Nitartha Digital Library
Tibetan
 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


KMC013_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར་ཁ་ཊྭཱཾ་ག་ཁོ་ན་ཡིན་ལ། ཡས་ཀྱི་རྩེ་མོར་རལ་གྲི་རྩེ་གསུམ་པ་ལྟ་བུ་ལ་མགུལ་དུ་མི་མགོ་གཅིག་གམ་རྔ་མས་བརྒྱན་པ་ནི་ཏྲཱི་ཤཱུ་ལ་སྟེ་དེ་ཡང་ཁ་ཊྭཱཾ་ག་སྔགས་བླ་མེད་ཀྱི་ཡེ་ཤེས་ཀྱི་ལྷའི་ཕྱག་མཚན་ཁོ་ན་ཡིན་ལ། ཏྲི་ཤཱུ་ལ་ནི་སྔགས་བླ་མེད་ཀྱི་ལྷས་འཛིན་པའང་ཡོད་མོད་ཀྱི་གཙོ་བོར་ཕྱི་རོལ་པའི་ལྷ་དབང་ཕྱུག་སོགས་ཀྱི་ལག་ཆ་ཤས་ཆེ་བ་ཡིན་པས་མ་འདྲེས་པར་བྱའོ། །འདི་ནི་རྡོ་རྗེའི་ཁ་ཊྭཱཾ་གའི་མཚན་ཉིད་རྒྱུད་པའི་གསུང་སྒྲོས་བཞིན་བརྗོད་པ་སྟེ་རྒྱ་གཞུང་དུ་མར་ནི་མི་མགོ་སྐམ་པོ་སུམ་བརྩེགས་སུ་བཤད་ཅིང་བདེ་མཆོག་གི་རྒྱ་གཞུང་དུ་མར་ཀེང་རུས་ཀྱི་ཁ་ཊྭཱཾ་ག་ཞེས་བཤད་པ་ནི་དབྱུག་པ་ལ་ཀེང་རུས་ཚང་མ་བརྒྱུས་པར་བྲིས་སྐུ་རྒྱ་གར་མ་འགའ་ལ་སྣང་ངོ་། །ཁ་ཊྭཱཾ་གའི་མཚན་ཉིད་དག་པ་སོགས་རྒྱས་པར་ནི་སམྦཱུ་ཊ་དང་དེའི་འགྲེལ་པར་བལྟའོ། །དགའ་བ་བཞི་རེ་རེ་ལ་བཞི་བཞིར་ཕྱེ་བས་དགའ་བ་བཅུ་དྲུག་སྟེ་འདི་ལ་དགྱེས་རྡོར་གྱི་བཤད་རྒྱུད་རྣམས་དང་བདེ་མཆོག་གི་ཕྱོགས་དུ་མར་བཅུ་དྲུག་པོ་རེ་རེ་ཞིང་མིང་དང་གནས་དང་མྱོང་བའི་ངོ་བོ་ཐ་དད་པ་འགའ་དང་དེ་ཚེས་སོ་སོ་ལ་ཡི་གེའི་གཟུགས་ཀྱིས་འཕོ་བས་ཐིག་


KMC013_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལེའི་འཕོ་བར་བཤད་ཅིང་། དུས་འཁོར་ལས། སྐུ་གསུང་ཐུགས་ཡེ་ཤེས་དང་སྙིང་རྗེ་བཅུ་དྲུག་དང་སྟོང་པ་བཅུ་དྲུག་དང་ཡི་གེ་བཅུ་དྲུག་སོགས་ཕྱི་ནང་གི་སྦྱར་བཤད་དང་བཅས་ཏེ་རྒྱས་པར་བཤད་ཀྱང་། འདི་ནི་གཙོ་བོར་རྫོགས་པའི་རིམ་པའི་སྐབས་སུ་འཆད་དགོས་པའི་ཕྱིར་འདིར་རྒྱས་པར་མི་སྤྲོ་ལ། མདོར་ན་དགའ་བ་བཅུ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་མི་མོ་ལོ་བཅུ་དྲུག་པའི་ན་ཚོད་ཀྱི་རྣམ་པ་བདེ་བའི་བཅུད་ཀྱིས་རྒྱས་པས་སྐུ་རྒྱས་ཅིང་སྒེག་ལ་འཁྲིལ་བག་ཆགས་པ་དང་ཁྱད་པར་རོ་སྟོད་སེང་གེའི་ལྟར་ཡངས་པ་དང་རྐེེད་སྐབས་ཕྱེད་ཅིང་ཕྲ་ལ་ལྟོ་བ་མ་རྙོངས་པ་དང་སྐུ་སྨད་ཟླུམ་ཞིང་རྒྱས་པ་ལ་རབ་ཏུ་སྲ་བའི་དཀར་འཛིན་དང་ཆུ་སྐྱེས་མཐོ་ཞིང་རྒྱས་པ་སྟེ་ལམ་གྱི་ངོ་བོར་བདེ་སྟོང་དབྱེར་མེད་པའི་དགའ་བ་བཅུ་དྲུག་དང་མི་འབྲལ་བར་གྱིས་ཅིག་པའི་དོན་ཏོ། །དུས་གསུམ་གྱི་ཆོས་ཐམས་ཅད་སྐད་ཅིག་དང་དུས་དང་བྲལ་བ་ཇི་ལྟ་བ་ཉིད་དུ་མཁྱེན་པས་སྤྱན་གསུམ་པ་མི་དམིགས་པའི་སྙིང་རྗེ་ཆེན་པོས་འགྲོ་བ་ཡོངས་སུ་མི་འདོར་བའི་ཕྱིར་དམར་ཞིང་ཟླུམ་པ་སྡང་མིག་གིས་དྲག་ཏུ་གཟིགས་པ་སྟེ་དུས་ཐམས་ཅད་ནི་དུས་དང་བྲལ་བའི་སྐད་ཅིག་


KMC013_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོར་ཤེས་པས་ལམ་སྒྲུབ་པ་ལ་མི་སྐྱོ་ཞིང་སྙིང་རྗེ་ཆེན་པོས་འགྲོ་བ་མི་འདོར་བར་བྱོས་ཅིག་པའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་བདུད་བཞི་འདུལ་བའི་ཕྱིར་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་མཆེ་བ་བཞི་རབ་ཏུ་གཙིགས་པ་སྟེ་རྣམ་པར་ཐར་པའི་སྒོ་བཞིས་བདུད་ལས་རྒྱལ་བར་བྱེད་དགོས་པའི་དོན་ཏོ། །དེ་ཡང་ལྷའི་བུའི་བདུད་ནི། གཙོ་བོར་གཞན་འཕྲུལ་དབང་བྱེད་ཀྱི་བདུད་ཀྱི་བདག་པོ་སྡིག་ཏོ་ཅན་ཕྱོགས་དང་བཅས་པ་རྣམས་ཏེ་སེམས་ཅན་རྣམས་ཀྱི་མི་དགེ་བའི་སེམས་ལས་ཀུན་ཏུ་སྣང་བའོ། །འཆི་བདག་གི་བདུད་ནི། དྲང་བའི་དོན་དུ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་སྐྱེ་འགྲོའི་ཚེ་སྲོག་ལ་དབང་བྱེད་པ་ཅིག་ལྷོ་ཕྱོགས་ཀྱི་ཁོར་ཡུག་གི་ནང་ན་གནས་པར་མདོ་སྡེ་དྲན་ཉེ་དང་འཇིགས་བྱེད་ཀྱི་གཏམ་རྒྱུད་ཀྱི་རྟོག་པ་སོགས་ལས་བཤད་ལ། ངེས་དོན་དུ་ནི་ཆོས་ཐམས་ཅད་ལ་བདག་གམ་གཙོ་བོའམ་བྱེད་པ་པོ་མེད་པ་ནི་སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་སྤྱིའི་སྡོམ་ཆེན་པོ་སྟེ་དབུ་ཚད་མངོན་སུམ་གྱི་གཞུང་མཐའ་དག་ལས་འདུས་བྱས་རྣམས་ལ་འཇིག་རྒྱུ་དོན་གཞན་པ་ནི་འགའ་ཡང་མེད་པར་ནན་གྱིས་བཤད་པས་


KMC013_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཤེས་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་རྣམས་ཀྱི་སྐད་ཅིག་གི་རང་གི་ངང་གིས་འཇིག་པའི་ཆ་ནི་འཆི་བདག་གི་བདུད་དོ། །ཕུང་པོའི་བདུད་ནི། ལས་ཀྱི་མཐུས་ཕུང་པོ་ལྔའི་ཚོགས་པ་ལུས་སུ་སྣང་བའོ། །ཉོན་མོངས་པའི་བདུད་ནི། རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་སམ་བསྡུ་ན་དུག་གསུམ་སྟེ་དེས་ཀུན་ནས་བསླང་བའི་ལས་ཀྱིས་ཕུང་པོ་འགྲུབ་ལ། ཕུང་པོ་གྲུབ་པ་ན་འཆི་བ་འབྱུང་ཞིང་གནས་སྐབས་སུ་གནོད་པ་སྟེར་བས་འདི་བཞི་ནི་འབྲེལ་བར་གནས་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན་རྒྱུ་ཉོན་མོངས་པའི་བདུད་གཙོ་བོར་བཅོམ་པས་འབྲས་བུ་གཞན་གསུམ་རིམ་གྱིས་འགག་མོད་ཀྱང་སྔགས་བླ་ན་མེད་པའི་ཚུལ་ཆེན་པོ་འདིར་ནི་བཅོམ་ལྡན་འདས་མའི་ཐུགས་རྗེ་རབ་ཏུ་ཁྲོས་པའི་མོད་ལ་བདུད་རྒྱུ་འབྲས་བཞི་པོ་ཅིག་ཆར་སླར་མི་ལྡོག་པར་བཅོམ་པའོ། །མ་མཆུ་ཚེམས་ཀྱིས་མནན་པ་ནི། བདུད་ལ་རྣམ་པར་ཉེད་པའི་ཚུལ་ཏེ། དེ་ཡང་ཡས་ཀྱི་མཆེ་བས་མ་མཆུའི་ཕྱི་ཅུང་ཟད་མནན་པའོ། །ཡོན་ཏན་ཡོངས་སུ་རྫོགས་པའམ་དམར་ཆ་སྤྱི་བོར་བརྟན་པ་མཚོན་པས་དབུ་སྐྲ་ཁམ་ནག་ཕལ་ཆེར་གྱེན་དུ་བརྫེས་པ་སྟེ་ཡོན་ཏན་གྱིས་ཆོག་


KMC013_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཚལ་ཞིང་བྱང་སེམས་བརྟན་པར་གྱིས་ཅིག་པའི་དོན་ཏོ། །དེ་ཡང་ཕྱག་རྒྱ་ལྔ་ལས་མི་བསྐྱོད་པའི་ངོ་བོ་མི་རུས་ཀྱི་འཁོར་ལོ་རྩིབས་དྲུག་པ་ཕྱིའི་མུ་ཁྱུད་དང་བྲལ་བ་ལྟེ་བ་སྟོང་པའི་ནང་དུ་ཐོར་ཚུགས་གྱེན་དུ་དྲངས་ཏེ་དར་སྣ་ཚོགས་ཀྱིས་བཅིངས་ཅིང་ཚངས་བུག་གི་ཐད་དུ་ཐོར་ཚུགས་ཀྱི་རྣམ་པར་འཁྱིལ་བའི་གསེབ་ཏུ་རྡོ་རྗེ་ཕྱེད་པ་ལྟེ་བ་ནང་སྦུབས་སྟོང་དུ་གནས་པ་ཡར་རྩེ་ཐོར་ཚུགས་ཀྱི་རྩེར་ཐོན་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པའི་དོན་ཏོ། །དཔྲལ་བའི་སྐྲ་མཚམས་སུ་རྡོ་རྗེ་ནག་པོ་མཆུར་ཉལ་བའི་ཕྲེང་བའི་སྟེང་དུ་རིག་པའི་དབང་ལྔ་ལས་བྱུང་བའི་རིགས་བདག་དེ་བཞིན་གཤེགས་པ་ལྔ་པོ་སྤྲོས་པ་ཞི་བའི་བརྡར་ཐོད་པ་སྐམ་པོ་དཀར་ལ་འཚེར་བ་ཕེཾ་གྱི་སྒྲ་སྒྲོག་པ་ལྔའི་རྣམ་པར་གནས་པས་བརྒྱན་ཞིང་སོ་སོའི་སྟེང་དུ་ཡང་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་པའི་རྩེ་བྲན་བཀོད་པས་མཛེས་ཅིང་ལྷ་ཀླུ་ལ་སོགས་པའི་རྒྱན་གྱི་མདངས་འཕྲོག་པ། འཁོར་ལོའི་རྩིབས་ཀྱི་སྣ་ལས་རུས་པའི་ཕྲེང་བ་ཟ་ར་ཚགས་སུ་འཕྱང་བས་ཐོད་སྐམ་རྣམས་ཐུར་དུ་མི་ལྷུང་བར་སྦྲེལ་ཞིང་ཐོད་སྐམ་ལྔའི་ཁ་ནས་ཀྱང་རུས་པའི་དྲ་བ་དང་དྲ་


KMC013_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱེད་པ་འཕྱང་བས་དཔྲལ་བའི་ཕྱེད་ཙམ་དུ་སོན་པ། དབུ་སྐྲའི་ལྷག་མ་ཅུང་ཟད་རྒྱབ་ཏུ་སིལ་བུར་འཕྱང་ཞིང་དར་དཔྱངས་ཀྱི་ཅོད་པན་སྙན་གྱི་ཐད་སོར་རླུང་གིས་བསྐྱོད་དེ་མཛེས་པར་འཕུར་བའོ། །ཕྱག་རྒྱ་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་རིགས་དྲུག་གི་ངོ་བོ་སྟེ། འཁོར་ལོ་ནི་མི་བསྐྱོད་པ་དང་བསམ་གཏན། མགུལ་རྒྱན་ནི་རིན་ཆེན་འབྱུང་ལྡན་དང་སྦྱིན་པ། རྣ་ཆ་ནི་འོད་དཔག་མེད་དང་བཟོད་པ། གདུབ་བུ་དྲུག་ནི་རྣམ་པར་སྣང་མཛད་དང་ཚུལ་ཁྲིམས། སྐ་རགས་ནི་དོན་གྲུབ་དང་བརྩོན་འགྲུས། ཐལ་བ་ནི་རྡོ་རྗེ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། འདིར་བཅོམ་ལྡན་འདས་མ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡིན་པས་ཤེས་རབ་ལ་ཤེས་རབ་ཀྱིས་རྒྱས་གདབ་མི་དགོས་པའི་ཕྱིར་ཐལ་བ་སྤངས་ཏེ་ཐབས་ཕྱག་རྒྱ་ལྔས་རྒྱས་བཏབ་པའོ། །ཁ་ཅིག་སྣང་བ་དང་སྟོང་པའི་ཕྱོགས་སུ་ཐལ་གྱིས་དོགས་ནས་ཕྱག་རྒྱ་ལྔ་བྱས་སོ་ཞེས་ཟེར་མོད། བཤད་རུང་ཙམ་སྣང་ཡང་དངོས་དོན་ནི་མ་ཡིན་ཏེ། བརྟག་གཉིས་ལས། ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །རྣལ་འབྱོར་སྤྱོད་པ་པ་ཡིས་འཛིན། །ཞེས་བཤད་པས་སྤྱིར་མུ་


KMC013_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་ཚངས་པ་བ་རྣམས་མི་རུས་ཀྱི་ཐལ་བ་དཀར་པོ་ལ་གཡས་གཡོན་གྱི་གུང་མཛུབ་གཉིས་ཀྱིས་རེག་སྟེ་སྟོད་ལ་རྒྱ་གྲམ་དུ་རྗེས་གཏོད་པ་ནི་ཐལ་བ། དེའི་སྟེང་དུ་སྐྲའི་སྐུད་པ་ཉིས་རིམ་དུ་བྱས་པ་རྒྱ་གྲམ་དུ་གོན་པ་ནི་ཚངས་པའི་མཚན་མ་ཡིན་པས་ཚངས་སྐུད་དང་མཆོད་སྦྱིན་བྱེད་པ་དང་མཆོད་སྦྱིན་གྱི་གྲལ་དུ་འགྲོ་བའི་ཕྱིར་ཐོགས་པར་བྱེད་པས་མཆོད་ཕྱིར་ཐོགས་ཅེས་བྱ་ལ། རྒྱ་གྲམ་དུ་གོན་པའི་ཕྱིར་སེ་རལ་ཁ་ཞེས་ཀྱང་བྱ་ཞིང་དབང་ཕྱུག་གི་རྣལ་འབྱོར་པ་ཁ་ཅིག་ཡང་རུས་པའི་ཕྲེང་བ་དེ་ལྟར་དུ་ཐོགས་པར་བྱེད་ལ། མུ་སྟེགས་པ་ཞུམ་པའི་ཆེད་དང་རོ་མཉམ་པ་ལ་སོགས་པའི་དགོས་པས་མ་རྒྱུད་དུའང་དེ་རྣམས་ཀྱི་མིང་གིས་རྣམ་པའང་ཆ་འདྲ་བར་གསུངས་པ་སྟེ་དེས་ན་གཞིའི་མིང་གིས་དེ་ཐམས་ཅད་ལ་ཡང་ཐལ་བའི་སྒྲ་འཇུག་ཞིང་། དེ་བཞིན་དུ་ཐམས་ཅད་ལ་ཚངས་སྐུད་དང་སེ་རལ་ཁ་དང་མཆོད་ཕྱིར་ཐོགས་ཅེས་ཀྱང་འཇུག་པའོ། །མདོར་ན་སེ་རལ་ཁ་སྤངས་ཏེ་མི་རུས་ལས་བྱས་པའི་ཕྱག་རྒྱ་གཞན་ལྔས་སྐུ་ལུས་བརྒྱན་པའོ། །རྒྱན་རྣམས་ཀྱི་མཚན་ཉིད་ཀྱང་། རྡོ་རྗེ་མཁའ་འགྲོར། ཆ་ལྔའི་ཚད་དང་ལྡན་པ་ནི། །སྤྱི་


KMC013_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་རྡོ་རྗེ་ཞེས་བྱར་གྲགས། །རྣ་ཆ་ཆ་དྲུག་ཚད་དུ་བྱ། །མགུར་དོ་ཆ་ནི་བཞི་པ་སྟེ། །སྙིང་གར་ཆ་ལྔ་པ་ནི་བཟུང་། །གསང་བ་དང་ནི་ལག་པར་ཡང་། །ཆ་དྲུག་པ་ནི་བཟུང་བྱ་སྟེ། །ཇི་ལྟར་མཛེས་པར་བརྟག་པར་བྱ། །རྡོ་རྗེའི་རྒྱན་གྱིས་བརྒྱན་ན་ནི། །རྣལ་འབྱོར་པ་ཡི་ཡེ་ཤེས་འཕེལ། །ཞེས་དང་། ཀུན་སྤྱོད་ལས། སྲོག་ཤིང་གཅིག་གྱུར་སྲད་བུ་ཡིན། །འོག་པག་དྲུག་ཅུ་རྩ་བརྒྱད་དང་། །རོལ་ལྡན་བཅུ་དྲུག་པར་ཤེས་བྱ། །ཕྲེང་བ་ཉི་ཤུ་རྩ་ལྔ་ཡིན། །ཞེས་བཤད་དེ་མཚན་ཉིད་རྒྱས་པར་རྒྱན་གྱི་རྣམ་བཤད་རྣམས་སུ་བལྟའོ། །མདོར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་འབྲལ་བར་སྤྱོད་ཅིག་པའི་དོན་ཏོ། །ཐེག་ཆེན་གྱི་མངོན་པ་ལས་རྣམ་པར་རྟོག་པ་རྣམས་རིས་བསྡུས་ནས་སེམས་ལས་བྱུང་བའི་འདུ་བྱེད་ལྔ་བཅུ་རྩ་གཅིག་ཏུ་བཤད་དེ། ཀུན་ཏུ་འགྲོ་བ་ལྔ། ཡུལ་ངེས་ལྔ། དད་སོགས་དགེ་བ་བཅུ་གཅིགགཞན་འགྱུར་བཞི། རྩ་ཉོན་དྲུགཉེ་ཉོན་ཉི་ཤུ་སྟེ་ལྔ་བཅུ་རྩ་གཅིག་གོ། །རྣམ་པར་རྟོག་པ་དེ་རྣམས་བཅད་མ་ཐག་པ་མཚོན་པས་མི་མགོ་རློན་པ་ཁྲག་ཅན་ལྔ་བཅུ་རྩ་གཅིག་བརྒྱུས་པའི་ཕྲེང་བས་དོ་ཤལ་དུ་བྱས་པ་སྟེ་སེམས་བྱུང་གི་རྒྱུ་བ་


KMC013_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བསད་ནས་སྐྱེ་མེད་ཀྱི་གནས་ལུགས་ལ་གནས་པར་གྱིས་ཅིག་པ་སྟེ། སྤྱིར་ཡབ་ཡུམ་ལྷན་ཅིག་པའི་ཚེ་ནི་ཡུམ་ལ་སྐམ་པོ་ལྔ་བཅུའི་ཕྲེང་བར་ཡང་བཤད་དོ། །མེ་ཏོག་དམར་པོའི་ཕྲེང་བ་ནི་ཀཱ་ར་ཝཱི་རའི་མེ་ཏོག་སྟེ་དེ་རྒྱ་གར་ན་རོ་མཆོད་པའི་མེ་ཏོག་དང་རྒྱལ་པོས་གསོད་པ་ན་དེའི་ཕྲེང་བ་མགུལ་པར་འཆིང་བས་གསོད་རྟགས་ཅེས་བྱ་ལ། དེའི་ཕྱིར་མེ་ཏོག་དེའི་ཕྲེང་བ་འཛིན་པ་སོགས་རྨིས་ན་འཆི་ལྟས་སུ་བཤད་པས་དེ་རྣམ་པར་རྟོག་པ་གཞོམ་པའི་ཕྱིར་མེ་ཏོག་དེའི་ཕྲེང་བས་དོ་ཤལ་དུ་བྱས་པ་སྟེ་རྣམ་པ་གཅིག་ཏུ་ན་རྡུལ་གྱི་ཁམས་རབ་ཏུ་རྒྱས་པའང་མཚོན་ཞིང་ཉམ་ང་བ་དང་བག་ཚ་བའི་གནས་ལ་ཚམ་ཚོམ་མེད་པར་སྲེ་བས་སྤྱོད་ཅིག་པའི་དོན་ནོ། །གཞན་ཡང་དྲིལ་བུ་གཡེར་ཁ་དང་རུས་པའི་རྒྱན་མ་ངེས་པ་དུ་མས་ཀྱང་བརྒྱན་པ་སྟེ་བདེ་བའི་སྒྲ་སྒྲོག་ཞིང་རྟོག་པ་མེད་པར་སྤྱོད་ཅིག་པའི་བརྡའོ། །སྐུ་སྨད་རབ་ཏུ་རྒྱས་ཅིང་བརླ་ཟུང་ཆུ་ཤིང་ལྟར་སྲ་ལ་བྱིན་པ་རི་དྭགས་ཨེ་ཎྱའི་ལྟ་བུར་ཟླུམ་ཞིང་བྱིན་གྱིས་ཕྲ་བ་དང་བཅས་པའི་ཞབས་གཡས་འཁོར་བའི་མཐའ་སྤངས་པའི་ཕྱིར་བསྐུམ་པའི་ཐིལ་གཡོན་པའི་བརླར་རེག་ཞིང་མྱ་ངན་ལས་


KMC013_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཞི་བའི་མཐའ་སྤངས་པས་གཡོན་བརྐྱང་པའི་ཞབས་རྩེ་རོའི་སྙིང་གའི་ཉི་མ་ལ་རེག་པ་གར་བྱེད་བཞིན་པ་ལྟ་བུར་བཞུགས་པ་སྐུ་དེ་ཡང་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་བསྒོམ་པར་བྱའོ། །དེ་ནས་ལུས་དཀྱིལ་ལ་འཁོར་གྱི་ཚོགས་བསྒོམ་པར་བྱ་སྟེ་དེའི་ཕྱིར་སྐབས་འདིར་སྐྱེད་རྫོགས་ཐུན་མོང་གི་ཆོས་བསམ་གཏན་གྱི་ཡན་ལག་ལྔས་ལུས་ཀྱི་གནད་འཆིང་བ་དང་སོ་སོར་སྡུད་པ་སྟོང་རའི་རྣལ་འབྱོར་དང་རྩ་གསུམ་འཁོར་ལོ་བཞི་དགོད་པས་རྩ་སྦྱང་བ་བསམ་གཏན་གྱི་ཡན་ལག་རྫོགས་རིམ་ཆོས་དྲུག་གི་རྣལ་འབྱོར་སྤྱི་ལྟར་བྱ་སྟེ་རྣལ་འབྱོར་ལ་འབད་པས་དུས་ཐུང་ངུས་ལུས་དག་པ་སྐུ་རྡོ་རྗེའི་སྒོམ་པ་ལས་སུ་རུང་བ་ལྷའི་སྐྱེད་པ་བརྟན་ཞིང་གསལ་བ་དང་མཐོང་བ་དང་མྱོང་བའི་རྟགས་རྣམས་གསལ་ཞིང་བརྟན་ནས་འཁོར་གྱི་ཚོགས་ལུས་ལ་བཀོད་དེ་ཡེ་ཤེས་པ་བཅུག་ནས་སྲོག་རྩོལ་གྱི་རང་བཞིན་བཟླས་པའི་རྣལ་འབྱོར་ལ་འབད་པས་རླུང་ལས་སུ་རུང་ཞིང་བྱང་ཆུབ་ཀྱི་སེམས་འཛིན་པ་ཐོབ་པར་འགྱུར་ཏེ་གྲངས་དང་དུས་དང་མཚན་མའི་བསྙེན་པ་ཚར་ཕྱིན་པར་འགྱུར་རོ། །དེ་ནས་རིག་པ་བརྟུལ་ཞུགས་ཀྱི་


KMC013_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས་ཀུན་ཏུ་རྒྱུ་བ་ལས་ཕྱག་རྒྱའི་དབུགས་དབྱུང་བ་ཐོབ་པ་དེས་བདེ་ཆེན་རླུང་སེམས་གཉིས་མེད་ཀྱི་རྣལ་འབྱོར་འབད་པས་རྗེས་སུ་དྲན་པ་བདེ་བའི་ཏིང་ངེ་འཛིན་མཐར་ཕྱིན་པར་འགྱུར་ལ། དེ་ནས་སྐྱེ་མེད་རླུང་སེམས་གཉིས་མེད་ཀྱི་རྣལ་འབྱོར་གྱིས་འོད་གསལ་བ་ཏིང་ངེ་འཛིན་གྱི་རྣལ་འབྱོར་མཐར་ཕྱིན་ཏེ་རྡོ་རྗེ་འཆང་ཆེན་པོར་ཚེགས་ཆུང་ངུས་འགྲུབ་པའོ། །དེས་ན་སྐྱེད་རྫོགས་ཟུང་འཇུག་གི་ཚུལ་འདི་ལྟ་བུ་ནི་བོད་ཡུལ་ན་གཞན་ལ་མ་གྲགས་ཅིང་ཆེས་རྨད་དུ་བྱུང་བར་གནས་པས་ལམ་འདི་ལ་བརྟེན་ནས་དུས་ཐུང་ངུས་མཆོག་དངོས་གྲུབ་པ་དཔག་མེད་འབྱུང་མོད་ཀྱང་དེང་སང་ནི་རྩེ་གཅིག་ཏུ་སྒྲུབ་པོའི་སློབ་མ་དམ་པ་དག་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་གྲུབ་པའི་སློབ་དཔོན་ནི་དུས་ཀྱི་དབང་ལས་ཉིན་མོའི་སྐར་མ་ལྟར་སྣང་ངོ་། །དེ་ལྟ་བུའི་ལམ་དངོས་སུ་སྒྲུབ་པར་མ་ནུས་པས་བརྗོད་དོན་དང་དམིགས་པའི་གྲངས་འགྲིག་པ་ཙམ་བསྟན་ནས་མོས་པ་ལམ་བྱེད་ཀྱིས་ཅུང་ཟད་རེ་སྒོམ་པ་ཙམ་ཞིག་དེང་སང་གི་སྒྲུབ་པ་པོ་རབ་ཏུ་སྣང་སྟེ་དེ་དག་གིས་ནི་བཅོམ་ལྡན་འདས་མའི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་


KMC013_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཐུགས་གསུང་སྐུའི་བདག་ཉིད་རྩ་གསུམ་དང་ཕྲིན་ལས་རྣམ་པ་བཞིའི་གནས་འཁོར་ལོ་རྣམ་པ་བཞི་རྣམས་དངས་གསལ་ཐོགས་མེད་དུ་སྒོམ་པ་ཙམ་ཞིག་བྱ་ལ། རྫོགས་པའི་རིམ་པ་རྣམས་ཀྱི་རྣམ་གཞག་སྤྱི་དང་ཁྱད་པར་གྱི་གནས་དུ་མ་དང་ཁྱད་པར་རྗེ་བཙུན་མར་པའི་བཀའ་བརྒྱུད་ལས་ཇི་ལྟར་འོངས་པ་རྣམས་ཕྱི་དུས་ཀྱི་རྟོག་གེས་མ་བསླད་པར་རྒྱ་ཆེར་སྤྲོ་ནུས་པ་ཙམ་ཞིག་ཡོད་མོད་ཀྱང་སྐྱེད་རིམ་གྱི་སྐབས་སུ་གསང་བ་མི་སྒྲོག་གོ། །དེ་ཡང་ལྷ་ཡས་ནས་མར་སྒོམ་ཞེས་གསུང་པས་ཐོག་མར་སྤྱི་བོའི་གཙུག་གི་རྡོ་རྗེ་ཕྱེད་པ་དབུ་མའི་ཡར་སྣ་དང་འདྲེས་པ་དེའི་ལྟེ་བ་སྦུབས་སྟོང་གི་ནང་དུ་པད་ཉི་འཇིགས་དུས་དང་བཅས་པ་ལ་རིགས་ཀྱི་བདག་པོ་བླ་མ་རྣམ་པར་སྣང་མཛད་གསང་ཆེན་ཁ་སྦྱོར་གྱི་ལམ་སྟོན་པས་ཧེ་རུ་ཀའི་རྣམ་པ་གཏི་མུག་དག་པ་དང་ཧཾ་ཡིག་བདེ་བའི་ངོ་བོས་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པས་ཡུམ་རང་འདྲ་བ་ལ་འཁྱུད་པ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་ཞིང་འདོད་ཆགས་དང་ཞེ་སྡང་བཅོམ་པས་འཇིགས་དུས་མནན་ཏེ་ཡེ་ཤེས་ཀྱི་མེའི་དབུས་ན་བཞེངས་པ་ཕྲིན་ལས་བཞི་གྲུབ་ཅིང་བྱང་


KMC013_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བརྟན་པའི་ངོ་བོས་ཚོགས་མར་སྣ་ཚོགས་རྡོརྗེ་དང་གཡོན་ངོས་སུ་ཟླ་བ་ཕྱེད་པ་དང་ཐོར་ཚུགས་ཀྱི་རྩེ་མོར་གཙུག་གི་ནོར་བུ་ཅན་ལ་བརྒྱུད་པའི་བླ་མ་ཐམས་ཅད་དང་གཞན་ཡང་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་རིག་འཛིན་གྱི་རྣལ་འབྱོར་པའི་རྣམ་པར་བཞུགས་པས་བསྐོར་ཞིང་ཕྱི་རོལ་གྱི་འཁོར་ལོའི་སྟེང་དུ་ཡང་བླ་མའི་ཚོགས་སྤྲིན་ལྟར་གཏིབས་པའོ། །འདི་ནི་ཐུན་མོང་མ་ཡིན་པའི་སྒོམ་ཚུལ་ཡིན་ལ། ཐུན་མོང་གི་སྒོམ་པ་ལ་མོས་པས་ནི་རྣམ་སྣང་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན་རྣལ་འབྱོར་རྒྱུད་ཀྱི་ལྷ་ལྟ་བུ་སེང་ཁྲི་དང་པད་ཟླ་ལ་རྡོར་སྐྱིལ་གྱིས་བཞུགས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་སྒོམ་པར་ཡང་ཟིན་བྲིས་ཁ་ཅིག་ཏུ་བཤད་དོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་ཀྱི་དབུ་མའི་ནང་དུ་ཆུ་དག་པ་པདྨ་མདབ་བཞི་ལྟེ་བ་སྔོན་པོའི་སྟེང་དུ་གཙོ་མོའི་གདན་ལྟ་བུའི་རོ་དང་ཉི་མ་ལ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་ཞེ་སྡང་དང་རྣམ་ཤེས་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོས་སྐུ་མདོག་སྔོན་པོ། ཞི་བའི་ཕྲིན་ལས་མཛད་པས་རྡོ་རྗེའི་གྲི་ཐོད་ཅན། རྒྱན་དང་དག་པ་གཞན་གཙོ་མོ་ལྟ་བུ་སྤྱི་བོའི་རླུང་ཐིག་དག་པས་རྩ་འདབ་རེ་


KMC013_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་རང་འདྲའི་འཁོར་ནང་དུ་ཞལ་གཟིགས་པ་ཉི་མ་ལ་གནས་པ་རེ་སྟེ་འཁོར་སུམ་ཅུ་རྩ་གཉིས་གཙོ་མོ་དང་སུམ་ཅུ་རྩ་གསུམ་མོ། །དེ་བཞིན་དུ་མགྲིན་པར་ས་དག་པ་པདྨ་སེར་པོ་ལ་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་སྣ་དང་ཚོར་བ་དག་པ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོས་སྐུ་མདོག་སེར་མོ། །རྒྱས་པའི་ལས་མཛད་པས་རིན་པོ་ཆེའི་གྲི་ཐོད་ཅན། རྩ་འདབ་བཅུ་དྲུག་ལ་མགྲིན་པའི་ཐིག་རླུང་དག་པའི་འཁོར་རང་འདྲ་བཅུ་དྲུག་གོ། །སྙིང་ག་ཆོས་ཀྱི་འཁོར་ལོར་མེ་དག་པ་པདྨ་དམར་པོ་ལ་ནི་ལས་པདྨ་མཁའ་འགྲོ་མ་འདོད་ཆགས་དང་འདུ་ཤེས་དག་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོས་དམར་མོ། དབང་གི་ལས་མཛད་པས་པདྨའི་གྲི་ཐོད་ཅན། རྩ་འདབ་བརྒྱད་ལ་སྙིང་གའི་ཐིག་རླུང་དག་པ་འཁོར་རང་འདྲ་བརྒྱད་དོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་རླུང་དག་པ་པདྨ་ལྗང་གུ་ལ་ས་ལས་ལས་ཀྱི་མཁའ་འགྲོ་མ་ཕྲ་དོག་དང་འདུ་བྱེད་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོས་ལྗང་གུ། དྲག་པོའི་ལས་མཛད་པས་རལ་གྲིའི་གྲི་ཐོད་ཅན། རྩ་འདབ་དྲུག་ཅུ་རྩ་བཞི་ལ་ལྟེ་བའི་ཐིག་རླུང་དག་པ་འཁོར་རང་འདྲ་དྲུག་ཅུ་རྩ་བཞིའོ། །གཙོ་མོའི་གདན་རྒྱན་ཆ་ལུགས་


KMC013_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཙོ་མོ་དངོས་དང་མཚུངས་ལ། འཁོར་རྣམས་རྒྱན་ཆ་ལུགས་རང་རང་གི་གཙོ་མོ་དང་འདྲ་ལ། གདན་ཉི་མ་རྐྱང་པ་རེ་བྱེད་དོ། །དེ་ནས་སྔགས་མས་ནས་ཡར་དགོད་གསུང་བས་ཐོག་མར་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོ་སྒོམ་སྟེ། དེ་ལ་རྩ་གསུམ་གྱི་འདུས་མདོ་ཞེས་བྱ་བ་དབུ་མའི་མར་སྣ་རག་དུང་གི་ཁ་ལྟར་ཡངས་པའི་ནང་དུ་རོ་རྐྱང་གི་མར་སྣ་གྱེན་དུ་ལོག་པས་ཚུད་ཙམ་དུ་གནས་པ་ལྟེ་འོག་སོར་བཞིའི་དྲང་ཐད་དུ་ཡོད་པའི་ནང་ནི་གང་དུ་སྒོམ་པའི་གནས་སོ། །དར་དབུ་མའི་མར་སྣའི་ནང་རོ་རྐྱང་གི་མར་སྣའི་སྟེང་མ་རེག་ཙམ་པར་དམར་ཆ་དང་མེ་མཉམ་གྱི་དྲོད་དང་འདུས་མདོའི་རྩ་མདུད་དག་པ་བཅོམ་ལྡན་འདས་མའི་སྐུ་རྡོ་རྗེ་ཡེ་ཤེས་ཀྱི་མེའི་རང་བཞིན་གྱི་ཆོས་འབྱུང་གདན་ཐབས་བསྣོལ་མའི་དབུས་སུ་གཏི་མུག་དང་གཟུགས་ཕུང་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོའི་པད་ཉིའི་དབུས་སུ་ཙཎྜ་ལི་ཡེ་ཤེས་ཀྱི་མེ་བཅོམ་ལྡན་འདས་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་འོད་གསལ་བ་སོ་སོ་རང་གིས་རིག་པར་བྱ་བ་དེ་ནི་ཡེ་ཤེས་རྡོ་རྗེའི་ངོ་བོར་བཞེངས་པས་རྣམ་པ་ཧྲཱིཿཡིག་བདེ་བའི་བདག་ཉིད། ཁ་དོག་


KMC013_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་སྙིང་རྗེའི་བདག་ཉིད། འོད་ཟེར་གསལ་བ་སྟོང་པའི་བདག་ཉིད། རེག་བྱ་ཚ་བ་རྡོ་རྗེ་བཞིའི་བདག་ཉིད་རིང་པོ་ཚེག་དྲག་དང་བཅས་པའོ། །དེའི་ཕྱི་རོལ་ཉི་མའི་སྟེང་དུ་བཅོམ་ལྡན་འདས་མའི་གསུང་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཀྱི་ཕུང་པོ་ཐམས་ཅད་ཀྱི་ངོ་བོ་སྔགས་ཀྱི་ཕྲེང་བ་་ཡིག་མདུན་དྲང་པོར་གནས་པས་གཡས་བསྐོར་དུ་རིམ་པས་བཀོད་དེ་བར་ཆེ་ཆུང་འཚམ་པ་དམར་ཞིང་མེ་འོད་འབྱིན་པ་གཡོན་དུ་འཁོར་ལ་ཁད་པ་བལྟའོ། །འདབ་མ་བཞི་ལ་ཡེ་ཤེས་བཞིའི་ངོ་བོ་ཧ་རི་ནི་ས་བཞི། རང་མདོག་ཞལ་ནང་དུ་ཕྱོགས་པས་དྲང་པོར་གནས་པ་དང་ཆོས་འབྱུང་གི་ཁུང་དྲུག་ཏུ་བདེ་བའི་རང་བཞིན་དགའ་འཁྱིལ་དཀར་པོ་སྣུམ་ཞིང་རྒྱས་པ་གཡོན་དུ་འཁོར་ལ་ཁད་པ་བསམ་མོ། །འདི་ནི་བཅོམ་ལྡན་འདས་མ་ཉིད་འཁོར་ལོ་དང་བཅས་པའི་ས་བོན་དང་སྔགས་ཀྱི་རྣམ་པར་གནས་པ་སྟེ། སྡོམ་འབྱུང་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཅི་སྟེ་གོ་འཕང་མཆོག་འདོད་ན། །དེ་དག་དབྱེ་བར་མི་བྱའོ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ལྷན་སྐྱེས་ཡི་གེ་རྣལ་འབྱོར་མ། །ཞེས་


KMC013_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་མཆོག་དང་ཐུན་མོང་གི་དོན་ཐམས་ཅད་སྒྲུབ་པར་ནུས་པའི་ཕྱིར་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོ་ཞེས་བྱའོ། །དེ་ནས་འཁོར་ལོ་བཞིའི་གཙོ་མོ་རྣམས་ཀྱི་ཐུགས་ཀར་རང་མདོག་གི་ལྟེ་བ་ཅན་གྱི་པདྨ་འདབ་བཞི་རེ་བསྒོམས་པའི་དབུས་སུ་ཉི་མ་ལ་རང་གི་ས་བོན་བཀོད་ཅིང་གཙོ་མོ་ཤར་དུ་འཕོ་ཞིང་ཤར་གྱི་ས་བོན་ལྷོར་འཕོ་བ་སོགས་ཀྱི་རིམ་པས་གཙོ་འཁོར་འཕོ་བ་ནི། ལྟེ་བའི་ལས་ཀྱི་མཁའ་འགྲོ་མའི་ཐུགས་ཀར་པདྨ་ལྟེ་བ་ལྗང་གུའི་སྟེང་དུ་ཉི་མ་ལ་ས་ཡིག་ལྗང་གུ། འདབ་མ་བཞི་ལ་ཤར་དུ་ཧྲཱིཿདམར་པོ། ལྷོར་ཧ་སྔོན་པོ། ནུབ་ཏུ་རི་སེར་པོ། བྱང་དུ་ནི་དམར་པོ། འཁོར་རྣམས་ཀྱི་ཐུགས་ཀར་ས་ཡིག་ལྗང་གུ་རྐྱང་པ་རེའོ། དེ་བཞིན་དུ་སྙིང་གར་ནི་ཧྲཱིཿཧ་རི་ས་དང་འཁོར་རྣམས་ལ་ནི་དམར་རོ། །མགྲིན་པར་རི་ཧྲཱིཿཧ་ནི་ས་དང་འཁོར་ལ་རི་སེར་པོའོ། །སྤྱི་བོར་ཧ་ཧྲཱིཿརི་ནི་ས་དང་འཁོར་ལ་ཧ་སྔོན་པོའོ། །འདིར་དོགས་པ་ཅུང་ཟད་དཔྱད་པར་བྱ་སྟེ། འཁོར་བཞིའི་ས་བོན་ཧ་རི་ནི་ས་ལ་བྱེད་པ་དང་། རྫོགས་རིམ་གྱི་སྐབས་སུ་ཨ་ནུ་ཏ་ར་ས་བོན་དུ་བྱེད་པ་སོགས་བོད་སྟོན་ཁ་ཅིག་གིས་རྒྱུད་ལས་མ་བཤད་པས་རང་གཟོའོ་


KMC013_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཀག་ནས་དེའི་ཚབ་ཏུ་ལཾ་མཾ་སོགས་ཡུམ་བཞིའི་ས་བོན་དང་། རྫོགས་རིམ་གྱི་སྐབས་སུ་རྩ་བའི་དབྱངས་ཐུང་ངུ་ལྔ་ས་བོན་དུ་དགོས་པར་སྨྲ་ཞིང་། དེའི་ཞར་ལ་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཆེན་པོའང་རྒྱུད་བརྫུས་མར་སྨྲ་མོད་ཀྱང་དེ་ནི་མ་ཡིན་ཏེ། རྗེ་ཆོས་གྲགས་རྒྱ་མཚོས་དྲི་ལན་ཞིག་ཏུ་སྤྱིར་རྒྱུད་དང་མན་ངག་གཉིས་ཀ་འགྱུར་བ་དང་། རྒྱུད་འགྱུར་ཡང་མན་ངག་མ་འགྱུར་བ་དང་། མན་ངག་འགྱུར་ཡང་རྒྱུད་མ་འགྱུར་བ་དང་། གཉིས་ཀ་མ་འགྱུར་བ་སྟེ་མུ་བཞིར་ཡོད་པ་ལས། ཧ་རི་ནི་ས་ས་བོན་དུ་བྱེད་པ་སོགས་ནི་མན་ངག་འགྱུར་ཡང་རྒྱུད་མ་འགྱུར་བ་ཡིན་ནོ་ཞེས་བཞེད་ཅིང་། སློབ་དཔོན་ཆེན་པོ་པདྨའི་ལུགས་ཀྱི་ཕག་མོའི་སྒྲུབ་སྐོར་ཆེས་ཟབ་པ་དུ་མར་བྱུང་ལ། རྒྱ་བོད་དུ་བྱོན་པའི་སྒྲུབ་བརྒྱུད་འདིའི་དམ་པ་རེ་རེ་བཞིན་དུ་རྡོ་རྗེ་རྣལ་འབྱོར་མ་ལས་མངོན་སུམ་དུ་ཆོས་གསན་པ་ཤ་སྟག་ཤས་ཆེ་བར་བྱུང་བ་དེ་ཐམས་ཅད་ཀྱིས་ཀྱང་མགྲིན་གཅིག་ཏུ་གསུངས་ཅིང་། ཁྱད་པར་རྗེ་ནཱ་རོ་ཞབས་ཀྱིས། འབྱུང་བཞི་དབང་སྡུད་ཡི་གེ་བཞི། །སྡེ་བཞི་མཁའ་འགྲོ་གསང་བའི་གནད། །འདོད་གུ་འབྱུང་བའི་སྔགས་སུ་བཤད། །ཅེས་དང་། རང་


KMC013_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡེ་ཤེས་ཡི་གེ་བཞི། །དབྱིངས་སུ་ཤར་ནས་དབྱིངས་སུ་རོལ། །ཞེས་བཤད་པའི་ཕྱིར་རོ། །ཕག་མོ་མངོན་པར་བྱུང་བའི་རྒྱུད་སྔ་ཕྱི་ལས་ནི་ཡི་གེ་བཞི་གསལ་བར་བཤད་དོ། །དེ་ལྟ་མོད་ཀྱི་ཕག་མོ་མངོན་བྱུང་གི་རྒྱུད་ཀྱང་ཀུན་མཁྱེན་བུས་ཐེ་ཚོམ་གྱི་གཞིར་འཆད་ཅིང་བུ་དོང་ཆོས་ཀྱི་རྒྱལ་པོས་བོད་དུ་བྱས་པའོ་ཟེར་བར་སྣང་མོད། ཡིད་བརྟན་རུང་བར་ནི་མ་མཐོང་སྟེ། ཀུན་མཁྱེན་བུ་རིན་པོ་ཆེ་ལྟ་བུས་ཀྱང་བུ་སྟོན་ཆོས་འབྱུང་དུ་ནི་ར་ལི་སོ་གཉིས་པོ་ལ་ཁ་ཅིག་ཐེ་ཚོམ་བྱེད་ཀྱང་ཐེ་ཚོམ་མི་དགོས་ཏེ་ག་ཡ་དྷ་རས་འབྲོག་མི་ལ་བཤད་པའི་རྒྱ་དཔེ་ཅན་ཡིན་པས་སོ་ཞེས་བཀོད་ཅིང་། རྒྱུད་སྡེ་སྤྱི་རྣམ་དུ་རྙོག་མེད་མ་གཏོགས་པའི་ར་ལི་སོ་གཅིག་ནི་རྒྱུད་ཡིན་མིན་བརྟག་པར་བྱའོ་ཞེས་ཐེ་ཚོམ་དུ་མཛད། རྒྱུད་འབུམ་དཀར་ཆག་ཟུར་དུ་བཀོལ་བར་ནི་རྙོག་མེད་ནི་ར་ལི་གཞན་རྣམས་དང་སྲེ་བ་འཕངས་སོ་ཞེས་རྒྱུད་མ་ཡིན་པར་གསལ་པོར་བསྒྲགས་ན་དེ་གསུམ་གང་ཞིག་བདེན་ལ་གང་ཞིག་རྫུན། གསུམ་གར་བདེན་ན་ནི་འོ་ན་ར་ལི་སོ་གཅིག་རྒྱུད་བརྫུས་མ་ནི་ཡིན་ག་འབྲོག་གིས་བསྒྱུར་བའི་རྒྱ་དཔེ་ཅན་ནི་ཡིན་ན་རྒྱ་གར་ནས་རྒྱུད་


KMC013_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུས་བྱས་པ་ཅིག་གམ་ག་ཡ་དྷ་རས་རྒྱུད་བརྫུས་བྱས་པ་གང་རུང་ལས་འོས་ཅི་ཡོད། རྒྱ་གར་ནས་རྒྱུད་བརྫུས་བྱས་བྱས་པ་བྱུང་བར་ཁས་ལེན་ན་ནི་ཁྱེད་ཅག་རྒྱ་དཔེ་ཡོད་མེད་ཀྱིས་རྒྱུད་ཡང་དག་ཡིན་མིན་དུ་འཇོག་པའི་གཏན་ཚིགས་ཀྱི་རྨང་ཐམས་ཅད་འཇིག་གོ། །ག་ཡ་དྷ་རས་བྱས་སོ་ཞེ་ན་ནི་རྒྱུད་ཀྱང་བརྫུས་མ་བྱེད་པའི་པཎྜི་ཏ་དེའི་གདམས་ངག་ལ་སུ་ཞིག་ཡིད་ཆེས། དེ་ལྟ་ན་ནི་ལམ་འབྲས་བུ་དང་བཅས་པའི་མན་ངག་རྨང་ནས་འཇིག་གོ། །ཁ་ཅིག་ན་རེ། ཀུན་མཁྱེན་བུས་ར་ལི་རྣམས་རྒྱུད་མ་ཡིན་པར་མཁྱེན་ཡང་དེ་དུས་ས་ཧོར་གྱི་ཁྲིམས་བོད་ན་ཡོད་པས་ཆོས་འབྱུང་རྩོམ་དུས་དགག་མ་ནུས་པ་ཡིན་ལ། ཕྱིས་ས་སྐྱ་ནང་ཞིག་བྱས་རྗེས་ནས་ཅུང་ཟད་གསལ་བར་བཀག་པ་ཡིན་པས་སྐྱོན་མེད་ཟེར་མོད། དེ་ལྟ་ན་ར་ལི་རྒྱུད་ཡང་དག་ཡིན་མིན་ཅི་ཡིན་ཡང་ཀུན་མཁྱེན་བུས་ཆོས་སྤོང་གི་ལས་མཛད་པར་འགྱུར་ཏེ། ཆོས་འབྱུང་ཉིད་ལས་རྙིང་མའི་རྒྱུད་ལ་ཟུར་ཟ་བའི་སྐབས་སུ་ཆོས་ཡང་དག་མ་ཡིན་པ་ལ་ཡིན་པར་སྨྲས་པ་དང་ཡིན་པ་ལ་མ་ཡིན་ནོ་ཞེས་སྐུར་བ་བཏབ་པ་གཉི་ག་ཉེས་པ་མཉམ་པར་བཤད་དོ་ཅེས་བྲིས་ལ། ཆོས་འབྱུང་རྩོམ་དུས་ར་


KMC013_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལི་རྒྱུད་ཡང་དག་ཡིན་པར་བཀོད་པས་ན་ཆོས་ཡང་དག་མ་ཡིན་པ་ལ་ཡིན་པར་སྨྲས་པའི་ཆོས་སྤོང་འབྱུང་བའི་ཕྱིར། གལ་ཏེ་ཡིན་ན་ནི་ཕྱིས་མ་ཡིན་པར་སྨྲས་པའི་དུས་སུ་ཆོས་སྤོང་གི་ལས་འབྱུང་ངོ་། །གཞན་ཡང་རྒྱལ་པོ་འཁྲིམས་ལ་སྐྲག་པས་རྒྱུད་མ་ཡིན་པ་རྒྱུད་ཡིན་པར་སྨྲ་ན་ནི་བསྟན་པ་བསྲུངས་པ་ག་ལ་ཡིན་ཏེ་ཟླ་འོད་གཞོན་ནུ་ལ་སོགས་པ་རྒྱལ་སྲས་ཆེན་པོ་རྣམས་ཀྱིས་སྙིགས་མའི་དུས་ཀྱི་དགེ་སྦྱོང་དང་བྲམ་ཟེ་དམིགས་པའི་ལྟ་བ་ཅན་ཆོས་མ་ཡིན་པར་གཞོལ་བ་རྣམས་ཀྱིས་ངན་དུ་བརྗོད་པ་དང་གཤེ་བ་དང་འཚང་འབྲུ་བ་དང་བརྡེག་པ་དང་འཚོག་པ་དང་ལུས་དུམ་བུར་བྱེད་པ་དང་གཤེག་པ་ནས་བསད་པའི་བར་ཡང་བཟོད་པར་བྱས་ཏེ་མདོ་སྡེ་ཟབ་མོ་རྣམས་དང་དེའི་ཏིང་ངེ་འཛིན་ཟབ་མོ་རྣམས་འཛིན་པར་དམ་བཅས་པ་ཡིན་ན་རྒྱལ་པོའི་གནོད་པ་ཆུང་ངུ་ཙམ་གྱིས་སྐྲག་པས་རྒྱུད་མ་ཡིན་པར་ཤེས་བཞིན་དུ་རྒྱུད་ཡང་དག་ཏུ་ཁས་བླངས་ན་དགའ་རབ་དབང་ཕྱུག་གི་བསྟན་པ་བསྲུང་བར་མི་འགྱུར་རམ། གལ་ཏེ་འགོག་པའི་དུས་མ་ཡིན་པར་མཐོང་ནའང་ཁ་རོག་འདུག་པས་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། དེ་ལྟ་མོད་ཀྱི་ར་


KMC013_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལི་བཅོས་མར་འཆད་པའི་རྒྱུ་མཚན་ནི་དམ་བཅའ་ལས་འདས་ན་འཚིག་པས་དམ་ཚིག་ཏུ་སྒྲ་བཤད་བྱས་པ་དང་། སངས་རྒྱས་སེམས་ཅན་གཉིས་མེད་ལ། །དེ་དག་གཉིས་སུ་འཛིན་ན་འཁྲུལ། །ཞེས་སོགས་སྒོམ་ཆེན་པའི་ཉམས་མགུར་གྱི་ཚིག་འདྲ་བ་མང་དུ་བྱུང་བས་འགོག་པར་སྣང་མོད། དེ་ནི་རྙོག་མེད་ལ་འགྱུར་བ་རླིང་ཞིང་འཁྲགས་འཁྲུགས་སུ་བསྒྱུར་ལ། གཞན་རྣམས་ལ་དོན་གསལ་པོར་བརྗོད་པའི་ཁྱད་མ་གཏོགས་འདྲ་བར་ཡོད་དེ། ངང་གིས་སངས་རྒྱས་འདི་ཉིད་ཚུལ། །ཞེས་སོགས་དོན་མཚུངས་པ་ཉིད་དུ་ཡོད་དོ། །སྒྲ་བཤད་ཙམ་ཡང་ཕལ་ཆེན་ལས་སྟོང་གསུམ་གྱི་གཟུགས་བརྙན་རྒྱ་བཏབ་པ་ལྟར་སྣང་བས་རྒྱ་མཚོ་ཞེས་བཤད་ཀྱང་སྐྱོན་དུ་མི་རྩི་བར་སྣང་ངོ་། །དེ་བཞིན་དུ་གཉིས་མེད་རྣམ་རྒྱལ་ཆེན་པོ་ལ་ཡང་ཐེ་ཚོམ་ཟའོ། །ཁ་ཅིག་ནི་རྒྱ་ཕོ་བ་ལུང་པས་བྱས་སོ་ཅེས་ཟེར་རོ་ཞེས་བྲིས་མོད། །རྒྱ་ཕོ་བ་ལུང་པ་ནི་རྗེ་དུས་མཁྱེན་ལ་སོགས་པའི་སློབ་མ་གསང་བ་འདུས་པའི་རྣལ་འབྱོར་པ་ཆེན་པོ་ཅིག་ཡིན་ཏེ་སྒྲུབ་རྒྱུད་འདིའི་དམ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། གང་ཟག་ཐ་མའི་འབྲིང་དུ་ཚུད་པ་རེས་ཀྱང་རྒྱུ་འབྲས་ཀྱི་བླང་དོར་བླ་


KMC013_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བཀས་གང་བསྟན་པ་དེ་ལ་རང་སེམས་དཔང་པོར་བཙུགས་ཏེ་བླང་དོར་བྱེད་པའི་ཚུལ་འདི་འདྲ་བ་ནི་གཞན་བོད་ཡུལ་གྱི་མཁས་པ་རབ་ཏུ་གཏོགས་པ་རྣམས་ལའང་མི་སྣང་ན་རྒྱ་ཕོ་བ་ལུང་པ་ལྟ་བུས་རྒྱུད་བརྫུས་བྱེད་པ་གར་སྲིད། དེ་ལྟ་མོད་ཀྱི་བོད་ཀྱི་མཁས་པར་གྲགས་པ་མང་པོས་རྒྱུད་གདམས་ངག་རང་གཟོར་བྱས་སོ་ཞེས་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ལ་སྨོད་པ་འདི་ནི་ཁོ་བོ་ཉིད་ཇི་ལྟར་བྱེད་པ་འདི་ཉིད་སྔོན་མ་ཐམས་ཅད་ཀྱིས་བྱས་སོ་སྙམ་ནས་སྨྲ་བར་སྣང་མོད་ཀྱང་དམ་པ་དེ་དག་ནི་ལུས་སྲོག་ཡང་དོར་ནས་ལས་འབྲས་ལ་འཛེམ་པ་ཡིན་ལ། ཕྱི་རབས་ཀྱི་མཁས་པ་མང་པོ་ཕྱིའི་མཛེས་ཆོས་མ་གཏོགས་རྒྱུ་འབྲས་ཀྱི་བླང་དོར་ལ་བཞད་གད་ཁོར་མོར་བཏབ་ཆོག་པ་འཕྲལ་ནི་སྐྱིད་སྐྱིད་འདྲ་བར་སྣང་ངོ་། །རྒྱུད་འདི་ལའང་བར་བར་ན་ཤིན་ཏུ་གོ་གསལ་བ་ཉམས་མགུར་གྱི་ཚིག་འདྲ་བའམ་འཕྲལ་ཚིག་སྦྱོར་མི་མཛེས་པ་སྙམ་བྱེད་པ་ཚིག་རྐང་རེ་གཉིས་རེ་བྱུང་བ་ཁོ་ནས་འགོག་པར་སྣང་མོད་ཀྱང་དེ་ལྟ་བུ་ལ་ནི་དཔེ་དག་པ་མང་པོ་གུང་སྒྲིག་པ་དང་རྒྱ་དཔེ་ཚོལ་བ་སོགས་ཀྱིས་དེའི་ཐེ་ཚོམ་སེལ་བར་རིགས་མོད་ཀྱི་དེ་ཙམ་ལས་


KMC013_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མ་ཡིན་ནོ་ཞེས་དོར་ན་ནི་མཁས་བླུན་གོ་ལྡོག་པར་འགྱུར་རོ། །གཞན་ཡང་ཚིག་རྐང་རེ་རེ་ཙམ་ཡིག་མཁན་བླུན་པོ་སྤྱི་བརྟོལ་ཅན་བྱུང་ན་དེང་སང་ཡང་འཕྲལ་དུ་བཅོས་མའམ་སར་འཛུག་སོགས་བྱས་པ་དུ་མ་མཐོང་ངོ་། །དེས་ན་གཉིས་མེད་རྣམ་རྒྱལ་ཆེན་པོ་ལའང་རྗེ་མར་པའི་འགྱུར་དང་སྨྲྀ་ཏིའི་རང་འགྱུར་དང་ནག་ཚོའི་འགྱུར་ཏེ་གསུམ་སྣང་ལ། ཕག་མོ་མངོན་བྱུང་རྩ་རྒྱུད་ལེའུ་བཅུ་པ་དང་ཕྱི་མ་ལེའུ་གཉིས་ཏེ་རྒྱུད་སྔ་ཕྱི་ནི་ཁྲོས་མ་ནག་མོ་དང་ཁྲོས་མ་སེར་མོ་ཞེས་སོགས་ཀྱི་ཐ་སྙད་དུ་མ་ཡོད་ཅིང་རྒྱུད་ཤིན་ཏུ་གཉན་པོ་ཅིག་སྟེ་སྔོན་སློབ་དཔོན་པདྨས་སྤྱན་དྲངས་པ་ལས་ཕྱིས་གྱི་ཇོ་ཟླ་འོད་ཀྱིས་སར་དུ་བསྒྱུར་བ་སར་རྙིང་ཐུན་མོང་གི་རྒྱུད་ཞིག་གོ། །དེ་བཞིན་དུ་ཀུན་མཁྱེན་བུས་སྔགས་རྙིང་མའི་རྒྱུད་ཐམས་ཅད་ཐེ་ཚོམ་གྱི་གནས་སུ་མཛད་ཅིང་བུ་དོང་པས་ཕུར་པ་རྩ་དུམ་ཁོ་ན་རྒྱུད་དུ་ཐེན་ནས་ལྷག་མ་རྒྱུད་མ་ཡིན་པར་ཁ་ཚོན་བཅད་མོད་ཀྱང་ཤེས་པར་དཀའ་སྟེ་ཇོ་བོ་བསམ་ཡས་སུ་ཕེབས་དུས་དཔེ་དཀར་དཀོར་མཛོད་གླིང་དུ་རྒྱ་དཔེའི་དཀོར་མཛོད་གཅིག་ཁ་ཕྱེ་ནས་གཟིགས་པས་སྔར་མ་གཟིགས་པའི་རྒྱུད་ཀྱི་རྒྱ་དཔེ་དཔག་མེད་བྱུང་སྟེ་ཐེག་པ་


KMC013_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གསང་སྔགས་འདི་ལ་མཐའ་མེད་པར་འདུག ངས་རྒྱ་གར་ན་དར་བ་ཚོ་ལོས་ཤེས་མ་དར་བའི་རྒྱུད་དཔག་མེད་མཁའ་འགྲོ་མས་ནམ་མཁའ་ནས་བསྟན་པ་ཡིན་ཏེ་དེ་རྣམས་ལའང་འདི་ཚོ་མི་འདུགའདི་རྣམས་སློབ་དཔོན་པདྨས་སྲིན་པོའི་ཡུལ་ལྟ་བུ་ནས་རྫུ་འཕྲུལ་གྱིས་བླངས་པ་ཡིན་པར་གོར་མ་ཆག་གསུང་སྟེ། ཁ་ཅིག་རྒྱ་དཔེ་བྲིས་ནས་རྒྱ་གར་དུ་བསྐུར་ཞེས་བཤད་ལ། རྒྱུད་འདི་དང་འདི་འདྲ་འདུག་ལ། འདི་བྲིས་ནས་བསྐུར་རོ་ཞེས་ནི་མ་བཤད་པས་དེ་དག་རྫོགས་ཆེན་གྱི་རྒྱུད་མ་ཡིན་པར་ཡང་སུས་ཁ་ཚོན་གཅོད། དེ་བཞིན་དུ་རྒྱལ་རབས་ལས་ཀ་བ་བུམ་པ་ཅན་དུ་རྒྱལ་པོའི་རྣམ་ཐར་སྦས་པར་བཤད་པའང་འཆུག་མེད་དུ་ཇོ་བོས་བཏོན་ནས་ཀ་བཀོལ་མ་དཔེལ་བ་ཡིན་པས་ཆོས་གཏེར་གཞན་རྣམས་ཀྱང་ཡོད་པར་དེས་གྲུབ་མོད། འབྲི་ཁུང་དཔལ་འཛིན་གྱིས་རྙིང་མ་དགག་པའི་ཡི་གེ་བྲིས་པ་ལ་མཁས་པ་ཤཱཀྱ་མཆོག་ལྡན་སོགས་ཀྱིས་རྗེས་སུ་ཡི་རང་མཛད་མོད་ཀྱང་དེ་ལ་ནི་སྙིང་པོ་ཅི་ཡང་མི་སྣང་སྟེ་དེའི་སྐྱོན་མང་ཞིག་ནི་གསར་མའི་རྒྱུད་སྡེ་རྣམས་ལ་འང་འཇུག་པར་སྣང་ཞིང་གསང་སྔགས་མི་ཤེས་པའི་རྣམ་


KMC013_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཤ་སྟག་ཏུ་འདུག་མོད་འདིར་མི་སྤྲོའོ། །དེ་ལྟ་མོད་ཀྱི་བླུན་པོ་ཚེ་འདིའི་ཉེས་དམིགས་ལ་མི་བསམ་ཞིང་ཁ་ཟས་ཚོལ་བ་ཁོ་ནར་ཞུགས་པས་ཆོས་མ་ཡིན་པ་ཆོས་ལྟར་སྟོན་པ་དང་མི་མ་ཡིན་གདུག་པས་བྱིན་གྱིས་བརླབས་ཅིང་སྐྱེ་བོའི་ཡིད་བསྒྱུར་ནས་རྙེད་གྲགས་ཐོབ་ཅིང་དེས་རང་ཉིད་བཟང་པོར་ཁས་འཆེ་བ་སོགས་དུ་མ་སྣང་བ་ནི་བདུད་ཀྱི་དབང་དང་བསྟན་པའི་སྙིགས་མར་གྱུར་པས་བྱུང་གི་གང་ཟག་གི་སྐྱོན་དེ་དམ་པའི་ཆོས་རྣམས་ལ་བསྒོ་བར་མི་རིགས་སོ། །དེ་བཞིན་དུ་རྗེ་བུ་དོང་བའི་དགག་སྒྲུབ་རྣམས་ནི་ཉིད་ཀྱིས་བླ་མེད་སྤྱི་རྣམ་དུ་རེད་མདའ་བས་དུས་འཁོར་བཀག་པ་ལ་ལན་འདེབས་ཕྱིར་ཁ་ཅིག་རྒྱུད་དང་རྒྱུད་འགྲེལ་ཆེན་པོ་རྣམས་ཆོས་སྤོང་གིས་སྤོང་བར་བྱེད་པ་ནི་གྱི་ན་སྟེ་ཁོ་བོས་ཡང་དག་ཏུ་བསྒྲུབས་པའི་ཕྱིར་རོ་ཞེས་གསུངས་སྣང་བའི་རིགས་པ་འདི་ཁོ་ན་ཐམས་ཅད་ལ་མཛད་པར་སྣང་ངོ་། །གཞན་ཡང་ཇོ་བོའི་ལམ་ཡིག་ལས་ཆོས་སྤྱོད་པ་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་བྱ་བ་དེ་བོད་ན་དགེ་ཚུལ་ཁྱུང་གྲགས་བྱ་བས་བཅོས་པ་ཡིན་ཟེར་ནས་རྩིས་མི་འདུག་པ་ལ་བི་ཀྲ་མ་ལ་ཤཱི་ལའི་མཁས་པ་རྣམས་དེ་


KMC013_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤིན་ཏུ་རྩིས་ཆེ་བས་འཆད་ཉན་བྱེད་ཅིང་འདུག་ལ། མན་ངག་ཡང་ཤིན་ཏུ་ཟབ་པ་ཅིག་འདུག་པས་ནག་ཚོས་རྒྱུད་དེ་བསྒྱུར་ནས་དེ་ཕྱིན་རྩོད་མེད་དུ་གྱུར་ཏོ་ཅེས་ཡོད་ཀྱང་ཀུན་མཁྱེན་བུ་དང་བུ་དོང་བས་ནི་རྒྱུད་ཡིན་མིན་གྱི་སོམ་ཉི་ཙམ་ཡང་མི་མཛད་པར་དོར་རོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཀྱི་དུམ་བུར་གྲགས་པ་བླ་མའི་ཡོན་ཏན་ཡོངས་བཟུང་། རྡོ་རྗེ་གླུ་གར། ཅེ་སྤྱང་ཚོགས་རོལ་ཏེ་སྔོན་རྩ་མི་ལོ་ཙཱའི་རྒྱུད་གསུམ་ཞེས་ཁྱད་ཆོས་སུ་བྱས་ནས་སྤྱན་དྲངས་པ་དེ་དག་ཡང་ཇ་འདེབས་གཅིག་གི་ཚོར་ཙམ་དུ་ཡང་མ་རྩིས་པར་དོར་རོ། །དེ་བས་ན་ཁོ་བོ་ཅག་ནི་སངས་རྒྱས་ཀྱི་ཆོས་རྣམས་ནི་བསམ་གྱིས་མི་ཁྱབ་པས་ཆོས་ཡིན་ནོ་ཞེའམ་མ་ཡིན་ནོ་ཞེས་བྱིས་པས་ཤེས་པ་མ་ཡིན་ནོ་ཞེས་བཤད་པ་ཁོ་ན་མཐོང་བས་བསམ་གྱིས་མི་ཁྱབ་པའི་མོས་པ་ཙམ་གྱིས་འཇུག་གི་བླ་མ་བརྒྱུད་པ་ལས་འོངས་པའི་མན་ངག་རང་གི་ལུང་རིགས་དང་མྱོང་བས་ཡིད་ཆེས་པ་མ་གཏོགས་མཐའ་གཅིག་ཏུ་ཞེན་པས་མི་སྨྲའོ། །དེ་ལྟ་མོད་ཀྱི་ཨ་ནུ་ཏ་ར་སོགས་བཀག་ནས་ཨ་ཨི་རྀ་ཨུ་ལྀ་སོགས་བརྗེས་པ་ནི་རང་གཟོར་སུས་ཀྱང་གོ་སླ་སྟེ་སྤྱི་དོན་གྱི་


KMC013_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་རིགས་འདྲེ་བསྡེབས་པ་ཙམ་དུ་ཟད་པའི་ཕྱིར་རོ། །དེས་ན་ས་བོན་འདི་དག་སྐྱེད་རྫོགས་རང་རང་གི་གཞུང་དང་མན་ངག་ལས་གསལ་ཞིང་དམ་པའི་རྒྱུད་པ་བར་མ་ཆད་པ་ལས་འོངས་པ་ཡིན་པས་ཐེ་ཚོམ་ག་ལ་དགོས། ཡང་འཇམ་དབྱངས་ཆེན་པོས་འཁོར་ལུས་དཀྱིལ་དུ་འགོད་པ་དཔལ་མཁའ་སྤྱོད་པས་རང་གཟོར་མཛད་དོ་ཅེས་བཀག་ནས་མདུན་སྐྱེད་ལྟར་མདབ་མ་ལ་འགོད་མོད། དེའི་དོགས་པ་སེལ་བའི་ཕྱིར་དུ་རྗེ་དོན་ལྡན་ཞབས་ཀྱིས་སྒྲུབ་ཐབས་སུ། གཞུང་དུ། དེ་ཡི་འཁོར་ལོ་རྣམ་བཞི་ལ། །མཁའ་འགྲོ་སྡེ་བཞི་འཁོར་བཅས་སྐྱེད། །ཅེས་དང་། མར་པའི་ཞལ་གདམས་ཀྱི་ཐོག་མར་དེའི་སྤྱི་བོར་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་ཞེས་སོགས་ལུང་འདྲེན་དང་འདོན་ཆ་ལྷན་ཅིག་པར་མཛད་པ་ཡིན་ནོ། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་པའི་ཕྱིར་དོན་ཀུན་སྒྲུབ་བྱེད་ཀྱི་ཧྲཱིཿདང་མཁའ་འགྲོ་མ་བཞིའི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི་ཚོགས་སྤྲོས་ཏེ་རང་བཞིན་གྱིས་གྲུབ་པའི་ལོངས་སྤྲུལ་གྱི་གནས་ནས་རྗེ་བཙུན་མ་འཁོར་དང་བཅས་པ་སྤྱན་དྲངས་ལ་མདུན་གྱི་ནམ་མཁར་བཞུགས་པར་བསམ་མོ། །དེ་ལས་དབང་བླང་བ་ནི་ཞལ་


KMC013_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ལས། དེ་རྣམས་ཀྱི་སྐུ་ལས་ཅེས་སོགས་སྒྲ་ཇི་བཞིན་པ་ཉིད་སྒྲུབ་ཐབས་སུ་བཀོད་པ་སྟེ་ཡེ་ཤེས་པ་དེ་རྣམས་ཀྱི་སྐུ་ལས་གཙོ་འཁོར་གྱི་སྐུའི་ཚོགས་དཔག་ཏུ་མེད་པ་བྱོན་ཏེ་བདག་སྐྱེད་ཀྱི་སྤྱི་བོར་ཐིམ་པས་ལུས་སེམས་ལ་དགའ་བདེ་དང་ལུས་སྤྲུལ་སྐུར་དག་པའི་ནུས་པ་སྐྱེད་པས་སྐུ་དབྱེར་མེད་དུ་བྱས་པ་བུམ་དབང་གི་ངོ་བོའོ། །གསུང་གི་གནས་མགྲིན་པ་ལས་ཨཱ་ལྀ་དབྱངས་ཀྱི་ཕྲེང་བ་དཀར་པོ་དང་ཀཱ་ལྀ་གསལ་བྱེད་ཀྱི་ཕྲེང་བ་དམར་པོའི་ཚོགས་བྱོན་བདག་གི་མགྲིན་པར་ཐིམ་པས་སྔགས་ཀྱི་མཐུ་དང་རླུང་དག་པའི་ནུས་པ་སྐྱེད་གསུང་དབྱེར་མེད་དུ་བྱས་པའི་བདེ་བ་གསང་བའི་དབང་ངོ་། །ཐུགས་ཀ་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་བདུད་རྩིའི་རྒྱུན་བྱུང་བདག་གི་སྙིང་གར་ཐིམ་པས་བདེ་སྟོང་གི་ལྷན་ཅིག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཐུགས་དབྱེར་མེད་དུ་བྱས་པའི་བདེ་སྟོང་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །ཡེ་ཤེས་ཀྱི་ལྷ་མོ་དེ་རྣམས་ཀྱང་སོ་སོའི་དམ་ཚིག་པ་ལ་ཐིམ་པས་དབྱེར་མེད་དུ་གྱུར་ཏེ་གཉིས་འཛིན་གྱི་རྟོག་པ་དག་པ་ནི་དབང་བཞི་པའོ། །འདི་ནི་ཞལ་གདམས་ཀྱི་དངོས་ཀྱི་དགོངས་པ་ཡིན་ལ། རྟོག་པ་


KMC013_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཆེ་བས་ནི་དམ་ཚིག་པ་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་སོ་སོར་ཐིམ་པ་སོགས་བསྒོམས་པས་ཀྱང་རུང་ངོ་། །དེ་ལྟར་ཡེ་ཤེས་གཞུག་པ་དང་དབང་བསྐུར་བ་ལྷན་ཅིག་ཞིང་རིགས་བདག་རང་ཆས་སུ་གནས་པ་འདི་ནི་ཟབ་མོའི་ལམ་རྨད་དུ་བྱུང་བ་སྟེ་རྒྱུད་པ་གཞན་དག་ལམ་དུས་ཀྱི་དབང་ཞེས་འཆད་པ་ཡང་འདི་ལྟ་བུ་སོགས་ཡིན་གྱི་གང་ལས་བླང་བའི་ཡུལ་རྡུལ་ཚོན་གྱིས་དཀྱིལ་འཁོར་ཡོད་མེད་མ་གཏོགས་ཆོ་ག་ཚིག་གཅིག་གིས་འདོད་པ་ནི་རྒྱུ་དུས་ཀྱི་བདག་འཇུག་སྐྱོར་བ་ཉིད་ལས་གཞན་མ་ཡིན་ཏེ། གལ་ཏེ་ཡིན་ན་དབང་སྔུན་མ་ཁོ་ན་ཐོབ་པ་དེ་རྒྱུ་དུས་ཀྱི་དབང་ཡིན་ལ། དེ་ཕྱིན་དཀྱིལ་འཁོར་དེར་ཚར་སྟོང་ཐོབ་ཀྱང་དེ་དག་ལམ་དབང་ཁོ་ནར་འདོད་དགོས་པར་འགྱུར་རོ། །དེས་ན་ལམ་དུས་ཀྱི་དབང་ལ་ནི་ཚད་ཡོད་པ་མ་ཡིན་ཏེ་སྣང་སྲིད་དབང་གི་འཁོར་ལོར་ཤེས་པ་ཅེས་བྱ་བ་ཞིག་རྒྱུད་པ་འདི་ལ་ཡོད་པ་ཡིན་ཏེ་འོན་ཀྱང་མཚན་མར་མི་འཛིན་པའི་ཕྱིར་རྒྱུ་ལམ་གྱི་དབང་ཞེས་པའི་ཐ་སྙད་ནི་མི་མཛད་ལ། ལམ་འབྲས་རྡོ་རྗེའི་ཚིག་རྐང་དུ་ལམ་གྱི་ཐུན་བཞི་ལ་དབང་ཆེད་དུ་བླང་ཞེས་པ་ལ་བརྟེན་ནས་དཔལ་ས་སྐྱ་པ་རྣམས་ལམ་དབང་


KMC013_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འཆད་མོད་ཀྱང་། ལམ་དུས་ཀྱི་དབང་ཞེས་པ་ཐོན་པར་མ་ངེས་ཏེ་ཐུན་བཞི་ལ་ལམ་གྱི་དབང་ཆེད་དུ་བླང་ཞེས་མ་བཤད་པས་སོ། །དེ་ལྟར་སྐུ་རྫོགས་པའི་སྒོམ་པ་བཤད་ནས། གཉིས་པ་བཟླས་པ་ནི། དེ་ཡང་རང་རང་ཐུགས་ཀར་ནི། །གསང་སྔགས་ཡི་གེ་བཀོད་བཟླས་བྱ། །ཅེས་གང་ལ་དམིགས་པ་དང་། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་རི་ནི་ཧ་ས། ནི་རི་ས་ཧ། ས་ནི་རི་ཧ། ཨཱཀཪྵ་ཡ་ཛཿཛཿ ཅེས་ལས་སྦྱོར་གྱི་སྔགས་དང་། འབྱུང་བཞི་དབང་སྡུད་ཡི་གེ་བཞི། །སྡེ་བཞི་མཁའ་འགྲོ་གསང་བའི་གནད། །འདོད་རྒུ་འབྱུང་བའི་སྔགས་སུ་བཤད། །ཅེས་སྔགས་ཀྱི་ཕན་ཡོན་དང་། གྲངས་ཀྱི་བསྙེན་པ་འབུམ་ཚོ་བཞིས། །ཐ་མལ་ཤེས་པ་བསྒྱུར་བར་ནུས། །ཟླ་བ་དྲུག་ཏུ་བཟླས་པ་ཡིས། །འཁྲུལ་པའི་རྟོག་པ་ཟད་པར་འགྱུར། །ཞེས་གྲངས་དང་དུས་ཀྱི་བསྙེན་པ་གསུངས་ཅིང་། ཞལ་གདམས་ཀྱི་དགོངས་པས་གཞུང་གི་འཁྲུགས་བསྡེབས་ཏེ་འོག་ནས་འབྱུང་བ། འབར་བ་གསུམ་དང་ཚུགས་པ་གསུམ། །འདུ་བ་གསུམ་དང་དྲོད་གསུམ་ཐོབ། །ཤེས་པ་གཏིང་ནས་ལྷོངས་པ་དང་། །ཡུལ་སེམས་གཉིས་འཛིན་མེད་པ་དང་། །ཞེས་པ་


KMC013_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བླངས་པས་མཚན་མའི་བསྙེན་པ་རྣམས་གསུངས་ཏེ། འདི་ཉམས་སུ་བླང་བ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་བཟླས་པའོ། །དང་པོ་ལ། ལུས། ངགཡིདགསུམ་གྱི་བཟླས་པ་གསུམ་ལས། ལུས་ཀྱི་བཟླས་པ་ལ། གང་བཟླ་བ་ནི། ཕྲེང་བ་སྟེ་འདིར་རིགས་ཀྱི་དབང་དུ་བྱས་ན། སངས་རྒྱས་རྣལ་འབྱོར་བོ་དྷི་ཙི། །ཞེས་པས་གཙོ་མོ་སངས་རྒྱས་མཁའ་འགྲོ་ཡིན་པའི་ཕྱིར་དང་། བོདྷི་ཙི་ཡིས་གྲངས་མེད་འགྱུར། །ཞེས་བཟླས་པ་འགྱུར་ཆེ་བའི་ཕྱིར་བོ་དྷི་ཙིའི་ཕྲེང་བ་དང་། ལས་ཀྱི་དབང་དུ་བྱེད་ན་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་དབང་དུ་བསྡུ་བ་ཉིད་འདིའི་བྱེད་ལས་གཙོ་བོ་ཡིན་པའི་ཕྱིར་པདྨ་དམར་པོའམ་བྱུ་རུ་འམ་ཙནྡན་དམར་པོ་སོགས་ཀྱི་ཕྲེང་བ་བྱ་ལ། བདེ་མཆོག་རྩ་རྒྱུད་ལས། དུང་ཆེན་ཕྲེང་བ་བླངས་ནས་ནི། །ཞེས་དང་། མངོན་པར་བྱང་ཆུབ་པའི་རྒྱུད་ལས། རུས་པ་ཆེན་པོའི་ཕྲེང་བ་ཡིས། །ཕྱིས་ནི་བཟླས་པ་དེ་ནས་བྱ། །ཞེས་བཤད་པས་ཁྱད་པར་དུ་སྐྱེས་པའི་ཐོད་ཆེན་གྱི་ཕྲེང་བ་མངགས་སོ། །ཕྲེང་བ་དེ་དག་གང་ཡིན་ཡང་བདུད་རྩི་ལྔ་ལ་སོགས་པས་ལེགས་པར་བཀྲུས་ཅིང་སྦྱངས་པ་གས་ཆག་


KMC013_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྐྱོན་མེད་པ་རྒྱས་ཆེན་ནམ་བུ་མོ་གཙང་མས་བཀལ་བའི་རས་བལ་གྱི་སྲད་བུའམ་དུར་ཁྲོད་ཀྱི་སྲད་བུ་སོགས་ཟུང་མ་ཡིན་པ་ལ་བརྒྱུས་ཏེ་མདུང་འཛིན་མཆོད་རྟེན་གྱི་རྣམ་པར་ཉིས་བརྩེགས་སུ་བྱས་ཅིང་རྡོ་རྗེའི་མདུད་པས་བསྡམས་ནས་དུས་ཀྱི་འཁོར་ལོ་སོགས་ནས་བཤད་པ་ལྟ་བུས་རབ་ཏུ་གནས་པའམ་མ་གྲུབ་ན་ཡང་བསང་སྦྱང་བྱས་ཏེ་ལག་པ་གཡོན་པདྨ་འདབ་མ་གསུམ་པ་དང་གཡས་རྡོ་རྗེ་རྩེ་ལྔ་པ་ཁ་སྦྱར་བའི་བར་དུ་སྦྲུལ་བསྐྱིལ་བ་ལྟར་བཞག་ནས་ཨཱ་ལྀ་ཀཱ་ལྀའི་ཡིག་འབྲུའི་ཚོགས་སམ། ཡང་ན་སོ་སོའི་ས་བོན་ལས་ཕྲེང་རྡོག་རྣམས་མཁའ་འགྲོ་རིགས་བཞིའི་རྣམ་པ་དང་ཕྲེང་ཐག་སྔགས་ཀྱི་ཕྲེང་བ་དང་། མདུད་འཛིན་འོག་མ་བཅོམ་ལྡན་འདས་མ་དང་། སྟེང་མ་ཡབ་རྣམ་སྣང་ཧེ་རུ་ཀའི་ངོ་བོར་སྐྱེད་པའམ། ཡང་ན་ཐམས་ཅད་ཧྲཱིཿལས་རྡོ་རྗེ་རྣལ་འབྱོར་མ་ཁོ་ནར་སྐྱེད་ཀྱང་རུང་སྟེ། འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། བདག་སྐྱེད་ཀྱི་སྐབས་ལྟར་དམ་ཚིག་པ་ལ་དབང་བསྐུར་ནས་དབྱེར་མེད་དུ་གྱུར་པ་ལ་ཉེར་སྤྱོད་དང་བདུད་རྩིས་མཆོད་དེ་ཅུང་ཟད་བསྟོད། སྔགས་ཅུང་ཟད་བཟླས་ནས་གསོལ་བ་བཏབ་པས་ལྷ་ཐམས་


KMC013_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འོད་དུ་ཞུ་ནས་ཕྲེང་བའི་རྣམ་པར་གྱུར་པར་བལྟས་ནས་ཨཱ་ལྀ་ཀཱ་ལྀ་འམ་སྙིང་པོ་ཅི་འགྲུབ་བཟླ་ཞིང་། རིལ་བུའི་གྲངས་ནི་དགྲ་བཅོམ་པ། །མཆོད་རྟེན་ཆོས་ཀྱི་ཕུང་པོ་སྟེ། །སྟེང་མ་མཆོད་རྟེན་དུ་ནི་བརྟག །ཞེས་པས་ཕྲེང་ཐག་སྔགས་ཀྱི་ངོ་བོ་སྟེ་ཆོས་དཀོན་མཆོགཕྲེང་རྡོག་རྣམས་འཁོར་མཁའ་འགྲོ་མའི་ཚོགས་ཏེ་དགེ་འདུན། མདུང་འཛིན་འོག་མ་གཟུགས་སྐུ། སྟེང་མ་ཆོས་སྐུ་སྟེ་གཙོ་མོ་རྡོ་རྗེ་རྣལ་འབྱོར་མའི་ངོ་བོ་སངས་རྒྱས་དཀོན་མཆོག་སྟེ་དཀོན་མཆོག་གསུམ་དབྱེར་མེད་པའི་ངོ་བོར་ཤེས་པས་བཀུར་སྟི་དང་བཅས་ཏེ་བཅང་ཞིང་། གནས་སྐབས་གཞན་དུ་ནི་རྒྱ་བལ་གྱི་རྣལ་འབྱོར་པ་ཁ་ཅིག་ཕྲེང་བ་ལག་གཡོན་ལ་གོན་ཞིང་འཛིན་པས་ལག་པ་གཡོན་གཞན་ལ་མི་སྟོན་པས་འཆང་ལ། ཕལ་ཆེར་མགྲིན་པར་སྟོད་གཡོགས་ཀྱིས་ནོན་པར་བྱས་ཏེ་གོན་པས་སྐྱེ་བོས་མི་མཐོང་བར་བྱེད་ལ། བོད་ན་ཡང་ཕྲེང་བའི་ཁུག་མར་འཛུད་པ་སོགས་ཀྱི་ཕྱག་ལེན་ཡོད་པ་ལྟར་མདོར་ན་སྐྱེ་བོས་མི་མཐོང་བར་འཆང་བ་ཡིན་ནོ། །ཕྲེང་བའི་གྲངས་ཀྱང་ལས་སོ་སོས། ཞི་བ་ལ་ནི་བརྒྱ་ཕྲག་གཅིག །ཞེས་སོགས་བཤད་ཀྱང་མང་མཐའ་བརྒྱ་དང་བརྒྱད་ཀྱིས་


KMC013_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ཕྲེང་བ་འགྲུབ་ལ། ཞི་བའི་བརྒྱ་དང་། དབང་དགུག་གི་དེའི་ཕྱེད་དང་། མངོན་སྤྱོད་ཀྱི་ཉེར་ལྔའམ་རེ་ལྔ་སོགས་ནི་དེའི་ཁོངས་སུ་འདུ་བར་བསམས་ནས། དེང་སང་ལས་ཐམས་ཅད་པ་ལ་བརྒྱ་རྩ་བརྒྱད་དུ་བྱེད་ལ། རྗེ་བླ་མའི་ཞལ་ནས་ནི་ཞི་བ་གཙོ་བོར་བྱེད་པས་བརྒྱ་དང་ལྷག་ཆད་ཁ་བསྐོང་གིས་བརྒྱད་བྱས་ཏེ་དེང་སང་བརྒྱ་རྩ་བརྒྱད་པ་ནི་ཞི་བའི་ཕྲེང་བའོ་ཞེས་གསུང་ངོ་། །གང་གིས་བཟླ་ན། སོར་མོར་ཏེ་རྒྱུད་སྡེ་འོག་མ་རྣམས་སུ་གཡས་པས་བཟླ་བར་བཤད་ཀྱང་། འདིར་མ་རྒྱུད་ཀྱི་དམ་ཚིག་གིས་གཡོན་པས་བཟླ་ལ། དེ་ཡང་རིགས་ཀྱི་དབང་དུ་བྱས་ན། ཕྲེང་བ་སངས་རྒྱས་ལ་མཛུབ་བཅས། །ཅེས་པས་དེ་བཞིན་གཤེགས་རིགས་ཡིན་པའི་ཕྱིར་མཛུབ་མོའི་སྟེང་དུ་བཞག་པས་འདྲེན་ལ། ལས་ཀྱི་དབང་དུ་བྱེད་ན་སོར་མོ་བཞི་ལ་ཞི་སོགས་ཀྱི་ལས་སོ་སོ་བཤད་ནས། ལས་རྣམས་ཀུན་གྱི་ལས་བྱེད་པ། །སོར་མོ་ཀུན་གྱིས་བྱ་བར་བཤད། །ཅེས་པས་ལས་སོ་སོར་མ་ཕྱེ་བའི་ཐམས་ཅད་པ་ལ་སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་ནས་འདྲེན་པའོ། །ཇི་ལྟར་བཟླ་ན། ཐེ་བོ་རྡོ་རྗེ་ལྕགས་ཀྱུའི་ངོ་བོས་ཕྲེང་བ་ལྷའི་རང་


KMC013_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྤྱན་དྲངས་ཏེ་ལྟེ་བའི་ས་བོན་ལ་ཐིམ་པས་དབང་དུ་གྱུར་པར་བསམ་པ་སྟེ། རྡོ་རྗེ་རྩེ་མོར། ཐེ་བོ་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་དགུག་པར་བྱ། །ཤིན་ཏུ་མཉམ་བཞག་སྔགས་བཟླས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་རྣལ་འབྱོར་གྱི་རྒྱུད་ཡིན་པས་བླ་མེད་དུ་འདིའི་ལུང་དྲང་བར་མི་འོས་སོ་སྙམ་ན། དེ་ལྟ་མ་ཡིན་ཏེ་ཡོ་ག་དེ་ཉིད་བསྡུས་པ་རྣལ་འབྱོར་དང་བླ་མེད་མ་ཕྱེ་བའི་སྤྱི་རྒྱུད་དུ་བཤད་ལ། རྡོ་རྗེ་རྩེ་མོ་དང་གསང་བ་ནོར་བུའི་ཐིག་ལེ་ཡང་དེ་ཉིད་བསྡུས་པ་དང་མཚུངས་པའི་ཕྱིར་ཏེ། དཔལ་ནཱ་རོ་འདུས་པ་རྒྱུད་ཕྱིའི་འགྲེལ་པར། རྒྱུད་ནི་མཆོག་གི་རྒྱུད་དུ་གྱུར། །ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་རྩ་བའི་རྒྱུད་ནི་དེ་ཁོ་ན་ཉིད་བསྡུས་པ་ཡིན་ལ། དེའི་རྒྱུད་ཕྱི་མ་ནི་གསང་བ་འདུས་པ་ཡིན་ནོ་ཞེས་སོགས་བཤད་དོ། །དེས་ན་ཕྲེང་བ་ནི་གྲངས་འཛིན་པའི་ཆེད་ཀྱང་ཡིན་མོད་ཀྱི་དེ་ནི་ཞར་བྱུང་གི་དགོས་པ་ཡིན་ལ། ཏིང་ངེ་འཛིན་དང་ལྡན་པས་ཕྲེང་བ་བཟླས་པ་ཁོ་ན་ལུས་ཀྱི་བཟླས་པ་ཡིན་པ་ནི་གཙོ་བོར་གོ་བར་བྱའོ། །ཕྱི་རབས་པ་ཁ་ཅིག་མདུད་འཛིན་གྱི་རྩ་བར་སླེབ་ཚེ་སླར་ཡང་ཚུར་ལྡོག་ནས་འདྲེེན་


KMC013_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ་གཞན་དུ་ན་མདུད་འཛིན་ལ་འགོངས་པའི་སྐྱོན་ཡོད་དོ་ཟེར་སྐད་ཀྱང་། དེ་ནི་གསང་སྔགས་ཀྱི་བརྡ་དོན་ལེགས་པར་མ་འཕྲོད་པའི་གཏམ་སྟེ། དེ་ལྟ་ན་ལུས་ཀྱི་བཟླས་པའི་དགོས་པའི་གཙོ་བོ་ནི་ལྷ་དམ་ལ་བཞག་པས་འགྱུར་ཞིང་དབང་དུ་བྱེད་པ་ཡིན་ལ། འདྲེན་ཚུལ་དེས་ནི་གཙོ་བོ་དབང་དུ་བྱེད་པ་འགོག་པ་སྟེ། ཐེ་བོ་ལྕགས་ཀྱུར་བྱས་ནས་ནི། །གཙོ་བོ་སངས་རྒྱས་མ་གཏོགས་པའི། །ལྷ་རྣམས་ཐམས་ཅད་དགུག་པར་བྱ། །ཞེས་འདོན་པར་ཆས་པའི་གཏམ་དུ་སྣང་ངོ་། །དེ་ལྟ་མོད་ཀྱི་ཡང་ན་ནི། །རིལ་བུའི་གྲངས་ནི་དགྲ་བཅོམ་པ། །ཅེས་ཕྲེང་རྡོག་གི་དག་པ་མི་ཤེས་པར་ཟད་དེ། ཕྲེང་རྡོག་ལ་འགོངས་ཆོག་ཞིང་མདུང་འཛིན་ལ་འགོངས་མི་ཆོག་པའི་ཁྱད་པར་བྱས་པའི་ཕྱིར་རོ། །སྤྱིར་ཡང་ལག་གིས་རེག་པ་ལ་འགོངས་པར་བྱེད་པ་ནི་སྔོན་འཛམ་བུའི་གླིང་འདི་ན་ནི་ཡོད་པར་མ་ཐོས་པས་གཞན་གང་ན་སུའི་ལུགས་ལ་ཡོད་དཔྱོད་དགོས་ཅིང་། གསེར་སྐུ་ལ་ལག་གིས་བྱི་དོར་བྱས་པས་གསེར་སྐུ་ལ་འགོངས་པར་འཇོག་ན་བྱི་དོར་ནུས་པའི་སྐབས་འགར་ཡང་མི་སྣང་ལ། དེ་འདོད་ན་ནི་མཆོད་རྟེན་གྱི་བ་རྒྱ་བསལ་


KMC013_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་རྩྭ་བཏོགས་པ་སོགས་ཀྱི་ཕན་ཡོན་བཤད་པ་ཐམས་ཅད་བསུབ་དགོས་སོ། །ཐེ་བོ་ལྕགས་ཀྱུར་བྱས་ནས་ནི། །ཞེས་པ་ཡང་སྔོན་མ་ཐོས་པའམ་མ་ངེས་པར་ཐད་དེ་ལྕགས་ཀྱུས་རིག་སྟེ་སྤྱན་དྲངས་པས་འགོངས་པར་བྱེད་ན་འོད་ཟེར་གྱིས་སྤྱན་དྲངས་ན་འོད་ཟེར་གྱིས་འགོངས་པ་དང་། ཕོ་ཉས་སྤྱན་དྲངས་ན་ཕོ་ཉས་འགོངས་པར་འགྱུར་བས་སྙིང་པོ་ཅི་ཡང་མེད་ལ། ཐར་འདོད་ལ་ཚིག་གི་ངལ་བ་སྟེར་བའི་དོགས་དཔྱོད་འདི་འདྲ་བ་ཕྱིས་མང་དུ་བྱེད་མཁན་སྣང་བ་ནི་བདུད་ཀྱི་མཐུ་ལས་གཞན་ཅི་ཡང་མ་ཡིན་ནོ། །དེ་བས་ན་གདན་བཞིའི་རྒྱུད་ལས། དེ་ཉིད་མི་ཤེས་ཕྲེང་བ་ནི། །བུད་མེད་རྣམས་ཀྱི་དོ་ཤལ་འདྲ། །ཞེས་བཤད་པས་སྔགས་ཀྱི་བླ་མས་སློབ་མ་རྣམས་ཕྲེང་བའི་དེ་ཉིད་ཤེས་པ་ལ་བཀོད་དེ། དེས་བཟླས་པའི་དོན་དུ་སྦས་ནས་འཆང་བ་ཡིན་གྱི། དེང་སང་སྔགས་ཡིག་འབྲུ་གཅིག་མི་འདྲེན་ཀྱང་ཕྲེང་བ་མེད་ན་བན་དྷེའི་གོ་མི་ཆོད་པར་བྱས་ནས་ཕྲེང་བ་ལུང་མ་བསྟན་འོད་འཚེར་བ་རེ་ཐོགས་ཏེ་སྒྲོ་གླེང་དང་ངག་འཁྱལ་གྱི་གཏམ་བྱེད་ཅིང་རབ་བྱུང་གི་གསོ་སྦྱོང་གི་ཚེ་ཕྲེང་བ་གོན་མི་ཉན་ནོ་ཟེར་ནས་ཕུད་དེ་གྲི་ཐུང་དང་ལྷན་ཅིག་དྲུང་


KMC013_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇོག་པ་སོགས་བྱེད་པ་འདི་དག་ནི་འདུལ་བ་དང་གསང་སྔགས་གང་གིའང་ཕྱོགས་རེའི་ཆ་ཤས་ཙམ་མ་གོ་བ་རྣམས་ཀྱི་མིག་ལྟོས་ཕར་བྱེད་ཚུར་བྱེད་ཕྲད་པ་ལས་བྱུང་བར་སྣང་ངོ་། །ངག་གི་བཟླས་པ་ལའང་། གང་བཟླ་བ་ནི་སྔགས་ཏེ། གཞུང་དང་ཞལ་གདམས་སུ་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་མཛད་ནས་བསྙེན་སྒྲུབ་ལས་སྦྱོར་གསུམ་ཅིག་ཆར་དབྱེར་མེད་དུ་སྒྲུབ་པ་ཉིད་གསུངས་པས་ན་རིགས་བཞིའི་མཁའ་འགྲོ་རྣམས་དགུག་པའི་ལས་སྦྱོར་གྱི་སྔགས་ཁོ་ན་བཟླ་བར་གསུངས་ལ། དེང་སངལས་དང་པོ་པ་རིམ་འཇུག་གིས་སྒྲུབ་དགོས་པས་ནི་ཐོག་མར་བསྙེན་པའི་དུས་སུ་གཙོ་མོའི་སྙིང་པོ་ཁོ་ན་བཟླ་ལ། ཕྱིས་སྒྲུབ་པ་དང་ལས་སྦྱོར་གྱི་དུས་སུ་གཞུང་གི་གསང་སྔགས་ཉིད་བཟླ་བ་ཡིན་ནོ། །གང་གིས་བཟླ་ན། ངག་གིས་ཏེ་ལྕེ་དང་རྐན་དང་མཆུ་དང་སོ་ལ་སོགས་པ་རྣམས་ཀྱི་ཕྲད་པ་དང་ཕྱེ་བ་དང་བཙུམ་པ་ལ་སོགས་པའི་རྩོལ་བ་དང་རླུང་གི་འཇུག་པས་སོ། །ཇི་ལྟར་བཟླ་ན། སྒྲ་གདངས་ཀྱི་ངོ་བོས་སྟེ་གདོན་ལ་སོགས་པ་གཞོམ་པའི་ཕྱིར་ནི་འབྲུག་གི་ང་རོ་ལྟར་དྲག་ཞིང་དཔའ་བའི་སྒྲས་བཟླ་ལ། སྤྱིར་ནི་གྲོགས་


KMC013_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་ཐོས་པ་ཙམ་གྱིས་ཤུབ་བུར་བཟླ་ཞིང་ནང་གི་ཏིང་ངེ་འཛིན་གཙོ་བོར་བྱེད་པའི་ཚེ་ལྕེ་རྩེ་གཡོ་བ་ཙམ་དུ་བཟླ་ལ། ཐམས་ཅད་ཀྱང་སེམས་རྩེ་གཅིག་པས་སྔགས་དག་ཞིང་གསལ་བས་བཟླ་བའོ། །སྒྲ་པ་ཁ་ཅིག་སྔགས་དག་ན་བརྗོད་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་ལ། མ་དག་ན་བསྐལ་པར་བཟླས་ཀྱང་ཕན་ཡོན་མེད་དོ་སྙམ་དུ་འཛིན་མོད། དེ་ལྟའང་མ་ཡིན་ཏེ། ཁྱེད་ཅག་གི་སྔགས་དག་པ་དེ་ནི་སཾསྐྲྀ་ཏའི་སྐད་ལ་བསམས་པར་ཟད་ལ། སྔགས་ཐམས་ཅད་སཾསྐྲྀ་ཏའི་སྐད་དུ་ཡོད་པ་མ་ཡིན་ཏེ། མ་རྒྱུད་ཕལ་ཆེ་བ་ཟུར་ཆག་གི་སྐད་དང་རྣལ་འབྱོར་མའི་ཀླ་ཀློའི་སྐད་སོགས་སུ་གནས་པར་བཤད་ཅིང་། གཟུངས་དངོས་གཞི་ནི་འགྲོ་ལྡིང་བའི་སྐད་དུ་གནས་པ་ཁོ་ན་མང་ལ། དེ་ནི་སཾསྐྲྀ་ཏ་ཤེས་པ་རྣམས་ཀྱིས་དག་མ་དག་དཔྱོད་མི་ནུས་པའི་ཕྱིར་དང་། འགྲོ་ལྡིང་བའི་སྐད་དུ་ཡང་མ་འདུས་པ་སངས་རྒྱས་པའི་གསང་སྔགས་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཚིག་ཡང་དུ་མ་ཡོད་དེ། སྒྲོན་གསལ་ལས། ཀོ་ཊཱ་ཁྱད་ལ་སོགས་པའི་སྒྲ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སོ། །དེ་ལྟར་མོད་ཀྱི་སྔགས་དག་པར་འདོན་མི་ཤེས་ཀྱང་སྔགས་ཀྱི་


KMC013_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་གྲུབ་པ་མང་དུ་ཡོད་ལ། སྔགས་དག་པར་འདོན་ཤེས་ཀྱང་ནུས་པ་ཅུང་ཟད་ཀྱང་མེད་པའི་མཁས་པས་བོད་ཡུལ་ཁྱབ་པར་གནས་པའི་ཕྱིར་ན་གཙོ་བོར་ནི་འདུན་པ་རྩེ་གཅིག་པས་ནན་གྱིས་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ། །དེ་ལ་སྙིང་པོའི་སྔགས་འདི་སཾསྐྲྀ་ཏའི་ཚུལ་གྱིས་ཅུང་ཟད་བཤད་ན། ཐོག་མར་་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཡི་གེ་ཨ་དང་ཡི་གེ་ཨུ། །དེ་བཞིན་ཡི་གེ་མ་དང་གསུམ། །ཞེས་པས་ཁྱབ་འཇུག་གི་མིང་ཨ་དང་། དབང་ཕྱུག་གི་མིང་ཨུ་དང་། ཚངས་པའི་མ་ཡིག་སྟེ་གསུམ་བཞག་ནས། ཨུའི་ཡི་གེ་ལ་ཨོ་འོས་ཨ་ཨོར་བྱས་ཏེ་ཨུ་ཕྱིས། འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་བོ་ཅེས་པས་མ་ཡིག་རྗེས་སུ་ང་རོར་བྱས་པས་་སྟེ་ལྷ་དེ་གསུམ་གྱིས་མཚོན་པ་དུག་གསུམ་བཅོམ་པའི་སྐུ་གསུང་ཐུགས་དབྱེར་མེད་པའི་དོན་ཅན་ཡིན་ལ། གནས་སྐབས་སུ་ནི་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པ་དང་རབ་བསྔགས་སོགས་ལ་འཇུག་པས་སྔགས་ཐམས་ཅད་ཀྱི་མགོ་འདྲེན་ཡིན་པས། རྒྱུད་རྣམས་སུ། དང་པོར་ཡི་གེའི་དང་པོ་བཞག །ཞེས་སོགས་བཤད་ཅིང་མུ་སྟེགས་ཚངས་པ་པས་ནི་རང་བྱུང་


KMC013_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡི་གེ་རིག་བྱེད་ཀུན་གྱི་ཐོག་མར་འཆད་ཅིང་། རྡོ་རྗེ་རྩེ་མོ་ལས་ཀྱང་། ནོར་བུ་འཛིན་པའི་སྙིང་པོའོ། །ཞེས་སོགས་བཤད་དོ། །བཛྲ་ནི། རྡོ་རྗེ་སྟེ་བ་ཛ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞགཛའི་ཨ་བརྗོད་དོན་ཡིན་པས་ཕྱིས། ཤུ་དྲ་ལ་སོགས་པ་རྣམས་སོ་ཞེས་པས་རྐྱེན་རག་བྱིན། གང་རྗེས་སུ་འབྲེལ་བ་མི་སྦྱོར་རོ་ཞེས་པས་ཀྲ་ཕྱིས། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་ཞེས་པས་ཛ་སྲོག་མེད་རའི་སྟེང་དུ་དྲངས་པས་བཛྲ་ཞེས་སོ། །བོད་ཁ་ཅིག་རྡོ་རྗེ་ལ་རྡོ་རྣམས་ཀྱི་རྗེ་བོ་ཞེས་པའི་སྒྲ་བཤད་བྱེད་པར་སྣང་ཡང་བོད་སྐད་ལ་འགྲིག་ཡང་སྐད་དོད་ལ་དེ་ལྟ་བུ་མི་རྙེད་དོ། །བཻ་རོ་ཙ་ན་ཞེས་པ་རྣམ་པར་སྣང་མཛད་དེ། རུ་ཙ་འབར་བ་ལ་འོའི་བྱིངས་བཞགབརྗོད་དོན་གྱིས་ཙའི་ཨ་ཕྱིས། ཉེར་བསྒྱུར་བའི་སྔོན་དུ་བྱིན། རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ་ཞེས་པས་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། མི་ཟད་པ་ལས་ཀྱང་ངོ་ཞེས་པས་སི་ཞིགཡུ་ཊ་འང་ངོ་ཞེས་པས་ཡུ་ཊ་བྱིན། ཥ་ཊ་རྗེས་སུ་འབྲེལ་བ་ལ་ཊ་འོས་ཊ་ཕྱིས། ཡུ་བུ་ཛ་རྣམས་ཀྱི་ཨ་ན་ཨ་ཀ་ཨནྟ་རྣམས་སོས་ཡུ་ཨ་ནར་བྱས། ཨུ་པ་དྷཱ་ནཱ་མིན་གྱི་ཡང་བའི་འོ་ཞེས་


KMC013_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པས་རུའི་ཨུ་ཨོར་བྱས། གསལ་བྱེད་དབྱངས་མེད་དྲངས་པས་བཻ་རོ་ཙ་ན་ཞེས་སོ། །ཨཱི་ཡ་ནི་ཕན་པ་ལའོ་ཞེས་པས་དེ་ཕན་གྱི་རྐྱེན་ཨཱི་ཡ་བྱིན། ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་གྱིས་ཨ་དབྱིའོ་ཞེས་པས་ནའི་ཨ་ཕྱིས། གསལ་བྱེད་དབྱངས་མེད་དྲངས་པས་ནཱི་ཡ། དེ་རིག་དེ་བརྗོད་དེ་ཡི་ནི། །འདི་ལྟ་སོགས་ཀྱི་ཨ་ཎར་འདོད། །ཅེས་པས་ཡའི་མཐར་ཨ་ཎ་བྱིན། ཎ་དང་བཅས་པ་ལ་དང་པོར་འཕེལ་བ་འོས་ཎ་ཕྱིས་ཏེ་ཉེར་བསྒྱུར་བའི་ཨི་ཨེར་བསྒྱུར། ཨིའི་ཡི་གེ་དང་ཞེས་སོགས་མོད་གོང་མས་ཡའི་ཨ་ཕྱིས་ཏེ་སླར་གསལ་བྱེད་དབྱངས་མེད་དྲངས། བུད་མེད་ལ་ཨ་ལས་ཨ་པྲ་འོ་ཞེས་པས་ཨ་པྲ་བྱིན། རྗེས་འབྲེལ་མི་སྦྱོར་བར་པྲ་ཕྱིས། །རིམ་པ་ལས་མ་འདས་པར་ཕྲལ་བར་བྱ་འོས་ཡའི་སྲོག་གི་ཨ་ཕྲལ། མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་མི་འགྱུར་ཏེ་ཕ་རོལ་ཡང་དབྱིའོ་ཞེས་པས་ཨ་སྔ་མ་རིང་པོར་བྱས་ཏེ་ཕ་རོལ་གྱི་ཨཱ་ཕྱིས། བོད་པ་ལའང་གོ་ཞེས་པས་རྣམ་དབྱེ་སི་བྱིན། ཊ་ཨོས་དག་ལ་ཨེའོ་སམྦུདྡྷི་ལའང་ངོས་ཨཱ་ཨེ་རུ་བྱས། ཐུང་ངུ་ན་དི་ཤྲཱདྡྷཱ་རྣམས་ལས་སི་དབྱི་འོས་སི་ཕྱིས། གསལ་བྱེད་དབྱངས་


KMC013_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དྲངས་པས་བཻ་རོ་ཙ་ནཱི་ཞེས་པ་རྣམ་པར་སྣང་མཛད་མ་ཞེས་པར་གྲུབ་བོ། །ཧ་རི་ནི་ས་ནི་རིགས་བཞིའི་ས་བོན་ནོ། །ཧཱུྃ་ཧཱུྃ་ཞེས་པ་ནི་ལས་ལ་དགྱེས་པ་དང་སྤྲོ་བའི་དོན་དུ་འགྱུར་གསུང་ལ། སྤྱིར་ཧ་ཨཱུ་མ་གསུམ་ལས་བསྒྲུབས་ཅིང་ཐུགས་ཀྱི་ངོ་བོར་གནས་སོ། །དུས་འཁོར་དུ་སྔགས་རྣམས་ཀྱི་མཐར་ཧུཾ་ཡིག་གཅིག་བྱུང་ན་ཐུགས་ཀྱི་ས་བོན་ཏེ་ཨུ་ཐུང་ངུར་བྱེད་ལ། གཉིས་བྱུང་ན་སྔ་མ་ཐུགས་དང་ཕྱི་མ་གསུང་ཡིན་པས་ཨུ་སྔ་མ་ཐུང་ངུ་དང་ཨུ་ཕྱི་མ་རིང་པོར་བྱེད་ཅིང་། གསུམ་བྱུང་ན་གསུང་གཙོ་ཆེ་བས་གསུམ་ག་ཨཱུ་རིང་པོར་བྱེད་པར་བཤད་ཀྱང་རྒྱུད་ཐམས་ཅད་ལ་ནི་དེ་ལྟ་མ་ཡིན་ཏེ། བརྟག་གཉིས་སུ་དགྱེས་པ་རྡོ་རྗེ་བཞིའི་སྙིང་པོ་ལ་ཧཱུྃ་གསུམ་ག་རེ་ཡོད་པར་མཚུངས་ཀྱང་ཕྱག་བཅུ་དྲུག་པ་ལ། ཨུཥྨ་རྣམས་ཀྱི་བཞི་པ་ཉིད། །པུཀྐ་སི་ཡིས་རྣམ་པར་བརྒྱན། །སྟོང་པས་མནན་ཞིང་སུམ་འགྱུར་ཉིད། །ཅེས་ཧཱུྃ་གསུམ་ག་རིང་པོ་དང་། ཕྱག་བཞི་པ་དང་ཕྱག་གཉིས་པ་ལ། ཨུཥྨ་རྣམས་ཀྱི་བཞི་པ་ལ། །རྡོ་རྗེ་མཁའ་འགྲོ་མ་ཡི་བརྒྱན། །སྟོང་པས་མནན་ཞིང་སུམ་འགྱུར་ཉིད། །ཅེས་ཧཱུྃ་གསུམ་ག་ཐུང་ངུར་གསུངས་པས་སྤྱིར་རང་རང་གི་


KMC013_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བསྡུ་བཞིན་འཇུག་དགོས་ལ། འདིར་ནི་གཞུང་ཞལ་གདམས་སུ་སྔགས་བསྡུ་མ་གསུངས་ཀྱང་ཕྱག་བཞེས་ལཧཱུྃ་གཉིས་ཀ་རིང་པོར་མཛད་དོ། །ཕཊ་ནི་གཟུང་འཛིན་གཅོད་པ་དང་བགེགས་སྐྲག་པར་བྱེད་པའི་དོན་དུ་གནས་ལ་སྭཱ་ཧཱ་ནི་གཞི་ཚུགས་ཅིག་ཞེས་པའོ། །ལས་དང་པོ་པ་མན་ངག་འདི་ལ་དངོས་སུ་འཇུག་མི་ནུས་ཅིང་བཅོམ་ལྡན་འདས་མ་ལ་མོས་པ་ལ་ནི་ཚོགས་བསག་ཐུན་མོང་བ་ཙམ་བྱས་ནས་སྟོང་པ་ལས་པད་རོ་ཉི་གདན་ལ་ས་བོན་བཾ་ལས་རྣམ་དག་སོགས་ཟབ་གནད་དང་མ་འབྲེལ་བའི་སྐུ་ཐུན་མོང་བ་ཙམ་སྒོམ་ཞིང་ཐུགས་ཀར་པད་ཉི་ལ་ས་བོན་བཾ་དང་སྔགས་་་་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝཱརྨ་ནི་ཡཻ། བཛྲ་བཻ་རོ་ཙཱ་ནི་ཡེ། ཧཱུྃ་ཧཱུྃ་ཧཱུ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་་གསུམ་མ་དང་ཧ་རི་ནི་ས་སྤངས་པའི་སྙིང་པོ་བཟླས་ཏེ་མཆོད་བསྟོད་གཏོར་མ་ཅུང་ཟད་བྱེད་པ་ནི་བཾ་སྐྱེད་མ་སྟེ་དཔལ་མཁའ་སྤྱོད་པས་ཕྱི་སྒྲུབ་ཀྱི་མིང་དུ་མཛད་པ་ཡིན་ལ། འདི་ལ་་གསུམ། ཧཱུྃ་གསུམ། ཕཊ་གསུམ་རྣམས་བྱེད་མི་བྱེད་ཡི་གེ་ཅི་རིགས་ཡོད་ཀྱང་འདི་ནི་ཨ་བྷི་ཛུ་ག་ཏའི་ཞལ་གཉིས་མའི་རྒྱ་གཞུང་སོགས་སུ་སྡོམ་པ་རྒྱ་མཚོ་ནས་ཕྱུང་


KMC013_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆོས་འབྱུང་གི་དཀྱིལ་འཁོར་རེ་མིག་ཞེ་དགུའི་སྔགས་བསྡུ་ཡོད་པ་ཉིད་བྱས་ཏེ་བྲིས་པ་ཡིན་པས་འདི་ཁོ་ན་ཚད་མར་བྱའོ། །འདིའི་ཚེ་ས་བོན་ཡང་པ་སྡེའི་བ་ཡིག་ནི་མ་ཡིན་ཏེ། མཁའ་འགྲོ་རྒྱ་མཚོ་ལས། ཡ་སྡེའི་མཐའ་ཡི་ས་བོན་ནི། །བྱང་ཆུབ་མཆོག་གི་རང་བཞིན་ནོ། །ཞེས་འབྱུང་ཞིང་། མངོན་བྱང་ལས་ཀྱང་ཝཾ་དུ་བཤད་པས་ཡ་ར་ལ་ཝའི་ཝ་ཡིག་ལ་ཐིག་ལེ་བྱིན་པ་ཡིན་ལ། སྤྱིར་ཡིག་གཟུགས་ལ་པ་སྡེའི་གསུམ་པ་བ་དང་། ཡ་སྡེའི་བཞི་པ་ཝ་གཉིས་ལཉྩ་སོགས་ལ་གཟུགས་གཅིག་ཞིང་རྒྱ་གར་བ་རྣམས་གཉི་ག་གང་བདེར་འདོན་པའི་ཕྱིར་འདོན་པ་ནི་བཾ་དང་ཝཾ་གང་དུ་བརྗོད་ཀྱང་འགལ་བ་མེད་དོ། །གཞུང་ནས་གསུངས་པ་གསང་སྔགས་དངོས་ནི་སྙིང་པོའི་ཧ་རི་ནི་སའི་རྗེས་སུ་རི་ནི་ས་ཧ། ནི་རི་ཧ་ས། ས་ནི་རི་ཧ། ཞེས་གཙོ་བོ་འཕོས་པའི་ས་བོན་བཅུག་སྟེ་མཐར། ཨཱ་ཀཪྵ་ཡ་ཧྲཱིཿཛཿཅེས་ཁུག་ཞིག་པའི་སྤེལ་ཚིག་སྦྱར་བ་སྟེ། འདི་ལ་རིན་ཆེན་མཁའ་འགྲོའི་གཙོ་བོ་འཕོ་བའི་སྐབས་ན་ཡི་གེ་ཕལ་ཆེར་ན་ནི་རི་ཧ་ས་ཅེས་པ་འདུག་ཡང་ཡི་གེ་ཉམས་པ་སྟེ། དང་པོ་གཉིས་གཡས་བསྐོར་དང་ཕྱི་མ་གཉིས་གཡོན་བསྐོར་དུ་ཡོད་པས་རི་ནི་ཧ་ས་ཞེས་


KMC013_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་དགོས་སོ། །སྤྱིར་ཡུམ་གྱི་རྐང་བརྒྱད་སྔགས་བསྡུ་དང་བཅས་པ་བདེ་མཆོག་གི་རྒྱུད་ལས་བྱུང་མོད་ཀྱང་འདིར་མ་གསུངས་པས་མི་སྤྲོའོ། །སེམས་ཀྱི་བཟླས་པ་ལ་གང་བཟླ་བ་ནི། སྐབས་ཐོབ་ཀྱི་ཏིང་ངེ་འཛིན་ཏོ། །གང་གིས་བཟླ་བ་ནི། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་དྲན་པས་ཏེ་ལས་དང་པོ་པས་ནི་སེམས་རྩེ་གཅིག་ཏུ་བསྡུ་བའི་དྲན་པས་སོ། །ཇི་ལྟར་བཟླ་བ་ནི། དྲན་པ་དེས་ཤེས་པ་ཏིང་ངེ་འཛིན་དེ་ལས་གཞན་དུ་མ་ཡེངས་པར་རྩེ་གཅིག་པས་སྒོམ་པ་རྒྱུན་མི་འཆད་པ་ལ་བཟླས་པའི་ཐ་སྙད་དུ་སྦྱར་བ་སྟེ་བཟླས་པ་ནི་བསྐྱར་ཞིང་བསྐོར་བའི་དོན་ཡིན་ལ། སྒོམ་པའང་ཏིང་ངེ་འཛིན་སྔ་མའི་རྒྱུན་སྒོམ་པ་ཁོ་ན་ཡིན་པས་ཁྱད་པར་འགའ་ཡང་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་དེ་ཡང་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པ་གཉིས་ཡིན་ཏེ། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཅེས་པ་ལྟར། ལས་དང་པོ་པ་ཕལ་ཆེར་ནི་གང་ལ་དམིགས་པའི་ཡུལ་དང་། གང་གིས་དམིགས་པར་བྱེད་པའི་བློ་དང་། གང་ཞིག་དམིགས་པར་


KMC013_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རྣམ་པ་དང་བཅས་ཏེ་བསྒོམས་པས་ཤེས་པ་ཡུལ་ལ་འཕྲོ་བ་ལས་ལོག་སྟེ་གང་ལ་དམིགས་པའི་ཡུལ་དང་གང་དམིགས་པའི་རྣམ་པ་དབྱེར་མེད་པའི་ཚུལ་དུ་གནས་པར་འགྱུར་ལ། དེ་གོམས་པས་ཉོན་མོངས་པ་མངོན་གྱུར་མགོ་གནོན་ཞིང་བསམ་གཏན་གྱི་ཕན་ཡོན་རྣམས་འགྲུབ་ལ། རིམ་གྱིས་དམིགས་བྱེད་གྱི་བློ་མཚན་མའི་ཆ་ཇེ་ཆུང་དུ་གྱུར་ཏེ་མཐར་དམིགས་པའི་ཡུལ་ཡུལ་ཅན་རྣམ་པ་དང་བཅས་པ་དེ་གཉིད་སད་པས་རྨི་ལམ་ཡལ་བ་ལྟར་གྱུར་ནས་མཚན་མ་ཉེ་བར་ཞི་བ་ནི་མི་དམིགས་པ་ཅེས་བྱ་སྟེ་དམིགས་པ་ཐམས་ཅད་ཀྱི་འབྲས་བུ་ནི་དེའོ། །དབང་པོ་རྣོན་པོ་ལ་ནི་ཐོག་མ་ནས་དམིགས་པའི་ཡུལ་རང་བཞིན་གྱིས་ཡོད་པ་མིན་པས་དམིགས་བྱེད་ཀྱི་བློ་ནི་ཉིང་འཁྲུལ་དུ་ཟད་ལ། དེའི་ཚེ་ཇི་ལྟར་དམིགས་པའི་རྣམ་པ་ནི་ཁྱད་པར་གྱི་གཞི་མེད་པའི་ཁྱད་པར་གྱི་ཆོས་ག་ལ་རྙེད་དེ་གཟོད་མ་ནས་སྤྲོས་པ་ཉེ་བར་ཞི་བ་ཉིད་བསྟན་པས་ཞི་གནས་དང་ལྷག་མཐོང་ཅིག་ཆར་དུ་འབྱུང་བ་སྟེ་མངའ་བདག་མཻ་ཏྲྀ་པའི་ལུགས་ཀྱི་སྒོམ་པ་ཡིན་ནོ། །སྐབས་འདིར་ནི་ལས་དང་པོ་པས་བརྡ་དོན་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནི་གང་ལ་དམིགས་


KMC013_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ལོ། །རྩ་གསུམ་གྱི་འདུས་མདོ་སོགས་ནི་གང་དུ་དམིགས་པའི་གནས་སོ། །སྐུ་དང་སྔགས་དང་ས་བོན་ལ་སོགས་པ་ནི་གང་ཞིག་དམིགས་པའི་རྣམ་པའོ། །མི་བརྗེད་པའི་དྲན་པ་ནི་གང་གིས་དམིགས་པའི་ཤེས་པའོ། །མི་སྡོད་གསུམ་དང་ལྡན་པ་ནི་ཇི་ལྟར་དུ་དམིགས་པའི་ཚུལ་ལོ། །དབང་པོ་རྣོན་པོས་ནི་ཡུལ་དང་ཡུལ་ཅན་ཐམས་ཅད་གཟོད་མ་ནས་རྣམ་པར་དག་པ་དེ་ཉིད་ལ་རྡོ་རྗེ་རྣལ་འབྱོར་མའམ་ལྷན་ཅིག་སྐྱེས་མའི་མཚན་དུ་བརྗོད་པར་ཟད་པས་ཆོས་གང་ཞིག་གང་ལ་གང་དུ་ཡང་དམིགས་སུ་མེད་པར་ཤེས་ཅིང་དམིགས་པ་དང་མི་དམིགས་པ་ནི་རྣམ་རྟོག་གི་མཚན་མ་ཉིང་འཁྲུལ་གྱི་ཕན་ཚུན་བལྟོས་པ་དང་བཅས་པ་སྟེ་དེ་ཉིད་གཟོད་ནས་དག་པར་མཐོང་བས་ཆོས་གང་ཡང་བཅོས་བསླབ་བྱར་མ་རྙེད་པ་སྟེ་འདི་ནི་ཡུལ་ཡུལ་ཅན་ལས་གྲོལ་བའི་ཕྱིར་མི་དམིགས་པ་ཅེས་ཀྱང་བྱ་ལ། དེ་ཁོ་ན་ཉིད་མངོན་སུམ་གྱི་ཡུལ་ཅན་དུ་བྱེད་པའི་ཆ་ནས་ནི་དམིགས་པ་ཡང་དག་པ་ཡིན་པར་ཡང་བརྗོད་དོ། །དེ་ལྟ་མོད་ཀྱི་དམིགས་པ་རྣམས་བཀག་པའི་མི་དམིགས་པ་གཅིག་ནན་གྱིས་སྒོམ་པ་དང་ཅི་ཡང་མེད་དོ། །མི་དམིགས་


KMC013_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དམིགས་པར་མི་བྱའོ་སྙམ་དུ་སེམས་ཅིང་ཁ་ཐོན་དུ་བྱེད་པ་དེ་དག་གིས་ནི་མི་དམིགས་པའི་གནད་འདི་ག་ལ་ཤེས་ཏེ། མི་དམིགས་པར་དམིགས་པར་བྱེད་ན་དེ་ནི་ཤིན་ཏུ་གཞོམ་པར་དཀའ་བའི་ནད་ཡིན་པའི་ཕྱིར་རོ། །ཐུན་མོང་གི་བཟླས་རིམ་འདི་དག་ལ་རྒྱུད་སྡེ་གོང་འོག་དང་རྒྱུད་སྡེ་སོ་སོའི་རིམ་པས་ཆེས་མང་པོར་འགྱུར་བ་སྟེ་རྒྱས་པར་རྡོ་རྗེ་མཁའ་འགྲོ་དང་སམྦཱུ་ཊ་དང་སྤྱི་རྣམ་ཆེན་པོ་རྣམས་ལས་རྟོགས་པར་བྱ་ཞིང་བདག་གིས་བྱས་པའི་བཟླས་པའི་རྣམ་གཞག་ཡང་གུད་ན་ཡོད་དོ། །མདོར་ན་ཕྲེང་བ་མཚན་ཉིད་དང་ལྡན་པ་དེ་བླངས་ཏེ་ཧྲཱིཿཡིག་ལས་བྱུང་བའི་རྡོ་རྗེ་རྣལ་འབྱོར་མའི་ཚོགས་འོད་དུ་ཞུ་བས་ངོ་བོ་ལྷ་རྣམ་པ་ཐོད་རློན་གྱི་ཕྲེང་བ་ལྔ་བཅུ་རྩ་གཅིག་པར་གྱུར་པར་མོས་ཏེ་གཡོན་གྱི་ལྷ་ས་བོན་ལ་བསྟིམ་པའི་ངོ་བོས་ཐེ་བོའི་ལྕགས་ཀྱུས་ནང་དུ་བགྲང་ཞིང་དོན་ཀུན་སྒྲུབ་བྱེད་ཀྱི་ས་བོན་དང་སྔགས་ལས་འོད་དམར་པོ་འཕྲོས། ལུས་གང་། ནད་གདོན་སྡིག་སྒྲིབ་སོགས་སྦྱངས། ཕྱིར་འགྲོས་ཏེ་བགེགས་ཀྱི་ཚོགས་བསྲེགས་ཅིང་སྣོད་ཐམས་ཅད་ཆོས་འབྱུང་གི་གཞལ་ཡས་ཁང་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མའི་


KMC013_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བྱས་ཏེ་སྐུའི་ཚོགས་དེ་རྣམས་དང་སངས་རྒྱས་ཐམས་ཅད་ཀྱང་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་འོད་ཟེར་གྱིས་བསྡུས་ནས་ལྟེ་བའི་ས་བོན་ལ་ཐིམ་པས་བདག་ཉིད་དང་དབྱེར་མེད་དུ་གྱུར་ཏེ་ས་བོན་འོད་ཟེར་དུ་དམར་ལམ་འབར་བར་དམིགས་ཏེ་སྙིང་པོ་ཤུབ་བུར་བཟླ་བ་ནི་ཐུན་མོང་གི་བཟླས་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་བཟླས་པ་ལ་བཟླས་རིམ་ལྔ་སྟེེ། སྐུ་གསལ་གདབ་ཀྱི་བཟླས་པ། འགོག་བཟླས་ཆུང་ངུ་། སྤྲོ་བསྡུ་བའི་བཟླས་པ། རྡོ་རྗེའི་བཟླས་པ་སྟེ་ལས་དང་པོ་པའི་བཟླས་རིམ་བཞི་དང་། འགོག་བཟླས་ཆེན་པོ་ནི་གཞུང་ཞལ་གདམས་ཀྱི་དངོས་བསྟན་རྣལ་འབྱོར་པ་མཆོག་གི་བཟླས་རིམ་སྟེ་ལྔའོ། །འདི་ཐམས་ཅད་ཀྱང་ལུས་གནད་ལག་པས་ཕྲེང་བ་འཛིན་པ་མ་གཏོགས་གཞན་བསམ་གཏན་གྱི་ཆོས་ལྔ་དང་ལྡན་པ་ལས་འོག་རླུང་ཅུང་ཟད་དྲངས་ཏེ་ཐེན་ནས་ལུས་ཅུང་ཟད་བསྐོར་ཞིང་གཡོ་བསྐྱོད་དང་བཅས་པས་ལུས་མི་སྡོད་པ་དང་། ངག་མི་ཚིག་གིས་བར་མ་ཆོད་པས་བཟླ་བ་ངག་མི་སྡོད་པ་དང་། སེམས་ལས་ཉོན་དང་མཚན་རྟོག་གཞན་དང་ཐ་མལ་གྱི་རྟོག་པས་བར་མ་ཆོད་པར་རང་རང་གི་དམིགས་པ་


KMC013_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་ཡེངས་པ་སེམས་མི་སྡོད་པ་སྟེ་མི་སྡོད་པ་གསུམ་དང་མ་བྲལ་བས་བཟླའོ། །དེ་ལ་དང་པོ་སྐུ་གསལ་བཏབ་ཀྱི་བཟླས་པ་ནི། ཐོག་མར་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའི་དབུས་ཀྱི་ཧྲཱིཿཡིག་ཐུགས་རྣམ་པར་མི་རྟོག་པ་ཡེ་ཤེས་རྡོ་རྗེའི་ངོ་བོ་བདེ་བའི་བདག་ཉིད་ཁ་དོག་དམར་བ། སྙིང་རྗེའི་བདག་ཉིད་འོད་ཟེར་གསལ་བ། སྟོང་པའི་བདག་ཉིད་རེག་བྱ་ཚ་བ། རྡོ་རྗེ་བཞི་དབྱེར་མེད་པས་གུ་གུ་ནམ་མཁའ་ལ་ལྡིང་བ་རིང་ཆ་ཅན་ཚེག་དྲག་གཉིས་ཀྱིས་བརྟེན་པ་ལ་དམིགས་ཏེ་བཟླའོ། །དེ་ནས་གསུང་ལོངས་སྐུའི་ངོ་བོ་་ཡིག་བ་ཡིག་ཛྲ་ཡིག་སོགས་སྔགས་ཕྲེང་རྣམས་རེ་རེ་ནས་འབྲུ་དོད་པ་དམར་ཞིང་གསལ་བ་སྒྲ་སྒྲོག་པ་ལ་དམིགས་ཏེ་བཟླ། དེ་བཞིན་དུ་ཉི་མ། པདྨའི་ཟེའུ་འབྲུ། གེ་སར། ཡི་གེ་བཞི། འདབ་མ། ཡུ་བ། དགའ་འཁྱིལ། ཆོས་འབྱུང་བསྣོལ་མ་སྟེ་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོ་རྣམས་རེ་རེ་ཞིང་དམིགས། དེ་ནས་རྩ་གསུམ་གྱི་མདུས་མདོ། ལྟེ་བའི་འཁོར་ལོ་ལ་མ་ཐུག་པའི་བར་གྱི་དབུ་མའི་ནམ་མཁའ། དེ་ནས་ལྟེ་བའི་འཁོར་དུ་ཐོག་མར་ལས་ཀྱི་མཁའ་འགྲོའི་ཐུགས་ཀའི་ས་ཡིག་ཡི་གེ་བཞི་པདྨ། ལས་ཀྱི་མཁའ་འགྲོའི་དབུ་


KMC013_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་གི་རྡོ་རྗེ་ཕྱེད་པ། རལ་པའི་ཐོར་ཚུགས། འཁོར་ལོ། དབུ་རྒྱན། ཞལ་རས། སྤྱན་གསུམ་སོགས་ནས་རོ་གདན་དང་པདྨའི་བར་དང་། དེ་ནས་འཁོར་རྣམས་ཀྱི་ས་ཡིག་རིམ་པ་བཞིན། དེ་ནས་འཁོར་རྣམས་རེ་རེ་ཞིང་། དེ་ནས་རྩ་འཁོར་གསལ་བཏབ་ཅིང་བཟླ་བ་སྟེ་དེ་བཞིན་དུ་མས་རིམ་གྱིས་བདེ་ཆེན་འཁོར་ལོའི་བར་དུ་གསལ་བཏབ་ཅིང་བཟླ། དེ་ནས་རྡོ་རྗེའི་ནང་གི་བླ་མའི་སྐུ་དང་འཁོར་དང་རྡོ་རྗེ་ཕྱེད་པ་སོགས་ནས་ཕྱི་རོལ་ཏུ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡས་ནས་རིམ་བཞིན་གསལ་བཏབ་ཅིང་གདན་པདྨའི་བར་དང་། དེ་ནས་གཞལ་ཡས་ཁང་གདན་གྱི་ཆོས་འབྱུང་། དུར་ཁྲོད། སྲུང་འཁོར། སྒོ་མཚམས་ཀྱི་ལྷ་མོ་གྲངས་མེད་པའི་བར་དུ་གསལ་བཏབ་ཅིང་བཟླ་བ་ནི་ནང་ནས་ཕྱིར་གསལ་བཏབ་པ་ཞེས་བྱའོ། །སླར་གོ་ཟློག་སྟེ་སྒོ་སྐྱོང་གི་ལྷ་མོའི་ཚོགས། སྲུང་འཁོར་སོགས་ཕྱི་ནས་རིམ་བཞིན་དང་། པདྨ་རོ། ཉི་མ་སོགས་མས་རིམ་གྱིས་བླ་མའི་བར་དང་། དེ་ནས་ཡས་ནས་རིམ་བཞིན་ས་བོན་གྱི་ཧྲཱིཿའི་བར་གསལ་བཏབ་ཅིང་བཟླ་བ་ནི་ཕྱི་ནས་ནང་དུ་གསལ་གདབ་པ་ཅེས་བྱའོ། །དབང་བརྟུལ་


KMC013_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་དུ་སྒོམ་མ་ནུས་པས་ནི་དང་པོར་ཧྲཱིཿསྔགས་ཕྲེང་། ཡི་གེ་བཞི། དེ་ནས་ལྟེ་འཁོར་གྱི་ཡི་གེ་རྣམས་སོགས་སྔགས་ཀྱི་ཡིག་འབྲུ་རྣམས་ཁོ་ན་གསལ་བཏབ་ཅིང་བཟླ་བ་ནི་ཡི་གེ་གསལ་གདབ་ཅེས་བྱ་ལ། དེ་གོམས་ནས་འདི་བཞིན་དུ་གསལ་བཏབ་ཅིང་བཟླ་བ་ལ་ནི་སྐུ་ཡོངས་རྫོགས་གསལ་གདབ་པ་ཅེས་ཟིན་བྲིས་ཁ་ཅིག་ཏུ་བཤད་དོ། །མདོར་ན་ས་བོན་ནས་སྲུང་འཁོར་གྱི་བར་ཐམས་ཅད་རེ་རེ་ནས་དག་པ་དང་མཚན་ཉིད་སོགས་གོང་དུ་ཇི་སྐད་བཤད་པ་ལྟར་གསལ་བཏབ་ཅིང་བཟླ་ལ། རེ་རེ་ལ་ཧ་ཅང་ཡུན་མི་རིང་བར་བྱས་ནས་དམིགས་བཟླས་རྒྱུན་མི་འཆད་པར་བྱེད་པ་སྟེ། ལུས་ལ་དམིགས་པའི་ཆ་ནི་ལུས་དྲན་ཉེ་ཡིན་ལ། དེ་བཞིན་དུ་རྣམ་དག་ཤེས་པས་སེམས་ཆོས་ཀྱི་དྲན་ཉེ། ཚོར་བ་ཐམས་ཅད་བདེ་བར་བྱིན་གྱིས་རློབ་པའི་ཕྱིར་ཚོར་བའི་དྲན་ཉེ་སྟེ་དྲན་པ་ཉེ་བར་བཞག་པ་བཞིའི་ངོ་བོ་དང་། དེས་མི་དགེ་བའི་རྟོག་པ་འཇུག་པ་སྲུང་ཞིང་སྐྱེས་པ་ཚར་གཅོད་པའི་ཕྱིར་མི་དགེ་བ་མ་སྐྱེས་པ་མི་སྐྱེད་པ་དང་སྐྱེས་པ་ཚར་གཅོད་པའི་ཡང་དག་སྤོང་བ་ཡིན་ལ། རྣམ་དག་ཤེས་པས་དོན་དམ་པའི་བདེན་པ་དང་ལྷ་སྐུ་ལ་དམིགས་པ་ཀུན་


KMC013_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་པའི་བདེན་པ་སྟེ་བདེན་པ་གཉིས་ཟུང་དུ་འཇུག་པས་ན་ཚུལ་བཞིན་ཡིད་ལ་བྱེད་པའི་ཕྱིར་དགེ་བའི་རྩ་བ་ཡང་དག་པ་ཡིན་ལ། དེ་ཉིད་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་མི་ཉམས་པར་གོང་དུ་སྤེལ་བའི་ཕྱིར་དགེ་བ་མ་སྐྱེས་པ་སྐྱེད་པ་དང་སྐྱེས་པ་སྲུང་བའི་ཡང་དག་སྤོང་བ་ཡིན་ནོ། །ལས་དང་པོ་པ་དམིགས་པ་ལ་རྩེ་གཅིག་ཏུ་བསྡུ་བའི་ཐབས་དང་། བྱིང་རྒོད་ཀྱི་དབང་དུ་མི་འཆོར་བ་དང་སྐྱེད་རིམ་གསལ་ཞིང་བརྟན་པའི་དགོས་པ་ཡོད་ལ། རྣམ་དག་དྲན་པའི་ཕྱིར་ཐ་མལ་གྱི་མཚན་རྟོག་གི་གཉེན་པོར་འགྱུར་བ་ཡིན་ནོ། །སྤྱིར་རྗེ་མར་རྔོག་གི་ཕྱག་བཞེས་ལ་ལས་དང་པོ་པ་བྱ་བ་གཞན་སྤངས། མཚམས་དམ་པར་བཅད་ནས་ཁང་པ་སོགས་མ་འཁྲུལ་བར་ཉི་མདངས་ལ་ཡི་དམ་གྱི་ཐང་སྐུ་དང་འོད་འཚེར་བའི་དངོས་པོ་ལ་བརྟེན་ནས་ཉིན་པར་རྩེ་གཅིག་ཏུ་འབད་པས་ཉིན་གཅིག་གམ་ཞག་གསུམ་མམ་ཐ་མས་ཀྱང་ཟླ་བ་ཕྱེད་དམ་གཅིག་གིས་སྐྱེད་རིམ་གསལ་ཞིང་བརྟན་པར་འགྱུར་བ་སྟེ། རྒྱུད་བརྟག་གཉིས་ལས་ཀྱང་། བརྩེ་བས་དངོས་གྲུབ་དོན་དུ་ཡང་། །ཟླ་བ་ཕྱེད་དུ་ཡོངས་སུ་རྟོག །བསམ་པ་ཐམས་ཅད་ཡོངས་སྤངས་


KMC013_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །ཉི་མ་གཅིག་ཏུ་མ་ཆད་པར། །སྒོམ་པ་ཡོངས་སུ་བརྟག་པར་གྱིས། །ཅེས་གསུངས་ལ། དེ་ནས་རྣལ་འབྱོར་པ་རབ་བསྐྱེད་རྫོགས་ལྷན་ཅིག་ཏུ་བྱེད། འབྲིང་ཐུན་སྟོད་ལ་སྐྱེད་རིམ་སྒོམ་བཟླས་དང་ཐུན་སྨད་ལ་རྫོགས་རིམ་སྒོམ་པ་སོགས་སུ་གསུངས་མོད་ཀྱང་། དེང་སང་ནི་བཀའ་རྒྱུད་ཀྱི་སྐྱེད་རྫོགས་པ་ཡང་ཟད་ལ་ཐུག་པས་དེ་ལྟ་བུ་བྱེད་པ་སུ་ཡང་མི་སྣང་ལ། དེ་བཞིན་དུ་ཕྱག་ལན་ཁ་ཅིག་ལ་ཉིན་མོ་ལྷ་སྒོམ། མཚན་མོ་སྔགས་བཟླ་བ་དང་། ཐུན་སྟོད་ལྷ་སྒོམ། ཐུན་སྨད་སྔགས་བཟླ་བ་དང་། ཡང་གཙོ་བོར་ལྷ་སྒོམ་པ་བྱས་ནས་བཟླས་པ་རྗེས་ཐོབ་ཀྱི་རྣལ་འབྱོར་དུ་བཤད་པའི་སྐབས་ཀྱང་ཡོད་མོད་ནའང་། འདིར་ནི་ལྷ་སྐུ་སྒོམ་པ་དང་སྔགས་བཟླ་བ་ལྷན་ཅིག་པ་ཉིད་མཛད་པས་སྐྱེད་རིམ་བརྟན་པ་དང་སྔགས་ཀྱི་ནུས་པ་གྲུབ་པ་དུས་མཉམ་དུ་འབྱུང་བས་ཤིན་ཏུ་ཟབ་པ་ཡིན་ལ། གཞུང་ཞལ་གདམས་ལས་ཀྱང་དབང་པོ་ཤིན་ཏུ་ཡང་རབ་ཀྱི་དབང་དུ་མཛད་ནས་སྐྱེད་རིམ་གྱི་བཟླས་སྒོམ་དང་རྫོགས་པའི་རིམ་པའང་དབྱེར་མེད་དུ་ཅིག་ཆར་སྒོམ་པར་གསུངས་པ་ཡིན་ནོ། །དེ་ལྟར་འབད་པས་སྐྱེད་རིམ་


KMC013_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པ་གསལ་ཞིང་བརྟན། རྣམ་དག་ཤེས་པས་དངོས་འཛིན་ཐ་མལ་གྱི་དབྱིབས་སུ་ཞེན་པ་དང་བྲལ། སྤོང་བའི་གཉེན་པོ་སྐྱེད་པ་ལ་མ་ལྟོས་པར་བྱིང་རྒོད་དང་ཚུལ་བཞིན་མ་ཡིན་པའི་རྒྱུ་བ་རྣམས་ནུབ་སྟེ་རྟོག་པ་ཡུལ་ལ་གཡོ་བ་ཆིངས་པའི་རྟགས་དུ་བ་ལ་སོགས་པ་སྣང་ཞིང་བདེ་གསལ་མི་རྟོག་པའི་ངོ་བོར་སྦྲང་བུ་གར་སྦྱིན་ལ་འབྱར་བ་ལྟར་གནས་པའམ་རྣམ་པར་རྟོག་པ་དུམ་བུར་ཆད་པས་དམིགས་པ་གར་བཏད་དེར་གསལ་ལ་འཛིན་མེད་དུ་གནས་ཏེ་ཕན་ཚུན་དུ་སྤོོང་བའི་ཡིད་བྱེད་ཀྱང་ལྡང་དཀའ་བར་གྱུར་པ་ན་བཟླས་རིམ་དང་པོ་འདིའི་སྐབས་དོན་གྲུབ་པ་ཡིན་ཏེ་འདི་ནི་ཐ་མལ་གྱི་རྟོག་པ་འཆིང་བ་སོར་སྡུད་ཀྱི་ངོ་བོར་གནས་སོ། །གཉིས་པ་འགོག་བཟླས་ཆུང་ངུ་ནི། དེའི་ཚེ་ས་བོན་ནས་སྲུང་འཁོར་གྱི་བར་གྱི་གང་གསལ་དང་གང་འདོད་ཉིད་གསལ་བ་ལ་རྩེ་གཅིག་ཏུ་བཞག་སྟེ་བཟླ་ཞིང་ཡང་བྱིང་རྒོད་དམ་ཡིད་བྱེད་སོགས་འབྱུང་བ་སྙམ་བྱེད་ན་སྐུ་གསལ་གདབ་ཀྱི་བཟླས་པ་སྔ་མ་ཅུང་ཟད་བྱས་ཏེ་ཡང་གང་བདེ་རེར་རྩེ་གཅིག་ཏུ་གློད་ནས་བཟླ་བ་སྟེ་སྔ་མ་ལས་རྟོག་པ་ཤས་ཆུང་བས་འགོག་བཟླས་ཆུང་ངུ་ཞེས་བྱ་སྟེ་ཏིང་ངེ་


KMC013_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྐྱེས་པ་དེའི་རྒྱུན་བརྟན་པར་བྱེད་པ་བསམ་གཏན་གྱི་ཡན་ལག་གོ། །དེས་བདེ་བ་དང་མི་རྟོག་པའི་ངོ་བོར་སྐྱེད་རིམ་ལྷའི་རྣམ་པ་ཤིན་ཏུ་གསལ་ཞིང་བརྟན་པས་མཉམ་རྗེས་མེད་ཅིང་ཅུང་ཟད་ཡེངས་པའི་སྐབས་ཀུན་ཏུའང་ལྷའི་རྣམ་པ་རྒྱུན་མི་འཆད་པ་ནི་སྐྱེད་རིམ་གྱི་སྒོམ་པ་འདི་ལ་བརྟེན་པའི་ཞི་གནས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་སྟེ་བསམ་གཏན་གྱི་སྒྲིབ་པ་ལྔ་ལས་རྒོད་འགྱོད་བྱིང་རྨུགས་བཞིས་བར་དུ་མི་ཆོད་ཅིང་སྔགས་ཀྱི་ནུས་པ་མྱུ་གུའི་ཚུལ་དུ་གྲུབ་པ་སྟེ་སྐྱེད་རིམ་གྱི་སྒོ་ནས་ལུས་དང་རྩ་དང་སད་པའི་གནས་སྐབས་དག་པ་སྐུ་རྡོ་རྗེ་སྤྲུལ་སྐུའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །གསུམ་པ་སྤྲོ་བསྡུའི་བཟླས་པ་ནི། དེ་ལྟར་རྣམ་པར་རྟོག་པའི་རླུང་རྩུབ་མོར་ལྡང་བ་མེད་པར་ལྷའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གནས་པ་དེ་ཡང་རེ་ཞིག་ཏིང་ངེ་འཛིན་གྱི་མཐུས་རྟོག་པ་བག་ལ་ཉལ་དུ་བྱས་པ་ཡིན་གྱི་ཕྱིས་མི་ལྡང་བར་དག་པ་ནི་མིན་པས་སླར་ཡང་དེ་བག་ལ་ཉལ་ལས་བསླང་སྟེ་རྩ་བ་དྲུངས་འབྱིན་པར་བྱ་དགོས་ལ། རྣམ་པར་རྟོག་པ་དེ་ཡང་ལས་ཀྱི་རླུང་དང་ཐ་དད་པ་མ་ཡིན་ཏེ། དཔལ་རང་བྱུང་ཞབས་ཀྱིས། མདོར་ན་རླུང་ནི་རྟོག་པ་སྟེ། །གཡོ་


KMC013_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲ་དང་གཞན་བསྐྱོད་བྱེད། །ཅེས་སོགས་སེམས་ཀྱི་ངོ་བོ་གཉུག་མ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རླུང་དང་རྣམ་པ་ཀུན་རྟོག་གི་ཚོགས་ལས་ཡང་དག་པའི་རྟོག་པའི་ཚོགས་ནི་གཉེན་པོར་གྱུར་པའི་ཡེ་ཤེས་ཀྱི་རླུང་དང་། ཉོན་ཡིད་ནི་གཏི་མུག་དགྲ་ཅན་གྱི་རླུང་དང་། འདུ་བྱེད་ནི་འདོད་ཆགས་ཟླ་བའི་རླུང་དང་། རྣམ་པར་ཤེས་པ་ནི་ཞེ་སྡང་ཉི་མའི་རླུང་དུ་གསུངས་ནས། མདོར་ན། ཁམས་གསུམ་རླུང་གི་འདུ་བྱེད་ཅེས། །གསུངས་པས་སྐྱོན་དང་ཡོན་ཏན་ཀུན། །རླུང་བརྟེན་དེ་ལྟར་རྟོགས་བྱས་ནས། །རླུང་གི་སྦྱོར་ཤེས་ཕ་རོལ་འགྲོ། །རླུང་གིས་འཁོར་བར་འཁོར་བྱེད་ལ། །དེ་གཅོད་བྱེད་པའང་འགྲུབ་པར་འགྱུར། །ཞེས་གསུངས་ཅིང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། རབ་ཏུ་གདུལ་དཀའ་བའི་སེམས་ཅེས་བྱ་བ་དེ་ནི་རླུང་ལས་གུད་དུ་མ་དམིགས་པའི་ཕྱིར། ཞེས་གསུངས་ཅིང་། མདོར་ན་རྫོགས་རིམ་རླུང་སེམས་གཉིས་མེད་ཅེས་གྲགས་པའི་མཚན་དོན་དང་མཐུན་པར་ཉམས་སུ་ལེན་པ་ཡིན་ལ། དེའི་ཚུལ་མཐའ་དག་འདིར་བསྒྲག་པར་བྱ་བ་མ་ཡིན་མོད་ཀྱང་ཆ་མཐུན་པ་ཙམ་ཞིག་སྐྱེད་རིམ་གྱི་སྒོ་ནས་སྒྲུབ་པ་


KMC013_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེས་ན་ལས་ཀྱི་རླུང་དང་རྟོག་པ་གཉིས་སུ་མེད་པ་དེ་ཉིད་ཐབས་མཁས་པའི་གནད་ཀྱིས་ཏིང་ངེ་འཛིན་དུ་འཆིང་བར་བྱེད་དོ། །དེ་ཡང་སྤྱིར་རླུང་གི་རིས་ཚད་མེད་པའི་བར་དུ་དབྱེ་བསྡུ་འབྱུང་མོད་ཀྱི་རྣམ་ཤེས་དང་ཡེ་ཤེས་ཀྱི་རླུང་མ་ཕྱེ་བར་མདོར་བསྡུས་ན་རྩ་བ་དང་ཡན་ལག་གི་རླུང་རྣམ་པ་བཅུར་འདུ་ལ། དེ་ཡང་བསྡུ་ན་འབྱུང་བ་ལྔའི་རླུང་དུ་འདུ་ལ། དེ་བསྡུས་ན་ཟླ་ཉི་དགྲ་ཅན་གྱི་རླུང་གསུམ་དུ་འདུ་ལ། གཡོན་གྱི་རྩ་རྐྱང་མ་ལ་བསྟེན་ནས་ཟླ་བ་བདུད་བརྩིའི་རླུང་འབྱུང་བ་རྣམས་སྐྱེད་པའི་རིམ་པས་འཆར་ཞིང་། ཕྱིར་སྣོད་ཀྱི་འཇིག་རྟེན་ཆགས་པ་ནས་གནས་པའི་བར་གྱི་ངོ་བོ་དང་། ནང་དུ་ལུས་ཆགས་པ་ནས་རྫོགས་པར་གནས་པའི་བར་དང་། གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྟོང་པ་ལས་སྐྱེད་པ་ནས་སྐྱེད་རིམ་གྱི་བྱ་བ་རྫོགས་པའི་བར་གྱི་ངོ་བོ་སྟེ། ཕྱིར་ཟླ་བ་དང་ནང་དུ་དཀར་ཆའི་རང་བཞིན་ཏེ་མ་དག་པའི་དུས་གཟུང་བ་གཞན་སྣང་གི་ཆ་དང་འདོད་ཆགས་ཀྱི་རྟོག་པ་སྐྱེད་ལ། རྣམ་པར་དག་པ་ན་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྣང་བའི་ཡེ་ཤེས་ཀྱི་ངོ་བོ་མཚམས་གཉིས་ཀྱི་རང་བཞིན་ནོ། །དེ་བཞིན་དུ་གཡས་ཀྱི་རྩ་རོ་མ་ལ་བརྟེན་ནས་ཉི་


KMC013_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མ་དུག་གི་རླུང་འབྱུང་བ་རྣམས་བསྡུད་རིམ་གྱིས་འཆར་ཞིང་ཕྱིར་སྣོད་ཀྱི་འཇིག་རྟེན་འཇིག་པ་དང་། ནང་དུ་ལུས་ཀྱི་ཕུང་ཁམས་སྐྱེ་ཆེད་ཉེ་བར་སྡུད་པ་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་ལུགས་ཟློག་ཏུ་སྡུད་པ་རྫོགས་པའི་རིམ་པའི་ངོ་བོས་ཉེ་བར་གནས་ཅིང་ཕྱིར་ཉི་མ་དང་ནང་དུ་དམར་ཆའི་རང་བཞིན་ཏེ་མ་དག་པའི་དུས་འཛིན་པ་བདག་རྟོག་དང་ཞེ་སྡང་གི་ཆ་སྐྱེད་ལ། རྣམ་པར་དག་པ་ན་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་དང་མཆེད་པའི་ཡེ་ཤེས་དཔེ་བྱད་བརྒྱད་ཅུའི་བདག་ཉིད་དོ། །དེ་བཞིན་དུ་དབུས་སྲོག་ཤིང་སྐུད་པའི་རྩ་ལ་བརྟེན་ནས་དགྲ་གཅན་བཏང་སྙོམས་ཀྱི་རླུང་འབྱུང་བ་སྐྱེད་སྡུད་ཀྱི་བྱ་བ་དང་བྲལ་བ་སྟོང་པའི་ངོ་བོར་འཆར་ཞིང་ཕྱིར་སྣོད་བཅུད་སྐྱེད་པ་དང་སྡུད་པའི་རིམ་པ་རྫོགས་ནས་ནམ་མཁའི་ཁམས་ཙམ་དུ་གནས་པ་དང་ནང་དུ་སེམས་ཅན་སྐྱེ་བ་དང་འཆི་བའི་བྱ་བ་རྫོགས་ཅིང་བར་མ་དོའི་སྲིད་པར་མ་ལངས་པ་ཀུན་གཞིའི་རྣམ་པར་ཤེས་པ་སྒྲིབ་གཡོགས་དང་བྲལ་བ་འོད་གསལ་བ་འབའ་ཞིག་གི་ངོ་བོར་གནས་པ་དང་གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སྐྱེད་པ་དང་རྫོགས་པའི་རིམ་པའི་བྱ་བ་


KMC013_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྟེ་འདུ་མ་བྱས་པའི་སེམས་ཀྱི་དབྱིངས་འབད་རྩོལ་དང་བྲལ་བར་ཞུགས་པའི་ངོ་བོས་གནས་ཅིང་ཕྱིར་དགྲ་གཅན་དང་ནང་དུ་སྲོག་གི་རྩ་རླུང་ཐིག་ལེའི་རང་བཞིན་མ་དག་པའི་དུས་མུན་པ་གཏི་མུག་གི་ཆ་སྐྱེད་ཅིང་དག་པ་ན་ཐུགས་རྡོ་རྗེ་ཆོས་ཉིད་ཀྱི་སྐུ་ཐོབ་པའི་མུན་པ་ལས་འདས་པ་ཉེར་ཐོབ་འོད་གསལ་བའི་བདག་ཉིད་དོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ངོ་བོས་གནས་པའི་རླུང་གི་རང་བཞིན་དེ་ཉིད་བྱང་བར་བྱེད་པ་ལ་ནི་ཐོག་མར་རྩའི་ལམ་ལེགས་པར་བྱང་དགོས་ཏེ་སེམས་ཅན་རྣམས་ཀྱི་སེམས་གཟུང་འཛིན་གྱི་འཇུར་མདུད་སྐད་ཅིག་རེ་རེར་ཡང་གྲངས་མེད་པ་འཆར་བའི་རྟེན་ཅིང་འབྲེལ་འབྱུང་གི་དབང་ལས་མ་དག་པའི་ལུས་ལ་ཡང་རྩ་ཐམས་ཅད་ཐགས་ཐོགས་དང་འཇུར་བུ་དང་མདུད་པ་ཅན་དུ་གནས་ཅིང་དེས་གཉེན་པོའི་རླུང་ཐོགས་མེད་དུ་འཇུག་པ་ལ་གེགས་བྱེད་པས་ན་དེ་རྣམས་བསལ་དགོས་པའི་ཕྱིར་རོ། །དེས་ན་སྐུ་རྡོ་རྗེ་ཟླ་བའི་རླུང་གེགས་མེད་དུ་འཇུག་ཕྱིར་གཡོན་རྐྱང་མའི་ལམ་སྦྱོང་བ་དང་། གསུང་རྡོ་རྗེ་ཉི་མའི་རླུང་གེགས་མེད་དུ་འཇུག་ཕྱིར་གཡས་རོ་མའི་ལམ་སྦྱོང་བ་དང་། ཐུགས་རྡོ་རྗེ་དབུ་མའི་རླུང་གེགས་མེད་དུ་


KMC013_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཕྱིར་དབུ་མ་ནས་དྲང་བ་སྟེ་གསུམ་ཡིན་ལ། དེ་རེ་རེ་ལ་ཡང་རྩ་སྒོའི་དབང་གིས་སྟེང་ནས་སྤྲོ་ཞིང་སྟེང་དུ་སྡུད་པ་དང་། སྟེང་ནས་སྤྲོ་ཞིང་འོག་ཏུ་སྡུད་པ་དང་། འོག་ནས་སྤྲོ་ཞིང་སྟེང་དུ་སྡུད་པ་དང་། འོག་ནས་སྤྲོ་ཞིང་འོག་ནས་སྡུད་པ་སྟེ་བཞི་ཚན་རེ་རེར་འགྱུར་བས་བཅུ་གཉིས་དང་། དེ་ལ་ཡང་དང་པོར་འོད་དཀར་པོའི་སྤྲོ་བསྡུ་དང་། ཅུང་ཟད་བརྟན་པ་དཀར་དམར་གྱི་སྤྲོ་བསྡུ་དང་། ཆེར་བརྟན་པ་འོད་དམར་པོའི་སྤྲོ་བསྡུ་དང་། ཤིན་ཏུ་བརྟན་པ་སྔགས་ཀྱི་སྤྲོ་བསྡུ་སྟེ་གནས་སྐབས་བཞིར་འགྱུར་བ་བསྡོམས་ན་དམིགས་པ་ཞེ་བརྒྱད་དུ་འགྱུར་བ་ཡིན་ནོ། །ད་ནི་དེ་དག་གི་ཇི་ལྟར་དམིགས་པ་ཉིད་བརྗོད་པར་བྱ་སྟེ། དང་པོར་རེ་ཞིག་དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའི་ཧྲཱིཿཡིག་གི་མཐར་བཻ་རོ་ཙ་ནཱིའི་སྔགས་ཕྲེང་སྦྲུལ་འཁྱིལ་བ་ལྟ་བུས་གནས་པ་དེ་ཉིད་་གྱིས་མགོ་བྱས་ཏེ་ཧྲཱིཿལ་སྐོར་བ་བྱེད་པའི་ཚུལ་དུ་གཡོན་སྐོར་དུ་ཅུང་ཟད་འགྲོ་བ་ལ་དམིགས་པར་བྱའོ། །དེ་ནས་ཇེ་མགྱོགས་སུ་འགྲོ་བས་འཁོར་ལོ་རླུང་གིས་འཁོར་བའི་ཚུལ་དུ་འགྲོ་བར་ལྟའོ། །མཐར་ནི་མགལ་མེའི་འཁོར་ལོ་ལྟར་ཆེས་མགྱོགས་པར་འགྲོ་བ་མི་མངོན་པ་ཙམ་དུ་


KMC013_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་དམིགས་ཅིང་བཟླའོ། །དེ་ལ་ལེགས་པར་གོམས་པས་དྲོད་དང་དུ་བ་ལ་སོགས་པའི་མཚན་མ་བརྙེད་པ་ན་ཡིག་འབྲུ་དེ་རྣམས་ལས་འོད་ཟེར་དཀར་པོ་སྤོོས་རིང་ལས་དུ་བ་འབྱུང་བའི་ཚུལ་དུ་དཀར་ཐོལ་ཐོལ་བྱུང་ཞིང་སོར་གཉིས་ཀྱིས་མ་རེག་ཙམ་པའི་སྟེང་གི་ནམ་མཁར་གཡོན་དུ་འཁོར་ཞིང་ཕན་ཚུན་གཅིག་ལ་གཅིག་འབྲེལ་བས་འོད་སྐོར་དཀར་པོ་དངུལ་གྱི་ཨ་ལོང་སྲུབས་མེད་པ་ལྟ་བུར་གྱུར་ཏེ་གཡོན་དུ་དྲག་ཏུ་འཁོར་བ་ནི་གང་ལས་འོད་སྐུད་འཕྲོ་བའི་གཞི་སྟེ་གཞིའི་རླུང་སེམས་གཉིས་སུ་མེད་པའི་རྩལ་སྣང་མ་འགགས་པ་རྣམ་པ་རྟེན་ཅིང་འབྲེལ་འབྱུང་གི་ངོ་བོ་ཉིད་སྒྲིབ་པ་དང་བཅས་པའི་ཕྱིར་རང་བཞིན་མི་གསལ་བས་འོད་སྐོར་གྱི་ཚུལ་དུ་སྣང་བའོ། །དེ་ནས་དང་པོར་སྐྱེ་བའི་རྣམ་པར་རྟོག་པ་དང་གཡོན་གྱི་ལམ་སྦྱོང་བའི་ཕྱིར་འོད་སྐོར་དེའི་གཡོན་ངོས་ནས་སྐུ་རྡོ་རྗེ་ཟླ་བ་ཐབས་ཀྱི་རླུང་སེམས་ཀྱི་བདག་ཉིད་རྣམ་པ་འོད་ཀྱི་སྐུད་པ་དཀར་ཞིང་ཕྲ་བ་ཐུར་དུ་ལྷུང་སྟེ་ཆོས་འབྱུང་གི་འོག་ནས་རྐྱང་མའི་མར་སྣར་ཞུགས་ཏེ་གུག་མཚམས་ནས་མདའ་འཕང་བའམ་བུང་བ་འཕུར་བ་ལྟར་གྱེན་དུ་ཐལ་གྱིས་བྱུང་སྟེ་སླར་རྐྱང་མའི་ཡར་སྣ་


KMC013_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྣ་བུག་གཡོན་ནས་ཐོན། སྨིན་མཚམས་ཀྱི་ཐད་སོར་བཅུ་དྲུག་གི་སར་ཐིག་ལེ་བདེ་བའི་ངོ་བོ་དགའ་བ་འཁྱིལ་བ་དཀར་པོ་ཡོལ་ཐབས་སུ་གནས་པར་འགྱུར་ཏེ། གཡོན་དུ་དྲག་ཏུ་འཁོར་བས་ཅི་ཞིག་ན་དེ་ལས་རླུང་སེམས་བདེ་བའི་བདག་ཉིད་འོད་ཟེར་གྱི་ཚོགས་འཕྲོས་པས་སྣོད་བཅུད་ཐམས་ཅད་གང་། སེམས་ཅན་ཐམས་ཅད་ཀྱི་གཟུང་བ་གཞན་དུ་རྟོག་པ་དང་ལུས་སྣང་དང་སྣོད་བཅུད་སྐྱེ་བའི་རྣམ་རྟོག་ཉོན་མོངས་པ་འདོད་ཆགས་དང་བཅས་པ་དག་པར་བྱས་ཏེ་བཅོམ་ལྡན་འདས་མའི་སྐུ་རྡོ་རྗེ་སྤྲུལ་སྐུའི་ངོ་བོར་བཀོད། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་སྤྲུལ་སྐུའི་ངོ་བོ་དང་སྣོད་བཅུད་སྐུ་བཅོམ་ལྡན་འདས་མའི་ཚོགས་ཐམས་ཅད་ཀྱང་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་དགའ་འཁྱིལ་ལ་ཐིམ་པས་བདེ་བ་ཆེན་པོ་བཟོད་མེད་ཀྱི་ཤུགས་ཀྱིས་དྲག་ཏུ་འཁོར་ཏེ་སླར་འོད་སྐུད་ཀྱི་རྣམ་པར་ཞུ་བས་སྣ་གཡོན་ནས་ཞུགས། རྐྱང་མའི་ནང་བརྒྱུད་དེ་འོད་སྐོར་རམ་སྔགས་ཕྲེང་དང་ས་བོན་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་བཟོད་མེད་དུ་སྐྱེད་ཅིང་བཟླ་བ་ནི་སྟེང་སྤྲོ་སྟེང་དུ་བསྡུ་བ་ཡིན་ལ། དེ་བཞིན་དུ་དགའ་འཁྱིལ་ཞུ་བའི་འོད་སྐུད་ཐུར་དུ་


KMC013_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་སྟེ་གསང་བའི་སྒོ་ནས་ཞུགས་དབུ་མའི་མར་སྣ་ནས་བྱུང་སྟེ་སྔགས་ཕྲེང་ལ་བསྟིམ་པ་ནི་སྟེང་སྤྲོ་འོག་ཏུ་སྡུད་པའོ། །དེ་བཞིན་དུ་འོད་སྐོར་ལས་འོད་སྐུད་ལྷུང་བ་ན་དབུ་མའི་མར་སྣ་ནས་ཐོན་གསང་བའི་སྒོ་ནས་ཕྱིར་ཕྱུང་སྟེ་གསང་བའི་ཐད་ཀྱི་མདུན་གྱི་སོར་བཅུ་དྲུག་གི་ནམ་མཁར་དགའ་འཁྱིལ་དཀར་པོ་གདན་ཐབས་སུ་གྱུར་ཏེ་གཡོན་དུ་འཁོར་ཞིང་སྣོད་བཅུད་སྦྱོང་བ་དང་དག་པ་སྡུད་པ་སྔར་བཞིན་ལས་འོད་སྐུད་དུ་གྱུར་ཚེ་རྐྱང་མའི་ཡར་སྣ་ནས་སྡུད་ཐིམ་བྱེད་པ་འོག་སྤྲོ་སྟེང་སྡུད་དང་། གཞན་འདྲ་བ་ལས་ནང་དུ་བསྡུ་བ་ན་ཉེ་གནས་ཀྱི་སྒོ་ནས་ལོག་སྟེ་དབུ་མའི་མར་སྣེ་ནས་ཞུགས་ཏེ་བསྟིམ་པས་འོག་སྤྲོ་འོག་སྡུད་ཅེས་བྱ་སྟེ་གཡོན་ལམ་སྦྱང་བའི་དམིགས་པ་བཞིའོ། །དེ་ནས་གཡས་ཀྱི་ལམ་སྦྱོང་བའི་ཕྱིར་འོད་སྐོར་གྱི་གཡས་ངོས་ནས་གསུང་རྡོ་རྗེ་ཉི་མ་ཤེས་རབ་ཀྱི་རླུང་སེམས་ཀྱི་བདག་ཉིད་ཀྱི་འོད་སྐུད་སྔར་ལྟར་ལྷུང་སྟེ་རོ་མའི་ནང་བརྒྱུད་དེ་ཡར་སྣ་ནས་ཐོན་ཞིང་སྨིན་མཚམས་ཀྱི་ནམ་མཁར་ཐིག་ལེ་བདེ་བའི་ངོ་བོ་དགའ་འཁྱིལ་དུ་གྱུར་པས་འཁོར་ཞིང་རླུང་སེམས་བདེ་བའི་བདག་ཉིད་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་ཐམས་


KMC013_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་འཛིན་པ་བདག་རྟོག་དང་དག་སྣང་དང་སྡུད་རིམ་གྱི་རྣམ་རྟོག་ཞེ་སྡང་དང་བཅས་པ་སྦྱངས་ཏེ་གསུང་རྡོ་རྗེ་ལོངས་སྐུའི་ངོ་བོར་བཀོད། འཁོར་འདས་ཐམས་ཅད་གསུང་བཅོམ་ལྡན་འདས་མའི་ངོ་བོར་དག་པ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམ་པ་ནི་སྟེང་སྤྲོ་སྟེང་དུ་སྡུད་པ་སྟེ་མདོར་ན་སྔ་མ་ལྟར་རྣམ་པ་བཞིའོ། །དེ་ནས་དབུས་ལམ་སྦྱང་བའི་ཕྱིར་འོད་སྐོར་གྱི་ཆ་ཐམས་ཅད་ནས་ཐུགས་རྡོ་རྗེ་དགྲ་གཅན་གྱི་རླུང་སེམས་ཀྱི་བདག་ཉིད་ཀྱི་འོད་སྐུད་བྱུང་སྟེ་འོད་ཀྱི་རྩེ་མོ་རྣམས་དབུས་སུ་དྲིལ་བས་ཕྲ་ཞིང་དངས་པའི་འོད་སྐུད་དུ་གྱུར་ཏེ་དབུ་མའི་ཡངས་ས་ལ་རིམ་པས་གྱེན་དུ་འཁོར་བ་བྱ་མཁར་རྩེག་པ་ལྟ་བུ་དང་ཕྲ་ས་ལ་སྐར་མདའ་འཕངས་པ་ལྟར་བྱུང་སྟེ་ལྟེ་བར་ལས་ཀྱི་མཁའ་འགྲོ་མའི་གསང་གནས་ཞུགས་སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ས་ཡིག་ལ་གཡོན་དུ་ལན་གསུམ་བསྐོར་བས་ལྟེ་བའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དམ་བསྐོངས་བདེ་སྟོང་བཟོད་མེད་དུ་འབར་ཏེ་མཉེས་པས་ཐམས་ཅད་ཀྱང་སྔགས་ཀྱི་རང་སྒྲ་འབྲུག་ལྟར་སྒྲོག་པས་བདག་གཞན་སེམས་ཅན་ཐམས་ཅད་ལ་ཅིག་ཆར་བྱིན་གྱིས་རློབ་པར་གྱུར། སླར་


KMC013_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འོད་སྐུད་དེའི་སྤྱི་བོ་ནས་ཐོན་ཏེ་སྙིང་ག་མགྲིན་པ་སྤྱི་བོའི་ལྷ་ལ་ཡང་སྔར་ཇི་ལྟ་བས་མཉེས་པར་བྱས་ཏེ་ཐམས་ཅད་བདེ་སྟོང་དུ་སྦར། དབུ་མའི་ཡར་སྣ་ནས་སོང་སྟེ་བླ་མའི་སྐུ་ལ་གཡོན་དུ་ལན་གསུམ་བསྐོར་བས་དམ་ཚིག་ཉམས་ཆག་དང་བདེ་སྟོང་གི་ཡེ་ཤེས་ཀྱིས་མཉེས་ཏེ་བྱིན་གྱིས་རློབ་པའི་གཟི་འོད་ཚད་མེད་དུ་འབར། སླར་རྡོ་རྗེ་ཕྱེད་པའི་རྩེ་མོ་ནས་ཐོན་ཏེ་སྨིན་མཚམས་སུ་ཐིག་ལེ་བདེ་བའི་བདག་ཉིད་དགའ་འཁྱིལ་དུ་གྱུར་ཏེ་ཆེར་འཁོར། རླུང་སེམས་བདེ་བའི་རང་བཞིན་གྱི་འོད་ཟེར་སྤྲོས་པས་སེམས་ཅན་ཐམས་ཅད་ཀྱི་ལྷན་སྐྱེས་ཀྱི་མ་རིག་པ་མུན་པའི་ཆ་དང་སེམས་སྣང་རང་ཞིག་པ་དང་སྟོང་པ་དང་མེད་པ་ལ་སོགས་པ་ཆད་པར་འཛིན་པའི་རྟོག་པ་དང་གཏི་མུག་དག་པར་བྱས་ཏེ་འཁོར་འདས་ཐམས་ཅད་ཐུགས་བཅོམ་ལྡན་འདས་མའི་ངོ་བོར་དག་པ་འོད་ཀྱི་རྣམ་པས་སྤྱན་དྲངས་ཏེ་དགའ་འཁྱིལ་ལ་ཐིམ་པས་བདེ་བའི་ངོ་བོར་བཟོད་མེད་དུ་འཁོར་ཏེ་འོད་སྐུད་དུ་ཞུ་བ་སྤྱི་བོའི་རྡོ་རྗེ་ཕྱེད་པའི་རྩེ་ནས་ཞུགས་ཏེ་བླ་མའི་སྐུ་ལ་གཡོན་དུ་ལན་གསུམ་བསྐོར་བས་བདེ་ཆེན་གྱིས་མཉེས་ཅིང་བླ་མ་གཙོ་འཁོར་ཐམས་ཅད་སྔགས་ཀྱི་སྒྲ་འུར་


KMC013_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རུ་རུ་སྒྲོག་པས་བདག་དང་སྣང་བ་ཐམས་ཅད་བཟོད་མེད་དུ་བྱིན་གྱིས་བརླབས། འོད་སྐུད་རྡོ་རྗེ་མཁའ་འགྲོ་མའི་སྤྱི་བོ་ནས་ཞུགས་ཐུགས་ཀའི་ཧ་ཡིག་ལ་གཡོན་དུ་ལན་གསུམ་བསྐོར་བས་གཙོ་འཁོར་ཐམས་ཅད་སྔགས་ཀྱི་སྒྲ་འུ་རུ་རུ་སྒྲོག་ཞིང་བདག་དང་སྣང་བ་ཐམས་ཅད་བཟོད་མེད་དུ་བྱིན་གྱིས་བརླབས། ཞེ་སྡང་དང་རྣམ་ཤེས་ཀྱི་ཕུང་པོ་དག་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་མཁའ་འགྲོ་མའི་གོ་འཕང་མངོན་དུ་བྱས་པ་ངའོ་ཞེས་ང་རྒྱལ་བྱ་ཞིང་བདེ་སྟོང་གི་ཉམས་བྱུང་རྒྱལ་དུ་སྐྱང་ངོ་། །དེ་བཞིན་དུ་མགྲིན་པར་ང་རྒྱལ་དང་ཚོར་བ་དག་སྟེ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་མཁའ་འགྲོའི་གོ་འཕང་ཐོབ། སྙིང་གར་འདོད་ཆགས་དང་འདུ་ཤེས་དག་སྟེ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་པདྨ་མཁའ་འགྲོའི་གོ་འཕང་ཐོབ། ལྟེ་བར་ཕྲག་དོག་དང་འདུ་བྱེད་དག་སྟེ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ལས་ཀྱི་མཁའ་འགྲོའི་གོ་འཕང་ཐོབ། མཐར་ས་བོན་དང་སྔགས་ཕྲེང་ལ་ཐིམ་པས་གཏི་མུག་དང་གཟུགས་ཕུང་དག་སྟེ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་བཅོམ་ལྡན་འདས་མའི་གོ་འཕང་མངོན་དུ་བྱས་པར་རྩེ་གཅིག་ཏུ་བལྟ་ཞིང་མི་སྡོད་པ་གསུམ་


KMC013_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དྲག་ཏུ་བསྐུལ་བ་ནི་སྟེང་སྤྲོ་སྟེང་དུ་བསྡུ་བ་ཡིན་ལ་དེ་བཞིན་དུ་རྣམ་པ་བཞིའོ། །མདོར་ན་དམིགས་པ་བཅུ་གཉིས་སུ་ཕྱེ་མོད་ཀྱང་སྟེང་སྤྲོ་འོག་སྡུད་གསུམ་གྱི་སྟེང་ནས་སྤྲོ་བ་འབའ་ཞིག་ཐ་དད་ཀྱི་འོག་ནས་བསྡུ་བ་གསུམ་ལ་ཁྱད་པར་མེད་དོ། །འོག་སྤྲོ་སྟེང་སྡུད་གསུམ་གྱི་ཡང་སྟེང་དུ་སྡུད་ཚུལ་འབའ་ཞིག་ཐ་དད་ཀྱི་འོག་ནས་སྤྲོ་ཚུལ་གསུམ་ལ་ཁྱད་པར་མེད་དོ། །འོག་སྤྲོ་འོག་སྡུད་གསུམ་ནི་འོད་སྐོར་ལས་འོད་སྐུད་གཡོན་ཕྱོགས་ནས་འབྱུང་བ་དང་གཡས་ཕྱོགས་ནས་ཐོན་པ་དང་ཆ་མཉམ་དུ་འཐོན་པ་ཙམ་མ་གཏོགས་ཁྱད་པར་མེད་པའི་ཕྱིར་སྟེང་གི་སྤྲོ་བསྡུ་ཁོ་ན་དམིགས་པ་ཐ་དད་པར་ཤེས་པར་བྱའོ། །ཟིན་བྲིས་རྣམས་ལས་འདིའི་རྣམ་དག་རྣམས་མ་བྱུང་མོད་ཀྱང་འདི་ལྟར་གནས་པའི་ཚུལ་ནི་བསྒོམས་པ་ལས་ཤེས་པར་འགྱུར་ལ། ཟིན་བྲིས་རྣམས་སུ་སྟེང་ནས་སྡུད་པ་རྣམས་འོད་སྐོར་ལ་ཐིམ་པ་དང་འོག་ནས་སྡུད་པ་རྣམས་སྔགས་ཕྲེང་ལ་ཐིམ་པར་བཤད་ཀྱང་དམིགས་པ་སྒོམ་པའི་ཚེ་ཅུང་ཟད་མ་བདེ་བར་བྱུང་སྟེ་འདིར་བསྟིམ་པའི་དགོས་པ་ནི་བྱིན་རླབས་སྡུད་པ་སྦྱང་གཞི་དག་པར་བྱེད་པ་ཡིན་ལ། འོད་སྐོར་ནི་འོད་སྤྲོ་བའི་གཞིར་


KMC013_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པ་ཙམ་ཡིན་གྱི་གང་ལ་བྱིན་གྱིས་བརླབ་པར་བྱ་བའི་གཞི་ནི་དོན་ཀུན་སྒྲུབ་བྱེད་ཀྱི་ས་བོན་རྣམས་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟར་འབད་པས་དངོས་ཉམས་རྨི་ལམ་ལ་སོགས་པའི་མཚན་མ་ཆེར་བརྙེད་ཅིང་རྣམ་རྟོག་གི་གཞོན་པའི་རླུང་གི་ཆིངས་ཅིང་ཐིག་ལེ་བརྟན་པས་བདེ་སྟོང་གི་ཉམས་མྱོང་བཟོད་མེད་དུ་འཆར་བ་དང་ཏིང་ངེ་འཛིན་ལས་སུ་རུང་བ་ནི་བཟླས་རིམ་འདིའི་སྐབས་དོན་གྲུབ་པ་ཡིན་ལ། མཚན་མ་དེ་རྣམས་ཅུང་ཟད་བརྙེད་པ་ནས་རླུང་སེམས་དེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཅུང་ཟད་བྱིན་གྱིས་བརླབས་པའི་ཕྱིར་འོད་དེ་རྣམས་ཐམས་ཅད་དཀར་ལ་དམར་བའི་མདངས་ཆགས་པར་བསྒྱུར་ཏེ་སྒོམ་ལ། བརྟན་པ་ཆེར་ཐོབ་པ་ན་ཕལ་ཆེར་བྱིན་གྱིས་བརླབས་པའི་ཕྱིར་འོད་དམར་ཞིང་གསལ་བ་མེའི་རེག་བྱ་ལྟ་བུར་བསྒྱུར་བར་བྱ་ལ། ཤིན་ཏུ་བརྟན་པ་ན་གཞིའི་རླུང་སེམས་རྣམ་པར་དག་སྟེ་བཅོམ་ལྡན་འདས་མའི་གསུང་རྡོ་རྗེའི་ངོ་བོར་གནས་གྱུར་པའི་ཕྱིར་འོད་ཀྱི་ཚབ་ཏུ་སྔགས་ཉིད་སྤྲོ་སྟེ་འོད་སྐོར་གྱི་གནས་སུ་སྔགས་ཀྱི་ཡིག་འབྲུ་དམར་གསལ་ཚ་བའི་བདག་ཉིད་ཀྱི་ཕྲེང་བ་གཡོན་དུ་འཁོར་བ་དང་འོད་སྐུད་ཀྱི་


KMC013_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་ཏུ་སྔགས་ཕྲེང་སྤྲོ་སྟེ། དེ་ཡང་སྔགས་ཕྲེང་སྤྱིའི་སྤྲོ་བསྡུ་ལ་རྗེ་མར་རྔོག་གི་བཞེད་པས་སྔགས་ཀྱི་མཐའ་རྟེན་མདེའུའི་ཚུལ་དང་མགོ་འདྲེན་སྟོང་གི་ཚུལ་གྱིས་ཐོགས་མེད་དུ་ཕྱིར་འགྲོ་ཞིང་ནང་དུ་འཇུག་པ་ནི་མདའི་ཤུགས་ལྟ་བུ་དང་། མགོ་འདྲེན་ནས་མཐའ་རྟེན་གྱི་བར་སྒོར་མོར་གནས་པ་ལ་སྔགས་ཕྲེང་གཉིས་པ་གཞན་དེའི་ནང་དུ་ཞུགས་པ་ལྕགས་ཐག་ལྟ་བུའི་ཚུལ་གྱིས་སྦྲེལ་བ་སོགས་རྒྱུན་མི་འཆད་པར་བྱས་ཏེ་འབྱུང་འཇུག་བྱེད་པ་ནི་ལུ་གུ་རྒྱུད་ལྟ་བུ་དང་། མདའི་ཤུགས་ལྟ་བུའི་སྔགས་ཕྲེང་མང་པོ་ལྷན་ཅིག་ཏུ་སྤུངས་ཏེ་འབྱུང་འཇུག་བྱེད་པ་ནི་རྨ་བྱ་སྦམས་པ་ལྟ་བུ་དང་། དེ་ཉིད་དམ་ལུ་གུ་རྒྱུད་ལྟ་བུ་མང་པོ་སྒྲིལ་བའི་ཚུལ་གྱིས་འབྱུང་འཇུག་བྱེད་པ་ནི་ལྕགས་སྒྲོག་སྒྲིལ་བ་ལྟ་བུ་ཞེས་བཞེད་པས་དེ་དག་གང་མོས་པས་སྤྲོས་ཏེ་ཕྱིའི་དགའ་འཁྱིལ་དུ་གྱུར་པ་ན་ནི་སྔགས་ཚར་བཞི་ལས་གྲུབ་པའི་དགའ་འཁྱིལ་ལམ་སྔགས་ཚར་གཉིས་ལས་གྲུབ་པའི་དགའ་འཁྱིལ་དུ་བྱས་ཏེ་དེ་བཞིན་དུ་སྔགས་ཀྱི་ཚོགས་བྱེ་མ་འཐོར་བ་ལྟར་སྤྲོས་ཏེ་འཁོར་འདས་ཐམས་ཅད་ཀྱང་སྔགས་ཀྱི་ཡིག་འབྲུའི་རྣམ་པས་སྡུད་པ་ནི་ཁྱད་པར་ཏེ་གཞན་ནི་སྔ་མ་ཉིད་


KMC013_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྟོགས་སོ། །སྤྲོ་བསྡུའི་བཟླས་པ་འདིས་ནི་རྩ་དང་རླུང་བྱང་བར་བྱེད་ཅིང་རྩ་གསུམ་གྱི་རླུང་འབྱུང་འཇུག་གནས་གསུམ་སྐུ་གསུང་ཐུགས་ཀྱི་སྔགས་ཀྱི་ངོ་བོར་འཆད་པའི་ཕྱིར་སྲོག་རྩོལ་གྱི་རིམ་པ་ཡིན་ལ། དགའ་འཁྱིལ་གྱི་སྒོམ་པས་ཐིག་ལེ་བརྟན་པར་བྱེད་པ་ནི་འཛིན་པའི་ངོ་བོར་གནས་ཅིང་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་རྣམས་གསལ་ཞིང་རྣོ་བའི་ཕྱིར་དབང་པོ་ལྔ་ཡིན་ལ། རྣམ་པར་རྟོག་པས་བར་དུ་མི་ཆོད་ལ་སྔགས་ཀྱི་ནུས་པ་ཡལ་འདབ་ཀྱི་ཚུལ་དུ་གྲུབ་པ་སྟེ་སྐྱེད་རིམ་གྱི་སྒོ་ནས་ངག་དང་རླུང་དང་རྨི་ལམ་དག་པ་གསུང་རྡོ་རྗེ་ལོངས་སྐུའི་རྟེན་འབྲེལ་འགྲིག་པ་དང་ཕྲ་མོའི་རྣལ་འབྱོར་གྲུབ་པ་ཡིན་ནོ། །བཞི་པ་རྡོ་རྗེའི་བཟླས་པ་ནི། དེ་ལྟར་རླུང་ལས་སུ་རུང་ནས་བརྟན་པ་ཐོབ་པར་བྱ་བའི་ཕྱིར་རླུང་བུམ་ཅན་གྱི་སྒོ་ནས་རྗེས་སུ་ཆགས་པ་ཐིག་ལེའི་རྣལ་འབྱོར་བྱ་སྟེ་རླུང་རོ་ཅི་རིགས་པར་བསལ་བ་སྔོན་དུ་འགྲོ་བས་སོར་བཅུ་དྲུག་གི་ས་ནས་འཇམ་པོ་སྒྲ་མེད་དུ་བརྔུབས་ཏེ་ལྟེ་འོག་ཏུ་དགང་ཞིང་རོ་རྐྱང་གི་ལམ་ནས་དབུ་མར་གཞིལ་བའི་རྐྱེན་གྱིས་ས་བོན་གྱི་མཐའི་སྔགས་ཕྲེང་གཡོན་དུ་


KMC013_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པར་འཁོར་བ་ལ་རྩེ་གཅིག་ཏུ་དམིགས་ཏེ་རླུང་མི་ཐུབ་པའི་ཚེ་ཕྱི་རོལ་དུ་སྒྲ་མེད་འཇམ་རིང་དུ་དབྱུང་ཞིང་དེའི་ཚེ་ཁྱད་པར་སྔགས་ཕྲེང་དྲག་ཏུ་བསྐོར་བར་བྱའོ། །དེ་ལྟར་དབུགས་ཁུག་ཕལ་པས་བར་མ་ཆོད་པའི་བུམ་ཅན་བདུན་དང་དེ་ནས་སྤྲོ་བསྡུའི་བཟླས་པ་སྔ་མ་རྣམས་ལྟར་འོད་སྐོར་དཀར་པོ་སྤྲོས་ཏེ། དེ་ཡང་སྔགས་ཕྲེང་འཁོར་བ་དང་དུས་མཉམ་དུ་གཡོན་དུ་འཁོར་བ་ལ་བུམ་ཅན་བདུན་དང་། དེ་ནས་ཁུང་དྲུག་གི་དགའ་འཁྱིལ་རྣམས་བདེ་བའི་ངོ་བོས་རང་སར་གཡོན་དུ་འཁོར་བ་ལ་བདུན་དང་། མཐར་པད་ཉི་མ་གཏོགས་པའི་ཆོས་འབྱུང་ཁ་སྦྱར་ཡང་གཡོན་དུ་མེ་སྟག་ཏུ་ཕྲ་ཕྲ་འཁོར་ཞིང་ཁུང་སོ་སོར་དགའ་འཁྱིལ་རྣམས་དེ་བས་མགྱོགས་པས་བདེ་བ་བཟོད་མེད་དུ་ཞུ་བ་ཙམ་དུ་འཁོར་ཞིང་དེ་ལས་སྔགས་ཕྲེང་དྲག་པར་འཁོར་ཞིང་དེ་བས་ཀྱང་སྟེང་གི་འོད་སྐོར་དྲག་པོར་འཁོར་བ་ལ་དམིགས་ནས་བུམ་ཅན་བདུན་འཛིན་པ་སྟེ་བུམ་ཅན་ཉེར་བརྒྱད་ཀྱིས་རྡོ་རྗེའི་བཟླས་པ་ཚར་རེ་རེ་བྱེད་དོ། །ཡང་སྔ་མའི་རིམ་པས་བུམ་ཅན་བདུན་ཚན་དང་པོ་ནས་བརྩམས་པའི་རིམ་པས་སྒོམ་པ་སྟེ་བཟླས་རིམ་འདི་ལ་ངག་གིས་བཟླ་བར་མ་ནུས་ཀྱང་


KMC013_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཕྲེང་འཁོར་བ་དང་རླུང་དབུ་མར་བཅུག་པ་འདི་ཁོ་ན་བཟླས་པའི་ངོ་བོ་ཡིན་ལ། སྤྱིར་ནི་བཟླས་རིམ་དང་པོ་གཉིས་ལ་ཤུབ་བུའི་བཟླས་པ་དང་། སྤྲོ་བསྡུ་དང་རྡོར་བཟླས་གཉིས་ལ་ལྕེ་རྩེ་གཡོ་བའི་བཟླས་པ་བྱེད་པའང་ཡིན་ནོ། །དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས་བརྡའི་རྡོ་རྗེ་རྣལ་འབྱོར་མ་ཕྲིན་ལས་ཀྱི་སྐུ་འབར་བའི་ངོ་བོར་བཞེངས་ནས་དྲོད་དང་ཡབ་འཁོར་ལོ་སྡོམ་པའི་བདེ་ཆེན་ཞུ་བའི་ངོ་བོར་བཞེངས་པས་བདེ་བ་ཚད་མེད་པ་སྐྱེ་ལ། བདེ་སྟོང་གི་ཡེ་ཤེས་དེས་རྣམ་པར་རྟོག་པའི་བག་ཆགས་སྦྱོང་བའི་ཕྱིར་ཤེས་རབ་ཀྱི་བདེ་བ་རྗེས་སུ་དྲན་པའི་ཡན་ལག་ཡིན་ལ། གཟུང་འཛིན་གྱི་རྟོག་པ་འཇོམས་པའི་ཕྱིར་རྡོ་རྗེའི་བཟླས་པ་ཅེས་གསུངས་པ་སྟེ། དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་དང་མན་ངག་སྤྱིའི་ལུགས་ཀྱི་རྡོ་རྗེའི་བཟླས་པའི་སྐབས་དོན་ནི་གོང་གི་བཟླས་རིམ་གསུམ་པས་གྲུབ་པ་ཡིན་ལ། འདིར་ནི་སྔགས་ཕྲེང་དང་འོད་སྐོར་གཉིས་དམ་ཚིག་གི་ཐབས་ཤེས་སུ་གནས་ལ། ཆོས་འབྱུང་དང་དགའ་འཁྱིལ་ཐབས་ཤེས་སུ་གནས་པས་འབར་ཞུའི་ཕྲིན་ལས་རྣམ་པ་གཞན་དུ་བསྒྱུར་ནས་མི་གསལ་བའི་ངོ་བོས་


KMC013_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཆགས་ཀྱི་རྣལ་འབྱོར་སྒོམ་པ་ཡིན་ནོ། །མདོར་ན་དབང་པོ་ལྔ་མཐུ་བརྟས་པའི་ཕྱིར་སྟོབས་ལྔ་ཡིན་ལ། དྲོད་དང་བདེ་བ་དང་མི་རྟོག་པ་སྐྱེས་ཅིང་བདེ་སྟོང་གི་ཡེ་ཤེས་བརྟན་པས་ཉོན་མོངས་པ་རྣམས་ཀྱིས་རང་རང་གི་ལས་བྱེད་པར་མི་ནུས་པར་ཡེ་ཤེས་ཀྱི་བུད་ཤིང་དུ་འགྱུར་བ་ནི་བཟླས་རིམ་འདིའི་སྐབས་དོན་གྲུབ་པ་ཡིན་ལ། ཉོན་མོངས་པ་ལས་རྒྱལ་ཞིང་སྔགས་ཀྱི་ནུས་པ་མེ་ཏོག་གི་ཚུལ་དུ་གྲུབ་པ་སྟེ་སྐྱེད་རིམ་གྱི་སྒོ་ནས་ཡིད་དང་ཐིག་ལེ་དང་ཆགས་པའི་གནས་སྐབས་དག་པ་ཐུགས་རྡོ་རྗེ་ཆོས་སྐུའི་རྟེན་འབྲེལ་འགྲིག་པ་ཡིན་ཏེ། བཟླས་རིམ་འདི་བཞིས་བདེ་ཆེན་རླུང་སེམས་གཉིས་མེད་ཀྱི་གཏུམ་མོའི་རྣལ་འབྱོར་དང་སྐྱེད་རིམ་གྱི་སྒོམ་པ་རང་བཞིན་གཅིག་པའི་ཚུལ་དུ་སྒོམ་པ་ཡིན་ནོ། །ལྔ་པ་འགོག་བཟླས་ཆེན་པོ་ནི། ཞལ་གདམས་ལས། དེ་ལྟར་ལྷའི་རྣལ་འབྱོར་ཤིན་ཏུ་གསལ་བར་བསྒོམས་ལ། འོག་རླུང་དྲང་ཞིང་ལུས་སྒུལ་བསྐྱོད་དྲག་ཏུ་བྱ་བ་ནི་ཕྱི་སྐུའི་སྲོག་དབང་དུ་བསྡུ་བའོ། །བཟླས་པའི་སྔགས་གསལ་ཞིང་གཏམ་གྱིས་བར་མ་ཆོད་པར་བཟླ་བ་ནི་གསང་བ་གསུང་གི་སྲོག་དབང་དུ་བསྡུ་བའོ། །སེམས་རྣམ་པར་མི་རྟོག་པ་


KMC013_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ནི་ནང་ཐུགས་ཀྱི་སྲོག་དབང་དུ་བསྡུ་བའོ། །དེ་ལྟར་མཁའ་འགྲོ་མའི་སྲོག་གསུམ་དབང་དུ་བསྡུ་ཞིང་མི་སྡོད་པ་གསུམ་གྱིས་བསྐུལ་བར་བྱའོ། །ཞེས་གསུངས་པའི་བཟླས་པ་དངོས་ཏེ། དེ་ཡང་འོག་རླུང་བདེ་བར་རང་བཞིན་དྲག་ཏུ་ཐེན་ཏེ་སྟེང་རླུང་དྲོད་ཀྱི་རང་བཞིན་རྔུབ་པའི་སྦྱོར་བ་ལ་མ་ལྟོས་པར་ལྟེ་འོག་ཏུ་མནན་པས་རྩ་གསུམ་འདུས་མདོ་ཁ་སྦྱར་ཏེ་དབུ་མའི་སྒོ་དབྱེ་བའི་ཕྱིར་ལུས་བསྒུལ་བསྐྱོད་དྲག་ཏུ་བྱེད་པ་ནི་མཁའ་འགྲོ་མའི་ཕྱི་སྐུའི་སྲོག་དབང་དུ་བསྡུ་བ་ནི་ཡང་དག་པར་ན་རྩ་མཁའ་འགྲོ་མའི་སྐུ་རླུང་གསུང་ཐིག་ལེ་ཐུགས་ཡིན་ལ། འདིས་ནི་རྩའི་མཆོག་དབུ་མ་དབང་དུ་བྱེད་པའི་ཕྱིར་ཏེ། མངོན་བྱང་གི་རྒྱུད་ལས། སྲོག་དང་རྩོལ་བ་རབ་བསྡམས་ཏེ། །བསམས་ན་སྐད་ཅིག་གིས་འབར་རོ། །ཞེས་སོ། །རླུང་ཉིད་སྔགས་ཀྱི་ངོ་བོར་ཤེས་ཅིར་ཕལ་པའི་ཚིག་གིས་བར་མ་ཆོད་པར་གསང་སྔགས་རྩེ་གཅིག་ཏུ་བཟླ་བ་ནི་གསུང་གི་སྲོག་དབང་དུ་བྱེད་པ་སྟེ་ནང་གི་དངས་མ་ཡེ་ཤེས་ཀྱི་རླུང་འཆིང་བའི་ཕྱིར་རོ། །སེམས་རྣམ་པར་མི་རྟོག་པ་ཆོས་ཉིད་ཀྱི་རང་བཞིན་ཇི་ལྟ་བ་དེ་ཉིད་ལས་


KMC013_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཡང་མི་གཡེང་བར་འཇོག་པ་ནི་ཐུགས་ཀྱི་སྲོག་དབང་དུ་བྱེད་པ་སྟེ་ཐིག་ལེའི་སྲོག་ཡེ་ཤེས་ཀྱི་ཐིག་ལེ་འཆིང་བའི་ཕྱིར་རོ། །དེ་བས་ན་གཞུང་ལས། རང་བྱུང་ཡེ་ཤེས་ཡི་གེ་བཞི། །དབྱིངས་སུ་ཤར་ནས་དབྱིངས་སུ་རོལ། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །ཡང་དག་དོན་ལ་གྲུབ་པ་མེད། །ཅེས་པའི་དོན་ཆོས་ཉིད་ཀྱི་རང་བབས་གདམས་པའི་གནད་དང་བླ་མའི་བྱིན་རླབས་ལས་ཁོང་དུ་ཆུད་པར་བྱས་ཏེ་བཟླས་རིམ་སྔ་མ་རྣམས་སུ་གོམས་པའི་དབང་གིས་རྣམ་པ་ཕྱི་ནང་གི་སྐྱེད་པའི་རིམ་པ་སྒྱུ་མ་དང་ཆུ་ཟླ་ལྟར་བདེན་རྫུན་དང་བྲལ་བར་གསལ་ཞིང་རང་ངོ་ཡིན་མིན་དང་ཡོད་མེད་དང་དག་མ་དག་སོགས་ཀྱི་རྣམ་པར་རྟོག་པས་འདུ་མ་བྱས་ཅིང་དེ་དག་ཆེད་དུ་སྤངས་པ་མ་ཡིན་པར་མདོར་ན་རྣམ་པར་རྟོག་པ་དང་བློའི་སྤྱོད་ཡུལ་མ་ཡིན་པ་གཉུག་མའི་རང་བབས་སུ་ལྷུན་གྱིས་གྲུབ་པ་ནི་སྐྱེད་རྫོགས་དབྱེར་མེད་ཀྱི་སྒོམ་པ་མཆོག་ཡིན་ཏེ། ཇི་ལྟར་ན་ལྷའི་ཛམྦུ་ཆུ་བོའི་གསེར་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་ལེགས་པར་བྱས་པ་དེ་ནི་རྒྱུ་དང་དབྱིབས་གཉིས་ཀའི་ཆ་ནས་འཇིག་རྟེན་ན་ཕུལ་དུ་བཀུར་བར་བྱ་བ་ཡིན་པ་དེ་བཞིན་


KMC013_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསམ་གཏན་དང་ཤེས་རབ་དབྱེར་མེད་པ་རྣམས་ཀྱི་ནང་ན་མཆོག་ནི་སྐྱེད་རྫོགས་དབྱེར་མེད་ཀྱི་སྒོམ་པ་འདི་ཡིན་ཏེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས། བཟླས་དང་སྒོམ་པ་ཡང་དག་ལྡན། །རྟོག་པ་ཐམས་ཅད་རྣམ་སྤངས་ཏེ། །དམ་ཚིག་མཆོག་གི་བཟླས་པ་འདིས། །གསང་སྔགས་རྒྱལ་བའི་མཆོག་བཟླས་སོ། །ཅེས་དང་། སམྦཱུ་ཊར། དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཅེས་སོགས་རྒྱུད་མཐའ་དག་ལས་རྒྱས་པར་བཤད་དོ། །དེ་ཉིད་མངོན་སུམ་དུ་མི་ནུས་པ་རྣམས་ཀྱིས་ཀྱང་སྐྱེད་རིམ་གྱི་རྣམ་པ་ཆུ་ཟླ་ལྟར་གསལ་བ་དེ་ཉིད་གསལ་བར་སྣང་ཡང་ཡོད་མེད་ཡིན་མིན་སོགས་སུ་གྲུབ་པ་མེད་པ་ལྟར་ཆོས་ཐམས་ཅད་དེ་དང་འདྲ་བར་ཤེས་པས་གཟུང་འཛིན་གྱི་མཚན་མ་ཅི་ཡང་འདུ་མི་བྱེད་པར་ཤེས་པ་རང་བབས་སུ་ཁོང་གློད་དེ་བཟླ་བར་བྱས་པས་ཀྱང་ཡང་དག་པའི་དོན་ལ་ཉེ་བར་འགྱུར་རོ། །བོད་ཕྱི་མ་མང་པོས་ཡང་དག་པའི་དོན་སྒོམ་པ་ན་བདེན་པར་མེད་དོ་སྤྲོས་བྲལ་ཡིན་


KMC013_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་སྙམ་པ་སོགས་རྟོག་པའི་དྲན་ཤེས་བར་མ་ཆད་པ་མེད་ན་ལུང་མ་བསྟན་ཡིན་ནོ་ཟེར་བར་གྲགས་ཡང་ཁྱེད་ཅག་གི་སྤྲོས་བྲལ་དང་བདེན་མེད་དེ་ནི་སྤྲོས་པ་དང་བདེན་འཛིན་འབུམ་ཕྲག་ལས་ཀྱང་ཡང་དག་མཐོང་བ་ལ་གེགས་ཆེ་བ་ཡིན་ཏེ་སྤྲོས་བྲལ་དང་བདེན་མེད་གྲུབ་པར་སྨྲ་བའི་ཕྱིར་ཏེ་དེ་ལས་ཆེ་བའི་སྤྲོས་པ་དང་བདེན་འཛིན་ཅི་ཞིག་ཡོད། མེ་འབར་བ་ཆུས་གསོད་མོད་ཀྱི་ཆུ་ཉིད་མེར་འབར་ན་ནི་ཐབས་དང་བྲལ་བ་བཞིན་ནོ། །ཁ་ཅིག་གིས་ནི་དེ་ཉིད་ལས་བདེན་མེད་དུ་ནི་མ་གྲུབ་བོ་ཞེས་སྨྲ་བས་ཁྱད་པར་དུ་བྱེད་མོད། དེ་ནི་ཚིག་གི་འགྱེས་མཚམས་ཁོ་ནར་ཟད་དེ། བདེན་མེད་དུ་འཛིན་པ་མ་དོར་བའི་ཕྱིར། བློ་ཡི་གཏད་སོ་ནི་ཁྱད་པར་ཅི་ཡང་མེད་དོ། །མདོར་ན་དོན་དམ་པ་བློ་དང་རྟོག་པའི་ཡུལ་མ་ཡིན་པ་འདི་དགོངས་པར་མཛད་དུ་གསོལ་ལོ། །མཁས་པ་རྣམས་ཀྱི་ཐུགས་རྒྱུད་བདུད་རིས་ཀྱི་དབང་དུ་མི་འགྱུར་བར་དཀོན་མཆོག་གིས་བྱིན་གྱིས་རློབས་ཅིགདེ་བས་ན་རྟོག་སྒོམ་གྱི་རྒྱས་འདེབས་བཅོས་མ་ནི་སྐབས་དེར་དགོས་པ་མ་ཡིན་ཏེ། དཔེར་ན། མཚན་མོ་ནི་ཉི་མ་ཤར་རོ་ཉི་མ་ཤར་རོ་སྙམ་དུ་མཚན་རིལ་ལེ་བཟླས་


KMC013_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བརྗོད་ཀྱང་མུན་པ་ཅུང་ཟད་དངས་པར་ཡང་མི་འགྱུར་ལ། ཉི་མ་ཤར་བ་ན་ནི་ཉི་མ་ཤར་བའི་བློ་རང་བཞིན་གྱིས་སྐྱེ་བས་ཉི་མ་ཤར་རོ་ཉི་མ་ཤར་རོ་ཞེས་ཡང་ཡང་བརྗོད་པ་དོན་མེད་པ་བཞིན་ཏེ། མ་བཅོས་གཉུག་མར་ལྷུན་གྲུབ་ཏུ་གནས་པ་ན་བློས་བཅོས་པའི་རྒྱས་འདེབས་ཐམས་ཅད་ཕྱི་ཤུན་དང་སྦུན་པ་ལྟར་སོང་ཏེ་རང་བཞིན་གྱིས་སྤྲོས་པ་ཞི་བ་དང་མཚན་མས་སྟོང་པ་དང་གཟོད་མ་ནས་དག་པའི་ངེས་ཤེས་ནི་རྟོག་པ་དང་རྟོག་མེད་གང་ཡང་མ་ཡིན་པའི་ཚུལ་དུ་ལྷུག་པར་ཁོང་ནས་འཆར་བ་ཞིག་ཡིན་ནོ། །པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས་བོད་དབུས་སུ་སྦྱོར་བ་ཡན་ལག་དྲུག་གསུངས་པའི་སོར་བསམ་གྱི་ཚེ་མཁས་པ་ཆོས་གྲགས་པས་འདི་ལ་དབུ་མའི་རིགས་པས་དཔྱད་པའི་དྲན་ཤེས་ཀྱིས་ཟིན་མི་དགོས་སམ་ཞུས་པས་དེ་དགོས་ནའང་ད་ལྟའི་ཐ་མལ་གྱི་དྲན་ཤེས་འདྲ་བས་གོ་མི་ཆོད་ཅིང་། སྤྱིར་རིགས་པའི་དཔྱད་རྒྱུན་འདི་སྐབས་སུ་བརྟེན་པ་རྒྱ་གར་ན་མེད་ཅེས་གསུངས་པ་དང་བསམ་གཏན་གྱི་སྐབས་སུ་རྟོག་དཔྱོད་སོགས་ལ་ད་ལྟའི་རྟོག་པ་འདྲ་བས་ཚོལ་བ་མིན་གསུང་ནས་རྟོག་ལུགས་དང་དཔྱོད་ལུགས་ཞུས་ཀྱང་ཞིབ་


KMC013_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མ་བྱུང་ཞེས་ཟིན་བྲིས་སུ་བྲིས་འདུག་པའང་བོད་ཕྱི་མའི་ཚུལ་འདི་ལ་ཆེར་མ་མཉེས་པའི་གསུང་དུ་སྣང་ངོ་། །མདོར་ན་རྡོ་རྗེ་མཁའ་འགྲོར། མི་རྟོག་པས་ནི་འཚང་མི་རྒྱ། །རྟོག་དང་བཅས་པས་དེ་བཞིན་ནོ། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །ཡིད་འདོད་རྣམས་ཀྱི་དེ་ཉིད་འགྱུར། །རྒྱུ་དང་འབྲས་བུའི་རང་བཞིན་ནི། །དམ་པ་ཉིད་དུ་ཡོད་མིན་ཞིང་། །རང་བཞིན་གསལ་བ་ཉིད་ཀྱི་ཕྱིར། །སྟོང་པ་ཉིད་ཀྱང་མ་ཡིན་ནོ། །ཞེས་དང་། འཇིག་རྟེན་རྟག་ཏུ་ཐ་སྙད་སྤྱོད། །འཇིག་རྟེན་ལས་འདས་དེ་དེར་འགལ། །ཡོད་དང་མེད་ཅེས་བྱ་བ་ནི། །རང་བཞིན་ཉིད་དུ་ཤེས་པ་མིན། །ཞེས་དང་། སྡོམ་འབྱུང་ལས། ཡེ་ཤེས་འདི་ནི་རང་རིག་པ། །ངག་གི་སྤྱོད་ཡུལ་ལས་འདས་ཅིང་། །ཀུན་མཁྱེན་ཡེ་ཤེས་དེ་ཡི་དངོས། །རྨད་དུ་བྱུང་བའི་རྣམ་པར་སྐྱེས། །ཅེས་དང་། རང་བཞིན་གྱིས་ནི་འོད་གསལ་བ། །རྣམ་པར་དཔྱད་པའི་སྤྱོད་ཡུལ་འདས། །ཁ་ན་མ་ཐོ་མེད་ཅིང་ཞི། །ངེས་པར་བསྐུལ་དུ་མེད་པ་སྟེ། །བརྗོད་དུ་མེད་ཅིང་བགྲང་དུ་མེད། །སྟོང་པ་ཉིད་ཀྱི་རྣམ་པ་ནི། །དངོས་པོ་ཀུན་གྱི་རང་བཞིན་གནས། །ཅེས་སོ། །དེས་ན་སྨན་པའི་བཀྲུ་སྨན་ནི་ནད་དེ་སྦྱོང་


KMC013_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཡིན་གྱི་ནད་དག་རུང་མ་དག་རུང་བཀྲུ་སྨན་ཁོ་ན་རྒྱུན་མི་འཆད་པར་འགམ་དགོས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་བདག་མེད་དང་སྟོང་ཉིད་དང་སྤྲོས་བྲལ་དང་བདེན་མེད་དང་དམིགས་མེད་སོགས་གསུངས་པ་ནི་དངོས་འཛིན་གྱི་ནད་གཞོམ་པའི་བཀྲུ་སྨན་ལྟ་བུར་གསུངས་པ་འདི་ཉིད་གོ་བར་བྱ་སྟེ་གང་དུ་འཛིན་པ་དང་ཞེན་པའི་ཆ་དེས་སྒྲིབ་བྱེད་དུ་གྱུར་པ་ཡིན་གྱི་བདག་གམ་དངོས་པོ་འམ་སྤྲོས་པ་ལྟ་བུའི་རྟེན་གཟུང་བྱའི་ཆ་ནས་སྒྲིབ་བྱེད་དུ་གྱུར་པ་མ་ཡིན་པའི་ཕྱིར་ཏེ། འཇམ་དཔལ་གྱི་ལྟ་བའི་འདོད་པ་མདོར་བསྟན་ལས། དགེ་བ་དང་ནི་མི་དགེ་བའི། །རྣམ་པར་རྟོག་པ་དབྱེ་བ་མེད། །དོན་མཆོག་རྣམ་པར་རྟོག་པ་ཡང་། །མཁས་པ་རྣམས་ཀྱིས་མི་བྱའོ། །མེ་ཡིས་རབ་ཏུ་སྲེག་བྱེད་ཀྱི། །རྟེན་གྱི་དབྱེ་བས་དབྱེ་བ་མེད། །ཙནྡན་ལས་ནི་འབར་བས་ཀྱང་། །རེག་པར་གྱུར་ན་སྲེག་པའོ། །ཞེས་བཤད་དོ། །མདོར་ན་རྣམ་པ་ལྷ་སྐུ་སྣང་སྟོང་དབྱེར་མེད་སྐུ་ཕྱག་རྒྱ་ཆེན་པོ། རླུང་དང་སྒྲ་ཚོགས་སྔགས་ཀྱི་རང་སྒྲ་གྲག་སྟོང་དབྱེར་མེད་གསུང་ཕྱག་རྒྱ་ཆེན་པོ། ཐམས་ཅད་ཀྱང་ཉམས་མྱོང་མཆོག་ཏུ་མི་འགྱུར་བའི་བདེ་སྟོང་ལྷན་ཅིག་སྐྱེས་


KMC013_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུགས་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ཏུ་ཤེས་པས་བཟླ་བ་ནི་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་དང་འཕགས་ལམ་ཡན་ལག་བརྒྱད་ཀྱི་ངོ་བོ་སྟེ་བཟླས་རིམ་ཐམས་ཅད་ཀྱི་སྙིང་པོ་དབང་པོ་ཡང་རབ་ཀྱི་སྒོམ་པ་ཡིན་ལ། དེ་ཁོ་ན་ཉིད་འོད་གསལ་བའི་ཡེ་ཤེས་མངོན་དུ་བྱེད་པ་ཏིང་ངེ་འཛིན་གྱི་རྣལ་འབྱོར་ཏེ་དབྱིབས་ཙམ་ལ་ལྷར་ཞེན་པ་དང་བྲལ་ནས་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱེད་ཅིང་སྔགས་ཀྱི་ནུས་པ་འབྲས་བུའི་ཚུལ་དུ་གྲུབ་པ་སྟེ་སྐྱེད་རིམ་གྱི་སྒོ་ནས་གསུམ་ཆ་མཉམ་པ་དང་བག་ཉལ་དང་གཉིད་སྟུག་དག་པ་ཡེ་ཤེས་རྡོ་རྗེའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །སྤྱིར་ཚོགས་ལམ་ཆུང་ངུར་དྲན་ཉེ། འབྲིང་དུ་ཡང་སྤོང་། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ། སྦྱོར་ལམ་དྲོད་རྩེར་དབང་པོ་ལྔ། བཟོད་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན། སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་དུ་གསུངས་ཅིང་། ཡན་ལག་དྲུག་གི་ཚེ་སོར་བསམ་ཚོགས་སྦྱོར། སྲོག་འཛིན་དང་རྗེས་ཏིང་མཐོང་སྒོམ་གྱི་ལམ་དུ་གསུངས་མོད་ཀྱང་། འདིར་ནི་དབང་འབྲིང་སྐྱེད་རིམ་གཙོ་ཆེ་བའི་སྒོམ་པའི་དབང་དུ་


KMC013_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་བྱང་ཕྱོགས་རྣམས་སྐབས་ཐོབ་ཇི་ལྟ་བར་སྦྱར་ཞིང་ཡན་ལག་དྲུག་ལ་སྐྱེད་རྫོགས་ཐ་དད་དུ་ཕྱེ་ནས་རྫོགས་རིམ་གྱི་དོད་ཐུབ་ཏུ་སྦྱར་བས་འགལ་བར་མི་བསམ་ལ། དབང་རྣོན་སྐྱེད་རྫོགས་དབྱེར་མེད་དུ་འབྱོངས་པ་ལ་ནི་ཚོགས་སྦྱོར་གྱི་ལམ་གྱི་ཆོས་ཐམས་ཅད་བཟླས་རིམ་དང་པོ་ཁོ་ནས་གྲུབ་པར་འགྱུར་རོ། །འདིར་འཇམ་དབྱངས་ཆེན་པོས་བཟླས་རིམ་དང་པོ་བཞི་ཀ་ལ་དཔལ་མཁའ་སྤྱོད་པས་སྒྲོ་འདོགས་མཛད་དོ་སྙམ་དུ་དགོངས་ནས་འགོག་པ་དུ་མ་མཛད་མོད་ཀྱང་དེ་ནི་མ་ཡིན་ཏེ་འདི་དག་ཞལ་གཉིས་མ་དང་དབུ་བཅད་མ་ལ་སོགས་པའི་ཕག་མོའི་སྒྲུབ་སྐོར་སྤྱི་ལ་ཡང་འབྱུང་ཞིང་ཁྱད་པར་ལས་དང་པོ་པ་ཆོས་འདིས་དཀྲི་བའི་ཚེ་འདི་ལྟ་བུ་མེད་ན་ཅིག་ཆར་ཞལ་གདམས་ཀྱི་འགོག་བཟླས་ཆེན་པོ་ལ་འཇུག་པར་མི་ནུས་པས་ཐབས་ཀྱི་རིམ་པ་རྒྱུད་པ་འདི་ཉིད་ལས་འོངས་པའོ། །བཟླས་པའི་གྲངས་དང་ཡུན་ཇི་ལྟ་བུ་ཞེ་ན། གཞུང་ལས་གང་ཟག་སོ་སོར་མ་ཕྱེ་བའི་སྤྱིར་བཏང་གི་དབང་དུ་མཛད་ནས་གྲངས་བསྙེན་འབུམ་ཕྲག་བཞི་དང་དུས་བསྙེན་ཟླ་དྲུག་ཏུ་གསུངས་ལ། ཞལ་གདམས་ལས་སྒྲུབ་པ་པོའི་དབང་པོའི་རིམ་པས་


KMC013_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ཇི་སྐད་དུ། དེ་ལ་དུས་ཀྱི་བསྙེན་པ་ནི་རབ་ཟླ་བ་གསུམ། འབྲིང་ལྔ། ཐ་མ་ཡང་བདུན་གྱིས་འགྲུབ་པར་འགྱུར་རོ། །གྲངས་ནི་རབ་འབུམ་ཚོ་ལྔ། འབྲིང་བཅུ། ཐ་མ་ཡང་བཅོ་ལྔས་འགྲུབ་པར་འགྱུར་རོ། །ཞེས་གསུངས་ཏེ། དབང་པོ་རབ་ཀྱིས་ཡུན་ཐུང་ངུ་དང་གྲངས་ཉུང་ངུས་ཀྱང་འགྲུབ་པའི་དོན་ཏོ། །མཚན་མ་ལ། ལས་དང་པོ་པའི་མཚན་མ་དང་། ཁྱད་པར་གྱི་མཚན་མ་གཉིས་ལས། དང་པོ་ནི། ཞལ་གདམས་དང་པོར། མཚན་མ་ནི་དང་པོར་མ་དང་སྲིང་མོ་ལ་སོགས་པའམ་བུ་མོ་དང་བུད་མེད་ཆས་བཟང་པོ་དང་ལྡན་པ་རྣམས་ཀྱིས་གླུ་ལེན་པ་དང་ཤོན་རྩེ་བ་དང་ཕྱག་དང་བསྐོར་བ་བྱེད་པ་དང་བཟའ་བཏུང་འདྲེན་པ་དང་བག་འབེབས་པ་ནི་ཉེ་བའི་རྟགས་ཡིན་ནོ། །ཕོ་མོ་འདྲེས་མར་བྱུང་ན་ཆོ་འཕྲུལ་སྟོན་པ་ཡིན་པས་ཏིང་ངེ་འཛིན་སྤར་རོ། །ཕོ་ཉི་ཚེ་བྱུང་ན་རྒྱལ་པོའི་བར་ཆད་ཡིན་པས་བདུད་རྩི་ལྔའི་སྦྱིན་སྲེག་བྱ་ཞིང་དགེ་སྦྱོར་དྲག་ཏུ་བྱའོ། །སྤྲང་མོར་བྱུང་ན་ཐུགས་དམ་མ་འཁོངས་པ་ཡིན་པས་ཚོགས་འཁོར་བྱའོ། །ཡུགས་ས་མོར་བྱུང་ན་རྣལ་འབྱོར་པ་ལ་བར་ཆད་བྱུང་དོགས་ཡོད་པས་རྐྱེན་བཟློག་དང་སྦྱིན་སྲེག་བྱའོ། །


KMC013_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཛེ་མོར་བྱུང་ན་དམ་ཚིག་ཉམས་པ་ཡིན་པས་ཚོགས་འཁོར་དང་བཤགས་པ་བྱའོ། །བུད་མེད་མང་པོ་ཕྱིར་བཀྱེད་ནས་འདུག་ན་སྒྲུབ་པ་ལེ་ལོར་སོང་བ་ཡིན་པས་བརྩོན་འགྲུས་བསྐྱེད་པར་བྱའོ། །ཤོར་རེ་མར་བྱུང་ན་གསང་བ་གཞན་ལ་སྨྲས་པ་ཡིན་པས་ཕྱིས་མི་སྨྲ་བ་དང་བཤགས་པ་བྱའོ། །ཞེས་སྐྱོན་ཡོན་གྱི་མཚན་མ་ལྷན་ཅིག་ཏུ་གསུངས་སོ། །ཁྱད་པར་གྱི་རྟགས་ནི། གཞུང་གི་འདུ་བ་གསུམ་དང་ཞེས་སོགས་གོང་དུ་དྲངས་ནས་གསུངས་ཏེ། ཇི་སྐད་དུ། མཁའ་འགྲོ་མ་རྣམས་ཀྱིས་ཆོས་གསུང་བ་དང་ལུང་སྟོན་པ་དང་སྐུ་མཐོང་བ་དང་ཌ་མ་རུའི་སྒྲ་གྲག་པ་དང་ཆང་གི་རྒྱུན་འབབ་པ་དང་ཉིན་མོ་མི་འདུ་བ་དང་མཚན་མོ་མཁའ་འགྲོ་མ་འདུ་བ་དང་ནང་ནུབ་ཟས་འདུ་བ་དང་ལུས་ལ་བདེ་བ་འབར་བ་དང་ངག་ལ་ནུས་པ་འབར་བ་དང་སེམས་ལ་རྟོགས་པ་འབར་བས་རང་གཞན་གྱི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་ནུས་པ་དང་སྡུག་བསྔལ་ལ་སྲན་ཚུགས་པ་དང་ཉམས་ལ་ཡན་ཚུགས་པ་དང་གདམས་ངག་ལ་རང་བྱན་ཚུགས་པ་འོང་། ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ་དང་ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ་དང་གསང་བའི་དྲོད་


KMC013_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ལ་བསལ་འགྲིབ་མེད་པ་སོགས་འབྱུང་བར་འགྱུར་རོ། །དེ་དག་ནི་ཁྱད་པར་གྱི་རྟགས་ཐོབ་པའོ། །ཞེས་གསུངས་པ་ཉིད་དེ་གོ་སླའོ། །མདོར་ན་དངོས་ཉམས་རྨི་ལམ་དུ་སྒྲིབ་པ་དག་པ་དང་གདོན་ཐུལ་བ་དང་ཏིང་ངེ་འཛིན་གསལ་བ་དང་དངོས་གྲུབ་ཉེ་བ་དང་དངོས་གྲུབ་ཐོབ་པའི་མཚན་མ་རྣམས་རེ་རེ་ཡང་རབ་འབྲིང་དུ་མ་དང་དངོས་གྲུབ་བར་ཆད་དུ་རྫུ་བ་དང་བར་ཆད་དངོས་གྲུབ་ཏུ་རྫུ་བ་སོགས་སོ་སོར་ཤེས་པར་བྱ་ཞིང་གང་ལའང་རློམ་སེམས་དང་འཇིགས་སྐྲག་དང་ཉམ་ང་དང་སོམ་ཉི་མེད་པར་སྒྲུབ་པ་གནད་ཡིན་ནོ། །གཉིས་པ་རྗེས་ཐོབ་ཀྱི་བྱ་བ་ནི། ཞལ་གདམས་ལས་ཐུན་མཚམས་སུ་གནད་གསུམ་པོ་བཟླས་པ་ལ་སྐྱོ་ན་ཚོགས་དང་གཏོར་མ་བྱིན་གྱིས་བརླབས་ལ་འབུལ་ཏིང་ཏིང་ཤག་དང་ཌ་མ་རུ་འབུལ་ཞིང་བསྟོད་པ་གསོལ་འདེབས་དང་བཤགས་པ་བྱ་ཞེས་པས་ལག་མཆོད་བྱས་ཏེ་སྙིང་པོ་བརྗོད་བཞིན་པས་བདུད་རྩི་ཕྱོགས་མཚམས་སུ་འཐོར་བས་ཕྱི་རོལ་གྱི་བགེགས་དང་མ་དག་པའི་ཚོགས་ཚར་བཅད་ནས་མཁའ་འགྲོ་མའི་རང་བཞིན་དུ་བསམ་པ་ནི་གནས་སྲུང་བའོ། །རང་ལ་གཏོར་ནས་བ་སྤུའི་བུ་ག་ཐམས་ཅད་མཁའ་


KMC013_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མས་གང་བར་བསམ་པ་བདག་སྲུང་བའོ། །ཚོགས་གཏོར་ལ་གཏོར་ནས་ཡེ་ཤེས་ཀྱི་བདུད་རྩིར་བསམ་པ་རྣལ་འབྱོར་རམ་ཡོ་བྱད་སྲུང་བ་སྟེ་སྲུང་བ་གསུམ་བྱས་ལ། སླར་སྨིན་མཚམས་ནས་འཐོར་བས་སྤྱི་བོའི་བླ་མའི་ཚོགས་དང་། སྙིང་ག་ནས་འཐོར་བས་འཁོར་ལོ་བཞིའི་མཁའ་འགྲོ་མ་དང་གཙོ་མོ་ས་བོན་གྱི་རྣམ་པར་གནས་པ་རྣམས་ལ་སོ་སོའི་མཚན་དང་སྙིང་པོ་ལ་འབྲུ་གསུམ་སྦྱར་བས་འབུལ། ལྟེ་བའི་ཐད་ནས་ཆོས་སྐྱོང་རྣམས་ལ་འབུལ་ཞིང་མཐར་པུས་མོ་གཡོན་གྱིས་ཐད་ནས་མཆོག་སྦྱིན་གྱི་ཚུལ་གྱིས་གཞི་བདག་དང་རིགས་དྲུག་དང་ལྷག་མ་ལ་མོས་པ་རྣམས་ལྷར་གསལ་བ་ལ་འབྲུ་གསུམ་གྱིས་བྱིན་ཞིང་རང་གི་ལྕེ་ཐོག་ཏུ་བཞག་ནས་བདུད་རྩི་མྱང་ངོ་། །མཆོད་བཞི་བསྟོད་བཞི་བྱ། ཚོགས་གཏོར་བྱིན་གྱིས་བརླབས་ཏེ་ཚོགས་ཕུང་གཏོར་མར་བླུག་ནས་འབར་རྒྱ་དང་སྔགས་ཀྱིས་བླ་མ་དང་དཀྱིལ་འཁོར་པ་སྐད་ཅིག་གིས་སྤྱན་དྲངས་པ་ལ་གཏོར་སྔགས་སོ་སོས་དབུལ། བསྟོད་པ་བྱ། ཆོས་སྐྱོང་ལ་གཏོར་མ་རང་གཞུང་བཞིན་ཕུལ་ཏེ་མཐར་སྔོན་གཏོར་གྱི་སྔགས་དང་། ་ཧྲིཾ་ཧྲིཾ་ཧཾ་ཧཾ་ཧེ་ཧེ་ཧི་ཧི་ཕེཾ་ཕེཾ། ཞེས་གདན་བཞི་ནས་


KMC013_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་གཏོར་སྔགས་གསུམ་མམ་བཞི་སོགས་ཀྱིས་ཞིང་སྐྱོང་གི་རྣལ་འབྱོར་མ་དང་དུར་ཁྲོད་ཀྱི་ལྷ་ཚོགས་ལ་ཕུལ་ཏེ་ཚིགས་སུ་བཅད་པས་ཕྲིན་ལས་གཞོལ། སླར་གཏང་རག་གི་མཆོད་བསྟོད་མདོར་བསྡུས་བྱ། ཡིག་བརྒྱ་བཟླས་པས་ནོངས་པ་བཟོད་པར་གསོལ་ཞིང་འདོད་དོན་ལ་གསོལ་བ་བཏབ་ནས་ཕྱི་ནང་སྣོད་བཅུད་རྣམས་རིམ་གྱིས་བདག་ཉིད་ལ་བསྡུས་ཅིང་དེ་ཡང་ཧྲིཿཁོ་ན་ལ་ཐིམ། དེ་ཡང་མས་ནས་རིམ་གྱིས་ཐིམ་སྟེ་མཐར་ནཱ་ད་ཤིན་ཏུ་ཕྲ་བར་གྱུར་ནས་མི་དམིགས་པར་ཡལ་བ་ལ་འོད་གསལ་དུ་ཅི་ཞིག་བཞག་སྟེ་སླར་ཡང་སྐད་ཅིག་གིས་ཆུ་ལས་ཆུ་བུར་ལྟར་སྣོད་དཀྱིལ་འཁོར་པ་དང་བདག་ཉིད་བཅོམ་ལྡན་འདས་མའི་ངོ་བོར་ལངས་ཏེ་དགེ་བ་བསྔོ། ཁ་ཟས་རྣམས་བདུད་རྩིར་བྱས་ནས་ལུས་དཀྱིལ་གྱི་ལྷ་མཆོད་པའི་ཚོགས་འཁོར་དུ་སྤྱད་ཅིང་ལྷག་མ་ལྷག་གཏོར་གྱི་ཆོ་གས་བཏང་། དེ་བཞིན་དུ་གདན་པད་རོ་ཉི་མ། གོས་རུས་རྒྱན་དང་ཞིང་པགས་སོགས་མཐུན་པའི་ན་བཟའ་དང་རྒྱན། ངག་གི་སྨྲ་བ་བཻ་རོ་ཙ་ནའི་སྔགས། ས་ཕྱོགས་ཐམས་ཅད་ཨོ་རྒྱན་གྱི་གནས་དང་དུར་ཁྲོད། ཁང་པ་ཆོས་འབྱུང་གི་གཞལ་ཡས་ཁང་།


KMC013_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྣང་ཐམས་ཅད་བཅོམ་ལྡན་འདས་མའི་སྐུ། སྒྲ་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་སྐྱེ་མེད་ཆོས་ཉིད་དུ་ཤེས་པས་ཐད་དཀར་བཅད་ཅིང་ཉལ་བའི་ཚེ་རྫོགས་རིམ་དུ་ཧྲཱིཿཡིག་གི་བར་བསྡུས་ཏེ་ཧྲཱིཿལ་དམིགས་པའམ། དེ་བཞིན་དུ་སྙིང་གའི་ནིའམ་མགྲིན་པའི་རིའམ་སྤྱི་བོའི་ཧ་མ་གཏོགས་བསྡུས་ནས་དེར་གཏད་དེ་ཉལ་བའམ། ཡང་ན་དེ་ཡང་སྟོང་ཉིད་དུ་བསྡུས་ཏེ་འོད་གསལ་བར་བཞག་སྟེ་ཉལ། ཐོ་རངས་ལྡང་བའི་ཚེ་བཅོམ་ལྡན་འདས་མ་ནམ་མཁར་བྱོན་ཏེ་ཌ་མ་རུ་དང་སྔགས་ཀྱི་སྒྲས་བསྐུལ་བར་བསམས་ཏེ་ལངས་ནས་སྔ་མ་ཇི་ལྟ་བས་འཇུག་ལ། སྒྲུབ་པའི་ཚེ་ནི་སྲུང་འཁོར་ཉིན་མཚན་གང་དུའང་མི་སྡུད་པར་བཞག་ནས་ཐུན་ཕྱི་མའི་ཚེ་གསལ་འདེབས་ཅིང་དེ་ཚུན་ཆད་སྐྱེད་སྡུད་བྱེད་པ་ཡིན་ལ། ཚུལ་དེས་ཞག་གཅིག་ལ་ཐུན་བཞིའམ་དྲུག་གམ་གསུམ་མམ་གཉིས་ཀྱིས་ཀྱང་སྒྲུབ་ཏེ། སྤྱིར་དབང་པོ་དམན་པ་ལ་དགོངས་ནས་ཐུན་མང་བར་གསུངས་ཏེ། ཐུན་མང་ན་ཐུན་རེ་ཞིང་ཉམས་སུ་ལེན་པ་འབྱུང་ལ་གཞན་དུ་ཉམས་ལེན་མི་འབྱུང་བས་སོ། །དབང་རྣོན་ལ་ནི་ཐུན་ཉུང་བ་གཙོ་བོར་གསུངས་ཏེ་ཐུན་


KMC013_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཉུང་བའི་ཕྱིར་ཉམས་ལེན་རྡོག་ཏུ་འདྲིལ་བ་སྟེ། དེས་ན་རྒྱུད་པ་འདིས་ནི་མཉམ་རྗེས་དབྱེར་མེད་ཐུན་གཅིག་གིས་འཁྱོངས་པ་གཙོ་བོར་བྱེད་དོ། །མདོར་ན་སྐྱེད་རྫོགས་ཀྱིས་མ་ཟིན་པ་ཐ་མལ་པའི་རྟོག་པས་སྐད་ཅིག་ཡང་གནས་པར་མ་བྱ་སྟེ། བརྟག་གཉིས་ལས། རྐང་པ་འཁྲུ་དང་ཟ་བ་དང་། །འཐོར་འཐུང་སོ་རྩི་ཟ་བ་དང་། །ཙནྡན་གྱིས་ནི་ལག་ཉེད་དང་། །སྨད་གཡོགས་ཀྱི་ནི་རྐེང་འགེབས་དང་། །འབྱུང་དང་སྨྲ་དང་འགྲོ་བ་དང་། །འདུག་དང་ཁྲོ་དང་རྒོད་པ་དང་། །བཅོམ་ལྡན་འདས་མ་བསྟེན་པ་དང་། །ཤེས་རབ་བརྟུལ་ཞུགས་ཅན་ཉིད་ཀྱིས། །རྣལ་འབྱོར་མ་ནི་རྣམ་པར་སྒོམ། །གཞན་གྱི་ཚུལ་གྱིས་སྐད་ཅིག་ཡང་། །གདུག་པའི་སེམས་ནི་མ་རིག་པས། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །མཁས་པས་འབད་པས་མི་གནས་སོ། །ཅེས་སོ། །གཉིས་པ་མདུན་སྐྱེད་ལ། མདུན་སྐྱེད་སྒྲུབ་པ་དངོས་དང་། བུམ་སོགས་སྒྲུབ་པ་གཉིས་ལས། དང་པོ་ནི། སྒྲུབ་ཐབས་ཀྱི་དགོངས་པ། དེ་དབུས་ཧྲཱིཿལས་གྱུར་པ་ཡི། །བདུད་བཞི་ལས་རྒྱལ་ཁྲོ་མོར་བསྐྱེད། །ཕྱོགས་ཀྱི་པདྨ་འདབ་བཞི་ལ། །འབྱུང་བཞི་སྐྱེད་པའི་ས་བོན་ལས། །


KMC013_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སྡེ་བཞི་འཁོར་བཅས་སྐྱེད། །ཅེས་གོང་དུ་གསུངས་པ་འདིར་བླངས་ཅིང་། བཅུ་གཉིས་པ་དབང་བསྐུར་གྱི་ཞལ་གདམས་སུ། མདུན་གྱི་དཀྱིལ་འཁོར་དེ་ནུབ་ཕྱོགས་ཨོ་རྒྱན་གྱི་དུར་ཁྲོད་ཀྱི་དབུས་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྡེ་བཞིའི་མཁའ་འགྲོས་བསྐོར་བའི་དཀྱིལ་འཁོར་དུ་བསམ། ཞེས་དང་། བཅུ་གསུམ་པ་དུས་བཟང་གི་མཆོད་པའི་ཞལ་གདམས་སུ། རྡུལ་ཚོན་གྱི་ཧྲཱིཿལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་དག་ནས་ཚུར་འདུས་ཧྲཱིཿལ་ཐིམ་པས་རྗེ་བཙུན་མར་གྱུར་པར་བསམ་ཞིང་བཟླས་པ་བྱ། ཞེས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་བསང་སྦྱང་སྔོན་དུ་འགྲོ་བས་སྲུང་འཁོར་ནས་གཙོ་མོའི་བར་བདག་སྐྱེད་ལྟར་བསྐྱེད། འདབ་མ་བཞི་ལ་འཁོར་བཞི་བསྐྱེད་ནས་གཙོ་མོ་ལ་དོན་སྒྲུབ་འཁོར་ལོ་དང་། མཁའ་འགྲོ་མ་བཞི་ལ་རང་རང་གི་ས་བོན་ཁོ་ན་གསལ་བཏབ་སྟེ་དེ་དག་གི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་པ་ལ་མཆོད་བསྟོད་བྱས་ནས་དམ་ཚིག་པ་ལ་དབྱེར་མེད་དུ་བསྟིམ་པའི་བར་སྒྲུབ་ཐབས་ཇི་ལྟ་བ་ཉིད་དོ། །དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གསུམ་རྒྱུད་ཀྱི་བཟླས་པ་བྱ་སྟེ་


KMC013_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱེད་ཀྱི་དཔྲལ་བ་ནས་སྐུའི་འོད་དཀར་པོ་འཕྲོས་མདུན་སྐྱེད་རྣམས་ཀྱི་དཔྲལ་བར་ཕོག་པས་སྐུ་བསྐུལ་ཏེ་དེ་དག་གི་དཔྲལ་བ་ནས་སྐུའི་འོད་ཟེར་དཀར་པོ་དཔག་མེད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ལུས་དག་པ་སྐུ་རྡོ་རྗེར་བཀོད། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་དཔྲལ་བར་ཐིམ་པས་བདེ་ཆེན་གྱིས་མཉེས་ཏེ་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པས་ཚུར་བྱོན་མདུན་སྐྱེད་རྣམས་ཀྱི་དཔྲལ་བར་ཐིམ་པས་བདེ་ཆེན་གྱིས་མཉེས་ཅིང་ཐུགས་དམ་འཁོངས་པས་སྐུའི་བྱིན་རླབས་ཐམས་ཅད་འོད་དཀར་པོའི་རྣམ་པས་དཔྲལ་བ་ནས་སྤྲོས་པས་བདག་གི་དཔྲལ་བ་ནས་ཞུགས་ལུས་ཐམས་ཅད་གང་བས་ལུས་ཀྱི་སྡིག་སྒྲིབ་དག་སྐུ་དབྱེར་མེད་དུ་བྱས་ཏེ་ལུས་སྐུ་རྡོ་རྗེ་སྤྲུལ་སྐུར་དག་པར་མོས་པས་བཟླའོ། །དེ་བཞིན་དུ་མགྲིན་པ་ནས་གསུང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་ཐུགས་ཀྱི་འོད་ཟེར་སྔོན་པོ། ལྟེ་བ་ནས་ཡོན་ཏན་གྱི་འོད་ཟེར་སེར་པོ། གསང་བ་ནས་ཕྲིན་ལས་ཀྱི་འོད་ཟེར་ལྗང་གུ་སྟེ། སྐུ། གསུང་། ཐུགས། ཡོན་ཏན། ཕྲིན་ལས་ལ་སོ་སོར་སྦྱར་ཏེ་སྒོམ་བཟླས་བྱའོ། །མདུན་སྐྱེད་ཀྱི་མཆོད་བསྟོད་ནི་སྒྲུབ་


KMC013_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལྟར་སྐབས་འདིར་བྱ་བའམ་ཡང་ན་ཞལ་གདམས་ལྟར་འོག་ཏུ་བུམ་མདུན་གྱི་ལྷ་ལ་ལྷན་ཅིག་ཏུ་བྱའོ། །གཉིས་པ་བུམ་སོགས་སྒྲུབ་པ་ནི། བཅུ་གཉིས་པར། བུམ་པ་དེ་ཡང་བྷྲཱུཾ་ལས་གཞལ་ཡས་ཁང་གི་ནང་དུ་ཧྲཱིཿལས་རྗེ་བཙུན་མའི་སྐུ་གསལ་ཞིང་། དེའི་གསང་གནས་སུ་ཆོས་འབྱུང་གི་དབུས་སུ་ཧྲཱིཿདམར་པོ་བསམས་ཏེ། དེའི་འོད་ཟེར་གྱིས་ཨོ་རྒྱན་ནས་མཁའ་འགྲོ་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་མེ་ལོང་གི་ཧྲཱིཿལ་ཐིམ་ཧྲཱིཿལས་བདུད་རྩི་བབ་པས་ཐོད་པ་ཁེངས་ཐོད་པའི་བདུད་རྩིས་བུམ་པ་ཁེངས་པར་བསམ་ཞིང་གཙོ་འཁོར་གྱི་བཟླས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་གྲུབ་ཚད་བྱ་ཞིང་། ཐུན་ཐ་མར་སྐུ་དང་ཡི་གེ་བདུད་རྩིའི་རང་བཞིན་དུ་ཞུ་བར་བསམ་མཆོད་པ་དང་གཏོར་མ་དང་བསྟོད་པ་རྣམས་ཀྱིས་མཉེས་པར་བྱ། ཞེས་པས་བུམ་སོགས་བསང་སྦྱང་བྱས་ཏེ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་དམར་པོ་ཅེས་སོགས་སྒྲུབ་ཐབས་ལས་གསུངས་པའི་ཆོ་གས་བུམ་པའི་ནང་དུ་བཅུད་དང་དབྱེར་མེད་པར་ཆོས་འབྱུང་གི་གཞལ་ཡས་ཁང་དང་དམ་ཚིག་པ་ལྔ་པོ་ས་བོན་དང་བཅས་པ་བསྐྱེད་ཅིང་སིནྡྷུ་རའི་


KMC013_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དམར་པོ་ཚོན་གང་བ་བསམས་ཏེ་བུམ་ལྷའི་ས་བོན་གྱི་འོད་ཀྱིས་ཨོ་རྒྱན་ནས་སྐུ་གསུང་ཐུགས་ཀྱི་བདུད་རྩི་རྒྱུན་མི་འཆད་པར་སྤྱན་དྲངས་ཏེ་མེ་ལོང་གི་ཧྲཱིཿལ་ཐིམ་པས། སྣུམ་ཞིང་ལྕིད་པ་ཚོས་པར་གྱུར་ཏེ་མཐར་ཧྲཱིཿདེ་ལས་བདུད་རྩིའི་རྒྱུན་དབྱར་གྱི་ཆུ་བོ་ལྟར་བབ་པས་དཀྱིལ་འཁོར་བཞི་པོ་རིམ་པར་གང་སྟེ་རིམ་གྱིས་ལུད་པས་བུམ་པར་བབ་ཅིང་མཐར་བུམ་པ་གང་བས་བུམ་ལྷ་རྟེན་བརྟེན་པའང་བདུད་རྩིའི་གཟུགས་སུ་ཞུ་བར་ལྟས་ཏེ་གཟུངས་ཐག་རྡོ་རྗེ་སིནྡྷུ་རའི་མཎྜལ་གྱི་སྟེང་དུ་བཞག་ནས་གཟུངས་ཐག་ལ་བཟུང་སྟེ་བཟླ་བར་བྱའོ། །འདི་ནི་ཞལ་གདམས་ཀྱི་དངོས་བསྟན་ཏེ། དེང་སང་ཕྱག་བཞེས་ལ་སྒྲུབ་ཐབས་ལྟར་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་ཚབ་ཏུ་ཧེ་རུ་ཀ་ཡབ་ཡུམ་ནམ་མཁའ་གང་བར་སྤྱན་དྲངས་ཏེ་དེ་ཐམས་ཅད་ནམ་མཁར་རྗེས་ཆགས་མཛད་པས་བྱང་སེམས་དཀར་དམར་གྱི་རྒྱུན་བབ་སྟེ་མེ་ལོང་གི་ཧྲཱིཿལ་ཐིམ་པ་སོགས་ནས་མཐར་ཧེ་རུ་ཀའི་ཚོགས་ཀྱང་བདུད་རྩིར་ཞུ་ཞིང་དེས་བུམ་ལྷ་བཞུས་ཏེ་ངོ་བོ་ལྷ་རྣམ་པ་བདུད་རྩིར་གནས་པ་ལ་མཆོད་བསྟོད་མཛད་དོ། །བདུད་རྩི་རིལ་བུར་སྒྲུབ་པའི་ཚེ་ནི་དེ་


KMC013_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་བདུད་རྩིའི་དངོས་པོ་རྣམས་ཧྲཱིཿཡིག་གི་ཚོགས་རྡུལ་ཕྲ་རབ་ཀྱི་གྲངས་ཙམ་པ་དཔག་ཏུ་མེད་པ་སྒྲ་ཀླག་ཅོར་དུ་གྲག་ཞིང་ཧྲཱིཿཡིག་དཔག་མེད་འཕྲོ་བས་ཡེ་ཤེས་ཀྱི་བདུད་རྩི་ཐམས་ཅད་བཀུག་སྟེ་ཐིམ་ཞིང་ཧྲཱིཿཡིག་རྣམས་ཚོས་ཅིང་ལྕིད་པའི་ཚུལ་དུ་སྒོམ་པ་དང་། ཐམས་ཅད་ཞུ་བའི་བདུད་རྩིའི་དངོས་པོ་སྲ་ཞིང་མཁྲེགས་ལ་གཞིག་མི་ནུས་པ་ཇེ་མཁྲེགས་སུ་དམིགས་པ་སྟེ་རྣམ་བཞག་གཉིས་ཡིན་པར་རྫོགས་པའི་སངས་རྒྱས་མི་སྐྱོད་ཞབས་ཀྱིས་དངོས་སུ་བཀའ་བསྩལ་ཏོ། །བདག་མདུན་གྱི་སྒྲུབ་པ་དེ་དག་ཡང་སྒྲུབ་ཚུལ་གསུམ་ཡིན་ཏེ། ཐུན་ཕལ་ཆེར་བདག་སྐྱེད་དུ་སྒྲུབ་ཅིང་ཐུན་ཐ་མའི་མཐར་བདག་སྐྱེད་ཀྱི་གཞལ་ཡས་ཁང་ཡངས་པའི་ནང་གི་མདུན་གྱི་ཆར་མདུན་སྐྱེད་ཀྱི་རྟེན་བརྟེན་པ་བསྐྱེད་ནས་བཟླས་པ་ཅུང་ཟད་བྱེད་པ་ནི་བདག་སྐྱེད་གཙོ་བོའི་སྒྲུབ་པའོ། །ཐུན་རེ་རེ་ཞིང་ཐུན་སྟོད་བདག་སྐྱེད་ཐུན་སྨད་མདུན་སྐྱེད་ལྟ་བུ་བྱེད་ལ། གཉིས་ཀའི་རྟེན་བརྟེན་པ་ཞལ་སྤྲོད་དུ་སྒོམ་པ་ནི་ཆ་མཉམ་དུ་སྒྲུབ་པའོ། །ཐུན་དང་པོ་ལྟ་བུ་ལ་བདག་སྐྱེད་ཅུང་ཟད་བྱས་ནས་ཕལ་ཆེར་མདུན་སྐྱེད་སྒྲུབ་ཅིང་མདུན་སྐྱེད་ཀྱི་གཞལ་ཡས་


KMC013_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་གི་གྲ་ཟུར་དུ་བདག་སྐྱེད་ཀྱི་རྟེན་བརྟེན་པ་སྒོམ་པ་ནི་མདུན་སྐྱེད་གཙོ་བོའི་སྒྲུབ་པ་ཡིན་ལ། སྤྱིར་བསྙེན་སྒྲུབ་དངོས་ཀྱི་དུས་བདག་སྐྱེད་ཁོ་ན་གཙོ་ཞིང་བདུད་རྩི་རིལ་བུ་དང་དབང་བསྐུར་གྱི་སྒྲུབ་པ་སོགས་ལ་ཆ་མཉམ་མམ་མདུན་སྐྱེད་གཙོ་བོར་སྒྲུབ་པར་ཟིན་བྲིས་རྣམས་སུ་གསུངས་ལ། སྤྱིར་ནི་སྒྲུབ་ཚུལ་འདི་མཆོག་གི་དངོས་གྲུབ་ཁོ་ན་སྒྲུབ་བྱེད་ཡིན་པས་བདག་སྐྱེད་ཁོ་ནར་སྒྲུབས་པས་ཀྱང་མི་འགལ་ཏེ། ཞལ་གདམས་དང་པོར་བདག་སྐྱེད་ལས་གཞན་མ་གསུངས་ཅིང་དཀྱིལ་འཁོར་ཚོགས་རྟེན་དུ་བཞེད་པའི་ཕྱིར་དང་། རྡོ་རྗེ་མཁའ་འགྲོ་ལས། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་བདག་ཡིན་ཏེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །ཞེས་སོ། །དབང་བསྐུར་སོགས་དང་བདུད་རྩི་སྒྲུབ་པ་དང་དུས་བཟང་གི་མཆོད་པའི་ཚེ་མདུན་བསྐྱེད་གསུངས་པ་ཡིན་ལ། སྒྲུབ་ཚུལ་དེ་ཐམས་ཅད་ལ་ཡང་ལག་མཆོད་ནས་ལྡང་བའི་རྣལ་འབྱོར་གྱི་བར་གྱི་ཐུན་མཚམས་དང་རྗེས་ཐོབ་ཀྱི་བྱ་བ་ནི་སྔ་མ་ཇི་ལྟ་བ་ཉིད་དེ། འོན་ཀྱང་མདུན་སྐྱེད་ཀྱི་ཚེ་གཏོར་མགྲོན་ནི་མདུན་སྐྱེད་ཉིད་ཡིན་ལ། མདུན་


KMC013_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་ཀྱི་རྟེན་བརྟེན་པ་ནི་མ་བསྡུས་པར་ཕྱི་མའི་ཚེ་གསལ་བཏབ་པས་ཀྱང་རུང་ངོ་། །མདོར་ན་དེ་དག་གང་གིས་སྒྲུབ་ཀྱང་སྨྲ་བ་བཅད་དེ་མར་མེའི་རྩེ་མོ་ལྟར་རྩེ་གཅིག་པ་དང་ཆུ་བོའི་རྒྱུན་ལྟར་སྟངས་འགྲུས་མེད་པས་བསྒྲུབ་པར་བྱ་སྟེ། ཕག་མོའི་རྒྱུད་རྒྱ་གཞུང་དུ་མར། གསང་བ་ཆེན་མོའི་མཆོག་འདི་ནི། །ཅུང་ཟད་སྨྲ་བར་མི་བྱ་སྟེ། །ཞེས་གསུངས་ཅིང་གསུང་གི་སྲོག་དབང་དུ་བསྡུ་དགོས་པའི་ཕྱིར་རོ། །སྤྱིར་ཡང་ཡི་དམ་གསང་བ་ཉིད་དངོས་གྲུབ་ཉེ་བ་སྟེ་རྒྱ་བལ་ན་ཡི་དམ་གྱི་བྲིས་སྐུ་ཡང་ལས་དང་པོ་པས་མུ་སྟེགས་ཀྱི་ལྷའི་གསེབ་ཏུ་སྦས་ནས་འདྲི་བར་གྲགས་སོ། །གྲུབ་པའི་མཚན་མ་གཞན་ནི་མཚུངས་ལ། བདུད་རྩི་རིལ་བུའམ་ཕྱེ་མ་ལ་ནི་དེང་སང་བོད་ཡུལ་ན་མང་དུ་འཕེལ་བ་མཚན་མ་མཆོག་ཏུ་འདོད་པར་སྣང་ལ། སྤྱིར་རྒྱུད་སྡེ་གོང་འོག་ཐམས་ཅད་དུ་རྫས་ཀྱི་དངོས་གྲུབ་ཐམས་ཅད་ལ་ཐུན་མོང་དུ་དྲོ་བ་དང་དུ་བ་བྱུང་བ་དང་འབར་བ་སྟེ་གསུམ་པོ་དངོས་གྲུབ་ཐ་མ་དང་འབྲིང་དང་མཆོག་གི་མཚན་མར་བཤད་པ་ཉིད་དང་མཐུན་པར་གོ་ལ། གཞན་ཡང་། ཁ་དོགདྲི། རོ། ནུས་པ་སྟེ་བཞི་ལས་བཞི་གའམ་གང་རུང་


KMC013_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་དགོས་པར་བཞེད་དོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། མཚན་མ་རྣམས་བརྟན་པར་གྲུབ་ནས་སྤྲོ་ན་བདག་འཇུག་གི་དབང་བརྒྱ་སྟོང་སོགས་བླངས་ནས་མཐར་སིནྡྷུ་རའི་མཎྜལ་ཕྱི་ནང་དང་དར་གྱི་དཀྱིལ་འཁོར་རང་གི་ལྟེ་བར་བསྟིམ། བདུད་རྩི་དངོས་གྲུབ་ཏུ་སྤྱད་ཅིང་དམ་ཚིག་གི་རིལ་བུའང་བྱ། དར་དམར་དེས་ཐོད་པ་དྲིལ་ཏེ་སིནྡྷུ་ར་དང་ལྷན་ཅིག་སྤྱོད་པའི་དོན་དུ་ལུས་ལ་བཅང་། བུམ་ཆུས་ཁྲུས་བྱ་ཞིང་བཏུང་། རྡུལ་ཚོན་གྱི་དཀྱིལ་འཁོར་ཁྱམས་ཀྱི་བར་བསྟིམ་ཞིང་ནང་དུ་ཕྱགས་ནས་འབྲས་བུ་ཅན་གྱི་ཤིང་དྲི་ཞིམ་ཞིང་དམར་བས་ཁང་ཐབས་ཀྱི་ཆོས་འབྱུང་གི་དབྱིབས་སུ་སོར་བཅུ་གཉིས་ཀྱི་ཚད་དུ་བརྩིགས། ཚོགས་ཅན་མའམ་རྒྱལ་པོའི་མེ་སྙིང་པོའི་སྔགས་ཀྱིས་སྦར་ཏེ་དབུས་སུ་བཅུག་ནས་བུད་ཤིང་གིས་བྲན་རླུང་གཡབ་དང་མར་ཁུས་གསོ། ལྷ་མོ་ལྔ་ཡེ་ཤེས་ཀྱི་མེ་ལྟར་ལྷུན་གྲུབ་ཏུ་བཞུགས་པ་ལ་སྨན་དང་དྲི་དང་འབྲུ་དང་དར་ཟབ་དང་རིན་པོ་ཆེ་དང་ཁ་ཟས་དང་ཨུཏྤལ་དམར་པོ་གཙོ་ཆེ་བའི་མེ་ཏོག་གི་རིགས་སྣ་ཚོགས་དང་དངོས་གྲུབ་ཏུ་འདོད་པའི་ཡོ་བྱད་རྣམས་ཐམས་ཅད་བསང་སྦྱངས་བྱིན་གྱིས་བརླབས་པ་སྙིང་པོ་དང་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next