Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
  collapse section
   
   
དཀོན་མཆོག་གསུམ་བཤད་པ།
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   


 
previousདཀོན་མཆོག་གསུམ་བཤད་པ། next

དཀོན་མཆོག་གསུམ་བཤད་པ།

གཉིས་པ་རྡོ་རྗེའི་གནས་བདུན་རྒྱས་བཤད་ལ་བཞི། རྟོགས་བྱའི་གཞི་དང་། རྟོགས་པའི་བྱང་ཆུབ་དང་། ཡན་ལག་ཡོན་ཏན་དང་། བྱེད་པའི་རྐྱེན་འཕྲིན་ལས་སོ། །དང་པོ་ལ་གཉིས། རྟོགས་བྱའི་འབྲས་བུ་དཀོན་མཆོག་དང་། རྒྱུ་ཁམས་སོ། །དང་པོ་ལ་བཞི་སྟེ། སངས་རྒྱས་དང་། ཆོས་དང་། དགེ་བདུན་དང་། སྐྱབས་གསུམ་ཀྱིས་རྣམ་དབྱེ་བསྟན་པའོ། །དང་པོ་སངས་རྒྱས་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ་མདོར་བསྟན་ནི། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིགས་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང་། །སྣ་ཚོགས་ལྟ་ཐེབས་ཀྱིས་བསྐོར་ཐེ་ཚོམ་རྩིག་པ་འཇིག་འཛད་དེ་ལ་འདུད། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་ཡོན་ཏན་བརྒྱད་དང་ལྡན་པར་བསྟན་པ་དང་། དེའི་བསྒྲུབ་བྱེད་བརྗོད་པའོ། །དང་པོ་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་ཀྱིས་རྟོག་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པ་སངས་རྒྱས་ཉིད། །འདིས་ནི་མདོར་བསྡུ་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་བརྗོད་དོ། །ཡོན་ཏན་བརྒྱད་གང་ཞེ་ན། འདུས་མ་བྱས་པ་ཉིད་དང་། ལྷུན་གྱིས་གྲུབ་པ་དང་། གཞན་རྐྱེན་གྱི་མངོན་པར་རྟོགས་པ་མ་ཡིན་པ་དང་། ཡེ་ཤེས་དང་། ཐུགས་རྗེ་དང་། ནུས་པ་དང་། རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་དོན་ཕུན་སུམ་ཚོགས་པའོ། །གཉིས་པ་དེའི་བསྒྲུབ་བྱེད་བརྗོད་པ་ནི། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱིས་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་ཀྱིས་རྐྱེན་གྱི་རྟོགས་མིན་པ། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤངས་ཕྱིར་རོ། །ཞེས་བྱ་བ་གསུང་སྟེ། དེ་ལ་སངས་རྒྱས་ཉིད་ནི་འདུས་མ་བྱས་པ་སྟེ། ཐོག་མ་སྐྱེ་བ་མེད་པ་དང་། དབུས་སུ་གནས་པ་མེད་པ་དང་། ཐ་མ་འཇིག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ལྷུན་གྱིས་གྲུབ་པ་ཡིན་ཏེ། འབད་རྩོལ་གྱིས་རྣམ་པར་རྟོགས་པ་དང་། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡང་། སངས་རྒྱས་ཀྱི་ཆོས་ཀུན་དང་ལྡན་པའི་སྐུ་ཡིན་པའི་ཕྱིར་རོ། །གཞན་གྱི་སྒྲ་ལ་སོགས་པའི་རྐྱེན་གྱིས་རྟོགས་པ་མིན་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རང་བྱུང་དུ་རྟོགས་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་དང་ལྡན་པ་ཡིན་ཏེ། དེ་ལྟ་བུའི་འདུས་མ་བྱས་པ་ལ་སོགས་པ་རྣམ་པ་གསུམ་རྟོགས་པའི་ཕྱིར། ཐུགས་རྗེ་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་རྟོགས་པར་བྱེད་པའི་ལམ་གཞན་ལ་སྟོན་པའི་ཕྱིར་རོ། །ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། ཡེ་ཤེས་དང་ཐུགས་རྗེ་དེ་ལྟ་བུ་ལ་བརྟེན་ནས་གདུལ་བྱ་རྣམས་ཀྱི་སྡུག་བསྔལ་དང་ཉོན་མོངས་མཐའ་དག་སྤང་བར་མཛད་པའི་ཕྱིར་རོ། །གསུམ་པ་དོན་བསྡུ་ནི། དང་པོ་གསུམ་གྱིས་རང་དོན་ཏེ། ཕྱི་མ་གསུམ་གྱི་གཞན་དོན་ཡིན། །ཞེས་བྱ་བ་གསུང་སྟེ། སངས་རྒྱས་ནི་དོན་གཉིས་ཕུན་སུམ་ཚོགས་པ་སྟེ། རང་དོན་ཕུན་སུམ་ཚོགས་པ་དང་། གཞན་དོན་ཕུན་སུམ་ཚོགས་པའོ། །རང་དོན་ཕུན་སུམ་ཚོགས་པ་ནི་འདུས་མ་བྱས་པ་དང་། ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། རང་རིག་རང་བྱུང་དུ་རྟོགས་པའོ། །གཞན་དོན་ཕུན་སུམ་ཚོགས་པ་ནི། གཞན་དོན་བསྒྲུབ་པའི་མཁྱེན་བརྩེ་ནུས་པ་གསུམ་དང་ལྡན་པའོ། །གཉིས་པ་ཆོས་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་མདོར་བསྟན་ནི། གང་ཞིག་ཡོད་མིན་མེད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུ་ཡང་། བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ། དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང་། སྟོང་དང་རབ་རིམ་རྣམ་པར་འཛོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། ཞེས་བྱ་བ་གསུང་སྟེ། རྟོགས་སྤྱོད་ཡུལ་དུ་བྱས་ནས་བློས་བརྟག་པའི་ཡོད་པ་དང་། མེད་པ་དང་། ཡོད་མེད་གཉིས་ཀ་དང་། དེ་གཉིས་ཀ་མ་ཡིན་པ་སྟེ། མུ་བཞི་གང་དུ་ཡང་མ་དམིགས་ཏེ། མིང་ཚིག་ཡི་གེས་བརྗོད་དུ་མེད་པའི་ཕྱིར་ཏེ། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པ་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ། ཅི་ལྟ་ཅི་སྙེད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། དམིགས་པའི་ཡུལ་ཐམས་ཅད་ལ། ཆགས་པ་དང་། སྡང་བ་དང་། འཁྲུལ་པའི་གཏི་མུག་མཐའ་དག་སེལ་བར་བྱེད་པ་ཉི་མ་ལྟ་བུའོ། །གཉིས་པ་རྒྱས་བཤད་ནི། བསམ་མེད་གཉིས་མེད་རྟོག་མེད་པ། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་བྱ་བ་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། བསམ་དུ་མེད་པ་དང་། གཉིས་སུ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། དག་པ་དང་། མངོན་པར་གསལ་བར་བྱེད་པ་དང་། གཉེན་པོའི་ཕྱོགས་ཉིད་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བའི་རྒྱུའོ། །ཆགས་བྲལ་ཉིད་ནི་འགོག་པ་དང་། ལམ་གྱིས་བདེན་པ་དག་གིས་བསྡུས། །གོ་རིམ་ཅི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིགས་བྱ། །ཞེས་བྱ་བ་གསུང་སྟེ། གང་འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་དང་། གང་གི་འདོད་ཆགས་དང་བྲལ་བའི་རྒྱུ་ལམ་གྱིས་བདེན་པ་སྟེ། དེ་གཉིས་ནི་ཆོས་དཀོན་མཆོག་ཡིན་ནོ། །དེ་ལ་འགོག་པའི་བདེན་པ་ནི། ཡོན་ཏན་གསུམ་དང་ལྡན་པ་སྟེ། བསམ་དུ་མེད་པ་དང་། གཉིས་སུ་མེད་པ་དང་། རྣམ་པར་རྟོག་པ་མེད་པའོ། །ལམ་ཀྱིས་བདེན་པ འང་ཡོན་ཏན་གསུམ་དང་ལྡན་པ་སྟེ། དག་པ་དང་། གསལ་བ་དང་། གཉེན་པོའི་ཕྱོགས་ཉིད་དོ། །དེ་དག་གི་རྒྱུ་མཚན་རྒྱས་པར་བཤད་པ་ནི། བརྟགས་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །འགོག་པའི་བདེན་པ་ཆོས་ཀྱིས་སྐུ་དེ་ནི། བསམ་དུ་མེད་པ་སྟེ། རྣམ་རྟོགས་གིས་བརྟག་བྱ་མིན་པའི་ཕྱིར་དང་། སྒྲ་ཚིགས་གིས་བརྗོད་དུ་མེད་པའི་ཕྱིར་དང་། འཕགས་པ་འབའ་ཞིག་གིས་མཁྱེན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཞི་བ་ཆོས་ཀྱི་སྐུ་དེ་ལས་དང་ཉོན་མོངས་པ་གཉིས་བྱེད་པ་དང་། ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མེད་པ་ཉིད་དེ་དག་སོགས་གསུམ་པོ་དེ་ནི་ཉི་མ་དང་ཆོས་མཚུངས་སོ། །དེ་ཡང་ཅི་སྐད་དུ། ཐོགས་འགྲེལ་ལས། དེ་ལ་གཉིས་ནི་ལས་དང་ཉོན་མོངས་པ་ལ་བརྗོད་ལ། རྣམ་པར་རྟོག་པ་ནི་ལས་དང་ཉོན་མོངས་པ་ཀུན་འབྱུང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྗོད་དོ། །དེ་རང་བཞིན་ཀྱིས་འགག་པར་སོ་སོར་རིག་པའི་ཕྱིར་རྣམ་པར་རྟོག་པ་དང་། ལས་གཉིས་ཀུན་ཏུ་སྤྱོད་པ་མེད་པའི་ཚུལ་ཀྱིས་སྡུག་བསྔལ་གཏན་འབྱུང་བ་མེད་པ་གང་ཡིན་པ་འདི་ནི་སྡུག་བསྔལ་འགོག་པའི་བདེན་པ་ཞེས་བྱའོ། །ཆོས་འགའ་ཞིག་ཞིག་པའི་ཕྱིར་ནི། སྡུག་བསྔལ་འགོག་པའི་བདེན་པར་མ་བསྟན་ཏེ། ཞེས་གསུངས་སོ། །སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་། སྒོམ་པའི་ལམ་ནི་ཆོས་མཐུན་པ་རྣམ་པ་གསུམ་ཀྱིས་ཉི་མ་དང་འདྲ་བར་རིགས་པར་བྱ་སྟེ། དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཐུན་པ་ནི། ཉེ་བའི་ཉོན་མོངས་པ་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གཟུགས་གསལ་བར་བྱེད་པ་དང་ཆོས་མཐུན་པ་ནི། ཤེས་བྱ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་སྣང་བར་བྱེད་པའི་ཕྱིར་རོ། །མུན་པའི་གཉེན་པོར་ཆོས་མཐུན་པ་ནི་དེ་ཁོ་ན་ཉིད་མཐོང་བའི་གེགས་ཀྱིས་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་བའི་ཕྱིར་རོ། །གསུམ་པ་དགེ་འདུན་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་མདོར་བསྟན་ནི། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལས། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཟིགས་མངའ་དེ་ལ་འདུད། །གཉིས་པ་རྒྱས་བཤད་ནི། ཇི་ལྟ་ཇི་སྙེད་ནང་གིས་ནི། །ཡེ་ཤེས་གཟིག་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །དེ་ཡང་དགེ་འདུན་དཀོན་མཆོག་ནི། རིག་གྲོལ་ཀྱི་ཡོན་ཏན་གཉིས་དང་ལྡན་པའོ། །དེ་ལ་དབྱེ་ན། ཉན་ཐོས་འཕགས་པ་དང་། རང་རྒྱལ་འཕགས་པ་དང་། ཐེག་ཆེན་འཕགས་པ་གསུམ། ཉན་ཐོས་ལ་དབྱེ་ན། སྐྱེས་བུ་ཟུང་བཞིའམ། གང་ཟག་ཡ་བརྒྱད། སྐྱེས་བུ་ཟུང་བཞི་ནི། རྒྱུན་ཞུགས་ཞུགས་པ་དང་རྒྱུན་ཞུགས་འབྲས་གནས་གཉིས། ཕྱིར་འོང་ཞུགས་པ་དང་ཕྱིར་འོང་འབྲས་གནས་གཉིས། ཕྱིར་མི་འོང་ཞུགས་པ་དང་ཕྱིར་མི་འོང་འབྲས་གནས་གཉིས། དགྲ་བཅོམ་ཞུགས་པ་དང་དགྲ་བཅོམ་འབྲས་གནས་གཉིས་ཏེ། ཟུང་བཞི་དེ་དག་སོ་སོར་བསྒྲང་བས་གང་ཟག་ཡ་བརྒྱད་དོ། །རང་རྒྱལ་ལ་དབྱེ་ན། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས། ཚོགས་སྤྱོད་ལ་དབྱེ་ན། ཚོགས་སྤྱོད་ཆུང་ངུ་དང་། ཚོགས་སྤྱོད་ཆེན་པོ་གཉིས་རྣམས་ཡོད་དོ། །ཐེག་ཆེན་འཕགས་པ་ལ་དབྱེ་ན། བྱང་སེམས་འཕགས་པ་དང་། སངས་རྒྱས་འཕགས་པ་གཉིས། བྱང་སེམས་འཕགས་པ་ལ་དབྱེ་ན། ས་དང་པོ་བ་དང་། ས་གཉིས་བ་ལ་སོགས། ས་བཅུ་པ་རྣམས་སོ། །ཐེག་པ་གསུམ་གྱི་ཚོགས་ལམ་བ་དང་སྦྱོར་ལམ་པ་རྣམས་ནི་སོ་སོའི་སྐྱེ་བོ་ཡིན་པས། འཕགས་པའི་དགེ་འདུན་དུ་མི་བསྒྲང་ངོ། །དེ་ལ་རིག་པའི་ཡོན་ཏན་ནི། བདེན་པ་མཐོང་བའོ། །གྲོལ་བའི་ཡོན་ཏན་ནི་བསྒྲིབ་པ་ལས་གྲོལ་བའོ། །འདིར་ཐེག་པ་ཆེན་པོའི་དགེ་འདུན་ཀྱི་དབང་དུ་བྱས་ནས། རིག་པའི་ཡོན་ཏན་ལ་ཆོས་ཉིད་ཇི་ལྟར་གཟིགས་པ་དང་། ཆོས་ཅན་ཇི་སྙེད་པ་གཟིགས་པ་སྟེ། དེ་གཉིས་ཀ་ཡང་རང་གི་སོ་སོ་རང་རིག་པའི་ཡེ་ཤེས་ལ་བཞག་གོ །དེ་ལ་ཆོས་ཉིད་ཇི་ལྟ་བ་གཟིགས་བའི་དབང་དུ་བྱས་ནས་བཤད་པ། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟར་ཉིད་དེ་ཡང་། རང་བཞིན་གྱིས་ནི་ཡང་དག་ཕྱིར། ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་ཆོས་ཉིད་གདོད་མ་ནས་ཞི་བ། རང་བཞིན་གྱི་ཡོངས་སུ་དག་པ། བདེ་གཤེགས་སྙིང་པོ་ཡོད་པ་དང་། འཁྲུལ་སྣང་གློ་བུར་གྱིས་ཉོན་མོངས་པ་རྣམས་ནི། རྨི་ལམ་དང་སྒྱུ་མ་བཞིན་གདོད་མ་ནས་མེད་པར་གཟིགས་པའོ། །ཆོས་ཅན་ཇི་སྙེད་མཁྱེན་བའི་དབང་དུ་བྱས་ནས་བཤད་པ། ཤེས་བྱ་མཐར་ཐུག་རྟོགས་པའི་བློས། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། སེམས་ཅན་ཐམས་ཅད་ལ་ཡོད་པ། མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། ཞེས་བྱ་བ་གསུངས་ཏེ། ཤེས་བྱ་མུ་དང་མཐའ་མེད་པ་རྟོགས་ཤིང་། དེ་ཡང་ཐམས་ཅད་མཁྱེན་པའི་ཆོས་ཉིད། བདེ་གཤེགས་སྙིང་པོ། སེམས་ཅན་ཐམས་ཅད་ལ་ཡོད་པར་གཟིགས་པའོ། །རྟོགས་པ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། །ཐེག་ཆེན་འཕགས་པ་རྣམས་ཀྱི་རྟོགས་པ་དེ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཉེ་ཚེ་བའི་ཡེ་ཤེས་ཀྱིས། མཐོང་བ་ལ་ལྟོས་ནས། ཁྱད་པར་དུ་འཕགས་པའི་ཡིན་ཏེ། ཉོན་མོངས་པའི་བསྒྲིབས་པས་ཆགས་པ་མེད་པའི་ཕྱིར་དང་། ཤེས་བྱའི་བསྒྲིབས་པས་ཐོགས་པ་མེད་པའི་ཕྱིར་རོ། །འཕགས་པ་ཕྱིར་མི་ལྡོག་པ། ས་དང་པོ་ཡན་ཆད་ལ་གནས་པ་རྣམས་ནི། ཡེ་ཤེས་གཟིགས་པ་དེ་ལྟ་བུ་དང་ལྡན་པས་ན། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་ཉེ་བའི་ཕྱིར། ལུས་ཅན་ཀུན་གྱིས་སྐྱབས་ཡིན་ནོ། །དེ་ལ་དགོངས་ནས་འདིར། ཡེ་ཤེས་གཟིགས་པ་དག་པ་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་བཤད་དོ། །བཞི་པ་སྐྱབས་གསུམ་ཀྱི་རྣམ་དབྱེ་བསྟན་པ་ལ། སྐྱབས་གསུམ་དུ་བཞག་པའི་རྒྱུ་མཚན། ཆོས་དང་དགེ་འདུན་གཉིས། མཐར་ཐུག་གི་སྐྱབས་མ་ཡིན་པར་བསྟན་པ། མཐར་ཐུག་གི་སྐྱབས་དངོས་བསྟན་པ། དཀོན་མཆོག་གི་སྒྲ་དོན་བཤད་པའོ། །དེ་ལ་དང་པོ་ནི། སྟོན་པའི་བསྟན་པ་སློབ་དོན་དུ། །ཐེག་གསུམ་པ་དང་བྱེད་གསུམ་པ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། ཞེས་བྱ་བ་གསུང་སྟེ། སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ་སངས་རྒྱས་ཀྱི་ངོ་བོ་ཉིད་དོན་དུ་གཉེར་བར་ཞུགས་པ་བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་དང་། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། སངས་རྒྱས་ནི་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་བཞག་གོ །སྟོན་པའི་བསྟན་པ་ཡོན་ཏན་བསྟན་པའི་དོན་དུ་རང་ཉིད་རྟེན་འབྲེལ་ཀྱི་ཆོས་ཟབ་མོ་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པ། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་དང་ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། ཆོས་ནི་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་བཞག་གོ །སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་པའི་སློབ་མའི། །ཡོན་ཏན་བསྟན་པའི་དོན་དུ་གཞན་ལས་ཐོས་པའི་སྒྲ་རྗེས་སུ་རྟོགས་པའི་ཕྱིར། ཞུགས་པའི་ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པ་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། དགེ་འདུན་ནི་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་བཞག་གོ །གཉིས་པ་ཆོས་དང་དགེ་འདུན་གཉིས་མཐར་ཐུག་གི་སྐྱབས་མ་ཡིན་པར་བསྟན་པ་ནི། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་ཀྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་བྱ་བ་གསུང་སྟེ། དེ་ཡང་བསྟན་པ་ལུང་གིས་ཆོས་དང་། བསྒྲུབ་པ་རྟོགས་པའི་ཆོས་གཉིས་ལ། ལུང་ནི་མདོ་མདོ་སྡེ་དབྱངས་སྙད་ལུང་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའོ། །མཆན། ལ་སོགས་པ་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་བསྡུས་པའོ། །དེ་དག་ཀྱང་ལམ་མངོན་པར་རྟོགས་པའི་མཐར་ཐུག་པའི་ཚེ། གཟིངས་ལྟ་བུར་སྤང་བར་བྱ་བ་ཡིན་ནོ། །རྟོགས་པའི་ཆོས་ནི། རྒྱུ་ལམ་ཀྱིས་བདེན་པ་དང་། འབྲས་བུ་འགོག་པའི་བདེན་པ་གཉིས། དེ་ལ་ལམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་རྟོགས་ལ། འདུས་བྱས་གང་ཡིན་པ་དེ་ནི་མི་བདེན་པ། མི་རྟག་པ། རྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། རྟེན་གྱི་སྐྱབས་གནས་མ་ཡིན་ནོ། །འགོག་པའང་། ཉན་ཐོས་ཀྱི་ཚུལ་གྱི་མར་མེའི་རྒྱུན་ཆད་པ་བཞིན་དུ་ཉོན་མོངས་པ་དང་སྡུག་བསྔལ་མེད་པ་ཙམ་ཀྱིས་རབ་ཏུ་ཕྱེ་ལ། མེད་པ་ནི་སྐྱབས་སམ། སྐྱབས་མ་ཡིན་པར་འོས་པ་མ་ཡིན་ནོ། །ཐེག་པ་གསུམ་ཀྱི་དགེ་འདུན་རྣམས་ཀྱང་། རྟག་ཏུ་འཁོར་བའི་འཇིགས་པ་དང་བཅས་པའི་ཕྱིར་རྟེན་གྱིས་སྐྱབས་མ་ཡིན་ནོ། །འཁོར་བ་སྤངས་པའི་དགྲ་བཅོམ་པ་རྣམས་ཀྱང་། ཉོན་མོངས་པའི་བག་ཆགས་མ་སྤངས་པའི་ཕྱིར། ལས་ཀྱི་འདུ་བྱེད་ཐམས་ཅད་ལ་མི་བཟད་པར་འཇིགས་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རལ་གྲི་གདེང་བའི། གཤེད་མའི་སྐྱེས་བུ་ལ་བྱ་བ་བཞིན་ཏེ། དེ་ན་དེ་དག་ཀྱང་གཏན་དུ་བདེ་བའི་ངེས་པར་འབྱུང་བ། ཐོབ་པ་མ་ཡིན་ནོ། །དེ་དག་ཀྱང་། འཇིག་པ་མེད་པ་ཁྱུ་མཆོག་གི་གནས་ཐོབ་པར་བྱ་བའི་ཕྱིར། ཞུགས་པར་འགྱུར་བ་ཡིན་ཏེ། །འདི་ལྟ་སྟེ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལའོ། །དེའི་ཕྱིར་དེ་ཡང་ཡང་དག་པའི་སྐྱབས་ཚོལ་བ་ཡིན་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་ནོ། །གསུམ་པ་མཐར་ཐུག་གི་སྐྱབས་དངོས་བསྟན་པ་ནི། དམ་པའི་དོན་དུ་འགྲོ་བ་ཡི། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ཚོགས་ཀྱང་དེའི་མཐར་ཐུག་ཡིན། ཞེས་བྱ་བ་གསུང་སྟེ། །དོན་དམ་པའི་སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ། སྐྱེ་འགག་མེད་པའི་ཐུབ་པ་འགོག་ལམ་བདེན་པ་གཉིས་ཀྱི་མཚན་ཉིད། འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཐེག་པ་གསུམ་གྱི་ཆོས་ཀྱི་སྐུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པས་འགྱུར་བའི་ཕྱིར་ན། སྐྱོབ་པ་མེད་ཅིང་སྐྱབས་མེད་པའི་འཇིག་རྟེན་ན། ཕྱི་མི་མཐའ་ཡི་མུ་དང་མཉམ་པར་མི་ཟད་པའི་སྐྱབས་རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དོན་དམ་པའི་སྐྱབས་ནི་སངས་རྒྱས་གཅིག་པུ་ཉིད་དོ། །བཞི་པ་དཀོན་མཆོག་གི་སྒྲ་དོན་བཤད་པ་ནི། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱིས། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། ཞེས་བྱ་བ་གསུངས་སྟེ། དཀོན་མཆོག་གསུམ་པོ་འདི་རིན་པོ་ཆེ་དང་འདྲ་བ་བརྗོད་དེ། དེའང་འབྱུང་བ་དཀོན་པ་ནི། བསྐལ་པ་མང་པོར་ཡང་དགེ་བའི་རྩ་བ་མ་བསག་པ་རྣམས་དེ་དག་དང་འཕྲད་བ་མི་འཐོབ་པའི་ཕྱིར་རོ། །དྲི་མ་མེད་པ་ནི། རྣམ་པ་ཐམས་ཅད་དུ་འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །མཐུ་དང་ལྡན་པ་ནི། མངོན་པར་ཤེས་པ་དྲུག་ལ་སོགས་པ་ཡོན་ཏན་གྱིས་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་གྱིས་རྒྱན་དུ་གྱུར་པ་ནི། འགྲོ་བ་ཐམས་ཅད་ཀྱིས་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡིད་བཞིན་གྱིས་ནོར་བུ་རིན་པོ་ཆེ་ནི་རིན་པོ་ཆེ་བཅོས་མ་ཐམས་ཅད་ལས་མཆོག་ཡིན་པ་བཞིན། དཀོན་མཆོག་གསུམ་ཡང་། རྐང་གཉིས་དམ་པ་རྣམས་ཀྱི་མཆོག་དང་། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དང་། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །གཞན་དུ་མི་འགྱུར་བ་ནི། བསྟོད་སྨད་ལ་སོགས་པའི་རྐྱེན་གྱི་རྣམ་པར་མི་འགྱུར་བ་སྟེ་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོགས་བྱའི་འབྲས་བུ་དཀོན་མཆོག་བཤད་ནས།། ༈ །།


previousདཀོན་མཆོག་གསུམ་བཤད་པ། next