མཐུན་རང་གི་འཁྲུལ་སྣང་ཆ་མཐུན་པས། །ཆོས་ཚུལ་འདི་ལ་མཚམས་སྒྲུབ་གནད་སྨིན་གྱི། །དོན་འབྲས་གཞུང་བཤད་རྩོམ་ལ་སྤྲོ་བ་སྐྱེས། །དེ་ཡང་སྐྱེས་སྦྱངས་ཡོན་ཏན་ཆ་ཕྲའི་གོས། །


GTN006_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གཉིས་ཟབ་གནད་སྦོམ་པའི་ལུས་ཀྱི་ཆར། །མི་འཚམས་ཉེས་བཤད་རྒྱན་གྱིས་ནོངས་པ་ན། །མཁས་དང་གྲུབ་པའི་བཟོ་བོས་འཆོས་པར་རིགས། །སྔོན་བྱོན་དམ་པའི་ལེགས་བཤད་མེ་ཏོག་ཚལ། །བདག་བློའི་རྐང་དྲུག་རྒྱུ་བས་འཐད་འོས་ཀྱི། །རྩི་བཅུད་བསྡུས་པའི་རོ་འདི་མངར་བའི་དགེས། །འགྲོ་རྣམས་སྲིད་པ་མཐའ་ཅན་བྱེད་པར་སྨོན། །ཁྱད་པར་བཀའ་དྲིན་མཆོག་ཐོབ་ལྷ་འབྲང་པའི། །ཡང་སྲིད་འཁྲུལ་མེད་ཡི་གེས་རྒྱས་ཐེབས་གང་། །བསྟན་འགྲོའི་མཁར་ལ་འཆར་ནུབ་སྤངས་པའི་ཉིས། །སྔ་འགྱུར་དཔལ་གོས་ཕྱོགས་བརྒྱར་གྲོལ་བར་སྨོན། །བདག་ཀྱང་སྐྱེ་ཀུན་རྒྱལ་བ་འོད་མཐའ་ཡས། །ལྷག་པའི་ལྷར་བསྟེན་ཚེ་འཕོས་གྱུར་མ་ཐག །བདེ་ཆེན་ཞིང་དུ་རྒྱལ་སྲས་ཐུ་བོར་སྐྱེས། །དོན་གཉིས་ལྷུན་གྲུབ་མཆོག་ཟུང་རྗེས་འགྲོར་ཤོག །ལྷང་ལྷང་ཤིས་བརྗོད་ཏམྦུ་ར་ཡི་སྒྲ། །སྙན་སྙན་སྐལ་ལྡན་རྣ་བར་བསྒྲགས་པ་ན། །མཛེས་མཛེས་རྫོགས་ལྡན་དགའ་སྟོན་དར་དྲག་པས། །


GTN006_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཁྱབ་བཀྲ་ཤིས་མེ་ཏོག་ས་གསུམ་ཁྱབ། །དེ་ལྟར་ཞིང་སྒྲུབ་བཤད་པ་འདི་རང་ལ་ཁྱབ་བདག་རྡོ་རྗེ་འཆང་དབང་གྲུབ་བརྙེས་དཔལ་ལྡན་ཆོས་རྒྱལ་གྱིས་དབང་ལུང་གི་རྗེས་སུ་བཟུང་བའི་བཀའ་དྲིན་སྩལ་སྐབས་ཆོས་འདིའི་བདག་པོར་དབུགས་དབྱུང་ཞིང་འཆད་སྤེལ་ཉམས་ལེན་གང་ལའང་བརྩོན་པ་ལྷོད་མི་ཉན་པའི་བཀའ་ནན་ལྟར་རང་ནས་ཀྱང་ཡི་དམ་གྱི་རྩ་བར་བཟུང་ཞིང་། མཁྱེན་བརྩེ་ནུས་ལྡན་མཆོག་སྤྲུལ་བྱང་ཆུབ་རྡོ་རྗེ་ལ་ཡང་མ་དང་མཁའ་འགྲོས་ལུང་སྐུལ་ལྟར་ཉམས་ལེན་མཛད་སྐབས་ལས་བྱང་འདི་ལ་འབྲུ་འགྲེལ་ཞིག་དགོས་ཞེས་ཞུ་རྟེན་གྱི་སྐྱེས་དང་བཅས་བསྐུལ་ཞིང་། ལྷ་འབྲང་རྗེ་དབོན་རིན་པོ་ཆེ་སངས་རྒྱས་བཀྲ་ཤིས་ནས་ཀྱང་གནང་སྐྱེས་བཅས་ཞིང་སྒྲུབ་ཆོ་ག །དབང་། བྱང་ཆོག །སྦྱིན་སྲེག་བཅས་ཀྱི་རྩ་འགྲེལ་རྫོགས་རིམ་ལྟོ་སྦྱར་ཟིན་བྲིས་གསལ་རྒྱས་ཁུངས་ཐུབ་པར་དུ་སྤེལ་ལོ་བ་ཞིག་དགོས་པའི་གསུང་ནན་དང་། ཟུར་གསལ་དྲི་རྟོག་ཞུས་ལན་ཡང་སྩལ་བས་འཕྲལ་དུ་སྒྲུབ་གལ་ཆེ་ཡང་། ཆོས་བརྒྱད་རྣམ་གཡེངས་དང་དགོན་ཧྲུལ་ཁ་འཛིན་གྱིས་ཡུན་དུ་འགྱངས་པ། རབ་ཡིད་ཕུར་བུ་ཞེས་པ་ས་སྤྲེལ་ས་ག་ཟླ་བའི་དམར་ཕྱོགས་ལ། དམ་པའི་གདན་ས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགོན་སྟོད་ནོར་བུ་རྩེའི་རང་ཤག་བདེ་ཆེན་མངོན་དགའི་ཞོལ་བདེ་བ་ཅན་ཞེས་པར་ཤཱཀྱའི་དགེ་སློང་སྤྲུལ་མིང་འཆང་བ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལམ། བརྡའ་སྤྲོད་ཀུན་བཤད་ཀྱི་མིང་དུ་འཇམ་དབྱངས་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་སུ་ཀཿཐོག་པི་ཏ་


GTN006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་སྩལ་བས་སྦྱར་བ། ཡི་གེ་གཉིས་པར་སྤེལ་པ་པོ་རང་སློབ་ལྔ་རིག་པ་ཆེན་པོ་སྒྲ་རབ་དགེ་སློང་བློ་གྲོས་མཆོག་རྒྱས་སོ། །༈ ༀ་སྭ་སྟི། ངོ་བོ་ཀ་དག་ཆོས་དབྱིངས་གདོད་མའི་མགོན། །རང་བཞིན་ལྷུན་གྲུབ་ལྔ་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེ་འགག་མེད་སྤྲུལ་བསྒྱུར་མཐའ་ཡས་པའི། །སྐུ་གསུམ་སྟོན་པ་མཆོག་ལ་གུས་ཕྱག་འཚལ། །འོད་མཚན་སྟོང་འབར་ཐུགས་བསྐྱེད་སྒྱུ་འཕྲུལ་གར། །སིནྡྷུའི་མཚོ་དབུས་པདྨ་གེ་སར་ལས། །ལེགས་འཁྲུངས་སྔགས་ཀྱི་སྟོན་པ་མཚོ་སྐྱེས་རྗེ། །པདྨ་ཀ་ར་ཚེ་རབས་གཏན་གྱི་སྐྱབས། །དབང་ཆེན་པདྨ་གསུང་གི་གྲུབ་བརྙེས་མཆོག །མཆོག་དབྱངས་རྣམ་སྤྲུལ་མཚུངས་མེད་གཏེར་ཆེན་རྗེ། །རྗེ་བཙུན་ཆེན་པོ་རིག་འཛིན་བསམ་གཏན་གླིང་། །གླིང་མཆོག་འདི་ན་ཉི་ཟླ་ལྟ་བུར་གྲགས། །དམ་པ་མཆོག་དེའི་ཟབ་གཏེར་ཆོས་བདག་ཏུ། །འཁྲུལ་མེད་རྡོ་རྗེའི་གསུང་གིས་ལུང་བསྟན་པ། །


GTN006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གཉིས་མངོན་མཛད་དཔལ་ལྡན་ཆོས་ཀྱི་རྒྱལ། །རང་རིག་གདོད་མའི་མགོན་དུ་ངེས་པ་རྙེད། །ཕུལ་བྱུང་མཁྱེན་རབ་ཉིན་བྱེད་འོད་སྟོང་གིས། །རྒྱལ་བསྟན་རིན་ཆེན་མཆོག་དུ་གསལ་མཛད་པ། །ངེས་པ་དོན་ཀྱི་པཎ་ཆེན་ཐམས་ཅད་མཁྱེན། །འཇམ་དབྱངས་དགྱེས་པའི་བློ་གྲོས་བསྟན་འགྲོའི་མགོན། །གང་དེའི་ཞལ་ལུང་འོད་སྣང་ཞིང་སྒྲུབ་ཀྱི། །ཟིན་བྲིས་ཐར་ལམ་སྣང་བའི་སྒྲོན་མེ་མཆོག ། གཅིག་ལས་དུ་མར་སྣང་བའི་ངོ་མཚར་འཕྲུལ། །མི་ཟད་ཆོས་ཀྱི་སྦྱིན་པ་འདི་ན་སྤེལ། །ཚུལ་འདི་གསང་ཆེན་བླ་མེད་ཐེག་པ་ཡི། །སྨིན་གྲོལ་རིམ་གཉིས་ནོར་བུའི་བང་མཛོད་ལ། །རང་དབང་བསྒྱུར་བའི་ལྡེ་མིག་མཆོག་ཡིན་པས། །ཐར་འདོད་རྣམས་ཀྱིས་གཅེས་པའི་ནོར་བུ་ཟུང་། །འདིར་འབད་ལྷག་བསམ་སྟོན་ཟླ་ལྟར་དཀར་དང་། །དུས་གསུམ་བསགས་པའི་དགེ་ཚོགས་ལ་བརྟེན་ནས། །རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི། །རིང་ལུགས་དབྱར་གྱི་མཚོ་ལྟར་འཕེལ་རྒྱས་ཤོག །


GTN006_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་པད་བརྟན། །བསྟན་པའི་སྦྱིན་བདག་ཆོས་རྒྱལ་མངའ་ཐང་རྒྱས། །འགྲོ་ཀུན་རྣམ་དཀར་དགེ་བཅུར་ལེགས་སྤྱོད་པས། །དུས་བསྐལ་རྫོགས་ལྡན་དཔལ་ལ་འདྲེན་ནུས་ཤོག །བདག་ཀྱང་སྐྱེ་ནས་སྐྱེ་བ་ཐམས་ཅད་དུ། །མདོ་སྔགས་བསྟན་ལ་བྱ་བ་མཐར་ཕྱིན་ཅིང་། །དབང་དང་རིམ་གཉིས་ཡེ་ཤེས་ལ་བརྟེན་ནས། །རང་གཞན་དོན་གཉིས་ལྷུན་གྲུབ་འབྱུང་བར་ཤོག །མཁའ་ཁྱབ་འགྲོ་ཀུན་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་མཐར་ཕྱིན་བདེ་ལྡན་ཞིང་ཁམས་སུ། །འོད་སྣང་དཔག་ཏུ་མེད་པའི་ཞལ་མཐོང་ཞིང་། །ཀུན་ཀྱང་རྫོགས་པའི་སངས་རྒྱས་མཆོག་ཐོབ་ཤོག །ཅེས་བདེ་ཆེན་ཞིང་སྒྲུབ་ཀྱི་ཟིན་བྲིས་ཐར་ལམ་སྣང་བའི་སྒྲོན་མེ་འདི་ཉིད་ལྷ་འབྲང་སྒྲུབ་སྡེར་ཆོས་སྦྱིན་འཛད་པ་མེད་པའི་པར་དུ་བསྒྲུབ་སྐབས་ལྷ་འབྲང་རྗེ་དབོན་རིན་པོ་ཆེ་མཆོག་ནས་ཕྲན་ལ་ཞུས་དག་དགོས་པའི་བཀའ་ཕེབས་བཞིན་ཞབས་ཕྱི་ཞུས་ཤིང་པར་བྱང་ཉུང་ཙམ་འདི་ཡང་རང་དང་གཞན་གྱི་གྲུབ་པའི་མཐའ་མང་དུ་ཐོས་པ་དྲུང་མིང་ཕྲིན་ལས་རྒྱ་མཚོར་འབོད་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒལཾ། དགེའོ། །དགེའོ། །དགེའོ།། །།


previousབསམ་གཏན་གླིང་པའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཟིན་བྲིས་ཐར་ལམ་སྣང་བའི་སྒྲོན་མེ།next