Nitartha Digital Library
Tibetan
 
previousཤོག་ལྷེབ་ ༢༠༡ ནས་ ༢༦༩ བར།next

ཤོག་ལྷེབ་ ༢༠༡ ནས་ ༢༦༩ བར།


JKT018_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམས་པ་ནས་འཕོས་བརླན་གྱིས་ཕྱེ་བ་ཡི། །ཞུ་མཆེད་བ་ཀུ་ལ་ཡི་མཚར་སྡུག་ལས། །རྟེན་དངོས་ལོ་འདབ་གཞོན་ནུས་འཁྱུད་བཞིན་ཕུལ། །ཡངས་པའི་རྒྱལ་ཁམས་བདེ་བས་འཚོ་ཞིང་རིགས་རུས་ཀྱི་དཔལ་གྱིས་མངོན་པར་མཐོ་བའི་བཙུན་མོ་ཆེན་མོ་ཞིག་ལ་འབུལ་ན། ལེགས་བྱས་ཆུ་གཏེར་བསྲུབས་ལས་སྐྱེས་པ་ཡི། །གྲགས་པ་ག་བུར་གཞོན་ནུའི་རྣ་རྒྱན་ཅན། །ནོར་འཛིན་བརྩེ་བའི་རྡུལ་དཀར་རབ་གཡོ་བས། །སྲུངས་མཁས་རྒྱལ་རིགས་ཐིག་ལེར་མཛེས་དེའི་དྲུང་། །དགའ་བར་བྱས་སོ་བདུན་གྱི་བདུན་པ་ཡིས། །དཀར་མིན་ཨུཏྤལ་གཞོན་ནུའི་ནགས་ཀླུངས་ཏེ། ཁྱོད་ཀྱི་སྤྱོད་ཚུལ་ཕུན་སུམ་ཚོགས་པའི་གཏམ། ཐོས་པ་ཙམ་གྱིས་སྤྲོ་བས་མཆིད་འདི་ཕུལ། །དད་དང་གཏོང་སོགས་ཡོན་ཏན་མ་ཉམས་པས། །བཙུན་མོ་རིན་ཆེན་མཆོག་གི་སྤུན་ཟླ་རུ། །འཛེགས་ཀྱང་དམན་ལ་ལྷག་པར་བརྩེ་ལྡན་གང་། །བྱང་ཆུབ་དམ་པའི་རིགས་སུ་གདོན་མི་ཟ། །དེ་སླད་ལང་ཚོ་ཤར་གྱི་ཐིག་ལེ་ལ། །ཉེར་འཚེ་རཱ་ཧུའི་གདོང་པ་རྒྱངས་བསྲིངས་བཞིན། །བརྟན་པར་བཞུགས་པའི་གཏམ་གྱི་ཟེགས་མ་ཡིས། །འདི་གནས་གྱི་ནའི་ཡིད་ཀྱི་ས་མོས་དགོད། །སླད་མའི་ཆར་ཡང་ཉི་འོག་བསྟན་དང་འགྲོར། །བྱམས་པས་སྐྱོངས་བའི་ཡལ་འདབས་རིང་བརྐྱངས་བཞིན། །ཚོགས་གཉིས་འབྲས་བཟང་དུད་པའི་དཔལ་དང་བཅས། །རིང་པོར་


JKT018_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བའི་ལེགས་སྨོན་གྲུབ་པར་མཛོད། །དེ་སྐད་སྤྲོ་བར་འོས་པའི་སྤྲིངས་ཡིག་ནི། །སྙན་པར་སྨྲ་བའི་ཚིག་གི་རྒྱན་དང་བཅས། །རྟེན་གྱི་གོས་བཟང་གསར་པ་ཀླུབས་བཞིན་དུ། །ཕྱོགས་དུས་ཀུན་ཏུ་དགེ་བའི་ཚེས་ལ་ཕུལ། །རང་གི་འབངས་ལ་ཕན་བདེ་སྟེར་ཞིང་། རིག་གཟུགས་འབྱོར་པའི་ཡོན་ཏན་མི་དམན་པའི་སྡེ་དཔོན་ཕལ་པ་ཞིག་ལ་འབུལ་ན། སྔོན་བསགས་ཚོགས་གཉིས་རྡུལ་དཀར་འཇགས་པ་ཡིས། །ལེགས་པར་བསྐྱེད་པའི་དལ་རྟེན་ཀུན་གསར། །དཔལ་འབྱོར་མཚར་སྡུག་རྫོགས་པའི་ཐིག་ལེ་ཡིས། །ཆབ་འབངས་དགའ་བའི་དགའ་སྟོན་སྦྱིན་དེའི་དྲུང་། །སྐྱེས་སྦྱངས་བློ་གྲོས་ཉོན་མོང་སྣང་བ་ཡིས། །རེག་པ་མིན་ཀྱང་ཁྱོད་ཚུལ་གཟུར་གནས་ཀྱི། །གཏམ་ཙམ་ཐོས་པས་ཡིད་ཀྱི་ཨུཏྤལ་ལ། །ཅི་དགར་བྱེད་པ་ཞུ་མཆིད་དྲི་བསུངས་འཐུལ། །འདི་ན་གནག་མིན་ལས་ཀྱི་ས་བོན་ལས། །རིག་གཟུགས་ལྕག་ཕྲན་སར་པའི་གྲིབ་སིལ་དུ། །རང་སྡེ་བྱམས་པས་སྐྱོངས་ལ་ངལ་མེད་ཁྱོད། །བསྔགས་པར་འོས་པའི་མེ་ཏོག་དུ་མས་བརྒྱན། །དེ་ཕྱིར་འཚོ་བ་དོན་དང་བཅས་པས་ན། །ལང་ཚོའི་འདུ་བྱེད་མ་ཡོལ་བརྟན་པ་ཡིས། །ཀུན་རྨོངས་འདུ་ཤེས་གསུམ་པ་བདག་ཅག་ཀྱང་། །རྗེས་སུ་རངས་པའི་སྤྲོ་དགས་སིམ་བཞིན་བདོག །སླད་མར་ལུགས་གཉིས་མཛད་བཟང་མ་ཉམས་པས། །འདི་དང་གཏན་གྱི་བདེ་བ་སྒྲུབས་མཁས་ཤིང་། །


JKT018_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོར་བརྟན་པའི་འཕྲོད་བཞེས་མི་ལྷོད་པས། །འདིར་ཡང་བརྩེ་བའི་ཐུགས་རྗེས་སྐྱོངས་བར་མཛོད། །དེ་སྐད་ཞུ་བའི་མཆིད་ཚིག་ལང་ཚོ་མ། །སྙན་པར་སྨྲ་བའི་གླུ་དབྱངས་ལེན་བཞིན་དུ། །རྟེན་དངོས་རྣ་རྒྱན་མཛེས་དང་ཆབ་ཅིག་པར། །ཀུན་ཏུ་དགེ་བའི་ཚེས་ལ་རིངས་པར་དེངས། །ཀུན་ཕན་སྟེར་ཞིང་། མཛེས་མཛངས་དང་ལྡན་པའི་དཔོན་མོ་ཞིག་ལ་འབུལ་ན། ཟླ་ཤེལ་ཞུ་བའི་བཅུད་ཀྱང་མ་བཏུང་ཞིང་། །དཔྱིད་ཀྱི་མ་མས་རྣམ་པར་གསོས་མིན་ཀྱང་། །ལེགས་བྱས་བྱེད་པོས་བསྐྲུན་པའི་མཚར་སྡུག་ཅན། །སྔོན་མེད་ས་ཡི་གདུ་བུ་གསར་པའི་དྲུང་། །རང་སྡེ་བྱམས་པའི་རྭ་བར་འཛུད་པ་དང་། །ཕས་རྒོལ་སྙིང་ལ་གདུང་བའི་འདུ་འགོད་སྟོང་། །སྤྱིན་མཁས་དཔལ་མོ་གང་གི་གྲགས་དཀར་ལ། །ཡིད་རབ་སྤྲོ་བས་ཞུ་མཆིད་འདི་འབུལ་ལོ། །དཔལ་འབྱོར་རྐང་པས་འཐུང་བའི་སྤྲིན་ཆེན་ལས། །ལུགས་གཉིས་འབྲས་བཟང་གྲུ་ཆར་སྐྱུགས་མཁས་པས། །ལྟོས་བཅས་སྲོག་ཟུང་བདུད་རྩིར་སྒྱུར་མཛད་ཁྱོད། །ཉེར་འཚེ་བྲལ་བའི་ཚུལ་དེར་གཅིག་ཏུ་རངས། །འདི་ན་འཕྲལ་དང་ཡུན་གྱི་བདེ་བ་ཡིས། ཁྱད་པར་བྱས་པ་འགའ་ཡང་མ་མཆིས་པའི། །ཀུན་རྨོངས་འདུ་ཤེས་གསུམ་པ་བདག་ཅག་ཀྱང་། །མཆོག་གསུམ་བཀའ་དྲིན་ཁོ་ནས་ངལ་འཚོ་ཐོབ། །སླད་མའི་ཆར་ཡང་གནའ་བོའི་གཞུང་བཟང་བཞིན། །ཡ་རབས་


JKT018_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དྲྭ་མའི་ངང་ཚུལ་ལྷུར་ལེན་པས། །འདི་དང་གཏན་གྱི་ཕུན་ཚོགས་སྒྲུབ་མཁས་པའི། །རིང་ལུགས་འདི་ལ་གཡོ་བ་མེད་པར་མཛོད། །དེ་སྐད་གསོལ་བར་འོས་པའི་གཏམ་གྱི་ཕྲེང་། །ཡི་གེའི་གཟུགས་སུ་འཕོས་པའི་རེ་ཁྭ་ལ། །རྟེན་དངོས་བླ་གོས་གསར་པས་བཀླུབས་བྱས་ནས། །ས་སྐྱོང་དབང་མོ་གང་དེའི་མདུན་སར་ཆས། །དེ་དག་གི་བཀའ་ཐ་མ་ཕྱིར་ཕེབས་ལྟ་བུའི་འབྱོར་ལན་གྱི་ཚེ། །གང་ཚེ་མཐའ་བཞིའི་དྲེགས་ལྡན་བྱེ་སྙེད་ཀྱིས། །གཙུག་ཏུ་མཆོད་འོས་བཀའ་གསང་མ་ཎི་ཀ རྒྱན་གསུམ་ལམ་གྱི་སྲད་བུར་ལེགས་སྦྲེལ་ནས། །ཕྱག་རྒྱའི་གཟི་བྱིན་ཉམས་མེད་སྤྱི་བོར་ཐོབ། །ཞེས་སམ། ཁྱད་པར་རིང་ནས་བྱམས་བརྩེའི་ཆུ་གཏེར་གྱིས། །དངོས་ཀྱང་འདོར་མིན་གསུང་གསང་ཟླ་ཚེས་གསར། །ཕྱག་རྒྱའི་རི་དྭགས་གཞོན་ནུས་འཁྱུད་བཞིན་དུ། །གུས་སྤྲོ་བདེ་འབྱུང་རལ་རྩེར་ཉེ་བར་སོན། །ཞེས་སམ། འདི་ན་བརྗོད་བྱའི་རིན་ཆེན་དུ་མའི་ཁུར། །འདྲེན་བཟོད་བཀའ་ལུང་སྙན་པའི་ས་སྲུང་དབང་། །དངོས་པོའི་བདོག་པའི་སྐྱེས་ཀྱི་རྒྱན་དང་བཅས། །མོས་ལྡན་ཀུན་དགའི་སྐྱེད་ཚལ་མཆོག་ཏུ་སོན། །ཞེས་སམ། ལྷག་པར་རྗེས་བརྩེའི་དཔྱིད་དཔལ་ལས། །གསུང་མཆིད་པུཎྜ་རཱི་ཀའི་ཕྲེང་། །དངོས་པོའི་སྐྱེས་བཟང་གེ་སར་བཅས། །ཉམས་མེད་སྤྲོ་དགའི་དཔལ་དུ་སོན། །ཞེས་སམ། གང་ཚེ་སྤྲིང་ཡིག་གཞོན་ནུ་མས། །དོན་


JKT018_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བརྗོད་བྱའི་གླུ་ལེན་ཞིང་། །གནང་སྐྱེས་ནོར་བུའི་དོ་ཤལ་བཅས། །རྟགས་ཀྱི་མཆུ་སྒྲོས་དགོད་བཞིན་འབྱོར། །ཞེས་པ་ལྟ་བུ་ཡུལ་གྱི་བབས་དང་བསྟུན་པའི་གང་འོས་སྦྱོར་བར་བྱ་ཞིང་། གཞན་ཡང་དེ་དག་རྗེས་སུ་འབྲེལ་བར་ཉེར་མཁོའི་དཔེར་བརྗོད་འགའ་ཞིག་ཐོར་བུར་འབྲི་ན། །ཐོག་མར་རང་གཞན་གྱི་ཡུལ་གྲུ་སྐྱོང་བའི་མི་བདག་སུ་ཡང་རུང་བ་རྒྱལ་ཐབས་ལ་མངའ་གསོལ་བའི་ལེགས་འབུལ་གྱི་ཚེ། །གོང་རྒྱན་སོགས་སྨོས་མ་ཐག་པ་ལྟར་གྱི་དང་པོར་འོག་ནས་འབྱུང་བའི་ཤིས་བརྗོད་ཅི་རིགས་པ་སྦྱར་བ་ལ་སྐབས་མཚམས་ཀྱི་བརྗོད་བྱ་བསྣན་པས་ཀྱང་རུང་མོད་དེ། འོན་ཀྱང་འདིར་ཅུང་ཟད་ཙམ་དཔེར་བརྗོད་ན། ཤྲཱི་སུ་ཤེ་ཡོ་བི་ཛ་ཡནྟུ། གང་ཞིག་ལན་གཅིག་དྲན་པའི་མོད་ནས་དགེ་ལེགས་རིན་ཆེན་བྱེ་བའི་དབྱིག །ལྷུག་པར་འཇོ་བའི་དགའ་སྟོན་སྦྱིན་ལ་ནོར་བུའི་རེག་བྱས་མཚོན་མིན་པའི། །དཀོན་མཆོག་གསུམ་ཞེས་གྲགས་པའི་སྣང་བ་སྲིད་ཞིའི་བླ་ན་རབ་འབར་དེས། །དེང་འདིར་ཁྱོད་ལ་ཤིས་པའི་མེ་ཏོག་མནྡཱ་ར་བ་ཆར་དུ་བསྙིལ། །མཚན་གྱི་སྤྲིངས་ཡིག་རྣ་བར་བཏབ་པས་ཀྱང་། །རིང་འཚོའི་མདུད་པ་བསྐལ་བརྒྱར་མི་ཤིགས་པའི། །ཚེ་མཐའ་ཡས་པའི་ཐུགས་རྗེའི་ཟླ་ཤེལ་གྱིས། །འཆི་མེད་རྟག་པའི་བདུད་རྩིས་དགེ་བར་མཛོད། །དཔལ་ལྡན་རྒྱལ་བ་ཀུན་གྱི་ཡེ་ཤེས་གཏེར། །གཅིག་བསྡུས་སྒྱུ་འཕྲུལ་


JKT018_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རོལ་རྩེད་ཅན། །འཇམ་མགོན་མཁྱེན་པའི་ཉི་མ་གསར་པ་དེས། །རྣམ་དཔྱོད་ཨུཏྤལ་དར་བའི་ཆོ་ག་བསྒྲུབ། །རྗེས་ཆགས་སྤྲིན་གྱི་རྒྱུད་མངས་བརྡུངས་ཙམ་གྱིས། །སྲིད་དང་ཞི་བའི་ཕུན་ཚོགས་མདོངས་མཐའ་ཅན། །རིངས་པར་འགུགས་པའི་དབང་གི་མཆིལ་པ་དེས། །ས་གསུམ་དྲེགས་ལྡན་ཡོངས་ཀྱི་བརྟན་པ་འཕྲོགས། །ལེགས་པར་སྤྱོད་ལ་འཚེ་བའི་ཕས་རྒོལ་དཔུང་། །མིང་གི་ལྷག་མར་བགྱིད་དང་ཆབ་ཅིག་པར། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་དཀར། །མཐུ་ལྡན་ཆོས་སྲུང་ཚོགས་ཀྱིས་སྲིད་རྩེར་བསྒྲེངས། །ཚོགས་ཟུང་རྒྱ་མཚོའི་སྙིང་པོས་རབ་ལྕི་བའི། །གནོད་གནས་དབང་པོའི་ཆུ་འཛིན་གསར་པ་ལས། །མི་ཟད་འདོད་དགུའི་གྲུ་ཆར་གཡོ་བ་ཡིས། །སྔོན་མེད་རྫོགས་ལྡན་གཞོན་ནུའི་དུས་སྟོན་དཀྲིགས། །དེ་ལྟར་ལྷག་བསམ་དཔྱིད་ཀྱི་མ་མ་ཡིས། །ཉེར་བསྐྲུན་ཤིས་པ་བརྗོད་པའི་གཏམ་གྱི་དབྱངས། །སྙན་ཚིག་པུཎྜ་རཱི་ཀའི་མཆོད་སྤྲིན་གྱིས། །ས་སྤྱོད་སྤྱན་གྱི་འབབ་སྟེགས་མཛེས་བྱས་ནས། །བསོད་ནམས་དཔག་ཡས་previous hit ཆུ་གཏེར་བསྲུབས་པ་ལས། །ལེགས་པར་འཁྲུངས་པའི་མཚན་བཟང next hit་ཉིན་མོར་བྱེད། ཁེངས་ལྡན་ས་འཛིན་བྱེ་བས་ཉེར་བཏུད་པའི། །ཞབས་སྟེགས་ནོར་བུའི་བ་གམ་ག་ལ་བར། །ཞེས་པ་ལྟ་བུའི་འབེབས་འོག་ཏུ། ཇི་ལྟར་ཉི་གཞོན་འོད་ཀྱི་རླབས་གཡོ་བས། །གུར་གུམ་སར་པའི་ནགས་ཀླུང་


JKT018_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་བཞིན། །གང་གི་རྣམ་ཐར་རྨད་བྱུང་གིས་བསྐུལ་བས། །རབ་ཏུ་དྭང་བའི་ཞུ་གསོལ་འདི་སྐད་གླེང་། །ཞེས་སོགས་གང་འོས་མཐར། བསྐལ་པར་གཞན་ཕན་བརླན་དང་མི་ཕྱེད་པའི། །བྱང་ཆུབ་སྤྱོད་མཆོག་ཛམྦུའི་སྙེ་མ་ནི། །བསྟན་སྲིད་མ་དྲོས་འཇིངས་སུ་རྩེན་པའི་མོད། །ཕན་བདེའི་གཟི་བྱིན་བརྒྱ་ཕྲག་དུས་གཅིག་འབར། ཁྱད་པར་དེང་ཚེ་ཕྱོགས་དང་ཕྱོགས་བྲལ་གྱི། །སྟོབས་དང་འབྱོར་པས་སྙེམས་པའི་ཐོར་ཚུགས་ཀྱིས། །ཉེ་བར་བསྟེན་པའི་རྒྱལ་ཐབས་ཆེན་པོ་ལ། །སྲིད་ཞི་ཀུན་གྱིས་མངོན་པར་དབང་བསྐུར་ཅིང་། །རྒྱལ་སྲིད་ཡན་ལག་བདུན་གྱི་ཤར་རིའི་ཕྲག །སྡེ་བཞིའི་འཆར་ཀའི་དམར་བས་རབ་དྲངས་པའི། །གྲགས་སྙན་ཟླ་སྣང་དཀར་པོའི་སིམས་འོད་ཀྱིས། །ས་གསུམ་ཀུན་དགར་བྱས་དང་ཆབ་གཅིག་པར། །ལས་ཤུགས་གསེར་གྱི་འཁོར་ལོ་སྔོན་འགྲོ་བས། །རི་གླིང་རྒྱ་མཚོར་བཅས་པའི་ཐ་གྲུ་ཀུན། །དབང་གིས་མངའ་བསྒྱུར་སྤྲིངས་ཡིག་གིས་བཏབ་པས། །ལྷར་བཅས་ཡིད་ཀྱི་བརྟན་པ་དབང་མེད་འཕྲོགས། །དེ་ཚེ་འདིར་གནས་གྱི་ནའི་ཆུ་གཏེར་ཡང་། །གུས་སྤྲོའི་རྦ་རླབས་ཆལ་ཆིལ་གཡོས་པའི་མོད། །དངོས་པོའི་ལེགས་སྐྱེས་ཕྲ་མོའི་མེ་ཏོག་གིས། །དགེ་ལེགས་ཤིས་པའི་སྒོ་འཕར་དབྱེ་ལ་ཕྱོགས། །ཞེས་སྭསྟིའི་དབྱངས་སྙན་ཀ་མ་ལའི་ཕང་ཕུང་ཆར་དུ་བསྙིལ་བས་ལམ་ཡངས་པར་


JKT018_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། སྐབས་སུ་བབས་པའི་གླེང་བར་བྱ་བ་ནི། འདི་ལྟར་གླིང་བཞི་ལས་མཆོག་ཏུ་གྱུར་པའི་ལས་ཀྱི་ས་པ་ཛམྦུའི་རྐང་འཐུང་གིས་ཉེ་བར་མཚན་པའི་ལྗོངས་སུ། དུས་གསུམ་གྱི་རྣམ་པར་འདྲེན་པ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་མངོན་དུ་གཤེགས་པའི་ཡུལ་དབུས་འགྱུར་འཆང་ནས་བྱང་ཕྱོགས་ཀྱི་སའི་ཆར། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀེ་ལ་ཤ་ཡི་རི་བོའི་ཕྲེང་བ་ཚར་དུ་དངར་བས་ཡོངས་སུ་བསྐོར་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་རིན་པོ་ཆེའི་ཁུར་གྱིས་ལྷག་པར་ལྕི་བའི་བྷོ་ཊ་དང་། མ་ཧཱ་བྷོ་ཊ་ཞེས་སུ་གྲགས་པའི་ཡུལ་གྲུ་འདིར། དཔལ་ལྡན་སྟོབས་བཅུ་མངའ་བས་འཇམ་དཔལ་རྩ་བའི་རྒྱུད་སོགས་ནས་ལུང་གིས་བསྟན་པ་ལྟར། སྔོན་གྱི་ཚེ་ཆོས་སྐྱོང་བའི་རྒྱལ་པོ་མེས་དབོན་རྣམ་གསུམ་ནས་བཟུང་སྟེ། སངས་རྒྱས་ཀྱི་བསྟན་པ་དེར་འཛིན་དང་བཅས་པ་ལ་སྲི་ཞུ་བླ་ལྷག་ཏུ་མཛད་ཅིང་། ལས་ཤུགས་བཙན་པོའི་རུ་མཚོན་འཕྱར་བས་ཕས་རྒོལ་གྱི་དྲེགས་ལྡན་ཐམས་ཅད་སྤ་བཀོང་སྟེ། དགེ་བཅུའི་ལམ་སྲོལ་དང་འབྲེལ་བའི་བཀའ་ཁྲིམས་བཙན་པོས་ཉི་འོག་གི་འགྲོ་བ་ཐ་དག་བདེ་སྐྱིད་རྒྱ་མཚོའི་ཕུང་པོ་སྲིད་མཐར་འགྱུར་བར་མཛད་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དང་། དེ་དང་རྗེས་མཐུན་གྱི་རྒྱལ་ཕྲན་ཕལ་པ་ཇི་སྙེད་ཅིག་བྱོན་པ་དང་། བྱེ་བྲག་འདིའི་མཚམས་སུ་སྤྲོ་ན་སོ་སོའི་ལོ་རྒྱུས་རྒྱལ་རབས་དང་། དེབས་ཐེར་སོགས་


JKT018_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཇི་ལྟར་འབྱུང་བ་ལྟར་རྒྱས་བསྡུས་ཅི་རིགས་བརྗོད་པའི་མཐར། ཏུ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་སོགས་བདེན་པར་སྨྲ་བའི། ལུང་གི་རི་མོ་བསུབ་ཏུ་མེད་པས་ཉེ་བར་མཚན་པའི་ལྷ་སྲས་བྱང་ཆུབ་སེམས་དཔའ་གང་ཉིད། བོད་དང་བོད་ཆེན་པོའི་བསྟན་འགྲོ་ཀུན་གྱི་རྟེན་དང་། གླིང་དང་། དཔུང་གཉེན་གཅིག་པུར་སྲིད་པ་དང་ཞི་བའི་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་དགེ་ཞིང་ཤིས་པ་མཆོག་གི་དུས་ཚེས་བཟང་པོར། ཇི་སྐད་དུ། ཆོས་འདོད་དོན་གྱི་སྡེ་ཚན་གསུམ། །ཐར་པ་དང་བཅས་སྡེ་བཞི་སྟེ། །དེ་སྟོབས་མཚུངས་པས་བཟང་པོ་བཞི། །ཞེས་སྡེ་བཞི་དང་། རྗེ་བོ་བློན་པོ་ཡུལ་འཁོར་དང་། །རྫོང་དང་མཛོད་དང་དམག་དཔུང་གྲོགས། །ཕན་ཚུན་ཕན་འདོགས་ཡན་ལག་བདུན། །འདི་རྣམས་རྒྱལ་སྲིད་ཅེས་སུ་བརྗོད། །ཅེས་རྒྱལ་སྲིད་ཀྱི་ཡན་ལག་བདུན་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡབ་མེས་ཀྱི་བསྟན་སྲིད་ཕ་མཐའ་ཡས་པ་ཡོངས་སུ་སྐྱོང་བའི་རྒྱལ་ཐབས་ཀྱི་ཁྲི་འཕང་མཐོན་པོར་ལྷ་དང་བཅས་པའི་འགྲོ་བ་ཀུན་གྱིས་མངོན་པར་དབང་བསྐུར་བ་དང་ཆབས་ཅིག །ཕས་རྒོལ་གྱི་ཚོགས་ཀུན་ཉི་མཐོང་ཀུན་ལྟ་བུར་བཅིལ་བ་དང་། ལྟོས་བཅས་ཐམས་ཅད་ཕན་པ་དང་བདེ་བའི་


JKT018_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་གསར་པའི་དུས་སྟོན་ལ་ངོམས་པ་མེད་པར་ལོངས་སུ་སྤྱོད་པའི་དགེ་མཚན་གྱིས་སྒོ་འཕར་བརྒྱ་ཕྲག་དུས་གཅིག་ཏུ་དབྱེ་བར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས་པ་འདི་བཞིན། གང་གི་ཐུགས་རྗེའི་གདུགས་དཀར་གྱི་གྲིབ་མར་ངལ་གསོ་བའི་ཁོ་བོ་ཅག་གིས་ཀྱང་དགའ་སྟོན་གྱི་ལེགས་འབུལ་ཅུང་ཟད་སྟོབ་པར། ཐོག་མར་བཀྲ་ཤིས་པའི་རེ་ཁཱས་འཁྱུད་པའི་ལྷ་གོས་རབ་དཀར་དཀྱུས་སུ་རིང་བ། གང་སྐུ་བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་པའི་རྟེན་འབྲེལ་དུ་རྒྱལ་བ་ཚེ་མཐའ་ཡས་པའི་སྐུ་བརྙན། གང་གསུང་མཐའ་བཞིའི་དྲེགས་ལྡན་ཡོངས་ཀྱི་གཙུག་ཏུ་མཆོད་པའི་བཀའ་ལུང་གི་སྣང་བ་ནུབ་པ་མེད་པའི་བརྡར་མདོ་སྡེ་བསྐལ་པ་བཟང་པོའི་པུསྟི་ཀཿ གང་ཐུགས་ཆོས་དང་སྲིད་ཀྱི་གཙུག་ལག་ཀུན་ལ་རྣམ་དཔྱོད་ཏེ་པོར་ཡངས་པའི་རྟེན་འབྲེལ་དུ་བཀའ་གདམས་མཆོད་རྟེན་རྙིང་མ། སོགས་འབུལ་ཚན་རྣམས་བྲིས་མཐར། གྲངས་ལྡན་རྗེས་སུ་བརྩེ་བའི་སྤྱན་ཟུར་གཡོ་བའི་རྟེན་ཙམ་དུ་འབུལ་ལམ་ཞུ་ཞིང་། སླར་ཡང་སྨྲས་པ། དེང་འདིར་བྱེད་པོས་ཆེད་དུ་མ་བསྐྲུན་སྔོན་བསགས་བསོད་ནམས་ཀྱིས་བརླན་པའི། །དཔལ་དང་ཡོན་ཏན་བདུད་རྩིའི་འབྱུང་གནས་ཚངས་པའི་བློས་ཀྱང་གཞལ་དཀའ་གང་། །འཆི་མེད་མགོན་པོ་ཚེ་མཐའ་ཡས་པའི་ཐུགས་རྗེའི་འོད་རྡུལ་གྱིས་བཏབ་པས། །རིང་འཚོའི་པདྨོ་མཆོག་ཏུ་ཡིད་འོང་


JKT018_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག །སྙིགས་མའི་གདུང་བས་གཞུར་བའི་བསྟན་དང་འགྲོར། །བརྩེ་ཆེན་ཐུགས་རྗེའི་གྲུ་ཆར་དབབ་པ་ཡིས། །རྫོགས་ལྡན་གསར་པའི་སིམ་པ་སྟེར་མཁས་པ། །སྔོན་མེད་གདེངས་ཅན་བདག་པོ་ཁྱོད་ཀྱིས་མཛོད། །ཡིད་སྲུབས་དཔུང་གིས་བཏེགས་པའི་ཕས་རྒོལ་ཀུན། །ཡིད་ལ་དྲན་པ་ཙམ་གྱིས་མཐར་བྱས་ནས། །ཡིད་ཅན་ཕན་བདེའི་དགའ་སྟོན་སྦྱིན་པ་ལ། །ཡིད་བཞིན་འདོད་འཇོའི་དཔལ་དུ་སྣང་གྱུར་ཅིག །མདོར་ན་གང་མཚན་ཐོས་པ་ཙམ་གྱིས་སྲིད་པའི་འཇིགས་པ་ཀུན་འཕྲོགས་ན། །སུ་ཞིག་སྐྱབས་སུ་སོང་བ་ཙམ་ནས་ཞི་བསིལ་གོ་འཕང་སྟེར་མཛད་པར། །བསླུ་བ་སྤངས་བའི་ཡི་གེས་རབ་བརྗིད་མཆོག་གསུམ་འདུས་ཞལ་བླ་མ་ཡི། །ཕུན་ཚོགས་བཀྲ་ཤིས་སྣང་བ་གསར་པས་རྣམ་པ་ཀུན་ཏུ་དགེ་གྱུར་ཅིག །སརྦ་དཱ་རཱ་ཛུ་བ་རི་དྷི་པྲ་བནྡྷ་ནཾ་ཀུ་ནྟུ། ཞེས་པ་ལྟ་བུ་དང་། གཉེན་སྟོན་ཐབ་གསོས་ཀྱི་ཚེ། གོང་རྒྱན་དང་། འབེབས་ཞུ་སོགས་སྔ་མ་ལྟར་རམ་བསྡུ་ན། ཨོཾ་སྭསྟི་སིདྡྷི་རསྟུ། གང་མཚན་དཔལ་གྱི་དུམ་བུའི་སིམ་པ་ལས། །རབ་ལྷག་ཟླ་ཤེལ་བཞུ་བའི་འོད་རིས་ཀྱིས། །ཕན་བདེའི་སྟེང་འཐུང་དཀར་པོའི་འདབ་བརྒྱའི་འཛུམ། །དབྱེ་མཛད་མཆོག་གསུམ་རྒྱ་མཚོས་ཁྱོད་ལ་སྲུངས། །བསོད་ནམས་བྱེ་བའི་ཆུ་གཏེར་འཁྱིལ་པ་ལས། །ཉེ་བར་འཁྲུངས་པའི་མི་བདག་ས་འཛིན་


JKT018_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །རྨད་བྱུང་སྡེ་བཞིའི་བང་རིམ་གྱིས་མཛེས་པའི། །ཞབས་སྟེགས་ས་ཟླའི་བ་གམ་ག་ལ་བར། །འཆར་ཀའི་དམར་བ་ཕུན་ཚོགས་ཟླ་གཞོན་གྱི། །རྗེས་སུ་རྐང་པ་འཇོག་པའི་ལྷག་བསམ་ལས། །དྭང་བའི་ཞུ་གསོལ་མེ་ཏོག་འཐོར་བ་ཡང་། །རྗེས་བརྩེའི་སྤྱན་ཟུར་ལྷུང་བའི་འབབས་སྟེགས་ལགས། །གང་ན་སྙིགས་མའི་ཁུར་གྱིས་རབ་ལྕི་བའི། །བསྟན་དང་འགྲོ་བའི་ངང་ཚུལ་འདི་གཟིགས་ནས། །སྙིང་རྗེས་ཤིན་ཏུ་བརླན་བྱས་རྒྱལ་སྲས་ཤིག །མི་ཡི་དབང་ཕྱུག་ཁྱོད་དུ་མངོན་པར་འཁྲུངས། །དེ་ཚེ་ལུགས་གཉིས་ཏེ་པོར་སྤྱོད་པའི་མདས། །ཚུལ་མིན་འབོད་གྲོགས་མགྲིན་པ་ཉེར་བཅད་ནས། །ཕན་བདེའི་སི་ཟློ ཏཱ་མགྲོན་དུ་གཉེར་པ་ཡིས། །ལྷར་བཅས་རྫོགས་ལྡན་གསར་པའི་དཔལ་ལ་སྦྱར། ཁྱད་པར་རྣམ་ལྔའི་སྐྱོན་དྲིས་རིང་བཏང་བའི། །ཡོན་ཏན་བརྒྱད་ལྡན་བཙུན་མོ་རིན་ཆེན་མཆོག །དཔལ་གྱི་འབྱོར་པ་ཆེན་པོའི་སྒྱུ་ཐབས་ཀྱིས། །རང་དབང་ཉིད་དུ་བདག་གིར་མཛད་པའི་མོད། །གྲགས་སྙན་ནོར་བུའི་རྔ་ཡབ་གཡོབ་པ་དང་། །ཕུན་ཚོགས་སྡེ་བཞིའི་འདུ་བ་རྒྱས་པ་དང་། །དེས་ཀྱང་མི་མཐུན་རྒུད་པ་རིང་བཅིལ་བའི། །གསུམ་པོ་འདི་ནི་མཉམ་དུ་དང་བར་གྱུར། །གང་ཚེ་ལྟོས་བཅས་སྐྱེ་དགུའི་ཕན་བདེའི་སྲོག །རྒྱལ་ཐབས་རྩ་བ་མི་ཉམས་བརྟན་པ་ལས། །དགེ་མཚན་འདོད་དགུའི་ལྗོན་བཟང་འབྱུང་ངོ་ཞེས། །


JKT018_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྷར་བཅས་བསྔགས་པའི་མེ་ཏོག་གཡོ་བས་བྲེལ། །དེ་སླད་འདི་ནའང་གང་གི་བཀའ་དྲིན་གྱིས། །གདུགས་དཀར་ཡངས་པོར་འཁོར་བའི་གྲིབ་བསིལ་དུ། །ཉེ་བར་འཚོ་བའི་འདུ་ཤེས་གསུམ་ས་ཅུང་ཟད་བསྟར། །འདིའང་རང་ཉིད་རྒྱལ་པོ་དེའི་མངའ་ཁུལ་དུ་གནས་པ་ལྟ་བུའི་དབང་དུ་བྱས་ཀྱི། གཞན་དུ་ན། མཆོག་གསུམ་བཀའ་དྲིན་གྱིས། ཞེས་པ་ལྟ་བུར་བསྒྱུར་དགོས་པས་མཚོན་གོང་འོག་རྣམས་སུ་དམིགས་བསལ་གྱི་ཁ་བསྒྱུར་དགོས་པ་རྣམས་སོ་སོར་འབྲི་བ་ལས་མཐའ་གཅིག་ཏུ་རིགས་འགྲེ་བར་མི་བྱའོ། །ཞེས་སྐབས་སུ་བབས་པའི་བརྗོད་པ་ཉུང་ངུས་མདུན་བསུས་ཏེ། དེང་གི་ཆར་འདིར་རྒྱལ་རབས་སོགས་དམིགས་བསལ་སྤྲོ་ན་ཇི་ལྟར་འོས་པ་འཛུད། ཡང་། གང་ན་སའི་དགེ་བཅུའི་དཔྱད་པ་མ་ཚང་བ་མེད་པས་ཡོངས་སུ་བསྲུངས་པའི་མ་ཧཱ་བྷོ་ཊ་སྟེ་བོད་ཆེན་པོའི་ནོར་འཛིན་གྱི་ཐིག་ལེར། ཆོས་དོན་འདོད་ཐར་ལ་སོགས་པའི་སྲིད་ཞིའི་དགེ་མཚན་གྱི་སྒོ་འཕར་གཅིག་ཅར་དུ་བྱེ་བའི་གཙུག་ལག་ལུགས་བརྒྱའི་འདུན་ས་ཆེན་པོར། །སྤོར་ཐང་རྩིས་ཀྱི་གཞུང་ལས་ཇི་ལྟར་བཤད་པའི་མཐུན་སྦྱོར་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་སུ་སཱ་ལའི་ལྗོན་པ་ལྟར་ཆོ་ཚུ་འབྲངས་རིགས་རུས་མངོན་པར་མཐོ་བའི་ངང་ཚུལ་མ་སྨད་པའི་བཙུན་མོ་དམ་པ། ཟླ་མེད་བསོད་ནམས་རྒྱ་མཚོའི་བྱེད་པོས་བསྐྲུན་པའི་དཔལ་གྱི་འབྱོར་པ་གནོད་གནས་དབང་པོའི་གན་མཛོད་ལས་ལྷག་པས་


JKT018_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བདར་ཏེ་ཁབ་ཏུ་བསུས་པ་ལས། ཆབ་འབངས་ལྟོས་བཅས་ཡོངས་ཀྱི་ཕན་བདེའི་རྩ་བ་རྒྱལ་སྲིད་རིན་པོ་ཆེ་ཡུན་དུ་བརྟན་ཅིང་། མངའ་ཐང་གདུང་རྒྱུད་སོགས་ཟླ་བས་རེག་པའི་ཆུ་གཏེར་ལྟར་སྲིད་པའི་རྩེ་མོར་འགོངས་པར་མཛད་པའི་བཀའ་དྲིན་ཁོ་ན་ལ་ཁ་ཙམ་མ་ཡིན་པར་སྤྲོ་དགའི་ཡིད་ཀྱིས་རྗེས་སུ་དཔག་སྟེ། རྟེན་འབྲེལ་གྱིས་རྒ་མི་འཆོལ་བའི་ཆེད་དུ་ཤིས་པའི་ལེགས་སྐྱེས་ཟེགས་མ་ཙམ་སྟོབ་པར། ཞེས་པའི་མཚམས་འབུལ་ཚན་རྣམས་རིམ་པར་བཀོད་མཐར་སྨོན་ལམ་ཤིས་བརྗོད་སོགས་གང་འོས་སྦྱར་རོ། །དབུས་བརྫོང་ལྟ་བུར། གོང་གཤམ་ཀྱི་བརྗོད་པ་དཀྱུས་བཞིན་ལ། ཁྱད་པར་སྔོན་སྨོན་ཡན་ལག་བརྒྱ་པའི་ཕྲག །ཉེ་བར་རྩེན་པའི་མཚན་བཟང་ཟླ་ཤེལ་གསར། །དེང་དུས་བྷོ་ཊའི་སྨན་ལྗོངས་ཉམས་དགའ་བ། །དབུས་འགྱུར་འཆང་ཞེས་གྲགས་པའི་ཕྱོགས་སུ་ཆས། །དེ་ན་རྨད་བྱུང་ཡོན་གནས་མཐའ་དག་ལ། །མཆོད་པའི་སིམ་འོད་དཀར་པོ་རིང་སྤྲོས་པས། །ཚུལ་མིན་མུན་པ་མཐའ་དག་བསལ་བ་དང་། །ཕན་བདེའི་སྟེང་འཐུངས་དཀར་པོའི་འཇོ་སྒེག་བསྒྲུབས། །སླར་ཡང་བསོད་ནམས་བྱེ་བའི་ཕུང་པོ་གང་། །མི་རིང་བོད་ཆེན་ལྗོངས་སུ་སྣང་བ་ལས། །ལྟོས་བཅས་ཕན་བདེའི་སིམ་པ་སྟེར་བའི་སླད། །གསོལ་འདེབས་ལེགས་སྐྱེས་ཕྲ་མོའི་དགའ་སྟོན་སྟོབ། །ཅེས་ཚིག་རྒྱན་གྱི་མེ་ཏོག་ཕྲ་མོ་སྔོན་དུ་གཏོར་ནས། སྐབས་


JKT018_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བབས་པའི་གླེང་བར་བྱ་བ་ནི། འདི་ལྟར་ཡང་སྲིད་ཀུན་ཏུ་རྣམ་པར་དཀར་བའི་ལེགས་མཛད་ཁོ་ན་ལ་གཅིག་ཏུ་གཞོལ་བའི་དམ་བཅའི་རི་མོ་བསུབ་ཏུ་མེད་པས། དེང་གི་ཆར་ཡང་། མཐའ་ཡས་པའི་སེམས་ཅན་ཀུན་ལ་སྨན་པའི་ཐུགས་བསྐྱེད་ཟླ་བ་ཚེས་པ་ལྟ་བུས་བོད་ཡུལ་དབུས་འགྱུར་འཆང་དག་པའི་ཞིང་ཁམས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། སྤྲུལ་པའི་གཙུག་ལག་ཁང་རྣམ་པ་གསུམ་གྱིས་མཚོན་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་རྟེན་དང་རྟེན་པར་བཅས་ལ་མཆོད་འབུལ་སྨོན་ལམ་དང་། སྐྱབས་མཆོག་༢རྒྱལ་འདིའང་སྐབས་ཐོབས་ཀྱི་བསྒྱུར་བཀོད་གང་འོས་བྱ། བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ལ་མཇལ་ཕྱག་དང་སྲི་ཞུ། གྲྭ་ས་ཆེན་པོ་སེར་འབྲས་དགེ་གསུམ་གྱིས་གཙོས་བཤད་སྒྲུབ་འདུས་པའི་སྡེ་རྣམས་སུ་བསྙེན་བཀུར་གྱི་ཡོན་སྟོབ་པ་སོགས་ཚོགས་གཉིས་ཀྱི་ཆུ་གཏེར་མུ་མཐའ་མེད་པར་འཕེལ་བས། འབྲེལ་ཐོགས་ཐམས་ཅད་གནས་སྐབས་མངོན་མཐོ་དང་། མཐར་གྱིས་ངེས་པར་ལེགས་པའི་གོ་འཕང་ཆེན་པོར་བདེ་བླགས་སུ་སྦྱོར་བའི་དགོངས་གཏད་རྨད་དུ་བྱུང་བ་དེ་བཞིན་ལ། གང་གི་ཐུགས་རྗེའི་གདུགས་དཀར་གྱི་གྲིབ་མར་བདེ་བར་འཚོ་བའི་གྱི་ན་བ་ཁོ་བོ་ཅག་ཀྱང་ཤིན་ཏུ་དྭང་བ་ཆེན་པོས་རྒྱུད་ཡོངས་སུ་བསྐུལ་ཏེ། ཇི་ལྟར་བཞེད་པའི་


JKT018_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཐམས་ཅད་དེ་དེ་བཞིན་འབད་མེད་དུ་འགྲུབ་པའི་གྲགས་སྙན་གྱི་སྣང་བ་དཀར་པོས་ཕྱོགས་ཀྱི་ཁོར་ཡུག་ཐམས་ཅད་རྒྱས་པར་འགེངས་པས་ཕན་བདེའི་སིམ་པ་བརྒྱ་ཕྲག་ཏུ་འབར་བ་དང་ཆབ་ཅིག །སླར་ཡང་མི་རིང་བར་བོད་ཆེན་སྐྱེ་འགྲོ་ཡོངས་ཀྱི་རྟེན་དང་། གླིང་དང་། སྐྱབས་དང་། དཔུང་གཉེན་གཅིག་པུར་རྒྱལ་ཐབས་ཀྱི་ཁྲི་འཕང་མཐོན་པོར་ཞབས་ཀྱི་པདྨོ་གེགས་མེད་དུ་བཀོད་གྲུབ་པར་གསོལ་བ་འདེབས་པའི་རྟེན་སྐུ་རྫོངས་མཚོན་ཙམ་འབུལ་བ་ལ། ཞེས་པའི་མཐར་འབུལ་ཚན་སོགས་ཇི་ལྟར་རིགས་པ་བྲིའོ། ༈ །དེ་བཞིན་དུ་ཕྱིར་ཕེབས་པའི་དབུ་ཐོན་གྱི་ལེགས་འབུལ་ལྟ་བུ་ལའང་། གོང་རྒྱན་དང་འབེབས་སོགས་གང་འོས་མཚམས་སུ། ཁྱད་པར་རིང་ནས་ཚོགས་ཟུང་བྱེ་སྙེད་ཀྱིས། །ཉེ་བར་བསྐུལ་བའི་ཐུགས་ཀྱི་བཞེད་དོན་ཀུན། །གེགས་མེད་འགྲུབ་པའི་སྭསྟིའི་དབྱངས་སྙན་པོའི། །ཡི་གེ་ཕྱོགས་ཀྱི་བུ་མོའི་འགྲམས་པར་བརྗིད། །དེ་ཚེ་ལེགས་བྱས་ཟླ་བའི་རྔ་ཡབ་ཀྱིས། །ཚེ་དཔལ་འབྱོར་པའི་ཆུ་གཏེར་སྒེག་མོའི་གཟུགས། །ཆོས་ཆར་དར་བའི་ཤིས་པ་བསྒྲུབས་བཞིན་དུ། །མི་མཐུན་རིམས་ནད་བརྟན་པ་གཅིག་ཅར་འཕྲོགས། །སླར་ཡང་བོད་ཆེན་སྐྱེ་དགུའི་དོ་ཀེར་རྩེར། །ཞབས་སེན་ནོར་བུའི་མེ་ལོང་བཏབ་པ་ཡི། །ཚད་མེད་བཀའ་དྲིན་དྲན་པའི་འཁྲི་ཤིང་ལས། །དགའ་སྟོན་མེ་ཏོག་ཕྲ་མོ་འབུལ་ལ་རིངས། །


JKT018_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྐབས་སུ་བབས་པའི་བརྗོད་པ་ཉུང་ངུས་མདུན་བདར་ཏེ། དེང་གི་ཆར་ཡང་། གྲངས་མེད་སྐྱེ་དགུའི་བསོད་ནམས་ཀྱི་ཕུང་པོས་མགྲོན་དུ་ཉེ་བར་ཁུགས་པའི་མི་རྗེ་སའི་ཚངས་པ་ཆེན་པོ་གང་ཉིད། །བསིལ་ལྡན་ནོར་འཛིན་གྱི་ལྟེ་བ་དབུས་གཙང་སྤྲུལ་པའི་ཞིང་ཁམས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་བ་ལ། ཡིད་སྲུབས་ཀྱི་བདག་པོས་བཏེག་པའི་ཉེ་ཞོ་ཕྲ་མོ་ཙམ་གྱིས་ཀྱང་བརྫི་བ་མེད་པར། ཇི་ལྟར་བཞེད་པའི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པའི་དགེ་མཚན་གྱི་སྣང་བ་བརྒྱ་ཕྲག་ཏུ་འབར་བཞིན། །སླར་ཡང་བདག་སོགས་ལྟོས་བཅས་ཡོངས་ལ་བརྩེ་བ་ཆེན་པོའི་གཟིགས་པས་གཞར་ཡང་མི་བཏང་བའི་ཕྱིར། བོད་ཆེན་ཡངས་པའི་ལྗོངས་འདིར་གསེར་ཞལ་རིན་པོ་ཆེ་མངོན་སུམ་དུ་སྣང་བར་མཛད་པའི་བཀའ་དྲིན་ནི་ཚངས་པའི་བློ་ཡི་ར་བ་ལས་ཀྱང་ཆེས་བརྒལ་བའི་ཕྱིར་དངོས་པོའི་བདོག་པ་ཉུང་ངུའི་གཞལ་བྱ་མ་ཡིན་ཡང་། །གནས་སྐབས་རྗེས་བརྩེའི་སྤྱན་ཟུར་གཡོ་བའི་རྟེན་ཙམ་དུ་ལེགས་འབུལ་ཕྲ་མོ་ཞིག་སྟོབ་པར། ཐོག་མར་བཀྲ་ཤིས་པའི་ལྷ་གོས་རབ་དཀར། ཞེས་སོགས་གང་འོས་བྲིའོ། །མ་ལེགས་ལྟ་བུ་འབུལ་བའི་ཚེ། ཚུ དབུལ་ཡུལ་གྱི་དམིགས་ཕྱེད་པའི་གོང་བརྗོད་སོགས་ཇི་ལྟར་འོས་པའི་མཚམས། ཀྱེ་མ་དེང་ཚེ་བསྟན་འགྲོའི་ལེགས་བྱས་ཀྱིས། །ཉེ་བར་ཐོབ་པའི་མི་བདག་རིན་ཆེན་དེ། །བསོད་ནམས་ཉག་ཐག་ཕྲ་བའི་


JKT018_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་གིས། །ལེགས་བྲིས་དགའ་ཚལ་སྟུག་པོར་ཡུད་ལ་ཤོར། །དེ་ཚེ་སྣ་ཚོགས་རྟོག་པའི་སྤྲིན་པ་ཡིས། །སེམས་ཀྱི་ཟླ་ཤེལ་གསར་པ་བསྒྲིབས་མཁས་ཕྱིར། །བཟོད་དཀའི་ཚེར་མ་རྩུབ་མོའི་ཉི་འོད་ཀྱིས། ཡིད་དབང་ཨུཏྤལ་དཀར་པོ་དམ་དུ་བཅིངས། །འོན་ཀྱང་འདུས་བྱས་ཆོས་ཀུན་སྐྱེ་འཇིག་གི །ཕྱག་རྒྱས་བཏབ་པའི་ངང་ཚུལ་ལ་སེམས་ནས། །གཅིག་ཏུ་རྣམ་པར་དཀར་བའི་འཇུག་པ་ལས། །ཕན་པར་བྱེད་པ་སྲིད་ན་དབེན་པ་བཞིན། །གང་ཐུགས་གདུང་བའི་སྨིག་རྒྱུ་རིང་བཏང་ནས། །ཚོགས་ཟུང་གེ་སར་དགོད་པར་འོས་སོ་ཞེས། །ཞུ་གསོལ་སྙན་གྱི་དབང་པོར་སིམས་པའི་སླད། །དངོས་པོའི་ས་བོན་ཕྲ་མོ་འབུལ་ལ་ཕྱོགས། །ཞེས་པ་ལྟ་བུ་དང་། གཤམ་དུ་འབུལ་ཚན་རྣམས་བཀོད་མཐར་ལྷག་མ་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །ཡང་ལོ་གསར་གྱི་དགའ་སྟོན་ལྟ་བུ་འབུལ་བའི་སྐབས་སུ། གོང་གཤམ་བ གྱི་བརྗོད་པ་གཞན་དཀྱུས་ལྟར་ལ། ཁྱད་པར་དེང་དུས་རྒྱལ་ཐབས་ཆུ་གཏེར་ཆེ། སྲིད་རྩེར་འཕེལ་པའི་གྲགས་སྙན་སྟེང་འཐུང་དཀར། ཁོར་ཡུག་རི་བོའི་བར་དུ་རྒྱས་འགེངས་བཞིན། །འཚོ་གཞེས་ཆོ་ག་བསྒྲུབས་པའི་དང་པོའི་འཕྲིན། །འདོར་བྱེད་སྔ་མའི་ཉེར་འཚེ་བདེན་བྲལ་མགྲིན། །སྐྱབས་གསུམ་དགའ་བྱེད་མདའ་ཡིས་ཉེར་བཅད་དེ། །གསར་དུ་ཚེས་འདིར་ཤིས་དགུའི་མཛའ་ན་མོ། །མགྲོན་དུ་འགུགས་


JKT018_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགའ་སྟོན་གསལ་བའི་སླད། །རྐང་པས་འཐུངས་ལས་སྨིན་པའི་འབྲས་བཟང་སོགས། །རོ་བཅུད་ཕུན་སུམ་ཚོགས་པའི་ཟིལ་མངར་གྱིས། །ལེགས་བྲིས་བདུད་རྩིའི་དཔལ་ལ་ཕྲག་དོག་གང་། མི་འགྱུར་རྟགས་ཀྱི་རེ་ཁྭ་དགོད་བཞིན་ཕུལ། །ཞེས་པ་ཙམ་མམ་གཤམ་དུ་ཚིག་ལྷུག་སྦྱོར་བར་སྤྲོ་ན། ཅེས་ཚིགས་སུ་བཅད་པ་ཉུང་ངུས་མདུན་བསུས་ཏེ། དེང་གི་དུས་དགེ་བའི་ཆར་ཡང་། མཆོག་གསུམ་རྒྱ་མཚོའི་བྱིན་རླབས་ཉིན་མོར་བྱེད་པའི་འོད་སྣང་རིང་པོར་འཕྲོ་བ་ལ་བརྟེན་ནས། ཡིད་ཅན་ཕན་བདེའི་རྩ་ལག་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་གང་ཉིད། ཆེ་དགུའི་རལ་ཁུར་སྣུམ་པོས་བརླུང་བར་བྱས་པའི་ནོར་བུའི་ཁྲི་འཕང་མཐོན་པོར། གསང་གསུམ་གྱི་དཀྱིལ་འཁོར་པདྨ་དཀར་པོ་ལྟར་མཆོག་ཏུ་རྒྱས་པའི་གཏམ་སྙན་གྱི་ཟིལ་དངར་རིང་ནས་བསོད་ནམས་ཀྱི་བྱེད་པོས་བསྐྲུན་པའི་རྣ་བའི་བཅུད་ལེན་དུ་བཏུངས་པ་ལས། གནམ་ལོ་རྙིང་པའི་ཁོངས་སུ་འགལ་རྐྱེན་ཉེ་ཞོའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་སྲིད་པའི་རྩེར་མོར་བརྡུངས་བ་དང་། བགྲང་གཞི་གསར་པའི་འཛུམ་ཞལ་ཐོག་མར་ཕྱེ་བས་བརྟན་གཡོའི་དགེ་མཚན་མ་ལུས་ཤིང་ལུས་པ་མེད་པའི་སྒོ་འཕར་བརྒྱ་ཕྲག་ཏུ་དབྱེ་བའི་རྟེན་འབྱུང་དུས་སྟོན་གྱི་སྐྱེས་ཕུད་མཚོན་བྱེད་ཙམ་དུ། ཐུད་དཀར་གྱི་གོང་བུ། བདའ་དགུའི་ལྗོན་འབྲས། བཅོས་


JKT018_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བུར་སྦྲང་བཞེས་སྤྲོའི་བྱེ་བྲག་སོགས་རྟགས་ཀྱི་རེ་ཁཱས་མཛེས་པར་བྱས་ཏེ་ཕུལ་བ་དགྱེས་པ་ཆེན་པོས་སྤྱན་རས་བཙའ་བར་གསོལ་བ་འདེབས་པ་དང་སླར་སྨྲས་པ། ཞེས་སོགས་དཀྱུས་ཀྱི་བརྟན་བཞུགས་ཤིས་སྨོན་ཇི་ལྟར་འོས་པ་སྦྱར་བར་བྱ་སྟེ། དེ་དག་རྣམས་ནི་གཙོ་བོར་རྒྱལ་ཁབས་ཆེན་པོའི་རིགས་ལ་འབུལ་བའི་དབང་དུ་བྱས་ཀྱི། གཞན་དུ་མི་དཔོན་ཕལ་པ་སོགས་ལ་བརྗོད་བྱ་དེ་དང་ཕྱོགས་མཐུན་ཙམ་ལ་དམིགས་བསལ་གྱི་ཁ་བསྒྱུར་སྐབས་དང་མཐུན་པར་བྱ་བ་ལས་འདིར་དཔེར་བརྗོད་པ་ན་ཧ་ཅང་ཡི་གེས་འཇིགས་པས་རེ་ཞིག་བཏང་སྙོམས་སུ་བྱས་སོ། །བཅུ་ཕྲག་རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཞིག་ལ་འབུལ་ན། རྨད་བྱུང་རྣམ་དཔྱོད་ཡངས་པའི་གོམ་གསུམ་གྱིས། །ཤེས་བྱའི་ས་ཆེན་མ་ལུས་བདེར་བཅིངས་ཚེ། །སྔོན་མེད་ཁྱབ་འཇུག་གཉིས་པ་ཉིད་དོ་ཞེས། །ལྷར་བཅས་དགའ་བའི་ཅ་ཅོ་སྒྲོགས་དེའི་དྲུང་། །གང་གིས་མཁྱེན་རབ་བདུན་གྱི་བདུན་པ་ཡིས། །དམན་བློའི་འདམ་སྐྱེས་གཞོན་ནུར་རེག་པའི་མོད། །གུས་སྤྲོའི་མཆུ་སྒྲོས་བྱེ་བའི་འཛུམ་དཀར་ལས། །སྙན་པར་སྨྲ་བའི་ངག་གི་བསུང་ཞིམ་འཐུལ། །གཞན་དག་རྗེས་སུ་གཟུང་བའི་གཉིས་འཐུང་སྟེང་། །ལོག་སྨྲ་ཚར་གཅོད་རྡོ་རྗེའི་མཚོན་གདེངས་ཤིང་། །རང་ཉིད་ཀུན་ཤེས་རིག་པའི་མིག་སྟོང་ཅན། ཁྱོད་ནི་ས་ཡི་ལྷ་དབང་གཉིས་པར་ངེས། །


JKT018_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཀླས་ཤེས་དང་ཤེས་བྱའི་སྣང་བ་ཡིས། །ས་གསུམ་དཀར་པོར་བྱས་པའི་གཏམ་འདི་ཀ །བྱེད་པོ་ཤར་གྱི་ཐིག་ལེ་ཡིན་སྙམ་ན། །སྐལ་བཟང་སློབ་མའི་ཡིད་ཀྱི་ཀུན་བཞད། །འདི་ན་སྐྱེས་དང་སྦྱངས་པའི་བློ་གྲོས་ཀྱིས། །རང་རྒྱུད་དགེ་བར་བྱས་པ་མེད་མོད་ཀྱི། །མཆོག་གསུམ་ཐུགས་རྗེའི་སྤྲིན་དཀར་གྱིས་གསོས་པས། །ལང་ཚོའི་མྱུ་གུ་མ་ཉམས་བདེ་བར་མཆིས། །སླད་མར་སྲིད་དང་ཞི་བའི་དགེ་ལེགས་ཅན། །ཐམས་ཅད་མཁྱེན་ཅེས་གྲགས་པའི་བ་དན་དཀར། །མངོན་པར་བརྙེས་ནས་སྲིད་པ་ཇི་སྲིད་བར། །བརྟན་པར་བཞུགས་པའི་དགའ་སྟོན་སྤྲོ་བར་མཛོད། །དེ་སྐད་ཞུ་བའི་མཆིད་ཚིག་ཡུལ་འཁོར་སྲུང་། །གཟིགས་རྟེན་འདབ་གཤོག་དཀར་པོ་ཟུང་བསྐྱོད་དེ། །འཕྲིན་ཡིག་རྐང་པའི་དྲིལ་ཆུང་འཁྲོལ་དང་བཅས། །གང་གི་རྣམ་དཔྱོད་ཨུཏྤལ་རོལ་མཚོར་དེངས། །ཡང་ན། མཁྱེན་དཔྱོད་ཉིན་མོར་བྱེད་པའི་འོད་རྡུལ་ནི། །ཡོངས་རྫོགས་རིག་གཞུང་ཨུཏྤལ་དགའ་ཚལ་དུ། །གཟུགས་ཅན་བཞིན་དུ་རྒྱ་བའི་དཔྱིད་དཔལ་གྱིས། །ལྷར་བཅས་ཡིད་ཀྱི་བརྟན་པ་འཕྲོགས་དེའི་དྲང་། །མང་ཐོས་ཆར་གྱིས་བྲན་པར་མ་གྱུར་ཅིང་། །བསམ་བྱུང་དཔྱིད་ཀྱི་དཔལ་མོས་བཟུང་མིན་ཀྱང་། །ལྷག་བསམ་པདྨ་དཀར་པོ་བཞད་པ་ལས། །ཞུ་མཆིད་དྲི་བསུང་མངར་པོ་དེང་འདིར་འཐུལ། །རྡུལ་བྲལ་ཞི་བ་དམ་པའི་གྲོང་ཁྱེར་དུ། །


JKT018_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲི་བའི་ལམ་སྟེགས་ཐུན་མོང་ཁྱད་པར་གྱི། །ལེགས་བཤད་བདུད་རྩི་གསར་པའི་དགའ་སྟོན་མཁན། །འཚོ་གཞེས་ཆོ་ག་མ་རྙིང་དགེ་ལགས་སམ། །འདི་ན་གཟོད་ནས་རྨོངས་དང་མ་རིག་པའི། །དྲ་བས་དམ་དུ་བཅིངས་པའི་གྱི་ན་བ། །དཀོན་མཆོག་ཐུགས་རྗེའི་རྭ་བར་རྟེན་འཆའ་བས། །གནས་སྐབས་ཉེར་འཚེས་ཉེན་པར་མ་གྱུར་ཙམ། །སླད་དུ་རིགས་གཟུགས་ལང་ཚོའི་འབྱོར་པ་ཡིས། ཁྱད་པར་བྱས་པའི་གང་ཟག་མང་མོད་ཀྱང་། །གློ་གྲོས་མཚུངས་མེད་རིག་པའི་རྣ་ཆ་ཅན། ཁྱོད་གཅིག་ལགས་བཞིན་ཡུན་དུ་ཞབས་བརྟན་མཛོད། །དེ་སྐད་སྤྲོ་བར་འོས་པའི་གཏམ་གྱི་དབྱངས། །ཚིག་རྒྱན་ཏམྦུརཡི་རོལ་མོ་དང་། །རྣམ་པར་བསྲེས་པའི་སྙན་འགྱུར་སྒྲོགས་དང་བཅས། །རྟེན་གྱི་བླ་གོས་གཡོ་བཞིན་རིངས་པར་དེངས། །ཡང་ན། གྲངས་མེད་ཤེས་བྱའི་བདུད་རྩིའི་བཅུད། །འཐུང་བས་མྱོས་པའི་ཟླ་ཤེལ་ནི། །མཁས་མང་བདེ་འབྱུང་ཅོད་པན་རྩེར། །རྣམ་པར་རོལ་དེའི་ཞབས་སེན་དུ། །དྭང་བས་ཞུ་མཆིད་ཨུཏྤ་ལ། །སྙན་ཚིག་ཚོན་རིས་བཀྲ་དང་བཅས། །སྤྱི་བརྟོལ་བསྐྱེད་དེ་འབུལ་ལགས་ན། །རྗེས་བརྩེའི་ཐུགས་ཀྱིས་བཞེས་པར་མཛོད། །གང་གི་ཐུན་མོང་ཁྱད་པར་གྱི། །རིག་གཞུང་རྒྱ་མཚོ་འཕེལ་བྱས་ཕྱིར། །ཕལ་ཆེར་ཆར་སྤྲིན་སར་པའམ། །ཟླ་བའི་སིམ་འོད་ཟག་པར་འཁྲུལ། །འདི་ན་རྨོངས་དང་མ་རིག་པའི། །


JKT018_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཚུགས་རྒྱས་པའི་ལག་ལྡན་ཀྱང་། །ཚུལ་མིན་འདམ་ལ་བྱིངས་བཞིན་དུ། །འཚོ་བའི་འདུ་བྱེད་མ་ཉམས་ཙམ། །སླད་མར་ཆུ་གཏེར་རྣམ་པ་བཞིའི། །འོག་པགས་འཆང་བའི་རྟེན་འདི་རུ། །དཔྱོད་ལྡན་དུ་མའི་གཉེན་གྱུར་ཕྱིར། །འཚོ་གཞེས་ཆོ་ག་བརྟན་པར་མཛོད། །ཞུ་མཆིད་དགེ་བའི་མལླི་ཀ །གཟིགས་རྟེན་འདབ་གཤོགས་ཟུང་བསྐྱོད་དེ། །སྙན་ཚིག་རྐང་པའི་གདུ་བུའི་སྒྲ། །འཁྲོལ་བཞིན་རིངས་པ་རིངས་པར་དེངས། ༈ །བྱེ་བྲག་ཏུ་སྒྱུ་མ་མཁན་གྱི་བཀོད་པ་ཡང་རྟུལ་པོར་བགྱིད་པའི་བཟོ་རིག་ཁོ་ན་ལ་མཁས་པའི་དབང་པོར་གྱུར་པ་ཞིག་ལ་འབུལ་ན། །རྨད་བྱུང་མཁྱེན་དཔྱོད་ནོར་བུའི་ཨཱ་དརྣར། ངོ་མཚར་བཟོ་རིག་རྒྱ་མཚོའི་རི་མོ་ཡིས། །ལྷར་བཅས་ཡི་ག་དབང་མེད་འགུགས་བརྩོན་པའི། །བྱེད་པོ་སྣ་ཚོགས་ལས་བྱེད་གཉིས་པའི་དྲུང་། །མང་ཐོས་ཉི་ཟླའི་ཟེར་གྱིས་མ་སྨིན་ཅིང་། །སྒོམ་བྱུང་ཆུ་རྡུལ་གསར་པས་རེག་མིན་ཀྱང་། །ལྷག་བསམ་མཛེས་མའི་འགྲམ་ཆང་གིས་ཕྱེ་ཚེ། །མཆིད་འོས་བ་ཀུ་ལ་ཡི་མཚར་སྡུག་གྲོལ། །གང་གི་བློ་མཆོག་འཁྲི་ཤིང་དུད་པ་ལས། །དོན་གཉེར་སྐལ་བཟང་སྐྱེ་བོའི་སྙིང་དང་མིག །བདུད་རྩིར་བགྱི་སླད་བསྐྲུན་པའི་མེ་ཏོག་གིས། །སྲིད་འདིའི་མཛེས་པ་གཞན་ཀུན་འགོགས་པ་བཞིན། །གྲགས་པའི་ཡོན་ཏན་དེ་ཡིས་བདག་སོགས་ཀྱང་། །ཡིད་ཀྱི་བརྟན་པ་ཕྲོགས་དང་ཆབ་ཅིག་པར།


JKT018_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་འཆི་མེད་གྲོང་ཁྱེར་དང་མཚུངས་པའི། །དགའ་སྟོན་སར་པ་འཕོས་སྙམ་སྤྲོ་བས་སིམ། །འདི་ན་སྐྱབས་གནས་རིན་ཆེན་རྣམ་གསུམ་གྱི། །ཐུགས་རྗེའི་གདུགས་དཀར་གྲིབ་མར་ངལ་བསོས་པས། །ཉེར་འཚེའི་ཚ་གདུང་རིང་དུ་བྱས་པ་དང་། །ལྷན་ཅིག་དད་གསུམ་ལང་ཚོ་ཅིར་ཡང་འཕེལ། །སླད་ཆར་འདོད་འབྱུང་དལ་རྟེན་དཔག་བསམ་དབང་། །ཐབས་ཚུལ་རིམ་གྲོའི་ཆར་གྱིས་བྲན་པ་ལས། །ཡུན་དུ་བརྟན་པའི་འཇོ་སྒེག་གཡོ་དང་བཅས། །ཕུན་ཚོགས་ཕན་བདེའི་འབྱོར་པ་སྦྱིན་པར་མཛོད། །དེ་སྐད་ཞུ་མཆིད་མལླི་ཀཀྐ་ནི། །རྟེན་གྱི་འདབ་གཤོག་དཀར་པོ་གཡོ་བ་དང་། །བརྗོད་པ་སྙན་པའི་དྲིལ་ཆུང་འཁྲོལ་དང་བཅས། །ཀུན་ཏུ་དགེ་བའི་ཚེས་ལ་རྣམ་པར་དེངས། །ཞེས་པ་ལྟ་བུ་དང་། ༈ །ཡང་བཟོ་རིག་གི་ནང་ཚན་རི་མོ་བྲིས་འབུར་ལྟ་བུ་གང་རུང་ལ་མཁས་པ་ཞིག་གི་མདུན་དུ་འབུལ་ན། སྲིད་ཞིའི་ཆོས་ཁམས་ཡོངས་ཀྱི་ཉམས་འགྱུར་ཀུན། །རྣམ་དཔྱོད་སོར་རྩེས་བསྐྲུན་པའི་ངོ་མཚར་གྱིས། །འཇིག་རྟེན་མེས་པོའི་ཡིད་ཀྱང་འགུགས་ནུས་པའི། །བྱེད་པོ་མཚུངས་མེད་མཆོག་གི་ཉེ་དྲུང་དུ། །སྐྱེས་སྦྱངས་ཡོན་ཏན་དམན་པའི་བླ་མ་རས། གང་གི་རྣམ་ཐར་ཨུཏྤལ་ཆུན་པོ་ལ། །དགའ་བས་ཕྱོགས་ནས་མཆིད་ཚིག་དར་དིར་གླུ། །རྐང་པར་བཅད་པའི་ཕྲེང་བ་འདི་འབུལ་ལོ། །རྨད་བྱུང་བློ་གྲོས་ཤེལ་གྱི་ཨཱ་དརྴར། །


JKT018_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་རི་མོའི་འདུ་འགོད་འཕོས་པ་ཡིས། དཔྱོད་ལྡན་མིག་དང་སྙིང་ལ་བདུད་རྩིའི་རོ། །སྦྱིན་མཁས་གང་ཁྱོད་བདེ་བར་འཚོ་ལགས་སམ། །འདི་ན་རྨོངས་དང་མ་རིག་བརྒྱ་ཕྲག་གི །ཁུར་གྱིས་ནོན་པའི་འདུ་ཤེས་གསུམ་པ་ཡང་། །མཆོག་གསུམ་ཐུགས་རྗེའི་དཔྱངས་ཐག་གིས་བཟུང་བས། །སྲིད་པ་ཕྱི་མར་ཉིང་མཚམས་མ་སྦྱར་ཙམ། །སླད་ནས་ཟབ་གསང་མདོ་རྒྱུད་རྒྱ་མཚོ་ལས། །ཇི་ལྟར་བསྟན་པའི་མཚན་ཉིད་མ་སྨད་པས། །ཉེ་བར་བསྲུང་བའི་སྣང་བརྙན་གསར་པ་ཡིས། བསྟན་འགྲོར་དགའ་བ་བརྒྱ་ཕྲག་བསྐྱེད་པར་མཛོད། །དེ་སྐད་ཞུ་མཆིད་རབ་དྭངས་བློ་གྲོས་ནི། །སྨིན་ལེགས་མཛེས་མའི་སོར་རྩེར་རྣམ་བརྟགས་པས། །སྙན་ཚིག་མྱ་ངན་མེད་པའི་མེ་ཏོག་གསར། །རྟེན་གྱི་འདབ་མ་མ་ཉམས་དགོད་བཞིན་ཕུལ། ༈ །ཡང་ཡོན་ཏན་ཀུན་གྱི་ཕྱི་མོར་གྱུར་པའི་རྒྱ་བོད་ཀྱི་ཡིག་རིགས་དུ་མར་སོར་མོའི་འདུ་འགོད་མི་རྨོངས་པའི་མཁས་པ་ཞིག་ལ་འབུལ་ན། རྒྱལ་གསུང་རྣམ་པ་ཀུན་ལྡན་ནཱ་དའི་དབྱངས། །མིང་ཚིག་ཡི་གེའི་གཟུགས་སུ་བསྐྲུན་པ་ལ། །ཟླ་མེད་ལེགས་སྦྱིན་ཉི་མའི་སྤུན་ཟླ་ཅན། །རྨད་བྱུང་སྣང་བ་སར་པའི་ཉེ་དྲུང་དུ། །ཐོས་དང་བསམ་པའི་བརླན་གྱིས་མ་ཕྱེད་ཅིང་། །སྒོམ་བྱུང་ཉི་ཟླའི་འོད་ཀྱིས་རེག་མིན་ཀྱང་། །གང་ཚུལ་དཔྱིད་ཀྱི་དཔལ་མོས་བསྐུལ་བའི་ཚེ། །སྤྲོ་དགའི་ཕང་ཕུང་གཡོ་བས་མཆིད་འདི་


JKT018_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། །འཕགས་བོད་ཡི་གེའི་རིག་བྱེད་མཐའ་དག་ལ། །མཉེན་ལྕུག་སོར་མོའི་འདུ་འགོད་མ་རྨོངས་པའི། ཁྱོད་ཀྱི་སྔོན་མེད་ངོ་མཚར་གསར་པའི་གཟུགས། །བལྟ་ཕྱིར་དབང་པོས་སྤྱན་སྟོང་སྤྲུལ་པ་བཞིན། །དེ་སླད་དོན་དང་བཅས་པའི་འཚོ་བ་ནི། །དུས་ལས་ཡོལ་མིན་གཏམ་གྱི་དགའ་སྟོན་གྱིས། །དབྱར་གྱི་རྔ་གསང་ཐོས་པའི་མདོངས་མཐའ་བཞིན། །བདག་ཀྱང་མི་ཕྱེད་དང་བའི་ཚོར་བས་སིམ། །སླད་མར་རྒྱལ་བསྟན་ལུང་གི་ཆོས་འཁོར་གྱི། །ཕྱི་མོར་གྱུར་པའི་རིག་པ་ཁྱད་པར་ཅན། །འདི་ཉིད་ཁོ་ན་འཆད་དང་སྤེལ་བ་ཡིས། །ཕུན་སུམ་ཚོགས་པའི་ཤིས་པ་བསྒྲུབ་པར་མཛོད། །དེ་སླད་མཆིད་འོས་ཨམྲའི་དོགས་པ་ཡིས། །རྣམ་པར་བསྲུང་བའི་མཆིད་ཚིག་སྦྲང་རྩི་གསར། །མགྲིན་པར་བཟུང་བའི་རཿཡིག་གཉིས་པ་ནི། །རྟེན་དངོས་གཤོག་རླབས་གཡོ་བཞིན་རིངས་པར་དེངས། ༈ །ལུས་ཅན་རྣམས་དུས་མིན་གྱི་འཆི་བ བ་ལས་བཟློག་ཅིང་། །གནང་རིགས་སྐྱེས་སྦྱངས་དང་ལྡན་པའི་འཚོ་བྱེད་མཁས་པ་ཞིག་ལ་འབུལ་ན། གཞན་ཕན་ག་བུར་དོགས་པས་སྙིང་བརླན་ཞིང་། །རྣམ་དཔྱོད་མེ་ཏོག་དགོད་ལ་མ་རྨོངས་པས། །གྲངས་མེད་འགྲོ་བའི་དབུགས་ཆེན་འབྱིན་པ་ལ། །སྔོན་མེད་དཔལ་གྱི་དུམ་བུ་སར་པའི་དྲུང་། །ཤིན་ཏུ་གདུང་བའི་རྣམ་འགྱུར་གྱིས་ཉེན་པར། །དག་བྱེད་བདུད་རྩི་འབབས་པའི་སྤྲིན་སྔོན་ཁྱོད། །མཐོང་བའི་


JKT018_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ནས་དགའ་བས་བྲེལ་བའི་བུ། །མགྲིན་སྔོན་མགྲིན་པ་བཏེགས་ནས་མཆིད་འདི་གསོལ། །དུག་གསུམ་བུད་ཤིང་འབར་བ་ལས་མཆེད་པའི། །མི་ཟད་ཟུག་རྔུའི་མེ་ལྕེ་གཡོ་བའི་དབལ། །གསོ་བྱེད་ཐབས་ཚུལ་དུ་མའི་ཆུ་གཏེར་གྱིས། །རྣམ་པར་སྨད་པའི་དྲིན་དེ་སུ་ཡིས་གཟོ། །དེ་ཕྱིར་གཞུང་མང་ཨུཏྤལ་ཆུན་པོ་ནི། །རྣ་བའི་རྒྱན་དུ་མཛེས་པ་མ་རྙིངས་བཞིན། །འཚོ་གཞེས་བརྟན་པའི་སྤྲིང་ཡིག་ཐོས་ཙམ་གྱི། །བརྒྱ་ཕྲག་དགའ་བ་བསྐྱེད་དེ་རྒྱུ་ཡི་མཐུ། །འདི་ན་བསྔགས་འོས་ཡོན་ཏན་ནོར་བུ་ཡིས། ཁྱད་པར་བྱས་པ་ཅུང་ཟད་མེད་མོད་ཀྱི། །མཆོག་གསུམ་བཀའ་དྲིན་གྲིབ་མར་རྟེན་འཆའ་ལས། །གཅིག་ཏུ་འཚོ་བའི་འདུ་བྱེད་ཉམས་མ་གྱུར། །སླད་མའི་ཆར་ཡང་མགོན་མེད་ཉམ་ཐག་འགྲོར། །ཕན་པར་བྱེད་པ་གཞན་འགའ་ཡོད་མིན་ཕྱིར། །ས་ལ་འཆི་མེད་དྲང་སྲོང་གཉིས་པ་ཁྱོད། །ཡུན་དུ་བརྟན་པའི་ཐབས་ཚུལ་ལྷུར་ལེན་མཛོད། །ཞུ་མཆིད་སྙན་ཚིག་མེ་ཏོག་དོ་ཤལ་གྱིས། །རྣམ་པར་སྒེག་པའི་འཁྲི་ཤིང་གསར་པ་ནི། །རྟེན་གྱི་ལོ་འདབ་གཡོ་བའི་དཔྱིད་དང་བཅས། །འདུ་ཤེས་གསུམ་གྱི་བྲན་དུ་གྱུར་དེས་ཕུལ། །ཡང་ན། དཔལ་ལྡན་གསོ་རིག་ཚངས་དབང་རལ་པ་ལས། །ལེགས་པར་འབབས་པའི་གཞུང་བཟང་གངྒཱའི་གཏེར། །རྣམ་དཔྱོད་འཛིན་མའི་ལྟོ་བར་བཟུང་མཁས་པས། །འགྲོ་ཀུན་ཉེས་གསུམ་དྲི་


JKT018_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མ་སེལ་དེའི་དྲུང་། །གང་གི་གཞན་ཕན་མེ་ཏོག་དགོད་པ་ལས། །ཉེ་བར་འོང་བའི་གཏམ་གྱི་སྦྲང་རྩི་ཡིས། །ཀུན་རྨོངས་རཡིག་གཉིས་པ་བདག་ཅག་ཀྱང་། །ཡི་རངས་ལང་ཚོ་རྒྱས་པས་མཆིད་འདི་གསོལ། །དམན་ལྷག་ལོག་པའི་ཞགས་པ་རིང་བཅད་པའི། །ངོ་མཚར་འཆི་གསོས་ལམ་མཆོག་གྲུབ་པའི་གཟིས། །རྣམ་འགྱུར་གདུང་བ་སེལ་བའི་དགའ་སྟོན་ཁྱོད། །འཚོ་གཞེས་བརྟན་པས་ཡིད་ལ་སྤྲོ་དགའ་བྱིན། །འདི་ན་རིགས་གཟུགས་ཐོས་པའི་ཡོན་ཏན་གྱིས། །རིང་དུ་སྤངས་པའི་གྱི་ནར་སྤྱོད་པ་ཡང་། །བསླུ་མེད་སྐྱབས་གནས་གསུམ་གྱི་བཀའ་དྲིན་གྱིས། །ཉེར་འཚེའི་འདུ་བྱེད་སྐབས་བཙལ་བྲལ་བཞིན་བདོག །སླད་མར་ཚེ་རིག་བྱེ་བའི་ཆུ་བ་ཡིས། །རྣམ་པར་བསྲུངས་པའི་སྡེ་བཞིའི་པདྨོ་ནི། །འཛུམ་བཅས་རོལ་པའི་ཚུལ་འདི་དུས་རིང་མོར། །འཚོ་བའི་ཐབས་ཚུལ་ལྷོད་པ་མེད་པར་ཞུ། །དེ་སྐད་མཆེད་འོས་དཔྱིད་ཀྱི་ཀོ་ཀི་ལ། །སྙན་ཚིག་མགྲིན་པའི་གླིང་བུ་འཁྲོལ་བ་དང་། །རྟེན་གྱི་སྐྱེད་བྱེད་ཕན་ཚུན་གཡོ་བཞིན་ཏུ། །དོན་གཉིས་དགའ་བའི་ཚལ་དེར་དེངས་ལ་ཕྱོགས། །ཡང་ན། །གཞན་ལ་ཕན་འདོད་ཆུ་གཏེར་ལས། །ལེགས་འོང་རྣམ་དཔྱོད་ཟླ་བ་གསར། །འཆི་གསོས་བདུད་རྩིའི་སྤྲིན་སྤྲོ་བས། །ཀུན་དགའི་དགའ་སྟོན་སྦྱིན་དེའི་དྲུང་། །གང་གི་རྣམ་ཐར་དྲི་མེད་གཏམ། །འདི་ན་ཡང་ཡང་ཐོས་པ་ལས། །སྤྲོ་དགའི་མགྲིན་


JKT018_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོར་བཏེགས་ཏེ། །རྐང་པར་བཅད་ནས་ཞུ་བའི་མཆིད། །མི་ན་གནས་དང་རྣམ་འགྱུར་ཚོགས། །གསོ་བའི་ཐབས་ཚུལ་མ་རྨོངས་གང་། །ཡན་ལག་བརྒྱད་ཀྱི་འཇོ་སྒེག་བཅས། །འཚོ་གཞེས་ཆོ་ག་གསལ་ལགས་གྲང་། །གཟོད་ནས་རྣམ་པར་དཀར་བ་ཡི། །རྒྱུ་འབྲས་སྤངས་པའི་དམན་བདག་ཀྱང་། །འདུ་ཤེས་གསུམ་གྱི་དམ་འོག་ཏུ། །འདའ་བར་མ་ནུས་བཞིན་དུ་མཆིས། །སླད་མར་ཕན་བདེའི་གཏེར་གྱུར་བའི། །གཟུགས་སྐུའི་ལྗོན་བཟང་མ་ཉམས་བཞིན། །འགྲོ་སྲོག་དུས་མིན་འཆི་བ་ཡིས། །རྣམ་པར་ཉེན་ལས་སྐྱོབ་པར་མཛོད། །དེ་སྐད་ཞུ་མཆིད་ཨུཏྤ་ལ། །རྟེན་དངོས་ཚོན་ཆགས་བཀྲ་བཞིན་དུ། །དྭང་བའི་ཡིད་ཀྱི་བློ་མཚོ་ནས། །མངོན་པར་ཐོན་པ་དགེ་གྱུར་ཅིག ༈ །རང་བཞིན་རྐྱེན་དང་རྣམ་འགྱུར་གྱི་གཞུང་ལུགས་དཔྱིས་ཕྱིན་པར་སྟོན་པའི་ལེགས་པར་སྦྱར་བའི་བསྟན་བཅོས་ལ་རྨོངས་པ་མེད་པའི་རྣམ་དཔྱོད་ཅན་སྒྲ་རིག་འཛིན་པའི་དབང་པོ་ཞིག་ལ་འབུལ་ན། །མཐའ་ཡས་སྨྲ་བའི་སྒོ་འཕར་རབ་དབྱེ་བས། །ལུང་དུ་སྟོན་པའི་སྒྲ་དབྱངས་སྲིད་རྩེའི་བར། ཁྱབ་མཛད་ས་ཡི་ཕུར་བུ་གཉིས་པ་ཞེས། །མཁས་ཀུན་དགའ་བས་སྒྲོགས་དེའི་མདུན་ས་རུ། །མིང་ཚིག་ཡི་གེའི་རིག་བྱེད་ངོ་མཚར་བའི། །རྣམ་དཔྱོད་མ་ཉམས་བཀྲ་བའི་བསིལ་ཟེར་ཅན། །གང་གི་གྲགས་དཀར་བདུད་རྩིའི་སྤུན་ཟླ་ལ། །ཡིད་རབ་


JKT018_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དྭང་བས་ཞུ་བའི་མཆིད་འདི་ཕུལ། །སྣ་ཚོགས་བྱིངས་ཀྱི་གུར་གུམ་གཞོན་ནུའི་རྒྱུ། །སྣ་ཚོགས་རྐྱེན་གྱིས་ཉིན་བྱེད་ཀྱིས་ཕྱེ་ཚེ། །སྣ་ཚོགས་མིང་དང་ཚིག་གི་མཚར་སྡུག་ཅན། །སྣ་ཚོགས་བཞད་པའི་བྱེད་པོ་ཁྱོད་ལས་སུ། །དེ་སླད་དྲི་མེད་ལེགས་པར་སྦྱར་བའི་གཏམ། །རྐང་བཞིའི་ཚིགས་སུ་བཅད་པའི་གཞུང་ལུགས་ལ། །མི་བྱེད་འདྲེས་པའི་དགེ་མཚན་སར་པ་ཡིས། །འདི་ན་གནས་པའི་ཡིད་ཀྱང་ངལ་འཚོར་གྱུར། །ཤིན་ཏུ་རྨོངས་པའི་ཞགས་པས་དམ་བཅིངས་པའི། །ངང་ཚུལ་འདི་ལས་འདའ་བར་མ་ནུས་ཕྱིར། །གྱི་ན་ཙམ་གྱི་སྤྱོད་པས་འཚོ་བདག་ཀྱང་། །སྲོག་གི་འདུ་བྱེད་ཉམས་པར་མ་གྱུར་ཙམ། །སླད་མར་འཆི་མེད་རྟག་པའི་ཨ་མྲྀ་ཏས། །གསང་གསུམ་དགེ་བར་བརླན་པའི་དོག་པ་ཡིས། །འཚོ་གཞེས་མ་རྙིངས་དགོད་པའི་མེ་ཏོག་གིས། །དཔྱོད་ལྡན་དགའ་བའི་བདོག་པ་སྦྱིན་པར་མཛོད། །དེ་སྐད་ཞུ་མཆིད་རྭ་ས ཛ་ཧཾ་ས་ནི། །སྙན་ཚིག་རྐང་པའི་དྲིལ་ཆུང་འཁྲོལ་བ་དང་། །རྟེན་དངོས་གཤོག་རླབས་མ་ཉམས་གཡོ་དང་བཅས། །ཀུན་ཏུ་ཤིས་པའི་དུས་ལ་ཛཱག་ཏཱ་མ། །ཡང་ན། རང་བཞིན་རྐྱེན་དང་རྣམ་འགྱུར་ཉམས་བརྒྱ་ཡིས། །རབ་ཏུ་སྒེག་པའི་སྒྲ་རིག་རྒྱ་མཚོའི་གཞུང་། །འཐུང་བཟོད་རྟག་དོང་མེ་ལྕེའི་ངང་ཚུལ་ཅན། །སྔོན་མེད་དཔལ་ལྡན་ཟླ་བ་གཉིས་པའི་དྲུང་། །སྐྱེ་བས་ཐོབ་དང་རྗེས་སུ་སྦྱངས་པ་ལས། །བྱུང་བའི་


JKT018_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་མཚར་སྡུག་རྫོགས་མིན་ཀྱང་། །ལྷག་བསམ་བརླན་གྱིས་སྨིན་པའི་ས་བོན་ལས། །རབ་དྭངས་ལོ་འདབ་གཡོ་བའི་མཆིད་འདི་འབུལ། །ལེགས་པར་སྦྱར་བའི་ཆུ་གཏེར་མཐའ་དག་ཀུན། །རྣམ་དཔྱོད་ཧུབ་གཅིག་གིས་བཏུངས་གྲགས་དཀར་གྱིས། །ཛཧཱུའི་སྙན་པ་འཕྲོགས་པའི་མཁས་དབང་གང་། །འཚོ་གཞེས་བརྟན་པས་ཀུན་དགའི་མྱོང་བ་བྱིན། །འདི་ན་བློ་མཆོག་ཀུནྡྲའི་འཇོ་སྒེག་གིས། །གཞན་ཡིད་འགུགས་པའི་ངོ་མཚར་མི་ལྡན་ཀྱང་། །མཆོག་གསུམ་བཀའ་དྲིན་རྭ་བར་བརྟན་འཆའ་བས། །ལང་ཚོའི་མྱུ་གུ་ཉམས་པར་མ་གྱུར་ཙམ། །སླད་དུ་ཕུན་ཚོགས་བྱེ་བའི་འབྱུང་གནས་མཆོག །གཟུགས་སྐུའི་འཕྲོད་བཞེས་མ་ཉམས་སྤྱད་པ་ཡིས། །རིང་པོར་བརྟན་པའི་སྐལ་བཟང་དཔག་བསམ་གྱིས། །བརྡ་སྤྱོད་འབྲས་བཟང་ཀུན་ལ་སྦྱིན་པར་མཛོད། །དེ་སྐད་ཞུ་མཆིད་རྟེན་གྱི་མེ་ཏོག་ནི། རྣ་བའི་རྒྱན་དུ་ཐོགས་པའི་འཁྲི་ཤིང་གསར། །སྙན་ཚིག་བསུང་ཞིམ་ཅི་དགར་འཐུལ་དང་བཅས། །རིངས་པར་ཕུལ་ལོ་སརྦ་ཤོ་བྷནྟ། ༈ །ཡང་དབྱངས་ལྡན་གྱི་རྒྱུད་མངས་ནས་བླངས་པ་དང་མཚུངས་པའི་ངག་གིས་ཚུ བརྗོད་བྱ་ལུང་དང་རྟོགས་པའི་དམ་ཆོས་ཀྱིས་མཚོན་པའི་ཚོགས་མཐའ་དག །རྗོད་བྱེད་རྒྱན་གསུམ་ལམ་ནས་དྲངས་པ་ལ་གཞན་དྲིང་མི་འཇོག་པའི་སྙན་ངག་པ་ཆེན་པོ་ཞིག་ལ་འབུལ་ན། སྨྲ་བ་ངག་གི་དཔལ་


JKT018_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་མཚོ་བྱུང་མ། །ལེགས་བྱས་མགྲིན་པར་ཆགས་པའི་དཔྱིད་དཔལ་ལས། །དབྱངས་ལྡན་རྫོགས་པའི་སྙན་ཚིག་བདུད་རྩིའི་སྤྲིན། །སྤྲོ་མཛད་སྔོན་མེད་ཟླ་བ་གསར་པའི་དྲུང་། །འདི་ན་རྟག་དང་གུས་སྦྱོར་བརྟུན་པ་ཡིས། །གཞུང་མང་འདྲེན་པའི་ངལ་བ་ལྷོད་གྱུར་ཀྱང་། །ལྷག་བསམ་མ་དྲོས་ཆུ་གཏེར་གཡོ་བའི་ལྕེ། །ཞུ་མཆིད་ཛམྦུ་ནཱ་དའི་ཕྲེང་བ་སྤྲོས། །བརྗོད་བྱ་མངོན་པར་མཐོ་དང་ངེས་ལེགས་ཆོས། །རྗོད་བྱེད་རྒྱན་གསུམ་ལམ་ནས་འདྲེན་པའི་ཚེ། །གངས་རིའི་ཁྲོད་ཀྱི་དཔལ་ལྡན་དཎྜི་ཞེས། །ལྷར་བཅས་དགའ་བའི་ཅོད་པན་ཁྱོད་ལ་བྱིན། །དེ་སླད་དོན་ལྡན་འཚོ་བའི་གཏམ་བཟང་ནི། །གྲགས་པ་ག་བུར་རྡུལ་དང་ལྷན་ཅིག་པ། །བཏུང་བས་མྱོས་པའི་བདག་ཡིད་ཀུ་མུ་དཱ། །ཡི་རང་འདབ་རྒྱ་གྲོལ་བའི་མཚར་སྡུག་ངོམ། །གནས་སྐབས་ཙམ་མིན་མཐར་ཐུག་མཆོག་གི་སར། །དབུགས་འབྱིན་བགྱིད་པའི་རིན་ཆེན་རྣམ་གསུམ་གྱི། །ཐུགས་རྗེའི་རྔ་ཡབ་གྲིབ་མར་གནས་བདག་ཀྱང་། །ཉེར་འཚེའི་ཚ་གདུང་སྐབས་ཙམ་བྲལ་བཞིན་མཆིས། །སླད་མའི་དུས་ཀྱང་རྣམ་དཔྱོད་རྨད་བྱུང་གིས། །རྣ་བའི་བཅུད་དུ་འཐུང་བར་འོས་པའི་གཏམ། །ཡང་ཡང་སྤྲོ་བའི་རོལ་མོ་མི་འགོག་བཞིན། །སྒོ་གསུམ་སྤྱོད་ཡུལ་ཡུན་དུ་བརྟན་པར་མཛོད། །གང་གི་ལེགས་པར་བཤད་པའི་སྤྲིན་དཀར་གྱིས། །ཆུ་རྡུལ་བཏུང་བས་མྱོས་པའི་ཀོ་ཀི་ལས། །


JKT018_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིང་ཡིག་མགྲིན་པའི་གླིང་བུ་འཁྲོལ་དང་བཅས། །རྟེན་དངོས་འདབ་ཟུང་བསྐྱོད་བཞིན་རིངས་པར་དེངས། །ཞེས་པ་ལྟ་བུ་སྦྱར་རོ། །རྟོག་གེའི་ཚིག་དོན་ཆེན་པོ་བརྒྱད་ལ་རྣམ་པར་དཔྱོད་པའི་སྤོབས་པ་རྨད་དུ་བྱུང་བས་དོན་ལ་འཁྲུལ་པའི་ལོག་པར་རྟོག་པ་ཐམས་ཅད་འཇོམས་པའི་ཚད་མ་སྨྲ་བའི་དབང་ཕྱུག་ཞིག་ལ་འབུལ་ན། །ཕྱི་དང་ནང་གི་གྲུབ་མཐའ་རྒྱ་མཚོའི་འཇིང་། །དཔྱད་གསུམ་དག་པའི་རིན་ཆེན་གྲུས་བརྒལ་ནས། །ལེགས་བཤད་འདོད་པ་འཇོ་བའི་རྣ་རྒྱན་ཅན། སྔོན་མེད་ཆོས་ཀྱི་དེད་དཔོན་མཆོག་དེའི་དྲུང་། །གང་གསུང་གཟུ་བོར་སྨྲ་བའི་ཉིན་མོར་བྱེད། །ཤར་བས་ཚུལ་མིན་ཀུན་ཟུམ་པ་དང་། །ཡང་དག་གཏམ་གྱི་ཨུཏྤལ་མིག་བྱེ་བར། །དད་སྤྲོའི་དགའ་བ་རྒྱས་པའི་མཆིད་འདི་ཕུལ། །འདི་ན་དོན་ལ་ལོག་པར་རྟོག་པ་ཡི། །གཞུང་མང་རི་བོའི་རྐང་པ་འཇོམས་པ་ལ། །སྔོན་མེད་ངག་གི་རྩེ་བརྒྱ་རྒྱུ་བ་ཡིས། །མཐའ་དག་ཕྱེ་མར་བྱས་པའི་གཏམ་དེ་སྙན། །ཚད་མར་གྱུར་པས་འགྲོ་ལ་ཕན་བཞེད་པའི། །སྟོན་པ་མཆོག་གི་ལེགས་གསུང་སྡེ་སྣོད་ཀུན། །རྨད་བྱུང་རྣམ་པར་དཔྱོད་པས་གཞལ་མཛད་གང་། །འཚོ་གཞེས་སྤྱོད་ཡུལ་མ་རིངས་དགེ་ལེགས་གྲང་། །འདིར་གནས་བསྔགས་འོས་ཡོན་ཏན་ཆུ་གཏེར་གྱི། །རྦ་རླབས་སྲིད་རྩེར་འཕྱུར་བའི་སྐབས་བྲལ་ཡང་། །མཆོག་གསུམ་སྐྱབས་ཀྱི་སྙིང་པོར་བཟུང་བ་ཡིས། །


JKT018_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་འཚེའི་གེགས་ཀྱིས་གཙེས་པར་མ་གྱུར་ཙམ། །སླད་མར་སྔགས་རིག་གྲུབ་པའི་དྲང་སྲོང་གི །རུས་པའི་ཕུང་པོ་རྡོ་རྗེའི་ལང་ཚོ་ཅན། །དེ་དང་གཉིས་སུ་མེད་པར་གསང་བ་གསུམ། །མི་ཕྱེད་ཕྱག་རྒྱས་དམ་དུ་སྡོམས་ཤིག་ཀྱེ། །དེ་སྐད་ཚིག་དང་དོན་གྱི་རྒྱན་བཟང་པོ། །བྲལ་ཡང་ལྷག་བསམ་དག་པའི་འོ་མཚོ་ལས། །དལ་གྱིས་ཐོན་པའི་འཕྲིན་ཡིག་ངང་མོ་དཀར། །རྟེན་གྱི་གཤོག་ཟུང་གཡོ་བཞིན་རིངས་པར་བསྐྱོད། །ཡང་ན། རྨད་བྱུང་རྣམ་དཔྱོད་ནོར་བུའི་ཨཱ་དརྣར། །རྟོག་གེའི་ཚིག་དོན་དུ་མའི་གཟུགས་བརྙན་ཆེ། །འགོག་པ་མེད་པར་ཤར་བའི་མཚར་སྡུག་ལ། །དཔྱོད་ལྡན་ཁེངས་པའི་ཐོར་ཚུགས་དུད་དེའི་དྲུང་། །དགོད་པར་བྱས་སོ་ཤར་གྱི་ཐིག་ལེ་ཡི། །དྲི་མེད་ས་ཡི་གདུ་བུ་གསར་པ་སྟེ། ཁྱོད་ཀྱི་མི་ཟད་སྤོབས་པའི་གྲགས་དཀར་གྱིས། བདག་ཡིད་ཤིན་ཏུ་རངས་པས་མཆིད་འདི་ཕུལ། །ནགས་སུ་རྒྱས་པའི་ག་བུར་རྐང་འཐུང་དང་། །ཆུ་མཚོར་ལུས་རྟེན་གནག་མིན་ཨུཏྤལ་བཞིན། །ཐོས་དང་མཐོང་ན་དགའ་བའི་རྣམ་དཔྱོད་ཅན། །ཆོས་ཀྱི་གྲགས་པ་གཉིས་པ་ཁྱོད་ལས་སུ། །ཤེས་བྱ་ཡུལ་གྱི་མཚན་ཉིད་མ་འདྲེས་གཟུགས། །དྲི་མེད་རིག་པའི་ནོར་བུའི་མེ་ལོང་ངོགས། །ཇི་བཞིན་འཆར་བའི་འཇོ་སྒེག་ངོམས་པའི་ཚེ། །ཚུལ་མིན་སྨྲ་བའི་སྤོབས་པ་རང་སར་བཅིལ། །དེ་སླད་དོན་ལྡན་འཚོ་བའི་མུ་ཏིག་ཕྲེང་། །མཁས་


JKT018_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

མང་མཛེས་མའི་མགྲིན་པར་བརྟན་ཆགས་པར། །གཅིག་ཏུ་སྤྲོ་ཞིང་གྱི་ནས་འཚོ་བདག་ཀྱང་། །ཉེར་འཚོའི་འདུ་བྱེད་གཡོ་བར་མ་གྱུར་ཙམ། །སླད་མར་རྣམ་འདྲེན་སྟོབས་བཅུའི་མངའ་བདག་གི །བསྟན་མཆོག་ཉི་ཟླ་གསར་བའི་རྣ་ཆ་ནི། །གངས་ལྡན་རི་བོའི་མཁའ་ལ་ཡོལ་མེད་ཕྱིར། །གསང་གསུམ་ཤིང་རྟའི་སྒྱུ་ཐབས་རྟག་བརྟན་གསོལ། །དེ་སྐད་ཞུ་མཆིད་གང་ཚུལ་དགེ་བའི་སྤྲིན། །བདུད་རྩིར་འབབས་པ་བཏུང་བས་ཡིད་མྱོས་པའི། །ཡི་གེའི་དཔྱིད་ཀྱི་ཕོ་ཉ་སར་པ་ནི། །ཚིག་རྒྱན་མགྲིན་པའི་རོལ་མོ་འཁྲོལ་བཞིན་དེངས། །ཡང་ན། མངོན་སུམ་རྗེས་སུ་དཔག་པ་ཡི། །གཞུང་ལུགས་སྨྲ་བའི་རྣམ་དཔྱོད་ནི། །དཔལ་ལྡན་གྲགས་པའི་ཟློས་གར་ཅན། །ཚད་མའི་དབང་ཕྱུག་མཆོག་དེའི་དྲུང་། །འདི་ན་སོ་ལྡན་མྱོས་པ་ཡིས། །ཕས་རྒོལ་ཕྱེ་མར་འཐགས་པ་བཞིན། །དོན་ལ་ལོག་པར་རྟོག་པའི་རྒྱུན། །གཅོད་མཛད་གང་དེར་མཆིད་འདི་གསོལ། །གྲངས་མེད་སྡེ་སྣོད་རྒྱ་མཚོའི་འཇིང་། །བརྒལ་བརྟག་སུན་འབྱིན་རིན་ཆེན་གྲུས། །ལེགས་བརྒལ་ལེགས་བཤད་ནོར་གྱི་བུའི། །དོན་གཉིས་ཅི་དགར་འཇོ་དེ་རྨད། །འདི་ན་མངོན་དང་ལྐོག་འགྱུར་གྱི། །ཆོས་ཀུན་ཏེ་པོར་གཞལ་བ་ལ། །བློ་གྲོས་འདྲེན་བྱེད་ལྡོང་གྱུར་ཀྱང་། །ལང་ཚོའི་འདུ་བྱེད་མ་ཉམས་ཙམ། །སླད་མར་རྟག་གསལ་ཁྱབ་པ་ཡི། སྤོབས་པ་རྨད་དུ་བྱུང་བ་ལ། །


JKT018_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་བརྫི་བར་མི་ནུས་བཞིན། །གསང་གསུམ་གཡོ་མེད་བརྟན་པར་མཛོད། །གང་ཚུལ་སྤྲིན་གྱི་རྔ་གསང་བཅུད། །རྣ་བའི་བདུད་རྩིར་བཏུངས་བ་ཡིས། །ཞུ་མཆིད་གཙུག་ཕུད་ལྡན་པ་ཡང་། །སྙན་པའི་ཟློས་གར་བསྒྱུར་གིན་དེངས། ༈ །ཕྱི་དུས་ཀྱི་འཁོར་ལོའི་དེ་ཁོ་ན་ཉིད་སྟོན་ཅིང་། །བརྟན་གཡོའི་བླང་དོར་གྱི་ཚུལ་ལ་མ་རྨོངས་པའི་སྐར་ནག་རྩིས་རིག་པ་ཞིག་ལ་འབུལ་ན། ཕུལ་བྱུང་བློ་མཆོག་ནོར་བུའི་མ་ཀུ་རར། །བསྒྱུར་བགོད་འཕྲི་བསྣན་རི་མོའི་ཟློས་གར་སྟོང་། །མངོན་པར་འཆར་བའི་དཔྱིད་དཔལ་དེ་ཁོ་ནས། །ལྐོག་གྱུར་ཆོས་རྣམས་རྗེན་པར་སྟོན་དེའི་དྲུང་། །ཕྱི་རོལ་བརྟན་དང་གཡོ་བའི་ལེགས་ཉེས་ཀུན། །དཔྱོད་ལ་མཚུངས་པ་མེད་པའི་གྲགས་དཀར་ནི། - །ཟླ་ཤེལ་བདུད་རྩིའི་འཁྲུལ་ནས་རབ་དྭངས་པའི། །ཡི་རངས་ཀུནྡ་བཞད་དེས་མཆིད་འདི་གསོལ། །དཔལ་ལྡན་དམ་པ་དང་པོའི་སངས་རྒྱས་ཀྱིས། །ཟབ་གསང་ནཱ་དའི་དབྱངས་ཀྱིས་བསྙད་པའི་གཞུང་། །འཛིན་བཟོད་སྔོན་མེད་གཏམ་གྱི་རོལ་མཚོ་ཁྱོད། །ས་འདིར་རྡོ་རྗེའི་རིགས་ལྡན་གཉིས་པར་གྲུབ། །གཞན་ཡང་སྤོར་ཐང་རྩིས་དང་དབྱངས་འཆར་སོགས། །གཞུང་བཟང་ཨུཏྤལ་དུ་མས་སྒེག་པའི་ཕྱིར། །འཇམ་དཔལ་གཞོན་ནུའི་བྱིན་རླབས་སྙིང་དབུས་སུ། །འཆར་ཀའི་ཉི་གཞོན་ཚུལ་གྱིས་ཆགས་མིན་ནམ། །དེ་སླད་འཚོ་གཞེས་བརྟན་པའི་གཏམ་


JKT018_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཔྱིད། །ཐོས་པས་སྤྲོ་བར་གྱུར་པའི་དམན་བདག་ཀྱང་། །མཆོག་གསུམ་བཀའ་དྲིན་དཔག་བསམ་སར་པའི་གྲིབ། །གཅིག་ཏུ་འཆེལ་བས་ཉེར་འཚོའི་ཚ་གདུང་བྲལ། །སླད་མའི་ཆར་ཡང་བསྟན་དང་འགྲོ་བ་ལ། །བླང་དང་དོར་བའི་ལེགས་བཤད་འདོམས་པ་དང་། །ཕན་བདེའི་དགའ་སྟོན་བརྒྱ་ཕྲག་སྤེལ་བའི་སླད། །ཡུན་དུ་འཆི་མེད་བཅུད་ལེན་བཏུང་བར་མཛོད། །ཞུ་མཆིད་ལྷག་བསམ་ཚོན་རིས་དང་འགྲོགས་པའི། །ཚིག་རྒྱན་སིནྡྷཱ་བཱ་རའི་མེ་ཏོག་ནི། །རྟེན་དངོས་གེ་སར་ཅིར་ཡང་དགོད་དང་བཅས། །ཀུན་ཏུ་དགེ་བའི་ཚེས་ལ་རིངས་པར་གཏོར། །ཞེས་པས་མཚོན་གང་འོས་སྦྱར་རོ། ༈ །དེ་རྣམས་ལས་དམིགས་བསལ་རང་ཉིད་ལ་དྲིན་ཐོབ་ཀྱི་ཡོངས་འཛིན་ལྟ་བུ་ཞིག་ཡིན་ན། །རྨད་བྱུང་རིག་གཞུང་བདུད་རྩིའི་ཆུ་གཏེར་ཀུན། །བཏུང་བས་མྱོས་པའི་རྣམ་དཔྱོད་ཟླ་ཤེལ་གསར། །བདག་སོགས་མོས་ལྡན་བདེ་འབྱུང་ངལ་བའི་རྩེར། །རྣམ་པར་མཛེས་དེའི་ཞབས་སེན་ག་ལ་བར། ཁྱོད་ཞལ་ཉིན་མོའི་རྡུལ་དམར་ཁོ་ན་ཡིས། །རྒྱུན་དུ་གསོས་པས་བློ་གྲོས་པདྨོའི་ཁ། །ཅུང་ཟད་དགོད་པའི་གུས་འབངས་གྱི་ན་པས། །ཚད་མེད་བཀའ་དྲིན་དྲན་པའི་ཞུ་གསོལ་སྟོབ། །མང་དུ་ཐོས་པའི་ལོ་འདབ་དུད་པ་ལས། །བསམ་བྱུང་མེ་ཏོག་དཀར་པོའི་མཚར་སྡུག་གིས། །སྒོམ་སྤངས་འབྲས་བཟང་འབོད་ལ་རིངས་པ་གང་། །མཁས་མང་


JKT018_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དགར་བའི་ཚལ་དུ་རྣམ་པར་མཛེས། །དེ་སླད་འཚོ་གཞེས་བརྟན་པའི་གཏམ་གྱི་དབྱངས། །མི་ཟད་སྦྲང་རྩི་སར་པའི་དོག་པ་ཅན། །སྙིང་ལ་བརླན་བས་དགའ་བའི་བླ་མ་རཿ །དད་སྤྲོའི་ཟློས་གར་རྩེན་བཞིན་ངལ་འཚོ་ཐོབ། །སླད་མའི་ཆར་ཡང་ལྟོས་བཅས་སློབ་འབངས་ཚོགས། །ཐུགས་བརྩེའི་སྤྱན་ཟུར་གཡོ་བས་རྟག་གཟིགས་ནས། །གསང་གསུམ་འཆི་མེད་གྲུབ་པའི་ལང་ཚོ་དང་། །མི་ཕྱེད་འདྲེས་པའི་བཀའ་དྲིན་ཅིར་ཡང་སྩོལ། །དེ་སྐད་ཞུ་མཆིད་གཞན་གསོས་མགྲིན་པའི་གླུར། །ངེས་པར་འཁྲུལ་པའི་གཏམ་གྱི་བརྗོད་པ་ནི། །མགྲིན་པར་བསྟི་བའི་ཚིག་རྒྱན་སྨིན་ལེགས་མས། །རྟེན་དངོས་རྣ་ཆ་གཡོ་བཞིན་མྱུར་བར་དེངས། །ཞེས་པ་ལྟ་བུ་སྐབས་དང་བསྟུན་ནས་བསྒྱུར་ཤེས་པར་བྱ་ལ། ༈ །དེ་དག་གི་ཡི་གེ་ཚུར་བསྐུར་བའི་འབྱོར་ལེན་ལྟ་བུའི་ཚེ། །གང་ཚེ་བརྗོད་བྱ་དོན་ལྡན་མཉན་འོས་གཏམ། །རྗོད་བྱེད་རྒྱན་གསུམ་ལམ་ནས་ལེགས་དྲངས་པ། །དངོས་པོའི་བདོག་པའི་སྐྱེས་ཀྱི་ཁྱད་པར་བཅས། །མ་ཉམས་སོན་པས་སྤྲོ་དགའི་ཚོར་བ་བརྟས། །ཞེས་སམ། ཁྱད་པར་བརྗོད་བྱའི་སིམ་པ་འདྲེན་བཟོད་པའི། །མིང་ཚིག་ཡི་གེའི་རྩེ་དགའི་འཁྲི་ཤིང་མ། །དངོས་པོའི་སྐྱེས་ཀྱི་དོ་ཤལ་བཀླུབས་བཞིན་དུ། །སོན་པས་སྤྲོ་བའི་ངལ་འཚོ་ཅིར་ཡང་བྱིན། །ཞེས་སམ། འདི་ན་ཚ་བས་ཉེན་པ་ལ། །འབིགས་བྱེད་རླུང་གི་རེག་


JKT018_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལྟར། །དོན་མཐུན་ཡིད་ལ་སྤྲོ་བསྐྱེད་པའི། །འཕྲིན་ཡིག་གསར་པའི་དགའ་སྟོན་འབྱོར། །ཞེས་པ་ལྟ་བུས་མཚོན་གང་འོས་སྦྱར་རོ། ༈ །ཡང་སྔར་སྨོས་པའི་ཡུལ་ཅི་རིགས་པར་རྣམ་དཔྱོད་དང་ལྡན་པ་དག་ལ་རང་གཞན་གྱི་གྲུབ་པའི་མཐའ་ལས་བརྩམས་པའི་འབེལ་གཏམ་ལྟ་བུ་བགྱིད་པར་སྤྲོ་ན། ཨོཾ་སྭ་སྟི་སིདྡྷཾ། །གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་། །སྲིད་ལམ་དུབ་པ་རྣམས་ལ་ཐུགས་བརྩེ་བས། །རྨད་བྱུང་ཞི་བསིལ་བདུད་རྩི་སྦྱིན་མཛད་པ། །སྟོན་མཆོག་འགྲོ་བའི་བླ་མས་ཤིས་པ་སྩོལ། །རྒྱལ་བས་ལུས་ཅན་ཁམས་དབང་བསམ་པ་དང་། །འཚམས་པར་བསྟན་པའི་ཆོས་སྒོ་ཇི་སྙེད་ཀུན། །བརྗོད་ནུས་མིན་ཀྱང་རང་གཞན་གྲུབ་མཐའ་ལས། །བརྩམས་ཏེ་གཏམ་གྱི་སྦྱོར་བ་ཞན་གྲུབ་མཐའ་ལས། །བརྩམས་ཏེ་གཏམ་གྱི་སྦྱོར་བ་ཅུང་ཟད་ཕྱེ། །དེ་ཡང་རིགས་ཅན་གསུམ་གྱི་གདུལ་བྱ་ལ། །དམན་འབྲིང་མཆོག་གི་ཐེག་པ་རྣམ་གསུམ་གྱིས། །བྱང་ཆུབ་གསུམ་གྱི་གོ་སར་དབུགས་དབྱུང་སླད། །འདུལ་མདོ་མངོན་པའི་སྡེ་སྣོད་གསུམ་བསྟན་པར། །རེ་ཞིག་ཐེག་དམན་རྗེས་འབྲང་ཕྱི་དོན་གང་། །བདེན་གྲུབ་ཉིད་དུ་ཁས་ལེན་བྱེ་མདོ་དང་། །མཆོག་གི་རྗེས་ཚུ་འབྲང་བདེན་མེད་ཁས་ལེན་པ། །སེམས་ཙམ་དབུ་མ་གཉིས་ཏེ་རྣམ་པ་བཞི། །དེ་ལ་དང་པོས་ཤེས་བྱ་གཞི་ལྔ་པོ། །ཟག་བཅས་ཟག་མེད་གཉིས་སུ་ལེགས་བསྡུས་ཏེ། །བཅོམ་དང་དཔྱད་པའི་སྒོ་ནས་ངར་


JKT018_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བློ། །འདོར་དུ་རུང་དང་མིན་ལས་བདེན་གཉིས་དབྱེ། །གཉིས་པས་སྣང་ཡུལ་སྤྱི་མཚན་ཀུན་རྫོབ་དང་། །མངོན་སུམ་རང་མཚན་དོན་དམ་བདེན་པར་རྟོགས། །དུས་གསུམ་རྫས་གྲུབ་ནམ་མཁའི་རྟག་དངོས་སོགས། །འདོད་པ་མ་ཡིན་ངོ་བོ་རྟོག་གེར་མཐུན། །ཐུན་མོང་ལམ་དུས་ཉོན་མོངས་ཉོན་མོངས་མིན། །བདེན་བཞི་རྣམ་པ་བཅུ་དྲུག་གིས་སྦྱངས་བས། །རིམ་པ་བཞིན་དུ་དམན་ལམ་དགྲ་བཅོམ་དང་། །སངས་རྒྱས་གོ་འཕང་ཐོབ་ཅེས་འབྲས་བུར་འཆད། །གསུམ་པས་དངོས་པོ་ཀུན་རྟག་གཞན་དབང་གཉིས། །ཀུན་རྫོབ་ཉིད་དོ་ཡོངས་གྲུབ་དོན་དམ་གྱི། །བདེན་པར་འདོད་ཅིང་ཡུལ་ཅན་ཚོགས་བརྒྱད་དེ། །དེ་ཡང་རྣམ་པ་བདེན་དང་རྫུན་སོགས་དབྱེ། །མདོར་ན་ཤེས་བྱ་མཚན་ཉིད་དེར་འཇུག་དང་། །དེ་ཡི་རྒྱུ་འབྲས་རབ་དབྱེ་བསླབ་པ་གསུམ། །སྤངས་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བཅུའི། །གཞི་ལམ་འབྲས་བུའི་བརྗོད་བྱ་གཏན་ལ་དབབ། །བཞི་པར་རང་རྒྱུད་སྨྲ་དང་ཐལ་འགྱུར་ཏེ། །སྔ་མས་གཉིས་སྣང་བཅས་དང་དེ་ལྡོག་པས། །རྟོགས་བྱ་དོན་བྱེད་ནུས་མིན་ཀུན་རྫོབ་དང་། །སྤྲོས་མཐའ་བརྒལ་དང་མ་བརྒལ་དོན་དམ་འདོད། །དེ་ཡང་རྒྱུ་འབྲས་གཉི་གར་དཔྱོད་པ་དང་། །དགག་པ་རྣམ་གཉིས་གཏན་ཚིགས་ལ་བཀོད་པའི། །རིགས་ཆེན་ལྔ་པོས་ཆོས་རྣམས་ཐམས་ཅད་ཀུན། །སྟོང་པ་ཉིད་དུ་གཏན་ལ་འབེབས་པར་


JKT018_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཕྱི་མས་སྣང་སྟོང་ཀུན་རྫོབ་དོན་དམ་དུ། །བཏགས་པ་ཉིད་ཀྱང་འཇིག་རྟེན་བློ་ངོ་ལ། །ལྟོས་པ་ཙམ་སྟེ་ངེས་པར་ཁས་ལེན་ན། །རྟག་དང་ཆད་པའི་མཐའ་ལས་གྲོལ་མི་སྲིད། །དེ་སླད་བློ་ཉིད་འཁྲུལ་དང་མ་འཁྲུལ་ལས། ཁྱད་པར་འབྱེད་ཅིང་རང་ལ་སྤྲོས་པ་ཡི། །དམ་བཅའ་གང་ཡང་ཁས་མི་ལེན་པའི་ཕྱིར། །བཟློག་ཕྱོགས་ཁོ་ནས་གཞན་སེལ་འདོད་པ་བསྒྲུབ། །ལམ་གྱི་སྐབས་སུ་བདག་མེད་རྣམ་གཉིས་ལ། །དམིགས་པས་བདག་འཛིན་མདུད་པ་རིང་བཅད་དེ། །ས་བཅུ་ལམ་ལྔའི་ཕ་རོལ་སོན་པ་ཡི། །སྐུ་གསུམ་གོ་འཕང་མཆོག་ལ་རེག་པར་སྟོན། །དེ་སྐད་གང་ལ་སྤྲིངས་འདི་ལྷག་བསམ་གྱི། །དཔྱིད་དཔལ་མ་ཉམས་དར་བ་ལས་བྱུང་བའི། །ཆོས་ཀྱི་མཆོད་པའི་པུཎྜ་རཱི་ཀ་སྟེ། །ནོངས་གང་དྲི་མེད་རིག་པས་སྐྱོང་བར་མཛོད། །ཤུ་བྷེ་ན་སརྦ་ག་ཏི་སིདྡྷན་ས་མུ་དྲ་པ་རེ་ག་ཏཾ་ཧེ་ཏ་བྷ་ཡཱཏ། །ཞེས་པ་ལྟ་བུ་གང་ལ་གང་འཚམས་ཀྱི་བརྗོད་བྱ་རྒྱ་ཆེར་སྤྲོ་བས་ཕན་པ་བསྒྲུབ་པར་བྱའོ། ༈ །གཞན་ཡང་རང་མཉམ་གྱི་མཆེད་གྲོགས་ཆོས་དང་མཐུན་པ་ཞིག་ལ་འབུལ་ན། །དམ་པའི་ངང་ཚུལ་རྩ་བ་རབ་བརྟན་པར། །ཚུ་ལེགས་པར་འཁྲུངས་པའི་དལ་འབྱོར་ཨུཏྤལ་གསར། །བསྔགས་འོས་འབྲས་བཟང་དུ་མའི་གཏེར་གྱུར་པའི། །མི་ཕྱེད་རྡོ་རྗེའི་མཆེད་པོ་གང་དེའི་དྲུང་། །གྲོང་ཁྱེར་མ་ཡི་རྐང་རྡུལ་བཏབ་པ་ལས། །མྱ་ངན་མེད་།


JKT018_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མེ་ཏོག་དགོད་པ་བཞིན། །རྣམ་པར་དཀར་བའི་གཏམ་གྱིས་བསྐུལ་མ་ཐག །སྤྲོ་དགའི་འཛུམ་བཅས་སྤྲིང་ཡིག་འདི་འབུལ་ལོ། །གང་ཚེ་རྣམ་པ་ཀུན་ལྡན་གྲོང་ཁྱེར་དུ། །འཁྲིད་མཛད་མཆོག་གི་རྡོ་རྗེ་སློབ་དཔོན་གྱིས། །དཀྱིལ་འཁོར་གཅིག་ཏུ་བཅུག་པའི་ཕྱག་རྒྱ་ཡིས། །ཕན་ཚུན་བརྩེ་ཞིང་གཅུགས་པའི་དགའ་སྟོན་ཆགས། །དེ་སླད་ཚུལ་མིན་རྙོགས་མས་མ་བསླད་པའི། །ལེགས་སྤྱོད་བློ་མིག་གྲུང་པའི་ཆུ་གཏེར་ཁྱོད། །ཉེ་བར་བརྟན་པའི་གཏམ་ཙམ་ཐོས་པས་ཀྱང་། །བསམ་གཏན་དང་པོའི་ཏིང་འཛིན་སྙིང་ལ་འཕོས། །འདི་ན་གཟོད་ནས་རིགས་གཟུགས་ལང་ཚོ་དང་། །ཆོས་ཀྱི་འབྱོར་པས་བཏང་བའི་དཱ་རི་དྭ། །ལྷག་བསམ་འཁོར་བའི་རྗེས་སུ་རྟེན་བཅས་ནས། །འཚོ་བའི་འདུ་བྱེད་ཉམས་པར་མ་གྱུར་ཙམ། །སླད་མའི་ཆར་ཡང་གནས་སྐབས་མངོན་མཐོ་བའི། །ཐེམ་སྐས་མཆོག་ལ་རིངས་པར་འཛེགས་པ་དང་། །མཐར་ཐུག་ཀུན་མཁྱེན་གྲོང་དུ་དཀྲི་དང་བཅས། །ལེགས་སྤེལ་ཉེས་སེལ་བདག་གིར་བཞེས་པ་ཞུ། །དེ་སྐད་གླེང་བར་འོས་པའི་གཏམ་གྱི་དཔྱིད། །དབྱངས་ཅན་ངག་གི་དཔལ་ལས་བྱུང་མིན་ཀྱང་། །དྭངས་པའི་བློ་གྲོས་ཡི་གེར་འཕོས་པ་དང་། །རྟེན་གྱི་བླ་གོས་གཡོ་བཞིན་རིངས་པར་དེངས། །ཞེས་པ་ལྟ་བུ་དང་། ༈ །དེ་བཞིན་དུ་རང་བཞིན་གྱིས་ངང་ཚུལ་བཟང་ཞིང་གློ་དཀྱེལ་ཆེ་བའི་མཛའ་གཅུགས་སྙིང་དང་


JKT018_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལ་བདུད་རྩི་སྟེར་བ་ཞིག་ལ་འབུལ་ན། །རང་བཞིན་རྣམ་པར་དགེ་བའི་ཆུ་གཏེར་ལས། །ལེགས་འོང་ལྷག་བསམ་བདུད་རྩིའི་འོད་དཀར་གྱིས། །ལྟོས་བཅས་ཀུནྡའི་དགའ་ཚལ་དར་མཛད་པའི། །སྔོན་མེད་གྲོགས་མཆོག་ཟླ་ཤེལ་གསར་པའི་དྲུང་། ཁྱོད་ཚུལ་རྨད་བྱུང་ཉིན་མོའི་རྡུལ་དམར་རྒྱུན། །ཡང་ཡང་སྙིང་གི་པདྨོར་བརླན་པ་ལས། །ཤིན་ཏུ་སྤྲོ་བའི་འདབ་རྒྱ་གྲོལ་དང་བཅས། །མཆིད་འོས་སྦྲང་རྩིའི་ཐིགས་པ་འཇོ་ལ་རིངས། །རྣམ་པ་ཀུན་ཏུ་འགྱུར་བ་མེད་པ་ཡི། བློ་མཆོག་གདྨ་སྐྱེས་ཀྱི་ལང་ཚོ་ལ། །ལྷག་པར་བརྩེ་བའི་གཟི་བྱིན་གསར་པ་དེས། །སྙིང་དང་མིག་ལ་བདུད་རྩིའི་དགའ་སྟོན་བསྐྲུན། །དེ་སླད་འཚོ་བའི་ཨུཏྤལ་མ་རྙིངས་པའི། །གཏམ་གྱི་དྲི་བསུང་མངར་པོ་འཐུལ་བའི་མོད། །འདི་ན་གནས་པའི་རཡིག་གཉིས་པ་ཡང་། །ཀུན་ནས་ཀུན་ཏུ་སྤྲོ་བའི་ཟློས་གར་རྩེན། །སླད་མའི་ཆར་ཡང་ཕན་ཚུན་མཉེས་གཤིན་པའི། །དུང་སེམས་ཟླ་བའི་སིམ་འོད་མ་ཉམས་པའི། །དོན་གཉིས་previous hit ཆུ་གཏེར་སྲིད་རྩེར་འཕྱུར་དང་བཅས། །སྒོ་གསུམ་དུས་ལས་ཡོལ་མེད་བརྟན་པར་སྨོན། །གང་གི་མཛད་བཟང next hit་སྤྲིན་གྱི་བ་གམ་ལ། །ཡིད་རབ་གཅུགས་པའི་མདོངས་མཐའ་གཞོན་ནུ་ཡིས། །མཆིད་འོས་སྒྲོ་གཤོགས་ཟླུམ་པོའི་གར་དང་བཅས། །རྟེན་དངོས་མངལ་ཁུར་འཛིན་བཞིན་དགེ་བར་དེངས། ༈ །ཡང་ཚོང་དཔོན་ལྟ་བུ་


JKT018_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་འབྱོར་བ་དང་ལྡན་པའི་མི་ཁྱིམ་ཕལ་པའི་རིགས་ལ་འབུལ་ན། ཡང་སྲིད་ཀུན་ཏུ་གཏོང་ལ་གོམས་པ་ཡི། །བསོད་ནམས་ས་བོན་མ་ཉམས་དར་བ་ལས། །དེང་འདིར་མི་ཟད་འབྱོར་པའི་འབྲས་བཟང་ཅན། །སྔོན་མེད་ཡོངས་འདུའི་དབང་པོ་གསར་པ་དེར། །ཚངས་པའི་སྲས་མོའི་ཕྱག་གི་རྒྱུད་མངས་དང་། །སྣ་ཚོགས་ཤིང་རྟའི་གདངས་སྙན་འཕྲོགས་མིན་ཀྱང་། །ཐོས་པ་ཙམ་གྱིས་ཀུན་དགའི་དཔལ་བསྐྱེད་པའི། །དོན་ལྡན་གཏམ་གྱི་སྒོ་འཕར་འདི་སྐད་དབྱེ། །ལུགས་གཉིས་ཏེ་པོར་འབྱེད་པའི་རྣམ་དཔྱོད་ཀྱིས། །གཏང་དང་ལེན་པའི་སྒོ་བརྒྱ་དབྱེ་བ་ལ། །མིག་སྐྱེའི་ན་ཀུ་ལ་ཡི་གན་མཛོད་ལས། །རབ་ལྷག་དཔལ་གྱི་འབྲས་བུས་དུད་པ་གང་། །དལ་རྟེན་ལྗོན་ཤིང་བརྟན་པའི་ཕངས་པ་ནས། །ལེགས་སྤྱོད་མེ་ཏོག་དགོད་དེར་ཡི་རངས་པའི། །འདིར་གནས་པ་ཡང་བསླུ་མེད་མཆོག་གསུམ་གྱི། །ཐུགས་རྗེའི་གདུགས་འོ དཀར་གྲིབ་མར་ངལ་འཚོ་ཐོབ། །སླད་དུ་སྲིད་པའི་ཕུན་ཚོགས་ཨུཏྤ་ལས། །འཁྱུད་པའི་ལང་ཚོའི་འཁྲི་ཤིང་མི་ཉམས་པར། །ཡུན་དུ་བརྟན་པའི་ཐབས་ཚུལ་ཉིན་མོའི་འོད། །བརྟེན་ལ་རྣམ་པ་ཀུན་ཏུ་གཡེལ་མེད་མཛོད། །དེ་སྐད་འཕྲིན་ཤོད་གསང་པོར་བརྗོད་མཁས་པའི། །ཡི་གེའི་མཚར་སྡུག་རྫོགས་པའི་སྨིན་ལེགས་མ། །རྟེན་གྱི་གོས་བཟང་ལྷབ་ལྷུབ་གཡོ་བཞིན་དུ། །ཀུན་ཏུ་ཤིས་པའི་ཚེས་ལ་རིངས་པར་སོང་། ༈ །


JKT018_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ལང་ཚོ་དར་ལ་བབས་ཅིང་སྟོབས་དང་སྒྱུ་རྩལ་འགྲན་དུ་མེད་པའི་རིགས་ལ། །ལང་ཚོའི་སྤྲིན་དཀར་དར་བའི་ཕང་པ་ནས། །སྟོབས་དང་སྒྱུ་རྩལ་གློག་གི་རྩེ་དགའ་ཡིས། །དྲེགས་ལྡན་མདོངས་མཐའི་བརྟན་པ་འཕྲོགས་བྱེད་པའི། །ཟླ་མེད་སྟག་ཤར་གཞོན་ནུ་གང་དེ་ལ། །ཚིག་རྒྱན་བུང་བ་དགའ་བའི་སྐྱེད་ཚལ་ནས། །རྣམ་དཔྱོད་སོར་རྩེས་བཏུས་པའི་མེ་ཏོག་ཕྲེང་། །དོན་བཟང་གསེར་གྱི་སྐུད་པ་ལ་སྦྲེལ་ནས། །བློ་གསལ་མགྲིན་པ་མཛེས་པའི་རྒྱན་དུ་བསྲིངས། །འདི་ན་ལུས་ངག་ཡིད་ཀྱི་སྒྱུ་ཐབས་ཀྱིས། ཁེངས་ལྡན་མགྲིན་བཅུའི་དཔུང་ཚོགས་འཆིང་བའི་ཚེ། །སྔོན་མེད་དགའ་བྱེད་གཉིས་པ་ཉིད་དོ་ཞེས། །ངོ་མཚར་གཏམ་གྱི་ཅོད་པན་ཁྱོད་ལ་བྱིན། །དེ་སླད་དལ་རྟེན་ཟོ་མདོག་མ་ཉམས་པའི། །སྤྲིང་ཡིག་ལྷོ་ཕྱོགས་རླུང་ནི་དལ་འབབས་པས། །སྙིང་ལ་སྤྲོ་བ་ཐོབ་པའི་དངོས་ཅག་ཀྱང་། །མཆོག་གསུམ་ཐུགས་རྗེ་ཁོ་ནས་ཉེར་འཚེ་བྲལ། །སླད་ནས་འཚོ་ཐབས་མཁས་པའི་ཟླ་ཐིག་གིས། །ཉེ་བར་བྲན་ལས་འབྱུང་འདུས་སྟེང་འཐུང་དཀར། །ཡུན་དུ་བརྟན་པའི་ངང་ཚུལ་ལྷུར་ལེན་བཞིན། །གྲགས་སྙན་རི་བའི་ཁོངས་སུ་གཏམས་པར་མཛོད། །དེ་སྐད་མཆིད་ཚིག་རྩེ་དགའི་འཁྲི་ཤིང་མ། །མཉན་འོས་གཏམ་གྱི་རྒྱུད་མངས་བརྡུངས་བཞིན་དུ། །བློ་ལྡན་དཔའ་བོའི་དབང་ཕྱུག་གཞོན་ནུ་དེའི། །སྙིང་དང་མིག་ལ་བདུད་། །


JKT018_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་སྦྱིན་སླད་དེངས། ༈ །རང་ཉིད་དང་ལྷག་པར་མཛའ་ཞིང་མཛེས་མཛངས་མཚུངས་པ་མེད་པའི་སྙིང་སྡུག་བུད་མེད་ཞིག་ལ་བསྲིངས་ན། གདེངས་ཅན་བསྟི་གནས་བསྲུབས་ལས་ཐོན་མིན་ཞིང་། །ལེགས་བྲིས་དགའ་བའི་ཚལ་ནས་མ་འོངས་ཀྱང་། །ཤིན་ཏུ་མཛེས་པའི་ལང་ཚོའི་མཚར་སྡུག་གིས། །བདག་ཡིད་ཀུན་དགའི་དགའ་སྟོན་སྦྱིན་པ་དེར། །རྣ་གོང་ཨུཏྤལ་ཕོན་པོར་ཕྲག་དོག་པའི། །དཀྱུས་རིང་མིག་གི་དཔལ་ལྡན་མཛེས་མ་ཁྱོད། །ཡིད་ལ་དྲན་པས་བརྩེ་ཞིང་གཅུགས་པའི་མཆིད། །ཡི་གེའི་གཟུགས་སུ་འཕོས་པས་དབུགས་འབྱིན་བྱས། །བརྒྱ་ཕྲག་ཟླ་ཤེལ་གཞོན་ནུའི་ཚོན་རིས་ཀྱི། །བརྟན་པ་ཕྲོགས་པའི་བཞིན་གྱི་དཀྱིལ་འཁོར་ནི། །མཐོང་ན་སིམ་པ་སྟེར་བའི་དཔལ་དང་བཅས། །མཉན་འོས་གཏམ་གྱི་བདུད་རྩིའི་དག་པས་མཛེས། །དེ་སླད་སྒོ་གསུམ་ཉེར་འཚེའི་དྲི་བྲལ་བའི། །ངང་ཚུལ་མ་ལ་ཡ་ཡི་རྐང་འཐུང་དང་། །འགྲོགས་པའི་ལྷོ་ཕྱོགས་རླུང་གི་རྩེ་དགའ་ཡིས། །སྙིང་ལ་དགའ་བ་སྟེར་བའི་མགྲོན་པོར་བྱས། །འདི་ན་བསྔགས་འོས་ཡོན་ཏན་འབྲས་བཟང་གིས། །རྣམ་པར་སྤངས་པའི་བནྡྷའི་ལྕགས་ཕྲན་ཀྱང་། །ལང་ཚོའི་མེ་ཏོག་རྙིངས་པར་མ་གྱུར་བཞིན། །ཉིན་མཚན་ཀུན་ཏུ་ཁྱོད་དཔལ་སེམས་ལ་བརླན། །སླད་མའི་དུས་ཀྱང་ནོར་འཛིན་དགའ་མ་ནི། །ལྷུན་པོའི་རྣ་རྒྱན་འཛིན་པ་དེ་སྲིད་དུ། ཕན་ཚུན་བརྩེ་བའི་ཟུར་


JKT018_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གཡོ་བ་ཡིས། །རིང་ཡང་ཉེ་བ་ཇི་བཞིན་མཛོད་ཅེས་སྨེངས། །རྒྱུའོ་དྲི་ལྡན་ཨུཏྤལ་ནགས་ཀླུང་ཆེར། །སྦྲང་རྩིས་མྱོས་པའི་རཿཡིག་གཉིས་པ་སྟེ། །སྙིང་སྡུག་ཁྱོད་ཀྱི་སོར་རྩེའི་ཆུ་གཏེར་དུ། །འཕྲིན་ཡིག་ངང་མོ་གཞོན་ནུ་དལ་གྱིས་དེངས། །ཞེས་པ་ལྟ་བུས་མཚོན་ཇི་ལྟར་རིགས་པ་དང་། ༈ །དེ་དག་གི་འབྱོར་ལན་གྱི་ཚེ། །ཁྱད་པར་ཀཏྤར་དབང་པོས་ཀུན་དང་། །དཔྱིད་དཔལ་ཡོངས་སུ་དར་བས་པདྨོ་བཞིན། །མཐོང་ན་སིམ་པ་བསྐྱེད་པའི་གཏམ་གྱི་དབྱངས། །ཡི་གེའི་གཟུགས་སུ་འཕོས་གང་སོན་པ་སྤྲོ། །ཞེས་སམ། གང་ཚེ་བློ་གྲོས་སྦྲང་རྩིའི་སྐྱེད་ཚལ་ནས། །རིངས་པར་ལྷག་པའི་འཕྲིན་ཡིག་གཞན་གསོས་མས། །སྙིང་ལ་འབབས་པའི་རྒྱུད་མངས་བརྡུངས་པ་ཡིས། །དོན་མཐུན་ཡིད་ལ་སྤྲོ་བ་ཅིར་ཡང་བྱིན། །ཞེས་སམ། བརྩེ་བའི་སེམས་ཀྱི་མཚོ་གླིང་ནས། །ལེགས་འོང་འཕྲིན་ཡིག་འདབ་དམར་གྱིས། །ཚིག་དོན་སྙན་པའི་སྒྲ་སྒྲོགས་བཞིན། །སོན་པས་སྤྲོ་དགའི་འཚོ་བ་བརྟས། །ཞེས་སོགས་སྦྱར་བར་བྱའོ། ༈ །གཞན་ཡང་དེ་དག་ལས་འཕྲོས་ཏེ་མི་ཡི་ཆོས་ལུགས་དང་མཐུན་པའི་འབེལ་གཏམ་བགྱིད་པར་སྤྲོ་ན། སྐབས་སུ་བབས་པའི་མཚམས། སླར་ཡང་མི་ཡི་ཆོས་ལུགས་ལེགས་སྤྱད་ན། །སུམ་རྩེན་གྲོང་ཁྱེར་ཉིད་དུ་མྱུར་འགྲོ་ཞིང་། །དེ་ལ་བརྟེན་ནས་ཐར་པའི་ཐེམ་སྐས་ལ། །རིམ་གྱིས་འཛེགས་སླད་བརྩེ་


JKT018_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆིད་འདི་གསོལ། །གང་ཞིག་འཕེན་རྫོགས་དཀར་པོས་ཉེར་བསྐྱེད་པའི། །སྨྲ་ཤེས་དོན་གོ་དབང་པོ་ཚང་བ་མི། །ལུས་རྟེན་འདི་འདྲ་སྲིད་ན་རྙེད་དཀའ་བས། །རྣམ་པ་ཀུན་ཏུ་བདེ་རྒྱུ་ཁོ་ནར་བརྩོན། །དེ་ཡང་བསྔགས་འོས་ལས་ཀུན་བསོད་ནམས་ལས། །འགྲུབ་ཀྱི་སྟེས་དབང་ཁོ་ནས་མ་ཡིན་ཕྱིར། །དཀོན་མཆོག་མཆོད་དང་ཚོགས་ཆེན་གསོག་པ་སོགས། །ནམ་ཡང་མི་འདོར་སྙིང་ལ་རི་མོར་བྲིས། །མི་དགེ་བཅུ་སྤངས་ཆང་མི་འཐུང་བ་དང་། །འཚོ་བ་བཟང་དང་མི་འཚེ་གུས་པ་སྦྱིན། །མཆོད་འོས་མཆོད་དང་དམན་ལ་བྱམས་པ་སྟེ། །བཅུ་དྲུག་འདི་རྣམས་སྲོག་ལས་གཅེས་པར་སྲུངས། །ཇི་ལྟར་འབིགས་བྱེད་རི་བོའི་ནགས་ཚལ་དུ། །སྡོང་དུས་ཕལ་ཡང་ཙནྡན་ནུས་འཆང་ལྟར། །དམ་པ་བརྟེན་ཅིང་དེ་ཡི་རྗེས་སློབ་ན། །སྐྱེ་བོ་དམན་ཡང་དམ་པའི་སྤྱོད་པར་འགྱུར། །སྦྲུལ་གདུག་གདེངས་ཀའི་གྲིབ་མ་བསིལ་ཡབ་ཏུ། །སོ བསྟེན་ན་དུག་གིས་འཆིང་བའི་གནས་ཐོབ་བཞིན། །འགྲོགས་པ་ཙམ་ནས་སྨད་འོས་ལ་སྦྱར་བའི། །ངན་པའི་གྲོགས་ལས་ཐབས་ཀྱིས་རིང་དུ་བྱོལ། །མཐོ་རིས་ཡོན་ཏན་བདུན་གྱི་ཕྱི་མོ་ཡང་། །འཚོ་བ་རིང་བ་ཉིད་ལ་རགས་ལས་ན། །སྲོག་གི་འཇིགས་པ་སྐྱབས་སོགས་དེ་རྒྱུ་དང་། །རྣམ་པར་མ་གྱུར་གནས་པའི་ཐབས་ལ་འབད། །གལ་ཏེ་ལས་དང་རྐྱེན་གྱི་འཕེན་པ་ཡིས། །འདུ་བ་རྣལ་མར་གནས་ལས་ཕྱིར་


JKT018_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཚེ། །འཚོ་བྱེད་མཁས་པའི་ངག་བཞིན་བླང་དོར་དང་། །ཐབས་ཚུལ་རིམ་གྲོ་དུ་མས་དབུགས་འབྱིན་བྱ། །ཆུ་ཐིགས་བསགས་ལས་རྒྱ་མཚོ་འབྱུང་བ་ལྟར། །ཡོན་ཏན་ཕྲ་མོ་ནས་ཀྱང་འབད་བྱ་ཞིང་། །གཟུགས་མཛེས་སྐྱོན་གཅིག་ཁོ་ནས་སྐལ་ངན་བཞིན། ཚུལ་མིན་སྤྱོད་པ་ཕྲ་ཡང་རིང་དུ་དོར། །ཆོས་དང་སྲིད་ཀྱི་བྱ་བ་གང་ལའང་། །སྒྲིན་པོའི་བློ་ཡིས་བརྟག་ཅིང་དཔྱད་པ་ལས། །རང་དགར་ཉིད་དུ་རྟབ་རྟབ་འཇུག་པའམ། །གཞན་ཟེར་ཚིག་གི་རྗེས་སུ་འབྲང་བ་སྤང་། །ཡི་ངོར་བདེ་སྡུག་རྟོག་པ་གང་ཤར་ཀྱང་། །ཚིག་ཏུ་བརྗོད་ན་རང་མཚན་སྟོན་པའི་ཕྱིར། །དལ་གྱིས་བློ་ཡི་རྒྱ་མཚོར་བསྐྱིལ་བྱས་ནས། །སུས་ཀྱང་གཏིང་མི་དཔོགས་པའི་ངང་ཚུལ་བཟུང་། །མཐོ་ལ་འགྲན་དང་མཉམ་ལ་ཕྲག་དོག་དང་། །དམན་ལ་བརྙས་པའི་བསམ་སྦྱོར་རིང་སྤངས་ཏེ། །གུས་དང་དུལ་དང་བྱམས་པས་ཡིད་དྲངས་བཞིན། །རང་གི་འདོད་པ་གང་དེར་ཐབས་ཀྱིས་གཞུག །མ་བརྟགས་པར་ཡང་ཁ་ཚོན་བཅད་པ་དང་། །དགའ་སྡུག་སྟོན་ཀའི་སྤྲིན་ལས་མྱུར་བ་དང་། །མི་འགྲུབ་བྱ་བར་ཁས་ལེན་བགྱིད་པ་རྣམས། །མཐའ་མ་རང་གཞན་ཕུང་བའི་རྒྱུ་རུ་ཟད། ཁྱུ་མཆོག་ལྟ་བུར་རང་རྒྱུད་རིང་བ་དང་། །རི་དབང་ལྟ་བུར་རང་ཚུགས་ཟིན་པ་དང་། ཁས་བླངས་དམ་བཅའ་ཤི་ཡང་མི་འདོར་བའི། །དམ་པ་རྣམས་ཀྱི་སྤྱོད་ཚུལ་དེ་འདྲའོ། །ཕན་པ་བྱས་


JKT018_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་དྲིན་མི་བརྗེད་ཅིང་། །ལྟོས་བཅས་ཐམས་ཅད་ཤ་ཚས་རིང་དུ་བསྐྱང་། ཁྲེལ་དང་ཕྱི་ཐག་རིང་པོར་བསྲིངས་པ་ཡིས། །བསྔགས་འོས་ཡི་གེ་ཕྱོགས་ཀྱི་མཐར་ཡང་བརྗིད། ཁྱད་པར་ཉེ་དང་རིང་བ་གང་ལའང་། །ལྷག་བསམ་ཟླ་བ་ལྟ་བུར་དཀར་བ་ལས། །གནོད་པའི་ཚེར་མ་ཁོང་དུ་མི་བཟུང་བ། །ལུགས་གཉིས་ཀུན་གྱི་ནང་ནས་གནད་དུ་ཆེ། །རང་ལ་ངེས་པར་ལྟོས་པའི་ཡིད་གཅུགས་ལ། །བླང་དོར་ཤ་ཚའི་སྙིང་གཏམ་ཞིབ་འཆད་ཅིང་། །གནས་སྐབས་ནམ་ཡང་དྲང་པོའི་ངག་ཚིག་ནི། །བརྗོད་པ་ཉུང་ལ་མདོ་དོན་འདུས་པར་གླེང་། །མཁས་ཀྱང་གཞན་ལ་ཁྱད་གསོད་ང་རྒྱལ་དང་། །འབྱོར་ཡང་དྲེགས་དང་། །འཇུངས་པས་འཚིར་བ་དང་། །མཐོ་ཡང་ཁེངས་དང་གཡོ་སྒྱུའི་སྦྱོར་བ་ཡིས། །རང་གཞན་བསླུ་བའི་རྣམ་ཐར་རིང་དུ་སྤང་། །གནོད་ལ་འབྲོས་ཤིང་གནོད་པ་མེད་ལ་འཚེ། །ཕན་ལ་ཁྲོ་ཞིང་བྱམས་ལ་མི་བཟོད་པའི། །སྐྱེ་བོ་དེ་ནི་ཀུན་གྱི་ཐ་ཤལ་ཏེ། །རང་གཞན་གང་གི་ཕྱོགས་སུ་མཆིས་ཀྱང་འདོར། །སྙིང་ནས་རང་ལ་བློ་གཏད་བསླུ་བ་དང་། །ཆེད་དུ་བོར་དང་མནའ་ལ་མི་འཛེམ་དང་། །ངན་གཡོའི་སྦྱོར་བས་གསོད་པར་བརྩམ་པ་རྣམས། །སྲོག་ལ་བབས་ཀྱང་མི་བགྱིད་རི་མོར་བཟུང་། །བསླབ་ཀྱང་མི་གོ་བཅོས་ཀྱང་མི་འགྱུར་ཞིང་། །ངན་པའི་སྤྱོད་དང་གཏམ་ངན་ངོ་སོར་ཁྱེར། །སྙིང་གྲོས་ཡིན་ཡང་དགྲ་ལ་བསྐྱལ་བ་


JKT018_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །གང་ན་མཆིས་ཀྱང་རིང་དུ་བསྐྲད་པར་འོས། །སུ་དང་འགྲོགས་ཀྱང་མཛའ་ཆེས་འཁོན་ཆེས་སྤང་། །གང་དུ་ཕྱིན་ཀྱང་མ་བཅོལ་ཁུར་མི་བླངས། །དུས་གསུམ་ཀུན་ཏུ་འགྲོགས་ན་བདེ་བ་དེ། །རང་ཉིད་གཉའ་ཡང་གཞན་ངོར་མཛེས་པ་ལགས། །བདེ་སྡུག་བྱུང་འཕྲལ་བཞིན་གྱི་འགྱུར་ལྡོག་སྤང་། །དགྲ་བོ་ཡིན་ཡང་ཚིག་ངན་མཚོན་མི་འདེབས། །གནོད་ལན་གནོད་དང་ཕན་ལན་ཕན་བཏགས་ཀྱང་། །ཐབས་ཀྱིས་རིམ་པར་བྱ་ལས་དུས་གཅིག་མིན། །བདག་ཉིད་འཇུག་གམ་ཕ་རོལ་གཞུག་ཀྱང་རུང་། །ལེགས་པའི་ལམ་ལས་ཉེས་པར་མི་དཀྲི་ཤིང་། །གལ་ཏེ་སྟེས་དབང་ཁོ་ནས་ཉེས་གྱུར་ཀྱང་། །སྔོན་གྱི་ལས་སུ་སེམས་ལས་འགྱོད་པ་སྤང་། །རྫུན་དང་ཟོབ་དང་ནོར་ལ་སྲེད་པ་དང་། །ཉེ་རིང་ཡུལ་ལ་ཆགས་སྡང་བྱ་བ་བྲལ། །གཅིག་ཏུ་ཐར་ལམ་ཁོ་ན་སྟོན་མཁས་གང་། །འདི་ཕྱིའི་བློ་གཏད་བླ་མའི་འོས་སུ་ཆེ། །ཕྱི་ཐག་རིང་ཞིང་གསར་འགྲོགས་དབེན་པ་དང་། །གཞུང་བཟང་དཀྱེལ་ཆེ་ལས་ལ་ངོ་སོར་ལྡན། །རེ་བ་མི་ལྡོག་གསེར་ལྟར་མི་འགྱུར་བ། །ཚེ་འདིའི་བློ་གཏད་དཔོན་གྱི་འོས་སུ་ཆེ། །གཏམ་དང་ཟས་དང་བསླུ་བའི་རྗེས་མི་འབྲངས། །རྣམ་པ་ཀུན་ཏུ་ཕན་པ་འབའ་ཞིག་སེམས། །ལེགས་སྤེལ་ཉེས་འཆོས་སྐྱིད་སྡུག་གཅིག་པར་བལྟ། །མཛའ་གཞུང་རིང་བ་གང་དེ་གྲོགས་ཀྱི་འོས། །ཇི་ལྟར་བསྒོ་བའི་ལས་རྣམས་


JKT018_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བསྒྲུབས་ཤིང་། །དེ་ཡང་གཅིག་ཏུ་བྱས་ཡུས་མི་འདྲེན་ལ། །རྫུན་དང་རྐུ་དང་གཡོ་སྒྱུའི་ཉེ་རིང་མེད། །དེ་འདྲ་གང་ཡིན་བྲན་གྱི་འོས་སུ་ཆེ། །མདོར་ན་ཡོན་ཏན་སྐྱོན་གྱི་དམིགས་འབྱེད་བཞིན། །བློ་ཁོག་ཡངས་ལ་བློ་རྩེ་བསྒྲིམས་པ་ཡིས། །བླང་དོར་ཁོ་ནས་རང་ཉིད་རྒྱལ་བ་སོགས། །ལུགས་ཀྱི་བསྟན་བཅོས་རྣམས་ལས་འབྱུང་བཞིན་སྤྱད། །དེ་ཡིས་གནས་སྐབས་ཚེ་འདིར་བདེ་བ་དང་། འབྱོར་དང་དཔལ་དང་བསྔགས་འོས་གནས་ཐོབ་ཅིང་། །ལྷ་མིའི་ལུས་རྟེན་བརྒྱུད་ནས་བླངས་པའི་མཐར། །བྱང་ཆུབ་དམ་པ་འཐོབ་བོ་གྲོགས་མཆོག་ཀྭ །ཞེས་པ་ལྟ་བུ་དང་། ༈ །དེ་བཞིན་དུ་ཆོས་ཀྱི་བག་ཆགས་དང་ལྡན་པའམ། ཐབས་ཀྱིས་དེར་གཞུག་པར་འོས་པ་སོགས་ལ་ཆོས་དང་མཐུན་པའི་འཕེལ་གཏམ་བགྱིད་པར་སྤྲོ་ནའང་། སྐབས་སུ་བབས་པའི་ཚེ་འདི་ལྟར་བསྙད་པར་བྱ་སྟེ། སླར་ཡང་སྡེ་སྣོད་རྒྱ་མཚོའི་སྤྲིན་ཆེན་ལས། །ལེགས་འོང་ཞི་བསིལ་བདུད་རྩིའི་སྙིང་པོ་ཡིས། །བླ་མེད་ཐར་པའི་སིམ་པ་སྟེར་བགྱིད་པའི། །དོན་ལྡན་གཏམ་གྱི་སྐྱེས་བཟང་འདི་སྐད་འབུལ། །རྣམ་མང་ལེགས་བྱས་ས་བོན་ལས་འཕོས་པའི། །དལ་རྟེན་ལྗོན་བཟང་འབྱོར་བཅུའི་མེ་ཏོག་ཅན། །འདི་འདྲ་བསྐལ་པ་རྒྱ་མཚོར་རྙེད་དཀའ་བས། །དོན་ལྡན་གེ་སར་དགོད་ལ་རིངས་པར་མཛོད། །ཕྱི་ནང་བརྟན་དང་གཡོ་བའི་ཆོས་ཁམས་ཀུན། །མཐའ་བཞིའི་ཕྱག་


JKT018_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དམ་ལ་བཞག་པའི་ཕྱིར། །སྐད་ཅིག་ཙམ་ཡང་རྟག་པ་མ་མཆིས་ན། །སྙོམ་ལས་ལེ་ལོའི་ཞགས་པ་རིང་དུ་ཁྲོལ། །དཀར་ནག་མི་གཡོའི་ལས་ཀྱི་ས་བོན་ལས། །བདེ་སྡུག་བར་མའི་འབྲས་བུ་བསླུ་མེད་ཕྱིར། །རྣམ་པ་ཀུན་ཏུ་དགེ་སྡིག་བླང་དོར་ལ། །འབད་འདི་འདུན་མ་ཀུན་གྱི་ཡང་རྩེ་ཡིན། །དེ་ཡང་ངན་སོང་གསུམ་གྱི་སྡུག་བསྔལ་ལ། །འཇིགས་ནས་དེ་ཡི་ཉེར་ལེན་སྤོང་བྱེད་ཅིང་། །ཕྱི་མ་ལྷ་མིའི་གོ་འཕང་དོན་གཉེར་བ། །མངོན་མཐོ་སྒྲུབ་བྱེད་སྐྱེས་བུ་ཆུང་ངུའི་ལམ། །སྲིད་པའི་གནས་ཀུན་མེ་འོབས་ལྟར་མཐོང་སྟེ། །རང་ཉིད་ཁོ་ནའི་ཞི་བདེ་དོན་གཉེར་བས། །ངེས་འབྱུང་དྲག་པོའི་བསླབ་ལ་འབད་པ་གང་། །ཐར་པ་སྒྲུབ་བྱེད་སྐྱེས་བུ་འབྲིང་གི་ལམ། །ཁྱད་པར་སྐྱེ་ཀུན་དྲིན་གྱིས་བསྐྱངས་པ་ཡི། །འགྲོ་བ་མཐའ་དག་སྒྲོལ་བའི་ཁུར་ཁྱེར་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འབད་པ་གང་། །རྣམ་མཁྱེན་སྒྲུབ་བྱེད་སྐྱེས་བུ་ཆེན་པོའི་ལམ། །དེ་ཕྱིར་ཕྱི་མའི་ཚུལ་ལ་བློ་སྦྱངས་ནས། །མཐུན་པའི་ཡུལ་གནས་དགེ་བའི་བཤེས་གཉེན་བརྟེན། །བདག་ཉིད་ལེགས་སྨོན་བསོད་ནམས་བསགས་བགྱིད་པའི། །འཁོར་ལོ་ཆེན་པོ་བཞི་ཡི་འཇུག་པ་བཟུང་། །གང་ལ་བརྟེན་ནས་ནམ་ཡང་མི་བསླུ་བའི། །དཀོན་མཆོག་གསུམ་ཞེས་གྲགས་པའི་གདུགས་དཀར་པོ། །དུས་གསུམ་སྐྱབས་ཀྱི་མཆོག་ཏུ་བསྙེན་བྱས་ནས། །


JKT018_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བླང་བསླབ་བྱའི་གནས་ལ་འབད་པས་བསྒྲིམ། །ཚད་མེད་རྣམ་བཞིའི་ཟླ་འོད་ཀྱིས་བརླན་པས། །ཕྱིན་དྲུག་ཀུནྡའི་འཇོ་སྒེག་དར་བབ་ཅིང་། །དེ་མཐུས་ས་བཅུ་ལམ་ལྔའི་ཀེ་ས་རཿ །མི་རིང་དར་བའི་ངང་ཚུལ་ལྷུར་ལེན་མཛོད། །དེ་ཡང་གཏོང་ལ་སྤྲོ་བའི་སེམས་དགེ་བས། ལན་དང་རྣམ་པར་སྨིན་ལ་མི་རེ་བར། །ཆོས་ནོར་མི་འཇིགས་སྦྱིན་པའི་ར་བ་རུ། །མཐའ་ཀླས་ཡིད་ཅན་དབུགས་རབ་འབྱིན་པར་བྱ། །སྒོ་གསུམ་ཉེས་པར་སྤྱོད་པའི་འདམ་རྫབ་ཀུན། །དགེ་ཆོས་ཡོངས་སུ་སྡུད་པས་དག་བྱས་ཏེ། །གཞན་ལ་ཕན་བདེའི་བསིལ་བ་སྟེར་མཁས་པའི། །དྲི་མེད་ཚུལ་ཁྲིམས་ཆུ་ཡིས་སྙིང་རབ་བརླན། །ཇི་ལྟར་བདག་ལ་གནོད་པའི་ལས་བྱེད་ཀྱང་། །ཡིད་ཀྱི་དབང་པོ་ནམ་ཡང་མི་འཁྲུག་ཅིང་། །ཆོས་ཕྱིར་དཀའ་བ་སྤྱད་ལ་བཟོད་པ་དང་། །ཟབ་མོའི་དོན་ལ་མི་སྐྲག་གོ་ཆ་བགོ །ཕུལ་བྱུང་ལྷག་པའི་བསམ་པས་ཉེར་དྲངས་ཏེ། །སེམས་ཅན་དོན་ལ་ངལ་བ་མི་བརྟེན་བཞིན། །བྱང་ཆུབ་སྤྱོད་ལ་སྤྲོ་བའི་བརྩོན་འགྲུས་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་གཅིག་ཏུ་ངེས། །ཞི་ལྷག་ཟུང་འབྲེལ་བསམ་གཏན་ལ་གོམས་པས། །ལུས་སེམས་ཤིན་སྦྱངས་བདེ་བར་ངལ་འཚོ་ཞིང་། །རྨད་བྱུང་ཡོན་ཏན་རིམ་གྱིས་རྫོགས་པའི་མཐུས། །མངོན་པར་ཤེས་པས་ཕ་རོལ་སྒྲོལ་བར་འོས། །དྲི་མེད་ཐོས་བསམ་སྒོམ་པའི་རི་དབང་གིས། །ཟབ་ཅིང་རྒྱ་ཆེའི་ཆོས་


JKT018_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཆུ་ཡི་གཏེར། །བསྲུབས་སྐྱེས་མཐར་ལྟའི་མུན་པ་རིང་བཅད་པའི། །ཤེས་རབ་ཕ་རོལ་ཕྱིན་པའི་ཉིན་བྱེད་བསྟེན། །མདོར་ན་ལམ་དུས་ཚོགས་གཉིས་ཀྱིས་མཚོན་པའི། །ལེགས་སྤྱད་གང་ཡང་དངོས་པོར་མི་ཞེན་པར། །མཉམ་གཞག་མཁའ་ལྟར་དག་པའི་སྟོང་ཉིད་དང་། །རྗེས་ཐོབ་སྒྱུ་མའི་ཚུལ་གྱིས་ཉམས་སུ་བླང་། མཐར་གྱིས་ཇི་ལྟར་བསགས་པའི་རྣམ་དཀར་ཀུན། །བྱང་ཆུབ་མཆོག་གི་རྒྱུ་རུ་བསྔོས་བྱས་ན། །ཆུ་ཐིགས་རྒྱ་མཚོར་འབབས་ཤིང་གཞོལ་བ་ལྟར། །བསོད་ནམས་མཐའ་ཀླས་འཕེལ་ཞིང་ཟད་པ་མེད། །དེ་ལྟར་ཚོགས་སྦྱོར་མཐོང་སྒོམ་རྣམ་པ་བཞིར། །སློབ་པའི་ཡོན་ཏན་རིམ་གྱིས་རྫོགས་པ་ལས། གྲངས་མེད་གསུམ་སོགས་དབང་པོའི་རྗེས་མཐུན་པར། །མི་གནས་མྱ་ངན་འདས་པ་འཐོབ་པོ་ཀྱེ། །ཞེས་པ་ལྟ་བུས་མཚོན་ཁམས་དབང་བསམ་པའི་རིམ་པ་དང་རྗེས་སུ་མཐུན་པར་ལུགས་གཉིས་ཀྱི་བླང་དོར་མ་ནོར་བའི་སྒོ་ནས་ཕན་གདགས་པའི་ཐབས་ལ་མཁས་པར་བྱའོ། །དེ་དག་གང་ཡང་རུང་བའི་ཐོག་མར་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་སྦྱོར་བར་སྤྲོ་ནའང་འདི་ལྟ་སྟེ། ཨོཾ་སྭསྟི་པྲ་ཛ་བྷུ བྲལ་སྨིན་ཡོན་ཏན་རྒྱ་མཚོའི་སྣོད་གྱུར་མཚན་དཔེའི་འཇོ་སྒེག་རྫོགས་པའི་སྐུ། །སྒྲིབ་གཉིས་རྒྱུར་བཅས་ཟད་པར་སྤོང་བྱེད་ཞི་བསིལ་ཆོས་ཕུང་བརྒྱད་ཁྲིའི་གསུང་། །རྟག་ཆད་སྤྲོས་པའི་ཕྱོགས་དང་མི་མཛའ་ཟབ་ཞི་སྤྲོས་


JKT018_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དབུ་མའི་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་བསྔགས་འོས་རྫོགས་སངས་རྒྱས་དེས་ཁྱོད་ལ་སྲུངས། །རྗོད་བྱེད་ངག་ཚིག་དྲི་མ་མེད་པ་སྡེ་སྣོད་གསུམ་གྱི་ཨུཏྤ་ལས། །བརྗོད་བྱ་བསླབ་གསུམ་འབྲས་བཟང་འབྱིན་དེས་ཐར་པ་དམ་པའི་ཟིལ་དངར་གྱིས། །བརྗོད་དོན་ཁམས་གསུམ་ཉོན་མོངས་གདུང་སེལ་ཟག་བྲལ་ལམ་གྱི་མངོན་རྟོགས་ཅན། །བརྗོད་ཚུལ་ཐོག་མཐའ་བར་གསུམ་དགེ་བ་དམ་པའི་ཆོས་ཀྱིས་ཤིས་པར་མཛོད། །རྒྱལ་གསུང་བདུད་རྩིས་རབ་ཏུ་བརླན་ལས་བློ་གྲོས་པུཏྟཱ་རི་ཀའི་འཛུམ། །རིག་གྲོལ་ཡོན་ཏན་བརྒྱད་ཀྱི་མཚར་སྡུག་ཕ་མཐའ་ཡས་པར་གཡོ་བ་ཡང་། །ཉེས་བར་སྤྱོད་པའི་རྡུལ་ལས་རིང་འདས་གཞན་ཕན་ཁོ་ནར་རབ་ཆགས་པའི། །བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་ཀྱིས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །ཞེས་སམ། ཨོཾ་སྭསྟི་སིདྡྷཾ། རྨད་བྱུང་གཞན་ཕན་སྤྱོད་པའི་གོམ་སྟབས་ནི། །གྲངས་མེད་བསྐལ་པ་རྒྱ་མཚོར་བསྒྱུར་བ་ལས། །བྱང་ཆུབ་སྙིང་པོའི་ཕ་མཐར་སོན་གྱུར་པའི། །སྟོན་པ་རྫོགས་སངས་རྒྱས་དེས་ཁྱོད་ལ་སྲུངས། །གང་གསུང་མ་ལ་ཡ་ཡི་ནགས་ཚལ་ལས། །ལེགས་འོང་ཐེག་གསུམ་རླུང་གཞོན་དལ་འབབས་པས། །བསྐལ་བཟང་ཐར་འདོད་སྙིང་ལ་སིམ་སྟེར་བའི། །དམ་ཆོས་བདུད་རྩིའི་ཆོ་གས་དགེ་བར་མཛོད། །བག་མེད་འགོགས་པའི་ས་བོན་ལས་འཕོས་པའི། །ཐོས་བསམ་


JKT018_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་སྡུག་རབ་འབར་ཨུ་དུམྦར། །སྒོམ་སྤངས་འབྲས་བུའི་ཁུར་གྱིས་ཉེར་དུད་པ། །རིག་གྲོལ་དགེ་འདུན་ཚོགས་ཀྱིས་ཤིས་པ་སྒྲུབས། །ཞེས་སམ། ཨོཾ་སྭ་སྟི། བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱི། །ཆུ་གཏེར་ཆེན་པོ་བསྲུབས་པའི་ཕུལ། །ཁྲལ་སྨིན་ཆ་ཤས་གང་བའི་ཟླ། །རྫོགས་སངས་རྒྱས་དེས་དགེ་ལེགས་སྩོལ། །གང་གསུང་ཞི་བསིལ་བདུད་རྩིའི་རླབས། །སྐལ་བཟང་སུ་ཞིག་བགོ་སྐལ་དུ། །ཐོབ་ལས་གཏན་བདེའི་བཅུད་སྦྱིན་པ། །དམ་པའི་ཆོས་ཀྱིས་ཤིས་པར་མཛོད། །བསྔགས་འོས་ཡོན་ཏན་བཉྫལ། །བསླབ་གསུམ་མཛེས་མའི་སོར་རྩེ་ཡིས། །བསྣུན་ལས་ཕན་བདེའི་འཛུམ་དམུལ་བ། །དགེ་འདུན་འདུས་པས་ཁྱོད་ལ་སྲུངས། །ཞེས་སམ། ཨོཾ་སྭ་སྟི་བི་ཛ་ཡནྟུ། གང་ཞིག་སྐྱབས་སུ་བསྟེན་པ་ཙམ་ནས་མི་ཕྱེད་ཐུགས་རྗེའི་བདུད་རྩིའི་སྤྲིན། །དགེ་ལེགས་རྟག་པའི་དཔྱིད་དུ་འཇོ་བས་སྐལ་བཟང་ལུས་ཅན་མདོངས་མཐའི་ཚོགས། །དད་གསུམ་ཟློས་གར་གསར་དུ་བསྒྱུར་བཞིན་དོན་གཉིས་མངལ་ཁུར་སྟུག་པོ་ཡིས། །ཉེ་བར་ལྕི་བའི་སྙིང་པོ་ལ་སྦྱོར་མཆོག་གསུམ་རྒྱ་མཚོར་ཁྱོད་ལ་སྲུངས། །ཞེས་སམ། ཤྲཱི་བི་ཛ་ཡནྟུ། །འདི་ན་མཚན་ཙམ་ཐོས་པའི་ཟླ་གཞོན་གྱིས། །ཕན་བདེའི་ཀུན་འཛུམ་དཀར་གཡོ་བ་ལ། །དཀོན་མཆོག་གསུམ་ཞེས་གྲགས་པའི་སྣང་བ་དེས། །རྣམ་ཀུན་ཤིས་པའི་བསིལ་བ་སྦྱིན་གྱུར་ཅིག །


JKT018_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སམ། སུ་ཤེ་ཡསྐུ། །གང་གིས་གཙུག་ཏུ་བསྙེན་པའི་མོད། །འཁོར་བའི་འཇིགས་པ་ཡོངས་འཕྲོགས་ནས། །ཐར་པའི་གོ་སར་དབུགས་དབྱུང་བའི། །སྐྱབས་གནས་གསུམ་གྱིས་ཤིས་པ་སྩོལ། །ཞེས་སམ། །ཐིམཱི་གུ་རུ་ཎཱ་ཤེ་ཡོ་བྷ་བནྟུ། །རྨད་བྱུང་བྱིན་རླབས་ག་བུར་ཐིགས་པའི་རྒྱུན། །རེག་པས་བསྐལ་བར་བསྒྲུབས་འོས་ལྷན་སྐྱེས་ཀྱི། །ཡེ་ཤེས་ཆེན་པོའི་སིམ་པ་མཆོག་སྟེར་བ། །ཁྱབ་བདག་དཔལ་ལྡན་བླ་མས་ཁྱོད་ལ་སྲུངས། ཞེས་སམ། ཨ་མཱ་ར་ནཱ་ཐེཀ་ལྱཱ་ཎཾ་ཀུནྡནྟུ། རྡུལ་བྲལ་སོ་སོར་རྟོག་པའི་འཇོ་སྒེག་ནི། །རབ་དམར་མཚན་དཔེའི་ཕུང་པོ་དང་འགྲོགས་ཕྱིར། །དྲན་པས་རིང་འཚོའི་དཔལ་སྟེར་ལྷག་པའི་ལྷས། ཁྱོད་ལ་རྣམ་ཀུན་འཆི་མེད་སྦྱིན་གྱུར་ཅིག །ཞེས་སམ། ཤྲཱི་བི་ཛི་བནྟུ། གང་གི་མཚན་གྱི་རྒྱལ་རྔ་བརྡུངས་ཙམ་ནས། །དུས་མིན་འཆི་བའི་རྒུད་པ་དྲུངས་ཕྱུང་སྟེ། །འཕོ་མེད་རྟག་པའི་གོ་འཕང་ལ་སྦྱོར་བའི། །རྗེ་བཙུན་ཡིད་བཞིན་འཁོར་ལོས་ཤིས་པར་མཛོད། །ཞེས་སམ། ཨོཾ་སྭ་སྟི་ཛ་ཡནྟུ། མཐའ་ཀླས་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །ཐུན་མཚམས་སྤྲིན་གྱི་ལང་ཚོ་ལ་ཆགས་པའི། །འཇམ་མགོན་མཁྱེན་པའི་ཟླ་ཤེལ་གསར་པ་དེས། །བློ་མཆོག་ཆུ་གཏེར་འཕེལ་བའི་ཤིས་པ་སྒྲུབས། །ཞེས་སམ། ཤྲཱི་ཀ་ལྱཱཎ་མསྟུ། གང་གི་ཐུགས་རྗེའི་ཉི་གཞོན་གཡོ་བའི་རླབས། །མོས་ལྡན་ཡིད་མཁར་ཤར་བའི་


JKT018_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཐག །རྣམ་དཔྱོད་པདྨའི་ནགས་ཀླུང་དར་བབས་པའི། ངག་དབང་མཚོ་བྱུང་ལྷ་མོས་ཁྱོད་ལ་སྲུངས། །ཞེས་སམ། ན་མོརླཏཱངྒེ། གང་ཞབས་ལན་གཅིག་དྲན་པའི་མདུན་ས་རུ། །བརྒྱད་གཉིས་འཇིགས་པས་ཉེན་པའི་འགྲོ་བ་ཀུན། །ཕན་དང་བདེ་བའི་དབུགས་འབྱིན་སྟེར་མཁས་པ། །རྗེ་བཙུན་མྱུར་མ་དཔའ་མོས་མཆོག་སྦྱིན་མཛོད། །ཞེས་སམ། ཤྲཱི་ཛ་ཡནྟུ། རྗེས་ཆགས་དབང་གི་མཆིལ་པས་བཏབ་ཙམ་གྱིས། ཁམས་གསུམ་སྐྱེ་རྒུའི་བརྟན་པ་འཕྲོག་བྱེད་པའི། །རིགས་བྱེད་ཌཱ་ཀིའི་ཐུགས་རྗེའི་ཨུཏྤ་ལས། །སྡེ་བཞིའི་བུང་བ་འདུ་བའི་དགའ་སྟོན་སྒྲུབས། །ཞེས་སམ། ཤྲཱི་བཛྲ་དྷརྨཱ་པཱ་ལ་ལེ་རཀྵནྟུ། གང་ཞིག་སྐད་ཅིག་དྲན་པའི་ཡེ་ཤེས་མེས། །མ་ལུས་བདུད་སྡེའི་བུད་ཤིང་ཀུན་བསྲེགས་ནས། །ཕུན་ཚོགས་ཤིས་པའི་སྣང་བ་སྦྱིན་མཛད་པ། །རྡོ་རྗེའི་ཆོས་སྲུང་ཚོགས་ཀྱིས་ཁྱོད་ལ་སྐྱོངས། །ཞེས་སམ། ཤྲཱི་སུ་ཤུ་བྷ་བནྟནྟུ། གསེར་རི་གུར་གུམ་ཚོན་གྱིས་སྒེག་པའམ། །གནོད་གནས་གཙུག་གིས་བསྟེན་པའི་དབང་པོ་གང་། །འགྲོ་ལ་འདོད་རྒུའི་བྱེད་པ་པོར་ངེས་ཕྱིར། །དལ་བསོས་བུ་ཡི་འབྱོར་པ་ཆར་དུ་བསྙིལ། །ཞེས་པ་ལྟ་བུས་མཚོན་ཇི་ལྟར་སྐབས་སུ་བབས་པ་དང་། གཞན་ཡང་མཁས་པ་དང་། བཙུན་པ་དང་། འཇིག་རྟེན་གྱི་འབྱོར་པས་མངོན་པར་མཐོ་བའི་རིགས་ཅན་དག་ལ་དམིགས་བསལ་གྱི་ཤིས་བརྗོད་རྒྱས།


JKT018_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱོར་བར་འདོད་ནའང་འདི་ལྟར་སྦྱར་བར་བྱ་སྟེ། །སརྦ་ཛྷཱ་སུ་ཐེ་ཡོ་བྷ་བནྟུ། །རྨད་བྱུང་མཚན་སྙན་ནོར་བུའི་དོ་ཤལ་མཆོག །སྣ་ལུང་དཔྱངས་པའི་མོད་ནས་རིག་པའི་གཞུང་། །མཐའ་ཀླས་འབྱོར་པའི་བ། །འཇམ་མགོན་སྨྲ་བའི་ཉི་མས་ཤིས་པ་སྩོལ། གང་གི་ཐུགས་རྗེའི་འོད་རྡུལ་གསར་པ་ཡིས། ཁྱོད་བློའི་གསེར་གྱི་པདོ་འཛུམ་པའི་ཁ། །ཕྱེ་ལས་མཁྱེན་གཉིས་ཟིལ་མངར་རྟག་འབབས་བཞིན། །བློ་གསལ་རྒྱ་མཚོའི་དཔྱིད་དུ་འབར་གྱུར་ཅིག །དེ་ཡང་སྲིད་ཞིའི་ཉམས་འགྱུར་རྣམ་མང་བཟོ། །སྒོ་གསུམ་ནོར་བུའི་བ་གམ་ལ་འཕོས་པས། །ལས་སྣ་ཚོགས་པའི་ཁེངས་པ་བསྙིལ་བྱེད་ཅིང་། །ལྷར་ཟློ བཅས་ཡི་ག་དབང་མེད་འགུགས་གྱུར་ཅིག །རྣམ་འགྱུར་གདུང་བས་གཞུར་བའི་སྐྱེ་བོ་ཀུན། །རིང་དུ་གནས་པའི་ཐབས་ཚུལ་བདུད་རྩིའི་ཆར། །ཉེར་བཟུང་ཡན་ལག་བརྒྱད་ལྡན་གསོ་བའི་སྤྲིན། །རྣམ་དཔྱོད་མ་དྲོས་འཛིང་ནས་སྤྲོ་གྱུར་ཅིག །རང་བཞིན་རྣམ་མང་ཁམས་ཀྱི་ཏམྦུ་རཿ མཐའ་ཀླས་རྐྱེན་གྱི་སོར་རྩེས་བསྣུན་པ་ལས། །མིང་དང་ཚིག་གི་སྙན་འགྱུར་སྟོང་འཁྲོལ་བས། །གཟུར་གནས་རྣ་བའི་བཅུད་དུ་འཇོ་བར་ཤོག །རྟོག་གེའི་ཚིག་དོན་བརྒྱད་གཉིས་རྡོ་རྗེའི་མཚོན། །གདེངས་པ་ཙམ་གྱིས་ཕས་རྒོལ་རི་བོའི་རྐང་། །འཇོམས་ཤིང་རང་སྡེའི་གྲུབ་མཐའི་ལེགས་བྲིས་ཚལ། །སྐྱོང་མཁས་འཆི་མེད་དབང་པོར་གསལ་གྱུར་


JKT018_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག ཁྱད་པར་ཐེག་གསུམ་ཨུཏྤལ་གཞོན་ནུའི་ཁོངས། །གསང་རྒྱུད་རྒྱ་མཚོའི་འབྲས་བཟང་གིས་དུད་པ། །ཡོངས་རྫོགས་བསྟན་པའི་དཔྱིད་དཔལ་ཉམས་དགའ་བར། །རང་ཉིད་ཀུན་མཁྱེན་དགའ་བས་རྩེན་པར་ཤོག །བསྒྱུར་བགོད་འབྲི་བསྣན་རི་མོའི་སྒྱུ་ཐབས་ཀྱིས། །ཕྱི་རོལ་དུས་ཀྱི་འཁོར་ལོའི་རྣམ་གཞག་གང་། །ཡུད་ཀྱིས་རྟོགས་པའི་ངོ་མཚར་སྨིག་སྨན་གྱིས། །འགྲོ་འདིའི་ལེགས་ཉེས་དམིགས་བུ་གསལ་གྱུར་ཅིག །ཤར་ལྷོའི་ལམ་དང་སྒྲ་དོན་གབ་ཚིག་རྒྱན། །ཇི་བཞིན་འབྱེད་ཅིང་སྨྲ་ལ་མཚུངས་མེད་ངག །མཚོ་བྱུང་མགྲིན་པར་ལྷག་པའི་མཐུས་བསྐུལ་ཏེ། །དཔལ་ལྡན་དཎྜིའི་སྤུན་ཟླར་འཛེགས་པར་ཤོག །ལྕི་དང་ཡང་པའི་ཡི་གེའི་མེ་ཏོག་ནི། །བྲྀཏྟ་ཛཱ་ཏིའི་འཁྲི་ཤིང་ལ་བཀོད་པར། །རྨད་བྱུང་ངོ་མཚར་སྦྱོར་བའི་མཚར་སྡུག་གིས། རིན་འབྱུང་ཞི་བའི་མཛེས་པ་བཟུང་གྱུར་ཅིག །གཟོད་ནས་གྲུབ་དང་གློ་བུར་ལེགས་སྦྱར་བའི། །དོན་དང་མིང་གི་མངོན་པར་བརྗོད་པའི་མཐའ། །རྫོགས་པར་གཟིགས་ལ་འཆི་མེད་སེངྒེའི་ཞབས། །སླར་ཡང་འོངས་པའི་དགའ་བས་སྙོམས་པར་ཤོག །སྔོན་བྱུང་གཏམ་གྱི་གླེང་རྩ གཞི་ལས་བརྩམས་ཏེ། །མཐའ་ཀླས་གཟུགས་དང་སྐད་ཀྱི་རྣམ་འགྱུར་ཚོགས། །མ་འདྲེས་ཟློས་པའི་གར་དུ་རོལ་པ་ཡིས། །དོན་མཐུན་ཡིད་ལ་སིམ་པ་སྟེར་གྱུར་ཅིག །མདོར་ན་རྣམ་མཁྱེན་ཡེ་ཤེས་མཆོག་


JKT018_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གང་གིས་སྦྱོར་བའི་ཉེ་རྒྱུ་ནི། །ཕྱི་ནང་རིག་པའི་ལམ་བཟང་ཉིད་དེ་དེ་དེའི་ཚུལ་ལ་འཆད་པ་དང་། །རྩོད་ཅིང་རྩོམ་པའི་ཤིས་པ་བསྒྲུབས་པས་སྙིགས་མའི་རྒུད་པ་དྲུངས་ཕྱུངས་ཏེ། །ཕུན་ཚོགས་མཁས་བརྒྱའི་རྫོགས་ལྡན་གསར་པའི་དགེ་ལེགས་སྣང་བ་འབར་བར་ཤོག །ཞེས་དང་། ཨོཾ་སྭསྟི་སིདྡྷི་རསྟུ། ཡིད་ཅན་སུ་ཞིག་སྐྱབས་སུ་དོང་བ་ལས། །རྨད་བྱུང་དགེ་མཚན་སྣུམ་པོའི་གྲིབ་མ་རུ། །ཕན་བདེའི་དབུགས་འབྱིན་སྩོལ་བའི་གདུགས་དཀར་པོ། །མཆོག་གསུམ་ཐུགས་རྗེའི་བསིལ་བས་ཁྱོད་ལ་སྲུངས། །ཐུན་མོང་རིག་པའི་ཆུ་གཏེར་གཏིང་ཡངས་པར། །བློ་མཆོག་གསེར་ཉ་གཡོ་བའི་ཟློས་གར་གྱིས། །ཀུན་རྨོངས་ཚ་གདུང་སྟུག་པོ་རིང་བཅིལ་ནས། །མཁས་ཚུལ་གསུམ་གྱི་སིམ་པས་སྙིང་བརླན་ཤོག །གང་ལ་རེག་ན་སྲིད་ཞིའི་ཕུན་ཚོགས་ཀུན། །འབད་མེད་ལྷུག་པར་སྩོལ་བ་ནོར་གྱི་བུས། །མཚོན་མིན་སྡེ་༢ ་སྣོད་རྒྱ་མཚོའི་བུམ་པ་བཟང་། བདག་གིར་བགྱི་པའི་དམ་བཅའ་འཛིན་གྱུར་ཅིག །བག་མེད་འགོག་པའི་དཔྱིད་ཀས་ཉེར་དྲངས་པའི། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་པདྨ་དཀར། །རིག་དང་གྲོལ་བའི་མཚར་སྡུག་གཡོ་བ་ཡིས། །བསླབ་གཞིའི་སྨན་ལྗོངས་ཉམས་དགར་མཛེས་པར་ཤོག །གཞན་ཕན་ཡིད་བཞིན་མཚོ་ནས་ཉེར་འཐོན་པའི། །སྨོན་འཇུག་རི་མོ་གཡས་སུ་འཁྱིལ་པའི་དུང་། །མཐའ་ཀླས་ཐ་


JKT018_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་ཉེར་འཚོར་རབ་བསྐུལ་བས། །སྒྲིབ་གཉིས་རིམས་ནད་རྒྱུ་བ་གཅོད་གྱུར་ཅིག །འཕགས་ལམ་ངེས་གསང་རིག་འཛིན་སྡེ་སྣོད་ཆེའི། །སྨིན་དང་གྲོལ་བའི་བདུད་རྩིའི་ཟིལ་དངར་མཆོག །ཐུགས་ཀྱི་དཔཝེར་སིམ་པའི་དེ་མ་ཐག །གྲུབ་གཉིས་ལང་ཚོ་ཅི་ཡང་འབར་བར་ཤོག །མདོར་ན་བསླབ་གསུམ་གོ་ཆ་བརྟན་པ་ལ། །ཡིད་སྲུབས་དཔུང་གིས་ནམ་ཡང་མི་བརྫི་བར། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱིས། །བྱང་ཆུབ་སྙིང་པོའི་ཐིག་ལེར་གཤེགས་གྱུར་ཅིག དེ་ལྟར་ཤིས་པའི་གསེར་འཁོར་སྔོན་འགྲོ་བས། །ཡོངས་རྫོགས་བསྟན་པའི་རི་གླིང་ཐ་གྲུ་ཀུན། །དབང་བསྒྱུར་ལྷར་བཅས་བསྔགས་འོས་རྒྱལ་ཐབས་ལ། །འཛེགས་པའི་གྲགས་སྙན་སྲིད་ན་མཐོ་བར་ཤོག །ཅེས་དང་། སརྦ་དཱ་ཀ་ལྱཱ་ཎཾ་ཀུརྦནྡྷ། ཕུན་ཚོགས་ཤིས་རྒུའི་མེ་ཏོག་དཀར་པོའི་སྤྲིན། །གང་ལ་འཐོར་བ་ཙམ་གྱིས་སྐད་ཅིག་ལ། །རྨད་བྱུང་མཐོ་རིས་ཡོན་ཏན་གསར་པའི་གཟིས། །ཕན་བདེའི་དགའ་སྟོན་མངོན་པར་དར་གྱུར་ཅིག །ཆེན་པོའི་མཐོ་རིས་ཀྱི་ཡོན་ཏན་བདུན་དང་རྒྱལ་སྲིད་སྣ་བདུན་སྦྱར་བའི་ཤིས་བརྗོད་དོ། །རིགས་ཀྱི་མ་དྲོས་ཆུ་འཛིངས་ལས། །བྱུང་བའི་ཛམྦུ་ནཱ་དའི་རང་བཞིན་གྱིས། །ལེགས་པར་བསྐྲུན་པའི་རྩིབས་སྟོང་འཁོར་ལོ་ཡིས། །དགེ་མཚན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་ཤོག །མཐོང་ན་སྙིང་དང་མིག་ལ་བདུད་རྩིའི་རོ། །སྦྱིན་མཁས་ནོར་བུའི་རེག་བྱ་དང་མཚུངས་པའི། །ལང་ཚོའི་གཟི་


JKT018_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཉམས་པ་མེད་པའི་གཟུགས། །རྒ་ན་རྒུད་པའི་ཡུལ་ལས་གྲོལ་གྱུར་ཅིག །ཟབ་མྱུར་གསལ་བའི་ཤེས་རབ་མཐའ་ཀླས་ཀྱི། །མཚར་སྡུག་ཉམས་འགྱུར་རྒྱགས་པའི་ཟུར་མིག་གིས། །ཆོས་དང་སྲིད་ཀྱི་མཛའ་བོ་འགུགས་མཁས་པས། །བཙུན་མོ་རིན་ཆེན་དམ་པའི་དཔལ་བཟུང་ཤོག །གནོད་གནས་དབང་པོའི་སྤུན་ཟླ་ལ་ཆགས་པའི། །མི་ཟད་འདོད་རྒུའི་གན་མཛོད་འཛིན་པ་ལ། །ཟླ་མེད་ཁྱིམ་བདག་མཆོག་གི་སྙེམས་འཆང་བ། །རང་གཞན་འབྱོར་བའི་དུས་སྟོན་རྒྱས་གྱུར་ཅིག །ནད་མེདུ་འཚོ་བའི་ཐབས་ཚུལ་པད་རྩ་ཡིས། །དལ་རྟེན་ཤ་ཚུགས་རྒྱས་པའི་གཉིས་འཐུང་དབང་། །ལེགས་སྤྱད་གསེར་གྱི་དྲ་བས་གདོང་མཛེས་བཞིན། །ཕན་བདེའི་དགའ་ཚལ་སྟུག་པོར་དཀྱུ་བར་ཤོག །དབང་བཅུའི་རྗེས་མཐུན་དཔལ་གྱིས་རབ་ཕྱུག་པའི། །གོམ་སྟབས་ལྷོད་པོར་གཡོ་བའི་ཅང་ཤེས་མཆོག །བསོད་ནམས་རིན་ཆེན་ཕྲག་བརྒྱས་ཡོངས་གཏམས་པ། །བསྔགས་འོས་ཤུལ་ལམ་དམ་པར་འཇུག་གྱུར་ཅིག །མདོར་ན་མཆོག་གསུམ་ཐུགས་རྗེའི་དཔུང་པ་ཡིས། །དུས་མིན་ཉི་བུའི་གཡུལ་ངོ་ཕམ་བྱས་ཏེ། །ཚེ་སྲོག་རིང་འཚོའི་མདུད་པ་མི་ཕྱེད་བཞིན། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཤོག །ཅེས་པ་ལྟ་བུས་མཚོན་སྐབས་སུ་གང་འོས་སྦྱར་རོ། །དེ་ལྟར་དམིགས་


JKT018_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དང་སྤྱིར་བཏང་གི་ཡུལ་མཆོག་འབྲིང་ཕལ་པ་རྣམས་ལ་རྐང་བཞིའི་ཚིགས་སུ་བཅད་པ་གཙོ་བོར་བཏོན་པའི་སྙན་ངག་གི་ཕྲིན་ཡིག་འབུལ་ཚུལ་འཕྲོས་དོན་དང་བཅས་པ་ཅུང་ཟད་ཅིག་བསྙད་པར་བྱས་པའང་། ཇི་སྐད་དུ། དཔལ་ལྡན་དཎྜིས། འོན་ཀྱང་རྣམ་རྟོག་ས་བོན་ནི། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །དེ་ཉིད་རབ་ཏུ་ལེགས་སྦྱར་ཕྱིར། །ཡོངས་སུ་ངལ་འདི་བདག་གིའོ། །ཞེས་གསུངས་པ་ལྟར་བློ་གྲོས་གསར་བུར་གྱུར་པ་དག་གི་རྣམ་པར་རྟོག་པ་འཕྲོ་བའི་ས་བོན་ཙམ་ཞིག་བསྟན་ཟིན་ཏེ། གཞན་དུ་ན་དེ་དང་དེས་མཚོན་ནས་སྦྱོར་བ་པོ་རང་རང་གི་རྣམ་དཔྱོད་ཀྱི་འཛིན་མ་ལས་ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ཇི་ལྟར་འོས་པ་ཚིག་སྦྱོར་གྱི་རིམ་པ་བརྗོད་པ་གཙང་ཞིང་། བརྗོད་དོན་གསལ་བ་དང་། སྐྱོན་གྱིས་མ་རེག་པའི་དགའ་ཚལ་མཐའ་ཀླས་པ་སྤྲོ་ཤེས་༤ དགོས་པ་ལས། རེ་རེ་བཞིན་དུ་དཔེར་བརྗོད་པ་ནི་ཚངས་དང་ཕུར་བུའི་ངག་ཀྱང་ངལ་བའི་གནས་སུ་འགྱུར་ན་བདག་ལྟ་བུས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སྔ་མས། སྙན་དངགས་མཛེས་པར་བྱེད་པ་ཡི། །། ཆོས་རྣམས་རྒྱན་ཅེས་རབ་ཏུ་བརྗོད། །དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །ཞེས་གསུངས་པ་ལྟར་མ་ཟད། དཔྱོད་ལྡན་དག་གིས་སྨྲས་པ་ཁོ་ན་ཡང་བསྐྱར་དུ་བཀོད་པ་ནི་།


JKT018_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་ཙོའི་ཀློག་པ་དང་འདྲ་བས་བློ་གྲོས་ཕུར་ཁུང་ཐུག་པའི་རྟགས་སུ་ངེས་པའི་ཕྱིར། ལམ་འདིར་དོན་དུ་གཉེར་བའི་བློ་མིག་གཟུ་བོར་གནས་པའི་ཚོགས་ཀྱིས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དབྱངས་ཅན་མགྲིན་པར་ཆགས་པ་དཔལ་ལྡན་དབྱུག་པ་ཅན་གྱི་བསྟན་བཅོས་ལ་མོས་བརྩོན་ཤེས་བཟོད་བཞི་དང་ལྡན་པའི་རྟག་གུས་ཀྱི་སྦྱོར་བས་ལེགས་པར་སྦྱངས་ཏེ། །སྙན་དངགས་མཁན་རྣམས་ཀྱི་གཙུག་གི་ནོར་བུ་རྒྱལ་པོ་དགེ་དབང་ཡབ་སྲས་དང་། །སྨྲ་བ་དོན་ལྡན་གྱི་སྐྱེས་བུ་མཁས་མཆོག་དཔལ་བོའི་རྗེས་སུ་འབྲངས་བས་ཚིག་དང་དོན་དུ་བཅས་པའི་སྦྱོར་བ་ཕུན་སུམ་ཚོགས་པས་འཆད་པ་དང་། རྩོད་པ་དང་། རྩོམ་པའི་བརྟུལ་ཞུགས་བཟུང་བ་ལས་བློ་གྲོས་གནས་མིན་གྱི་ལམ་ཉི་ཚེ་བར་ཆུད་མི་གསོན་པར་གསོལ་བ་འདེབས་པ་ལགས་སོ། །སྤྱི་དོན་གཉིས་པར་ཚིག་ལྷུག་པར་སྤེལ་བའི་དཔེར་བརྗོད་པ་ནི་ལོགས་སུ་བྲིས་པ་ལས་ཤེས་པར་བྱའོ། །སླར་སྨྲས་པ། ཚིག་སྙན་རྣ་བའི་བདུད་དུ་འབབས་འདི་མཛེས་སྡུག་ལུས་ཕྲའི་རྒྱུད་མངས་ཉིད་མིན་སྨྲ་མཁས་མགྲིན་པའི་རྫ་རྔ་སྟེ། དོན་previous hit བཟང་རིན་ཆེན་ཕྲག་བརྒྱས་གཏམས་འདིའང་གདེངས་ཅན་རྩེན་པའི་བསྟི་གནས་ཅི་ཞིག་བློ་གསལ་བློ་ཡི་ཆུ next hit་གཏེར་ཆེ། །དེས་ཀྱང་ངོ་མཚར་ལང་ཚོ་སྦྱིན་གང་བདེ་འཐུངས་ཟིལ་དངར་གསར་པ་མ་ལགས་སྔོན་མེད་


JKT018_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱི་སྦྱོར་བ་ལས། །ཉེ་བར་བྱུང་བའི་སྐལ་བཟང་མཆོག་ཕྱིར་དཔྱོད་ལྡན་སྙིང་ལ་བདུད་རྩིའི་རྦ་རླབས་ཅིར་ཡང་འཕྱུར་བའི་ཆོ་གར་བྱས། །ཇི་ལྟར་འབིགས་བྱེད་རབོའི་ནགས་ཚལ་ལས། །འཕོས་པའི་ལྷོ་ཕྱོགས་རླུང་གི་སིམ་པ་ལྟར། །མཁས་མང་བཀའ་དྲིན་རྫིང་བུར་གསོས་བདག་ཀྱང་། །རྣམ་དཔྱོད་པདྨོའི་འཁྲི་ཤིང་ཅུང་ཟད་དགོད། །དེ་སླད་དཔྱིད་ཀྱི་དཔལ་མོའི་དྲོད་གཤེར་དང་། །ཉི་གཞོན་འོད་རླབས་གཡོ་བས་ཕྱེས་མིན་པའི། །གཞུང་བཟང་ཨུཏྤལ་གཞོན་ནུའི་དོ་ཤལ་ཀྱང་། །སྐྱེས་སྦྱངས་ཤེས་བརྩོན་བརླན་གྱིས་ཕུད་ལ་བསྐྲུན། །གང་ལས་བྱུང་བའི་རྣམ་པར་དཀར་བའི་ཕུལ། །ཀུཎྜ་རཱི་ཀའི་དྲེགས་པ་བསྙིལ་བ་དེས། །ལུས་ཅན་རྨོངས་པའི་གཉིད་ལས་གཡུར་བ་ཀུན། །ཐམས་ཅད་མཁྱེན་པའི་ངལ་གསོ་བསྟེན་པར་ཤོག །ཁྱད་པར་ལེགས་བཤད་སྦྲང་རྩིའི་ཐིག་པ་འདི། །དོན་སཾ གཉེར་རཡིག་གཉིས་པའི་ཚོགས་རྣམས་ཀྱིས། །བཏུངས་ལས་རྣམ་འབྱེད་མཚར་སྡུག་རྫོགས་པའི་མོད། །མཉན་འོས་གླུ་དབྱངས་དར་དིར་ལེན་གྱུར་ཅིག །རྣམ་མང་ཕྱི་ནང་རིག་གཞུང་མཐའ་ཀླས་པའི། །སྣང་བ་སར་པ་སྤྲོ་བའི་མཁས་མང་གིས། །ཤིན་ཏུ་རྩོད་པའི་མུན་སྟུག་ཕམ་བྱས་ཏེ། །ཁོར་ཡུག་རི་བོའི་ཁོངས་ཀུན་མཛེས་པར་ཤོག །མཐར་ཐུག་སྤྲོས་པའི་མཚན་མ་རྒྱུར་བཅས་ཤིན་ཏུ་ཞི་བའི་


JKT018_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སིམ་བཞིན། །རྨད་བྱུང་སྙིང་རྗེའི་གཞན་དབང་ལ་འཆེལ་ཡིད་ཅན་ཁམས་དབང་བསམ་པ་དང་། །རྗེས་སུ་མཐུན་པའི་ཆོས་འཁོར་བསྐོར་ལ་མི་ཕྱེད་ན་དའི་སྒྲ་དབྱངས་ཅན། །གསུང་གི་རྡོ་རྗེའི་རྣམ་ཐར་རྒྱ་མཚོར་འགྲོ་ཀུན་དབུགས་འབྱིན་ཐོབ་གྱུར་ཅིག །དེ་ལྟར་མཆོག་འབྲིང་ཕལ་བར་གྱུར་བའི་ཡུལ་རྣམས་ལ་ཕྲིན་ཡིག་གི་རིམ་པ་ཇི་ལྟར་སྟོབ་པའི་ཚུལ་གྱི་གཏམ་འཕྲོས་དོན་དང་བཅས་པ་ཨུཏྤལ་གཞོན་ནུའི་དོ་ཤལ་ཞེས་བྱ་བ་འདི་ཡང་། བློ་གསལ་ཞིང་དོན་དུ་གཉེར་བ་དག་གིས་ནན་ཏན་ཆེན་པོའི་བཀའ་སྩལ་པ་ལྡོག་ཏུ་མ་ནུས་པར། ཡུལ་དུས་གནས་སྐབས་སོགས་ཀྱི་བརྗོད་བྱ་སྐུལ་བ་པོའི་བཞེད་པ་གཙོ་བོར་བགྱིས་ཏེ། མ་ཧཱ་པཎྜི་ཏ་ཟེ་ཆེན་པའི་བཀའ་དྲིན་ལས་ཐ་སྙད་རིག་པར་སྨྲ་བའི་གྲལ་མཐར་སོན་པའི་བཏགས་མིང་དུ་ཚངས་སྲས་དགྱེས་པའི་བློ་ལྡན་ནམ། གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་དཱ་རི་དྭ་པས་རང་ལོ་བཅོ་བརྒྱད་པར་ཕལ་ཆེར་ཞིག་བྲིས་པ་ལས། །སླད་ནས་ས་གསུམ་ན་འགྲན་ཟླ་དང་བྲལ་བ་རྩོད་པའི་དུས་ཀྱི་ཀུན་མཁྱེན་གཉིས་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་བརྒྱུད་པ་དང་བཅས་པའི་གདན་ས། གཡས་རུ་གཙང་གི་སའི་ཐིག་ལེ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོར་རྫོགས་པར་


JKT018_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་དགེ་བས་འགྲོ་ཀུན་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཀྱི་སྣང་བ་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་མནྟུ།། །།སྐྱེས་མཆོག་ཐུབ་པ་ཆེན་པོ་ཡི། །ཆོ་འཕྲུལ་མཛད་ཆེན་མཆོད་རྟེན་རྒྱལ། །


previousཤོག་ལྷེབ་ ༢༠༡ ནས་ ༢༦༩ བར།next