Nitartha Digital Library
Tibetan
 
previousལེའུ་གསུམ་པ། ཡོན་ཏན་གྱི་སྐབས། next

ལེའུ་གསུམ་པ། ཡོན་ཏན་གྱི་སྐབས།

༈ ད་ནི་བྱང་ཆུབ་ཆེན་པོ་ལ་གནས་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་དབང་དུ་བྱས་ནས། རྟོགས་པའི་ཡན་ལག་ཡོན་ཏན་གྱི་དོན་ལ་གཉིས། སྐུ་གཉིས་དང་སྦྱར་ཏེ་གྲངས་ཀྱི་དབྱེ་བ་དང༌། ཕྱེ་བའི་ཡོན་ཏན་གཏན་ལ་དབབ་པའོ། །

དབྱེ་བ་ལ་གཉིས་ལས། སྐུ་དང་ཡོན་ཏན་ཕྱེ་སྟེ་བསྟན་པ་ནི། སངས་རྒྱས་ཞེས་པའང་ར༷ང་དོ༷ན་ཕུན་སུམ་ཚོགས་པ་དང༌། གཞ༷ན་དོ༷ན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོ༷ན་དོན་ད༷མ་པ་ཆོས་ཀྱི་སྐུ༷་ད༷ང་ནི༷། དེ༷་ལ༷་བརྟེ༷ན་པ༷འི་གཞན་དོན་ཀུ༷ན་རྫོ༷བ་གཟུགས་ཀྱི་སྐུ༷་དེ་ཉི༷ད་དེ༷། སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང༌། དེ་དག་ལ་ཡོད་པ་ལ་བརྟེན་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ལ་ཡོད་པ་བྲ༷ལ་བའི་འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་ད༷ང༌། གཟུགས་སྐུ་ལ་ཡོད་པ་རྣ༷མ་པ༷ར་སྨི༷ན་པ༷འི་འབྲ༷ས་བུ༷་ནི༷་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། གཉིས་ཀ་བསྡོམས་པ་ལས་ཡོ༷ན་ཏ༷ན་གྱི་དབྱེ༷་བ༷་དྲུ༷ག་ཅུ༷་རྩ་བཞི༷་པོ་འདི༷་ད༷ག་ཡིན་ནོ། །ཞེས་པའོ། །

དེ་དག་སོ་སོར་སྦྱོར་བ་ནི། བད༷ག་ཉི༷ད་ཀྱི༷་ནི༷་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱོ༷ར་པ༷འི་ཞིང་ལྷུན་གྱིས་གྲུབ་པའི་གན༷ས་སམ་གཞི་ནི་འཕགས་པའི་ཡེ་ཤེས་ད༷མ་པ༷འི་སྤྱོད་ཡུལ་གྱི་དོ༷ན་དུ་ཆོས་ཀྱི༷་སྐུ༷་མངོན་སུམ་དུ་གྱུར་པ་ཉིད་ཡི༷ན་ཏེ༷། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་རྣ༷མས་ཀྱི༷་བརྡ༷་ཙམ་ཐ་སྙད་ཙམ་དུ་བསྟན་པའི༷་གཟུགས་ཀྱི་སྐུ༷་ནི་གདུལ་བྱ་ཕ༷་རོ༷ལ་པོ་རྣམས་ཀྱི་དོན་ཕུ༷ན་སུ༷མ་ཚོ༷གས་པ་ཐམས་ཅད་འབྱུང་ཞིང་ལྷུན་གྱིས་གྲུབ་པ༷འི་གན༷ས་སམ་གཞི་ཡིན་ལ། དེ་དག་ལས་ད༷ང་པོ༷ར་གྱུར་པའི་ཆོས་ཀྱི་སྐུ༷་ནི༷་སྟོ༷བས་བཅུ་དང་མི་འཇིགས་པ་བཞི་ལ༷་སོ༷གས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་སྒྲིབ་པ་དང་བྲ༷ལ་བ་ཙམ་གྱིས་རབ་ཏུ་ཕྱེ་བ༷འི་ཡོ༷ན་ཏ༷ན་རྣ༷མས་ད༷ང༌། རྣམ་པར་དབྱེར་མེད་པར་ལྡ༷ན་ཞིང༌། གཉི༷ས་པ༷་གཟུགས་ཀྱི་སྐུ་ནི་སྐྱེ༷ས་བུ༷་ཆེ༷ན་པོ༷འི་མཚ༷ན་སུམ་ཅུ་རྩ་གཉིས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་རིམ་གྱིས་རྣ༷མ་པར་སྨི༷ན་པའི་ཡོ༷ན་ཏ༷ན་ད༷ག་ད༷ང་ཡང་ལྡ༷ན་པ་ཉིད་དོ། །ཞེས་པའོ། །

ཕྱེ་བའི་ཡོན་ཏན་ལ་བཞི་སྟེ། དཔེ་དོན་སྦྱར་ཏེ་སྡོམ་གྱིས་མདོར་བསྟན། སོ་སོའི་རྣམ་གཞག་རྒྱས་པར་བཤད་པ། དེ་དག་སྟོན་པའི་ལུང་ལས་རྟོགས་ཚུལ། སླར་ཡང་དཔེ་དོན་བསྡུས་ཏེ་བསྟན་པའོ། །

དེ་ལ་མདོར་བསྟན་ནི། རྒྱལ་བའི་སྟོ༷བས་བཅུ་པོ་ཉི༷ད་ཀྱིས་མ་༷རི༷ག་པ་ལ་སོགས་པའི་སྒྲི༷བ་པ་རྣམས་འཇོམས་པ་ལ༷་སྒྲིབ་པས་ནི་སླར་མི་ཕྱེད་པའི་ཕྱིར་རྫས་ཀྱི་དངོས་པོ་རྡོ༷་རྗེ༷ས་དངོས་པོ་གཞན་རྣམས་འཇོམས་ཤིང་དེ་གཞན་གྱིས་མི་ཕྱེད་པ་ཇི་ལྟ་བ་བཞི༷ན་ཡིན་ལ། མི༷་འཇི༷གས་པ་བཞི་པོ་ཉི༷ད་ཀྱིས་ནི༷་འཁོ༷ར་གྱི་ཚོགས་མཐའ་ཡས་པའི་ནང་དུ༷་འཇིགས་པ་དང་བག་ཚ་བ་མེད་པར་ཆོས་སྟོན་པའི་ཕྱིར། སེ༷ང་གེ༷་རི་དྭགས་ཀྱི་ནང་དུ་འཇིགས་པ་མེད་པ་ཇི་ལྟ་བ་བཞི༷ན་ཡིན་ཞིང༌། དེ༷་བཞི༷ན་གཤེ༷གས་པ༷འི་མ༷་འདྲེ༷ས་པའི་ཆོས་བཅོ་བརྒྱད་རྣམས་ནི་གཞན་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ནམ་མཁ༷འ་འབྱུང་བ་བཞི་དང་ཐུན་མོང་མ་ཡིན་པ་ཇི་ལྟ་བ་བཞི༷ན་ཡིན་ཏེ༷། ཐུ༷བ་པ༷འི་གདུལ་བྱ་རྣམས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་བསྟ༷ན་པ༷་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་རྣ༷མ་པ་གཉི༷ས་པོ་ནི་བསྐལ་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེ་དག་གི་ངོ་བོར་གྲུབ་པ་མེད་པའི་ཕྱིར་ཆུ༷་དང་ནམ་མཁའ་ལ་ཤར་བའི་ཟླ༷་བ་ཇི་ལྟ་བ་བཞི༷ན་ནོ། །ཞེས་པའོ། །

རྒྱས་པར་བཤད་པ་ལ་གཉིས་ཏེ། རང་དོན་དོན་དམ་ཆོས་སྐུ་ལ་ཡོད་པ་བྲལ་འབྲས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་དང༌། གཞན་དོན་ཀུན་རྫོབ་གཟུགས་སྐུ་ལ་ཡོད་པ་སྨིན་འབྲས་གྱི་ཡོན་ཏན་རྒྱས་པར་བཤད་པའོ། །བྲལ་འབྲས་ཀྱི་ཡོན་ཏན་ལ་གསུམ་སྟེ། རྒྱལ་བའི་སྟོབས་བཅུ་བཤད་པ་དང༌། མི་འཇིགས་པ་བཞི་བཤད་པ་དང༌། མ་འདྲེས་པ་བཅོ་བརྒྱད་བཤད་པའོ། །

སྟོབས་བཅུ་ལ་གཉིས། མཚོན་བྱ་དོན་གྱི་ངོ་བོ་ངོས་གཟུང་བ་ནི། སྔོན་སློབ་ལམ་གྱི་སྐབས་སུ་ཐེག་པ་ཆེན་པོའི་ཆོས་ལ་དམ་བཅའ་བ་བསྟན་པོ་བྱས་པ་ལས། མཐར་ཆོས་ཀྱི་སྐུས་སངས་རྒྱས་པ་ན། རང་བྱུང་གཉིས་དང་འཁོར་ལོས་སྒྱུར་བ་དག་སྐྱེས་པའི་རྟེན་ལས་འབྱུང་བ་གནས་ཡིན་གྱི་བུད་མེད་ཀྱི་རྟེན་ལས་འབྱུང་བ་གནས་མ་ཡིན་ནོ། །ཞེས་བྱ་བ་ལྟ་བུ་རྒྱུ་འབྲས་སྲིད་པ་དང་མི་སྲིད་པའི་ཚུལ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་གན༷ས་ད༷ང་གན༷ས་མ༷་ཡི༷ན་པ་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་སྔོན་ཡང་ལས་རྒྱུ་འབྲས་ཀྱི་ཆོས་ལ་ཡིད་བརྟན་པར་བྱས་པ་ལས། ལས་མི་དགེ་བ་ལས་རྣམ་པར་སྨིན་པ་མི་འདོད་པ་འབྱུང་ཞིང༌། ལས་དགེ་བ་ལས་རྣམ་པར་སྨིན་པ་འདོད་པ་འབྱུང་ངོ་ཞེས་བྱ་བ་ལྟ་བུ་རྒྱུ་འབྲས་སོ་སོར་ངེས་པའི་རྣམ་པ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ལ༷ས་རྣ༷མས་ཀྱི༷་རྣ༷མ་པར་སྨི༷ན་པ་མཁྱེན་པའི་སྟོབས་ད༷ང༌། སྔོན་ཡང་གདུལ་བྱའི་དབ༷ང་པོ༷་བརྟགས་ནས་དེ་ད༷ང་མཐུན་པར་ཆོས་བསྟན་པ་ལས་སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་རྣོ་བ་དང་འབྲིང་པོ་དང་རྟུལ་པོའི་དབྱེ་བ་ཐམས་ཅད་ཐོགས་པ་མེད་པ་མངོན་སུམ་དུ་རྟོགས་པ་དབང་པོ་མཆོག་དང༌། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། སྔོན་ཡང་གདུལ་བྱའི་ཁ༷མས་དང་མཐུན་པར་བཞུགས་པ་ལས་སེམས་ཅན་རྣ༷མས་གནས་སྐབས་སུ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ལ་གནས་པའོ་ཞེས་བྱ་བ་ལྟ་བུ་རིགས་སམ་ཁམས་ཀྱི་ཁྱད་པར་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ཁམས་རྣམ་པ་སྣ་ཚོགས་མཁྱེན་པའི་སྟོབས་ད༷ང༌། དེ་བཞིན་དུ་ནི༷་སྔོན་ཡང་གདུལ་བྱ་མོ༷ས་པ༷་ད༷ང་མཐུན་པར་ཆོས་བསྟན་པ་ལས། སེམས་ཅན་འདི་དག་ནི་ཐེག་པ་གསུམ་ལས་འདི་ལ་མོས་པའོ་ཞེས་བྱ་བ་ལྟ་བུ་མོས་པའི་བསམ་པ་ཐ་དད་པའི་བྱེ་བྲག་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། སྔོན་ཡང་ཐེག་པ་ཐམས་ཅད་ལ་གོམས་པར་བྱས་པ་ལས་ཁམས་གསུམ་དང་བྱང་ཆུབ་གསུམ་ལ་སོགས་པ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་དུ་འགྲོ་བའི་ལམ་གྱི་དབྱེ་བ་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་ཀུ༷ན་ཏུ་འགྲོ༷་བའི་ལ༷མ་མཁྱེན་པའི་སྟོབས་ད༷ང༌། སྔོན་ཡང་ཏིང་ངེ་འཛིན་མཐའ་ཡས་པ་ལྷུར་བླངས་པ་ལས། གང་ཟག་གཞན་དག་གི་རྒྱུད་ལ་སྐྱེས་པའི་བས༷མ་གཏ༷ན་དང༌། གཟུགས་མེད་པ་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་རྣམས་ཀྱི་ཟག་པ་དང་བཅས་པ་ཀུན་ནས་ཉོ༷ན་མོ༷ངས་པ་དང༌། ཟག་པ་མེད་པ་རྣམ་པར་བྱང་བའི་ཁྱད་པར་ཐམས་ཅད་ཐོགས་པ་མེད་པར་མངོན་དུ་རྟོགས་པ་བསམ་གཏན་ལ་སོགས་པ་ཉོན་མོངས་པ་ཅན་དང་དྲི༷་མ༷་མེ༷ད་པ༷་མཁྱེན་པའི་སྟོབས་ད༷ང༌། སྔོན་ཡང་དགེ་བའི་རྩ་བ་ཆུད་མ་གསན་ཅིང་བག་ཡོད་པར་བྱས་པ་ལས། རང་དང་གཞན་གྱི་ཚེ་རབས་སྔ་མའི་སྤྱོད་པ་ཐམས་ཅད་རྒྱུ་མཚན་དང་བཅས་ཏེ་ཐོགས་པ་མེད་པར་མངོན་དུ་མཁྱེན་པ་སྔོན་གྱི་གན༷ས་ནི༷་རྗེ༷ས་སུ༷་དྲ༷ན་པ༷འི་སྟོབས་ད༷ང༌། སྔོན་ཡང་སེམས་ཅན་གཞན་དཔའ་མི་བསྐོང་ཞིང་དེ་དག་གི་སྣང་བར་གྱུར་པས་དོན་ཇི་ལྟ་བ་བཞིན་ཆོས་བསྟན་པ་ལས་སེམས་ཅན་རྣམས་ཀྱི་གང་ནས་འཆི་འཕོ་བ་དང༌། གང་དུ་སྐྱེ་བའི་ཚུལ་སྲིད་པ་བར་མའི་བཟང་ངན་གྱི་བྱེ་བྲག་ཐམས་ཅད་ཐོགས་པ་མེད་པར་མངོན་སུམ་དུ་མཁྱེན་པ་ལྷ༷འི༷་མི༷ག་གི་མངོན་པར་ཤེས་པའི་སྟོབས་ད༷ང༌། སྔོན་ཡང་ཟག་པ་ཟད་པར་བྱ་བའི་ཕྱིར་ཆོས་བསྟན་པ་ལས། རང་གཞན་གྱི་ཉོན་མོངས་པ་ཞི་ཞིང༌། ཟག་པ་ཟད་པའི་རྣམ་པ་ཐམས་ཅད་དུ་ཐོགས་པ་མེད་པར་མངོན་དུ་རྟོགས་པ་ཞི༷་བ༷་ད༷ག་མཁྱེ༷ན་པ༷འི་སྟོབས་ཏེ། དེ་ལྟར་ན་རང་རང་གི་རྒྱུད་དང་རྗེས་སུ་མཐུན་པར་སྤང་བྱ་ལས་རྒྱལ་བའི་སྟོ༷བས་ནི༷་རྣ༷མ་པ༷་བཅུ༷་མངོན་སུམ་དུ་གྱུར་པ་རང་གཞན་གྱི་མི་མཐུན་པའི་ཕྱོགས་བདུད་བཞི་འཇོམས་པར་མཛད་པའོ། །ཞེས་པའོ། །

མཚོན་བྱེད་དཔེ་ཡིས་ངེས་པར་བྱ་བ་ནི།

རྒྱུ་འབྲས་གན༷ས་ད༷ང་གན༷ས་མི༷ན་མཁྱེན་པའི་སྟོབས་དང༌། ལས་དང་རྣ༷མ་པར་སྨི༷ན་པ་བདག་གིར་བྱ་བའི་སྟོབས་དང༌། གདུལ་བྱའི་ཁ༷མས་སམ་རིགས་སྣ་ཚོགས་མཁྱེན་པའི་སྟོབས་ད༷ང༌། འགྲོ༷་བ༷འི་ལམ་ཐ་དད་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། སེམས་ཅན་གྱི་མོ༷ས་པ༷འམ་བསམ་པ་སྣ༷་ཚོ༷གས་པ་མཁྱེན་པའི་སྟོབས་ད༷ང༌། གདུལ་བྱ་རྣམས་ཀྱི་དད་པ་ལ་སོགས་པ་དབ༷ང་པོ༷འི་ཚོ༷གས་མཆོག་ད༷ང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་ཉོ༷ན་མོ༷ངས་པ་ཅན་དང༌། རྣ༷མ་པར་བྱ༷ང་བའི་ཁྱད་པར་མཁྱེན་པའི་སྟོབས་དང༌། སྔོ༷ན་གྱི་གན༷ས་རྗེ༷ས་སུ༷་དྲ༷ན་པ༷འི་མངོན་པར་ཤེས་པའི་སྟོབས་ད༷ང༌། ལྷ༷འི༷་མི༷ག་གིས་འཆི་འཕོ་བ་ད༷ང་སྐྱེ་བ་མཁྱེན་པའི་སྟོབས་དང༌། རང་གཞན་གྱི་ཟ༷ག་པ༷་ཟ༷ད་པའི་ཚུ༷ལ་མཁྱེན་པའི་སྟོབས་རྣམས་ཀྱིས་རང་རང་གི་མི༷་མཐུན་པའི་ཕྱོགས་མི་ཤེ༷ས་པ་ལ་སོགས་པའི་སྒྲིབ་པ་གོ༷་ཆ༷་སྲ་བ་དང༌། རྩི༷ག་པ་བརྟ༷ན་པོ་ད༷ང་ཤི༷ང་ནགས་འཐིབས་པོ་དང་འདྲ་བ་རྣ༷མས་རིམ་པ་ལྟར་འབི༷གས་པར་བྱེད་པ་ད༷ང་འཇི༷ག་པར་བྱེད་པ་ད༷ང་གཅོ༷ད་པའི་ཕྱི༷ར་དང༌། རྒྱལ་པའི་སྟོ༷བས་བཅུ་པོ་ག༷ང་ཡི༷ན་པ༷་དེ་རྣམས་ནི་རྫས་ཀྱི་དངོས་པོ་རྡོ༷་རྗེ༷་ཇི་ལྟ་བ་བཞི༷ན་ནོ་ཞེས་བྱ་སྟེ། དེ་ཡང་འཆད་པར་འགྱུར་བ་ལྟར་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་པོ་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་སྲ་བ་དང་འདྲ་བ་རྣམས་འབིགས་པར་བྱེད་པའི་ཕྱིར་རྡོ་རྗེ་དང་མཚུངས་ཤིང༌། བསམ་གཏན་ལ་སོགས་པ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གི་མངོན་པར་ཤེས་པའི་སྟོབས་གསུམ་གྱིས་སྙོམས་འཇུག་གི་སྒྲིབ་པ་རྩིག་པ་བརྟན་པོ་དང་འདྲ་བ་འཇིག་པར་བྱེད་པའི་ཕྱིར་ན་རྡོ་རྗེ་དང་མཚུངས་ལ། ཟག་པ་ཟད་པ་མཁྱེན་པའི་སྟོབས་གཅིག་གིས་ཉོན་མོངས་པའི་སྒྲིབ་པ་ཤིང་ནགས་འཐིབས་པོ་དང་འདྲ་བ་རྣམས་གཅོད་པར་བྱེད་པའི་ཕྱིར་རྡོ་རྗེ་དང་མཚུངས་སོ། །ཞེས་བྱ་བའོ། །

མི་འཇིགས་པ་ལ་གཉིས་ཏེ། དོན་གྱི་ངོ་བོ་ངོས་བཟུང་བ་དང༌། དཔེ་ཡིས་ངེས་པར་བྱ་བའོ། །དོན་ལ་གཉིས། ངོ་བོ་ནི། སྔོན་ཡང་སེམས་སྙོམས་པའི་སྒོ་ནས་སེར་སྣ་མེད་པར་ཆོས་བསྟན་པ་ལས། རང་དོན་ལས་བརྩམས་ཏེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཆོ༷ས་མ་ལུས་པ་ཀུན་མངོན་སུམ་དུ་རྟོགས་པའི་ཚུལ་གྱིས་བདག་ཉིད་མངོན་པར་རྫོ༷གས་པ༷ར་བྱ༷ང་ཆུ༷བ་བོ་ཞེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་ད༷ང༌། སྔོན་ཡང་བར་དུ་གཅོད་པའི་ཆོས་རྣམས་ལ་མ་བརྟེན་པ་ལས་གཞན་དོན་ལས་བརྩམས་ཏེ་ཐར་པ་ཐོབ་པའི་གེ༷གས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ནི༷་འགོ༷ག་པ༷ར་བྱེ༷ད་དགོས་སོ་ཞེས་བར་དུ་གཅོད་པའི་ཆོས་ཐམས་ཅད་སྟོན་པ༷་ལ་མི་འཇིགས་པ་ད༷ང༌། སྔོན་ཡང་དཀར་པོའི་ཆོས་ལ་མོས་པ་རྣམ་པར་བྱ་བའི་ལམ་དུ་ཞུགས་པ་ལས། གཞན་དོན་ལས་བརྩམས་ཏེ་འཁོར་བ་ལ་ངེས་པར་འབྱུང་བའི་ཐེག་པ་གསུམ་གྱི་ལ༷མ་ཐམས་ཅད་སྟོ༷ན་པ༷་ལ་མི་འཇིགས་པ་ད༷ང༌། སྔོན་ཡང་ང་རྒྱལ་མེད་པར་ཆོས་བསྟན་པ་ལས་རང་དོན་ལས་བརྩམས་ཏེ་སྤང་བྱ་མ་ལུས་པ་ཟད་པའི་འགོ༷ག་པ་ཐོབ་ཅེས་ཞལ་གྱིས་བཞེས་པ་ལ༷་མི༷་འཇིག༷ས་པ༷་སྟེ། དེ་ལྟར་དོན་རྣ༷མ་པ༷་བཞི༷་ལས་བརྩམས་ནས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས། འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲགས། ཚངས་པའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་དཀའ་ཐུབ་དང་རིགས་དང་ལོངས་སྤྱོད་དང་ནུས་པ་དང་ཆགས་བྲལ་གྱིས་ང་རྒྱལ་བའི་དགེ་སྦྱོང་དང་བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་སུས་ཀྱང་ཆོས་དང་མཐུན་པའི་སྒོ་ནས་རྒོལ་བའམ་རྒོལ་བའི་མཚན་མ་ཡང་དག་པར་རྗེས་སུ་མཐོང་བས། ལུས་བདེ་བ་དང་ངག་བག་ཚ་བ་མེད་པ་དང༌། སེམས་འཇིགས་པ་མེད་པ་ཐོབ་པའི་ཕྱིར། སངས་རྒྱས་རྣམས་ཀྱི་མི་འཇིགས་པའི་ཡོན་ཏན་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པའོ། །

བྱེད་ལས་ནི། མི་འཇིགས་པ་བཞི་བརྙེས་པ་ལ་བརྟེན་ནས་བད༷ག་ཉིད་དང་གཞ༷ན་རྣམས་ཀྱི་དོན་ལས་བརྩམས་ཏེ། ཤེ༷ས་པར་བྱ༷་བའི༷་དངོ༷ས་པོ༷་སྡུག་བསྔལ་ལ་སོགས་པའི་རྣ༷མ་པ་ཀུ༷ན་བདག་ཉིད་ཀྱིས་ཤེ༷ས་སོ་ཞེས་ཞལ་གྱིས་བཞེས་པ་ད༷ང༌། གཞན་དག་གིས་ཀྱང་ཤེས་པར་བྱ་བའི་དོན་དུ་ཤེ༷ས་བྱ་སྡུག་བསྔལ་ལ་སོགས་པའི་ཆོས་ཐམས་ཅད་སྟོན་པར་མཛ༷ད་པའི་ཕྱི༷ར་དང༌། སྤ༷ང་བར་བྱ་བའི་དངོ༷ས་པོ་ལས་དང་ཉོན་མོངས་པ་ལ་སོགས་པའི་ཀུན་འབྱུང་རྣམས་བདག་ཉིད་ཀྱིས་སྤ༷ངས་སོ་ཞེས་ཞལ་གྱིས་བཞེས་པ་ད༷ང༌། གཞན་དག་གིས་ཀྱང་སྤོ༷ང་བར་བྱ་བའི་དོན་དུ་བར་དུ་གཅོད་པ་ཀུན་འབྱུང་གི་ཆོས་ཐམས་ཅད་སྟོན་པར་མཛ༷ད་པའི་ཕྱི༷ར་ད༷ང༌། བསྟེ༷ན་པར་བྱ༷་བ་ལམ་གྱི་བདེན་པའི་རྣམ་པ་ཐམས་ཅད་བདག་ཉིད་ཀྱིས་བསྟེ༷ན་ཏོ། །ཞེས་ཞལ་གྱིས་བཞེས་པ་དང༌། གཞན་དག་གིས་ཀྱང་བསྟེན་པར་བྱ་བའི་དོན་དུ་ངེས་པར་འབྱིན་པའི་ལམ་གྱི་ཆོས་ཐམས་ཅད་སྟོན་པར་མཛད་པ༷འི་ཕྱི༷ར་དང༌། ཐོ༷བ་པར་བྱ༷་བ་བླ༷་ན་མེ༷ད་ཅིང་ཤི༷ན་ཏུ༷་དྲི༷་མ་མེ༷ད་པ་འགོག་པའི་བདེན་པ་དག་པ་གཉིས་ལྡན་བདག་གིས་ཐོ༷བ་བོ་ཞེས་ཞལ་གྱིས་བཞེས་པ་ད༷ང༌། གཞན་དག་གིས་ཀྱང་ཐོ༷བ་པར་བྱ་བའི་དོན་དུ་ཟག་པ་ཟད་པ་འགོག་པའི་ཆོས་སྟོན་པར་མཛ༷ད་པའི་ཕྱི༷ར་ཏེ། དེ་ལྟར་ན་ར༷ང་ཉིད་ཀྱིས་ལེགས་པར་རྟོགས་པ་ཞལ་གྱིས་བཞེས་པ་དང༌། གཞ༷ན་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་རྟོགས་པར་བྱ་བའི་དོ༷ན་དུ། འཕགས་པའི་བདེ༷ན་པ་བཞི་གསུ༷ངས་པ་ལ་ནམ་ཡང་འཇིགས་པ་མེད་པའི་ཕྱི༷ར། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པའི་དཀྱིལ་འཁོར་ག༷ང་དུ༷འ༷ང་དམ་པའི་ཆོས་གསུང་བ་ལ་ཐོ༷གས་པ༷་མེ༷ད་པར་འཇུག་གོ །ཞེས་པའོ། །

དཔེ་ཡིས་ངེས་པར་བྱ་བ་ནི། ཇི༷་ལྟ༷ར་ན་རི༷་དྭ༷གས་ཀྱི་དབ༷ང་པོ༷་སེང་གེ་ནག༷ས་ཚལ་སྟུག་པོའི་མཐ༷ར་རྟ༷ག་པར་གནས་ཀྱང་རུང་འཇི༷གས་པ་མེ༷ད་ཅིང༌། སྟག་དང་གླང་པོ་ཆེ་ལ་སོགས་པའི་སྟོབས་པོ་ཆེ་དང་ལྡན་པའི་རི༷་དྭ༷གས་རྣ༷མས་ལ༷་སྐྲ༷ག་པ༷་མེ༷ད་པ༷ར་རྒྱུ༷་བ༷་ན། རང་ཉིད་ལེགས་པར་གནས་པ་དང༌། གཞན་ལ་ལྟོས་པ་མེད་པ་དང༌། བློ་བརྟན་པ་དང༌། རྩལ་ཕུན་སུམ་ཚོགས་པ་དང་ལྡན་པ་ལྟ༷ར། དེ༷་བཞི༷ན་དུ་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་ང་རྒྱལ་ཅན་མང་པོ་འདུས་པའི་ཚོ༷གས་ན༷་ཐུ༷བ་པ༷འི་དབ༷ང་པོ༷་མིའི་སེ༷ང་གེ༷་ཡ༷ང་འཇིགས་པ་དང་སྐྲག་པ་མེད་ཅིང་བདག་ཉིད་མཆོག་ཏུ་གྱུར་པས་ལེ༷གས་པར་གན༷ས་པ་དང༌། གཞན་ལ་རག་མ་ལུས་པས་ལྟོ༷ས་པ་མེ༷ད་པ་དང༌། རྟག་ཏུ་མཉམ་པར་བཞག་པས་ཐུགས་བརྟ༷ན་པ་དང༌། སྤང་བྱ་ཤིན་ཏུ་ཕྲ་བ་རྣམས་ཀྱང་སྤངས་པ༷ས་རྩ༷ལ་ཕུན་སུམ་ཚོགས་པ་ད༷ང་ལྡ༷ན་པ༷ར་གན༷ས་སོ། །ཞེས་པའོ། །

མ་འདྲེས་པ་ལ་གཉིས། དོན་དངོས་བསྟན་པ་དང༌། དཔེ་དང་སྦྱར་བའོ། །དོན་དངོས་བསྟན་པ་ལ་གཉིས། མ་འདྲེས་པ་བཅོ་བརྒྱད་སོ་སོའི་དབྱེ་བ་དང༌། སླར་ཡང་བཤད་དེ་བྱེད་ལས་དང་ཐོབ་ཚུལ་ལོ། །དབྱེ་བ་ལ་གཉིས་ཏེ། ཕྱེ་སྟེ་རྒྱས་པར་བཤད་པ་དང༌། བསྡུས་ཏེ་གཞན་ཡང་བསྟན་པའོ། །

རྒྱས་པར་བཤད་པ་ལ་སྡེ་ཚན་བཞི་ལས། སྤྱོད་པས་བསྡུས་པ་དྲུག་ནི། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ལ་ཕྱིན་ཅི་ལོག་མི་མངའ་བ་སྟོན་པའོ། །དེ་ཡང་སྔོན་སློབ་ལམ་གྱི་གནས་སྐབས་སུ་ལམ་སྟོར་བའི་སེམས་ཅན་རྣམས་ལ་ལམ་མ་ནོར་བར་སྟོན་པ་ལ་སོགས་པ་གོམས་པར་བྱས་པས་མཐར་སངས་རྒྱས་པ་ན་མཆོང་བ་དང་རྒྱུག་པ་ལ་སོགས་པ་དུག་གསུམ་གྱིས་ཀུན་ནས་བླང་བའི་འཁྲུ༷ལ་བ་མི་མངའ་བ་སྟེ། སྐུའི་སྤྱོད་པ་ཐུན་མོང་མ་ཡིན་པ་གཅིག་ད༷ང༌། སྔོན་རྩོད་པ་མེད་པ་ལྷུར་བླངས་ཤིང་རྫུན་ཚིག་དང་མུ་ཅོར་སྨྲ་བ་ལ་སོགས་པ་སྤངས་པ་ལས་རྩོད་པ་དང་ཀྱལ་ཀ་ལ་སོགས་པ་ཉོན་མོངས་ལས་ཀུན་ནས་བླངས་པའི་ཅ༷་ཅོ༷་མི༷་མང༷འ་བ་སྟེ༷། གསུང་གི་སྤྱོད་པ་ཐུན་མོང་མ་ཡིན་པ་གཅིག་དང༌། སྔོན་རྗེས་སུ་དྲན་པ་དྲུག་གོམས་པར་བྱས་པ་ལས་སྟོ༷ན་པ་སངས་རྒྱས་ལ༷་འདས་པའི་དོན་རྗེད་པའི་དྲ༷ན་པ༷་ཉ༷མས་པ་མི༷་མང༷འ་བ་དང༌། སྔོན་གཞན་གྱི་སེམས་བསྲུང་བ་ལ་སོགས་པ་གོམས་པར་བྱས་པ་ལས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ཤིང༌། རྗེས་ཐོབ་རྣམ་པར་གཡེང་བ་ལ་སོགས་པ་མཉ༷མ་པ༷ར་མ༷་བཞ༷ག་པའི་ཐུ༷གས་མི༷་མང༷འ་བ་དང༌། སྔོན་སེམས་དང་འདུ༷་ཤེ༷ས་ཕྱིན་ཅི་ལོག་སྤོང་བ་ལ་སོགས་པ་གོམས་པར་བྱས་པ་ལས་འཁོར་བ་དང༌། མྱ་ངན་ལས་འདས་པ་རང་བཞིན་ཐ་དད་དུ་འཛིན་པའི་འདུ་ཤེས་སྣ༷་ཚོ༷གས་པ་རྣམས་ཀྱ༷ང་མི༷་མང༷འ་བ་དང༌། སྔོན་བདག་གཞན་མཉམ་པ་ཉིད་དང་སྲིད་ཞི་མཉམ་པ་ཉིད་ལ་སོགས་པ་གོམས་པར་བྱས་པ་ལས། གདུལ་བྱ་དུས་ལ་བབ་ཀྱང་སོ་སོར་མ༷་བརྟ༷གས་པའི་སྒོ་ནས་ཡལ་བར་འདོར་བའི་བཏ༷ང་སྙོ༷མས་མི༷་མང༷འ་བ་སྟེ༷། ཐུགས་ཀྱི་སྤྱོད་པ་ཐུན་མོང་མ་ཡིན་པ་བཞིའོ། །

རྟོགས་པས་བསྡུས་པ་དྲུག་ནི།

དེ་བཞིན་གཤེགས་པའི་དབང་པོ་གནས་དང་འབྲས་བུར་བཅས་པ་ལས་མ་ཐོབ་པའི་ཉམས་པ་མི་མངའ་བ་སྟོན་པ་སྟེ། དེ་ཡང་སྔོན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚོལ་བ་ལ་སོགས་པ་གོམས་པར་བྱས་པ་ལས། དཀོན་མཆོག་གི་གདུང་རྒྱུན་མི་འཆད་པ་དང༌། སེམས་ཅན་ལ་ཕན་པ་དོན་དུ་གཉེར་བའི་འདུ༷ན་པ་ཉམས་པ་མི་མངའ་བ་ད༷ང༌། སྔོན་བླ་མ་བསྟེན་པ་དང༌། སེམས་ཅན་སྨིན་པ་ལ་སོགས་པའི་བརྩོ༷ན་འགྲུ༷ས་གོམས་པར་བྱས་པ་ལས། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་ཉམས་པ་མི་མངའ་བ་དང༌། སྔོན་དྲ༷ན་པ༷་ཉེ་བར་བཞག་པ་ལ་སོགས་པ་གོམས་པར་བྱས་པ་ལས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གཟིགས་པའི་དྲན་པ་ཉམས་པ་མི་མངའ་བ་ད༷ང༌། སྔོན་ཆོས་ཚོལ་བས་མི་ངོམས་པས་ཤེས་རབ་གསུམ་བསྐྱེད་པས་ཆོས་རྣམ་པར་འབྱེད་པའི་ཤེ༷ས་ར༷བ་ཉམས་པ་མི་མངའ་བ་དང༌། སྔོན་འདུ་འཛི་སྤངས་ཏེ་དབེན་པའི་གནས་སུ་རྣལ་འབྱོར་དང་རྣམ་པར་ཐར་པ་ལ་སོགས་པ་གོམས་པར་བྱས་པ་ལས། སྒྲིབ་པ་དང་བྲལ་བའི་རྣ༷མ་པར་གྲོ༷ལ་བ་ཉམས་པ་མི་མངའ་བ་དང༌། སྔོན་གཞན་གྱིས་རྟོགས་པའི་ཆེད་དུ་ཆོས་སྟོན་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ངང་ཚུལ་ཤེས་པ་ལ་སོགས་པ་གོམས་པར་བྱས་པ་ལས། ཆོས་ཐམས་ཅད་ལ་དབང་འབྱོར་བའི་ཤེས་རབ་སྒྲིབ་པ་ལས་རྣ༷མ་པར་གྲོ༷ལ་བ་ཉིད་ཀྱི༷་ཡེ༷་ཤེ༷ས་ཀྱིས་ཤེས་བྱ་ཐམས་ཅད་གཟི༷གས་པ༷་ཉ༷མས་པ་མི༷་མང༷འ་བ་རྣམས་སོ། །འདིར་ཏིང་ངེ་འཛིན་མ་སྨོས་པ་ནི་རྟག་ཏུ་མཉམ་པར་མ་བཞག་པ་མི་མངའ་བའི་ནང་དུ་འདུས་ལ། ཁ་ཅིག་ཏུ་དྲན་པ་མ་སྨོས་པ་ཡང་བསྙེལ་བ་མི་མངའ་བར་འདུས་ཤིང༌། ལ་ལར་ཐམས་ཅད་ཡོད་པ་ལྟར་ན་འདུན་པ་དང་བརྩོན་འགྲུས་གཅིག་ཏུ་བྱས་པའམ། ཡང་ན་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཅིག་ཏུ་བྱས་པ་ཉིད་དོ།།

མཛད་པས་བསྡུས་པ་གསུམ་ནི། ཐུན་མོང་མ་ཡིན་པའི་འཕྲིན་ལས་མཛད་པ་སྟེ། དེ་ཡང་སྔོན་གཡོ་སྒྱུ་ཚུལ་འཆོས་ལ་སོགས་པ་དང་བྲལ་བའི་ཚངས་པར་སྤྱོད་པ་གོམས་པར་བྱས་པ་ལས། ལུས་ཀྱི་ལ༷ས་རྫུ་འཕྲུལ་ལ་སོགས་པ་ཐམས་ཅད་ཡེ༷་ཤེ༷ས་སྔོ༷ན་དུ་འགྲོ༷་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ད༷ང༌། སྔོན་བརྫུན་དུ་སྨྲ་བ་ལ་སོགས་པ་སྤངས་ཤིང་ཕན་པ་དང་རན་པ་དང་ཆོས་དང་ལྡན་པར་སྨྲ་བ་ཉིད་གོམས་པར་བྱས་པ་ལུས་ངག་གི་ལས་ཆོས་སྟོན་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། སྔོན་བརྣབ་སེམས་ལ་སོགས་པ་ཐམས་ཅད་སྤངས་ཤིང་ཡང་དག་པའི་ལྟ་བ་ལ་སོགས་པ་གོམས་པར་བྱས་པ་ལས་ཡིད་ཀྱི་ལས་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བས་ན་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གསུམ་ག་ཡང་ཡེ་ཤེས་སྔོན་དུ་འགྲོ་བ་དང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཉིད་དོ། །ཞེས་པའོ། །

མཁྱེན་པས་བསྡུས་པ་གསུམ་ནི།

ཡེ་ཤེས་ལ་གནས་པ་ཐུན་མོང་མ་ཡིན་པ་སྟེ། དེ་ཡང་སྔོན་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པ་ལ་ཡིད་གཉིས་མི་ཟ་བར་བདག་ཉིད་ཀྱིས་དེ་ཐོབ་པར་མོས་པ་དང༌། བདག་གཞན་ཀྱང་དེ་ལྟ་བུ་ལ་འཇུག་པ་གོམས་པར་བྱས་པ་ལས། རིམ་པ་ལྟར་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ༷་ཤེ༷ས་གཟིགས་པ་འཇུག་པ་དང༌། མ་འོངས་པའི་དུ༷ས་ལ༷་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང༌། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པས་ན་དུས་གསུམ་ལ་འཇུག་པའི་ཡེ་ཤེས་རྣམས་ཆགས་པ་དང༌། ཐོགས་པའི་སྒྲི༷བ་པ༷་གཉིས་མེ༷ད་པའོ། །ཞེས་པའོ། །

བསྡུ་བ་ནི། དེ༷་ལྟ༷ར་ན་སྤྱོད་པས་བསྡུས་པ་དྲུག །རྟོགས་པས་བསྡུས་པ་དྲུག །མཛད་པས་བསྡུས་པ་གསུམ། མཁྱེན་པས་བསྡུས་པ་གསུམ་སྟེ། བཅོ༷་བརྒྱ༷ད་པོ་འདི༷་རྣམས་ད༷ང༌། གཞ༷ན་ཡང་སྐུ་ཚད་མེད་པ་དང་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཁྱད་པར་དུ་འཕགས་པའི་སྤྱི་གཙུག་ལྟར་མི་མངོན་པ་དང༌། རྩི་སྨན་དང་འདྲ་བར་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་སྐྱོན་ཞི་བར་བྱེད་པ་ལ་སོགས་པ་དག་ཀྱང་སྟོ༷ན་པ༷་སངས་རྒྱས་ཁོ་ནའི༷་ཡིན་པས། གང་ཟག་གཞན་དང་མ༷་འདྲེ༷ས་ཤིང་ཐུན་མོང་མ་ཡིན་པར་གྱུར་པའི་ཡོ༷ན་ཏ༷ན་ཡི༷ན་ནོ། །ཞེས་པའོ། །

སླར་ཡང་བཤད་དེ་བྱེད་ལས་དང་འཐོབ་ཚུལ་ནི།

སྐུའི་སྤྱོད་པ་ལ་འཁྲུ༷ལ་བ་མེད་པ་ད༷ང༌། གསུང་གི་སྤྱོད་པ་ལ་ཅ༷་ཅོ༷་མེད་པ་དང༌། ཐུགས་ཀྱི་སྤྱོད་པ་ལ་དོན་བརྙེ༷ལ་བའི་དྲན་པ་མ་ཉམས་པ་ད༷ང༌། ཐུ༷གས་གཡོ༷་བའི་མཉམ་པར་མ་བཞག་པ་མེད་པ་དང༌། འཁོར་འདས་རང་བཞིན་ཐ༷་ད༷ད་དུ་འཛིན་པ་ལ་སོགས་པ་ཉིད་ཀྱི༷ས་ནི༷་འདུ༷་ཤེ༷ས་སྣ་ཚོགས་མེད་པ་ད༷ང༌། གདུལ་བྱ་མ་བརྟགས་པར་རང་གི་ང༷ང་གི༷ས་བཏ༷ང་སྙོ༷མས་སུ་འཇོག་པ་དྲ༷ང་སྲོ༷ང་སངས་རྒྱས་ལ༷་མེ༷ད་པ་སྟེ། སྤྱོད་པས་བསྡུས་པའི་ཡོན་ཏན་དྲུག་དང༌། གཞན་ཕན་དོན་དུ་གཉེར་བའི་འདུ༷ན་པ༷་ཉམས་པ་མི་མངའ་བ་ད༷ང༌། དེ་བཞིན་དུ་ནི༷་གཞན་དོན་ལ་སྤྲོ་བའི་བརྩོ༷ན་འགྲུ༷ས་ཉམས་པ་མི་མངའ་བ་ད༷ང༌། དོན་ཐམས་ཅད་གཟིགས་པའི་དྲ༷ན་པ༷་རྣ༷མ་པར་ད༷ག་པ་ཉམས་པ་མི་མངའ་བ་དང༌། ཉོན་མོངས་པའི་དྲི༷་མ་མེ༷ད་པའི་ཤེ༷ས་ར༷བ་ཉམས་པ་མི་མངའ་བ་དང༌། དུས་རྟ༷ག་ཏུ༷་སྒྲིབ་པ་ལས་རྣ༷མ་པ༷ར་གྲོ༷ལ་བ༷་ཉམས་པ་མི་མངའ་བ་ད༷ང༌། ཤེ༷ས་བྱ༷་ཇི་ལྟ་བ་དང་ཇི་སྙེད་པའི༷་དོ༷ན་ཀུ༷ན་མ་ལུས་པ་མངོན་སུམ་དུ་གཟི༷གས་པ༷་རྣམ་པར་གྲོ༷ལ་བ༷འི་ཡེ༷་ཤེ༷ས་ལ༷ས་ནི༷་ནམ་ཡང་ཉ༷མས་པ་མི༷་མང༷འ་བ་སྟེ། རྟོགས་པས་བསྡུས་པའི་ཡོན་ཏན་དྲུག་དང༌། སངས་རྒྱས་ག༷ང་གི༷་སྐུ་གསུང་ཐུགས་ཀྱི་འཕྲིན་ལ༷ས་གསུ༷མ་པོ་ཐ༷མས་ཅ༷ད་ཀྱང༌། དང་པོར་ཡེ༷་ཤེ༷ས་སྔོ༷ན་དུ་འགྲོ༷་ཞིང་ཕྱི་ནས་ཡེ་ཤེས་ཀྱིས་རྗེ༷ས་སུ༷་འཇུ༷ག་པ༷ས་ཏེ། མཛད་པས་བསྡུས་པའི་ཡོན་ཏན་གསུམ་ད༷ང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དུ༷ས་གསུ༷མ་གྱིས་བསྡུས་པའི་ཤེས་བྱ་རྣམས་ལ་རྟ༷ག་ཏུ༷་ཆགས་པ་དང་ཐོ༷གས་པ༷་མེ༷ད་པ༷ར་ངེས་པའི་ཡེ་ཤེས་རྒྱ༷་ཆེ༷ན་པོ་འཇུ༷ག་པ༷་མཁྱེ༷ན་པ༷ས་བསྡུས་པའི་ཡོན་ཏན་གསུམ་སྟེ༷། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་ག༷ང་རྟོ༷གས་ཤིང་མངོན་སུམ་དུ་གྱུར་པ་ལ་བརྟེན་ནས་གདུལ་བྱའི་འགྲོ༷་བ་ཤིན་ཏུ་མང་བ༷ར་འཇི༷གས་པ་དང༌། བག་ཚ་བ་མེ༷ད་པས་ད༷མ་པའི་ཆོ༷ས་ཀྱི་འཁོ༷ར་ལོ༷་རྒྱ་ཆེ༷ན་པོ༷་ར༷བ་ཏུ་བསྐོ༷ར་བ༷ར་མཛད་ལ། དེ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུ༷གས་རྗེ༷་ཆེ༷ན་པོ༷་ད༷ང་ལྡ༷ན་ཞིང་བདུད་བཞི་ལས་རྒྱ༷ལ་བ༷འི་སྟོན་པ་གཅིག་པུ་ཉི༷ད་ཡིན་ཏེ། དེ༷་ཡང་སང༷ས་རྒྱ༷ས་རྣ༷མས་ཀྱི༷ས་སྔོན་སོ་སོ་དང་རྗེས་སུ་མཐུན་པའི་ལམ་བསྒོམས་ཤིང་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་མངོན་སུམ་དུ་བརྙེ༷ས་སོ། །ཞེས་པའོ། །

དཔེ་དང་སྦྱར་བ་ནི། ས༷་ལ་སོ༷གས་པ་འབྱུང་བ་བཞི་ལ༷་ཡོ༷ད་པའི་ཆོ༷ས་སའི་མཚན་ཉིད་སྲ་བ་དང༌། ཆུའི་མཚན་ཉིད་གཤེར་བ་དང༌། མེའི་མཚན་ཉིད་དྲོ་བ་དང༌། རླུང་གི་མཚན་ཉིད་གཡོ་བ་ག༷ང་ཡི༷ན་པ༷་ལ་སོགས་པ་འདུས་བྱས་ཀྱི་ཆོ༷ས་ཉི༷ད་དེ༷་ནི༷་འདུས་མ་བྱས་ན༷མ་མཁ༷འི་མཚན་ཉིད་མི༷ན་ཞིང༌། ན༷མ་མཁ༷འི་མཚ༷ན་ཉི༷ད་སྒྲི༷བ་པ་མེ༷ད་པ་དང༌། ཐོགས་པ་མེད་པ་དང༌། འདུས་མ་བྱས་པ་ལ༷་སོ༷གས་པའི་ཡོན་ཏན་གང༷་ཡིན་པ་དེ༷་ཡང་འབྱུང་བ་བཞིའི་གཟུ༷གས་ལ༷་མེ༷ད་པས་ཕན་ཚུན་མ་འདྲེས་པ་དེ་བཞིན་དུ། གང་ཟག་གཞན་ལ་ཡོད་པའི་ཆོས་སྐྱེ་འཇིག་ལ་སོགས་པ་རྣམས་སངས་རྒྱས་ལ་མེད་ཅིང༌། སངས་རྒྱས་ཀྱི་ཡོན་ཏན་མཐར་ཕྱིན་པ་རྣམས་གང་ཟག་གཞན་ལ་མངོན་དུ་གྱུར་པ་མེད་པས་མ་འདྲེས་པའི་ཡོན་ཏན་རྣམས་ནི་ནམ་མཁའ་དང་མཚུངས་པའམ། ཡང་ན་དཔེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཉིད་དེ། ས༷་དང་ཆུ༷་དང་མེ༷་དང་རླུ༷ང་དང༌། ན༷མ་མཁ༷འི་ཁམས་རྣམས་ནི་འབྱུང་བ་ཙམ་ལ་སོགས་པར་མཚུ༷ངས་པ༷འི་ཕྱིར་འཇི༷ག་རྟེ༷ན་དག༷་ན༷་ཐུ༷ན་མོ༷ང་ཡིན་པ་ཡང་སྲིད་དེ༷། སངས་རྒྱས་ཀྱི་ཆོས་མ༷་འདྲེ༷ས་པ་ཉི༷ད་ནི༷་ཐ་ན་རྡུ༷ལ་ཕྲ༷ན་ཙ༷མ་ཡ༷ང་འཇི༷ག་རྟེ༷ན་ད༷ག་ན༷་ཐུ༷ན་མོ༷ང་དུ་གྱུར་པ་མི༷ན་པའི་ཕྱིར་ནམ་མཁས་ཀྱང་ཇི་ལྟ་བ་བཞིན་མཚོན་པར་མི་ནུས་སོ། །ཞེས་པའོ། །

སྨིན་འབྲས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་ལ་གཉིས་ལས།

མཚོན་བྱ་མཚན་གྱི་དབྱེ་བ་བཤད་པ་ནི། སྔོན་སློབ་ལམ་གྱི་དུས་སུ་དམ་བཅའ་བ་བརྟན་པར་མཛད་པ་ལས། མཐར་གཟུགས་ཀྱི་སྐུ་སངས་རྒྱས་པ་ན་ཞབས་ཀྱི་མཐིལ་ལེ༷གས་པར་གན༷ས་ཤིང་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་པ་ཉིད་དང༌། དེ་བཞིན་དུ་སྔོན་ཡོད་བྱད་སྣ་ཚོགས་སྦྱིན་པར་བཏང་བ་ལས་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོ༷ར་ལོ༷འི་རི་མོ་རྩིབས་སྟོང་དང་ལྡན་པས་མཚ༷ན་པ༷་ཉིད་ད༷ང༌། སྔོན་གཞན་དག་ཁྱད་དུ་མ་བསད་པ་ལས་ཞབས་ཀྱི་རྟིང་པ་ཡང༷ས་ཤི༷ང་ཞ༷བས་ཀྱི་ལོ༷ང་བུ་མི༷་མངོ༷ན་པར་བྱིན་གྱིས་ཟླུམ་པ་ཉིད་ད༷ང༌། སྔོན་སེམས་ཅན་རྣམས་ཆོས་ཀྱིས་བསྐྱབས་པ་ལས་ཕྱག་དང་ཞབས་ཀྱི་སོ༷ར་མོ༷་རྣམས་རི༷ང་བ་ཉིད་ད༷ང༌། སྔོན་གཞན་གྱི་འཁོར་མ་ཕྱེ་བ་ལས་ཕྱ༷ག་དང་ཞ༷བས་ཀྱི་སོར་མོ་རྣམས་གསེར་གྱི་དྲ༷་བ༷་ཡི༷ས་ནི་འབྲེ༷ལ་བ༷་ཉིད་ད༷ང༌། སྔོན་གོས་བཟང་པོ་སྣ་ཚོགས་བྱིན་པ་ལས་པ༷གས་པ་ཤིན་ཏུ་འཇ༷མ་ཞིང་སྐུ་གཞོ༷ན་ཤ༷་ཅ༷ན་དུ་གནས་པས་ལེ༷གས་པ་ཉི༷ད་དང༌། སྔོན་བཟའ་བ་དང་བཏུང་བ་མཆོག་ཏུ་གྱ་ནོམ་པ་བྱིན་པ་ལས་སྐུ༷་ནི༷་ཞབས་ཀྱི་བོལ་གོང་གཉིས་དང༌། ཕྱག་གི་རྒྱབ་གཉིས་དང༌། ཕྲག་པའི་སྟེང་གཉིས་དང༌། ལྟག་པ་སྟེ་བདུ༷ན་ད༷ག་མཐོ༷་ཞིང་ཤས་རྒྱས་པར་སྣང་བ༷་ཉིད་ད༷ང༌། སྔོན་ཡང་སངས་རྒྱས་ཀྱི་ཆོས་ཡོངས་སུ་གཟུང་བ་ལས་བྱི༷ན་པ༷་རི་དྭགས་ཨེ༷་ནྱ༷་ཡ༷་དང་འདྲ༷་བར་ཟླུམ་ཞིང་གྲིམས་ལ་རིམ་གྱིས་ཕྲ་བ་ཉིད་དང༌། སྔོན་གས༷ང་ཚིག་བསྲུངས་ཤིང་འཁྲིག་པ་སྤངས་པ་ལས་གསང་བའི་གནས་གླ༷ང་པོ༷་ཆེའམ་རྟ་ཅང་ཤེས་བཞི༷ན་དུ༷་སྦུ༷བས་སུ༷་ནུ༷བ་པ་ཉིད་དང༌། སྔོན་དགེ་བའི་ལས་རྒྱ་ཆེན་པོ་མཐར་གྱིས་སྤྱད་པ་ལས་སྐུ༷་སྟོ༷ད་སེ༷ང་གེ༷་དང་འདྲ༷་བ༷ར་རྒྱས་པ་ཉིད་ད༷ང༌། སྔོན་དགེ་བའི་ཆོས་ཡང་དག་པར་སྤྱད་པ་ལས་ཕྲག་པ་གཉིས་ཀྱི་ཐ༷ལ་གོ༷ང་བ༷ར་སྟོང་པ་མེ༷ད་ཅིང་ཤ་རྒྱ༷ས་པ༷་ཉིད་ད༷ང༌། སྔོན་གཞན་ལ་མ་འཇིགས་པ་བྱིན་ཞིང་དབུགས་ཕྱུང་བ་ལས་དཔུ༷ང་བའི་མགོ༷་ལེ༷གས་པར་ཟླུ༷མ་ཞིང་ཕྲག་པའི་ལྷུན་མཛེས་པ་ཉིད་དང༌། སྔོན་གཞན་གྱི་གྲོགས་བྱ་བ་ལ་སྤྲོ་བས་ཞུགས་པ་ལས་ཕྱ༷ག་གཉིས་རེག་བྱ་འཇ༷མ་ཞི༷ང་དབྱིབས་ཟླུ༷མ་ལ་སྦོམ་ཕྲ་མཐོ༷་དམ༷ན་མེ༷ད་པ༷་ད༷ང༌། མ་བཏུད་ཀྱང་ཕྱ༷ག་གི་མཐིལ་གྱིས་པུས་མོའི་ལྷ་ངར་བསླེབས་པས་ཕྱག་རི༷ང་བ་ཉིད་དང༌། སྔོན་དགེ་བ་བཅུས་མི་ངོམས་པར་སྤྱད་པ་ལས་དྲི་མས་ཡོ༷ངས་སུ༷་ད༷ག་པ༷འི་སྐུ༷་འོ༷ད་ཀྱི༷་དཀྱི༷ལ་འཁོ༷ར་ད༷ང་ལྡ༷ན་པ་ཉིད་ད༷ང༌། སྔོན་ནད་པ་རྣམས་ལ་སྨན་སྣ་ཚོགས་པ་བྱིན་པ་ལས་མགྲི༷ན་པ༷་དྲི༷་མ་མེ༷ད་པའི་དུ༷ང་རིམ་པ་གསུམ་དང་འདྲ༷་བ་ཉིད་ད༷ང༌། སྔོན་དགེ་བའི་སྦྱོར་བ་ཡོངས་སུ་རྫོགས་པར་བསྒྲུབས་པ་ལས་འགྲ༷མ་པ༷་རི༷་དྭ༷གས་ཀྱི་རྒྱ༷ལ་པོ༷་སེང་གེ་དང་འ༷དྲ་བར་རྒྱས་པ་ཉིད་དང༌། སྔོན་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བྱས་པ་ལས་ཚེ༷མས་ནི༷་བཞི༷་བཅུ༷་ཐམ་པ་ཚང་ཞིང་སྟེང་འོག་ཉི་ཤུ་ཉི་ཤུ་གྲངས་མཉ༷མ་པ༷་ཉིད་ད༷ང༌། སྔོན་སེམས་ཅན་མི་མཛའ་བ་རྣམས་བསྡུས་པ་ལས་ར༷བ་ཏུ་ད༷ག་ཅིང་བར་མེད་པས་ཚེ༷མས་ཐ༷གས་བཟ༷ང་བ༷་ཉིད་ད༷ང༌། སྔོན་ཡིད་དུ་འོང་བའི་ནོར་བུ་བྱིན་པ་ལས། དྲི་མ་མེད་ཅིང་རྣ༷མ་པར་ད༷ག་པའི་ཚེ༷མས་ནི༷་རིང་ཐུང་དང་སྦོམ་ཕྲ་མེད་བས་མཉ༷མ་པ་ཉི༷ད་ད༷ང༌། སྔོན་སྒོ་གསུམ་གྱི་ལས་ཐམས་ཅད་ཉེས་པའི་དྲི་མས་མ་གོས་པར་སྤྱད་པ་ལས་མཆེ༷་བ༷་ར༷བ་མཆོ༷ག་དུང་ལྟར་དཀ༷ར་བ༷་ཉི༷ད་དང༌། སྔོན་ཐམས་ཅད་དུ་བདེན་པའི་ཚིག་བསྲུངས་པ་ལས་ལྗ༷གས་རི༷ང་ཞིང་སྲབ་པས་ཞལ་གྱི་དཀྱིལ་འཁོར་ཁེབས་པ་ཉིད་དང༌། སྔོན་ཡིད་དུ་འོང་བའི་རོ་བྲོ་བ་བྱིན་པ་ལས་རོ་མི་ཞིམ་པ་རྣམས་ཀྱང་མཐ༷འ་འམ་ཚད་མེ༷ད་ཅིང་གཞན་གྱིས་བས༷མ་དུ་མེ༷ད་པ༷འི་རོ༷་བྲོ༷་བ༷འི༷་མཆོ༷ག་ཉི༷ད་དུ་མཁྱེན་པ་ད༷ང༌། སྔོན་ཚིག་ངན་པ་སྤངས་ཤིང་སྙན་པར་སྨྲས་པ་ལས་རྟོག་པའི་ཀུན་སློང་ལ་མ་ལྟོས་པར་ར༷ང་བྱུ༷ང་གི་གསུང་ཀ༷་ལ༷་པི༷ང་ཀ༷འི༷་སྒྲ༷་ད༷ང་ཚ༷ངས་པ༷འི་དབྱ༷ངས་ལྟར་སྙན་ཅིང་རྒྱང་རིང་པོར་ཐོས་པ་ཉི༷ད་ད༷ང༌། སྔོན་བྱམས་པའི་སྒོ་ནས་གཞན་རྗེས་སུ་བསྐྱངས་པ་ལས་སྤྱ༷ན་བཟ༷ང་པོ་ཨུ༷ཏྤ༷ལའི་འདབ་མ་ལྟར་དཀར་ནག་འབྱེས་ཤིང་དཀྱུས་རིང་བ་ཉིད་དང༌། སྔོན་བསམ་པ་གཡོ་རྒྱུ་མེད་པར་མཛད་པ་ལས་རྫི་མ་ཁྱུ༷་མཆོ༷ག་གི་རྫི༷་མ་དང་འདྲ༷་བར་འཐུག་ཅིང་གནག་ལ་མ་འཛིངས་པ་ཉིད་ད༷ང༌། སྔོན་བསྔགས་པར་འོས་པ་རྣམས་བསྔགས་པ་ལས་ཞ༷ལ་གྱི་དཀྱིལ་འཁོར་མཛེ༷ས་ཤིང་དྲི༷་མ་མེ༷ད་པའི་སྨིན་མཚམས་སུ་མཛོ༷ད་སྤུ༷་དཀ༷ར་པོ་འཐེན་ན་ཁྲུ་གང་དུ་རིང་ཞིང་བཞག་ན་གཡས་ཕྱོགས་སུ་འཁྱིལ་ཏེ་གནས་པ་དང་ལྡ༷ན་པ་ཉིད་ད༷ང༌། སྔོན་བླ་མ་ལ་གུས་ཤིང་འདུད་པ་བྱས་པ་ལས་གཙུ༷ག་ཏོ༷ར་དབུ༷འི་རྩེ་མོར་ལྡ༷ན་པ་སེམས་ཅན་ཐམས་ཅད་ཀྱིས་ལྟར་མི་མངོན་པ་ཉིད་དང༌། སྔོན་སེམས་ལས་སུ་རུང་བར་བྱས་ཤིང་ཡིད་དུ་འོང་བའི་མལ་བསྟན་བྱིན་པ་ལས་དྲི་མས་ད༷ག་ཅི༷ང་མ་འཁུམས་པས་སྲ༷བ་པ༷འི༷་པ༷གས་པ༷་གསེ༷ར་གྱི༷་མདོ༷ག་དང་འདྲ༷་བ་སེ༷མས་ཅ༷ན་རྣམས་ཀྱི་མཆོ༷ག་སངས་རྒྱས་ལ་མངའ་བ་ཉིད་དང༌། སྔོན་འདུ་འཛི་སྤངས་པས་དགེ་བ་སྤེལ་ཏེ་མཁན་པོ་དང་སློབ་དཔོན་ལ་སོགས་པའི་གདམས་ངག་མཐུན་པར་གཟུང་བ་ལས་བ༷་སྤུ༷་རྣམས་ལེ༷གས་པར་ཕྲ༷་ལ་འཇ༷མ་ཞི༷ང་རེ༷་རེ༷་ན༷ས་སྐྱེས་ཏེ་སྐུ༷འི༷་གྱེ༷ན་དུ༷་གཡ༷ས་ཕྱོ༷གས་སུ་འཁྱི༷ལ་བ༷་ཉིད་ད༷ང༌། སྔོན་བརྡེག་པ་དང་མཚོན་ཆ་ལ་སོགས་པ་སྤངས་པ་ལས་དབུ༷་སྐྲ༷་དྲི༷་མ་མེ༷ད་པའི་རི༷ན་ཆེ༷ན་མཐོ༷ན་མཐི༷ང་བཞི༷ན་དུ་གནས་པ་ཉིད་དང༌། སྔོན་རང་གཞན་ཐམས་ཅད་ཏིང་ངེ་འཛིན་ལ་སྦྱར་བ་ལས་སྐུ་ནྱ༷་གྲོ༷་དྷའི་སྡོང་པོ་ཡོངས་སུ་རྫོ༷གས་པ༷འི་ལྗོ༷ན་ཤི༷ང་གི་དཀྱི༷ལ་འཁོ༷ར་དང་འདྲ༷་བར་ཆུ་ཞེང་གབ་པ་ཉིད་དང༌། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་ཞིག་པ་རྣམས་གསོས་པ་དང༌། སེམས་ཅན་འཇིགས་པ་རྣམས་དབུགས་དབྱུང་བ་ལས་ཀུ༷ན་ཏུ༷་བཟ༷ང་པོ༷་དཔེ༷་མེ༷ད་པའི་དྲ༷ང་སྲོ༷ང་ཆེ༷ན་པོ་སངས་རྒྱས་ནི་སྲི༷ད་མེ༷ད་ཀྱི་བུ༷འི༷་སྟོ༷བས་ལྟ་བུ་མང༷འ་ཞིང་རྡོ་རྗེ་ལྟར་མཁྲེ༷གས་པ༷འི་སྐུ༷་ཆེ་ཞིང་དྲང་ལ་ཀུན་ནས་མཛེས་པ་དང་ལྡན་པ་ཉིད་དེ། དེ་ལྟར་ན་ཐ་མལ་བ་རྣམས་ཀྱིས་བས༷མ་གྱིས་མི༷་ཁྱ༷བ་ཅིང་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབ༷ར་བའི་ཡོན་ཏན་སུ༷མ་ཅུ༷་རྩ༷་གཉི༷ས་པོ༷་འདི༷་ད༷ག་ལྷ་དང་མི་རྣམས་ཀྱི་སྟོ༷ན་པ༷་ཐམས་ཅད་མཁྱེན་པ་མི༷འི་དབ༷ང་པོ་སྐྱེས་བུ་ཆེན་པོ་རྣམས་ཀྱི་མཚ༷ན་བཟང་པོའི་ཡོན་ཏན་དུ༷་མདོ་སྡེ་ལས་གསལ་བར་གསུ༷ངས་ཤིང་དེ་རྣམས་འདིར་ཡང་བཀོད་པའོ། །ཞེས་པའོ།།

མཚོན་བྱེད་དཔེ་དང་སྦྱར་ཏེ་བསྡུ་བ་ནི། དཔེ་ཇི༷་ལྟ༷ར་ན་སྤྲི༷ན་མེ༷ད་པའི་དུས་ཀྱི་སྟོན་ཀའི་ཟླ༷་བ༷འི་གཟུ༷གས་ཡོངས་སུ་རྫོགས་པ་ནམ་མཁ༷འི༷་དཀྱིལ་དུ་མཐོང་བ་དང༌། སྟོ༷ན་ཀ༷འི་དུས་ཀྱི་ཆུ༷་སྔོ༷ན་པོ་དྭངས་ཤིང་དྲི་མ་མེད་པའི་མཚོ༷ར་ནི༷་མཐོ༷ང་བ༷་ལྟ༷ར་དོན་དེ༷་བཞི༷ན་དུ་རྒྱ༷ལ་སྲ༷ས་ས་བཅུ་པ་རྣམས་དང་སློབ་མ་ཕལ་པའི་ཚོ༷གས་རྣམས་ཀྱི༷ས། ཁྱ༷བ་བད༷ག་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུའི་གཟུ༷གས་གཉིས་པོ་དག་རིམ་པ་ལྟར་རྫོ༷གས་པའི་སང༷ས་རྒྱས་ཀྱི་དཀྱི༷ལ་འཁོ༷ར་དང་འཇིག་རྟེན་པའི་དཀྱིལ་འཁོར་གྱི་ན༷ང་དུ༷་མཐོ༷ང་བ༷ར་འགྱུ༷ར་རོ། །ཞེས་པ་སྟེ། དཔེར་ན་བྱང་ཆུབ་སེམས་དཔས་མཐོང་བ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ནམ་མཁའི་ཟླ་བ་དང་འདྲ་ཞིང༌། ཕལ་པ་རྣམས་ཀྱིས་མཐོང་བ་སྤྲུལ་པའི་སྐུ་ནི་ཆུ་ནང་གི་ཟླ་བ་དང་འདྲའོ། །ཞེས་པའོ། །

ལུང་ལས་རྟོགས་ཚུལ་ནི།

དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཏེ། སངས་རྒྱས་ཀྱི་ཡོ༷ན་ཏ༷ན་དྲུ༷ག་ཅུ༷་རྩ༷་བཞི༷་པོ༷་འདི༷་ད༷ག །སོ༷་སོ༷ར་རེ་རེ་ཞིང་ཆོས་སྐུ་ལ་ཡོད་པའི་ཡོན་ཏན་རྣམས་དྲི་མ་དང་བྲལ་བར་བྱེད་པའི་རྒྱུ༷་དང་བཅ༷ས་ཤིང༌། གཟུགས་སྐུ་ལ་ཡོད་པའི་ཡོན་ཏན་རྣམས་རིམ་གྱིས་སྐྱེད་པར་བྱེད་པའི་རྒྱུ་དང་བཅས་ཏེ༷། འདིར་བསྟན་པའི་གྲངས་དང་གོ༷་རི༷མ་ཇི༷་ལྟ་བ་བཞི༷ན་དུ། རི༷ན་ཆེ༷ན་གྱི༷ས་ཞུས་པའི་མདོ༷་ཐེག་ཆེན་པོའི་མན་ངག་ཅེས་བྱ་བའི༷་རྗེ༷ས་སུ་འབྲ༷ངས་ནས་ཇི་ལྟ་བ་བཞིན་དུ་ཤེ༷ས་པ༷ར་བྱ༷འོ། །ཞེས་པའོ། །

སླར་ཡང་བསྟན་པ་ལ་གཉིས། དཔེ་དོན་མཚུངས་པའི་རྒྱུ་མཚན་སྤྱིར་བསྟན་པ། དེ་དག་སྤྱར་ཏེ་སོ་སོར་བཤད་པའོ། །དེ་ལ་སྤྱིར་བསྟན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་རང་རང་གི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི༷་ཕྱེ༷ད་པ༷འི་ཕྱིར་ན་རྡོ་རྗེ་ད༷ང་མཚུངས་པ་དང༌། མི༷་འཇིགས་པ་བཞི་ནི་སྤོབས་པ་མི་ཞ༷ན་པའི་ཕྱིར་སེང་གེ་ད༷ང་མཚུ༷ངས་པ༷་དང༌། མ་འདྲེས་པ་བཅོ་བརྒྱད་ནི་ཉན་ཐོས་ལ་སོགས་པ་དང་མཚུངས་པ་མེ༷ད་ཅིང་ཐུན་མོང་མ་ཡིན་པའི་ཕྱི༷ར་ནམ་མཁའ་དང་མཚུངས་པ་དང༌། མཚན་བཟང་པོ་དང་བཅས་པའི་གཟུགས་སྐུ་གཉིས་ནི་ཆོས་སྐུ་ནམ་མཁའ་དང་འདྲ་བ་ལས་གཡོ༷་བ་མེ༷ད་བཞིན་དུ་གདུལ་བྱ་ལ་སྣང་བའི་ཕྱི༷ར་ཟླ་བ་དང་མཚུངས་པས་ན་ཡོན་ཏན་སྡེ་ཚན་བཞི་པོ་རྣམས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་རྫས་ཀྱི་དངོས་པོ་རྡོ༷་རྗེ༷འི་དཔེ་དང༌། རི་དྭགས་གྱི་དབང་པོ་སེ༷ང་གེ༷འི་དཔེ་དང༌། འདུས་མ་བྱས་ནམ་མཁ༷འི་དཔེ་དང༌། དག༷་པ༷འི་ཆུ༷འི༷་ནང་དུ་འཆར་བ་དང་བཅས་པའི་ཟླ༷་བ༷འི་དཔེ༷ས་བསྟ༷ན་པ་ཉིད་དོ༷། །ཞེས་པའོ། །

སོ་སོར་བཤད་པ་ལ་གཉིས། བྲལ་འབྲས་ཆོས་སྐུའི་ཡོན་ཏན་བཤད་པ་དང༌། སྨིན་འབྲས་གཟུགས་སྐུའི་ཡོན་ཏན་བཤད་པའོ། །བྲལ་འབྲས་ལ་གཉིས། ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ། བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །མཚོན་ཚུལ་ལ་གསུམ་སྟེ། སྟོབས་རྣམས་རྡོ་རྗེས་མཚོན་ཚུལ། མི་འཇིགས་པ་སེང་གེས་མཚོན་ཚུལ། མ་འདྲེས་པ་ནམ་མཁས་མཚོན་ཚུལ་ལོ། །

སྟོབས་ཀྱིས་མཚོན་ཚུལ་ལ་གཉིས་ལས། སོ་སོའི་མཚོན་ཚུལ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོ༷བས་ལ་སོ༷གས་པའི་སྟོབས་བཅུ་པོ་རྣ༷མས་ལ༷ས་སྟོ༷བས་དང་པོ་དྲུ༷ག་ད༷ང་བར་མ་གསུ༷མ་ད༷ང་ཕྱི་མ་གཅི༷ག་གི༷ས་རི༷མ་པ༷་ཇི་ལྟ་བ་བཞི༷ན་དུ་ཤེ༷ས་བྱ༷འི་སྒྲིབ་པ་དང་སྙོ༷མས་པ༷ར་འཇུ༷ག་པ༷འི་སྒྲིབ་པ་ད༷ང༌། བ༷ག་ཆ༷གས་དང་བཅ༷ས་པའི་སྒྲིབ་པ༷་ཀུ༷ན་ནས་བས༷ལ་བ༷ས་རྡོ་རྗེ་དང་འདྲ་བ་ཡིན་ཏེ། སྒྲིབ་པ་གསུམ་གོ༷་ཆ༷་དང༌། རྩི༷ག་པ༷་དང༌། ཤི༷ང་བཞི༷ན་དུ༷་གནས་པ་ལས་སྟོབས་རྣམས་ཀྱིས་རིམ་པ་ལྟར་ཕུ༷ག་པ་ད༷ང༌། བཤི༷ག་པ་ད༷ང་བཅ༷ད་པར་བྱས་པའི་ཕྱི༷ར་རོ༷། །ཞེས་པའོ།།

ཐུན་མོང་གི་མཚོན་ཚུལ་ནི། བརླི༷ང་བ་ཉིད་ད༷ང༌། སྙི༷ང་པོ་ཉིད་དང༌། བརྟ༷ན་པ་ཉིད་དང༌། མི༷་ཕྱེ༷ད་པ་ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡན་པ༷ས་ན། དྲ༷ང་སྲོ༷ང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟོ༷བས་བཅུ་པོ་ཐམས་ཅད་ནི༷་རྡོ༷་རྗེ༷་དང་འདྲ༷་བ་ཉིད་དོ། །དེ་ཡང་རྒྱུ་མཚན་ག༷ང་གི་ཕྱི༷ར་བརླི༷ང་པ༷་ཡིན་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་སྙི༷ང་པོ༷་ཡིན་པའི༷་ཕྱི༷ར་རོ། །ག༷ང་གི་ཕྱི༷ར་སྙི༷ང་པོ༷་ཡིན་ཞེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་བརྟ༷ན་པ་ཡིན་པ༷འི་ཕྱི༷ར་ག༷ང་གི་ཕྱི༷ར་བརྟ༷ན་པ༷་ཡིན་ཞེ་ན་རྣམ་པར་རྟོག་པ་དང་མཚན་མ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི༷་ཕྱེ༷ད་པའི་ཕྱི༷ར་རོ། །དེ་ལྟར་ཡང་སྤང་བྱ་ཐམས་ཅད་ནི་འཇོམས་ཤིང་སྤང་བྱས་ནི་སླར་ཡང་མི༷་ཕྱེ༷ད་པའི་ཕྱི༷ར་ན༷། སྟོབས་བཅུ་པོ་རྫས་ཀྱི་དངོས་པོ་རྡོ༷་རྗེ༷་ཇི་ལྟ་བ་བཞི༷ན་ནོ། །ཞེས་པའོ། །

མི་འཇིགས་པའི་ཚུལ་ལ་གཉིས་ལས། བསྟན་པ་ནི། སུ་ལ་ཡང་འཇི༷གས་པ༷་མེ༷ད་པའི་ཕྱི༷ར་དང༌། གཞན་དག་ལ་ལྟོ༷ས་པ་མེ༷ད་པའི་ཕྱི༷ར་དང༌། བློའི་སྟོབས་རབ་ཏུ་བརྟ༷ན་པའི་ཕྱི༷ར་དང༌། མི་མཐུན་པའི་ཕྱོགས་འཇོམས་པ་ལ་རྩ༷ལ་ནི༷་ཕུ༷ན་སུམ་ཚོ༷གས་པ་དང་ལྡན་པའི་ཕྱིར་ཏེ། དེ་ལྟར་ཡོན་ཏན་གྱི་ཆོས་བཞི་དང་ལྡན་པ༷ས་ན་ཐུ༷བ་པ༷འི་དབང་པོ་མི་ཡི་སེ༷ང་གེ༷་ནི། སེ༷ང་གེ༷་ཆོས་བཞི་དང་ལྡན་པས་རི་དྭགས་ཀྱི་ནང་དུ་འཇིགས་པ་མེད་པ་ཇི་ལྟ་བ་བཞི༷ན་དུ་འཁོ༷ར་གྱི༷་ཚོ༷གས་མཐའ་ཡས་པའི་དབུས་སུ༷་འཇི༷གས་པ་དང་བག་ཚ་བ་མི༷་མང༷འ་བར་གནས་སོ། །ཞེས་པའོ། །

བཤད་པ་ནི།

དེ་ལྟར་ཆོས་བཞི་དང་ལྡན་པར་ཡང་གང་གིས་ཤེས་སྙམ་ན་ཤེས་བྱའི་རྣམ་པ་ཀུ༷ན་མ་ལུས་པར་མངོ༷ན་སུམ་དུ་མཁྱེ༷ན་པ༷ས་དྲི་བ་ཐམས་ཅད་ལུང་བསྟན་པར་ནུས་པའི་ཕྱིར་ཕས་ཀྱི་རྒོལ་བ་ལ་སོགས་པའི་སྐྱེ་བོ་ག༷ང་ལ༷ས་ཀྱ༷ང་འཇི༷གས་པ་མེ༷ད་པ༷ར་ནི༷་རྣ༷མ་པ༷ར་གན༷ས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་བཞིན་དུ་སྒྲིབ་པ་ཅི་རིགས་པས་ད༷ག་པ༷འི་སེ༷མས་ཅ༷ན་ཉན་ཐོས་དགྲ་བཅོམ་པ་ད༷ང༌། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་དང་ཡ༷ང་བད༷ག་ཉིད་མི༷་མཉ༷མ་ཞིང་དེ་དག་ལས་ལྷག་པར་གཟི༷གས་པའི་ཕྱི༷ར་གཞན་སུ་ལ་ཡང་ལྟོ༷ས་པ༷་མེ༷ད་པའི་ཡོན་ཏན་དང་ལྡན་ཞིང༌། ཐུ༷གས་ནི༷་ཇི་ལྟ་བ་དང་ཇི་སྙེད་པའི་ཆོ༷ས་རྣ༷མས་ཐ༷མས་ཅ༷ད་ལ༷་རྣམ་པར་མི་རྟོག་ཅིང་རྩེ༷་གཅི༷ག་ཏུ་གནས་པའི་ཕྱི༷ར་ན༷་ཏིང་ངེ་འཛིན་ལས་བརྟ༷ན་པ༷་ཉི༷ད་ཀྱི་ཕྱིར་ཡོན་ཏན་དང་ལྡན་པ་ཡིན་ལ། མཆོ༷ག་ཏུ༷་སྤངས་དཀའ་བའི་མ༷་རི༷ག་བ༷ག་ཆ༷གས་ཀྱི༷་ས༷འི་སྒྲིབ་པ་ཤིན་ཏུ་ཕྲ་བ་ལ༷ས་ཀྱང་ལེགས་པར་བརྒ༷ལ་པའི་ཕྱི༷ར་མི་མཐུན་ཕྱོགས་འཇོམས་པ་ལ་རྩ༷ལ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡ༷ན་པ་ཡིན་ནོ༷། །ཞེས་པའོ། །

མ་འདྲེས་པའི་མཚོན་ཚུལ་ནི།

འཇི༷ག་རྟེ༷ན་ཐ་མལ་པ་བདག་ཏུ་འཛིན་པ་རྣམས་དང༌། ཉ༷ན་ཐོ༷ས་འཕགས་པ་གང་ཟག་གི་བདག་མེད་རྟོགས་པ་རྣམས་དང༌། ཞི་བ་མཐ༷འ་གཅི༷ག་ཏུ༷་སྤྱོ༷ད་པའི་རང་སངས་རྒྱས་གང་ཟག་དང་ཆོས་ཀྱི་ཕྱེད་གཟུང་བ་བདག་མེད་པར་རྟོགས་པ་རྣམས་ད༷ང༌། བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀ་མེད་པར་རྟོགས་པ་རྣམས་དང༌། ར༷ང་བྱུ༷ང་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་མངོན་སུམ་དུ་མཁྱེན་པ་རྣ༷མས་གོ༷ང་ན༷ས་གོ༷ང་དུ༷་བློ༷་ད༷ག་ནི༷་ཕྲ༷་ཞིང་ཟབ་པ་མཆོག་ཏུ་གྱུར་པའི་ཕྱི༷ར་དང༌། དེ་དག་གི་རིམ་པ་མཚོན་པར་བྱེད་པའི་དཔེ༷་ནི༷། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་སྟེ། འབྱུང་བ་རྣ༷མ་པ༷་ལྔ༷་པོ་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་ཕྲ་ཞིང་ཟབ་པ་དང་ཆོས་མཚུངས་ལ། ཡང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི། འཇི༷ག་རྟེ༷ན་མ་ལུས་པ་ཀུ༷ན་གྱི༷་ཉེ༷་བར་འཚོ༷་བའི་གཞི་མཆོག་ཏུ་གྱུར་པ་ཡིན་པའི༷་ཕྱི༷ར། ས༷ས་རྟེན་བྱེད་པ་དང༌། ཆུ༷ས་སྡུད་པར་བྱེད་པ་དང༌། མེ༷ས་སྨིན་པར་བྱེད་པ་དང༌། རླུ༷ང་གིས་མི་འདྲུལ་བར་བྱེད་པས་འཇིག་རྟེན་རྣ༷མས་ཀྱི་ཉེར་འཚོ་བྱེད་པ་དག་ད༷ང་མཚུ༷ངས་ཤིང༌། ཡང་ན་ནི་སངས་རྒྱས་ལ་མངོན་དུ་གྱུར་པའི་ཆོས་རྣམས་འཇི༷ག་རྟེ༷ན་པ་སོ་སོའི་སྐྱེ་བོ་དང༌། འཇི༷ག་རྟེ༷ན་ལས་འད༷ས་པ༷་ཉན་ཐོས་ལ་སོགས་པའི༷་ཆོས་རྣམས་ཀྱི་མཚ༷ན་ཉི༷ད་ལ༷ས་ཡང་དག་པར་འད༷ས་ཤིང༌། དེ་དག་དང་ཐུན་མོང་མ་ཡིན་པའི་ཕྱིར། ན༷མ་མཁ༷འ་འབྱུང་བ་བཞིའི་མཚན་ཉིད་ལས་འདས་པ་ཇི་ལྟ་བ་བཞི༷ན་ནོ། །ཞེས་པའོ། །

བསྡུས་ཏེ་དབྱེ་བ་མེད་ཚུལ་ནི།

དེ༷་ལྟར་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་པོ་ད༷ག་དྲི་མ་དང་བྲལ་བའི་འབྲས་བུའི་ཡོ༷ན་ཏ༷ན་སུ༷མ་ཅུ༷་ནི༷་རྩ་གཉི༷ས་ཞེས་བྱ་བ་ཡིན་པ་འདི༷་རྣམས་ཀྱང་རང་དོན་དོན་དམ་པ་ཆོ༷ས་ཀྱི་སྐུ༷ས་ར༷བ་ཏུ་ཕྱེ༷་ཞིང་དེའི་ངང་དུ་དབྱེར་མེད་པར་གནས་པ་སྟེ༷། དཔེར་ན་ནོ༷ར་བུ༷་རི༷ན་ཆེ༷ན་གྱི་འོ༷ད་དང་མདོ༷ག་ད༷ང་དབྱི༷བས་རྣམས་དང་དབྱེ་བ་མེད་པ་བཞི༷ན་དུ་དོན་དམ་པའི་ཡོན་ཏན་རྣམས་ལ་རྣམ་པར་དབྱེ༷་བ༷་མེ༷ད་པ་ཉིད་ཀྱི་ཕྱི༷ར་རོ༷། །ཞེས་པའོ། །

སྨིན་འབྲས་ལ་གཉིས་ལས། མཚན་རྣམས་སྐུ་གཉིས་ལ་གནས་ཚུལ་ནི། ལེགས་གནས་འཁོར་ལོས་མཚན་པ་ལ་སོགས་མཚན་བཟང་པོས་བརྒྱན་པའི་སྐུ། གདུལ་བྱས་མཐོ༷ང་བ་ཙམ་ཉིད་ན༷་འདི་དག་ནི་སྐྱེས་བུ་ཆེན་པོའོ། །ཞེས་ཡིད་ཚི༷མ་ཞིང་དང་བ་སྐྱེད་པར་བྱེ༷ད་པའི་ཡོ༷ན་ཏ༷ན་ག༷ང་ཡིན་པ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུའི་ཡོན་ཏན་སུ༷མ་ཅུ༷་རྩ༷་གཉི༷ས་ཞེས༷་བྱ༷་བ༷་ཡིན་ལ། དེ་རྣམས་ཀྱང་ཐུན་མོང་དུ་སྣང་བ་སྤྲུ༷ལ་པ༷འི་སྐུ་དང༌། ཐེག་པ་ཆེན་པོའི་ཆོ༷ས་ལ༷་རྫོ༷གས་པ༷ར་ནི༷་ལོ༷ངས་སྤྱོ༷ད་རྫོ༷གས་པའི་སྐུ༷་སྟེ། གཟུགས་ཀྱི་སྐུ་རྣམ་པ་གཉི༷ས་ལ༷་བརྟེ༷ན་པ་ཡིན་ནོ། །ཞེས་པའོ།།

གཟུགས་སྐུ་ཟླ་བའི་དཔེས་མཚོན་ཚུལ་ནི། གཟུགས་སྐུ་མཐོང་བའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམ་པར་ད༷ག་པ་ལ༷ས་རི༷ང་བའི་གདུལ་བྱ་སོ་སོའི་སྐྱེ་བོ་ད༷ང༌། ཉན་ཐོས་ལ་སོགས་པ་དང༌། ཉེ༷་བའི་གདུལ་བྱ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣ༷མས་ལ༷་རིམ་པ་ཇི་ལྟ་བར་འཇི༷ག་རྟེ༷ན་པའི་འཁོར་གྱི་དཀྱིལ་འཁོར་དུ་ཕལ་པ་རྣམས་ལ་སྤྲུལ་པའི་སྐུ་སྣང་ཞིང༌། རྒྱ༷ལ་བ༷འི་འཁོར་གྱི་དཀྱི༷ལ་འཁོ༷ར་དུ༷་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ནི། དཔེར་ན་ཆུ༷་དག་པའི་ནང་དུ་ཟླ་བའི་གཟུགས་མཐོང་བ་ད༷ང༌། ན༷མ་མཁ༷ར་ཟླ༷་བའི་གཟུ༷གས་མཐོང་བ་ཇི་ལྟ་བ་བཞི༷ན་ཏེ། དེ་ལྟར་མཚན་བཟང་པོས་བརྒྱན་པའི་སྐུ་གཉིས་པོ་དེ༷་མཐོ༷ང་བ༷འི་གདུལ་བྱའི་རིགས་རྣ༷མ་པ༷་གཉི༷ས་ཡིན་པས་གཟུགས་ཀྱི་སྐུ་མངོན་པར་འདོད་པས་ཀྱང་དག་པའི་སྐལ་བ་དང་ལྡན་པར་བྱའོ། །ཞེས་པའོ། །

ཐེ༷ག་པ༷་ཆེ༷ན་པོ༷་རྒྱུ༷ད་བླ༷་མ༷འི་བསྟ༷ན་བཅོ༷ས་དཀོ༷ན་མཆོ༷ག་གི༷་རི༷གས་རྣ༷མ་པ༷ར་དབྱེ༷་བ༷་ལ༷ས། ཡོ༷ན་ཏ༷ན་གྱི༷་སྐ༷བས་ཏེ༷། ལེའུ་གསུ༷མ་པ༷འི་རྣམ་པར་བཤད་པའོ༷།། །།


previousལེའུ་གསུམ་པ། ཡོན་ཏན་གྱི་སྐབས། next