Nitartha Digital Library
Tibetan
 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


KMC011_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཞེས་གསུངས་ཏེ། སྒྲ་ཇི་བཞིན་པ་ནི་སྤྱོད་པ་བྱེད་པའི་རྒྱན་དེ་རྣམས་ལས། སྤྱི་གཙུག་གི་འཁོར་ལོའི་གཟུགས་ཀྱིས་བརྒྱན་པ་ནི་མི་བསྐྱོད་པ་བྱང་ཆུབ་སེམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམ་པར་དག་པ་དང་། རྣ་ཆའི་བདག་ཉིད་སྲིད་པ་གསུམ་ལ་ཆགས་པ་དག་པ་འོད་དཔག་མེད་དང་། མགུལ་གྱི་ཕྲེང་བ་རོ་དྲུག་གི་བཟའ་བཏུང་གིས་འགྲོ་བ་འདུལ་བ་དག་པ་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་དང་། ལག་པར་འགྲོ་དོན་གྱི་བྱ་བ་ལ་འཇུག་པ་དག་པ་རྣམ་པར་སྣང་མཛད་དུ་བརྗོད་པ་དང་། སྐ་རགས་ལ་ནི་ཐོགས་པ་མེད་པའི་རླུང་གིས་འགྲོ་བ་འདུལ་བ་དོན་ཡོད་གྲུབ་པའི་དག་པ་གནས་སོ། །ངེས་པའི་དོན་ནི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོའི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་མི་བསྐྱོད་པ་སྟེ། དེར་ཐིག་ལེ་མི་གཡོ་བར་བརྟན་པའོ། །རྣ་ཆ་འོད་དཔག་མེད་ནི། བྱང་ཆུབ་ཀྱི་སེམས་དཀར་བ་འཆིང་བའི་འོད་དང་ལྡན་པས་ན་གཏུམ་མོའི་མེའོ། །མགུལ་ཕྲེང་རིན་ཆེན་བདག་ནི། བྱང་ཆུབ་ཀྱི་སེམས་ཀྱི་གནད་མགྲིན་པར་འཆིང་བའོ། །ལག་གདུབ་རྣམ་སྣང་ནི། ལུས་ཀྱི་ཡན་ལག་གི་རླུང་འཆིང་


KMC011_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །སྐ་རགས་དོན་ཡོད་ནི། ཐུར་སེལ་རབ་ཏུ་བཅིངས་པས་དོན་ཡོད་པར་གྲུབ་པ་སྟེ། འདི་རྣམས་ནི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་རིམ་པར་འགྲེལ་ཆེན་ལས་རྒྱས་པར་འབྱུང་ངོ་། །རིམ་པ་འདི་རྣམས་ཕྱི་རོལ་དུ་ནི་གར་དང་ནང་དུ་རླུང་དང་འཁྲུལ་འཁོར་གྱི་གནད་དང་དེ་ཁོ་ན་ཉིད་ལ་ཡེ་ཤེས་ཀྱི་རྒྱས་གདབ་ཏུ་རིག་པར་བྱའོ། །གཉིས་པ་ནི། ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ་ཉིད། །ཅེས་གསུངས་ཏེ། སྤྱོད་པའི་དུས་སུ་ཁྱེར་བའི་ཁ་ཊྭཱཾ་གའི་གཟུགས་ནི་སྟོང་ཉིད་ཤེས་རབ་ཀྱི་ཆ་བདག་མེད་མ་མཚོན་ཅིང་དེའི་རྣམ་པར་དག་པ་ཡིན་ལ། ཐབས་སྙིང་རྗེ་ཉིད་ཀྱི་གཟུགས་ཀྱིས་དག་པའང་ཅང་ཏེའུའི་རྣམ་པ་ཉིད་ཀྱིས་མཚོན་ཅིང་བདེ་བ་ཆེན་པོའི་སྒྲ་སྒྲོག་པ་ཡིན་ཏེ། དེ་གཉིས་རྟག་ཏུ་འཆང་བས་ཤེས་རབ་དང་ཐབས་དབྱེར་མེད་པའི་སྦྱོར་བར་རིག་པར་བྱའོ། །དེ་དག་གི་རྣམ་དག་ནི་ངེས་དོན་ནོ། །དྲུག་པ་ནི། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །ཞེས་གསུངས་ཏེ། ལྷའི་རྣལ་འབྱོར་དང་ལྡན་པས་དེ་རྣམས་སྤྱད་དོ་ཞེས་བསྟན་པའི་ཕྱིར། ཞེ་སྡང་རྣམ་པར་དག་པ་དཔལ་ཧེ་རུ་ཀའི་རང་བཞིན་དུ་སྤྱད་པ་སྤྱོད་


KMC011_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་པས་རྒྱན་སོགས་དེ་རྣམས་སྤྱད་པར་བྱའོ་ཞེས་རྐང་པ་གཅིག་གསུངས་སོ། །ངེས་དོན་དུ། ལྷན་སྐྱེས་ཀྱི་ཡེ་ཤེས་ནི་བདེ་སྟོང་གཅིག་ཏུ་གྱུར་པས་ཞེ་སྡང་དག་པའི་བདག་ཉིད་དོ། གསུམ་པ་སྤྲོས་མེད་ཀྱི་སྤྱོད་པ་ལ་བཞི། གླུ་གར་དགོས་པ་དང་བཅས་པ། བཟའ་བཏུང་། རྒྱན་གྱི་ངེས་པ། ལག་ཆ་དགོས་པ་དང་བཅས་པའོ། །དང་པོ་ནི། གླུ་ནི་རྣམ་དག་སྔགས་སུ་གནས། །གར་ནི་བསྒོམ་པ་བྱས་པ་ཉིད། །དེ་ཡི་ཕྱིར་ན་གླུ་དང་གར། །ཡོ་གིས་རྟག་ཏུ་རྟག་ཏུ་བྱེད། །ཅེས་གསུངས་ཏེ། ལྷའི་རྣལ་འབྱོར་དང་ལྡན་པའི་སྤྱོད་པ་པོ་དེ་ལ། གླུ་ནི་རྣམ་རྟོག་ལས་ཡིད་སྐྱོབ་པར་བྱེད་པའི་ངེས་ཚིག་དང་ལྡན་པ་སངས་རྒྱས་རྣམས་བསྐུལ་བས་རྣམ་པར་དག་པ་གཞོམ་དུ་མེད་པའི་སྒྲའི་སྔགས་སུ་གནས་ལ། གར་ནི་སྣ་ཚོགས་པའི་ལྷའི་གཟུགས་ཀྱི་བསམ་གཏན་ཏེ། ཡེ་ཤེས་ཀྱི་འཁོར་ལོ་སྤྲོ་བ་དང་བསྡུ་བ་བསྒོམ་པར་བྱ་བ་ཉིད་དོ། །ཡང་ན། གླུ་གསུང་རྡོ་རྗེ། གར་སྐུ་རྡོ་རྗེ། དེ་གཉིས་ཟུང་དུ་འཇུག་པ་རྟོགས་པ་ཐུགས་རྡོ་རྗེ་སྟེ། རྡོ་རྗེ་གསུམ་དབྱེར་མེད་དུ་གྱུར་པ་དེའི་ཕྱིར་ན་དེ་ལྟ་བུའི་གླུ་དང་གར། ཡོ་གི་སྟེ་རྣལ་འབྱོར་ཅན་ལམ་ལ་


KMC011_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པས་དུས་རྟག་ཏུ་སྟེ་ལན་གཉིས་བཟླས་པས་རྒྱུན་མི་འཆད་པར་བྱེད་པར་བསྟན་པའོ། །སྦས་དོན་དུ། སྲོག་རྩོལ་ནི་མཚན་རྟོག་ལས་ཡིད་སྐྱོབ་ཅིང་གཏུམ་མོ་བསྐུལ་བས་གླུ་དང་སྔགས་སུ་གསུངས་ལ། བྱང་སེམས་ནི་རྟག་ཏུ་བདེ་ཆེན་གྱི་འདོད་པར་གཡོ་ཞིང་རོལ་པས་ན་གར་ལྷའི་ཚུལ་སྒོམ་པར་གསུངས་སོ། །གཉིས་པ་ནི། སྨན་ནི་རྣམ་པར་བཟའ་བ་སྟེ། །ཆུ་ནི་རྟག་པར་བཏུང་བ་ཉིད། །རྒ་ཤིས་ཟིལ་གྱིས་མི་ནོན་ཅིང་། །རྟག་ཏུ་བསྲུང་བར་འགྱུར་བ་ཡིན། །ཅེས་གསུངས་ཏེ། སྔར་བཤད་པའི་བཟའ་བཏུང་བྱེད་པར་བསྟན་པའི་ཕྱིར། སྨན་ནི་བདུད་རྩི་ལྔ་གའམ་དྲི་ཆེན་རྣམ་པར་དུས་ཐམས་ཅད་དུ་བཟའ་བ་སྟེ། རང་བཞིན་གྱིས་གྲུབ་པའི་སྨན་ཡིན་པས་སོ། །དྲི་ཆུ་བར་པ་ནི་རྟག་པར་བཏུང་བ་ཉིད་དེ། དེས་རྒ་བས་ལུས་ཀྱི་ཟུང་སྟོབས་ཉམས་པར་མི་འགྱུར་བ་དང་། སྲོག་འགག་པའི་ཤི་བ་ལས་རིང་དུ་གནས་པས་དེ་དག་གི་ཟིལ་གྱིས་མི་ནོན་ཅིང་། རྟག་ཏུ་ནད་དང་། གདོན་ཐམས་ཅད་ལས་ཀྱང་བསྲུང་བར་འགྱུར་བ་ཡིན་ནོ། །ངེས་དོན་ནི། སྨན་ནི་བདུད་རྩི་ལྔའི་དྭངས་མ། ཆུ་བྱང་ཆུབ་ཀྱི་སེམས། བསྟེན་པ་འཛག་མེད་དུ་འཆིང་བ།


KMC011_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དེས་གཡས་གཡོན་གྱི་རླུང་གི་འཇུག་པ་ཆད་ནས་དབུ་མར་ཞུགས་པས་རྒ་ཤི་འགོག་པར་བྱེད་དོ་ཞེས་པའོ། །གསུམ་པ་ནི། རྐུན་མའི་སྐྲ་ལས་ཅོད་པན་བྱས། །དེ་ལ་ཧཱུྃ་བྱུང་སྦྱར་བར་བྱ། །སངས་རྒྱས་ལྔ་ཡི་ཐོད་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན། །ཐོད་པ་སོར་ལྔ་པ་ཡི་ཚད། །བྱས་པས་ཅོན་པན་འཛིན་པར་བྱེད། །ཐབས་དང་ཤེས་རབ་རང་བཞིན་ལས། །སྐྲ་ཡི་སྐ་རགས་ཉིས་སྐོར་ཉིད། །ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །རྣལ་འབྱོར་པ་ཡི་སྤྱོད་པས་འཛིན། །ཅེས་གསུངས་ཏེ། སྤྱོད་པའི་རྣལ་འབྱོར་ཅན་དེས་རུས་པའི་རྒྱན་འཛིན་པའི་ཐག་པ་ཡང་། རྐུན་མ་བསད་པའམ་འགགས་ཏེ་ཤི་བའི་སྐྲའི་སྲད་བུ་ལ་དབུ་ཡི་ཅོད་པན་རལ་པའི་ཐོར་ཅོག་རྩེར་ནོར་བུ་བཅིངས་པར་བྱས་ལ། དེ་ལ་ཧཱུྃ་ལས་བྱུང་བའི་རུས་པའི་འཁོར་ལོ་སྦྱར་བར་བྱའོ། །དེ་ལས་ཅུང་ཟད་དམའ་བའི་འོག་ཏུ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་བཏགས་ཏེ། དེའི་འོག་ཏུ་སྐྲ་མཚམས་ལས་ཅུང་ཟད་འཕགས་པར་སངས་རྒྱས་རིགས་ལྔ་མཚོན་པའི་རྣམ་དག་ཐོད་པ་ལྔ་པོ་རྣམས་རྣལ་འབྱོར་པའི་སྤྱོད་པས་རྣམ་པར་འཛིན་པར་བྱའོ། །སངས་རྒྱས་


KMC011_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེའང་ཡེ་ཤེས་ལྔ་ལྔ་དང་ལྡན་པའི་བརྡར་ཐོད་པ་ལྔ་པོ་རེ་རེའང་ཆེ་ཆུང་སོར་ལྔ་པའི་ཚད་དུ་བྱས་པས་དཔྲལ་བར་ཅོད་པན་དང་བཅས་པ་བརྒྱན་ཅིང་འཛིན་པར་བྱེད་ལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་རྣམ་པར་དག་པ་ལས་རྐུན་མའི་སྐྲའི་སྲད་བུའི་སྐེ་རགས་འཁོར་གཉིས་ཀྱིས་བསྐོར་བ་ཉིད་དུ་བྱས་ཏེ་རྡོར་སེམས་ཀྱི་དག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་མིའི་རུས་པའི་ཐལ་བས་བྱུགས་ནས། ཡུམ་གྱི་དག་པ་རྐུན་མའི་སྐྲའི་སྐུད་པས་བརྒྱུས་པའི་མཆོད་ཕྱིར་ཐོགས་ཏེ་ཚངས་སྐུད་ཀྱི་དོ་ཤལ་རྣལ་འབྱོར་པའི་སྤྱོད་པ་བྱེད་པས་འཛིན་པར་བྱའོ། །སྦས་དོན་ནི། ཅོད་པན་ནི་རྩ་རླུང་ལས་བྱུང་བའི་བདེ་བ། ཧཱུྃ་བྱུང་ནི་སྤྱི་བོའི་ཧཾ་ཡིགཐོད་པ་ལྔ་ནི་རླུང་ལྔ་རྣམ་པར་དག་པ། སྐྲའི་སྐ་རགས་བྱང་སེམས་དཀར་དམར། ཐལ་བ་ལུས་བྱང་སེམས་ཀྱིས་ཁྱབ་པ། མཆོད་ཕྱིར་ཐོགས་འོད་གསལ་རྟོག་མེད་ཀྱི་དོན་ཡིན་ལ། མཐར་ཐུག་གི་ངེས་དོན་བཤད་མ་ཐག་པའི་རྣམ་དག་རྣམས་སོ། །བཞི་པ་ནི། ཅང་ཏེའུ་སྒྲ་ནི་བཟླས་པ་སྟེ། །ཁ་ཊྭཱྃ་ག་སྒོམ་ཤེས་རབ་ཉིད། །རྡོ་རྗེ་ཐོད་པའི་སྤྱོད་པ་ཡིས། །འདི་དག་བཟླས་དང་སྒོམ་པ་ཡིན། །ཞེས་གསུངས་ཏེ།


KMC011_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་པའི་ཁ་ཊྭཱཾ་ག་ལ་སོགས་པའི་ངེས་པའི་དོན་ནི་འདིར་གསུངས་པ་ཡིན་ཏེ། ཅང་ཏེའུའི་སྒྲ་ནི། ཀྲྀ་པ་ཏིའི་སྒྲས་ཚིམ་པར་བྱེད་པར་འགྱུར་བས་བདེ་བ་ཆེན་པོས་འཇིག་རྟེན་གསུམ་དབུགས་འབྱིན་པའི་བཟླས་པ་ཡིན་ཏེ་ཐབས་ཀྱི་རང་བཞིན་ནོ། །ཁ་ཊྭཱཾ་ག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མཚོན་བྱེད་ཡིན་པས། གཉིས་མེད་ཀྱི་ཡེ་ཤེས་བསྒོམ་པའི་དོན་ཉིད་དེ། དེ་གཉིས་ཀྱི་ངོ་བོ་ནི། རྡོ་རྗེ་སྟོང་པ་དང་ཐོད་པ་བདེ་བ་སྐྱོང་བ་ཡིན་པས་བདེ་སྟོང་དབྱེར་མེད་པའི་སྤྱོད་པ་ཡིས་ཁ་ཊྭཱཾ་ག་དང་ཅང་ཏེའུ་འདི་གཉིས་པོ་དག་ནི་བཟླས་པ་དང་སྒོམ་པའི་དོན་ཡིན་ནོ། །སངས་རྒྱས་ཐོད་པ་ལས་ཀྱང་། རྡོ་རྗེ་སངས་རྒྱས་ཞེས་གསུངས་ཏེ། །ཐོད་པ་གསང་བར་ཡང་དག་གནས། །ཞེས་སོ། །དེ་ལྟར་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སྤྱོད་པས་སྤྲོས་པ་མེད་པ་ལ་གནས་པར་འགྱུར་རོ། །བཞི་པ་དམ་ཚིག་དང་སྡོམ་པ་ལས་མི་འདའ་བའི་སྤྱོད་པ་ལ་བདུན། ཕྱིན་ཅི་ལོག་སྤང་བ། སྤྱོད་པའི་སྔོན་འགྲོ། རྟོག་བྲལ་གྱི་སྤྱོད་པ། དངོས་གྲུབ་ཀྱི་རྒྱུ་བླ་མ་ལ་ཕྱག་འཚལ་བ། ལས་ཀྱི་དམ་ཚིག་ལས་གྲོལ་བར་བསྟན་པ། འཇིགས་བྲལ་གྱི་སྤྱོད་པ། སྙིང་རྗེ་ཆེན་པོའི་


KMC011_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའོ། །དང་པོ་ནི། བརྐམ་དང་རྨོངས་དང་འཇིགས་དང་ཁྲོ། །ངོ་ཚའི་འབྲས་བུ་རྣམ་པར་སྤངས། །བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། །ཞེས་གསུངས་ཏེ། བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་པར་རྩོམ་པའི་རྣལ་འབྱོར་དྲོད་ཆུང་ངུའི་དབྱེ་བ་རྣམ་པ་གསུམ་ཙམ་ལས་མ་ཐོབ་པ་དེས། ཕྱི་དང་ནང་གི་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ལ་བརྐམ་ཆགས་ཀྱི་ཞེན་པ་ཆེ་བ་དང་། བདེ་སྡུག་བཏང་སྙོམས་པའི་ཡུལ་གྱི་གཏི་མུག་གིས་ཀུན་ཏུ་རྨོངས་པ་དང་། དམན་པར་བལྟ་བ་མ་དོར་བའི་རྐྱེན་གྱིས་མི་མ་ཡིན་ལ་སོགས་པས་འཇིགས་ཤིང་སྐྲག་པ་དང་། མི་འདོད་པའི་ཡུལ་ལ་ཁྲོ་བས་སེམས་འཁྲུགས་པ་དང་། འཇིག་རྟེན་ཕལ་པའི་འཛིན་པ་ཉིད་ཀྱིས་ངོ་ཚ་བའི་རྣམ་པར་རྟོག་པ་དང་། དེའི་འབྲས་བུ་ཞུམ་ཞིང་སྤ་སྐོང་བའམ། གནས་སྐབས་ཀྱི་འཇིག་རྟེན་པའི་བདེ་འབྲས་ཐུན་མོང་གི་དངོས་གྲུབ་ཀྱི་འབྲས་བུ་འདོད་པ་རྣམ་པར་སྤངས་ཤིང་། འདིར་སློབ་དཔོན་ཤནྟི་པས། གཉིད་ནི་རྣལ་འབྱོར་པའི་གེགས་ཆེན་པོ་ཡིན་ཏེ། ལུས་འཚོ་བ་ལ་ལྟོས་པ་ཡང་རྣལ་འབྱོར་པའི་གེགས་ཀྱི་རྩ་བའོ། །ཞེས་བཤད་པ་ལྟར། གཏི་མུག་


KMC011_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆར་གཏོགས་པའི་བདག་ཉིད་ཀྱིས་ནི་གཉིད་ལོག་པའང་སྤངས་ནས། གྲུབ་བམ་མི་འགྲུབ་ལ་སོགས་པའི་ཐེ་ཚོམ་མེད་པར་སྤྱོད་པ་ཚོམ་ཚོམ་དུ་མ་གྱུར་པས་སྤྱད་པར་བྱའོ། །འདི་དག་གིས་མཚོན་ནས། དམིགས་པ་གསལ་བར་མི་ནུས་པའི་སེམས་སྙོམས་པའམ་རྨུགས་པ་དང་། འདོད་ཆགས་ཆར་གཏོགས་སྤྲོ་དགའ་དྲན་པས་སེམས་མ་ཞི་བའི་རྒོད་པ་དང་། མི་དགེ་བའི་ལས་བྱས་པ་སོགས་ཀྱིས་སེམས་འགྱོད་པ་རྣམས་ཀྱང་སྤང་བར་བསྟན་ཏོ། །གཉིས་པ་ནི། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །སྐལ་དང་སྐལ་མིན་རྣམ་དཔྱད་པས། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །ཞེས་གསུངས་ཏེ། འདི་ཡང་སྤྱོད་པ་ལ་འགྲོ་བའི་ཐོག་མའི་ཐོ་རངས་མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམིགས་ཏེ་ལུས་ཕུལ་ནས་སྤྱོད་པ་ལ་འཇུག་པར་བྱ་བ་དང་། གཞན་ཡང་སམྦུ་ཊིར། སེམས་ཅན་རྗེས་སུ་གཟུང་བའི་རྒྱུར། །དཔའ་བོ་ཆེན་པོ་རྒྱུ་བར་བྱ། །ཞེས་དང་། སྲོག་ཆགས་ཡན་ལག་གོ་བསྒོས་ལ། །བདེ་དོན་གཉེར་བས་བདེ་བ་སྤྱོད། །ཅེས་གསུངས་པས། ལུས་ཀྱི་བདག་འཛིན་སྤངས་ཏེ།


KMC011_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་བསྔོ་བའི་ལུས་ཀྱི་སྦྱིན་པ་བྱིན་ནས་ནི་བྱང་ཆུབ་ཀྱི་སེམས་ཉམས་པ་མེད་པའི་ཚུལ་ཁྲིམས་ལ་གནས་པས་བཟོད་པའི་གོ་ཆ་བསྒོས་ཏེ། དེའི་ཕྱི་ནས་བརྩོན་འགྲུས་ཀྱི་སྤྱོད་པ་ཡང་དག་པར་སྤྱད་དོ། །ཚིག་ཕྱེད་ཕྱི་མའི་དོན་གསུམ་དུ་འགྱུར་ཏེ། དང་པོ་ནི། ལུས་དངོས་སུ་སློང་བ་ལ་སྦྱིན་ནམ་ཞེ་ན། རང་དང་སློང་བ་པོའི་བདེན་ཚིག་གི་ནུས་པས་སླར་སོར་ཆུད་པའི་སྐལ་པ་དང་ལྡན་པ་དང་། བདུད་ཀྱིས་གླགས་བཙལ་བའི་བར་ཆད་འགྱུར་བ་སྐལ་མིན་རྣམ་པར་དཔྱད་པས་སྦྱིན་པའམ། སྦྱིན་པར་མི་བྱ་བ་དང་། གཉིས་པ་ནི། བསམ་གཏན་གྱི་མཐུ་ཡིས་སྐལ་པ་དང་ལྡན་པ་དང་མི་ལྡན་པ་རྣམ་པར་དཔྱད་པས་གཞན་གྱི་སེམས་ཤེས་པ་དེའི་ཕྱིར་སྣོད་དུ་རུང་བ་ལ་ནི་ཆོས་ཀྱི་སྦྱིན་པ་བྱིན་པས་དོན་བྱ་ཞིང་། སྣོད་དུ་མི་རུང་བ་ལ་ནི་ཆོས་སྦྱིན་པར་མི་བྱའོ། །གསུམ་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་ལ་སྦྱིན་དུ་རུང་བ་དང་མི་རུང་བའང་ཡོད་པས་འདི་ཡང་ལེགས་པར་རྟོགས་པར་བྱ་སྟེ། དེ་ལྟར་གསུམ་པོ་ཅིའི་ཕྱིར་སྐལ་མེད་ལ་མི་སྦྱིན་ཞེ་ན། དེ་བྱིན་ན་རྩ་བའི་ལྟུང་བ་ཆེན་པོར་འགྱུར་


KMC011_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཏེ། བརྟུལ་ཞུགས་སྤྱོད་པ་ནི་ལྟུང་བ་དང་བཅས་པས་ནམ་ཡང་བྱེད་པ་མ་ཡིན་ནོ། །གསུམ་པ་ནི། བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །ཇི་ལྟར་རྙེད་པ་རབ་ཏུ་བཟའ། །ཡིད་འོང་མི་འོང་རྣམ་རྟོག་ཕྱིར། །ཞེན་པ་ཙམ་དུ་མི་བྱའོ། །བཟའ་དང་བཟའ་མིན་སྤྱོད་པ་དང་། །དེ་བཞིན་བཏུང་དང་བཏུང་མིན་ཉིད། །བགྲོད་དང་བགྲོད་མིན་སྔགས་པ་ཡིས། །རྣམ་རྟོག་ཉིད་དུ་མི་བྱའོ། །ཅེས་གསུངས་ཏེ། དེ་ལྟར་སྤྱོད་པའི་རྣལ་འབྱོར་ཅན་རྣམས་དམ་ཚིག་དང་བཅས་ཏེ་སྤྱོད་ན་འཇིག་རྟེན་གྱི་རྣམ་པར་རྟོག་པ་དང་བཅས་སམ་ཞེ་ན། མ་ཡིན་ཏེ། ཟན་ལ་སོགས་པ་བཟའ་བ་དང་ཤིང་ཏོག་ལ་སོགས་པ་བཅའ་བ་དང་དེ་བཞིན་དུ་ཆང་སོགས་བཏུང་བ་ཉིད་ཀྱང་དགག་པ་དང་སྒྲུབ་པ་མེད་པར་ཇི་ལྟར་རྙེད་པ་རབ་ཏུ་བཟའ་ཞིང་ལོངས་སྤྱོད་དོ། །ཡུལ་ཡིད་དུ་འོང་བ་དང་མི་འོང་བ་ཐམས་ཅད་རྣམ་པར་རྟོག་པས་བརྟགས་པ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུས་བློས་ཞེན་པ་ཙམ་དུའང་མི་བྱའོ། །དེ་བཞིན་དུ། བུ་རམ་ལྟ་བུ་བཟའ་རུང་བ་དང་། དྲི་ཆེན་ལྟ་བུ་བཟའ་རུང་མ་ཡིན་པ་ལ་བླང་དོར་མེད་པར་ལོངས་སྤྱོད་པ་དང་། དེ་བཞིན་དུ། ཞོ་ཆང་


KMC011_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཏུང་བར་བྱ་བ་དང་། དྲི་ཆུ་ལྟ་བུ་བཏུང་བར་བྱ་བ་མ་ཡིན་པ་ཉིད་ཀྱང་མཚུངས་ལ། རང་གི་ཕྱག་རྒྱ་དང་གཟུགས་མཛེས་པ་སོགས་བགྲོད་པར་བྱ་བ་དང་གཟུགས་མི་སྡུག་པ་དང་མ་སྲིང་ལ་སོགས་པ་བགྲོད་པར་བྱ་བ་མ་ཡིན་པར་བལྟ་བ་སོགས་ཀྱང་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་རྣལ་འབྱོར་ཅན་གྱིས་རྣམ་པར་རྟོག་པ་ཉིད་དུ་མི་བྱའོ། །བཞི་པ་ནི། དངོས་གྲུབ་ཐོབ་པའི་སློབ་མ་གང་། །ཡང་དག་ཡེ་ཤེས་སྣང་བ་པོ། །མནར་མེད་སྤངས་པའི་རྒྱུ་ཡི་ཕྱིར། །གྲུབ་པས་བླ་མ་མངོན་ཕྱག་འཚལ། །ཞེས་གསུངས་ཏེ། འདི་ཡང་སྔར་སྨོས་པ་བཞིན་དུ་དམ་ཚིག་དང་མི་འགལ་བའི་སྤྱོད་པ་སྟོན་པ་སྟེ། ཐམས་ཅད་ལ་གཉིས་འཛིན་སྤོང་ན་བླ་མ་ལའང་གུས་པ་མི་དགོས་སམ་སྙམ་ན་མ་ཡིན་ཏེ། སྤྱོད་པ་པོའི་རྣལ་འབྱོར་པ་གང་གིས་དངོས་གྲུབ་ཆེན་པོ་བརྙེས་པའི་སྟོབས་ཐོབ་པའི་སློབ་མ་ཡིན་པར་གྱུར་ཞིང་། དེའི་བླ་མ་གང་ཞིག་དེ་ལྟ་བུའི་ཡོན་ཏན་དེ་དང་མི་ལྡན་པ་ལ་ཡང་མི་གུས་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེད་པར་བྱེད་པ་པོའི་བླ་མ་དམ་པ་ཡིན་པས། དམ་ཚིག་གི་ཆད་པས་མནར་མེད་


KMC011_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་བའི་གནས་སྐབས་ཡོད་པས་དེའི་རྒྱུ་སྤངས་པའི་ཕྱིར་དུ་གྲུབ་པ་ཐོབ་པས་ཀྱང་རང་གི་བླ་མ་ལ་གུས་པའི་བསམ་པས་མངོན་པར་ཕྱག་འཚལ་བར་བྱའོ། །དེ་ལྟར་ཡང་མགུར་ལས། སློབ་མ་གང་ཞིག་གྲུབ་བརྙེས་ནའང་། །ཁེངས་པས་བླ་མར་ཕྱག་མི་བྱེད། །སྨད་ཅིང་དམན་པའི་ལས་བྱས་ཏེ། །ངེས་པར་ངན་འགྲོར་འགྲོ་བར་འགྱུར། །ཞེས་གསུངས་སོ། །ལྔ་པ་ནི། བསླབ་དང་དབང་ལས་རྣམ་པར་གྲོལ། །དེ་བཞིན་ངོ་ཚའི་འབྲས་བུ་ཉིད། །དངོས་པོ་ཀུན་གྱི་རང་བཞིན་གྱི། །ཡོ་གིས་རྣམ་དཔྱད་སྙིང་རྗེ་ཆེ། །སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤངས། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །རྣལ་འབྱོར་ལྡན་པས་སྤྱོད་པ་བྱེད། །ཅེས་གསུངས་ཏེ། སྤྲོས་མེད་ལྷན་ཅིག་སྐྱེས་པའི་དོན་རྟོགས་པའི་རྣལ་འབྱོར་ཅན་དེས་ནི་འདི་ནི་བསླབ་པར་བྱ་བ་དང་། འདི་ནི་བསླབ་པར་བྱ་བ་མ་ཡིན་པའོ། །ཞེས་པ་གཞན་གྱི་དབང་ལ་ལྟོས་པའི་སྤྱོད་པ་ལས་རྣམ་པར་གྲོལ་བའོ་ཞེས་སམ། ཉན་ཐོས་ཀྱི་སྡོམ་པ་དང་ཐུན་མོང་བའི་བསླབ་པ་དང་།


KMC011_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ལེན་པའི་སྤྲོས་པ་སོགས་ལས་གྲོལ་བ་དང་། དེ་བཞིན་དུ་གཞན་གྱིས་འཕྱས་ཀྱི་དོགས་པའི་ངོ་ཚ་བ་དང་དེའི་འབྲས་བུ་སེམས་ཞུམ་པའམ། ཤུགས་ལས་བསྟན་པ། འཇིག་རྟེན་གྱི་འབྲས་བུ་དོན་དུ་གཉེར་བ་ལས་ཀྱང་རྣམ་པར་གྲོལ་བ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་དངོས་པོ་ཀུན་གྱི་རང་བཞིན་སྟོང་པ་ཉིད་ཀྱི་ཚུལ་དུ་ཡོ་གི་སྟེ་རྣལ་འབྱོར་ཅན་གྱིས་རྣམ་པར་དཔྱད་དེ་ཐམས་ཅད་རང་བཞིན་མེད་པར་རྟོགས་པར་བྱའོ། །སྙིང་རྗེ་ཆེན་པོ་ཞེས་རྡོ་རྗེ་སྙིང་པོ་ལ་བོས་ཏེ། དེས་ན། ཕྱི་རོལ་གྱི་སྦྱིན་སྲེག་དང་དཀོན་མཆོག་མཆོད་པ་དང་ལོངས་སྤྱོད་སྦྱིན་པ་དང་བསྙུང་བར་གནས་པ་ལ་སོགས་པའི་དཀའ་ཐུབ་རྣམས་ལས་འདས་ཤིང་། བཟླས་ཤིང་བརྗོད་པའི་སྔགས་དང་རྟོག་བཅས་སྒོམ་པ་བསྐྱེད་རིམ་ལ་སོགས་པའི་བསམ་གཏན་ཀྱང་རྣམ་པར་སྤངས་ལ་གནས་སྐབས་ཀྱི་དམ་ཚིག་དང་སྡོམ་པ་བསྲུང་སྡོམ་སོགས་ལུས་ངག་གི་སྤྱོད་པ་མཐའ་དག་ལས་རྣམ་པར་གྲོལ་བའི་ཚུལ་གྱིས་ཆོས་ཐམས་ཅད་བདེན་མེད་མཉམ་པ་ཉིད་ཀྱི་རྣལ་འབྱོར་དང་ལྡན་པས་སྤྱོད་པ་བྱེད་དེ། དེ་དག་ཐམས་


KMC011_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་ལྷན་ཅིག་སྐྱེས་པ་ལ་ཚང་བས་སོ། །དོ་ཧ་ལས་ཀྱང་། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་ཤེས་མི་ནུས། །ཀློག་པ་དེ་ཡིན་འཛིན་དང་སྒོམ་པའང་དེ་ཡིན་ཏེ། །བསྟན་བཅོས་སྙིང་ལ་འཆང་བའང་དེ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་སློབ་དཔོན་ཤཱནྟི་པས། གང་ལས་བདག་ཉིད་དགྱེས་པ་རྡོ་རྗེས་ཟོས་པ་ཉིད་སྦྱིན་སྲེག་གོ། །རྐང་པའི་རི་མོ་ཉིད་དཀྱིལ་འཁོར་རོ། །ལུས་ཀྱི་བྱ་བ་ཐམས་ཅད་དཀའ་ཐུབ་བོ། །ངག་གང་དང་ཡིད་ཀྱི་ལས་ཐམས་ཅད་སྔགས་དང་བསམ་གཏན་ནོ། །ཅང་ཏེའུའི་སྒྲ་དང་ཐོད་དབྱུག་འཛིན་པ་ཡང་སྔགས་དང་བསམ་གཏན་ནོ། །རྡོ་རྗེའི་གླུ་དང་རྡོར་དྲིལ་ཡང་སྔགས་དང་བསམ་གཏན་ནོ། །དེ་ལྟར་གང་བྱེད་པ་དེ་ཉིད་དམ་ཚིག་དང་། གང་མི་བྱེད་པ་དེ་ནི་སྡོམ་པའོ། །ཞེས་པ་གཞན་བརྡ་འཕྲོད་པ་སླ་ཡང་། ཐོད་དབྱུག་ནི་ཁ་ཊྭཱཾ་ག་དང་། གང་མི་འདའ་བར་བྱེད་པ་དམ་ཚིག་དང་། ཟག་པ་དང་བཅས་པའི་ལས་མི་བྱེད་པར་སྡོམ་པར་དགོངས་སོ། །དེས་ན། རྣལ་འབྱོར་ལྡན་པས་སྤྱོད་པར་བྱེད། །ཅེས་པ་དང་ཡང་འབྲེལ་ལོ། །དྲུག་པ་ནི། ངེས་པར་སྔོན་དུ་ལྷ་མིན་


KMC011_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་གསུངས་ཏེ། སྤྱོད་པ་ལ་ཞུགས་པ་དེའི་ཚེ་ན་ངེས་པར་སྔོན་དུ་སྟེ་མདུན་དུ་རང་གི་ལྷག་པའི་ལྷ་མ་ཡིན་པ། འབྱུང་པོ་ལྷ་མིན་གྱི་རིགས་གང་དང་། བརྒྱ་བྱིན་གྱིས་མཚོན་ནས་དེ་ལས་ཆེས་དྲག་ཤུལ་ཅན་དབང་ཕྱུག་ལ་སོགས་པའམ། དམན་པ་ཉེ་དབང་ལ་སོགས་པ་གཟི་བརྗིད་བཟོད་པར་དཀའ་བ་ལྟ་བུ་བྱུང་བ་ཡིན་ན་ཡང་། དེ་ལ་འཇིགས་པར་མི་བྱ་སྟེ། སེང་གེ་རི་དྭགས་གཅན་གཟན་གང་གིས་ཀྱང་འཇིགས་པར་བྱེད་མི་ནུས་པ་དེ་ལྟ་བུའི་གཟུགས་སམ་རང་བཞིན་གྱིས་ཡ་ང་བ་རྡུལ་ཙམ་མེད་པར་རྣམ་པར་རྒྱུ་བར་བྱའོ། །དེས་ནི་གདུལ་དཀའ་བ་འདུལ་ནུས་པ་དང་། རང་གི་རྟོགས་པའི་བོགས་ཐོན་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པར་འགྱུར་རོ། །བདུན་པ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པ། །གཞན་གྱིས་བཏུང་བས་བཟི་བ་མེད། །ཅེས་གསུངས་ཏེ། འོ་ན་དེ་ཐམས་ཅད་ཤེས་རབ་སྟོང་ཉིད་ཀྱི་རྣལ་འབྱོར་ཁོ་ནར་ཟད་པས་ཐབས་ཀྱི་ཆ་


KMC011_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉམས་པར་མི་འགྱུར་རམ་ཞེ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་སེམས་བསྐྱེད་ནས་དུས་རྟག་ཏུ་སྟོང་པ་དང་དབྱེར་མེད་པའི་སྙིང་རྗེ་ཆེན་པོའི་བཏུང་བ་བཏུང་བ་སྟེ་དེ་ལ་ལོངས་སྤྱོད་པར་བྱའོ། །དེ་ལྟར་ན། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བཏུང་བ་ལ་དགའ་བའི་རྣལ་འབྱོར་པ་དེ་ནི། གཞན་གྱིས་བཏུང་བ་ཆང་ལ་སོགས་པའི་རོ་ལ་ཆགས་པས་འཐུངས་ནས་བཟི་བ་མེད་དེ། དེས་ཤིན་ཏུ་རྨོངས་པར་གྱུར་ནས་རྣལ་འབྱོར་གྱི་གེགས་བྱེད་པའི་ཕྱིར་རོ་ཞེས་སམ། རང་བྱུང་ཞབས་ཀྱིས་རྣལ་འབྱོར་པ་ཞི་ལྷག་ཟུང་འབྲེལ་གྱི་བཏུང་བ་ལ་དགའ་བར་བྱ་ཡིས། ཆང་སོགས་བཏུང་ན་མྱོས་པར་འགྱུར་བས་སྤངས་ནས། དེ་ལས་གཞན་ཞི་ལྷག་གི་བཏུང་བས་བཟི་བར་འགྱུར་བ་མེད་པའི་དོན་དུ་གསུངས་སོ། །སྦས་དོན་དུ། སེམས་ཅན་ཀུན་ནི་ཕུང་པོ་ལྔའི་རང་བཞིན། དོན་ནི་ཡེ་ཤེས་ལྔ་འཕེལ་བའི་ཕྱིར་དུ། སྙིང་རྗེ་ཀུནྡ་ལྟ་བུའི་བྱང་སེམས་རླུང་གི་སྟོབས་ཀྱིས་བརྟན་པར་བྱས་ཏེ། བདེ་སྟོང་ཟུང་འཇུག་གི་རོ་བཏུང་ཞིང་མྱང་ལ། འདོད་སྲེད་ཀྱི་ཆགས་པས་མྱོས་ཤིང་བཟི་བར་མི་བྱ་བའི་དོན་


KMC011_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སྤྱོད་པའི་ཚུལ་འདི་རྣམས་སྒྲ་ཇི་བཞིན་པའི་བཤད་པའོ། །གསུམ་པ་ལེའུའི་མཚན་ནི། སྤྱོད་པའི་ལེའུ་སྟེ་དྲུག་པའོ།། །། ཞེས་གསུངས་ཏེ། རྫོགས་རིམ་གྱི་བོགས་འདོན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་དྲུག་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།བདུན་པ་བརྡའི་ལེའུ་འབྱུང་སྟེ། ལེའུའི་འབྲེལ་ནི། དེ་ལྟར་བཤད་པའི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཉམས་སུ་ལེན་པར་བྱེད་པའི་གནས་སྐབས་དུ་མར་ཀྱེའི་རྡོ་རྗེའི་རྣལ་འབྱོར་ཕོ་མོ་ནང་ཕན་ཚུན་ངོ་ཤེས་པར་བྱ་བ་དང་། སྤྱོད་པའི་གྲོགས་ངོ་ཤེས་པ་ལ་བརྡ་དང་བརྡའི་ལན་ཕྱིན་ཅི་མ་ལོག་པར་ཤེས་དགོས་པ་དང་། ས་རྣམས་ཀྱི་རྟོགས་པ་བསྐྱེད་པའི་ཕྱིར་ཕྱི་ནང་གི་གནས་རྣམས་བགྲོད་དགོས་པས། དེ་མ་ཐག་ཏུ་བརྡ་དང་གནས་ཀྱི་ལེའུ་འདི་འཆད་པར་འབྲེལ་ལོ། །མདོར་བསྟན་རྒྱས་བཤད་ཀྱི་འབྲེལ་ནི། ལེའུ་དང་པོར་བརྡ་ཆེན་ཞེས་མདོ་ཙམ་གསུངས་པའི་དོན། ལུས་དང་ངག་གི་བརྡ་ལ་སོགས་པ་རྣམས་ལེའུ་འདིས་རྒྱས་པར་འཆད་དོ། །བརྗོད་བྱ་ནི། དཔའ་བོ་དང་དཔའ་མོ་ངེས་པར་བྱེད་པའི་ཀུན་རྫོབ་དང་དོན་དམ་པའི་བརྡའོ། །རྗོད་བྱེད་ནི། དེ་


KMC011_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་བྱེད་ཀྱི་གཞུང་གི་ཚོགས་སོ། །མངོན་རྟོགས་ཀྱི་འབྲེལ་ནི། གཙོ་བོར་རྫོགས་པའི་རིམ་པའི་ཡན་ལག་དམ་ཚིག་དང་སྤྱོད་པའི་ཁོངས་སུ་འདུའོ། །སྦས་དོན་གྱི་འབྲེལ་ནི། བྱང་སེམས་གཡོ་ཞིང་འགྱུ་བ་དེས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པའི་བརྡ་དོན་ཤེས་པར་བྱེད་པའོ། །དགོས་པ་ནི། གནས་ལ་སོགས་པར་ཚོགས་ཀྱི་འཁོར་ལོར་ཀུན་ཏུ་སྤྱོད་པ་སོགས་དུས་བཞིའི་ཚེ་དམ་ཚིག་མི་ལྡན་པ་རྣམས་ཀྱི་ནང་དུ་ཙྪོ་མ་སྟེ་དགོངས་པའི་སྐད་གཞན་གྱིས་མ་སྨྲས་ན་གསང་བ་བསྒྲགས་པའི་ཉེས་པ་འབྱུང་བས་དེ་སྤངས་པའི་ཕྱིར་རྣལ་འབྱོར་ཕོ་མོ་ནང་ཕན་ཚུན་བརྡ་ཙམ་གྱིས་གོ་བར་བྱེད་པ་སྟེ། དེ་ལ་ལུས་བརྡ་ངག་བརྡ་གཉིས་ལས་འདིར་ལུས་ཀྱི་བརྡ་སྟོན་པའོ། །འདི་ལ་གསུམ། མཚམས་སྦྱར། ལེའུའི་གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་ཙྪོ་མའི་ལེའུ་བཤད་པར་བྱའོ། །ཞེས་གསུངས་ཏེ། སྤྱོད་པ་གསུངས་པའི་དེ་མ་ཐག་ནས་ཙྪོ་མ་ཞེས་པ་ནི་བརྡ་སྟེ། རྣལ་འབྱོར་ཕོ་མོ་ནང་ཕན་ཚུན་ཁོ་ནའི་སྤྱོད་ཡུལ་ལུས་ཀྱི་རྣམ་པར་འགྱུར་བ་ལས་བྱུང་བའི་བརྡ་སྟོན་པའི་ལེའུ་བཤད་པར་བྱའོ། །ཞེས་གཙོ་བོ་སྨོས་པས་


KMC011_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་གཞན་ཞར་ལ་སྡུད་པར་མཛད་པའོ། །གཉིས་པ་བརྡ་དང་གནས་སོགས་བསྟན་པ་གཞུང་དངོས་ལ་བདུན། བརྡ་ཇི་ལྟར་བྱ་བ། གང་གིས་འདུ་བའི་བརྡ། གང་དུ་འདུ་བའི་གནས། དུས་སུ་ཚོགས་ལ་སྤྱད་ཚུལ། རྣལ་འབྱོར་དང་སྤྱོད་པ། ཡི་གེ་བཞིའི་དོན། བཟའ་བའི་རྣལ་འབྱོར་བསྟན་པའོ། །དང་པོ་ནི། གང་གིས་སྤུན་དང་སྲིང་མོར་ཡང་། །ཐེ་ཚོམ་མེད་པར་ཤེས་པར་བྱ། །གང་ཞིག་སོར་མོ་གཅིག་སྟོན་དང་། །གཉིས་ཀྱིས་ལེགས་པར་འོངས་པ་ཡིན། །གཡོན་པའི་མཐེ་བོང་བཅངས་པ་ལས། །བསྙུན་གྱི་ཕྱག་རྒྱར་རྣམ་པར་ཤེས། །གང་ཞིག་སྲིན་ལག་སྟེར་བ་ལ། །དེ་ལ་ཐེའུ་ཆུང་རྣམ་པར་སྦྱིན། །གང་ཞིག་གུང་མོ་སྟོན་པ་ལ། །དེ་ཡི་མཛུབ་མོ་རྣམ་པར་སྦྱིན། །གང་ཞིག་སྲིན་ལག་སྟོན་པ་ལ། །དེ་ཡི་མགྲིན་པ་རབ་ཏུ་བསྟན། །གང་ཞིག་གོས་ནི་སྟོན་པ་ལ། །དེ་ཡི་རྩེ་གསུམ་རབ་ཏུ་བསྟན། །གང་ཞིག་ནུ་མ་སྟོན་པ་ལ། །དེ་ཡི་མཚམས་ནི་རབ་ཏུ་བསྟན། །གང་ཞིག་ས་ནི་སྟོན་པ་ལ། །དེ་ཡི་མཁའ་ནི་རབ་ཏུ་བསྟན། །གང་ཞིག་ཁྲོ་གཉེར་སྟོན་པ་ལ། །གཙུག་ཕུད་དགྲོལ་བར་བརྗོད་པར་བྱ། །གང་ཞིག་དཔྲལ་བ་སྟོན་པ་ལ། །དེ་ཡི་


KMC011_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ནི་རབ་ཏུ་བསྟན། །གང་ཞིག་རྐང་མཐིལ་སྟོན་པ་ལ། །ལྟོ་ཡི་རྣམ་པར་རྩེ་བར་བྱ། །ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི། །དམ་ཚིག་གིས་ནི་རྣམ་པར་དབྱེ། །ཞེས་གསུངས་ཏེ། སྤྱོད་པའི་རྣལ་འབྱོར་པ་དེ་ཡིས་བརྡ་གང་གིས་རྣལ་འབྱོར་པ་ཡིན་ན་སྤུན་དང་། རྣལ་འབྱོར་མ་ཡིན་ན་སྲིང་མོར་ཡང་ཐེ་ཚོམ་མེད་པར་ཤེས་པར་བྱ་སྟེ། དེའང་སོར་མོ་ལ་སོགས་པའི་བརྡ་རྣམས་བུད་མེད་ཀྱི་གཡོན་དང་སྐྱེས་པའི་གཡས་ཀྱི་བྱ་བར་བཞེད་དོ། །དེ་ལ་གང་ཞིག་ཅེས་པ་ལ་སོགས་པ་ཚིག་སྔ་མ་རྣམས་ནི་བརྡས་བསྐུལ་ནས་དྲི་བ་ཡིན་ལ། དེའི་ཚིག་ཕྱི་མ་ནི་ལན་གྱི་བརྡ་སྦྱར་བ་ཤེས་པར་བྱས་ནས། ཐོག་མར་ངོ་ཤེས་བསྙུན་གསོལ་གྱི་བརྡ་ནི། ཀྱེ་རྡོ་རྗེའི་རྣལ་འབྱོར་ཕོ་མོ་འཕྲད་པའི་ཚེ། བརྡའི་སྒོ་ནས་དྲི་བ་པོ་གང་ཞིག་གིས་ལག་པ་གཡོན་པའི་སོར་མོ་གཅིག་བསྒྲེངས་ཏེ་སྟོན་པ་ནི་ཁྱོད་དམ་ཚིག་གཅིག་པ་ཉིད་ལས་ལེགས་པར་འོངས་སམ་ཞེས་དྲི་བའོ། །དེ་ལ་ཅིག་ཤོས་ཀྱིས་སོར་མོ་གཉིས་གཤིབས་ནས་སྟོན་པ་ཉིད་ཀྱིས་ལན་འདེབས་པ་ནི་ལེགས་པར་འོངས་སོ་ཞེས་གོ་བར་བྱེད་པ་ཡིན་ཏེ། ཐབས་དང་ཤེས་རབ་རྟོགས་


KMC011_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པར་འོང་ཞེས་པའི་བརྡའོ། །འདྲི་བ་པོས་ལག་པ་གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ་གུང་མཛུབ་ཀྱི་བར་དུ་བཅངས་ནས་སྟོན་པ་ནི་བདེའམ་ཞེས་བསྙུན་འདྲི་ཞིང་རྨེད་པའི་བརྡའོ། །དེ་དག་ལ་བསྙུན་དྲི་བའི་ཕྱག་རྒྱར་རྣམ་པར་ཤེས་ཏེ་དེ་ནི་བདེ་བ་དང་སྟོང་པ་སྦྱར་བའི་བརྡ་ཡིན་པས། ལག་པ་གཡོན་པ་ཁོ་ན་ལྟར་བྱས་ནས་སྟོན་པ་ནི་ལེགས་པར་བདེའོ་ཞེས་ལན་འདོན་པའི་བརྡའོ། །དེ་དག་སྦས་དོན་དུ། སོར་མོ་གཅིག་ནི་ཤེས་རབ་ཀྱི་པདྨ་བསྐུལ་བ། གཉིས་ནི་སོར་མོ་སྦྱོར་བས་ཤུ་ཏྲ་དགུག་པ། གཡོན་པ་ནི་ཤེས་རབ་ཀྱི་མཁའ། མཐེ་བོང་ཐབས་ཀྱི་གསང་གནས། བཅངས་པ་ནི་དེ་དག་མཉམ་པར་སྦྱོར་བའི་དོན་དུ་བཤད་དོ། །དེ་ནས་གདམས་ངག་དང་དམ་ཚིག་གཅིག་གམ་མི་གཅིག་དྲི་བའི་ཕྱིར་རྟོགས་ཚད་ཀྱི་བརྡ་ལ་དབང་གི་རྟོགས་ཚད་དྲི་བ་ནི། སྲིན་ལག་ནི་མཛུབ་མོ་ནས་བགྲངས་པའི་སོར་མོ་གསུམ་པ་མིང་མེད་ལ་ཟེར་བས། དྲི་བ་པོ་གང་ཞིག་གིས་སྲིན་ལག་སྟེར་བ་སྟེ་སྲིན་ལག་སྟོན་པ་ནི་དབང་གསུམ་པའི་བདེ་བ་མིང་མེད་པར་རྟོགས་སམ་ཞེས་དྲི་བའི་བརྡའོ། །དེ་ལ་ལན་བྱེད་པ་པོས་མཐེའུ་ཆུང་རྣམ་པར་སྤྱིན་པ་སྟེ་མཐེའུ་


KMC011_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སྟོན་ན་གསུམ་པར་མ་ཟད་བཞི་པའང་རྟོགས་སོ་ཞེས་པའི་བརྡ་ཡིན་ཏེ་མཐེའུ་ཆུང་ནི་མཛུབ་མོ་ནས་བགྲངས་པའི་སོར་མོ་བཞི་པ་ཡིན་པས་སོ། །དབུ་མའི་ལམ་ལ་དྲི་བ་ནི། གུང་མོ་ནི་སོར་མོ་ལྔའི་དབུས་མ་ཡིན་པའི་ཕྱིར། དྲི་བ་པོ་གང་ཞིག་གིས་གུང་མོ་སྟོན་པ་དེ་ནི་དབུ་མའི་ལམ་ལ་གནས་སམ་ཞེས་དྲི་བའི་བརྡ་ཡིན་ལ། མཛུབ་མོ་ནི་གུང་མོ་དང་ཉེ་བའི་ཕྱིར་དྲིས་པ་དེ་དང་ཉེ་བ་དེའི་བརྡར་ནི་མཛུབ་མོ་རྣམ་པར་སྦྱིན་པ་སྟེ་མཛུབ་མོ་སྟོན་པ་ནི་དྲིས་པའི་དོན་དེ་ཁས་ལེན་པའི་བརྡའོ། །རྟོག་པ་དག་གམ་དྲི་བ་ནི། འདྲི་བ་པོ་གང་ཞིག་སྲིན་ལག་སྟོན་པ་ནི་རྣམ་པར་རྟོག་པ་མེད་དམ་ཞེས་དྲི་བའོ། །དེའི་ལན་ལ་མགྲིན་པ་རབ་ཏུ་སྟོན་པ་ནི་ལུས་ཀྱི་ཕྲ་མོའི་གནས་མགྲིན་པ་ཡིན་པ་བཞིན་དུ་རྣམ་པར་རྟོག་པ་ཕྲ་བར་རབ་ཏུ་སྟོན་པའོ། །ཡོན་ཏན་གྱི་བརྡ་ནི། འདྲི་བ་པོ་གང་ཞིག་གོས་ནི་སྟོན་པ་དེ་ཡང་ཡོན་ཏན་གྱི་གོས་དང་ལྡན་ནམ་ཞེས་དྲི་བ་ཡིན་ལ། དེའི་ལན་དུ་མཐེའུ་ཆུང་མཐེ་བོས་མནན་ཏེ་སོར་མོ་རྩེ་གསུམ་པར་རབ་ཏུ་བསྟན་པ་དེ་ནི་རྩ་རླུང་ཐིག་ལེའི་རྣལ་འབྱོར་རམ་བདེ་གསལ་མི་རྟོག་པའི་ཡོན་ཏན་གསུམ་དང་ལྡན་ནོ་ཞེས་


KMC011_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལན་འདོན་པའི་བརྡའོ། །རྡོག་པས་གོས་ཀྱི་མལ་དུ་ཐོད་སྟོན་པར་གསུངས་པ་ལྟར་འགྱུར་གཞན་དང་རྒྱ་འགྲེལ་རྣམས་ལས་ཀྱང་འབྱུང་ཞིང་དེ་ནི་གུང་མཛུབ་གཉིས་ཕྲེད་དུ་བརྐྱང་པའོ། །ཀུན་རྫོབ་བྱང་སེམས་ཀྱི་བརྡ་ནི། གང་ཞིག་ནུ་མ་སྟོན་པ་དེ་ནི་བདེ་བའི་ཡེ་ཤེས་སྐུལ་བར་ནུས་སམ་ཞེས་དྲི་བ་ཡིན་ལ། དེའི་ལན་དུ་དཔྲལ་བའི་མཚམས་ཏེ་སྐྲ་མཚམས་ནི་རབ་ཏུ་བསྟན་པ་དེ་ནི་དགའ་བཞི་མཐར་ཐུག་གི་ཉམས་མྱོང་དང་ལྡན་ནོ་ཞེས་ལན་འདོན་པའི་བརྡའོ། །དོན་དམ་བྱང་སེམས་བརྟན་མི་བརྟན་གྱི་བརྡ་ནི། གང་ཞིག་ལག་པ་ས་ལ་བཞག་ནས་ས་གཞི་ནི་སྟོན་པར་བྱེད་པ་དེ་དག་ས་གཞི་བརྟན་པ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པ་བརྟན་ནམ་ཞེས་དྲི་བའི་བརྡ་ཡིན་ལ། དེའི་ལན་དུ་ནམ་མཁའ་ནི་རབ་ཏུ་བསྟན་པར་བྱ་སྟེ་དེ་བཞིན་དུ་རྟག་ཅིང་བརྟན་པ་ཉིད་དོ་ཞེས་ལན་འདོན་པའི་བརྡའོ། །འདིར་སྤྱན་སྔས་ས་སྟོན་པ་རྒྱུད་ཀྱི་ཁམས་བདེ་གཤེགས་སྙིང་པོ་རྟོགས་སམ་ཞེས་པ་ལ། མཐེ་བོང་དང་མཐེའུ་ཆུང་རྩེ་མོ་གཅིག་ཏུ་བྱས་ཏེ་ཟླུམ་པོ་འཁོར་ལོའི་རྣམ་པར་སྟོན་ཏེ་རྒྱུ་ལམ་འབྲས་བུར་འཁོར་བའི་བརྡར་སྟོན་པར་གསུངས་པ་ནི་རྒྱ་འགྲེལ་རྣམས་ཀྱི་


KMC011_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་དང་། འགྱུར་གཞན་དུ། དེའི་འཁོར་ལོ་བསྟན་པར་བྱ། ཞེས་འབྱུང་བ་དང་མཐུན་པས་ལེགས་པར་རྟོགས་སོ། །ཁ་ཅིག་གིས་ཁ་སྟོན་པར་འགྲེལ་པ་ལྟར་རྒྱུད་གཞན་ལས་ཀྱང་འབྱུང་ཞིང་། དོན་ཁ་ནང་གི་སྟོང་པ་ནམ་མཁའ་མཚོན་པས་སྔ་མ་དང་གཅིག་གོ། །བྱང་སེམས་རྒྱས་མ་རྒྱས་ཀྱི་བརྡ་ནི། གང་ཞིག་དཔྲལ་བའི་ཁྲོ་གཉེར་སྟོན་པ་དེ་ཡང་ནི་བྱང་ཆུབ་ཀྱི་སེམས་རྒྱས་སམ་ཞེས་དྲི་བའི་བརྡ་ཡིན་ལ། དེའི་ལན་དུ་གཙུག་ཕུད་དགྲོལ་བར་བྱེད་པ་ནི། རྩ་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་རབ་ཏུ་རྒྱས་པར་བྱ་ཞེས་པའི་བརྡའོ། །གནས་ཀྱི་བརྡ་ནི། འདྲི་བ་པོ་གང་ཞིག་དྲི་ཡུལ་ལ་ལག་པས་དཔྲལ་བ་སྟོན་པ་ནི། ལུས་ཀྱི་མཁའ་འགྲོའི་གནས་མངོན་དུ་བྱས་སམ་ཞེས་དྲི་བའི་བརྡ་ཡིན་ལ། དེའི་ལན་དུ་རྒྱབ་ནི་རབ་ཏུ་བསྟན་པ་དེ་ནི་ཕྱི་རོལ་གྱི་གནས་ལ་རྒྱབ་ཀྱིས་ཕྱོགས་པའི་བརྡར་ལྟག་པ་རབ་ཏུ་སྟོན་པའོ། །ས་ལམ་གྱི་བརྡ་ནི། བརྡ་སྐུལ་བ་པོ་གང་ཞིག་གིས་རྐང་པའི་མཐིལ་སྟོན་པ་དེ་ནི་ས་འོག་མ་ནས་གོང་མར་གོང་དུ་འགྲོའམ་ཞེས་དྲི་བའི་བརྡ་ཡིན་ལ། དེའི་ལན་དུ་ལྟོ་ཡིས་རྣམ་པར་རྩེ་ཞེས་པ་བྱིས་པ་དག་རྩེད་མོའི་རྣམས་


KMC011_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སུ་པགས་པའི་རིལ་བུ་རྐང་པའི་གོང་ཁར་བཞག་སྟེ་ཇེ་མཐོ་ཇེ་མཐོར་འཕེན་ཞིང་གྱེན་དུ་ཕྱོགས་པས་རྩེ་ཞིང་རོལ་པ་ལ་ལྟོ་ཡིས་རྩེ་བ་ཞེས་ཟེར་རོ། །དེ་དང་རྗེས་སུ་མཐུན་པར་བརྡའི་ལན་བྱེད་པ་ནི། ལྷན་ཅིག་སྐྱེས་པའི་སྦྱོར་བས་ས་འོག་མ་ནས་གོང་མར་ཇེ་མཐོ་ཇེ་མཐོར་འགྲོ་ཞེས་པའི་བརྡས་ལན་སྦྱར་བའོ། །དེ་ལྟར་ཕྱག་རྒྱའི་བརྡས་བསྐུལ་ཏེ་དྲིས་པ་དང་། ཕྱག་རྒྱའི་ལན་གྱི་བརྡས་ནི་མཆོག་དང་མཆོག་མ་ཡིན་པའི་དམ་ཚིག་གི་རྣམ་པར་དབྱེ་བ་ཤེས་པར་འགྱུར་བས་བརྡ་བསྐུལ་བ་བཅུ་གཅིག་དང་ལན་གདབ་པའི་ལན་གྱི་བརྡ་བཅུ་གཅིག་རིམ་པ་བཞིན་དུ་སྦྱར་ནས། གསུངས་པ་ཡིན་ནོ། །བརྡ་དེ་རྣམས་ཀྱི་ངེས་པའི་དོན། ཁ་སྦྱོར་དྲི་མེད་ལས། སོར་མོ་གཅིག་སྟོན་པ་ཐབས་ཤེས་དབྱེར་མེད་སྐུ་རྡོ་རྗེ། གཉིས་ནི་རང་རིག་ཐུགས་རྡོ་རྗེ་དང་། བརྗོད་པ་གསུང་རྡོ་རྗེ། ཞེས་སོགས་རྒྱས་པར་བཤད་ལ། འདིར་བརྡ་དེས་མཚོན་པའི་དོན་བཤད་པ་རྣམས་ཀྱིས་རྟོགས་པར་འགྱུར་བ་དང་། ཕྱག་རྒྱ་ཐབས། ཕྱག་རྒྱའི་ལན་ཤེས་རབ། དམ་ཚིག་ནི་དེ་གཉིས་ཟུང་འཇུག་གི་དོན་ནོ། །མཁས་གྲུབ་བཀྲས་རྣམ་པས། ཁྲོ་གཉེར་དམ་ཚིག་གི་བཀའ་


KMC011_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ནམ་དྲི་བ། གཙུག་ཕུད་འགྲོལ་བ་དེ་ལས་མི་འདའ་བར་སྟོན་པ། དཔྲལ་བ་རང་རིག་པའི་ཡེ་ཤེས་རྟོགས་སམ་དྲི་བ། རྒྱབ་ནི་གང་ཡང་མ་མཐོང་བས་དེ་ཉིད་རྟོགས་པར་མཚོན་པ། རྐང་མཐིལ་ལམ་གང་གིས་བགྲོད་དྲི་བ། ལྟོ་ཡིས་རྩེ་བ་ནི་གཏུམ་མོའི་རྣལ་འབྱོར་གྱིས་བགྲོད་པར་སྟོན་པར་བཤད་པའི་ཁྱད་པར་ཡོད་དོ། །བརྡ་རྣམས་ཀྱང་བུད་མེད་ཀྱིས་ལག་གཡོན་དང་སྐྱེས་པས་གཡས་ཀྱིས་བྱ་བ་རྡོ་རྗེ་མཁའ་འགྲོར་བཤད་པ་ལྟར་བྱ་དགོས་པ་དང་། རྣལ་འབྱོར་མ་ནུས་པ་ཐོབ་པ་གང་ལ། རྣལ་འབྱོར་པ་ནུས་པ་ཆེན་པོ་མེད་པས་ཕྱག་བྱས་ཏེ་སྙིང་གར་གཡོན་པའི་ལག་མཐིལ་བཞག་ནས་གཡོན་དུ་བསྐོར་ཏེ་འགྲོ་བ་ལས་རྩོད་པ་མི་རུང་ཞེས་ནཱ་རོ་ཞབས་ཀྱིས་གདམས་པ་མཛད་དོ། །གཉིས་པ་ནི། དེ་ལ་རྣལ་འབྱོར་མས་སྨྲས་པ། །ཨེ་མ་བུ་ནི་སྙིང་རྗེ་ཆེ། །གལ་ཏེ་ཕྲེང་བ་ལག་སྟོན་ན། །འདུ་བར་བྱ་ཞེས་སྨྲ་བ་ཡིན། །ཕྲེང་བ་མངོན་པར་གཏད་བྱས་ན། །དམ་ཚིག་ལ་མནོས་བརྟུལ་ཞུགས་བཟང་། །དེ་ལ་ཕྱི་རོལ་ཞེས་འདུ་བ། །བཟང་པོའི་སྤྱོད་ཡུལ་གནས་པ་ནི། །དེ་ལ་འདུ་བར་རྣལ་འབྱོར་མས། །གང་སྨྲས་དེ་ལྟར་ཐམས་ཅད་


KMC011_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་གསུངས་ཏེ། འདིའི་དོན་ནི་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབ་པའི་དབང་དུ་མཛད་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བརྡ་སྟོན་པའི་ལན་སྟོན་པར་ནུས་ན་སྐྱེས་བུ་དེ་ལ་རྣལ་འབྱོར་མས་སྨྲས་པ་སྟེ་སྨྲ་བར་འགྱུར་ཞེས་པའི་དོན་ཅན་ནོ། །ཇི་ལྟར་སྨྲ་བར་འགྱུར་ན། ཨེ་མ་ཞེས་གསང་བའི་བརྡ་གོ་བ་ལ་ངོ་མཚར་བའི་ཚིག་གིས་མཚམས་སྦྱར་ཏེ། བུ་ནི་སྙིང་རྗེ་ཆེན་པོ་ཞེས་བོས་ནས། གལ་ཏེ་དངོས་སུ་མེ་ཏོག་ལ་སོགས་པའི་ཕྲེང་བ་དང་བཅས་པའམ་ཕྲེང་བ་འཛིན་ཚུལ་གྱི་ལག་པ་སྟོན་ན་ཚོགས་ཀྱི་འཁོར་ལོ་ལ་ལྷན་ཅིག་ཏུ་འདུ་བར་བྱ་ཞེས་སྨྲ་བའི་དོན་ཅན་ཡིན་ནོ། །གལ་ཏེ་ཕྲེང་བ་རང་ལག་ཏུ་མངོན་པར་གཏད་པའམ་གཏད་པའི་ཚུལ་བྱས་ན་ཕྱག་རྒྱའི་དམ་ཚིག་ལ་མནོས་ཤིག་ཉམས་པ་མེད་པའི་བརྟུལ་ཞུགས་བཟང་པོ་ཅན་ཞེས་པའི་བརྡའོ། །འདུ་བ་དེ་ལ་གྲོང་ལ་སོགས་པའི་ཕྱི་རོལ་ཞེས་བརྗོད་པ་དུར་ཁྲོད་ལ་སོགས་པར་འདུ་བའམ། གནས་དང་ཉེ་གནས་སོགས་རྣལ་འབྱོར་པ་བཟང་པོའི་སྤྱོད་ཡུལ་དུ་གནས་པ་དག་ནི། རྣལ་འབྱོར་པ་དེ་ལ་གནས་གང་དུ་ལྷན་ཅིག་འདུ་བར་དབང་བའི་བརྡ་རྣལ་འབྱོར་མས་གང་


KMC011_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་སམ་གང་བསྟན་པ་དེ་ཐམས་ཅད་བསྒྲུབ་པར་བྱ་ཞེས་པའོ། །སྦས་དོན་དུ། རྣལ་འབྱོར་མ་ནི་རྩ་དབུ་མ། སྙིང་རྗེ་ཆེན་པོ་བདེན་གཉིས་དབྱེར་མེད། ཕྲེང་བ་ནི་རྣལ་འབྱོར་མ་བཅོ་ལྔའི་རྩ། ལག་པས་སྟོན་པ་དབང་ཡུལ་དབྱེར་མེད། གཏད་ནས་དམ་ཚིག་མནོས་པ་བདེན་གཉིས་དབྱེར་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ། བརྟུལ་ཞུགས་བཟང་པོ་དེ་ཉིད་རྣམ་པར་རྟོག་པས་མི་གཡོ་བ། ཕྱི་རོལ་ནི་དབང་ཡུལ་རྣམས་སྒྲིབ་མེད་དུ་སྣང་བ། བཟང་པོའི་སྤྱོད་ཡུལ་ཡེ་ཤེས་ཆེན་པོར་རོ་གཅིག་པ། འདུ་བ་ནི་བྱང་སེམས་དཀར་དམར་འདྲེས་པ། རྣལ་འབྱོར་མ་ནི་རྩ་སོ་གཉིས་ཀྱིས་བསྐྱེད་པའི་བདེ་སྟོང་ལྷན་སྐྱེས། གང་སྨྲས་བྱ་བ་ནི་ཆོས་ཐམས་ཅད་དེའི་རྣམ་རོལ་དུ་ཤེས་པར་བྱ་བའི་དོན་དུ་བཤད་དོ། །གསུམ་པ་ལ་གསུམ། ཞུས་ལན་གྱིས་མདོར་བསྟན་པ། ས་བཅུ་གཉིས་དང་སྦྱར་བ། གནས་ཀྱི་རྣམ་གྲངས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ཞུས་པ་དང་། ལན་མདོར་བསྟན་ནོ། །དང་པོ་ནི། ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་དུ་ལགས། ཞེས་གསུངས་ཏེ། རྡོ་རྗེ་སྙིང་པོས། ཀྱཻ་བཅོམ་ལྡན་འདས་ཞེས་བོས་ཏེ་དཔའ་བོ་


KMC011_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣལ་འབྱོར་མའི་ཚོགས་ལྷན་ཅིག་འདུ་བར་འགྱུར་བའི་གནས་དུ་ཡོད་པ་ལགས། ཞེས་གསོལ་བའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཙྪནྡོ་ཉེ་བའི་ཙྪནྡོདང་། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །ལན་དུ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེས་མདོར་བསྟན་པའི་ཚུལ་གྱིས་བཀའ་སྩལ་པ། དཔའ་བོ་དང་དཔའ་མོ་རྟག་ཏུ་བཞུགས་པས་གནས། རེས་འགའ་བཞུགས་པས་ཉེ་བའི་གནས། རྟག་ཏུ་ལོངས་སྤྱོད་པས་ཞིང་། རེས་འགའ་ལོངས་སྤྱོད་པ་ཉེ་བའི་ཞིང་། རྟག་ཏུ་ཁྲུས་བྱེད་པས་ཙྪནྡོ་ཧ། རེས་འགའ་ཁྲུས་བྱེད་པ་ལ་ཉེ་བའི་ཙྪནྡོ་ཧ་ཞེས་གོང་མ་རྣམས་འགྲེལ་ཡང་། ལོ་ཙཱ་བ་རྣམས་ཀྱིས་ཙྪནྡ་འདུན་པ་དང་ཨཱུ་ཧ་རྟོགས་པའི་བྱིང་དོན་ལས་འདུན་རྟོག་ཏུ་བསྒྱུར་བས་རྟག་ཏུ་བཀའ་འགྲོ་བ་དང་། རེས་འགའ་འགྲོ་བ་དང་འབྱོར་རོ། །དེ་བཞིན་རྟག་ཏུ་ཚོགས་ཀྱི་འཁོར་ལོ་ལ་ཚོགས་པ་འདུ་བ། རེས་འགའ་འདུ་བས་ཉེ་བའི་འདུ་བ། རྟག་ཏུ་བདེ་བ་ཆེན་པོའི་སྙོམས་པར་ཞུགས་


KMC011_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཐུང་གཅོད། རེས་འགའ་ཞུགས་པས་ཉེ་བའི་འཐུང་གཅོད། རྟག་ཏུ་རྣམ་པར་རྟོག་པ་སྤངས་པས་དུར་ཁྲོད་དང་། རེས་འགའ་སྤངས་པས་ཉེ་བའི་དུར་ཁྲོད་ཅེས་བྱ་བ་ཡིན་ནོ། །འདིར་ཉེ་བའི་དོན་སྔ་མ་ལས་ཆུང་བའི་དོན་ཏེ་གླིང་དང་ཉེ་བའི་གླིང་ལྟ་བུའོ་ཞེས་འགོས་ལོ་གཞོན་ནུ་ཞབས་བཞེད། བཀྲས་རྣམ་ཞབས་ཀྱིས། དེ་ལྟར་འཆད་པ་ནི་ལེགས་པ་མ་ཡིན་ཏེ་གནས་སོགས་ལས་ཉེ་གནས་སོགས་དམན་པར་འགྱུར་ཏེ། དེ་ལྟ་ན་ས་དང་སྦྱོར་བའི་ཚེ་ས་དང་པོ་ལས་གཉིས་པའི་ཡོན་ཏན་དམན་པར་འགྱུར་བ་དང་། ཉེ་ཚིག་སྦྱར་བའི་དོན་ཕྱིན་ཅི་ལོག་ཏུ་སོང་བའི་ཕྱིར་རོ། །དེས་ན་ཉེ་ཚིག་ནི་ལྷག་པའི་དོན་དུ་བཤད་དེ། སྤྱིར་དཔའ་བོ་མཁའ་འགྲོ་བཞུགས་པའི་གནས་དང་། ལྷག་པར་བཞུགས་པ་ཉེ་བའི་གནས་སོགས་སུ་འཆད་དོ། །ནང་དོན་ལྟར་བཤད་ན། རྩའི་གཙོ་མོ་སུམ་ཅུ་རྩ་གཉིས་ལས་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་ལ་བཤད་དེ། ཐིག་ལེ་རྒྱུན་དུ་གནས་པས་གནས་དང་། རེས་འགའ་གནས་པས་ཉེ་བའི་གནས་དང་། བདེ་བ་ལ་ལོངས་སྤྱོད་པས་ཞིང་དང་། རེས་འགའ་ལོངས་སྤྱོད་པས་ཉེ་བའི་ཞིང་


KMC011_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྣམ་རྟོག་འཁྲུད་པའི་ཁམས་འདྲེས་པས་ཙྪནྡོ་ཧ་དང་། རེས་འགའ་འདྲེས་པས་ཉེ་བའི་ཙྪནྡོ་ཧ་དང་། བདེ་སྟོང་སྐྱེ་བའི་ས་ལ་འདུ་བ་དང་། རེས་འགའ་སྐྱེ་བའི་ས་ལ་ཉེ་འདུ་དང་། དཀར་དམར་འདྲེས་པའི་ས་ལ་འཐུང་གཅོད་དང་། རེས་འགར་འདྲེས་པའི་ས་ལ་ཉེ་བའི་འཐུང་གཅོད་དང་། བྱང་ཆུབ་ཀྱི་སེམས་དང་རྣམ་རྟོག་སྤོང་བའི་ས་ལ་དུར་ཁྲོད་དང་། རེས་འགའ་སྤོང་བའི་ས་ལ་ཉེ་བའི་དུར་ཁྲོད་དེ། འདི་རྣམས་སུ་རླུང་འགག་པས་ས་བཅུ་གཉིས་ཀྱི་དབང་ཕྱུག་ཐོབ་བོ། །གཉིས་པ་ས་བཅུ་གཉིས་དང་སྦྱར་བ་ནི། འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདིས་ནི་གཞན་གྱིས་བརྗོད་མི་བྱ། །ཞེས་གསུངས་ཏེ། གནས་ལ་སོགས་པ་འདི་རྣམས་རབ་དགའ་ལ་སོགས་པ་ས་བཅུ་གཉིས་སུ་འགྱུར་ཏེ། སློབ་དཔོན་སྦྱང་དཀའ་ཟླ་བས་ཀཽ་མུ་དཱིར། གནས་ནི་རབ་ཏུ་དགའ་བའི་ས། །བདེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །འོད་འཕྲོ་ཅན་ནི་ཉེ་བའི་ཞིང་། །ཙྪནྡོ་ཧ་ནི་སྦྱང་དཀའ་བ། །ཉེ་བའི་ཙྪནྡོ་མངོན་དུ་གྱུར། །རིང་དུ་སོང་བ་མི་གཡོ་བ། །གཉིས་ནི་འདུ་དང་ཉེ་འདུ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཆོས་


KMC011_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཉེ་བའི་དུར་ཁྲོད་ཅེས། །འཐུང་གཅོད་དཔེ་མེད་དེ་བཞིན་དུ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཅན། །ཞེས་ས་དང་གནས་སོགས་སྦྱར་བ་ལྟར་ལ། འདི་དག་བགྲོད་ཅིང་དབང་དུ་གྱུར་པས་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་དང་། མགོན་པོ་དེ་བཞིན་གཤེགས་པ་ཉིད་དེ་བྱང་སེམས་ཀྱི་ས་བཅུ། སངས་རྒྱས་ཀྱི་ས་གཅིགལས་དང་པོ་པའམ་མོས་སྤྱོད་ཀྱི་ས་བཅས་བཅུ་གཉིས་མཚོན་ཅིང་ངེས་དོན་དུ་ས་དེ་རྣམས་གནས་ལ་སོགས་པ་ཡིན་པས། འདིའི་མིང་གིས་ནི་བརྗོད་པར་བྱ་ཡིས། ས་ལ་སོགས་པ་མིང་གཞན་གྱི་སྒོ་ནས་བརྗོད་པར་མི་བྱ་ཞེས་སམ། ཚུལ་འདི་ཉིད་བླ་མེད་ཀྱི་ཐེག་པ་འདིས་ནི་བརྗོད་པ་སྟེ་བཤད་པ་ཡིན་གྱི། གཞན་གྱིས་དེ་ལྟར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་སོ། །གསུམ་པ་གནས་ཀྱི་རྣམ་གྲངས་རྒྱས་པར་བཤད་པ་ལའང་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། ཀྱེ་བཅོམ་ལྡན་འདས་གནས་ལ་སོགས་པ་གང་ལགས། ཞེས་གསུངས་ཏེ། སེམས་དཔའ་ཆེན་པོས་གསོལ་བ། ཀྱེ་བཅོམ་ལྡན་འདས་གནས་ལ་སོགས་པ་མདོ་ཙམ་དུ་བསྟན་པ་དེ་རྣམས་གང་དང་གང་ལགས་ཞེས་རྒྱས་བཤད་མཛད་པར་ཞུས་པའོ། །


KMC011_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ནི་ཛཱ་ལནྡྷ་རར་བཤད། །དེ་བཞིན་དུ་ནི་ཨཽ་ཌན་ཉིད། །གནས་ནི་ཀོལླ་གི་རི་ཉིད། །དེ་བཞིན་དུ་ནི་ཀཱམ་རཱུ་ཉིད། །ཉེ་གནས་མཱ་ལ་ཝ་ཞེས་བརྗོད། །སིནྡྷུ་ན་ག་ར་ཉིད་དོ། །ཞིང་ནི་མུམ་མུ་ནིར་བཤད་དེ། །ཞིང་ནི་བྱེད་པའི་བྲང་ཉིད་དོ། །དེ་ཝཱི་ཀོ་ཊི་དེ་བཞིན་ཞིང་། །ཞིང་ནི་ལྕགས་པའི་བྲང་ཉིད་དོ། །ཉེ་ཞིང་ཀུ་ལུ་ཏ་ཞེས་བརྗོད། །དེ་བཞིན་ཨཱརྦུ་ད་ཉིད་དོ། །བ་ཡི་མཆོག་སྦྱིན་ཁ་བའི་རི། །ཉེ་བའི་ཞིང་ནི་མདོར་བསྡུས་པའོ། །ཙྪནྡོ་ཧ་རི་ཀེ་ལ་དང་། །ལན་ཚྭ་རྒྱ་མཚོའི་ནང་སྐྱེས་དང་། །ལམྦ་ཀཱ་དང་ཀཱཉྩི་ཉིད། །དེ་བཞིན་སཽ་རཱཥྚ་ཉིད་དོ། །ཉེ་བའི་ཙྪནྡོ་ཀ་ལིངྐ། །གསེར་དང་ལྡན་པའི་གླིང་དང་ནི། །ཀོངྐ་ན་ཡང་ཉེ་ཙྪནྡོར། །མདོར་བསྡུས་པས་ནི་བརྗོད་པར་བྱ། །འཐུང་གཅོད་གྲོང་ཁྱེར་གྱི་དང་ཡང་། །འཐུང་གཅོད་གྲོང་གི་མཐར་གནས་པ། །ཙ་རི་ཏྲ་དང་ཀོ་ས་ལ། །བིནྡྷྱ་གཞོན་ནུའི་གྲོང་ཁྱེར་རོ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཉེ་བའི་འཐུང་གཅོད་དེ་ཉེ་བའོ། །དུར་ཁྲོད་རབ་སོང་དགེ་འདུན་དང་། །དུར་ཁྲོད་རྒྱ་མཚོའི་འགྲམ་ཉིད་དོ། །སྐྱེད་ཚལ་ར་བའི་རྫིང་བུའི་འགྲམ། །ཉེ་བའི་དུར་ཁྲོད་


KMC011_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ། །ཞེས་གསུངས་ཏེ། ཞུས་པའི་ལན་བཅོམ་ལྡན་འདས་ཧེ་རུ་ཀས་རྒྱས་པར་བཀའ་སྩལ་པ། ཕྱི་རོལ་ནས་རྒྱ་གར་རྡོ་རྗེ་གདན་གྱི་ཕྱོགས་མཚམས་དང་། ནང་གི་གནས་རྣམས་རྩ་དབུ་མའི་ཕྱོགས་བཅུར་བསྐོར་ནས་ཡོད་པ་སྟེ། དེའང་རྒྱུད་འདིར་སྡེ་ཚན་བཅུ་ལ་རྣམ་གྲངས་སུམ་ཅུ་རྩ་གཉིས་སུ་རྣམ་པར་བཞག་པའི། དང་པོ་གནས་ཀྱི་རྣལ་འབྱོར་དབྱེ་བ་ནི་བཞི་སྟེ། ཕྱི་རོལ་དུ་ཛཱ་ལནྡྷཱ་ར་དྲ་བའམ་འབར་བ་འཛིན་ཅེས་བྱ་བ་དེ་ནི་ནང་དུ་སྤྱི་གཙུག་གི་རྩ་ཕྲ་གཟུགས་མ་ལ་བཤད་དོ། །ཕྱི་ནང་སྦྱོར་ཚུལ་དེ་བཞིན་དུ་འགྲེས་སུ་བྱས་ཏེ། ཨོ་ཌན་འཕུར་འགྲོ་སྟེ་ཨོ་རྒྱན་ཉིད་ནི་རྣ་བ་གཡས་ཀྱི་རྩ་རྩེ་བ་མ་ཉིད་དང་། ཕྱི་རོལ་གནས་ནི་ཀོལླ་གི་རིའམ། པུལླཱི་ར་མ་ལ་ཡ་སྟེ། པུརྞ་གི་རི་གང་བའི་རི་ཉིད་ནི་འཚོགས་མ་མི་ཕྱེད་མ་ཉིད་དང་། དེ་བཞིན་དུ་ཡང་ཀཱ་མ་རཱུ་པ་འདོད་གཟུགས་ཉིད་ནི་མཆན་ཁུང་སྐྱོན་མ་ཉིད་དོ། གཉིས་པ་ཉེ་བའི་གནས་ཀྱང་གསུམ་སྟེ། མཱ་ལ་ཝ་ཕྲེང་བ་ཅན་ཞེས་བརྗོད་པ་ནི་དཔུང་མགོའི་དབང་མ་དང་། སིནྡྷུ་སྟེ་རྒྱ་མཚོའམ་ཆུ་བོ་སིནྡྷུ་འབབས་པའི་ཡུལ་ནི་རྐང་བོལ་གྲུབ་མ་དང་། ན་ག་ར་གྲོང་ཁྱེར་ཅེས་རྒྱ་གར་


KMC011_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དབུས་ནི་སོར་མོའི་སྡུ་གུ་མ་ཉིད་དོ། །གསུམ་པ་ཞིང་ནི་བཞི་སྟེ། མུམ་མུ་ནིར་གྲགས་པ་རྒྱ་མཚོའི་འགྲམ་ན་ཡོད་པར་བཤད་པའམ། ཏྲི་ཤ་ཀུན་དགེ་མཚན་གསུམ་པར་བཤད་པ་དེ་ནི་ལྟེ་བའི་རྩ་མ་མོ་དང་། དེ་བཞིན་དུ་ཞིང་གཞན་བྱེད་པའི་བྲང་ཁང་སྟེ་གླིང་ཕྲན་ཞིག་དང་པྲེ་ཏ་པུ་རིར་ཡང་འདོད་པ་དེ་ནི་མཚན་མ་གཟུགས་ཅན་མ་དང་། དེ་ཝཱི་ཀོ་ཊི་ལྷ་མོ་མཁར་ནི་སྔ་མ་དེ་བཞིན་དུ་ཞིང་གསུམ་པ་མིག་གཉིས་སྒོམ་པ་མ་ཡིན་ལ། ཞིང་བཞི་པ་ནི་ཀརྨཱ་ར་པ་ཊ་ཀཾ་ལྕགས་པའི་བྲང་ཁང་ནི་སིངྒ་ལའི་གླིང་ངམ་རསྨི་ཤྭ་ར་སྟེ་དགའ་བའི་དབང་ཕྱུག་ཏུ་གྲགས་པ་སྨིན་དབུས་རུས་སྦལ་སྐྱེས་མའོ། །བཞི་པ་ཉེ་བའི་ཞིང་ཡང་བཞི་སྟེ། ཀུ་ལུ་ཏཱ་རྣམ་རྟོག་འཇོམས་པ་ནི་པུས་མོ་ཡིད་བཟང་མ་ཞེས་བརྗོད་པ་དང་། དེ་བཞིན་དུ་ཨཱརྦུ་ད་ཆུ་བུར་ཅེས་པ་ཉིད་ནི་ལྟག་རྩ་གཡོན་པ་མ་དང་། གོ་དཱ་བ་རི་སྟེ་བ་ཡི་མཆོག་སྦྱིན་ནི་རྣ་བ་གཡོན་པ་ཐུང་ངུ་མ་དང་། ཧི་མ་གཱི་རི་ཁ་བའི་རིའམ་གངས་ཅན་ནི་ལྒང་རྩ་རང་པ་མ་རྣམས་ཉེ་བའི་ཞིང་ནི་མདོར་བསྡུས་པའོ། །ལྔ་པ་ཙྪནྡོ་ཧ་ཡང་བཞི་ལས། ཧ་རི་ཀེ་ལ་སེང་གེའི་གངས་ནི་གྲྀ་ཧ་དེ་ཝ་ལྷའི་ཁྱིམ་དུ་གྲགས་པ་སྟེ་བཤང་ལམ་སྤྱི་མ་


KMC011_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལན་ཚྭ་རྒྱ་མཚོའི་ནང་སྐྱེས་ནི་ཁ་ཅིག་གིས་ཙནྡྲ་དྭཱི་པ་སྟེ་ཟླ་བའི་གླིང་དུ་བཤད་པ་དང་། ཁྱབ་འཇུག་གིས་བྱས་པའི་སྐུ་དང་ཉེ་བའི་གླིང་ཕྲན་དུ་བཤད་པ་སོགས་མཆིས་ཀྱང་སློབ་དཔོན་ཤཱནྟི་པས་སྔ་མའི་བྱེ་བྲག་ཏུ་གསུངས་པས་ཟུར་དུ་མི་འདྲེན་ལ། ལམྦ་ཀ་འཕྱང་བ་ཅན་ནི་མགྲིན་པའི་ཚ་བ་མ་དང་། ཀཱཉྩི་གསེར་ཅན་ནི་བྲང་གཞུང་གཞོལ་མ་ཉིད་དང་། དེ་བཞིན་དུ་སཽ་རཱཥྚ་ཡུལ་འཁོར་བཟང་པོ་བརླ་རྩ་རྒྱུ་སྦྱིན་མ་ཉིད་དོ། །དྲུག་པ་ཉེ་བའི་ཙྪནྡོ་ཡང་གསུམ་སྟེ། ཀ་ལིངྐ་སུམ་ཚན་ནི་ཁའི་རྩ་བསིལ་སྦྱིན་མ་དང་། གསེར་དང་ལྡན་པའི་གླིང་སུ་ཝརྣ་དྭཱི་པར་གྲགས་པ་ནི་བྱིན་པ་སྦྱོར་བྲལ་མ་དང་ནི། གསུམ་པ་རང་བྱུང་གི་རྟེན་ཡོད་པའི་ཡུལ་ཀོངྐ་ནའམ་ཨོ་ཊེ་ཞེས་བྱ་བ་ཡང་ནུ་མའི་རྩ་མཇུག་མ་སྟེ་དེ་ལྟར་ཉེ་བའི་ཙྪནྡོ་ཧར་མདོར་བསྡུས་པས་ནི་བརྗོད་པར་བྱའོ། །དེ་ལ་ཉེ་ཞིང་དང་འདིའི་སྐབས་མདོར་བསྡུས་ཞེས་གསུངས་ན། རྒྱས་པར་བསྟན་པ་གཞན་ཡོད་དམ་ཞེ་ན། ཡོད་དེ། དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་དང་མཁའ་འགྲོ་རྒྱ་མཚོར་གནས་ལ་སོགས་པའི་དབྱེ་བ་བཞི་བཅུ་རྩ་བརྒྱད་གསུངས་ཤིང་། འདི་ཉིད་ཀྱི་བཤད་རྒྱུད་སམྦུ་


KMC011_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཊིར། འདི་དང་ཆ་འདྲ་བ་ལས་རྒྱས་པར་བྱུང་བ་ལ། སློབ་དཔོན་ཨ་བྷ་ཡཱས་མན་སྙེར་སོ་ལྔར་བཤད། ཕྱག་རྒྱ་ཆེན་པོ་ཐིག་ལེར་སུམ་ཅུ་སོ་དྲུག་དང་། ཡེ་ཤེས་ཐིག་ལེར་འདི་དང་ཁྱད་པར་ཆེ་བ་ལ་གྲངས་མཚུངས་ཀྱང་གསུངས་པ་རྣམས་ལ་དགོངས་སོ། །བདུན་པ་འཐུང་གཅོད་ཀྱི་བྱེ་བྲག་དྲུག་ཁ་སྦྱོར་དྲི་མེད་ལས་བཤད་དེ། གྲོང་ཁྱེར་གྱི་ངོས་འཛིན་པ་པ་ཊ་ལི་པུ་ཏྲ་སྐྱ་སྣར་བུར་ཤཱནྟི་པའི་བཞེད་པ་ནི་ལུས་ཀུན་ནམ་ཕྲག་པའི་རྩའི་འཁོར་ལོ་དང་། ཡང་གི་སྒྲས་འཐུང་གཅོད་གྲོང་གི་མཐར་གནས་པ་མོན་ཡུལ་ནི་རྐེད་པའམ་རྐང་མཐིལ་ལམ་པགས་པ་ལ་སོགས་པ་དང་། ཙཱ་རི་ཏྲ་སྤྱོད་པ་པོ་ནི་སོར་མོའམ་རྩ་ཐམས་ཅད་འདུས་པ་དང་། ཡུལ་མཉན་ཡོད་ཀྱི་ས་ཀོ་ས་ལ་དགེ་བ་ཅན་ནི་སྣའི་རྩེ་མོ་དང་། བིནྡྱ་རི་བོ་འབིགས་བྱེད་ཀྱི་ནགས་ནི་པུས་མོ་གཉིས་དང་། རྒྱ་མཚོའི་གླིང་ཕྲན་དུ་བཤད་པ་ཀཽ་མཱ་རི་གཞོན་ནུ་མའི་གྲོང་ཁྱེར་ནི་གསང་བའི་ཕྱི་རིམ་འདུས་པའི་ནད་སྐྱེད་པའི་རྩའོ། །བརྒྱད་པ་ཉེ་བའི་འཐུང་གཅོད་ནི། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། ཞེས་བོས་ནས། ཉེ་བའི་འཐུང་གཅོད་ཀྱང་འཐུང་གཅོད་དྲུག་པོ་དེ་དང་ཉེ་བའི་ས་འཁོར་དྲུག་ཏུའོ། །ཞེས་


KMC011_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འདུ་བར་རྫོགས་པའི་ཚིག་གིས་གསུངས་པས་ལོགས་སུ་མི་འདྲེན་ནོ། །དགུ་པ་དུར་ཁྲོད་གཉིས་ནི། དུར་ཁྲོད་རབ་སོང་དགེ་འདུན་ཞེས་འདུས་པ་ལ་དགེ་འདུན་དུ་བརྗོད་ཀྱང་། འགྱུར་གཞན་དུ། ཅོག་གྲུ་དང་དགེ་བློས། དུར་ཁྲོད་རོ་ཡི་ཚོགས་དང་ལྡན། ཞེས་དང་། འགོས་ཀྱིས། དུར་ཁྲོད་ཡི་དྭགས་འདུས་པ་སྟེ། །ཞེས་སྐད་དོད་དོན་མཐུན་དུ་བྱུང་བ་ལེགས་ཏེ། གང་དུ་སྲོག་སོང་བའི་ཡི་དྭགས་རོའི་ཚོགས་དང་ལྡན་པའོ་ཞེས་སྟོན་པས་སོ། །དོན་ལ་རོ་བཞི་ཡན་ཆད་འདུས་ཤིང་འབྱུང་པོའམ་ཡི་དྭགས་མང་པོ་ཚོགས་པ་སྟེ་ནང་དུ་བྱིན་པའོ། །ཡང་དུར་ཁྲོད་བརྒྱད་པོ་རྒྱ་མཚོའི་འགྲམ་མིའམ་ཅིའི་གནས་སུ་ཡོད་པ་ཉིད་དང་དབང་པོའི་སྒོ་བརྒྱད་དོ། །བཅུ་པ་ཉེ་བའི་དུར་ཁྲོད་ནི། གྲོང་ཁྱེར་ཆེན་པོ་རྣམས་ཀྱི་སྐྱེད་མོས་ཚལ་གྱི་ར་བའི་འགྲམ་དང་། རྫིང་བུའི་འགྲམ་རྣམས་སུ་རོ་དུ་མ་གནས་པའི་ས་ཕྱོགས་རྣམས་ལ་ཉེ་བའི་དུར་ཁྲོད་དུ་བརྗོད་པར་བྱའོ། །ནང་དུ་ནི། སྔ་མ་དུར་ཁྲོད་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །སྤྱིར་ཕྱིའི་གནས་སོ་གཉིས་རྣམས་ནང་གི་ལུས་གནས་སོ་གཉིས་དང་སྦྱར་བར་བྱ་བ་ཡིན་ཀྱང་། སྦྱོར་ཚུལ་རྒྱུད་འདིར་


KMC011_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་མ་གསུངས་པས་བཤད་རྒྱུད་ལ་ལྟོས་དགོས་ཤིང་། བཤད་རྒྱུད་སཾ་ཊིར་འདིར་བཤད་པའི་ཡུལ་ཕལ་ཆེར་ནང་རྩ་དང་སྦྱོར་ཡང་ཡོངས་རྫོགས་མ་གསུངས་པས། གཙོ་བོར་ཕྱག་ཆེན་ཐིག་ལེར་བསྟུན་དགོས་ཀྱང་དེའི་ཚུལ་ཅུང་ཟད་སྤྱི་དོན་དུ་བཤད་པ་ལས་ཤེས་པར་བྱ་དགོས་ལ། འདིར་སཾ་ཊི་དང་སྡོམ་པའི་རྒྱུད་ལྟོ་སྦྱར་ནས་ཀུན་མཁྱེན་རང་བྱུང་ཞབས་ཀྱིས་བཤད་པའི་རྗེས་སུ་འབྲངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འཁོར་ལོ་སྡོམ་པར་གནས་དང་ཉེ་བའི་གནས་སུ་བཞག་པ་དེ་དག་འདིར་ཞིང་དང་ཉེ་བའི་ཞིང་དང་། དུས་འཁོར་ལས། འཐུང་གཅོད་དུ་གསུངས་པ་འདིར་ཉེ་བའི་འཐུང་གཅོད་དང་། ཕྱག་ཆེན་ཐིག་ལེར་དུར་ཁྲོད་དུ་མཛད་པ་སོགས་འགལ་བ་མི་སྲིད་ཀྱི། འོན་ཀྱང་མཐའ་གཅིག་ཏུ་འཛིན་པ་བསལ་བ་དང་། སྐབས་ཐོབ་ཀྱི་གནས་གཅིག་ལ་སྡེ་ཚན་མང་དུ་འཇོག་པ་མི་འགལ་བ་ཉིད་དོ། །གཞན་ཡང་རྩ་བ་དང་འབྲས་བུའི་སྨིན་ཚུལ་སོ་སོ་ལ་དགོངས་པའང་ཡོད་དེ། དཔེར་ན་རྐང་པའི་བོལ་ལ་མིག་རྩ་འབྲེལ་བས་དེར་བཀུ་མཉེ་བྱས་ན་མིག་བདེ་བའི་ཕྱིར་བོལ་དང་མིག་གཉིས་སིནྡྷཱུར་བཤད་པ་དང་། རྣ་རྩ་ལྟེ་བར་


KMC011_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བས་དེར་བཀུ་མཉེ་བྱས་ན་རྣ་བ་བདེ་བར་འགྱུར་བས་ལྟེ་བ་དང་རྣ་བ་གཡོན་གོ་དཱ་བ་རིར་བཤད་པས་མཚོན་ནོ། །སོ་གཉིས་པོ་འདི་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ་དང་། འཛམ་བུ་གླིང་གི་གྲོང་བྱེ་བ་དང་ལྡན་པའི་ཡུལ་རེ་རེ་ལ་ཚང་བར་ཡོད་པ་དང་། བྱེ་བྲག་ཏུ་རྒྱ་གར་གྱི་ཡུལ་གྱི་ཕྱོགས་གང་དུ་ཡོད་པའི་ཚུལ་བཤད་པ་མི་འགལ་ཏེ། གནས་སྐབས་དགོས་པའི་དབང་ཐ་དད་ལ་གཟིགས་ཤིང་། ངེས་པའི་དོན་དུ་ཐམས་ཅད་བདེན་པར་མ་གྲུབ་པའོ། །ཕྱི་རོལ་གྱི་གནས་ལ་སོགས་པ་ལ་བོད་ཀྱི་བླ་མ་དག་གིས་ངོས་འཛིན་ཅི་རིགས་སུ་འབྱུང་ཡང་འདིར་སྤྲོས་པར་མ་བྱས་སོ། །བཞི་པ་དུས་སུ་ཚོགས་ལ་སྤྱོད་པའི་ཚུལ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྣལ་འབྱོར་མ་རྒྱུད་ཀྱེ་རྡོ་རྗེར། །རྣལ་འབྱོར་མ་ཡི་ལེགས་འདུ་བ། །ཉིན་པར་ཉིད་ཀྱང་བཤད་པར་བྱ། །ཞེས་གསུངས་ཏེ། འཁོར་ལོ་འདུ་བའི་དགོས་པ་ཡང་རང་གི་དངོས་གྲུབ་ཁོ་ནའི་ཆེད་དུ་མ་ཡིན་པར། སེམས་ཅན་ཀུན་གྱི་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་དོན་གྱི་ཕྱིར། ཐབས་ཤེས་


KMC011_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ལས་ཤེས་རབ་གཙོ་བོར་སྟོན་པ་རྣལ་འབྱོར་མ་རྒྱུད་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་འདི་ལས་ཚོགས་ཀྱི་འཁོར་ལོ་སོགས་ལ་ཞིང་སྐྱེས་སྔགས་སྐྱེས་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་གྱི་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་དཔའ་བོ་རྣམས་གནས་ཁྱད་པར་ཅན་དུ་ལེགས་པར་འདུ་བ་གང་ལ་རུང་བའི་ཉིན་པར་ཏེ་དུས་ཉིད་ཀྱང་བཤད་པར་བྱའོ། །ཞེས་གསུང་བར་ཞལ་གྱིས་བཞེས་ནས་མདོ་ཙམ་དུ་བསྟན་པའོ། །སྦས་དོན་དུ། རྣལ་འབྱོར་མ་ནི་རྩ་བཅོ་ལྔ། འདུ་བ་ནི་རླུང་སེམས་དྷཱུ་ཏིར་ཞུགས་པ། ཉིན་བར་ནི་བདེ་སྟོང་གི་ཡེ་ཤེས་ལ་བཤད་དོ། །གཉིས་པ་ལ་གཉིས། དུས་དངོས་དང་། དམ་ཚིག་གི་རྫས་སོ། །དང་པོ་ནི། ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། །དེ་བཞིན་དུ་ཡང་བརྒྱད་པ་ཉིད། །ཅེས་གསུངས་ཏེ། གོང་དུ་གསུངས་པའི་དུས་ཀྱི་ངེས་པ་འདྲི་བའི་ཆེད་དུ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཞེས་བོས་ནས། ཉི་མ་ཉིད་ཀྱང་གང་ལགས། ཞེས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡི་


KMC011_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་ཟླ་ཕྱེད་ནི་པྲེ་ཏ་ཞེས་པ་པྲ་དང་ཨི་ཏ་མཚམས་སྦྱར་བ་ལས། པྲ་རབ་དང་ཨི་ཏ་སོང་བ་སྟེ་དབུགས་སོང་བ་ཞེས་པ། ཟླ་བ་མར་ངོ་ལ་ཤི་བའི་མིང་གིས་བརྗོད་པའི་ཚེས་བཅུ་དྲུག་ནས་མགོ་རྩོམ་པས་མར་ངོ་ནི་ཡི་དྭགས་ཟླ་ཕྱེད། དེའི་བཅུ་བཞི་ཉེར་དགུ་དང་། དེ་བཞིན་དུ་ཡང་བརྒྱད་པ་ཉེར་གསུམ་ཉིད་ཀྱི་དུས་དེ་དག་གང་ཡང་རུང་བའོ། །ཡང་སྒྲས་ཚེས་བཅུ་དང་། ཡར་ངོའི་བརྒྱད་ལའང་བཟུང་བར་བཤད་ཅིང་། ཟླ་བ་ལ་གསུངས་པ་འདིས་ལོ་ལ་སོགས་པ་ཡང་རྟོགས་པར་བྱ་སྟེ། ཀུན་སྤྱོད་ལས། དགུན་ཟླ་འབྲིང་པོར་ཟླ་བ་ཡི། །བཅུ་པ་ལ་ནི་གུས་པས་མཆོད། །ཅེས་སོ། །འདིའི་ངེས་དོན་ནི། ཡི་དྭགས་ནི་རྣམ་རྟོག་འགྲིབ་ཅིང་འགགས་པའི་ཡེ་ཤེས་ཀྱི་ཕྱོགས། ཟླ་ཕྱེད་ནི་རྟོག་པ་ཟད་པ་ལྷན་སྐྱེས། བཅུ་བཞི་པ་ནི་རྟོག་པ་མཐའ་དག་ཟད་པ་དགའ་བྲལ། བརྒྱད་པ་ནི་རྟོག་པ་རགས་པ་འགགས་པ་དགའ་བ། ཚེས་བཅུ་ནི་རྟོག་པ་ཕལ་ཆེར་འགགས་པས་མཆོག་དགའོ། །གཉིས་པ་ནི། རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། །ལན་བདུན་པ་ཡང་བཟའ་བར་བྱ། །འབད་པས་སྙིང་རྗེ་བསྐྱེད་པ་ཡིས། །གསད་པར་བྱ་བར་


KMC011_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཉིད། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་བསྐྱེད་པ་ཉིད། །ཐམས་ཅད་གདུག་པ་གཞུག་པ་སྟེ། །ཆོ་གའི་གཙོ་བོས་དགག་པར་བྱ། །ཞེས་གསུངས་ཏེ། འདུ་བའི་དུས་ཀྱི་དམ་ཚིག་གི་རྫས་ནི་ཇི་ལྟ་བུ་ཡིན་ཞེ་ན། མིའི་འགྲོ་བ་གང་ཞིག་ཤིང་སྡོང་ལས་དཔྱངས་པ་རྒྱལ་མཚན་ལྟར་གྱུར་པ་འགགས་ནས་ཤི་བའམ། གསལ་ཤིང་ལ་བཙུགས་ཏེ་བསད་པ་དང་ནི། གཞན་ཡང་མཚོན་ཕན་ཚུན་བསྣུན་ཏེ་གཡུལ་དུ་འཐབ་ནས་ཤི་བ་ཉིད་དང་། མི་ནས་མིར་བར་མ་ཆད་དུ་ལན་བདུན་སྐྱེས་པ་ལ་གྲིབ་མ་བདུན་འབྱུང་བ་སོགས་ཀྱི་མཚན་མ་འོག་ནས་སྟོན་པ་ལྟར་སྐྱེ་བ་བདུན་པ་རང་ཤི་བའམ་གཞན་གྱིས་བསད་པའི་ཤ་དང་། ཡང་གི་སྒྲས་རྟ་གླང་ལ་སོགས་པ་རང་གིས་བསད་པ་མ་ཡིན་པའི་ཤ་ཡང་བཟའ་བར་བྱའོ། །བསད་པའི་གནང་བཀག་སྟོན་པ་ནི། རང་གིས་མངོན་སྤྱོད་སོགས་ཀྱིས་བསད་པའི་ཤ་བཟའམ་སྙམ་ན་མ་ཡིན་ཏེ། ཞིང་བཅུ་ཚང་བ་ལྟ་བུའི་གདུག་པ་ཅན་ནི་རྫས་སྔགས་སོགས་ཀྱི་ཆོ་ག་ལ་འབད་པས། གསད་བྱ་སྡུག་བསྔལ་རྒྱུ་བཅས་ལས་ཟློག་པའི་སྙིང་རྗེ་ཆེན་པོ་བསྐྱེད་པ་ཡིས། ཁ་སྦྱོར་འབྱེད་པའི་ཆོ་གས་གསད་


KMC011_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་བརྗོད་པ་ཉིད་ཡིན་ལ། དེའང་སྙིང་རྗེ་མེད་ན་རང་གཞན་གྱི་དོན་མི་འགྲུབ་པས་དེའི་ཕྱིར་གསད་བྱ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་སྨོན་ལམ་གདབ་པར་བྱས་ནས་བདེ་བ་ཆེན་པོ་དང་ལྡན་པའི་སྟོང་པ་ཉིད་ཀྱིས་སྐྱོན་དུ་མི་འགྱུར་བར་བྱའོ། །དེ་ལྟར་བཤད་པ་ཐམས་ཅད་ཀྱང་གདུག་པ་ཅན་གྱི་སེམས་ཅན་ཚར་གཅོད་པའི་དོན་དུ་བྱ་བ་སྟེ། ནག་པོ་པས། དཀོན་མཆོག་དང་བླ་མ་དང་དམ་ཚིག་ཅན་དང་སེམས་ཅན་ལ་གནོད་པ་ཞེས་བཤད་པ་ལྟར་ལས་དེས་ངན་སོང་དུ་གཞོལ་བ་རྣམས་ཀྱང་ཐབས་དེས་བདེ་འགྲོར་སྐྱེས་ནས་བསྟན་པ་ལ་གཞུག་པའི་ཆེད་དུ་སྟེ། དེ་ལྟ་མིན་ན་གསད་པའི་ཆོ་ག་དྲག་པོ་དཔའ་བོ་དཔའ་མོ་གཞན་གྱིས་བྱེད་པ་མཐོང་ན། གཙོ་བོར་གྱུར་པས་བྱེད་དུ་མི་གཞུག་པར་དགག་པར་བྱའོ། །འདིར་རང་བྱུང་ཡབ་སྲས་སོགས་ཀྱིས་སྐྱེ་བ་བདུན་པའི་ཤ་རང་བཞིན་གྱིས་མ་རྙེད་ན། ཟོས་ཚད་ངན་སོང་དུ་མི་འགྲོ་བ་སོགས་ཀྱི་དགོས་པ་དང་ལྡན་པས་སེམས་ཅན་གཞན་དང་དེ་ལ་སྙིང་རྗེའི་དབང་གིས་མངོན་སྤྱོད་བྱེད་པའི་དོན་དུ་འཆད་དོ། །འདིའི་ངེས་པའི་དོན་ནི། དཔལ་ནཱ་རོ་པས་བཤད་པའི་དོན་འཁོར་ལོ་གཉིས་


KMC011_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫོགས་རིམ་སྟེ། ཧཾ་བྱང་ཆུབ་སེམས་ཀྱི་རྒྱལ་མཚན་ལ་ཨ་ཐུང་ངུའི་མཚོན་གྱིས་བསྣུན་པས་ལན་བདུན་པ་ནི་བྱང་ཆུབ་ཀྱི་སེམས་འབབ་པ་སྟེ། དེ་ཡང་ཟས་ཟོས་པས་ཆུ་སེར་དང་དེ་ཁྲག་དང་དེ་བཞིན་དུ་ཤ་དང་ཚིལ་དང་རུས་པ་དང་རྐང་སྟེ། དེ་བྱང་ཆུབ་ཀྱི་སེམས་སུ་འགྱུར་བས་སྐྱེ་བ་བདུན་པ་མཚོན་པར་བརྗོད་ལ། བཟའ་བ་ནི་དེ་ཉམས་སུ་མྱོང་བའོ། །སྙིང་རྗེའི་ངེས་དོན་ནི་ཀ་སུ་ཁ་སྟེ་བདེ་བ། རུ་ཎ་འགོག་པ་སྟེ་རླུང་འགག་ཅིང་བྱང་ཆུབ་ཀྱི་སེམས་བརྟན་པས་རྣམ་པར་རྟོག་པ་གསོད་པ་དང་ཆོ་གའི་གཙོ་བོ་བྱེད་བཅིང་དང་ཏིང་ངེ་འཛིན་ཡིན་ལ། འདིའི་རིམ་པས་ལས་ཀྱི་ཕྱག་རྒྱ་ལ་ཡང་སྦྱར་རོ། །ལྔ་པ་རྣལ་འབྱོར་དང་སྤྱོད་པ་ནི། དེ་ལ་འདི་ལྟར་བལྟ་བ་ཉིད། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་བརྟག་པར་བྱ། །མི་བྱ་ཅུང་ཟད་ཡོད་མ་ཡིན། །རྟག་ཏུ་མི་བཟའ་ཡོད་མ་ཡིན། །འདི་ལ་མི་བསམ་ཡོད་མ་ཡིན། །བཟང་ངན་མི་སྨྲ་གང་ཡང་མེད། །ཇི་ལྟར་བདག་ཉིད་དེ་ལྟར་གཞན། །དེ་བཞིན་བདག་ནི་ང་མཆོག་ཉིད། །འདི་ལྟར་སེམས་དཔའི་རྣལ་འབྱོར་བདག །བཟའ་དང་བཏུང་བ་ལ་སོགས་སྤྱད། །ཡན་ལག་ཇི་སྙེད་བསྒྱུར་བ་


KMC011_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཚིག་རྣམས་རབ་ཏུ་རྒྱས་པ་ཉིད། །ཧེ་རུ་ཀ་དཔལ་གནས་བཞུགས་པས། །དེ་སྙེད་སྔགས་དང་ཕྱག་རྒྱ་ཡིན། །ཅེས་གསུངས་ཏེ། དེ་ལ་སྤྱོད་པ་བྱེད་པའི་རྣལ་འབྱོར་པས་འདི་ལྟར་རྟོགས་པ་དང་རྗེས་སུ་མཐུན་པར་ལྟ་བར་བྱ་བ་ཉིད་དེ། དུས་ཉིན་མོ་སྣང་བ་དང་དེས་མཚོན་པར་རང་ཉིད་ཐབས་བཅོམ་ལྡན་འདས་རྡོ་རྗེ་ཅན་ཀྱེའི་རྡོ་རྗེ་བདེ་བ་ཆེན་པོ་དང་། མཚན་མོ་སྣང་མེད་དང་། རྣལ་འབྱོར་མ་ཤེས་རབ་བདག་མེད་མ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བརྟག་པ་སྟེ་མོས་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་སྤང་བླང་དང་བྲལ་བའི་ཕྱིར། མི་བྱ་བ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་ཏེ་གཅེར་བུ་ཐལ་བས་བྱུགས་པ་སོགས་སྣ་ཚོགས་པའི་སྤྱོད་པ་ལ་གནས་པ་དང་། དུས་རྟག་ཏུ་མི་བཟའ་བའི་དངོས་པོ་ཡོད་པ་མ་ཡིན་པས་ཤ་ལྔ་སོགས་བཟའ་ཞིང་དུག་བདུད་རྩིར་བྱེད་ལ། ཡེ་ཤེས་ཀྱི་རོལ་པ་ལས་འདི་ལ་མི་བསམ་པ་གང་ཡང་ཡོད་པ་མ་ཡིན་ཏེ། ཤེས་བྱའི་རྣམ་པ་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་བསམ་པ་དང་ལྡན་པས་སོ། །ངག་ཏུ་བཟང་བ་དང་ངན་པའི་གཏམ་མི་སྨྲ་བ་གང་ཡང་མེད་དེ།


KMC011_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སུ་རྣམ་པར་དག་པ་དང་ཐམས་ཅད་དོན་དང་ལྡན་པར་འགྱུར་བས་སོ། །ཇི་ལྟར་ན། བདག་ཉིད་ཀྱཻ་རྡོ་རྗེ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པའི་སྣང་བ་ལས་ཤར་བར་མོས་པ་བཞིན་དུ་སེམས་ཅན་གཞན་ཡང་དེ་ལྟར་བལྟ་བར་བྱའོ། །དེས་ན་རང་བཞིན་གཉིས་སུ་མེད་པར་རྟོགས་པ་དེ་བཞིན་དུ། བདག་ནི་ང་མཆོག་ཡིན་ཏེ། བདག་དང་བདག་མེད་ཀྱི་སྤྲོས་པ་ཞི་བ་དམ་པའི་བདག་ཉིད་ཀྱེའི་རྡོ་རྗེར་འགྱུར་བ་ཉིད་དོ། །འདི་ལྟར་སེམས་དཔའི་ཟུང་འཇུག་གི་རྣལ་འབྱོར་པ་བདག་ཉིད་ཆེན་པོས་བཟའ་བ་དང་བཏུང་བ་དང་། ལ་སོགས་པའི་ཁོང་ནས་ལུས་ངག་གི་སྤྱོད་ལམ་ཇི་སྙེད་པ་སྤྱད་དོ། །དེས་ན་ལུས་ཀྱི་ཡན་ལག་ལྔ་པོ་ཇི་སྙེད་བསྒྱུར་བ་དང་། ངག་གི་ཚིག་ཏུ་བརྗོད་པ་རྣམས་རབ་ཏུ་རྒྱས་པ་སྟེ་སྨྲ་བ་མང་པོ་བྱུང་བ་ཉིད་ཀྱི་དུས་སུ་ཡང་། ཧེ་རུ་ཀ་དཔལ་དང་ཐ་མི་དད་པའི་གནས་སུ་བཞུགས་ཤིང་སྤྱོད་པས། དེ་སྙེད་དུ་སྒོ་གསུམ་གྱི་བྱེད་པ་མཐའ་དག་བདེན་པ་གཉིས་པོ་རོ་གཅིག་པའི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་དུ་འགྱུར་བ་ཡིན་ནོ། །དེ་ལྟར་རྣལ་འབྱོར་གང་དང་ལྡན་པའི་སྤྱོད་པས་ངེས་དོན་གསལ་བར་བསྟན་


KMC011_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགོངས་པ་མ་ཡིན་པའི་བཤད་པ་ཉིད་དུ་རིག་པར་བྱའོ། །དྲུག་པ་ཡི་གེའི་དོན་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་གསུངས་ཏེ། གོང་དུ། ཧེ་རུ་ཀ་དཔལ་གནས་ཞུགས་པས། ཞེས་པའི་ཧེ་རུ་ཀ་དཔལ་གྱི་དོན་རྒྱས་པར་བཤད་པ་སྟེ། འདི་ནི་རྒྱུད་སྤྱིའི་ངེས་དོན་ཆེན་པོ་ཡིན་པས་ཚུལ་བཞིས་བཤད་ན། དང་པོ་ཡི་གེའི་དོན་ནི། ཤྲཱི་ཞེས་པ་འདོད་ཅིང་བསྟེན་པར་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཐེག་པ་མཆོག་གི་གོ་འཕང་དོན་དུ་གཉེར་བས་བསྙེན་པའི་གནས་སུ་གྱུར་པའོ། །ཧེ་ཡིག་གིས་ནི་ཧེ་རུ་རྒྱུ་སྟེ་སོགས་ཁོངས་ནས་ཆོས་ཐམས་ཅད་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་སྤངས་པས་སྟོང་པ་ཉིད་དོ། །རུ་ཡིག་གིས་ནི་རཱུ་པ་ཞེས་པ་འདིར་གཟུགས་ཏེ་གནས་པ་དང་འཇིགས་པའི་ཚོགས་ཐམས་ཅད་དང་བྲལ་བ། ཀ་ཡིག་གིས་ནི་ཀ་ཙི་ཏ་སྠི་ཏ་སྟེ། རྟག་པ་དང་ཆད་པའི་མཐའ་གཉིས་པོ་གང་དུའང་མི་གནས་པའོ་ཞེས་པ་སྟེ། འདི་ལ་ཁྲག་འཐུང་དུ་བརྗོད་པ་མི་ལེགས་ཞེས་ཀུན་མཁྱེན་བུ་སྟོན་འཆད་


KMC011_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གཉིས་པ་སྤྱིའི་དོན་ལྟར་འཆད་པ་རྒྱ་འགྲེལ་རྣམས་སུ་རྒྱས་པར་འབྱུང་ཡང་། ཤིན་ཏུ་གསལ་བ་ཁ་སྦྱོར་དྲི་མེད་ལས་བཤད་པའི་དོན་ལྟར་ན། ཧེ་ནི་སྟོང་པ་ཉིད་དེ་གང་གི་ཕྱིར་ན། རྒྱུ་དང་འབྲས་བུ་དང་ངོ་བོས་སྟོང་པར་མཚོན་པའི་སྒྲ་ཡིན་པའི་ཕྱིར་རོ། །རུ་ནི་མཚན་མ་མེད་པ་སྟེ་ཅིའི་ཕྱིར་ན། གཟུགས་ལ་སོགས་པ་ཕུང་པོ་དང་དངོས་པོར་འཛིན་པའི་རྣམ་པར་རྟོག་པའི་བཀོད་པ་དང་བྲལ་བའི་ཡེ་ཤེས་སྟོན་པའི་ཕྱིར་རོ། །ཀ་ནི་སྨོན་པ་མེད་པ་སྟེ། ཡེ་ཤེས་དེ་ཉིད་འཁོར་འདས་ཀུན་ལ་ཁྱབ་ཀྱང་སྐྱེ་འགག་གནས་གསུམ་དང་བྲལ་བས་གང་དུའང་མི་གནས་པའི་བདག་ཉིད་དུ་སྟོན་པའི་ཕྱིར་རོ། །ཤྲཱི་ནི་རྣམ་ཐར་སྒོ་གསུམ་དབྱེར་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མཚོན་པར་བྱེད་པར་བཤད་དོ། །གསུམ་པ་སྦས་པའི་དོན་ཀྱང་། དེ་ཉིད་ལས་བཤད་པ་གཙོ་བོར་བྱས་པ་སྟེ། ཤ་ཡིག་ཟླ་བ་དང་དཀར་ཆ། ར་ཉི་མ་དང་རྡུལ། ཨཱི་ཆུའི་རྣལ་འབྱོར་མའི་ས་བོན་རྣམས་ཚོགས་པས། བདེ་བ་དང་སྟོང་པའམ་ཐབས་དང་ཤེས་རབ་དབྱེར་མེད་ཤྲཱི་ཞེས་བྱ་བ་ཉིད་ཁྱད་གཞིར་བྱས། ཁྱད་ཆོས་ཧེ་དགྱེས་པའི་དོན་ཏེ་ཐབས་ཀྱི་རྡོ་རྗེ། རུ་


KMC011_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པའི་དོན་ཏེ་ཡུམ་གྱི་པདྨ། ཀ་བདེ་བ་ཆེན་པོ་སྟེ་སྙོམས་པར་ཞུགས་པས་མཆོག་ཏུ་མི་འགྱུར་བ་ལྷན་སྐྱེས་ཀྱི་དགའ་བ་མཚོན་པ་དང་། ཧེ་ཀུན་རྫོབ་དོན་དམ་དབྱེར་མེད་པའི་སྟོང་ཉིད། རུ་རྟོག་བྲལ་འོད་གསལ་བའི་ངང་ལས། ཀ་ཟུང་འཇུག་སྒྱུ་མ་ལྟ་བུའི་ལུས་འཁོར་འདས་གང་དུའང་མི་གནས་པ་སྟེ། སྔ་མ་འདོད་ཆགས་ཆོས་སྦས་དང་། ཕྱི་མ་ཀུན་རྫོབ་བདེན་སྦས་ཀྱི་དོན་ནོ། །བཞི་པ་མཐར་ཐུག་གི་དོན་ནི། ཤྲཱི་ཞེས་པ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཧེ་ཞེས་པ་ནི་རྒྱུ་དང་རྐྱེན་ལ་སོགས་པ་སྟོང་པ་ཉིད་ཀྱིས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རུ་ཞེས་པ་ནི་རྣམ་པར་རྟོག་པའི་ཚོགས་དང་བྲལ་བ་ཉིད་དུ་ཇི་སྙེད་པ་མཁྱེན་པ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཀ་ཞེས་པ་ནི་ཞི་བའི་མཐའ་གང་དུའང་མི་གནས་པས་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ་ཞེས་རྒྱལ་བ་རང་བྱུང་ཞབས་བཞེད་དོ། །བདུན་པ་བཟའ་བའི་རྣལ་འབྱོར་ནི། རྡོ་རྗེ་ཐོད་པའི་སྦྱོར་བ་ཡིས། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བར་བྱ། །སེམས་ཅན་དེ་དེའི་དབང་དུ་འགྱུར། །ཞེས་གསུངས་ཏེ། རྡོ་རྗེ་


KMC011_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དང་ཐོད་པ་བདེ་བ་སྐྱོང་བ་ཡིན་པས་བདེ་སྟོང་ཟུང་འཇུག་གི་བཟའ་བའི་རྣལ་འབྱོར་བཤད་པར་བྱའོ། །དེ་ཡང་དྲང་དོན་གྱི་དབང་དུ་བྱས་ན། རྒྱལ་མཚན་དང་མཚོན་བསྣུན་ལ་སོགས་པའི་དམ་ཚིག་གི་རྫས་རྣམས་བྱིན་གྱིས་བརླབ་པར་རྗེ་མར་པས་གསུངས་ཏེ། རླུང་མེ་ཐོད་པའི་ནང་དུ་དམ་ཚིག་གི་རྫས་ཤ་ལྔ་བདུད་རྩི་ལྔ་འབྲུ་གསུམ་དང་རྡོ་རྗེ་ཟླ་བའི་སྦྱོར་བས་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིར་བྱིན་གྱིས་བརླབས་ནས་སྤྱད་པས་གནས་བཞིའི་མཁའ་འགྲོ་མ་དབང་དུ་འདུ་བ་དང་། སྐྱེ་བོ་གང་དང་གང་རྣམས་ཀྱི་ཤ་ནི་རྣམ་པ་ལྔ་དང་། གོང་དུ་སྨོས་པ་རྣམས་ཏེ། དེ་དག་དེ་ཁོ་ན་ཉིད་ཤེས་པའི་མཁས་པས་བཟའ་བའི་དམ་ཚིག་གིས་བཟའ་བར་བྱས་པ་ལས་སེམས་ཅན་དེ་དག་ལ་གནོད་པར་མི་འགྱུར་ཞིང་དེ་དག་གི་སྟོབས་ཐོབ་པ་དང་། རྒྱལ་མཚན་སོགས་ཀྱང་ཕྱི་མ་རྡོ་རྗེ་ཐེག་པའི་སྐལ་པ་ཅན་དུ་འགྱུར་ཞིང་རང་ཉིད་ཀྱིས་རྗེས་སུ་བཟུང་བའི་དབང་དུ་ཡང་འགྱུར་རོ། །འདི་ཉིད་ཀྱི་མཁས་པ་ཞེས་བྱ་བའི་དོན་ཡང་ཡུལ་དབུས་ལ་སོགས་པ་ནས་ཤ་ལྔ་པོ་མི་ཟ་བའི་ཕྱིར་གསོད་པ་མེད་པས་བྱང་ཆུབ་ཀྱི་སྟོབས་བསྐྱེད་པའི་ཕྱིར་རྣལ་


KMC011_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཅན་གྱི་བཟའ་བ་ཡིན་ལ། ཤ་གཞན་དག་ནི་རྣལ་འབྱོར་ཅན་གྱིས་བཟའ་བ་མ་ཡིན་ཏེ། ཤ་ཟ་བ་པོ་ཡོད་ན་གསོད་པ་པོ་ཡོད་པའི་ཕྱིར། ཟ་བ་པོ་དང་གསོད་པ་པོ་ཐ་མི་དད་པར་གྲུབ་བོ། །དེའི་ཕྱིར་ན་རྣལ་འབྱོར་ཅན་གྱིས་ཤ་མི་ཟའོ་ཞེས་སྤྱན་རས་གཟིགས་ཀྱིས་གསུངས་སོ། །ནང་དོན་དུ་ནི། རང་ལུས་དང་གཞན་ལུས་ལ་བརྟེན་པའི་ཕྱག་རྒྱའི་གདམས་པ་སྟེ། དང་པོ་ལྟར་ན། རྡོ་རྗེ་ཨ་ཐུང་ངུའི་མེ་དང་། ཧཾ་ས་ཆུའི་རང་བཞིན་གྱི་ཐོད་པ་སྦྱོར་བས་སྐྱེ་བོ་གང་དང་གང་གི་གཟུང་འཛིན་གྱི་རྟོག་པ་རྣམས་བསད་པའི་སྟོབས་ཀྱིས་བདེ་བ་ཆེན་པོའི་ལོངས་སྤྱོད་དུ་འགྱུར་ཏེ། སེམས་ཀྱི་རྣམ་པར་རྟོག་པ་དེ་དག་ལ་དབང་ཐོབ་པར་འགྱུར་རོ། །གཉིས་པ་ལྟར་ན། ཐབས་འདུ་ཤེས་གསུམ་ལྡན་གྱི་རྡོ་རྗེ་དང་རྣམ་པར་སྦྱངས་པའི་ཤེས་རབ་ཀྱི་མཁའི་ཐོད་པ་བདེ་སྟོང་སྙོམས་པར་སྦྱོར་བ་ལས་ཕུང་སོགས་སུ་ཞེན་པའི་རྣམ་པར་རྟོག་བྲལ་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་འགྱུར་བ་ནི་ངེས་པའོ། །གསུམ་པ་ལེའུའི་མཚན་ནི། བརྡ་དང་གནས་གཏན་ལ་དབབ་པའི་ལེའུ་སྟེ་བདུན་པའོ།། །། ཞེས་གསུངས་ཏེ། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་གསང་བའི་


KMC011_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་དང་འདུ་བའི་གནས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཚིག་དོན་རྒྱ་ཆེར་གཏན་ལ་དབབ་པའི་ལེའུ་སྟེ་བདུན་པའི་འགྲེལ་པའོ།། །།བརྒྱད་པ་རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བའི་ལེའུ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། ཧེ་རུ་ཀའི་རྣལ་འབྱོར་ལ་གནས་པ་ལ་བརྡ་དང་གནས་ལ་སོགས་པ་བསྟན་པ་བཞིན་དུ་བདག་མེད་མའི་རྣལ་འབྱོར་པས་ཀྱང་མཚུངས་པར་བྱ་དགོས་པ་དང་། བརྡ་དང་དེའི་ལན་སོགས་ཀྱིས་འདུ་བའི་རྣལ་འབྱོར་མ་དེ་ལ་ཞིང་སྐྱེས་དང་ལྷན་སྐྱེས་གཉིས་ཡོད་པའི་ལྷན་སྐྱེས་མོ་དང་འདུ་བ་ཐོབ་པའི་རྒྱུ་ནི་རྣལ་འབྱོར་མའི་རིམ་གཉིས་གོམས་པ་གཙོ་བོར་གྱུར་པས། བརྡའི་ལེའུའི་རྗེས་སུ་རྣལ་འབྱོར་མ་འདུ་བའི་ལེའུ་འཆད་པར་འབྲེལ་ལོ། །མདོ་རྒྱས་ཀྱི་འགྲེལ་ནི། ཇི་ལྟར་རིགས་པའི་རྣལ་འབྱོར་མ། བསྐྱེད་དང་གནས་དང་ཞེས་པ་མངོན་བྱང་ལྔ་སོགས་བསྐྱེད་རྒྱུ་དང་། རྟེན་གཞལ་ཡས་ཁང་སོགས་གནས་རྒྱུ་རྣམས་ལེའུ་འདིར་རྒྱས་པར་གསུངས་པའོ། །བརྗོད་བྱ་ནི། རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་རིམ་པ་གསལ་བར་སྟོན་པ། རྗོད་བྱེད་ནི། གཞུང་གི་ལེའུའི་ཚོགས་སོ། །མངོན་པར་རྟོགས་པ་ནི། ཧེ་རུ་ཀ་དང་རྣལ་


KMC011_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་རྣམས་བསྒོམ་པ་གོང་གི་བརྡ་སོགས་དང་འབྲེལ་ཞིང་། སྦས་དོན་གྱི་འབྲེལ་ནི། རྩ་སོ་གཉིས་པོ་ལྷ་མོ་བཅོ་ལྔའི་ངོ་བོར་དག་པའི་དོན་དང་། རྩ་དེ་དག་ནི་ནང་གི་བྱང་སེམས་དགའ་བ་བཞིའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱེད་པའོ། །དགོས་པ་ནི། སྒྲུབ་པ་པོ་རྣམས་ཀྱིས་རིམ་གཉིས་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མྱུར་དུ་འགྲུབ་པའོ། །འདི་འཆད་པ་ལ་གསུམ། མཚམས་སྦྱོར་བ། རིམ་པ་གཉིས་ཀྱི་རྣལ་འབྱོར་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་རྣལ་འབྱོར་མའི་འཁོར་ལོ་བཤད་པར་བྱའོ། །ཞེས་གསུངས་ཏེ། བརྡའི་ལེའུ་བཤད་པའི་དེ་མ་ཐག་ཏུ། དེ་ནས་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་གྱི་བདག་མེད་མའི་རིམ་པ་གཉིས་ཀྱི་ཚུལ་ལ་བརྟེན་ནས། ཟག་པ་དང་བཅས་པའི་སྡུག་བསྔལ་ཡོངས་སུ་གཅོད་ཅིང་ཟག་མེད་ཀྱི་ལྷའི་འཁོར་ལོ་མངོན་སུམ་དུ་འཆར་བར་བྱེད་པ་གང་ཡིན་པ་དེ་བཤད་པར་བྱའོ་ཞེས་ཞལ་གྱིས་བཞེས་པ་ཉིད་དོ། །གཉིས་པ་ལ་གསུམ། བསྐྱེད་པའི་རིམ་པ་ཇི་ལྟར་བསྒོམ་པ། རིམ་པ་གཉིས་ཀྱི་མཚམས་སྦྱར་བ། རྫོགས་པའི་རིམ་པ་རྒྱས་


KMC011_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པའོ། །དང་པོ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པའོ། །དེའི་དང་པོ་ལ་གསུམ། འབྱུང་རིམ་སོགས་ལས་རྟེན་བསྐྱེད་པའི་མདོར་བསྟན། དེ་རྒྱས་པར་བཤད་པ། གཞལ་ཡས་ཁང་གདན་བཅས་བཤད་པའོ། །དང་པོ་ནི། ནམ་མཁའི་ཁམས་སུ་བྷ་ག་བསམ། །དབུས་སུ་རྣམ་པར་བསྒོམ་པ་ནི། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །ཅེས་གསུངས་ཏེ། སྒྲུབ་པ་པོ་གཙོ་བོར་བདག་མེད་མའི་བསྐྱེད་པའི་རིམ་པ་བསྒོམ་པར་འདོད་པས། གནས་དབེན་པར་དམ་ཚིག་གི་བྲིས་སྐུ་ལ་སོགས་པ་བཀྲམ་ནས་མཆོད་པར་བཤམས་ལ་སྔོན་འགྲོའི་ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས། དེ་ནས་སྲུང་འཁོར་གྱི་ནང་གི་ནམ་མཁའི་ཁམས་སུ་བྷ་གའི་སྒྲས་བརྗོད་པ་ཨེ་ལས་ཆོས་འབྱུང་གྲུ་གསུམ་པ་བསམ་ཞིང་དེའི་ནང་དུ་པཾ་ལས་པདྨ་དང་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཡང་སྒོམ་མོ། །དེའི་དབུས་སུ་རྣམ་པར་བསྒོམ་པར་བྱ་བ་ནི། ཆོས་ཀྱི་བརྡ་འཁོར་ལོ་དང་སྔོན་དུ་ཅི་རིགས་པར་དང་ལྷ་རྣམས་དང་ཇི་ལྟར་དང་འབྱུང་བ་ཉིད་ཅེས་པ་རྣམས་ཀྱིས་བསྟན་པའི་ས་ཆུ་མེ་རླུང་ལ་


KMC011_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རིམ་བཞིན་བསྒོམ་པར་བྱ་བའི་དོན་ཏོ། །ནང་ལྟར་ན། ནམ་མཁའི་ཁམས་ནི་ཕྱག་རྒྱའི་པདྨ། བྷ་ག་ནི་དགའ་བ་བཞིའི་ཡེ་ཤེས། བསམ་པ་ནི་ཐབས་ཤེས་སྙོམས་འཇུག །འཁོར་ལོ་ནི་དེའི་བདེ་བ། སྔོན་དུ་ཅི་རིགས་པ་ནི་རང་རིག་པའི་ངོ་བོ། ལྷ་རྣམས་ནི་བྱང་ཆུབ་ཀྱི་སེམས། ཇི་ལྟར་འབྱུང་བ་དེའི་ཞུ་བདེར་འོག་ཏུ་འཆད་པ་ལྟར་རོ། །འདིར་མཁས་གྲུབ་བཀྲས་རྣམ་ཞབས་ཀྱིས། འདིར་ཕལ་ཆེར་གྱིས། འཁོར་ལོ་གཞལ་ཡས་ཁང་དང་། སྔོན་དུ་ཅི་རིགས་པ་འབྱུང་རིམ་དང་། ལྷ་རྣམས་ཇི་ལྟར་འབྱུང་བ་ལྷ་མོ་བཅོ་ལྔ་ལ་བྱས་ནས། བསྐྱེད་རིམ་སྤྱིའི་མདོར་བསྟན་དུ་འཆད་པ་ནི་ལེགས་པར་མ་མཐོང་སྟེ། ཆོས་ཀྱི་བརྡས་སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་པ་དང་། དེ་མ་ཐག་ཏུ་བརྡ་བཀྲོལ་ནས་གསུངས་པའི་ཚིག་དོན་རྒྱང་དུ་བསྲིང་བར་གྱུར་པའི་ཕྱིར་རོ་ཞེས་གསུངས་སོ། །གཉིས་པ་ནི། འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པར་བྱིན་ཟ་དང་། །ལྷ་རྣམས་ཀྱིས་ནི་རླུང་ཆེན་དང་། །ཇི་ལྟར་སྒོམ་པ་པོ་འབྱུང་བའང་། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ཉིད། །ཅེས་གསུངས་ཏེ། གོང་དུ་ཆོས་ཀྱི་བརྡས་གསུངས་པའི་


KMC011_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཞེས་པ་སའི་དཀྱིལ་འཁོར་ཏེ། ལྃ་ལས་བྱུང་ཞིང་གྲུ་བཞི་རྡོ་རྗེས་མཚན་པ་དང་། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ནི་སྔོན་ཞེས་པས་བསྟན་པ་སྟེ། བཾ་ལས་བྱུང་བ་ཟླུམ་པོ་བུམ་པས་མཚན་པ་དང་། དེའི་སྟེང་དུ་ཅི་རིགས་པའམ་ཇི་ལྟར་རིགས་པར་ཞེས་པས་བསྟན་པ་བྱིན་ཟ་མེའི་དཀྱིལ་འཁོར་ཏེ། རཾ་ལས་བྱུང་བ་གྲུ་གསུམ་འབར་བས་མཚན་པ་དང་། དེའི་སྟེང་དུ་ལྷ་རྣམས་ཀྱི་ནི་ཞེས་པས་བསྟན་པའི་རླུང་ཆེན་གྱི་དཀྱིལ་འཁོར་ཏེ། ཡཾ་ལས་བྱུང་བ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ་དང་། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་དཀར་པོ་རྣམ་སྣང་གི་རང་བཞིན་ཅན་ཡང་བསྒོམ་པར་བྱའོ། །གོང་གི་ཇི་ལྟར་ཞེས་པས་བསྟན་པ་སྒོམ་པ་པོ་སྟོང་པ་ཉིད་ཀྱི་རང་བཞིན་སེམས་ཙམ་གྱི་སྣང་བའི་ནཱ་ད་འོད་ཟེར་ཅན་བསྒོམས་ནས། གོང་དུ་འབྱུང་བ་ཞེས་པས་བསྟན་པའང་ཆོས་འབྱུང་ལས་སྐྱེས་ཤིང་ནཱ་དའི་འོད་ཟེར་གྱིས་བསྐུལ་ནས་འབྱུང་རིམ་དང་འཁོར་ལོ་ཞུ་བ་ལས་བྱུང་བའི་རྟེན་གྱི་འཁོར་ལོ་གཞལ་ཡས་ཁང་ཉིད་སྒོམ་པའི་དོན་ཏེ། སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པའོ། །གོང་དུ་འབྱུང་བཞིའི་བརྡ་དེ་དག་ནི་རྒྱུ་མཚན་ལ་ཤཱནྟི་པས། འཁོར་ལོ་


KMC011_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ས་ལ་བརྗོད་དེ། དབང་ཆེན་གྱི་དཀྱིལ་འཁོར་ཞེས་བརྗོད་པའི་ཕྱིར་རོ། །ཆུ་ནི་སྔོན་ཞེས་པས་བསྟན་ཏེ། གསེར་གྱི་དཀྱིལ་འཁོར་གྱི་སྔོན་དུ་ཆུའི་དཀྱིལ་འཁོར་ཡིན་པ་དེ་བས་ནའོ། །ཇི་ལྟར་རིགས་པ་ཞེས་བྱ་བས་བྱིན་ཟ་མེ་ཉིད་བསྟན་ཏེ། རིག་པ་ནི་འདིར་ཡང་དག་པའི་ཡེ་ཤེས་ཡིན་ལ། དེ་དང་མེ་ཉིད་གསལ་བའི་རང་བཞིན་དུ་ཆོས་མཐུན་པའི་ཕྱིར་རོ། །ལྷ་རྣམས་ཀྱི་ནི་ཞེས་པས་རླུང་བསྟན་ཏེ། འདོད་ལྷ་འོག་མ་དག་གི་ཕ་མ་འཁྲིག་པའི་ཚེ་ཁུ་བ་མི་འབྱུང་བར་རླུང་ཙམ་ཞིག་འབྱུང་བ་ལས་ལྷ་དེ་དག་སྐྱེ་བའི་ཕྱིར་རོ་ཞེས་བཤད་དོ། །ནང་ལྟར་ན། འཁོར་ལོ་བཞི་མས་རིམ་ནས་ས་སོགས་འབྱུང་བ་བཞིར་བཤད་པའམ། ཐབས་ཤེས་སྦྱར་བའི་རེག་པ་སྲ་བས། བྱང་སེམས་གཤེར་བ་ཆུ། བསྐྱོད་པའི་དྲོད་མེ། གཡོ་བ་རླུང་དུ་བཤད་པ་དང་། དེའི་ཉམས་མྱོང་ནི་སྒོམ་པ་པོའོ། །རང་བྱུང་ཞབས་ཀྱིས་ཀྱང་། གོ་རིམ་དེ་ལྟར་སྒོམ་པ་ཅིའི་ཕྱིར་ཞེ་ན། ནང་གི་འཇིག་རྟེན་ཆགས་པའི་དུས་ཀྱི་རིམ་པ་དང་བསྟུན་ནས་བཤད་པ་སྟེ། དེ་ཡང་ནང་གི་འཇིག་རྟེན་ཆགས་པའི་དུས་སུ་ཡང་དེ་ལྟར་ཆགས་ཏེ། སྔོན་གྱི་ལས་ཀྱིས་རྒྱུ་བྱས་པ་ལ་


KMC011_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྒོ་ནས་གྲུབ་པའི་དུས་སུ་ཕ་མ་གཉིས་ཀྱིས། དང་པོ་རེག་པ་སྲ་བ་ས། གཤེར་བ་ཆུ། དྲོ་བ་མེ། གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་སུ་མྱོང་བའོ། །གནས་པའི་དུས་སུའང་འདོམ་པར་གྲུ་བཞི་སའི་དཀྱིལ་འཁོར། གསུས་པ་ཟླུམ་པོ་ཆུ། བྲང་གྲུ་གསུམ་མེ། དཔྲལ་བ་ཟླ་གམ་རླུང་། དབུའི་གཙུག་ཏོར་འཁོར་ལོའོ། །གཞན་དུ་ནི་ཕྱིའི་འཇིག་རྟེན་ཆགས་པ་དང་བསྟུན་པ་སྟེ། རྐང་པ། སུམ་མདོ། ལྟེ་བ། སྙིང་ག་སྟེ། དེ་བཞི་རླུང་དང་། མེ་དང་། ཆུ་དང་། ས་ཡིན་ནོ་ཞེས་གསུངས་སོ། །སྐབས་འདིར་རྒྱ་གཞུང་རྣམས་ལ་འགྲེལ་ཚུལ་མི་མཐུན་པ་མང་བས། བོད་ཕལ་ཆེར་མི་ཐུབ་ཟླ་བ་དང་མན་སྙེའི་རྗེས་སུ་འབྲང་། ཁ་ཅིག་མཚོ་སྐྱེས་ཞབས་ཀྱི་བཞེད་པ་བསྐྱར། འདི་ནི་སློབ་དཔོན་ཤཱནྟི་པས་བཤད་པ་ལྟར་ཏེ་རྒྱུད་ཚིག་ཐད་ཀར་གོ་བ་དང་ཀྱོག་བཤད་མ་དགོས་པས་ཤིན་ཏུ་ལེགས་སོ། །གསུམ་པ་ནི། འཕར་མ་གཉིས་དག་སྐྱོན་མེད་པ། །ཟེའུ་འབྲུ་ལས་ནི་གཅིག་འགྱུར་ཏེ། །གྲུ་གསུམ་གྱིས་ནི་ཕྱི་མར་བརྗོད། །དེ་དབུས་ཤི་བ་བཅོ་ལྔ་ཡི། །གདན་གྱི་བདག་ཉིད་རྣམ་པར་བསམ། །ཞེས་གསུངས་ཏེ། རྟེན་གྱི་འཁོར་ལོ་


KMC011_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ཇི་ལྟ་བུ་ཞེ་ན། གཞལ་ཡས་ཁང་གི་ནང་གི་དབུས་སུ་པདྨ་འདབ་མ་བཞི་པའམ་བརྒྱད་པ་རྡོ་རྗེའི་ཕྲེང་བས་བསྐོང་བ་ནང་གི་འཕར་མ་དང་། དེའི་ཕྱི་ཁྱམས་གཽ་རཱི་ལ་སོགས་པའི་གནས་ཕྱིའི་འཕར་མ་སྟེ་འཕར་མ་གཉིས་པ། ཡུམ་གྱི་བྷ་གའི་དག་པ་དང་ལྡན་ཞིང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་རྫོགས་པས་སྐྱོན་མེད་པའོ། །དག་པ་དེ་གཉིས་གང་ཞེ་ན། བྷ་གའི་ནང་གི་ཟེའུ་འབྲུ་དག་པ་ལས་ནི་འཕར་མ་གཅིག་སྟེ་ནང་མར་འགྱུར་ཏེ། ཕྱིའི་དབྱིབས་གྲུ་གསུམ་གྱིས་ནི་འཕར་མ་ཕྱི་མར་བརྗོད་པའོ། །གཞལ་ཡས་ཁང་དེའི་དབུས་ཏེ་ནང་དུ་ལྷ་གནས་སོ་སོར་ཤི་བ་སྟེ་རོ་བཅོ་ལྔ་ཡི་གདན་གྱི་བདག་ཉིད་ཉི་མའམ་ཟླ་བ་ལ་གནས་པ་རྣམ་པར་བསམ་པའི་དོན་ཏེ། དེའང་ཤཱནྟི་པ་དང་མན་སྙེ་ལས་ཟླ་གདན་དང་། མི་ཐུབ་ཟླ་བའི་རྗེས་འབྲང་དག་ཉི་གདན་དུ་བཞེད་དོ། །ནང་ལྟར་ན། འཕར་མ་ནང་མ་ནི་ཟེའུ་འབྲུ་སྟེ་རྩ་དབུ་མ། ཕྱི་མ་ནི་དབྱིབས་གྲུ་གསུམ་སྟེ་བདེ་བ་ཆེན་པོའི་འབྱུང་གནས་སུ་བཤད་དོ། །རང་བྱུང་ཞབས་ཀྱིས། པདྨའི་ལྟེ་བའི་ཟེའུ་འབྲུ་ལས་འཕར་མ་གཅིག་ཏུ་གྱུར་ཏེ་ཞེས་པ་ནང་གི་


KMC011_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་མ་དང་། ཆོས་འབྱུང་གྲུ་གསུམ་དང་ཉེ་བ་ན་པདྨའི་འདབ་མ་བརྒྱད་དེ། དེ་ནི་ཕྱིའི་འཕར་མར་བརྗོད་དོ། །ཞེས་གསུངས་སོ། །ཁ་ཅིག་གིས་འཕར་མ་ནི་རིམ་པའམ་གཉིས་བརྩེགས་ལ་འཇུག་པས་སྐབས་འདིར་ལྷ་གདན་གྱི་པདྨ་གཉིས་རིམ་གྱི་ནང་མ་འདབ་བཞི། ཕྱི་མ་འདབ་བརྒྱད་དུ་བཤད་ཀྱང་ཨ་བྷྱས་ཚུལ་དེ་བཀག་པར་སྣང་ངོ་། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་ལྔ། ལྷ་བསྐྱེད་པའི་ཆོ་གགནས་སོ་སོར་འགོད་ཚུལ། ལྷ་རྣམས་ཀྱི་མངོན་རྟོགས། དེ་བསྒོམ་པའི་ཕན་ཡོན། ཡན་ལག་དྲུག་སྒོམ་ཚུལ་ལོ། །དང་པོ་ལ་གཉིས། གཙོ་འཁོར་ཐུན་མོང་གི་བསྐྱེད་ཆོག་དང་། སོ་སོའི་རྣམ་དབྱེ་བཤད་པའོ། །དེའི་དང་པོ་ལའང་གཉིས། མངོན་བྱང་ལྔའི་བསྐྱེད་ཆོག་དང་། དེ་ཉིད་ཡེ་ཤེས་ལྔར་འཇོག་ཚུལ་ལོ། དང་པོ་ནི། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཟླ་བ་ཉི་མ་འདུས་པ་ལས། །དཀར་མོ་ལ་སོགས་རབ་ཏུ་གྲགས། །ཞེས་གསུངས་ཏེ། རོ་གདན་བཅོ་ལྔ་


KMC011_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེའི་སྟེང་དུ་ཟླ་བ་སྒོམ་པ་ཡིན་ལ། ཟླ་བའི་སྟེང་དུ་ལྷ་སོ་སོའི་ས་བོན་ལས་བྱུང་བའི་ཕྱག་མཚན་ས་བོན་གྱིས་མཚན་པ་ཉིད་སྒོམ་ཞིང་། དེའི་ཕྱི་ནས་དྲང་སྲོང་བདུད་ལས་རྒྱལ་བ་སྟེ་ཉི་མས་མནན་པ་བསྒོམས་ནས། ཟླ་ཉི་གཉིས་ཕྱག་མཚན་ས་བོན་དང་བཅས་པ་ལ་འདུས་པ་ལས་བདེ་བ་ཆེན་པོའི་ངོ་བོར་མོས་པར་བྱ་སྟེ། ཟླ་ཉི་ནི་ཁམས་དཀར་དམར་གྱི་དོན་དང་དེ་གཉིས་འདུས་པ་ལས་བདེ་བ་ཆེན་པོ་འབྱུང་བས་སོ། །ཤཱནྟི་པས་ནི། ས་བོན་སྦྱོར་བའི་བདེ་བ། ཕྱག་མཚན་དངོས་གཞིའི་བདེ་བ། མཚན་མའི་དབུས་ཀྱི་ས་བོན་མཇུག་གི་བདེ་བ། དེ་ལས་རྣལ་འབྱོར་མའི་ཚོགས་སྤྲོ་ཞིང་བསྡུ་བ་དོན་དམ་པའི་བདེ་བར་བཤད་དོ། །འོ་ན་ཟླ་ཉི་དེ་ཉིད་གློ་བུར་དུ་སྒོམ་མམ་ཞེ་ན། མིན་ཏེ། ཨཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བའི་གཟུགས་ཀྱིས་གནས་པ་དང་། ཀཱ་ལིའི་ཡི་གེ་ཡོངས་སུ་གྱུར་པའི་གཟུགས་ཀྱིས་སྣང་བྱེད་དེ་ཉི་མ་སྒོམ་པ་ཉིད་དོ། །དེ་ལྟར་ཟླ་བ་དང་ཉི་མ་གཉིས་ཕྱག་མཚན་ས་བོན་དང་བཅས་པ་ལ་འདུས་ཤིང་འདྲེས་པ་ལས་དཀར་མོ་ལ་སོགས་པའི་ལྷ་མོ་བཅོ་ལྔ་བསྐྱེད་པར་རབ་ཏུ་གྲགས་སོ། །འདི་དག་སྦྱང་གཞི་དང་སྦྱར་ན།


KMC011_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བས་ཕའི་ཁམས་དཀར་པོ་དང་། ཉི་མས་མ་ཡི་ཁམས་དམར་པོ་དང་། ས་བོན་གྱིས་བར་དོའི་རྣམ་ཤེས་མཚོན་པ་ཡིན་ལ། ཐམས་ཅད་འདྲེས་པས་སྐྱེ་སྲིད་ཉིང་མཚམས་སྦྱོར་བ་དང་། སྐུ་རྫོགས་པས་མངལ་དུ་ལུས་རྫོགས་པ་མཚོན་ནོ། །དེའང་གཙོ་མོའམ་འཁོར་གྱི་ཐོག་མ་རྡོ་རྗེ་མ་སོགས་མི་སྨོས་པར་དཀར་མོ་ནས་སྨོས་པ་ནི། ཤར་གྱི་སྒོ་སྐྱོང་མ་སྨོས་པས་གཙོ་འཁོར་ཐམས་ཅད་དུས་གཅིག་ཏུ་བསྐྱེད་པར་རྟོགས་པའི་ཆེད་ཡིན་པར་བཤད་དོ། །ཡང་ན། ཕྱིའི་དཀར་མོ་གཟུགས་ཀྱི་ཕུང་པོ་དག་པ་ཡིན་པས་འཇིག་རྟེན་གྱི་རི་ལ་སོགས་པ་གཟུགས་བརྟན་པར་འཛིན་པས་དེ་དག་པའི་ཕྱིར་དཀར་མོ་སྨོས་སོ། །འདིར་རང་བྱུང་རྒྱལ་བས། ཟླ་བ་ལ་གནས་པ་ཨཱ་ལའི་གཟུགས་ཉིས་འགྱུར་དང་བརྗོད་པ་གཉིས་ལས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དག་པ་མཚོན་ལ། ཀཱ་ལིའི་གཟུགས་ཀྱི་མཐར་ཡི་གེ་དྷ་ད་ཌྷ་ཌ་ཡ་ལ་དྲུག་པོ་བསྣན་པ་ཉིས་འགྱུར་དང་བརྗོད་པ་གཉིས་ཏེ་བརྒྱད་ཅུ་ལས་བསྐྱེད་པ་སྣང་བྱེད་ཉི་མ་ནི་དཔེ་བྱད་བརྒྱད་ཅུ་དག་པ་མཚོན་བྱེད་དུ་སྒོམ་སོགས་གསུངས་སོ། །གཉིས་པ་ནི། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་


KMC011_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་གསུངས་ཏེ། གོང་དུ་གསུངས་པའི་ལྷའི་བསྐྱེད་ཆོག་དེ་ཡང་ཡེ་ཤེས་ལྔའི་ངོ་བོར་བྱང་ཆུབ་པ་སྟེ། དེ་ཡང་ཟླ་བའི་རྣམ་པ་ནི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པར་བསྒོམས་པས་ཟླ་བ་མེ་ལོང་ཡེ་ཤེས་ལས་བྱང་ཆུབ་པ་དང་། དེ་བཞིན་དུ་སྦྱར་ཏེ། བདུན་གྱི་བདུན་པ་ནི་ཉི་མ་སྟེ། དེ་འདྲེན་བྱེད་ཀྱི་ཤིང་རྟ་བདུན་ཡོད་ཅིང་ཤིང་རྟ་རེ་རེའང་རྟ་བདུན་བདུན་གྱིས་འདྲེན་པས་སོ། །དེ་ནི་མཉམ་པ་ཉིད་དང་ལྡན་པའི་ཡེ་ཤེས་དང་། རང་གི་ལྷའི་ས་བོན་ལས་བྱུང་བའི་ཕྱག་མཚན་ས་བོན་གྱིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེར་བརྗོད་པར་བྱ་བ་དང་། ཟླ་ཉི་ཕྱག་མཚན་ས་བོན་དང་བཅས་པ་ཐམས་ཅད་འདྲེས་ནས་གཅིག་ཏུ་གྱུར་པ་ནི་བྱ་བ་ནན་ཏན་ནམ་བྱ་གྲུབ་ཡེ་ཤེས་ཉིད་དང་། ལྷའི་སྐུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་དག་པ་སྟེ་དེ་ལས་བྱང་ཆུབ་པའོ། །དེ་ལྟར་ན། རྣལ་


KMC011_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་མཁས་པས་གོང་དུ་མངོན་བྱང་ལྔ་བསྐྱེད་ཀྱི་ཆོ་ག་གསུངས་པ་ཡིས་ནི། ཡེ་ཤེས་རྣམ་པ་ལྔ་པོ་ལམ་དུ་བྱས་ནས་བསྒོམ་པ་ཉིད་དོ་ཞེས་པའོ། །གཉིས་པ་ལའང་གཉིས། གཙོ་མོའི་མངོན་བྱང་གི་རྣམ་དབྱེ་དང་། འཁོར་གྱི་མངོན་བྱང་གི་རྣམ་དབྱེ་གཉིས་སོ། །དང་པོ་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པའང་འདོད་མི་བྱ། །སེམས་དཔའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་གསུངས་ཏེ། ལྷ་ཐམས་ཅད་མངོན་བྱང་ལྔ་ལས་དུས་གཅིག་ཏུ་བསྐྱེད་ན་གཙོ་མོ་ལ་རྒྱུ་རྡོ་རྗེ་འཆང་མེད་པར་མི་འགྱུར་རམ་སྙམ་ན། སྐྱོན་མེད་དེ། ཨཱ་ལི་ལས་ཟླ་བ་དང་ཀཱ་ལི་ལས་ཉི་མ་མཉམ་པར་སྦྱོར་བའི་བདེ་སྟོང་གི་ངོ་བོ་ཨཾ་ལས་གྲི་གུག་ཨཾ་གིས་མཚན་པ་དེ་ཉིད་འབྲས་བུ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་རྒྱུའམ་གཞིའམ་གདན་ཡིན་པས་རྒྱུ་རྡོ་རྗེ་འཆང་ཡིན་ནོ། །འོ་ན་དེ་ལ་གཞན་ལས་འབྱུང་བའི་མཁའ་གསང་བྱིན་རླབས་སོགས་ཇི་ལྟར་བྱ་སྙམ་ན། ས་བོན་གྱི་ཡི་གེ་ལས་


KMC011_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཕྱག་མཚན་གོང་བུའི་སྐབས་ཡིན་པས། དེ་ལ་མཁའ་གསང་བྱིན་རླབས་དང་ཐིག་ལེའི་འགྱུར་བ་འགོགས་པའི་ཧཱུྃ་ཕཊ་ཀྱི་ཡི་གེའི་རྣམ་པ་འགོད་པའང་འདོད་པར་མི་བྱ་སྟེ། ལྷ་ཡབ་ཡུམ་གྱི་རྣམ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན། རྒྱུ་རྡོ་རྗེ་སེམས་དཔའི་གཟུགས་བརྙན་ཕྱག་མཚན་ལས་བྱུང་བའི་འབྲས་བུ་རྡོ་རྗེ་འཆང་དཀྱིལ་འཁོར་གྱི་བདག་པོ་བདག་མེད་མ་རྣམ་པར་བསྒོམ་སྟེ། དེའི་ཕྱག་མཚན་དང་ཞལ་ལ་སོགས་པ་གོང་མ་རྡོ་རྗེ་ལུ་གུ་རྒྱུད་མ་ལ་བཤད་པ་བཞིན་ནམ། ཆོས་ཀྱི་བརྡས་གསུངས་པར་འཆད་པ་ལྟར་རོ། །དེ་ཡང་ཟླ་བའམ་ཆུ་ཤེལ་ལམ་ནོར་བུའི་འོད་ལྟར་དྭངས་ཤིང་གསལ་བར་སྒོམ་པའི་དོན་ཏེ། རང་བྱུང་ཞབས་ཀྱིས། ཟླ་བ་ཆུ་ཤེལ་ནི། གདན་ཟླ་བའི་དཀྱིལ་འཁོར་ཆུ་ཤེལ་ལྟ་བུ་དང་། ནོར་བུའི་འོད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་ཀྱི་མེ་ཕྱི་རོལ་དུ་འོད་དཀར་པོ་འཕྲོ་བ་ལ་བཞེད་དོ། །སྐབས་འདིར་རྒྱ་འགྲེལ་རྣམས་ལའང་འཆད་ཚུལ་མི་འདྲ་བ་ཡོད་ཅིང་། སྤྱན་སྔ་ཐམས་ཅད་མཁྱེན་པས་ཡབ་ཀྱི་བསྐྱེད་ཚུལ་ཞར་ལས་སྟོན་པར་འཆད་དེ། དེའང་འདི་ལྟར་ཐབས་ཨཱ་ལི་དང་། ཤེས་རབ་ཀཱ་ལིའི་


KMC011_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་གཅིག་ཏུ་འདུས་ཤིང་མཉམ་པར་སྦྱོར་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྡོ་རྗེ་དང་རྣམ་པ་ཐམས་ཅད་པའི་སྟོང་ཉིད་སེམས་དཔའ་དབྱེར་མེད་པ་ཉིད་ཀྱི་བསྐྱེད་པའི་རྒྱུ་ཡིན་ཏེ། འདིར་གདན་རྒྱུ་ཡིན་པའི་ཤེས་བྱེད་། རྩ་རྒྱུད་ལས། ཨ་སོགས་ཀ་སོགས་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའི་གདན་རྒྱུ་དང་། །ཞེས་སོགས་ཀྱིས་སོ། །དེ་ལྟར་ཐབས་ཤེས་དབྱངས་གསལ་གྱི་ཡི་གེ་ལས་བྱུང་བ་བདེ་བ་ཆེན་པོའི་རང་བཞིན་འོད་ཀྱི་གོང་བུ་ལ་ཧཱུྃ་ཡིག་ཕྱག་མཚན་དང་ཕཊ་ཀྱི་རྣམ་པས་མཚོན་པའི་མཁའ་གསང་བྱིན་རླབས་ཀྱི་ཆོ་གའང་འདོད་པ་མ་ཡིན་ཏེ་རྟོག་པ་ཐམས་ཅད་སྤངས་པའི་སྐབས་ཡིན་པའི་ཕྱིར་རོ། །རྒྱུ་རྡོ་རྗེ་སེམས་དཔའ་སྐྱེད་བྱེད་ཀྱི་གཟུགས་བརྙན་ཟླ་ཉི་བྱང་ཆུབ་ཀྱི་སེམས་རྩེ་གཅིག་ཏུ་འདུས་པ་ལས་བྱུང་བའི་དཀྱིལ་འཁོར་གྱི་བདག་པོ་ཧེ་རུ་ཀ་རྣམ་པར་བསྒོམ་པར་བྱའོ། །དེའི་རྣམ་པ་ཞལ་དང་ཕྱག་མཚན་ཇི་ལྟར་བསྒོམ་ན། གོང་མ་ཆར་དབབ་པའི་སྐབས་སུ་བཤད་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པའམ། ཡང་ན། གོང་མའི་སྐད་དོད་པཱུརྦའི་མལ་དུ་འགའ་ཞིག་ལ་པུ་ཏྲ་འབྱུང་བས། ཞལ་དང་ཕྱག་མཚན་སྲས་དང་མཐུན། ཅེས་


KMC011_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྲས་འབྲས་བུའི་རྡོ་རྗེ་སེམས་དཔའ་དང་ཞལ་ཕྱག་མཐུན་པར་འཆད་ལ། ཟླ་བ་ཆུ་ཤེལ་བྱང་ཆུབ་ཀྱི་སེམས་དང་དེ་ཉིད་ནོར་བུར་ཕྱིན་པའི་བདེ་བ་ཆེན་པོའི་རང་བཞིན་ཅན་སྐྱེད་པའི་སྐུ་ལྷན་ཅིག་སྐྱེས་པའི་སྣང་བའི་འོད་དང་མཚུངས་པ། ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཟུང་དུ་འཇུག་པའི་རང་བཞིན་ལས་འདི་ལྟར་གཙོ་འཁོར་ཐམས་ཅད་མངོན་བྱང་ལྔའི་ཆོ་གས་རྫོགས་པ་ཉིད་དོ་ཞེས་མཚོ་སྐྱེས་ཞབས་ཀྱིས་བཞེད། སློབ་དཔོན་གཞན་ཐམས་ཅད་རྫོགས་པའི་དོན་ས་བོན་ཕྱག་མཚན་ལས་བསྐྱེད་པར་འཆད་དོ། །འདིར་སྦྱང་དཀའ་ཟླ་བ་དང་ཌྷཾ་ག་ད་ཤས་ཟླ་བ་ཆུ་ཤེལ་སོགས་དཀར་པོའི་དོན་དུ་འགྲེལ་ཅིང་ཌོམྦི་པ་དང་ནག་པོ་པའི་སྒྲུབ་ཐབས་རྣམས་སུ་དེ་དང་མཚུངས་པར་བཤད་པས། དཔལ་ལྡན་ས་སྐྱ་པ་རྣམས་རྒྱུ་རྡོ་རྗེ་འཛིན་པ་དཀར་པོར་མཛད་ཅིང་། རྗེ་བཙུན་མར་པ་ཡབ་སྲས་ནི་རྒྱུ་འབྲས་ཁ་དོག་མཚུངས་པར་བཞེད་དོ། །ཡང་སློབ་དཔོན་བྷ་ཝ་བྷ་དྲ་སོགས་རྒྱུ་རྡོ་རྗེ་འཛིན་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཁོ་ན་མ་ཡིན་པར། ཧེ་རུ་ཀ་གཞན་གསུམ་ཡང་དེ་དང་མཚུངས་པར་བཞེད་ཅིང་སྐུ་མདོག་མི་འགལ་


KMC011_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལུགས་གང་མོས་པར་བསྒོམས་པས་སྦྱང་གཞི་སྦྱོང་བྱེད་དང་མཐུན་པར་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་ནི། ཐབས་དང་ཤེས་རབ་རང་བཞིན་ལས། །འདི་ལྟར་ཐམས་ཅད་རྫོགས་པ་ཉིད། །ཟླ་བ་ཉི་མའི་རབ་དབྱེ་ལས། །ཨཱ་ལི་ཤེས་རབ་ཀཱ་ལི་ཐབས། །འདི་ལས་དཀར་མོ་ལ་སོགས་པ། །ཁ་དོག་དབྱེ་བས་སོ་སོ་ཡིན། །ཅེས་གསུངས་ཏེ། འོ་ན་འཁོར་བསྐྱེད་ཚུལ་ཡང་གཙོ་མོ་དང་འདྲའམ་ཞེ་ན། ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་གཙོ་མོ་བསྐྱེད་ཚུལ་འདི་ལྟར་འཁོར་གྱི་ལྷ་ཐམས་ཅད་ཀྱང་རྫོགས་པ་ཉིད་དོ། །ཐབས་ཤེས་དེ་ཉིད་ཇི་ལྟ་བུ་ཞེ་ན། ཟླ་བ་དང་ཉི་མས་ཁམས་དཀར་དམར་མཚོན་པའི་རབ་ཏུ་དབྱེ་བ་ལས། ཨཱ་ལི་ལས་བྱུང་བའི་ཟླ་བ་ཤེས་རབ་དང་། ཀཱ་ལི་ལས་བྱུང་བའི་ཉི་མ་ཐབས་ཏེ། ཐབས་ཤེས་ཀྱི་སྦྱོར་བ་འདི་ལས་དཀར་མོ་ལ་སོགས་པ་རྫོགས་པས་ཐམས་ཅད་ཞལ་ཕྱག་སོགས་མཚུངས་ཤིང་། ས་བོན་ཡི་གེའི་དབྱེ་བས་ལྷ་སོ་སོར་འགྱུར་བ་ཡིན་ནོ། །འདིར་ཡི་གེའི་སྐད་དོད་ཝརྣ་ཞེས་པ་ཡི་གེ་དང་རིགས་དང་ཁ་དོག་རྣམས་ལ་འཇུག་པ་འབྲོག་མིའི་འགྱུར་དུ་ཁ་དོག་ཅེས་བསྒྱུར་བ་ནི་ལྷ་མོ་བཅོ་ལྔ་ཁ་དོག་


KMC011_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོར་བཤད་པ་དང་འགལ་བས་དགེ་བློ་དང་ཅོག་གྲུས་བསྒྱུར་བ་ལྟར་ལེགས་གསུངས་སོ། །རྩ་བའི་གཉིས་པ་གནས་སོ་སོར་འགོད་ཚུལ་ལ་གཉིས། འཕར་མ་ནང་མའི་ལྷ་འགོད་པ་དང་། ཕྱི་མའི་ལྷ་འགོད་པའོ། །དང་པོ་ནི། རེ་ཞིག་ནང་གི་འཕར་མ་ལ། །རྣལ་འབྱོར་མ་ལྔ་ངེས་གནས་པ། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ། །དབང་པོར་རྡོ་རྗེ་གཤིན་རྗེར་དཀར། །ཆུ་བདག་ཆུའི་རྣལ་འབྱོར་མ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་འབྱོར་མ། །ཞེས་གསུངས་ཏེ། རེ་ཞིག་ཅེས་བཤད་པའི་གོ་རིམ་ལ་བསྙག་པ་སྟེ། ཐོག་མར་ནང་གི་འཕར་མ་པདྨ་ལ་རྣལ་འབྱོར་མ་ལྔ་ངེས་པར་བཀོད་ནས་དེར་གནས་པར་བསྒོམ་པར་བྱ་སྟེ། དེའང་གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་གཟུང་འཛིན་གྱིས་རྣམ་པར་དག་པར་རྣལ་འབྱོར་ཅན་གྱིས་དོན་རིག་པས་དུས་རྟག་ཏུ་སྣང་ལ་རང་བཞིན་མེད་པར་བསྒོམ་མོ། །དེ་ཡང་དབང་པོ་སྟེ་དེའི་ཕྱོགས་ཤར་གྱི་འདབ་མར་རྡོ་རྗེ་མ། གཤིན་རྗེར་སྟེ་དེའི་ཕྱོགས་ལྷོར་དཀར་མོ། ཆུ་བདག་གི་ཕྱོགས་ནུབ་ཏུ་ཆུ་ཡི་རྣལ་འབྱོར་མ།


KMC011_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངན་གྱི་ཕྱོགས་བྱང་དུ་རྡོ་རྗེ་མཁའ་འགྲོ་མ། དབུས་སུ་སྟེ་པདྨའི་ལྟེ་བར་བདག་མེད་རྣལ་འབྱོར་མ་སྒོམ་པའི་དོན་ཏོ། །གཉིས་པ་ནི། ཕྱི་རོལ་གྱི་ནི་འཕར་མ་ལ། །དཀར་མོ་ཆོམ་རྐུན་རོ་ལངས་མ། །གྷསྨ་རི་དང་པུཀྐ་སཱི། །རི་ཁྲོད་མ་དང་གདོལ་པ་མོ། །བརྒྱད་པ་ཌོམྦི་ནཱི་རུ་བརྗོད། །འོག་ལྡན་མ་དང་སྟེང་ལྡན་ཉིད། །མཁའ་སྤྱོད་མ་དང་ས་སྤྱོད་བརྗོད། །སྲིད་དང་ཞི་བའི་རང་བཞིན་གྱིས། །སྙིང་རྗེ་ཆེན་པོ་འདི་དག་གནས། །ཞེས་གསུངས་ཏེ། དེ་ནས་ཕྱི་རོལ་གྱི་འཕར་མ་སྟེ་རིམ་པ་ཕྱི་མ་ལ། ཤར་སྒོར་དཀར་མོ། ལྷོ་སྒོར་ཆོམ་རྐུན་མ། ནུབ་སྒོར་རོ་ལངས་མ། བྱང་སྒོར་གྷསྨ་རི་དང་། བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་རི་ཁྲོད་མ་དང་། ལྷོ་ནུབ་ཏུ་གདོལ་པ་མོ། ནུབ་བྱང་དུ་ཕྱིའི་ལྷ་མོ་བརྒྱད་པ་ཌཾོ་བྷི་ནཱི་རུ་བརྗོད་པ་དང་། འོག་ཏུ་འོག་ལྡན་མ་དང་། སྟེང་དུ་སྟེང་ལྡན་མ་ཉིད། སྟེང་མ་མཁའ་སྤྱོད་མ་དང་འོག་མ་ས་སྤྱོད་མར་བརྗོད་པར་འོག་མ་སྲིད་པ་དང་སྟེང་མ་ཞི་བ་དག་པའི་རང་བཞིན་གྱིས་གནས་ཏེ། སྙིང་རྗེ་ཆེན་པོ་ཞེས་བོས་ནས་དེ་ལྟར་ན་འཕར་མ་གཉིས་ལ་ལྷ་མོ་འདི་དག་གནས་ཞེས་སྟོན་པའོ། །པདྨ་ཉིས་རིམ་བཞེད་པའི་ཕྱོགས་ལྟར་ན།


KMC011_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་པད་འདབ་བརྒྱད་ལ་ཤར་ནས་གཡས་བསྐོར་དུ་དཀར་མོ་གཽ་རཱི་སོགས་བཞི། དབང་ལྡན་གཡས་བསྐོར་གྱིས་མཚམས་བཞིར་པུཀྐ་སཱི་སྟེ་སྤོས་མོ་སོགས་བཞི། འོག་ཏུ་ལྟ་བ་དང་ལྡན་མ་མཁའ་སྤྱོད་མ་ཤར་གྱི་ཤར་ཏེ་ཤར་སྒོའི་དབུས་དང་། སྟེང་དུ་ལྟ་བ་དང་ལྡན་མ་ས་སྤྱོད་མ་ནུབ་ཀྱི་ནུབ་སྟེ་ནུབ་སྒོའི་དབུས་སུ་འགོད་པར་བཤད་དོ། །འོག་ལྡན། སྟེང་ལྡན། འདི་ལྟར་བཞེད་པ་ནི་རང་བྱུང་བའི་བཞེད་པའོ། །གསུམ་པ་ལྷ་རྣམས་ཀྱི་མངོན་རྟོགས་ལ་གཉིས། མངོན་རྟོགས་དངོས་དང་། ཕྱག་མཚན་གདན་གྱི་རྣམ་དག་བཤད་པའོ། །དང་པོ་ནི། ལྷ་མོ་ཐམས་ཅད་ཁ་དོག་ནག །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞལ་གཅིག་སྤྱན་ནི་དམར་བ་རྣམས། །ལག་པར་གྲི་གུག་ཐོད་པས་ཁྱབ། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་པར་ལག་གདུབ་སྐ་རགས་ནི། །སངས་རྒྱས་ལྔ་ནི་རྣམ་དག་པས། །འདི་ལྔ་ཕྱག་རྒྱ་དག་པའོ། །ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་པར་བཤད། །ལག་པ་གཅིག་ནི་ཐོད་པས་བྲེལ། །གཡས་པ་ན་ནི་གྲི་གུག་འཛིན། །གཡོན་པས་ཁ་ཊྭཱཾ་ག་ཉིད་དོ། །སྟག་གི་པགས་པས་སྣམ་དཀྲིས་


KMC011_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །རོ་ལ་ཞོན་ཅིང་གཟི་བརྗིད་འབར། །ཕྱག་གཉིས་གྱེན་དུ་དབུ་སྐྱེས་སེར། །ཞེས་གསུངས་ཏེ། དེ་ལྟར་ལྷ་མོ་གཙོ་འཁོར་ཐམས་ཅད་ཀྱང་བྱམས་པའི་ཐུགས་མི་འགྱུར་བས་ཁ་དོག་སྟེ་སྐུ་མདོག་ནག་མོ། བདུད་རྣམས་སྐྲག་པར་བྱེད་པས་དྲག་ཆེན་ཏེ་ཤིན་ཏུ་གཏུམ་པ། ཕར་ཕྱིན་ལྔ་དག་པས་རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན་པ། དེ་བཞིན་དུ་རོ་གཅིག་པས་ཞལ་གཅིག་པ། སྙིང་རྗེས་འགྲོ་ལ་ཆགས་པས་སྤྱན་ནི་དམར་བ་རྣམས་ལག་པར་གྲི་གུག་དང་ཐོད་པས་ཁྱབ་པ་སྟེ་འཛིན་པ། རུས་པའི་འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་ལག་པར་ལག་གདུབ་སོགས་གདུ་བུ་དང་སྐ་རགས་རྣམས་ནི་སངས་རྒྱས་ལྔ་ནི་རྣམ་པར་དག་པས་འདི་ལྔ་པོ་ཕྱག་རྒྱའི་དག་པའོ། །ཇི་ལྟར་བདག་མེད་རྣལ་འབྱོར་མའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དེ་ལྟར་ལྷ་མོ་ཐམས་ཅད་འདྲ་བར་རྣམ་པར་བཤད་དེ། ཀུན་ཀྱང་ལག་པ་གཅིག་སྟེ་གཡོན་ན་ཐོད་པ་ཁྲག་གིས་གང་བ་འཛིན་པས་བྲེལ་ཞིང་། གཡས་པ་ན་གྲི་གུག་འཛིན་པ། གཡོན་པས་ཏེ་དེའི་གྲུ་མོས་ཡབ་མཚོན་པའི་ཁ་ཊྭཱཾ་ག་འཛིན་པ་ཉིད་དོ། །གདུག་པ་འདུལ་བས་སྟག་གི་པགས་པས་སྐུ་སྨད་རྣམ་


KMC011_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀྲིས་ཤིང་། རོ་ལ་ཞོན་པ་སྟེ་རོ་གདན་ལ་གནས་ཤིང་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཐུགས་རྗེ་འཕྲོ་བས་གཟི་བརྗིད་དེ་འོད་འབར་བ། ཐབས་ཤེས་དག་པས་ཕྱག་གཉིས་པ། ཡོན་ཏན་གོང་འཕེལ་དུ་གྱུར་པས་གྱེན་དུ་དབུ་སྐྱེས་ཏེ་སྐྲ་སེར་པོ་འབར་བའི་དོན་ཏོ། །འདི་དག་ཕལ་ཆེར་སྒྲ་ཇི་བཞིན་པའོ། །གཉིས་པ་ནི། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་ཕྱིར་གྲི་གུག་རྣམ་པར་གནས། །དངོས་དང་དངོས་མེད་རྣམ་རྟོག་གི། མགོ་བོ་པདྨའི་སྣོད་དུ་ནི། །བདུད་རྣམས་རྣམ་པ་བཞི་ཡི་ཁྲག །དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། །སྟོང་པའི་རྣམ་པས་ཁ་ཊྭཱཾ་ག །ཐབས་ཀྱིས་རོ་ནི་རྣམ་པར་བརྟག །ཅེས་གསུངས་ཏེ། ང་རྒྱལ་དང་། ལ་སོགས་པས་བསྟན་པ་འདོད་ཆགས་དང་། ཁོང་ཁྲོ་དང་། གཏི་མུག་དང་། ལོག་ལྟ། ཐེ་ཚོམ་སྟེ། རྩ་ཉོན་གྱི་སྐྱོན་དྲུག་རྣམས་རྩད་ནས་གཅོད་པའི་ཕྱག་གཡས་གྲི་གུག་འཛིན་པ་རྣམ་པར་གནས་ལ། གཡོན་པས་དངོས་པོ་དང་དངོས་མེད་དུ་འཛིན་པའི་རྣམ་རྟོག་གི་མགོ་བོ་བཅད་པ་སྟེ་དྲུང་ནས་འབྱིན་པ་དག་པའི་པདྨའི་སྣོད་དུ་ནི། ཕུང་པོ་ལ་སོགས་པའི་བདུད་རྣམས་རྣམ་པ་བཞི་ཡི་ཁྲག་གིས་གང་བ།


KMC011_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱིར་ནི་བཏུང་བར་བྱ་བ་དང་། ཤེས་རབ་སྟོང་པ་དག་པའི་རྣམ་པས་ཁ་ཊྭཱཾ་ག་དང་། ཐབས་སྙིང་རྗེ་དག་པ་ཉིད་ཀྱིས་རོའི་གདན་ནི་རྣམ་པར་བརྟག་ཅིང་སྒོམ་པའི་དོན་ཏེ། དྲང་བ་དང་ངེས་པའི་དོན་ནོ། །དེ་ནས་སྔར་བཤད་པའི་རྫོགས་བྱེད་ཀྱི་ཡན་ལག་རྣམས་བསྒོམ་མོ། །བཞི་པ་ཕན་ཡོན་ནི། འདིས་ནི་འཁོར་ལོ་རྣམ་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཅེས་གསུངས་ཏེ། དེ་ལྟར་གསུངས་པའི་ཚུལ་འདིས་ནི་བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམ་ན། ཐུན་མོང་གི་དངོས་རྒྱུ་དང་མཆོག་གི་བརྒྱུད་པའི་རྒྱུར་གྱུར་ཏེ། རྣལ་འབྱོར་པས་དངོས་གྲུབ་གཉིས་མྱུར་དུ་ཐོབ་པར་འགྱུར་རོ། །འདི་རྣམས་ཀྱི་ངེས་པའི་དོན། དཔལ་ནཱ་རོ་པས། འདིར་ཚེས་གཅིག་ལ་སོགས་པའི་ཚེས་དཀར་པོ་ལྔ་བདག་མེད་མ་ལ་སོགས་པ་རྣམས་ཏེ་ཕུང་པོ་ལྔ་དག་པ་དགའ་བ་དང་། དྲུག་ནས་བཅུའི་བར་གྱི་ཚེས་ལྔ་གཽ་རཱི་སོགས་ཁམས་ལྔ་དག་པ་མཆོག་དགའ་དང་། བཅུ་གཅིག་ནས་ཉའི་བར་ཚེས་ལྔ་རི་ཁྲོད་མ་སོགས་ཡུལ་ལྔ་དག་པ་ཁྱད་དགའ་དང་། མཐའི་ལྷན་སྐྱེས་ཀྱི་དགའ་བ་ཀྱེའི་རྡོ་རྗེ་སྟོང་པ་ལས་སྟོང་པ་


KMC011_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཆ་བཅུ་དྲུག་པ་སྟེ། དགའ་བ་བཞི་ནི་བཅུ་དྲུག་ཏུ་འགྱུར་བ་མཚན་ཡང་དག་པར་བརྗོད་པ་དང་འདིའི་ལུང་དང་སྦྱར་ནས་རྒྱ་ཆེར་གསུངས་སོ། །ལྔ་པ་ཡན་ལག་དྲུག་སྒོམ་ཚུལ་ནི། དང་པོར་ནག་པོ་རབ་ཏུ་བསྒོམ། །གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང་། །དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་གསུངས་ཏེ། མཉམ་པ་ཉིད་ཀྱི་དོན་ལ་ཁ་དོག་ཏུ་ཞེན་པའི་སྐྱོན་སྤོང་བའི་ཕྱིར་ཡན་ལག་དྲུག་སྒོམ་པར་བཤད་དེ། དེ་ཡང་དང་པོར་རང་བདག་མེད་མའི་ཐུགས་ཀར་ཨཾ་ནག་པོ་ལས་འོད་ཟེར་ནག་པོ་འཕྲོས་པས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མི་བསྐྱོད་པའི་ངོ་བོར་ནག་པོར་གྱུར་པར་རབ་ཏུ་བསྒོམ་ཞིང་། དུས་གཉིས་པར་ཨཾ་དམར་པོའི་འོད་ཀྱིས་ཐམས་ཅད་འོད་དཔག་མེད་ཀྱི་ངོ་བོར་དམར་པོར་རྣམ་པར་བསྒོམ། དེ་བཞིན་དུ་གསུམ་པ་ལ་ནི་རིན་འབྱུང་གི་ངོ་བོར་སེར་པོར་བསྒོམ། བཞི་པར་དོན་གྲུབ་ཀྱི་ངོ་བོར་ལྗང་གུར་བསྒོམ་པ་


KMC011_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་དེ་བཞིན་ནོ། །ལྔ་པ་རྡོར་སེམས་ཀྱི་ངོ་བོར་ཁ་དོག་སྔོན་པོ་དང་། དྲུག་པར་རྣམ་སྣང་གི་ངོ་བོར་དཀར་པོའི་ལུས་ཅན་ཏེ། དེ་ལྟར་ཡན་ལག་དྲུག་བསྒོམ་པའི་རྣལ་འབྱོར་པས་མཐར་ཁ་དོག་བཤིག་ནས་རིམ་གྱིས་འོད་གསལ་དུ་བསྡུས་པའི་དགའ་བྲལ་གྱི་མཐར་ཡང་ལུགས་ལྡོག་གི་ཡན་ལག་དྲུག་ཏུ་ལྡང་བ་སྔ་མ་དེ་བཞིན་ནོ་ཞེས་པའོ། །འདིར་བསྐྱེད་རིམ་ཁོ་ནའི་དོན་དུ་བཤད་པའི་ཚེ་དགའ་བྲལ་མཐར་ཡང་ཞེས་པ་དེ་ལ་དགའ་བྲལ་མན་ཆད་ཙམ་མ་གཏོགས་ལྷན་སྐྱེས་ཀྱི་དགའ་བ་མཚན་ཉིད་པ་མེད་པ་ལ་དགོངས་པས་སོ། །དྲང་བའི་དོན་ཏོ། །སྦས་པ་ལྟར་ན། དང་པོར་ཁ་དོག་གི་ཡན་ལག་དྲུག་སྒོམ་པ་སྔར་བཞིན་ལས། མཐར་ཕྱི་ནང་གི་སྲོག་རྩོལ་ལ་བརྟེན་ནས་རྗེས་གཞིག་གི་རྣལ་འབྱོར་གྱིས་ཁ་དོག་བཤིག་ནས་རིམ་པས་སྡུད་ཅིང་དགའ་བ་བཞི་བསྐྱེད་ལ། དགའ་བྲལ་གྱི་མཐར་འབྱུང་བ་ལྷན་སྐྱེས་ཡེ་ཤེས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང་། སླར་དེ་ལས་ལྡང་བའི་ཚེ་ཡང་ལུགས་ལྡོག་ཏུ་སྔ་མ་དེ་བཞིན་དུ་ལྡང་བའམ། ཡང་ན། འགའ་ཞིག་འདོད་པ་ལྟར། དང་པོ་རྩ་བའི་མདོག་ནག་པོ་བསྒོམ་པ་ལས་ཕྱི་ནང་གི་སྲོག་རྩོལ་གྱིས་ཞུ་


KMC011_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བསྐྱེད་ནས། དེའི་དགའ་བ་སྐྱེས་པའི་ཚེ་དམར་པོ་དང་། བདེ་བ་ཐོབ་པའི་ཚེ་སེར་པོ་དང་། ཉམས་སྣང་སྣ་ཚོགས་པའི་ཚེ་ལྗང་གུ་དང་། རྟོག་པ་ཤར་བའི་ཚེ་སྔོན་པོ་དང་། རྟོག་པ་དང་བྲལ་བའི་ཚེ་དཀར་པོར་བྱས་ཏེ། མཐར་ཁ་དོག་བཤིག་པ་སོགས་བྱས་ཀྱང་མི་འགལ་ཏེ་ངེས་དོན་ནོ། །རྒྱལ་བ་རང་བྱུང་ཞབས་ཀྱིས། ཚིག་འདིས་ཞེན་པ་སྤངས་པ་སྔར་ལྟར་ལ་སྐྱེ་མཆེད་བྱིན་རླབས་ཀྱང་སྟོན་པར་བཞེད་དོ། །དང་པོར་རྣ་བ་དྭེཾ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ་སོགས་སྒྲུབ་ཐབས་ལྟར་སྦྱར་བར་མཛད་ལ། ཡན་ལག་དྲུག་བསྒོམ་སོགས་ཀྱིས་གནས་གསུམ་བྱིན་གྱིས་རླབས་ནས་བརྩམས་ཏེ་བསྐྱེད་རིམ་དྲུག་ལྡན་དུ་བསྒོམ་པར་སྟོན་པའང་བཞེད་དོ། །གཉིས་པ་རིམ་པ་གཉིས་ཀྱི་ངེས་པས་མཚམས་སྦྱོར་བ་ནི། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དེ། །བསྐྱེད་པ་ཡི་ནི་ཆ་བཤད་དོ། །ཞེས་གསུངས་ཏེ། བསྐྱེད་རིམ་དུ་མ་ཟད་རྫོགས་རིམ་ཡན་ལག་དྲུག་གི་རྣལ་འབྱོར་པས་དགའ་བྲལ་གྱི་མཐར་གནས་པའི་ལྷན་སྐྱེས་ཀྱི་ཉམས་སུ་མྱོང་


KMC011_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་དེ་བཞིན་ནོ། །འདིར་དཔལ་ནཱ་རོ་ཞབས་ཀྱིས། རྒྱུད་གཞན་དུ་གསུངས་པའི་ཡན་ལག་དྲུག་གི་རྣལ་འབྱོར་འདི་བསྒོམ་པར་བྱ་སྟེ། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་པས། སོ་སོར་སྡུད་པ་ནི། མིག་ལ་སོགས་པའི་དབང་པོ་དང་ཤེས་པ་རྣམས་གཟུགས་ལ་སོགས་པའི་ཡུལ་ལ་མི་འཇུག་ཅིང་། ནང་གི་བདག་ཉིད་དུ་གཞོན་ནུ་མ་ལ་མེ་ལོང་བསྟན་པ་ལྟ་བུར་སྟོན་པ་ཉིད་ཀྱིས་སངས་རྒྱས་ཀྱི་གཟུགས་བརྙན་སོ་སོར་མཐོང་བས་སོ་སོར་སྡུད་པ་ཞེས་བརྗོད་དོ། །བསམ་གཏན་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བ་སྟེ། ཤེས་རབ་ཀྱིས་རྟོག་པ་དང་རྣམ་པར་དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། མི་གཡོ་བའི་ཡན་ལག་རྫོགས་པ་ལ་བརྗོད་དོ། །སྲོག་རྩོལ་ནི། ལས་ཀྱི་རླུང་རོ་རྐྱང་དུ་རྒྱུ་བ་འགོག་ཅིང་དབུ་མར་གཞུག་པའི་ཕྱིར་བུམ་པ་ཅན་ལ་སོགས་པའི་སྦྱོར་བ་བསྟན་པར་བྱའོ། །འཛིན་པ་ནི། འབྱུང་བའི་དཀྱིལ་འཁོར་རྣམས་ལྟེ་བ་ལ་སོགས་པར་ཞུགས་ཤིང་ཕྱི་རོལ་དུ་རྒྱུ་བ་མེད་ཅིང་ཐིག་ལེ་ལ་


KMC011_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རབ་ཏུ་ཐིམ་པ་ནི་འཛིན་པའོ། །རྗེས་སུ་དྲན་པ་ནི། རྡོ་རྗེ་འབེབས་པ་ལ་སོགས་པས་རྟོག་པ་དང་བྲལ་ཞིང་ཡི་དམ་གྱི་ལྷའི་གཟུགས་བརྙན་མཐོང་བ་དེ་ལས་འོད་ཟེར་སྤྲོས་ཏེ་ཁམས་གསུམ་པོ་ཐམས་ཅད་ཀྱི་རྣམ་པ་སྤྲོ་ཞིང་བསྡུ་བ་ནི་རྗེས་སུ་དྲན་ནོ། །ཏིང་ངེ་འཛིན་ནི། ཡི་དམ་གྱི་ལྷ་རྣམས་དང་། རྗེས་སུ་ཆགས་པ་གང་ཞིག་ལས་མི་གཡོ་བའི་བདེ་བ་ཐོབ་པ་དེ་སེམས་ཀྱི་གཟུང་བ་དང་འཛིན་པ་སྤངས་ཤིང་ཡེ་ཤེས་ཆེན་པོ་གཅིག་ཏུ་བྱེད་པ་འདི་ནི་ཏིང་ངེ་འཛིན་ཏེ། རྒྱས་པར་བླ་མའི་མན་ངག་ལས་རྟོགས་པར་བྱའོ་ཞེས་གསུངས་སོ། །བསྐྱེད་པའི་རིམ་པ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གི་དོན་རགས་པ་ཙམ་ནི། བློས་ཀུན་ཏུ་བརྟགས་ཤིང་བཅོས་མ་ལྷའི་རྣམ་པ་བསྐྱེད་པའི་རིམ་པ་ཉིད་དང་། ཡོངས་སུ་གྲུབ་པའམ་མ་བཅོས་པ་ལྷན་སྐྱེས་ཀྱི་ཡེ་ཤེས་རྫོགས་པའི་ཡང་རིམ་པ་ཉིད་དེ། རིམ་པ་གཉིས་པོ་མཉམ་པར་གནས་པ་སྟེ་ཟུང་དུ་འབྲེལ་བར་སྟོན་པའི་སྒོ་ནས་ནི། བཅོམ་ལྡན་འདས་རྒྱུད་སྟོན་པའི་རྡོ་རྗེ་ཅན་གྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བླ་ན་མེད་པའི་རྒྱུད་སྡེ་འཆད་དེ། དངོས་བསྟན་བསྐྱེད་རིམ་ཡིན་ཡང་ཤུགས་


KMC011_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་རྫོགས་རིམ་དང་། དངོས་བསྟན་རྫོགས་རིམ་གྱི་ཤུགས་ལས་བསྐྱེད་རིམ་ཆ་མཉམ་པར་བསྟན་པ་ཡིན་ནོ། །དེས་ན་ནམ་མཁའི་ཁམས་བྷ་གར་བཤད་པ་ནས། ལྷ་ཇི་ལྟར་འབྱུང་བའི་བར་གྱི་དོན་ཡང་བསྐྱེད་རྫོགས་གཉིས་ཀ་ལ་སྦྱོར་རོ་ཞེས་ཤུགས་ལས་ཐོན་པའོ། །བསྐྱེད་པའི་ཆ་ནི་འདི་ཡན་གྱིས་བསྐྱེད་རིམ་གྱི་ཆ་བཤད་ཟིན་པའི་རྫོགས་ཚིག་ཏུ་བཞེད་དོ། །གསུམ་པ་རྫོགས་རིམ་རྒྱས་པར་བསྟན་པ་ལ་བཞི། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ། དམ་ཚིག་གི་ཕྱག་རྒྱའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ལས་རྒྱའི་རྣལ་འབྱོར་དངོས། ཉམས་སུ་མྱོང་བའི་རིམ་པའོ། །དང་པོ་ནི། ནམ་མཁའི་ཁམས་ནི་པདྨ་ལ། །བྷ་ག་ཞེས་བྱ་ཡེ་ཤེས་བརྗོད། །བསྒོམ་པ་ཞེས་བྱ་སྙོམས་འཇུག་ཉིད། །དེ་ཡི་བདེ་བ་འཁོར་ལོར་བརྗོད། །རིག་པ་ཇི་བཞིན་རང་རིག་ཉིད། །ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །ཇི་ལྟར་འབྱུང་བ་ཁུ་བ་ཡིན། །ཞེས་གསུངས་ཏེ། གོང་དུ་རྟེན་བསྐྱེད་པའི་རིམ་པ་བཤད་པའི་དུས་སུ་ནམ་མཁའི་ཁམས་ཆོས་འབྱུང་ཞེས་དྲང་དོན་དུ་བཤད་པ་ཉིད། འདིར་བརྟེན་པ་རྫོགས་པའི་རིམ་པ་ངེས་དོན་དང་སྦྱར་ཏེ་


KMC011_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལས། ཡིག་དོན་ལྟར་དཀྱིལ་འཁོར་འཁོར་ལོ་དང་སྦྱར་ན། ནམ་མཁའི་ཁམས་ནི་ཤེས་རབ་ཀྱི་པདྨ་ཡིན་ཏེ། འདམ་ལས་སྐྱེས་ཀྱང་དེའི་ཉེས་པས་མ་གོས་པ་བཞིན་དུ་ཐ་མལ་འདོད་ཆགས་སྐྱོན་གྱིས་མ་གོས་པ་དང་། ནམ་མཁས་དངོས་པོ་གོ་འབྱེད་པ་ལྟར་དགའ་བ་བཞིའི་གོ་འབྱེད་པས་ཆོས་མཐུན་དུ་སྦྱར་རོ། །བྷ་ག་ཞེས་བྱ་བའང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྗོད་དེ། ཟག་བཅས་འཇོམས་པ་དང་མི་འགྱུར་བའི་བདེ་བའི་སྐལ་པ་དང་ལྡན་པས་སོ། །བསྒོམ་པ་ཞེས་བྱ་བར་སྔར་བརྗོད་པ་ནི། ཐབས་དང་ཤེས་རབ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་འཇུག་པ་ཉིད་དེ་ཡེ་ཤེས་སྐྱེད་པའི་ཐབས་ཡིན་པས་སོ། །དེའི་སྟོབས་ལས་བདེ་བ་ཞུ་བདེ་དང་རང་བཞིན་ལྷན་སྐྱེས་ཉམས་སུ་མྱོང་བ་དེས་རང་གི་སྒྲིབ་པའི་ཚོགས་གཅོད་པས་བདེ་བ་ལ་འཁོར་ལོར་བརྗོད་ལ། རིག་པ་ཇི་བཞིན་ནི་ཇི་ལྟར་རིག་པ་སྟེ་དེ་ནི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ལ་བྱ་བ་ཉིད་དང་། ལྷ་ཞེས་བྱ་བ་འདིར་ལུས་ལས་བྱུང་བའི་ལྷ་བརྟེན་པ་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ་བདེ་བ་ཆེན་པོ་ལ་རོལ་པའོ། །ཇི་ལྟར་འབྱུང་བ་ཞེས་པ་རྟེན་ཀུན་


KMC011_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཀུནྡ་ལྟ་བུའི་ཁུ་བ་ལ་ངོས་འཛིན་པ་ཡིན་ཏེ་དེ་ལ་བརྟེན་ནས་ཡེ་ཤེས་ཚུལ་ཇི་ལྟ་བར་འབྱུང་བས་སོ། །ངག་དོན་བསྡུ་ན། རྣལ་འབྱོར་པས། ལས་རྒྱ་ལ་སྙོམས་པར་ཞུགས་པས་ཀུན་རྫོབ་བྱང་སེམས་ཀྱི་ཞུ་བདེ་སྐྱེས། དེས་སྡུག་བསྔལ་དང་སྒྲིབ་པ་བཅོམ་ནས་དོན་དམ་བྱང་སེམས་ཆོས་ཉིད་རང་རིག་པའི་ཡེ་ཤེས་བདེ་སྟོང་ལྷན་སྐྱེས་འཆར་བར་འགྱུར་རོ་ཞེས་པའོ། །རང་བྱིན་རླབས་དང་སྦྱོར་ན། ནམ་མཁའི་ཁམས་འཁོར་ལོ་བཞིའི་པདྨ། བྷ་ག་གཏུམ་མོའི་མེ། སྒོམ་པ་ནི་འབར་འཛགགཞན་རྣམས་ཀྱི་དོན་འདྲའོ། །གཉིས་པ་ལ་བཞི། ལྷན་སྐྱེས་རྣམ་དབྱེ་བསྟན་པ། དགའ་བ་བཞིའི་ཁྱད་པར་བཤད་པ། བྱེ་བྲག་ཏུ་ལྷན་སྐྱེས་ངོས་བཟུང་བ། དེ་རྟོགས་པར་བྱེད་པའི་ཐབས་གང་ཡིན་པའོ། །དང་པོ་ནི། ལྷན་ཅིག་སྐྱེས་པ་རྣམ་པ་གཉིས། །རེ་ཞིག་བཙུན་མོ་ཤེས་རབ་ཡིན། །སྐྱེས་བུ་ཐབས་སུ་བརྗོད་པ་ཉིད། །ཀུན་རྫོབ་དོན་དམ་དབྱེ་བ་ལས། །ཕྱི་ནས་དེ་ཡི་རྣམ་པ་གཉིས། །རེ་ཞིག་སྐྱེས་བུ་རྣམ་པ་གཉིས། །དེ་ཡི་ཁུ་བའང་བདེ་བ་ཉིད། །སྐྱེས་བུ་ཇི་བཞིན་ཤེས་རབ་ལའང་། །དེ་ཡི་ཁུ་བའང་བདེ་བ་ཉིད། །དེ་ཉིད་ཕྱིར་ན་དགའ་བ་


KMC011_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །བཞི་ཡི་རབ་ཏུ་དབྱེ་བ་ཡིས། །སྐྱེ་མེད་རིམ་པའི་ཕྱོགས་ལས་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་གསུངས་ཏེ། ངོ་བོའི་སྒོ་ནས་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་འཇིག་རྟེན་པ་དཔེའི་ལྷན་སྐྱེས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་སྟོབས་ལས་སྐྱེས་པ་འཇིག་རྟེན་ལས་འདས་པའི་དོན་གྱི་ལྷན་ཅིག་སྐྱེས་པའི་ཁྱད་པར་རྣམ་པ་གཉིས་སོ། །དེ་ལ་ཀུན་རྫོབ་ནི། རྣམ་པའི་ཆ་དང་ཅུང་ཟད་སྒྲིབ་པ་ཅན་ཡིན་ལ། དོན་དམ་ནི་སྣང་བ་མེད་ཅིང་སྒྲིབ་པ་དང་བྲལ་བ། ཞུ་བདེའི་ལྷན་སྐྱེས་ནི་ལུས་ཀྱི་འདུ་བྱེད་ལས་ལྷན་ཅིག་ཏུ་བྱུང་ཞིང་སྐྱེས་པ། རང་བཞིན་ལྷན་སྐྱེས་ནི་འདུ་བྱེད་ལས་མ་བྱུང་ཞིང་ལྷན་སྐྱེས་ཀྱི་རང་བཞིན་དུ་གནས་པའོ། །དེ་ལ་ཞུ་བདེ་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པ་ལ་རྟེན་གྱི་དབང་གིས་གཉིས་སུ་འགྱུར་ཏེ། རེ་ཞིག་སྐྱེས་པ་ལ་ལྟོས་ནས་བཙུན་མོ་སྟེ་བུད་མེད་ནི་ཤེས་རབ་ལྷན་སྐྱེས་ཡིན་ལ། སྐྱེས་བུ་རྣལ་འབྱོར་པ་ནི་ཐབས་ལྷན་སྐྱེས་སུ་བརྗོད་པ་ཉིད་དོ། །དེ་ལའང་ངོ་བོའི་སྒོ་ནས་ཀུན་རྫོབ་དང་དོན་དམ་གྱི་དབྱེ་བ་ལས། ཐབས་ཤེས་གཉིས་སུ་དབྱེ་བའི་ཕྱི་ནས་དེ་


KMC011_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་དབྱེ་བ་རྣམ་པ་གཉིས་གཉིས་སུ་འགྱུར་བས། དེ་ལས་རེ་ཞིག་དང་པོར་སྐྱེས་བུ་ཐབས་ལྷན་སྐྱེས་ཀྱི་དབྱེ་བ་རྣམ་པ་གཉིས་སུ་ཡོད་པ་ནི། དེའི་རྟེན་ཁུ་བ་ཀུན་རྫོབ་ལྷན་སྐྱེས་དང་། དེ་ལས་བྱུང་བའི་བརྟེན་པ་བདེ་བ་དོན་དམ་ལྷན་སྐྱེས་ཉིད་དོ། །སྐྱེས་བུ་ལ་ཇི་ལྟ་བ་དེ་བཞིན་དུ་བཙུན་མོ་ཤེས་རབ་ལའང་གཉིས་ཏེ་དེའི་རྟེན་ཁུ་བ་ཀུན་རྫོབ། དེ་ལས་བྱུང་བའི་བདེ་བ་དོན་དམ་པ་ཉིད་དེ། དེ་ཉིད་ཀྱི་ཕྱིར་ན་ཟག་བཅས་ཞུ་བདེའི་དགའ་བ་ནི་རྣམ་གྲངས་བཞིའི་རབ་ཏུ་དབྱེ་བ་ཡིས་ཕྱེ་བའི་ཚུལ་གྱིས། དེ་ཁོ་ན་ཉིད་རང་བཞིན་སྐྱེ་བ་མེད་པའི་རིམ་པ་སྟེ་རྫོགས་རིམ་གྱི་ཕྱོགས་ལ་ནི། འདི་ལྟར་ལྷན་སྐྱེས་ཀྱི་དགའ་བ། ལྷན་སྐྱེས་ཀྱི་མཆོག་དགའ། ལྷན་སྐྱེས་ཀྱི་ཁྱད་དགའ། ལྷན་སྐྱེས་ཀྱི་ལྷན་སྐྱེས་ཞེས་པ་ལྟར་ཕྱེ་བས་ལྷན་ཅིག་སྐྱེས་པའི་དགའ་བ་རྣམ་པ་བཞིའོ། །རང་བྱུང་ཞབས་ཀྱིས་འོག་གི་ཤློཀ་གཅིག་ས་བཅད་འདིའི་ཁོངས་སུ་འཆད་པར་མཛད་དེ། སྐྱེ་མེད་རྫོགས་རིམ་གྱི་ཕྱོགས་ལའང་ཐབས་ཤེས་ཀྱི་དབྱེ་བ་ཡོད་དམ་ཞེ་ན། འདིར་ཡང་། དགའ་བ་དང་པོ་དཔའ་བོ་ཉིད། །ཅེས་པ་ཐབས་དང་། མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་ཤེས་


KMC011_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བཞག་ལ། ཤིན་ཏུ་བདེ་དགའ་ཁྱད་པར་གྱི་དགའ་བས་ཐམས་ཅད་དེ་གོང་མ་གཉིས་ཀ་དེས་ཡུལ་དུ་ངེས་པར་བྱེད་ཅིང་། གསུམ་པ་དེའི་བདེ་བ་ཐབས་ལས་ཐམས་ཅད་ཀྱང་ལྷན་སྐྱེས་སུ་ཡང་དག་པར་རིག་ཅིང་རྟོགས་པར་འགྱུར་རོ། །གཉིས་པ་ནི། དགའ་བ་དང་པོ་དཔའ་བོ་ཉིད། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་ཏུ་བདེ་དགའ་ཐམས་ཅད་ངེས། །དེ་བདེའི་ཐབས་ལས་ཡང་དག་རིག །དགའ་བའི་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །དང་པོར་རེག་པར་འདོད་པ་དང་། །གཉིས་པ་བདེ་བར་འདོད་པ་དང་། །གསུམ་པ་འདོད་ཆགས་འཇིག་པ་ཉིད། །དེས་ན་བཞི་པ་བསྒོམ་པར་བྱ། །ཞེས་གསུངས་ཏེ། དགའ་བ་བཞིའི་ཁྱད་པར་བཤད་པ་ལའང་། དཔེ་སོགས་གསུམ་ཤློཀ་གསུམ་གྱིས་རིམ་བཞིན་འཆད་པའི་དང་པོ་དཔེའི་ཁྱད་པར་ནི། ལྷན་སྐྱེས་ལ་སྨོས་མ་ཐག་པ་ལྟར་བཞིར་དབྱེ་བའི། དགའ་བ་དང་པོ་ནི། དཔའ་བོ་ལྟ་བུ་ནི་ཉིད་དེ། རྟོག་པ་རགས་ཤིང་བདེ་བ་ཆུང་བས་སོ། །གཉིས་པ་མཆོག་ཏུ་དགའ་བ་ནི། རྣལ་འབྱོར་


KMC011_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟ་བུ་སྟེ། རྟོག་པ་ཕྲ་ཞིང་བདེ་བ་ཆེ་བས་སོ། །གསུམ་པ་ཤིན་ཏུ་བདེ་དགའམ་དགའ་བྲལ་ནི། བདེ་བ་ཐམས་ཅད་ངེས་པ་སྟེ། རྟོག་པ་ཕྲ་རགས་སྤངས་ཤིང་བདེ་བས་རྒྱུད་གང་བས་སོ། །བཞི་པ་ལྷན་སྐྱེས་ནི། དེ་ལྟ་བུའི་བདེ་བ་སྐྱེད་པའི་ཐབས་ལས་ཡང་དག་པར་རྟོགས་ཤིང་རིག་པ་སྟེ། རྟོག་པ་མཐའ་དག་དང་བྲལ་བའི་བདེ་ཆེན་གྱི་ཡེ་ཤེས་ཡིན་པས་སོ། །གཉིས་པ་ཉམས་མྱོང་གི་ཁྱད་པར་ནི། དང་པོ་དགའ་བའི་བདེ་བ་ནི་མཆོག་དགའ་ལ་ལྟོས་ཏེ་བདེ་བ་ཆུང་བས་ན་ཅུང་ཟད་ཉིད་དེ། གཉིས་པ་དགའ་བ་དང་པོ་ལས་ཆེས་ལྷག་པའི་བདེ་བ་དང་ལྡན་པས་མཆོག་ཏུ་དགའ་བ་དེ་བས་ལྷག་པ་དང་། གསུམ་པ་དགའ་བྲལ་ནི་གཟུགས་སོགས་ཡུལ་ལ་དབང་པོའི་འཛིན་པ་དང་བྲལ་ཞིང་། ཡིད་ཀྱི་རྣམ་ཤེས་ཙམ་ལ་བརྟེན་ནས་བདེ་བའི་ཡུལ་དུ་དམིགས་པ་ནི་དགའ་བ་སྟེ། དེ་ཡང་དགའ་བ་དང་བདེ་བར་འཛིན་པ་དང་བྲལ་བའི་ཤེས་པ་ཀུན་རྫོབ་ཀྱི་རང་བཞིན། འདོད་ཆགས་ཀྱི་ཡུལ་ལ་མ་ཐོགས་པས་བྲལ་བའང་དེ་ཡིན་ལ་མ་ཆགས་པ་ཡང་དེ་ཡིན་པས་ཆགས་བྲལ་ཡིན་ནོ། །དེ་དག་གི་ལྷག་མ་བཞི་པ་ནི་དགའ་བ་ལ་སོགས་པ་གསུམ་འདས་


KMC011_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་ལ་ཐོབ་པ་རྡོ་རྗེ་ནོར་བུ་ལས་འཕོ་བ་མེད་པ་རྣམ་པར་མི་རྟོག་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་དོ། །གསུམ་པ་རྟོགས་པའི་ཁྱད་པར་ནི། དང་པོ་ལས་རྒྱ་མའི་པདྨ་ལ་རྡོ་རྗེས་རེག་པར་འདོད་པ་ལས་ཉམས་སུ་མྱོང་བ་དགའ་བ་དང་། གཉིས་པ་དབང་པོ་མཉམ་པར་སྦྱར་བས་བདེ་བར་ལྷག་པ་ཐོབ་པར་འདོད་པ་མཆོག་ཏུ་དགའ་བ་དང་། གསུམ་པ་བདེ་བས་རྒྱུད་གང་ནས་དེ་བས་ལྷག་པའི་བདེ་བ་སླར་ཐོབ་འདོད་དང་བྲལ་བས་དགའ་བྲལ་འདོད་ཆགས་འཇིག་ཅིང་ཉམས་པ་ཉིད་ཡིན་པས། དེས་ན་དགའ་བ་སྔ་མ་གཉིས་རྐྱེན་གྱིས་སྐྱེ་བ་དང་། གསུམ་པ་ནི་ཉམས་ཤིང་འཇིག་པའི་ཕྱོགས་ཀྱི་སྐྱོན་དང་བཅས་པར་རྟོགས་ཏེ། མཐའ་དེ་གཉིས་སྤངས་པའི་དགའ་བ་བཞི་པ་ལྷན་སྐྱེས་ཁོ་ན་བསྒོམ་པར་བྱའོ། །འདིར་རྗེ་མར་པས་ལས་རྒྱ་བརྟག་པ་དགུག་པ་ནས་གཟུང་བ་དང་བླང་བའི་བར་རྒྱས་པར་བཤད་པ་དང་། རྟེན་གྱི་གང་ཟག་ཆགས་བཅས་ཆགས་བྲལ་གཉིས་ཀར་དགའ་བ་སྔ་མ་གསུམ་རྟོག་བཅས། བཞི་པ་ལྷན་སྐྱེས་རྟོག་མེད་ཡིན་ཀྱང་སྔ་མ་ལས་ཕྱི་མ་འབྱུང་བས་ལྟོས་བཞག་ཏུ་བཞེད་དོ། །གསུམ་པ་ནི། མཆོག་ཏུ་


KMC011_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་སྲིད་པར་བརྗོད། །དགའ་བྲལ་ལས་ནི་མྱ་ངན་འདས། །དབུ་མ་དགའ་བ་ཙམ་ཉིད་དེ། །འདིས་ནི་ལྷན་ཅིག་སྐྱེས་པ་སྤངས། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །འདི་ལ་ཐབས་དང་ཤེས་རབ་མེད། །ཡང་དག་དེ་ཉིད་སྣང་བ་པོ། །ཞེས་གསུངས་ཏེ། དེ་ལྟར་བཤད་པའི་མཆོག་ཏུ་དགའ་བ་དེ་ནི་སྲིད་པར་སྟེ་དེའི་མཐའི་ཐ་སྙད་བརྗོད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་རྟོག་ཅེས་ཐེག་ཆེན་སྤྱིའི་ལུགས་ལས་འབྱུང་བ་ལྟར། སློབ་དཔོན་བྷ་བ་བྷ་དྲས། དག་པ་དེ་ཡང་བདག་དང་བདག་གིར་འཛིན་པའི་རྒྱུན་གྱི་རང་བཞིན་ཅུང་ཟད་ཀྱིས་འཆིང་བ་དང་ལྡན་པས་སོ་ཞེས་བཤད་དོ། །དགའ་བྲལ་ལས་ནི་ཞི་བ་མྱ་ངན་ལས་འདས་པའི་མཐར་འགྱུར་ཏེ། དེ་ཉིད་ཀྱིས། དགའ་བྲལ་ནི་ཆགས་པ་དང་བྲལ་བའོ། །མྱ་ངན་ལས་འདས་པ་ནི་ལས་དང་ཉོན་མོངས་པའི་འཆིང་བ་སྤངས་པའོ། །ཞེས་སྨོས་པའི་མཚན་ཉིད་ཚང་བས་སོ། །དེ་ལྟ་བུའི་སྲིད་ཞིའི་མཐར་ལྟུང་བ་གཉིས་དང་མི་ལྡན་པའི་དབུ་མ་ནི་དགའ་བ་ཙམ་ཉིད་དེ། དེ་ཆགས་པ་དང་ཆགས་བྲལ་གཉིས་ཀའི་ཆ་ཤས་


KMC011_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡིན་པའི་ཕྱིར་རོ། །གསུམ་པོ་འདིས་ནི་དོན་དམ་གྱི་ལྷན་ཅིག་སྐྱེས་པ་སྤངས་པ་ཡིན་ཏེ། རིམ་བཞིན་ཆགས་དང་ཆགས་བྲལ་བར་མར་དམིགས་པའི་ཕྱིར་རོ། །འོ་ན་ལྷན་སྐྱེས་དངོས་ཉིད་ཇི་ལྟ་བུ་ཞེ་ན། དེ་ནི་མཆོག་དགའ་ལྟར་འདོད་ཆགས་མེད་ཅིང་དགའ་བྲལ་ལྟར་ཆགས་བྲལ་མེད་ལ་དགའ་བ་ལྟར་དབུ་མ་ཙམ་དུའང་དམིགས་པར་མི་འགྱུར་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་དག་གི་ལུས་ཀྱི་དགའ་བ་ཙམ་ནི་ལྷན་སྐྱེས་སུ་འདོད་དགོས་པ་མ་ཡིན་ནམ་ཞེ་ན། དཔལ་ནཱ་རོ་པས། ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ཅན་བྱང་ཆུབ་ཀྱི་སེམས་འཕོ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། འཇིག་རྟེན་ཀུན་རྫོབ་ཀྱིས་སོ། །ཞེས་དྲང་དོན་དུ་གསུངས་པ་བཞིན་འཇིག་རྟེན་པའི་ལྷན་སྐྱེས་དཔེའི་ཡེ་ཤེས་སུ་ཟད་དེ་དོན་དམ་མ་ཡིན་པ་ལ་དགོངས་སོ། །ཚུལ་དེས་ན་ལྷན་ཅིག་སྐྱེས་པ་འདི་ལ་ཐབས་བདེ་བ་དང་ཤེས་རབ་སྟོང་པ་རྐྱང་པའི་ཕྱོགས་ཐ་དད་དུ་གྲུབ་པ་མེད་པས་ཐབས་ཤེས་དབྱེར་མེད་ཡང་དག་པའི་གནས་ལུགས་དེ་ཁོ་ན་ཉིད་སྣང་བ་པོ་ཡིན་ཏེ། བདེ་སྟོང་གི་དོན་ལ་རྟོག་བྲལ་མ་འཁྲུལ་པའི་ཕྱིར་རོ། །འདི་ནི་


KMC011_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རྣོན་པོའི་རྟེན་གྱི་གང་ཟག་ལ་དོན་གྱི་ཡེ་ཤེས་རྟོགས་པར་གསུངས་པ་ཡིན་ནོ། །བཞི་པ་ནི། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གིས་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་ཏེ། རྟོགས་པར་དཀའ་བ་དོན་དམ་རང་བཞིན་གྱི་ལྷན་ཅིག་སྐྱེས་པ་དེ་ནི། སྒྲ་དང་གཞན་གྱིས་གཏན་ཚིགས་ཀྱིས་བསྒྲུབ་པ་དང་རྗེས་སུ་དཔག་པའི་ཡུལ་ཡིན་པ་སྨོས་ཅི་དགོས། རྡོ་རྗེ་འཛིན་པས་ཀྱང་བརྗོད་པ་ཐོས་པ་ཉིད་ཀྱིས་མངོན་དུ་རྟོགས་པར་འགྱུར་བ་མིན་ཏེ། དོན་དམ་ལྷན་ཅིག་སྐྱེས་པ་དེ་དག་གིས་བསྟན་པར་མི་ནུས་པའི་ཕྱིར་རོ། །ཐབས་གཞན་དང་ཕྱི་ནང་གི་དངོས་པོའི་ཆོས་གང་དུ་ཡང་ནི་རྒྱལ་བའི་སྲས་རྣམས་ཀྱིས་ཀྱང་མི་རྙེད་དེ། སྤྲོས་པའི་མཚན་མ་དང་མཚན་མ་མེད་པ་དང་གཉིས་ཀ་དང་གཉིས་ཀ་མིན་པའི་ངོ་བོར་མི་དམིགས་པའི་ཕྱིར་རོ། །དེ་ལྟ་ནའང་། བླ་མ་རྟོགས་པ་མངོན་དུ་གྱུར་པ་ལ་དུས་དང་མཐུན་པར་བསྙེན་བཀུར་བའི་མོས་གུས་ཀྱིས་བྱིན་རླབས་ཀྱི་སྟོབས་དང་། དེ་ཉིད་ཀྱི་མན་ངག་ལས་སྐད་ཅིག་གིས་དབྱེ་བ་དབྱེ་བའི་དུས་དང་། ཡེ་ཤེས་སྐྱེད་པའི་ཐབས་རང་


KMC011_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱུད་ལ་བསྟེན་ཅིང་སྒྲུབ་པའི་མཐུ་དང་། བླ་མ་ལ་བརྙེས་པ་སྒྲུབ་པ་སོགས་སློབ་མ་སྣོད་ལྡན་དག་གི་སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་བསགས་པ་ལས་རང་གིས་རང་ལ་ལྷན་ཅིག་སྐྱེས་པའི་དོན་དམ་དེ་ཤེས་ཤིང་རྟོགས་པར་བྱའོ། །འདི་ལ་མུ་ཏིག་ཕྲེང་བར། མཐུན་པའི་ཡུལ་དུ་སྐྱེས་པ། སྐྱེས་བུ་དམ་པ་ལ་བརྟེན་པ། སྨོན་ལམ་བཏབ་པ། སྔོན་བསོད་ནམས་བྱས་པ་བཞི་ཚང་བར་འཆད་དོ། །གཉིས་པ་ཆོས་རྒྱའི་རྣལ་འབྱོར་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དམན་པ་འབྲིང་དང་མཆོག་རྣམས་དང་། །གཞན་དང་གང་དང་དེ་རྣམས་དང་། །རོ་མཉམ་དེ་ཉིད་བསྒོམས་པ་ཡིས། །འདི་ཀུན་མཉམ་པ་ཉིད་དུ་བལྟ། །ཞེས་གསུངས་ཏེ། འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པས་རྒྱས་གདབ་པའི་དབང་དུ་མཛད་པ་སྟེ། ཕྱི་ནང་གི་དངོས་པོ་དམན་པ་རྡུལ་ཕྲ་རབ། འབྲིང་བུམ་པ་ལ་སོགས་པ་དང་། མཆོག་རི་རབ་ས་ཆེན་རྒྱ་མཚོར་བཅས་པ་རྣམས་དང་། གཞན་དབང་པོ་དྲུག་སོགས་ནང་གི་སྐྱེ་མཆེད་རྣམས་དང་། གང་རྣམས་བརྟན་པ་དང་དེ་རྣམས་གཡོ་བ་དང་བཅས་པ་ཐམས་


KMC011_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཅད། ཟུང་དུ་འཇུག་པའི་ངོ་བོར་རོ་མཉམ་པའི་དེ་ཁོ་ན་ཉིད་བསྒོམ་པ་ཡིན་ཏེ། འདི་ཀུན་མཉམ་པ་ཉིད་དུ་མཚུངས་པར་བལྟ་བས་གནས་པར་བྱའོ། །ངེས་པའི་དོན་ནི། ཁ་སྦྱོར་དྲི་མེད་ལས། དམན་པ་ཕྲ་བའི་དོན་དགའ་བ། མཆོག་གི་དངོས་པོ་མཆོག་དགའ། བར་མ་གཉིས་ཀྱི་སྤངས་པ་དགའ་བྲལ། གཞན་དབང་པོ་དྲུག་དེ་ཐམས་ཅད་ཡེ་ཤེས་ལྔ་ལྷན་སྐྱེས་དང་དྲུགགང་རྣམས་དེ་རྣམས་བརྟན་གཡོ་སྟེ་དགའ་བ་བཞིའི་ཡེ་ཤེས། དེའི་འཁོར་ལོ་ཉམས་སུ་མྱོང་བ་རོ་སྟེ། འདི་ཀུན་དེའི་ཁྱབ་བདག་མཉམ་པ་མཚུངས་ཤིང་དབྱེར་མེད་པ་ལ་བཤད་དོ།། གཉིས་པ་ལ་གསུམ། དེའི་ཚིག་དོན་རིམ་པར་བཤད་པ། དེ་ཉིད་བརྟན་གཡོའི་རང་བཞིན་དུ་བསྟན་པ། སྤྱོད་ལམ་ཐམས་ཅད་དུ་ཉམས་སུ་ལེན་པའོ། །དང་པོ་ནི། དམན་པའི་གནས་ནི་ཕྲ་བའི་དོན། །མཆོག་ནི་དངོས་པོར་བརྗོད་པར་བྱ། །དབུ་མ་གཉིས་ཀྱིས་སྤངས་པ་ཉིད། །གཞན་རྣམས་ཞེས་བྱ་དབང་པོ་དྲུག །གང་རྣམས་འདི་རྣམས་བརྟན་དང་གཡོ། །འདི་ཀུན་ཞེས་བྱ་ང་ཉིད་མེད། །མཉམ་ཉིད་མཚུངས་པར་འདོད་པ་ཉིད། །རོ་མཉམ་དེ་ཉིད་བསྒོམས་པ་ཡིས། །མཉམ་ཞེས་བྱ་བ་


KMC011_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་བརྗོད། །དེ་ཡི་འཁོར་ལོ་རོ་ཞེས་བརྗོད། །སྒོམ་པ་རོ་གཅིག་མཉམ་པ་ཉིད། །འདིས་ནི་དོན་གྱིས་བརྗོད་པར་བྱ། །ཞེས་གསུངས་ཏེ། མདོར་བསྟན་བཤད་མ་ཐག་པར་དམན་པ་ཞེས་བརྗོད་པའི་གནས་ནི་ཕྲ་བའི་དོན་ཏེ་སེམས་དང་སེམས་ལས་བྱུང་བའི་ཤེས་པ་ཆ་ཕྲ་བ་དང་། མཆོག་ནི་རགས་པའི་དངོས་པོར་གྲུབ་པ་རང་གི་ལུས་སུ་བརྗོད་པར་བྱ་ལ། དབུ་མ་དངོས་པོ་དངོས་མེད་གཉིས་ཀྱི་སྤངས་པ་ཉིད་དེ་ཡན་ལག་མ་གྲུབ་པས་ཡན་ལག་ཅན་མི་རྙེད་པ་ལྟ་བུ། གཞན་རྣམས་ཞེས་བྱ་བ་མིག་སོགས་དབང་པོ་དྲུགགང་རྣམས་འདི་རྣམས་ནི་གཟུགས་སོགས་བརྟན་པ་སེམས་མེད་པ་དང་། རྣམ་ཤེས་དང་ལྡན་པ་གཡོ་བའི་སེམས་ཅན། འདི་ཀུན་ཞེས་བྱ་བ་དེ་ཐམས་ཅད་ལ་བདག་གམ་ང་ཉིད་མེད་ཀྱང་ཕུང་པོ་ལ་དམིགས་ནས་ངར་རློམ་པར་ཟད་དོ། །མཉམ་པ་ཉིད་ཅེས་བྱ་བ་གང་ཞེ་ན། དབང་ཡུལ་རྣམ་ཤེས་ཕུང་པོ་ལྔ་པོ་དངོས་པོ་དངོས་མེད་གཉིས་ཀ་གཉིས་མིན་གྱི་ངོ་བོར་སྣང་སྟོང་དུ་མཚུངས་པའམ་འདྲ་བར་བརྗོད་པ་སྟེ་སྒོམ་པ་པོས་མངོན་དུ་གྱུར་པ་ཉིད་དོ། །རོ་མཉམ་པའང་དེ་ཁོ་ན་ཉིད་ཇི་ལྟ་བར་བསྒོམ་པ་ཡིས་


KMC011_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེའི་ཚིག་ཟུར་མཉམ་ཞེས་བྱ་བ་རྟོག་པ་སྔ་ཕྱི་མཚུངས་པར་བརྗོད་ཅིང་། མྱོང་བ་དེ་ཡིས་དངོས་པོ་ཐམས་ཅད་ལ་འཁོར་བར་རྒྱུ་ཞིང་འབབ་པས་འཁོར་ལོ་སྟེ། རང་རིག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་པའོ། །རོ་ཞེས་པའི་ཚིག་བརྗོད་པའང་། བསྒོམ་བྱ་སྒོམ་བྱེད་སྒོམ་པ་རོ་གཅིག་པས་སྟོང་པ་ཉིད་ཀྱི་ངོ་བོར་མཉམ་པ་ཉིད་འདིས་ནི་ཆོས་ཀྱི་ཕྱག་རྒྱ་སྒོམ་ཚུལ་དོན་གྱིས་བརྗོད་པར་བྱ་བ་ཡིན་ནོ། །འདིར་འཁོར་ལོའི་སྒྲ། སྔར་བཤད་པའི་ལྷ་མོ་བཅོ་ལྔ་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ཉིད་བསྒོམས་པས་ཉམས་སུ་མྱོང་བྱ་ཡིན་པས་རོ་ཞེས་བརྗོད་ལ། དེ་ཉིད་ལྷན་སྐྱེས་ཀྱིས་རྒྱས་འདེབས་ནས་སྒོམ་པ་ནི་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པས་མཉམ་པའི་དོན་དུའང་ཤེས་པར་བྱའོ། །གཉིས་པ་ནི། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་གནས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་གསུངས་ཏེ། ཕྱི་རོལ་བདག་དང་བྱེད་པ་པོས་ཐམས་ཅད་བྱས་པར་འདོད་པ་ལྟ་བུ་མ་ཡིན་ཏེ། ལྷན་སྐྱེས་འོད་གསལ་དག་པའི་སེམས་ཉིད་ཁོ་ན་བཅོམ་ལྡན་འདས་ཀྱི་རང་བཞིན་ཡིན་


KMC011_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལ་དགོངས་ནས། ལྷན་ཅིག་སྐྱེས་པ་ང་ལས་མ་དག་པའི་སེམས་རྣམ་ཤེས་ཚོགས་བརྒྱད་དང་ཕུང་ཁམས་སྐྱེ་མཆེད་སོགས་ལུས་ངག་ཡིད་ཀྱི་ཁམས་དང་ལྡན་པའི་འགྲོ་བ་ཐམས་ཅད་བྱུང་ཞིང་། ང་ལས་འདོད། གཟུགས། གཟུགས་མེད་ཀྱི་སྲིད་པར་གནས་པ་གསུམ་པོ་ཡང་བྱུང་བས་ན། ང་རང་བཞིན་ལྷན་སྐྱེས་ཀྱིས་བརྟན་པ་དང་གཡོ་བ་འདི་ཀུན་ཐམས་ཅད་ལ་ཁྱབ་པ་སྟེ། ཆོས་ཅན་ཇི་སྙེད་པ་ལ་ཆོས་ཉིད་ཀྱིས་ཁྱབ་པ་ལྟ་བུར་མ་ཟད་ཀྱི། འཁོར་འདས་ལྷན་སྐྱེས་སུ་རོ་མཉམ་པས་འགྲོ་བའི་རང་བཞིན་དེ་ལས་གཞན་ཅིའང་རྡོ་རྗེ་འཆང་ཆེན་པོས་མ་མཐོང་བ་ནི། ཁ་སྦྱོར་དྲི་མེད་ལས། ཡེ་ཤེས་གཅིག་པུའི་རང་བཞིན་ཉིད་ཀྱིས་རྣམ་ཤེས་ཀྱི་འགྲོ་བའང་མེད་དོ། །ཞེས་སོ། །འདིས་ནི་ལྷན་སྐྱེས་ཀྱི་ཡུལ་སྟོང་པ་ཉིད་ལས་ཡུལ་ཅན་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་བྱུང་བར་བསྟན་ཏོ། །གསུམ་པ་ནི། དེ་ལྟར་རྣལ་འབྱོར་པས་ཤེས་ནས། །ཤིན་ཏུ་མཉམ་བཞག་གང་གོམས་པ། །བསོད་ནམས་ཆུང་བའི་མི་ཡིས་ཀྱང་། །དེ་ནི་འགྲུབ་པར་ཐེ་ཚོམ་མེད། །བཟའ་དང་བཏུང་དང་བླུགས་པ་དང་། །ཉལ་དང་ལོག་དང་སེམས་པ་


KMC011_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་མངོན་དུ་འགྲོ་བར་འགྱུར། །ཞེས་གསུངས་ཏེ། དེ་ལྟར་ཆོས་ཐམས་ཅད་ལྷན་སྐྱེས་ཀྱི་རང་བཞིན་ཡིན་པས་འཁོར་བ་དང་མྱང་འདས། ཡེ་ཤེས་དང་རྣམ་ཤེས་སོགས་རང་བཞིན་མཉམ་པ་ཉིད་དུ་རྣལ་འབྱོར་པས་མངོན་དུ་རྟོགས་ཤིང་ཤེས་ནས། སྤངས་བླང་གི་མཚན་འཛིན་དང་བྲལ་བར་ལྷན་སྐྱེས་ཀྱི་དེ་བཞིན་ཉིད་ལ་ཤིན་ཏུ་མཉམ་པར་བཞག་པ་ལ་རྒྱུན་བརྟན་པར་གནས་པས་གང་གོམས་པར་བྱེད་པ་དེའམ། རིམ་པ་གཉིས་ལ་གུས་པ་དང་རྟག་པའི་སྦྱོར་བས་གོམས་པར་བྱས་ན། ཚེ་འདིར་བསོད་ནམས་ཆུང་བ་ལོངས་སྤྱོད་ཀྱིས་ཕོངས་པར་གྱུར་པའམ། མཚམས་མེད་སོགས་བྱས་པས་འགྱོད་པའི་ཡིད་ཅན་གྱི་མི་ཡིས་ཀྱང་། ཚེ་འདི་ཉིད་ལ་མཆོག་གི་རྟོགས་པའི་ཁྱད་པར་དེ་ནི་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །མཉམ་བཞག་གི་ཉམས་ལེན་དེ་དང་ལྡན་པའི་རྣལ་འབྱོར་པས་རྗེས་ཤེས་སུ་ཁ་ཟས་བཟའ་བ་དང་བཏུང་བ་འཐུང་བ་དང་། བླུགས་པ་སྟེ་ལུས་ལ་ཁྲུས་ཆུ་བླུགས་པར་བྱེད་པ་དང་། མལ་སྟན་ལ་འཕྲེས་ཏེ་གློས་ཕབ་ནས་ཉལ་བའི་གཉིད་འཐུག་དང་། རྨི་ལམ་དང་། དེ་


KMC011_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་ལོག་པ་སད་པའི་སྐབས་ཀྱི་སྣང་བ་དང་། སེམས་པའི་སྒྲས་དེ་རྣམས་ལས་གཞན་པའི་སྤྱོད་ལམ་གྱི་སེམས་པ་སྔོན་དུ་འགྲོ་བས་གང་བྱེད་པའི་ཚེ་ནའང་། བསྐྱེད་རིམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོའམ། རྫོགས་རིམ་ཟུང་འཇུག་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་པར་འདོད་པས། སྒོམ་པ་ལ་གུས་པ་དང་རྒྱུན་མི་འཆད་པའི་སྦྱོར་བས་གོམས་པར་བྱས་ན། དེ་ནས་དངོས་གྲུབ་ལ་མངོན་དུ་འགྲོ་བ་སྟེ། དེའི་སྐད་དོད་ག་ཏེ་རྟོགས་པ་ལའང་འཇུག་པས་མངོན་སུམ་དུ་རྟོགས་པར་འགྱུར་རོ། །དེས་ཡུལ་ཐམས་ཅད་ལ་ཆོས་ཀྱི་ཕྱག་རྒྱས་འདེབས་པའི་ཉམས་ལེན་བསྟན་པ་སྟེ་ཞིབ་པར་སམྦུ་ཊ་སོགས་བཤད་རྒྱུད་རྣམས་ལས་རྟོགས་པར་བྱའོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་བཞི། གང་བསྒོམ་པའི་ངོ་བོ། ཚུལ་ཇི་ལྟར་བསྒོམ་པ། རང་རིག་པའི་དོན། དེ་རྟོགས་པའི་ཕན་ཡོན་ནོ། །དང་པོ་ནི། གང་ཕྱིར་ཡིད་ཀྱིས་མི་སྒོམ་པ། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །བསྒོམ་པ་ཉིད་ནི་བསྒོམ་པ་མིན། །ཅེས་གསུངས་ཏེ། ལས་དང་ཆོས་ལ་སོགས་པའི་ཕྱག་རྒྱ་བློས་བཏགས་པ་ཡིན་


KMC011_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པས། ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་ཆེན་པོ་ནི་གང་དག་གི་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་དགག་སྒྲུབ་ཀྱི་ཡིད་ཀྱི་མཚན་མ་དང་རྟོག་པས་མི་སྒོམ་པར་འགྲོ་བ་སེམས་ཅན་ལ་སོགས་པ་ཕྱི་སྣོད་ནང་བཅུད་ཐམས་ཅད་སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བསྒོམ་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་མེད་པའི་ཚུལ་ནི་ཡོངས་སུ་ཤེས་ན། རྣམ་པར་རྟོག་པའི་བློས་བཅོས་ནས་བསྒོམ་པ་ཉིད་ནི་ཡང་དག་པའི་དོན་བསྒོམ་པ་མ་ཡིན་ལ། དེས་ན་སྒོམ་པ་པོ་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་སྐྱེ་བ་མེད་པ་ལ་སོགས་པ་སྤྲོས་པའི་མཐའ་དང་བྲལ་བར་བསྒོམ་པའོ། །སྐབས་འདིར་སྦྱང་དཀའ་ཟླ་བས་བཤད་རྒྱུད་སམྦུ་ཊིའི་ལུང་དྲངས་པ་སོགས་སྦྱར་ནས་གནད་དོན་རྟོགས་ན། ཕྱག་རྒྱ་ཆེན་པོ་ལ་ལོག་པར་ལྟ་བའི་སྒོ་འགེགས་ཤིང་བཅོས་མའི་སྒོམ་པ་ཁོ་ནར་ཞེན་པ་སེལ་བར་འགྱུར་རོ། །གཉིས་པ་ནི། བརྟན་དང་གཡོ་བའི་དངོས་པོ་གང་། །རྩ་ལྕུག་འཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། དམ་པའི་དེ་ཉིད་ངེས་བསྒོམ་བྱ། །དེ་རྣམས་དམ་པ་གཅིག་ཡོད་མིན། །ཅེས་གསུངས་ཏེ། དེ་ཉིད་ཚུལ་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next