Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཅིག་པ།

0 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
སྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་གཏན་ཚིགས་གཉིས་པ། སློབ་དཔོན་བི་མ་ལ་མི་ཏྲ།
  
  
  
  
  
  
  
  
  
  
  
  
  
  
  
  
  


0 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་གཏན་ཚིགས་གཉིས་པ། སློབ་དཔོན་བི་མ་ལ་མི་ཏྲ།next

སྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་གཏན་ཚིགས་གཉིས་པ། སློབ་དཔོན་བི་མ་ལ་མི་ཏྲ།

སྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་གཏན་ཚིགས་གཉིས་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གཏན་ཚིགས་གཉིས་རྗེས་རིགས་འབྲངས་ནས། །རང་ཉམས་གོམས་པའི་རིག་པ་ཡིས། །རྣམ་པ་མཚན་ཉིད་འབྲས་བཅས་པའི། །སྦྱིན་སྲེག་རིམ་པ་བཤད་པར་བྱ། །ལས་འདི་ལུང་གིས་བསྒྲུབ་བྱས་ན། །སྦྱིན་སྲེག་རྣམ་པ་ངེས་ཚིག་དང་། །ཡོན་ཏན་རྣམ་པ་གསུམ་དུ་མཚུངས། །དང་པོ་ཕྱི་ནང་གསང་བ་ལ། །རང་བཞིན་ཐུགས་རྗེ་ཆེན་པོ་དང་། །ལྷག་པའི་གཟུགས་བརྙན་གསུམ་དུ་བཤད། །ཏིང་འཛིན་ལྷག་པའི་ལོངས་སྤྱོད་ན། །ཁམས་བཞི་ཁམས་གསུམ་གསང་བར་བཤད། །རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུ་མ་ལུས་རྒྱས་བཏབ་པས། །མ་དམིགས་མི་དམིགས་དམིགས་སུ་མེད། །ཐམས་ཅད་རང་རིག་ཁྲོ་བོར་གསལ། །དམིགས་མེད་ཉིད་ལས་དབང་བསྒྱུར་བས། །ཇི་ལྟར་བལྟས་པ་དེར་སྣང་སྟེ། །ཐབས་དང་ཤེས་རབ་ལྡན་པ་ལས། །མཛད་མའི་སྤྲོས་པ་ངང་གིས་མེད། །ནམ་མཁའི་མཁའ་དབྱིངས་དང་བ་ཡི། །ཡིད་བཞིན་སྤྲིན་ཚོགས་རྣམ་འབྱུང་བ། །སྣ་ཚོགས་འབྱུང་ཞིང་འོད་འཕྲོ་འབར། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །འགྲོ་བ་སྣ་ཚོགས་དོན་བྱེད་པ། །འདི་ནི་བྱང་ཆུབ་མཆོག་ཏུ་གསུངས། །ཅིག་ཤེས་ལས་ཀྱི་གཙོར་གྱུར་པ། །རྒྱས་པར་ཕྱེ་ནས་ཤེས་པར་བྱ། །དབུ་མའི་དང་པོ་གཉིས་ཡིན་ཏེ། །ཡེ་ཤེས་རང་རིག་རྟགས་ཀྱི་ཧོམ། །རང་དང་སྤྱི་རུ་བསྟན་པ་དང་། །སེམས་ཀྱི་ཕྲག་དོག་ཐམས་ཅད་ཀུན། །བདག་མེད་རང་རིག་ཡེ་ཤེས་ཀྱིས། །དངོས་པོ་གཉིས་མེད་རྟོགས་བྱས་པས། །དངོས་པོ་དངོས་མེད་བག་ཆགས་བསྲེགས། །དེ་མིང་ཡེ་ཤེས་མེ་ཞེས་བྱ། །སྲིད་གསུམ་བསྲེག་པའི་མེ་ཡིན་ཏེ། །ཡིད་ཀྱི་ཡེ་ཤེས་མེ་རུ་འབར། །སྨན་བཅུད་ལེན་གྱི་དུག་སྦྱོང་བཞིན། །ཕྱི་དང་ནང་གི་དྲི་མ་དག །བདག་དོན་གཉིས་ཀྱིས་འདག་པར་བྱེད། །གསལ་ཞིང་བཞག་པར་བྱ་བ་མེད། །རང་སྣང་ཏིང་འཛིན་ཡེ་ཤེས་རམ། །རི་རབ་གླིང་སོགས་ཁམས་གསུམ་སྦྱོང་། །རི་རབ་དག་པའི་རང་རིག་གིས། །སྐུ་གསུམ་རང་བཞིན་མཐོང་བར་འགྱུར། །གོམས་པས་བཞི་འཇོམས་ངན་སོང་སྤྱོད། །ཏིང་འཛིན་ལས་ཀྱི་མཆོག་ཏུ་བཤད། །ཤེས་རབ་དབང་གི་དཀྱིལ་འཁོར་དུ། །སྤྱོད་ཡུལ་རྫས་རྣམས་བསྡུས་ནས་ནི། །ལྷང་ངེ་ལྷན་ནེ་འོད་དུ་ཞི། །ཞི་གྱུར་དབྱིངས་ནས་ཕྱག་རྒྱ་འབར། །རིགས་ཚོགས་ལྷ་ཡི་དཀྱིལ་འཁོར་དུ། །གསལ་བར་གྱུར་ཀྱང་དེ་བཞིན་པས། །སྤྱོད་ཡུལ་དག་པས་ནང་དུ་གསུངས། །རང་ལུས་འབྱུང་བའི་དཀྱིལ་འཁོར་དུ། །ལུས་ལ་རྩ་དང་དུར་ཁྲོད་ཀྱི། །གཞལ་ཡས་ཁང་ལ་གོམས་པར་བསྒོམ། །མྱོང་བྱེད་ཀུན་གྱི་ཞལ་བསམས་ཏེ། །རྫོགས་དང་བཀོད་པའི་ལྷ་རྣམས་ཀུན། །ཏིང་འཛིན་གསལ་བར་ཡིད་ཀྱིས་སྦྱར། །ཡེ་ཤེས་དཀྱིལ་འཁོར་ཞུགས་པར་བྱ། །བསྒྲུབ་བྱ་འོད་ཀྱི་ངེས་སྦྱར་བའི། །ལོངས་སྤྱོད་ཡེ་ཤེས་ལྔས་སྦྱངས་ལ། །བྲིས་སྤར་རྩེ་ལྔའི་དགང་བླུགས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །བསམ་གཏན་བཞི་བཅས་ལས་ཉིད་ཀྱིས། །འབྲས་ལྡན་སྤྱོད་ཡུལ་དག་འགྱུར་ཞིང་། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །མཆོད་སྦྱིན་རྒྱ་ཆེ་རྣམ་གཉིས་ཀྱིས། །ཚོགས་གཉིས་རྒྱུན་དུ་རྫོགས་པར་བྱེད། །སུམ་མདོག་སྙིང་ལྐོག་ལྟེ་འབྱུང་བཞི། །ཁ་དོག་ལས་བཞིའི་དཀྱིལ་འཁོར་ལ། །ཡེ་ཤེས་སྙིང་པོ་མ་ལུས་ཞལ། །ཐུགས་ལས་ཡེ་ཤེས་མེ་འབར་བས། །ལས་ཀྱི་མེ་བསྐུལ་བདེ་བ་དྲངས། །ངེས་པར་ཞལ་དུ་ཆུད་པ་ན། །མ་ལུས་མཉེས་པའི་དགྱེས་པ་ཡིས། །ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་འགྱུར། །མཚན་མ་རྣམ་རྟོག་ཀུན་སྦྱོང་ཞིང་། །རྟོགས་དཀའ་ཡེ་ཤེས་མངོན་དུ་འགྱུར། །ཁམས་གསུམ་བཅོ་བརྒྱད་བདག་ཉིད་དེ། །མ་ལུས་རྩ་བར་འདི་ཞེས་བྱ། །གསལ་ལྡན་མ་འམ་བྱིན་བརླབས་ལ། །རྣམ་བཞི་དབྱིབས་དང་ཧོཾ་ཁུང་དུ། །ལས་ཀྱི་བདེ་བ་ལྷ་བསྐྱེད་ཅིང་། །སྟོང་གསུམ་ཡུངས་འབྲུར་ཞུགས་ཚུལ་ཏུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་ཏེ། །ཡུངས་འབྲུ་མེ་ལྷའི་ཞལ་ཉིད་དུ། །རྡོ་རྗེ་དགང་བླུགས་བཅས་པ་ཡིས། །དཀར་དམར་དག་གི་མཆོད་སྦྱར་ནས། །རང་བཞིན་རྣམ་པ་གཉིས་ཀྱི་ལྷ། །མཉེས་དང་འགྲོ་མང་བདེ་ཐོབ་འགྱུར། །དུས་བཞིར་སྦྱིན་སྲེག་མཆོད་སྦྱར་ན། །ཐུན་མོང་མཆོག་གི་ཡོན་ཏན་རྣམས། །དཀའ་བ་མེད་པར་ལེན་པར་གསུངས། །འཇིག་རྟེན་དམ་ཚིག་རྣམ་སྤངས་པ། །ཇི་བཞིན་དོན་སྟོན་མིང་ངེས་ཚིག །དེ་ཕྱིར་སྦྱིན་གཉིས་སྟོང་དང་ཐོབ། །རྫས་རྒྱུན་ཤེས་རབ་ཏིང་འཛིན་མེ། །བྱིན་རླབས་གཏོང་དང་རྣམ་པ་ལྔ། །འཛིན་མེད་བློ་ནི་དོན་གྱི་མིང་། །བྱིན་རླབ་ཡོན་ཏན་རྣམ་པ་གསུམ། །གཟུགས་བརྙན་མེ་ལོང་ཚུལ་བཞིན་དུ། །སྣང་བས་ཐོབ་པས་རིམ་པར་བཤད། །རྫས་སྦྱོར་བ་དང་བདག་གཞན་གྱི། །སྤྱོད་ཡུལ་རྒྱུ་རྐྱེན་བཅས་པ་ཡི། །དག་བྱེད་མིང་ངེས་ཚིག་ཅེས་བྱ། །ལྷག་པའི་གཟུགས་བརྙན་ཁས་བླངས་པ། །གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུགས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །རི་བོ་འདུས་པའི་རྩེ་དག་དང་། །ཆུ་གླིང་འཇམ་པའི་ས་ཕྱོགས་སུ། །དང་བར་བྱེད་པའི་ལས་རྣམས་བརྩམས། །ནགས་ཚལ་སྨན་ལྗོངས་མེ་ཏོག་ཚལ། །ལྷུན་སྡུག་རི་བོ་རྒྱས་པར་བཤད། །སུམ་མདོ་ཆུ་བོ་འདུས་པ་དང་། །བཞི་མདོ་ཁང་སྟོང་སྡུད་ཤེས་བྱ། །དུར་ཁྲོད་གནས་པའི་ས་ཕྱོགས་སུ། །ལྷག་མ་བརྩམས་ན་ངེས་པར་འགྲུབ། །རང་བཞིན་ནུས་མཐུ་ལྡན་པའི་ཕྱིར། །ཤིན་ཏུ་གཅེས་པར་བསྟན་པ་ཡིན། །གཉིས་པ་རྣམ་པ་ལྔར་བཤད་དེ། །མེ་ཡི་རྫས་ཉིད་སྲེག་ཤིང་ནི། །རྩེ་མོ་ཞི་བྱེད་ཡལ་ག་རྒྱས། །སྡོང་པོ་དབང་རྩ་མངོན་སྤྱོད་དོ། །ཁ་དོག་ལས་ཀྱི་སྦྱར་བར་བྱ། །ཤུག་པ་ཙན་དན་དཀར་པོ་དང་། །ཨུ་དུམ་བ་ར་འོད་མའི་ཤིང་། །ཞི་རྒྱས་ཡམ་ཤིང་ཤེས་པར་བྱ། །དམར་ལ་དྲི་ཞིམ་ཤིང་རྣམས་དང་། །དུག་ཤིང་ཚེར་མ་ཅན་དག་ལ། །ཚིལ་བྱུག་དབང་དྲག་མེ་སྦར་རོ། །བསྒྲུབ་བྱའི་དམ་རྫས་གོས་སོགས་དང་། །ལོངས་སྤྱོད་དེ་བཞིན་ཤེས་པར་བྱ། །དུག་དང་ཚང་བ་ས་གསུམ་དང་། །ཤ་ཆེན་ར་དང་བ་གླང་ཤ །མཆོག་ཏུ་གསོད་པར་བྱེད་པ་ཡིན། །སྐྱུར་བ་དབང་སྟེ་ལིངྒའི་རྫས། །འོ་མ་འབྲས་ཆན་དངུལ་ཕྱེ་དང་། །མེ་ཏོག་དཀར་པོའི་གཏོར་མ་ཞི། །ལྡོང་རོས་བྲོ་ཆན་ཞོ་དང་ཕྲུམ། །མེ་ཏོག་གསེར་ཕྱེ་རྒྱས་པའོ། །ཟངས་ཕྱེ་བུ་རམ་འབྲས་དམར་ཆན། །རམ་བུ་པདྨ་རཀྟ་སྦྱར། །ཐམས་ཅད་སྡུད་པའི་གཏོར་མ་ཡིན། །དུག་རྣམས་ལྕགས་ཕྱེ་རྡོ་ཕྱེ་དང་། །ར་ཁྱིའི་ཁྲག་དང་ཤ་ཆེན་དང་། །དུར་སོལ་མུ་ཀའི་ཆན་རྣམས་ནི། །གསོད་བར་བྱེད་པའི་གཏོར་མ་ཡིན། །མར་དཀར་ཏིལ་དཀར་འབྲས་ཆན་དཀར། །མངར་གསུམ་ཙན་དན་དཀར་པོའི་ཤིང་། །ཐམས་ཅད་ཡེ་ཤེས་བདུད་རྩི་སྟེ། །ཐམས་ཅད་ཡེ་ཤེས་མེར་སྐྱེད་དོ། །ཞོ་དང་མར་རྙིང་བུ་རམ་སྦྲང་། །རྒུན་འབྲུམ་སྟར་ཀ་ཤ་ཆེན་དང་། །དྲི་ཞིམ་གསེར་ཤིང་རྒྱས་པ་སྟེ། །དན་ཏི་ལི་དང་ཤང་ཚེ་དང་། །སྐེ་ཚེ་ཚ་བའི་མར་དག་དང་། །དམར་པོའི་ཤིང་དང་འབྲས་དག་གིས། །ཐམས་ཅད་འགུགས་པའི་མཆོག་ཏུ་གསུངས། །དུག་དང་ཚིལ་ཆེན་སྐེ་ཚེའི་མར། །སྲན་ཆེན་ཁྲག་སྣ་ཚོགས་པ་དང་། །ཚེར་མ་བ་གླང་ཤ་ཡིས་གསོད། །འབྲས་བུ་དོན་ཕྱིར་འཚོགས་པར་བྱའོ། །ས་གཞི་ལེགས་པར་སྦྱངས་བྱས་ནས། །དཀྱིལ་འཁོར་ཟླུམ་པོ་རིམ་པ་གསུམ། །ཁྲུ་གང་དཔངས་དང་ཞེང་དུ་ཡིན། །ཟབ་དང་གྱེན་ནི་ཕྱེད་དུ་བཤད། །འཁོར་ལོ་ༀ་གྱི་སྙིང་པོ་ཅན། །རྡོ་རྗེ་འཁོར་ལོ་མེ་འོད་རིམ། །མདའ་བཞི་ཞགས་པ་དཀར་པོས་དཀྲིས། །གཞན་ཡང་འཁོར་ལོ་རྩིབས་བཞི་ལ། །རིགས་བཞི་ཕྱག་རྒྱ་རིམ་ཤེས་བྱ། །ༀ་དང་སེང་མགོ་སྤེལ་བ་ཡིས། །མུ་ཁྱུད་བསྐོར་བ་ཕྱི་རུ་བཤད། །ཐམས་ཅད་ཞི་བྱེད་དཀྱིལ་འཁོར་ཡིན། ༈ །ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར། །ཁྲུ་གང་ལ་སོགས་རྗེས་སུ་མཐུན། །རྡོ་རྗེ་རིན་ཆེན་ཞགས་པས་བསྐོར། །དབུས་སུ་རིན་ཆེན་ཏྲཱཾ་སྙིང་ལྡན། །གཞན་ཡང་རིན་ཆེན་གཉིས་དབྱིབས་སུ། །རིམ་པ་ལ་སོགས་རྗེས་སུ་སྦྱོར། །ཞགས་པ་སེར་པོ་མདའ་བཞིས་བསྐོར། ཐམས་ཅད་འཕེལ་བྱེད་དཀྱིལ་འཁོར་ཡིན། ༈ །ཧོཾ་ཁུང་ཟླ་གམ་གདེངས་པ་ལ། །རྡོ་རྗེ་པདྨ་འོད་འབར་དང་། །ལྕགས་སྒྲོག་གཏམ་པས་མཛེས་པར་བྱ། །པདྨ་ཧྲཱིཿཡི་སྙིང་པོར་ལྡན། །གཞན་ཡང་འདབ་བརྒྱད་དེ་བཞིན་དུ། །མཐའ་མ་ལྗོན་ཤིང་མཛེས་པར་བསྐོར། །མདའ་བཞི་ཞགས་དམར་སྡུད་པ་ཡིན། །དཀྱིལ་འཁོར་གྲུ་གསུམ་བརྩེགས་པ་ལ། །དུར་ཁྲོད་ཐལ་སོགས་ཁྱབ་པར་སྦྱོར། །རྩེ་གསུམ་རྡོ་རྗེ་གདེངས་པ་དང་། །ཐོ་བ་ལྕགས་ཀྱུ་གཏམ་པས་བསྐོར། །ཧཱུཾ་བཅས་རྡོ་རྗེ་སྙིང་པོ་ཡིན། །མདའ་བཞི་ཞགས་པ་ནག་པོ་དཀྲི། །གཞན་ཡང་ཞལ་གདངས་སྤྱན་བགྲད་པའི། །ཁྲོ་ཞལ་ཤིན་ཏུ་འཇིགས་པར་བྱ། །མེ་དཔུང་འབར་བས་རབ་མཛེས་པ། ༈ །འདི་ནི་གསོད་པའི་མཆོག་ཏུ་གསུངས། །བོངས་ཆུང་ལུས་མཛེས་ཟླ་བའི་མདོག །གཡས་འཁྱིལ་ལུས་ཀྱང་དེ་བཞིན་ཤེས། །སྐད་གསལ་སྔགས་ཟློས་ཡིད་མི་སྐྱོ། །ཁྲོ་སྤངས་དེ་ནི་ཞི་བར་སྦྱར། །བན་གླང་སོར་མོ་གྲུ་བཞི་མ། །རྣ་བ་འགྲམ་གླང་རིང་ཤ་རྒྱས། །ཡན་ལག་ཟླ་མང་ལས་ལ་མཁས། །དལ་ཞི་བློ་གྲོས་ལྡན་པ་ནི། །འཕེལ་བའི་དུས་སུ་ཤེས་པར་བྱ། །དམར་པོ་ཟླ་གམ་མཛེས་པའི་ཞལ། །ཡལ་ག་རྒྱུ་ནས་རྣམ་སྤངས་པའི། །ཐབས་མཁས་བརྩོན་འགྲུས་ལྡན་པ་ནི། །ཐམས་ཅད་སྡུད་པར་བྱེད་པའི་མཆོག །ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་ཅན་ལ་གེགས་བག་ཆགས། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །སྔགས་ཟློས་བརྟུལ་ཞུགས་ལྡན་པ་ནི། །ཐ་མའི་དུས་སུ་འདི་ཤེས་བྱ། །རང་རིག་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་བསྒྱུར་བདག་ཕྱིར། །བསྒྲུབས་པའི་གཙོར་བོར་འདི་གསུངས་སོ། །མ་ལུས་སེམས་ཕྱིར་མཐའ་བྲལ་ཕྱིར། །རང་བཞིན་རྣམ་དག་མངོན་དུ་བྱ། །སེམས་གཏེར་རྟོག་ཚོགས་དཀྱིལ་འཁོར་ཕྱིར། །བྱིན་རླབས་སྡུད་འཕེལ་སྔོན་དུ་བསྒོམ། །ཐམས་ཅད་བདག་ཕྱིར་ཐ་མི་དད། །ཤིན་ཏུ་ཞེན་པ་ཉིད་ཀྱིས་འགྲུབ། །ཆགས་པ་ཆེན་པོ་ཉིད་དུ་བཤད། །རང་བཞིན་གཅིག་ཕྱིར་དངོས་མེད་འཇིག །ལོག་རྟོག་ཁྲོས་པའི་སེམས་ཀྱིས་བསྐུལ། །ཡང་དག་ཞེ་སྡང་ཆེན་པོར་གསུངས། །བདག་གཞན་གནོད་པའི་སེམས་དང་ནི། །སྦྱོར་བ་ངན་པའི་རིགས་སྔགས་ལས། །ཁམས་རྐྱེན་ལས་གྱུར་གནོད་མང་བ། །ཉོན་མོངས་བག་ཆགས་སྡུག་བསྔལ་རྣམས། །ཐབས་ཕྱིར་ཅིག་ཀྱང་མི་དོར་བྱ། །ཡོན་ཏན་འཕེལ་བ་མེད་ཉུང་ཕྱིར། །ཚེ་དང་ལོངས་སྤྱོད་སྒོ་གསུམ་གྱི། །ཡོན་ཏན་མངོན་པར་མི་ལྡན་པ། །འཇིག་རྟེན་པ་དང་འདས་པ་ཡི། །ཡོན་ཏན་བསྡུས་ཏེ་བསྟིམ་པ་དང་། །སེམས་ནི་རིན་ཆེན་གཏེར་གྱི་ཕྱིར། །བྱིན་རླབས་འཕེལ་བས་སྣང་བར་འགྱུར། །མོས་འདུད་མེད་པའི་ལས་རྐྱེན་ཅན། །ལས་གསུམ་བདག་གཞན་དོན་གྱི་ཕྱིར། །གསུམ་པའི་ལས་ལ་སྦྱར་བྱ་བཞིན། །ལྷ་ཡང་དེ་བཞིན་ཤེས་པར་བྱ། །ཞིང་བཅུར་གྱུར་པའི་སེམས་ཅན་ནི། །དམ་པའི་ཆོས་འཇིགས་མ་རུངས་པ། །དཔའ་བོས་དགོས་པ་ཡོད་པའི་ཕྱིར། །ཀུན་ལ་ཕན་པས་དེ་བསད་བྱ། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །སྟེང་འོག་ལོགས་སུ་ཁྲོ་བཅུ་བསྒོམ། །འཕྲོ་འདུ་བདེ་གཤེགས་ཕུར་བུ་ལ། །སྔགས་དང་ཕྱག་རྒྱས་བྱིན་རླབས་པ། །མཐའ་བསྐོར་ཡན་ལག་སྙིང་ལ་སྦྱར། །གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་གྲུ་བཞི། །ལྷ་རྣམས་དེ་བཞིན་རིན་ཆེན་ཁྲོ། །ཟུར་བཞིར་གནས་པ་ལུས་གནས་བཞིར། །བཏབ་པས་ཡོན་ཏན་འདུ་བར་བསམ། །ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །དེ་བཞིན་ཆགས་པའི་ཕུར་བུར་ཤེས། །ཟླ་གམ་མཐའ་ལྔར་དབང་པོ་སྦྱར། །དེ་དག་བསྒྱུར་ཏེ་འདུས་པར་བྱ། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །དེ་བཞིན་རྡོ་རྗེ་ཕུར་བརླབས་ལ། །ཟུར་གསུམ་ལུས་ངག་སེམས་ལ་སྦྱར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལས་བྱེད་ཉི་ཤུ་གཅིག་ཏུ་གསུངས། །སྦྱིན་དང་བསྲེག་པའི་ལྷ་གཉིས་ཏེ། །སངས་རྒྱས་རིགས་ཀྱི་སྤྲུལ་པའི་ཕྱིར། །ལས་ཐམས་ཅད་ལ་ཐོགས་མེད་འཇུག །སྐུ་མདོག་ཆ་ལུགས་ལས་བཞིས་ཤེས། །གནྡྷེ་སྒྲོམ་ཞགས་ཏྲི་ཤུལ་འཛིན། །རིགས་ཀྱི་ཕྱག་རྒྱས་གདབ་པར་བྱ། །ༀ་ཏྲཱྃ་ཧྲཱི་ཧཱུྃ་ས་བོན་སྙིང་། །ཨགྣེ་དེ་བ་ལས་བཞིའི་སྔགས། །འོད་འཕྲོ་ལྡན་པ་འཁོར་བར་བསྒོམ། །ཞལ་ཕྱིར་སྦྱིན་པའི་ལྟར་བཤད་དོ། །གཟུགས་བརྙན་ལྟ་བུའི་གཞལ་ཡས་ནི། །འོད་ཟེར་འབར་བས་ཁྱད་པར་སྦྱར། །རྒྱལ་པོ་ལུས་མཛེས་འཁོར་ལོ་འཆང་། །རྒྱན་རྣམས་ཞི་ལ་དཀར་བ་དང་། །འོད་ཟེར་མཆོག་རབ་ལྷན་ནེར་བསྒོམ། །ཁྲོ་བོའི་དཀྱིལ་འཁོར་མ་ལུས་པ། །ཀུན་ཀྱང་གཏི་མུག་རྡོ་རྗེའི་ཚུལ། །འཁོར་ལོ་འོད་ཟེར་ལྡན་པ་ཡིས། །ཁམས་གསུམ་མ་ལུས་ཁྱབ་པར་སྦྱར། །ས་བོན་ༀ་དང་རང་སྔགས་ལྡན། །གཞན་ལའང་དེ་བཞིན་ཤེས་པར་བྱ། །རིན་ཆེན་དགའ་འཕྲོ་སེར་སྐྱ་ནི། །འོད་ཟེར་འབར་བ་རིན་ཆེན་ཅན། །སྔགས་སོགས་གཞན་ནི་སྔ་མའི་ཚུལ། །སྤྲུལ་པ་རྗེས་སུ་མཐུན་པ་སྟེ། །ཛཿཧཱུྃ་བྃ་ཧོཿལྡན་པར་བྱ། །འདོད་ཆགས་རྡོ་རྗེ་ལྕགས་སྒྲོག་སད། །མདོག་ནི་དམར་སྨུག་འོད་པོ་ཆེ། །སྔགས་ནི་ཡི་གེ་ར་དང་ཧྲཱིཿ ཕྱོགས་བཅུར་ཁྱབ་ཅིང་ཧྲི་ལ་བསྡུ། །གཞན་ཡང་དེ་བཞིན་ཤེས་པར་བྱ། །ཞེ་སྡང་རྡོ་རྗེ་གཏུམ་ཆེན་འབར། །དུད་ཁང་ནག་པོའི་མདོག་འདྲ་ལ། །འབར་བ་སྔོ་དམར་མེ་སྟག་འཁྲུག །ཉི་མ་ཐོད་སྦྲུལ་གདུག་པས་བརྒྱན། །སེང་གེ་གླང་ཆེན་སྟག་རྔམས་དང་། །སྦོད་སྟོང་རྔམ་པའི་ཕྱག་རྒྱར་ལྡན། །སྒྲ་སྐད་དྲག་པོས་ཁམས་གསུམ་འཁྲུག །སྒྲུབ་བྱེད་ཕྱག་རྒྱ་གོམས་པ་ཡིས། །གང་ལ་དམིགས་པ་འགྲུབ་པར་བྱེད། །དབྱར་སྟོན་རྒུན་དཔྱིད་ལས་རིམ་དང་། །སྔ་དྲོ་གུང་དགོང་ནམ་ཕྱེད་དུས། །ལས་རིམ་བརྩམས་ན་ཤིས་པར་བཤད། །རྫས་དང་ཡོ་བྱད་ལྡན་བྱས་ལ། །ས་གཞི་སྦྱངས་ཏེ་གཟུགས་བརྙན་སྦྱར། །སྟོངས་འགྱུར་མགོན་ལ་ལས་བཅོལ་ཞིང་། །ཀུན་ཀྱང་ཚིམ་ཞིང་བགོ་བྱ་ཞིང་། །ཤིང་གཉིས་མཆོད་རྫས་ལེགས་བཀོད་དེ། །ཁ་དོག་མེ་དར་ལེགས་པར་དགབ། །ལིངྒའི་གནས་ནི་གཟུགས་བརྙན་ཚུལ། །མིང་རུས་ལྡན་པ་ཕུར་བུས་བསྐོར། །རྡོ་རྗེ་གུར་གྱིས་ཕྱོགས་བཅིངས་བྱ། །ཉི་མ་ཟླ་བ་གཉིས་གཉིས་ཀྱིས། །གཞོང་པ་སྣོད་ཀྱི་རྫས་རྣམས་ལ། །ལས་ཀྱི་ཧཱུྃ་ལ་འབྲུ་ལྔ་བཀོད། །འཕྲོ་འདུ་བདུད་རྩི་ཁ་དོག་ལྡན། །མང་ཞིང་སྣ་ཚོགས་རོ་ལྡན་བྱ། །དཀྱིལ་འཁོར་ལས་ཀྱི་གཞུང་བསྲང་ལ། །སྣ་ཚོགས་མཆོད་ཡོན་རྒྱས་པར་འབུལ། །ཚོགས་ཀྱི་འཁོར་ལོ་ལེགས་པར་བརྟག །མཆོད་པ་ཆེན་པོ་སྦྱར་བར་བྱ། །ས་བོན་རང་གི་འབྲུ་འོད་ཟེར། །ཡེ་ཤེས་དཀྱིལ་འཁོར་བསྐུལ་བ་དང་། །ཁམས་གསུམ་བྱིན་རླབས་བསྡུ་བྱ་སྟེ། །བསྒྲུབ་བྱ་ཉེ་བར་སྦྱར་བྱ་ཞིང་། །སྲོག་དང་ལྡན་པའི་བཟླས་པ་ནི། །ཞལ་གྱི་རང་སྔགས་ཁྲི་འབུམ་དུ། །རྣམ་གསུམ་ཚུལ་གྱིས་བྱ་བ་དང་། །ཤིན་ཏུ་སྟོངས་འགྱུར་རྒྱས་པར་བྱའོ། །ཁམས་གསུམ་གང་བའི་དཀྱིལ་འཁོར་ནི། །རྔམ་ཞིང་འོད་ཟེར་འབར་བར་བསྒོམ། །བདག་ཉིད་འཛིན་པའི་ཕྱག་རྒྱ་སྟེ། །མཚན་མ་གཟུངས་ནས་རང་སྔགས་འདོན། །རོལ་པའི་བཀའ་ཉན་ཕོ་ཉའི་ཚོགས། །ཕྱག་རྒྱ་བཞི་ལྡན་སྒྲ་སྐད་དྲགས། །ཁམས་གསུམ་དཀྲུག་ཏེ་ཕྲལ་བྱས་ནས། །བསྒྲུབ་བྱ་མངོན་དུ་སྦྱར་བར་བྱ། །ལན་གསུམ་ལན་བདུན་མདོན་བྱེད་པ། །ཧཱུྃ་དང་ཛཿདང་སྥོ་ལ་སོགས། །འདྲེན་པའི་མཆོག་ཏུ་དེ་གསུངས་སོ། །བརྟན་ནས་རང་བཞིན་གཏོར་མ་སྦྱིན། །ཏིང་འཛིན་སོ་སོར་ལེགས་པར་སྦྱར། །རྣམ་ཤེས་ལུས་བཅུད་ཡིད་བསྡུས་པ། །གསུམ་བསྡུས་ལྷག་མས་སྤྲོ་བྱས་པ། །བརྙན་མའི་ཚུལ་དུ་གསལ་བར་བྱ། །རང་ཕུར་གསལ་བྱས་ས་བོན་རྩེ། །ནྲྀ་སོགས་དེར་བསྡུ་གནས་བསྟིམ་པ། །འདོད་བཞིན་ཏིང་འཛིན་བཞི་ཤེས་བྱ། །ཡུངས་དཀར་བཅས་བསྐུལ་འོད་འཚེར་དབབ། །ཇི་ལྟར་དམིགས་པ་འགྲུབ་པར་བསམ། །མཚན་མ་མིང་དུ་བསྡུས་པ་ལ། །མཁའ་ལ་འོད་འཕྲོས་བག་ཆགས་སྦྱང་། །རང་རྒྱུད་ས་བོན་ཨར་གྱུར་པ། །མ་སྐྱེས་དབྱིངས་ནས་གསལ་བའི་ཧཱུྃ། །ཚོན་གང་འོད་ཀྱི་སེམས་དཔའ་ཆེ། །ཇི་ལྟར་སྔོན་གྱི་དེ་བཞིན་དུ། །སྨོན་པ་བྱང་ཆུབ་ལམ་དུ་ཞུགས། །ལྷག་མའི་སྐབས་ལས་ཤེས་པར་བྱ། །ཕྱེད་ནི་རིལ་བུ་འམ་མཚོན་ཆ་ལྔ། །རྡུལ་དུ་བྱས་ཏེ་ཐོད་པ་དགང་། །རྗེས་སུ་མཐུན་པའི་གཞལ་ཡས་སུ། །སྦྱིན་ལྷ་སོ་སོ་གདན་ལྡན་བསྒོམ། །མེ་དཔུང་འབར་བའི་ཚོགས་ཆེན་དུ། །མེ་ལྷ་ཨགྣེ་ཛཿབཀུག་ནས། །ཕྱག་རྒྱ་བཞི་ཡིས་ངེས་སྦྱར་ལ། །རཾ་ཞེས་བྱ་བས་མེ་སྦར་ཏེ། །གཟར་བུ་རིགས་ཀྱི་མཚན་བཅས་པས། །མཆོད་ཡོན་བདུད་རྩི་རྒྱས་པར་དབུལ། །དེ་དབུས་འཁོར་ལོ་གསལ་བརྟག་སྟེ། །གཉིས་པའི་ལྷ་རྣམས་སྤྱན་དྲངས་བསྟིམ། །མར་དང་ཤིང་བུ་ཆན་ལ་སོགས། །དམར་གྱི་ཨརྒ་རྒྱུན་དུ་དབུལ། །གཅིག་མིན་ཐམས་ཅད་བདུད་བརྩིར་གསོལ། །ཡང་ན་ལན་གསུམ་བརྒྱ་རྩ་བརྒྱད། །སྟོང་ངམ་འབུམ་དུ་དབུལ་བར་བྱ། །དུག་གསུམ་མཆོད་པའང་དེ་བཞིན་ཏེ། །དབང་མེད་ཞལ་དུ་ཐིམ་པར་འགྱུར། །མིང་དང་ལས་བཞིའི་སྔགས་ཀྱིས་དབུལ། །འགྲུབ་འགྱུར་ཐེ་ཚོམ་མེད་པར་བཤད། །གཟུགས་བརྙན་ལུ་གུ་རྒྱུད་བསྐོར་ལ། །ཨེ་ལ་སོང་བའི་དཀྱིལ་འཁོར་དུ། །རྗེས་སུ་མཐུན་པའི་ལྷ་བསྒོམས་ལ། །སླས་དང་བྱི་མོའི་ཚོགས་ཀྱིས་བསྐོར། །ཁམས་གསུམ་གང་བར་སྦྱར་བར་བྱ། །སྲོག་དང་ལྡན་པའི་བྲོ་སྟབས་གར། །ཕྱོགས་བཅུ་མ་ལུས་ཀུན་བཏུལ་ནས། །བསྒྲུབ་བྱ་དབུས་སུ་ལེགས་བརྟགས་ཏེ། །ས་བོན་འོད་ཟེར་ལས་བཞིན་དུ། །བསྟིམས་ནས་བསམ་པ་བཞིན་དུ་འགྲུབ། །རྗེས་སུ་མཐུན་པར་སྨོན་ལམ་གདབ། །ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཐལ་བ་བཞིན་དུ་བརླག་ནས་ཀྱང་། །དྲག་པོའི་ལས་རྣམས་སྒྲུབ་པར་མཛོད། །འདོད་ཆགས་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་མ་ལུས་ཀུན། །སྐད་ཅིག་ཕུད་ཀྱིས་དབང་མཛད་དེ། །དབང་དུ་མ་གྱུར་མེད་པ་མཛོད། །ང་རྒྱལ་རྡོ་རྗེ་འཁོར་བཅས་པས། །གཟི་བརྗིད་ལྡན་པའི་འཇིག་རྟེན་ཀུན། །དཔལ་དང་གཟི་བརྗིད་ཆེན་པོ་རྣམས། །ཡུད་ཙམ་གྱིས་ནི་རྒྱས་པར་མཛོད། །གཏི་མུག་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །ཡུད་ཙམ་གྱིས་ནི་ཞི་མཛད་དེ། །ཐམས་ཅད་ཞི་གྱུར་དབྱིངས་སུ་རོལ། །ཧཱུྃ་གསུམ་བཅས་ཏེ་བསྐུལ་བའི་ལས། །མ་ལུས་གྲུབ་པའི་མཆོག་ཏུ་གསུངས། །རིམ་པ་བཟློག་སྟེ་བརྩམ་པར་བྱ། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ལས་དང་དངོས་གྲུབ་ཅི་འདོད་པར། །ཐམས་ཅད་མ་ལུས་བྱེད་པ་ཡིན། །མཛོད་ལྡན་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ནི། །འདུ་བར་འདོད་ན་འདུ་བར་བྱེད། །འཕེལ་བར་འདོད་ན་འཕེལ་བར་བྱེད། །སྤོས་མོ་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ནི། །ལྷན་ནེར་འདོད་ན་ལྷན་ནེར་འགྱུར། །རྨུགས་པར་འདོད་ན་རྨུགས་པར་བྱེད། །སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ཐམས་ཅད་མ་ལུས་ཟ་བར་བྱེད། །གཞད་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ཐམས་ཅད་ཀུན་ལ་འབྱིན་པར་བྱེད། །དེ་དག་རབ་ཏུའང་ཉམས་པར་བྱེད། །སླས་དང་བྱི་མིའི་བྲོ་གར་གྱིས། །རྦད་ཅིང་གཏང་བར་བྱ་བ་སྟེ། །བསྐུལ་བ་ཐམས་ཅད་བྱེད་པ་ཡིན། །བྱ་བྱེད་ཡན་ལག་རྫོགས་པ་ཡིས། །སངས་རྒྱས་སྡུད་དང་མཉམ་པ་དང་། །དེ་དག་སྦྱོར་བའང་ཞི་འགྱུར་ཞིང་། །སྐུ་གསུང་རྡོ་རྗེ་འང་འཛིན་འགྱུར་ན། །ཁམས་གསུམ་དེ་དག་སྨོས་ཅི་དགོས། །བདག་ཉིད་འདུ་བའི་དབང་ཕྱུག་ཏུ། །ལས་བཞི་མཉམ་བཞག་ཁྲོ་བོ་ཡི། །འཁོར་གྱི་ཁྲོ་རྣམས་དེ་བཞིན་ཤེས། །ཕྲ་མེན་ཚོགས་རྣམས་བསྐུལ་བསྡུས་ལ། །ལས་བཞིའི་དཀྱིལ་འཁོར་གཉིས་དག་ཏུ། །ལྷག་མ་ཁ་ཆུ་འདོད་པ་སྦྱིན། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཤིན་ཏུ་གདུག་ཅིང་གཏུམ་བག་ཅན། །ཁམས་གསུམ་མ་ལུས་འདུལ་མཛད་པའི། །དབང་དང་བྱིན་རླབས་རྨད་པོ་ཆེ། །ལྷ་ཆེན་ལ་སོགས་དབང་བསྡུས་ནས། །དབང་ཕྱུག་འཁོར་རྣམས་སླས་སུ་བྱས། །སོ་སོའི་ལས་རྣམས་བསྐོས་པ་སྟེ། །ཇི་ལྟར་ཁས་བླངས་དམ་བཅའ་བཞིན། །མ་ཐོག་མྱུར་དུ་མངོན་པར་ཕྱུང་། །དམ་བཅས་བཞིན་དུ་མ་བྱས་ན། །ཇི་ལྟར་རང་གི་མནའ་བོར་ལ། །དམ་བཅས་དེ་ལས་འདས་གྱུར་ན། །མགོ་འགས་སྙིང་ཡང་ཚལ་པ་རུ། །ཡཀྴ་ཁྲོ་བོས་གཏབ་པར་འགྱུར། །དེ་བས་རྣལ་འབྱོར་སྔགས་འཆང་གིས། །ཇི་ལྟར་བཅོལ་བ་བཞིན་དུ་བྱོས། །ལས་དེ་མངོན་དུ་མ་བྱས་ན། །རང་གིས་མནའ་བོར་ཁས་བླངས་ཤིང་། །རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། །རྣལ་འབྱོར་དམ་ལ་གནས་གྱུར་པའི། །ལས་རྣམས་ཡོངས་སུ་བྱ་བ་དང་། །འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས། །ཕྲ་མེན་མ་ཡང་དངོས་གྲུབ་ཐོབ། །བཅོལ་པའི་ལས་རྣམས་མྱུར་དུ་གྱིས། །དཀྱིལ་འཁོར་སྙིང་ལ་བསྡུ་བྱ་སྟེ། །ལྷག་མ་མཆོད་ལ་གཤེགས་སུ་གསོལ། །གསང་ཕྱིར་ལེགས་པར་ནན་ཏན་བྱ། །སྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་མདོར་བསྡུས་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།


previousསྒྱུ་འཕྲུལ་དྲྭ་བའི་སྦྱིན་སྲེག་གི་རིམ་པ་གཏན་ཚིགས་གཉིས་པ། སློབ་དཔོན་བི་མ་ལ་མི་ཏྲ།next