Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
རྭ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་དང་བཅས་པ་གདུག་པ་གཞོམ་པའི་མེ་ཕུང་།
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  


2 occurrences of བྱམས་པ་གླིང་
[Clear Hits]

 
previousརྭ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་དང་བཅས་པ་གདུག་པ་གཞོམ་པའི་མེ་ཕུང་།next

རྭ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་དང་བཅས་པ་གདུག་པ་གཞོམ་པའི་མེ་ཕུང་།

རྭ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་དང་བཅས་པ་གདུག་པ་གཞོམ་པའི་མེ་ཕུང་བཞུགས་སོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་གདུག་པའི་ངོར། །དུས་ཀྱི་དག་པའི་གཟུགས་མཆོག་རབ་དྲག་པ། །རྡོ་རྗེ་འཇིགས་བྱེད་ལ་བཏུད་དེ་སྒྲུབ་པ། །ལ་ལི་ཏ་ཡི་རིང་ལུགས་འདིར་གསལ་བྱ།། ལས་དང་རྗེས་སུ་མཐུན་པའི་གནས་སུ། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གོ་འཕང་བསྒྲུབ་པར་བྱའོ་སྙམ་པའི་བློས། ཡོ་བྱད་ཀུན་འཛོམས་པས་བདེ་བའི་སྟན་ལ་འདུག་སྟེ་འཆད་པར་འགྱུར་པ་བཞིན་འབྱུང་པོ་ལ་གཏོར་མ་བྱིན་ནས། རང་གི་སྙིང་གར་ཟླ་བ་དང་ཉི་མ་ལ་ཧཱུྃ་ཡིག་རབ་ཏུ་འབར་བ། དེ་ལས་འཕྲོས་པའི་འོད་ཟེར་འཕྲེང་བས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཨོཾ་སྲཱིཿཧ་བྷོ་མཧཱ་ཀྲོ་དྷ་ཨཱ་གཙྪ་ཨཱ་གཙྪ་ཨསྨཏྟ་པཱུ་ཛ་པྲ་ཏི་གྲྀནྟུ་པྲ་སཱ་དྷ་མེ་དྷཱི་མནྐུ་རུ་སྭཱ་ཧཱ། སྤྱན་དྲངས། འཁོར་དང་བཅས་པ་ལ་སྙིང་ག་ནས་འཕྲོས་པའི་ལྷ་མོ་རྣམས་ཀྱིས། ཨོཾ་སྲཱིཿཥྚྀ་ཧ། མཆོད་ཡོན། ཨོཾ་ཧཱུྃ་ཧཱུྃ་ཕཊ྄། ཞབས་བསིལ། ཨོཾ་བི་ཀྲ་ཏཱ་ན་ན་དུཥྚ་སཏྭ་ད་མ་ཀ་གཿགཿགཿ དྲི་ཆབ། ཨོཾ་ཀུ་མཱ་ར་རཱུ་པཱི་ནི་ཛཿཛཿཧཱུྃ་ན། མེ་ཏོག ཨོཾ་སྲཱིཿཧ་ཧེ་ཕཊ྄། བདུག་སྤོས། ཨོཾ་དཱིཔྟ་ལོ་ཙ་ནི་བི་ཀྲྀ་ཏཱ་ན་ན་མཧཱ་ཨཊྚྷ་ཊྚྷ་ཧ་ས་ན་དི་ནི་དཱིཔྟ་ཡ་སྭཱ་ཧཱ། མར་མེ། ཨོཾ་བཛྭ་ནེ་ཝི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། ཞལ་ཟས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག དེ་བཞིན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་པའི་ཚངས་པའི་གནས་པས་གནས་ནས། གཙོ་བོ་ནམ་མཁར། གཞན་ལྷ་དང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཨོཾ་ཤུནྱཱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེ་ལས་སྔོན་གྱི་སྨོན་ལམ་དྲན་ཏེ་སེམས་ཅན་གྱི་དོན་མཛད་པའི་ཕྱིར་ཨོཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་རྡོ་རྗེ་རྒྱ་གྲམ་དུ་ཆགས་པའི་དབུས་སུ་བདག་ཉིད་ཨཱཿལས་ཟླ་བ་ལ་དྷཱིཿམཚན་པ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་དམར་སེར་ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། རྒྱན་གྱིས་བརྒྱན་ཏེ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཨཱཿལས་ཉི་མ། དེ་ལས་འོད་ཟེར་གྱི་རྩེར་འཇམ་དཔལ་གྱི་སྐུ་བསམ་གྱིས་མི་ཁྱབ་པ་བཞུགས་པ་འཕྲོས་ནས་བགེགས་བར་དུ་གཅོད་པ་ཐམས་ཅད་བསྒྲལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རིག་པ་འཛིན་པ་དང་ལྷ་དང་ཁྲོ་བོའི་ཚོགས་ཐམས་ཅད་བསྡུས་ཏེ་འཇམ་དཔལ་དང་བཅས་པ་ཉི་མར་རོ་གཅིག་ཏུ་གྱུར་པས། ཐམས་ཅད་ཀྱི་བདག་ཉིད་ཉིན་མོར་བྱེད་པ་དེ་གདུག་པ་ཆེན་པོའི་འོད་ཟེར་འབར་བ་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པ། དེའི་དབུས་སུ་རིན་པོ་ཆེ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་སྣ་ཚོགས་རྡོ་རྗེ་དང་བཅས་པ་པདྨའི་འཕྲེང་བ་དང་དུར་ཁྲོད་དང་རྡོ་རྗེ་དང་མེའི་འཕྲེང་བས་བརྒྱན་པའི་ལྷ་སྣམ་གཉིས་ཀྱི་ནང་མའི་གྲུར་བུམ་པ་གཉིས་ཀྱི་དབུས་སུ། ཀ་པཱ་ལ་ཁྲག་གིས་གང་བས་སྤྲས་པའི་དབུས་ཐོད་པ་སྐམ་རློན་གྱི་རྩིག་པ་ཅན་གྱི་གཞལ་ཡས་ཁང་ཟླུམ་པོ་སྒོ་བཞི་པ། གཞན་གསུམ་བཅད་ཅིང་མདུན་སྒོ་ཕྱེ་བའི་ལྟེ་བར་རེ་མིག་དགུ་པ་ཟླུམ་པོ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བའི་ལྷའི་གནས་ཐམས་ཅད་དུ་པདྨ་ཟླ་བའི་གདན་གྱི་ཁར། དབུས་སུ་ཕྱོགས་སྐྱོང་ཕོ་མོའི་སྟེང་དུ་རོ། ཤར་དུ་མགོ ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་། མེར་ཐོད་པ། སྲིན་པོ་ཐོད་ཚལ། རླུང་དུ་དུར་ཁྲོད་ཀྱི་རས། དབང་ལྡན་དུ་གསལ་ཤིང་གིས་ཕུག་པའི་སྐྱེས་བུ། ཤར་གྱི་སྣམ་བུར་གྲི་གུག རྡོ་རྗེ་རྩེ་གཅིག གཏུན་ཤིང་། ཆུ་གྲི། མཚོན་རྩེ་གཅིག ལྕགས་ཀྱུ། མ་ཧེ། བ་གླང་སྟེ་བརྒྱད། ལྷོར་སྟ་རེ། མདའ། དབྱུག་ཐོ། ཁ་ཊྶཾ། འཁོར་ལོ། ཞགས་པ། ཕག་པ། བོང་བུ་སྟེ་བརྒྱད། ནུབ་ཏུ་རྡོ་རྗེ། རྔེའུ་ཆུང་། ཕུབ། གཞུ། དྲིལ་བུ། རླུང་རས། རྔ་མོ། ཁྱི་སྟེ་བརྒྱད། བྱང་དུ་སྡིགས་མཛུབ། འཕན་ལྕེ་གསུམ་པ། གླང་ལྤགས། ཐོ་བ། མདུང་། མེ་ཐབ། ལུག སྤྱང་གི་སྟེ་བརྒྱད། ཤར་སྒོར་བྱ་རྒོད། ལྷོ་སྒོར་འུག་པ། ནུབ་ཏུ་བྱ་རོག བྱང་དུ་ནི་ཙེ། མེར་བྱ་ཁྱུང་། བདེན་བྲལ་དུ་ཁྲ། རླུང་དུ་རི་སྐེགས། དབང་ལྡན་དུ་བཞད། དེ་ཐམས་ཅད་ཟླ་བའི་གཟུགས་སུ་གྱུར་བའི་དབུས་མར་དྷཱིཿགཞན་རྣམས་ལ་རིམ་པ་བཞིན། ཨོཾ་ཨཾ་ཛྭིཾ་ཁཾ། སཾ་རཾ་དྷཾ་ཀཾ །བཾ་ཁཾ་མཻཾ་མཾ་ཛྙྱཱཾ་ཝཾ་ཙཾ་ཛྙྱཱཾ། བིཾ་ཡཾ་མུཾ་དྷཾ། རཾ་ཏཾ་ཧཾ་ཛཱཾ། བྷཾ་བཾ་རཱཾ་རཾ། སཱཾ་རཾ་སཱུཾ་བཱཾ། ཀེཾ་ཧཾ་གཾ་ཛྙྱཱཾ་སཾ་སཾ་ཨཾ་ཨཾ། ཨཾ་སཱཾ་ཀྵྨྱཾ་གྷཾ། སཱུཾ་ཨུཾ་ཧཱུྃ་ཨཾ། དེ་དག་ཡོངས་སུ་གྱུར་པ་ལས་དབུས་སུ་འཇམ་དཔལ་གཞོན་ནུར་གྱུར་པ། ཕྱོགས་བཞིར་གཏི་མུག་དང་རྫུན་དང་ཆགས་པ་དང་ཕྲག་དོག་གི་འཇམ་དཔལ། མཚམས་སུ་སེམས་མ་རྡོ་རྗེ་མ། རིན་ཆེན་རྡོ་རྗེ་མ། ཆོས་ཀྱི་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ། ལྷ་ཁྱམས་ཤར་དུ། རྡོ་རྗེ་སྣ་ཚོགས། རྡོ་རྗེ་རལ་གྲི། བྱམས་པ། འཇམ་དཔལ། ཡེ་ཤེས་སྐུ། ངག་གི་དབང་ཕྱུག ཟླ་བའི་འོད། ཡེ་ཤེས་མཚོ་བརྒྱད། ལྷོ་རུ་རྡོ་རྗེ་སྣ་ཚོགས། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར། རྡོ་རྗེ་ཆོས། རྡོ་རྗེ་བསྲུངས་བ། རྡོ་རྗེ་རྡོ་རྗེ། རྡོ་རྗེ་རྒྱུ། རྡོ་རྗེ་དྲ་བའི་འོད་བརྒྱད། ནུབ་ཏུ་རྡོ་རྗེ་སྨྲ་བ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཞགས་པ། རྡོ་རྗེ་ལེགས་པ། རྡོ་རྗེ་རིན་ཆེན། ཉི་འོད། རྡོ་རྗེ་ཉི་མ་བརྒྱད། བྱང་དུ་རྡོ་རྗེ་དཔལ། རྡོ་རྗེ་བཞད། སྤོས་ཀྱི་གླང་པོ། རྡོ་རྗེ་ཏོག དཔའ་བར་འགྲོ་བ། རྒྱ་མཚོའི་གློག བློ་གྲོས་མི་ཟད་པ། བདུད་རྩིའི་འོད་བརྒྱད། སྒོར་རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་ཞགས་པ། རྡོ་རྗེ་ལྕགས་སྒྲོག རྡོ་རྗེ་དྲིལ་བུ། གྲྭར་རྡོ་རྗེ་གནོད་མཛེས། རྡོ་རྗེ་གཙུག་ཏོར། རྡོ་རྗེ་ཧཱུྃ་མཛད། རྡོ་རྗེ་གཞན་གྱིས་མི་ཐུབ་པ། གཙོ་བོ་མཐིང་གཞན་ཐམས་ཅད་ཕྱོགས་མདོག འཇམ་དཔལ་གཞོན་ནུའི་གཟུགས་ཅན། དེ་དག་གི་ཐུགས་ཀར་ཨ་ལས་ཉི་མ། དེ་ལས་འཕྲོས་པའི་འོད་ཀྱི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་མཉེས་པར་བྱས། སླར་འདུས་དེ་ཉིད་ལ་ཐིམ་པས་འོད་གསལ་བའི་རང་བཞིན་བསྒོམ་མོ། །དེ་ནས་འཇམ་དཔལ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་གཙོ་བོ་ལ་བསྐོར་ནས་ལྷན་ཅིག་ཏུ་དེ་ལ་ཐིམ་དེ་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་བ། དེའི་དབུས་སུ་ཧཱུྃ། ཕྱོགས་བཞིར། ཨོཾ་སྲཱིཿཥྚྀུཿཝི། མཚམས་བཞིར་ཀྲྀ་ཏཱ་ན་ན། ཁྱམས་གྱི་ཤར་དུ། ཡཀྵེ་ཡཙྪ་ནི་ར་མ་ཡ། ལྷོར། ཡ་མ་རཱ་ཛ་ས་དོ་མེ་ཡ། ནུབ་ཏུ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། བྱང་དུ། ཡ་ད་ཡོ་ནི་ཡཀྵེ་ཡ། སྒོར་ཡ་མཱཾ་ཏ་ཀ གྲྭར། ཨོཾ་ཨོཾ་ཨོཾ་ཨོཾ། རང་ཕྱོགས་ཀྱི་མདོག་མཚམས་འོད་ཟེར་ལྔ་པ་དེ་དག་ལས་འོད་འཕྲོས་སངས་རྒྱས་སྲས་བཅས་རིག་འཛིན་དང་ལྷ་ཁྲོ་བོའི་ཚོགས་ཐམས་ཅད་སྤྱན་དྲངས་དེ་དག་གི་ཐད་ཀྱི་ནམ་མཁའ་ལ་བཞུགས་པ། ཡི་གེ་དེ་དག་ཡོངས་སུ་གྱུར་པ་ལས། དབུས་སུ་ཁྲོ་བོ་རྡོ་རྗེ་ཆེན་པོ་ཁ་དོག་ནག་པོ་གཞན་རྣམས་རྡོ་རྗེ་ཕྲ་མོའི་གཟུགས་སུ་གྱུར་པའི་སྟེང་གི་སངས་རྒྱས་ལ་སོགས་པས་སེམས་ཅན་སྨིན་པ་དང་བྱང་ཆུབ་ལ་བཀོད་པར་མཛད་ནས་སླར་འོངས་པ་དེ་དག་ལ་ཐིམ། ཡང་དེ་སོ་སོའི་སྟེང་གི་ཐད་ཀྱི་ནམ་མཁར་རོ་ལ་སོགས་པའི་ཕྱག་མཚན་རྣམས་འོད་ཟེར་འབར་བ་ཉི་མ་ལ་གནས་པས་མ་རུངས་པ་ཐམས་ཅད་བསྒྲལ་ཏེ་དེ་དག་རང་གི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། ཨོཾ་སྲཱིཿཥྚྀུཿཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ྄། ཞེས་བརྗོད་པས། རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་གསུས་ཁྱིམ་ཆེ་ཞིང་ཡན་ལག་རགས་པ། ཞལ་དགུ་ཕྱག་སུམ་ཅུ་རྩ་བཞི་ཞབས་བཅུ་དྲུག་པ་སྐུ་ལས་བསྐལ་པའི་མེ་འབར་བ། ཁམས་གསུམ་པོ་ཐམས་ཅད་ཟ་བར་ནུས་པ། མིའི་ཁྲག་ཞག་ཤ་ཚིལ་རྐང་རྣམས་གསོལ་བ། ཞལ་ནས་འཇིགས་པ་ཆེན་པོའི་ཕེཾ་སྒྲ་གནམ་དུ་འདོན་ཞིང་། རྐང་པའི་སྟབས་ཀྱིས་ས་གཞི་གནོན་པ། མི་མགོའི་ག་ཤལ་དང་། ཐོད་པའི་དབུ་རྒྱན་ཅན། སྦྲུལ་མཆོད་ཕྱིར་ཐོགས་པ། གཅེར་བུ་མཚན་མ་གྱེན་དུ་བསྒྲེང་བ། རྩ་བའི་ཞལ་ནག་པོ་མ་ཧེ་ཅུང་ཟད་ཁྲོ་བ། གཡས་མཐིང་དམར་སེར་བརྩེགས་པ་དང་། གཡོན་དཀར་པོ་དུད་ཁ་ནག་པོ་བརྩེགས་པ་རྣམས་ཤིན་ཏུ་ཁྲོ་བ། སྟེང་རྭའི་དབུས་སུ་འཇིགས་བྱེད་ཞལ་དམར་པོ་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གཞོན་ནུའི་ཞལ་སེར་པོ་ཅུང་ཟད་ཁྲོ་བ། ཟུར་ཕུད་ཅན། རེ་རེའང་སྤྱན་གསུམ་གསུམ་དང་ལྡན་ཞིང་ཁྲོ་གཉེར་བསྡུས་པ། སྨིན་མ་དང་སྐྲ་བསྒྲེང་བ། འཇིགས་པ་ཆེན་པོའི་དུས་ལྟ་བུར་ཞུད་པ། ཕྱག་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་འཛིན་པ། ལྷག་མའི་གཡས་ཀྱི་དང་པོ་གྲི་གུག གཉིས་པ་རྡོ་རྗེ་རྩེ་གཅིག གསུམ་པ་གཏུན་ཤིང་། བཞི་པ་ཆུ་གྲི། ལྔ་པ་རྩེ་གཅིག་པའི་མདུང་ཐུང་། དྲུག་པ་དགྲ་སྟ། བདུན་པ་མདུང་། བརྒྱད་པ་མདའ། དགུ་པ་ལྕགས་ཀྱུ། བཅུ་པ་དབྱུག་ཐོ། བཅུ་གཅིག་པ་ཁ་ཊྶཱཾ། བཅུ་གཉིས་པ་འཁོར་ལོ། བཅུ་གསུམ་པ་རྡོ་རྗེ། བཅུ་བཞི་པ་ཐོ་བ། བཅོ་ལྔ་པ་རལ་གྲི། བཅུ་དྲུག་པ་རྔེའུ་ཆུང་། ལྷག་མའི་གཡོན་གྱི་དང་པོ་ཐོད་པ། གཉིས་པ་མགོ གསུམ་པ་ཕུབ། བཞི་པ་རྐང་། ལྔ་པ་ཞགས་པ། དྲུག་པ་གཞུ། བདུན་པ་རྒྱུ་མ། བརྒྱད་པ་དྲིལ་བུ། དགུ་པ་ལག་པ། བཅུ་པ་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་སྐྱེས་བུ་གསལ་ཤིང་བཙུགས་པ། བཅུ་གཉིས་པ་མེ་ཐབ། བཅུ་གསུམ་པ་ཐོད་ཚལ། བཅུ་བཞི་པ་སྡིགས་མཛུབ། བཅོ་ལྔ་པ་འཕན། བཅུ་དྲུག་པ་རླུང་གི་རས། གཡས་ཀྱི་ཞབས་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་བ་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོ། དྲུག་པས་ཁྱི། བདུན་པས་ལུག བརྒྱད་པས་སྤྱང་ཀི གཡོན་ཀྱི་ཞབས་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག བཞི་པས་ནེ་ཙོ། ལྔ་པས་ཁྱུང་། དྲུག་པས་ཁྲ། བདུན་པས་རི་སྐེགས། བརྒྱད་པས་བཞད་རྣམས་བརྫིས་པ། རེ་མིག་གི་ཕྱོགས་བཞིར། རྡོ་རྗེ་མགོ རྡོ་རྗེ་ལག རྡོ་རྗེ་རྒྱུ་མ། རྡོ་རྗེ་རྐང་། མཚམས་བཞིར། རྡོ་རྗེ་ཐོད་པ། རྡོ་རྗེ་ཐོད་ཚལ། རྡོ་རྗེ་དུར་ཁྲོད་ཀྱི་རས། གསལ་ཤིང་གིས་ཕུག་པའི་སྐྱེས་བུ། ཕྱིའི་སྣམ་བུར་རྡོ་རྗེ་གྲི་གུག རྡོ་རྗེ་རྩེ་གཅིག་པ། རྡོ་རྗེ་གཏུན་ཤིང་། རྡོ་རྗེ་ཆུ་གྲི། རྡོ་རྗེ་མཚོན་རྩེ་གཅིག་པ། རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་མ་ཧེ། རྡོ་རྗེ་བ་ལང་དང་། རྡོ་རྗེ་སྟ་རེ། རྡོ་རྗེ་མདའ། རྡོ་རྗེ་དབྱུག་ཐོ། རྡོ་རྗེ་ཁ་ཊྶཱ།ཾ རྡོ་རྗེ་འཁོར་ལོ། རྡོ་རྗེ་ཞགས་པ། རྡོ་རྗེ་ཕག་པ། རྡོ་རྗེ་བོང་བུ་རྣམས་དང་། རྡོ་རྗེ། རྡོ་རྗེ་རྔེའུ་ཆུང་། རྡོ་རྗེ་ཕུབ། རྡོ་རྗེ་གཞུ། རྡོ་རྗེ་དྲིལ་བུ། རྡོ་རྗེ་རླུང་རས། རྡོ་རྗེ་རྔ་མོ། རྡོ་རྗེ་ཁྱི་རྣམས་དང་། རྡོ་རྗེ་སྡིགས་མཛུབ། རྡོ་རྗེ་འཕན་ལྕེ་གསུམ་པ། རྡོ་རྗེ་གླང་ལྤགས། རྡོ་རྗེ་ཐོ་བ། རྡོ་རྗེ་མདུང་། རྡོ་རྗེ་མེ་ཐབ། རྡོ་རྗེ་ལུག རྡོ་རྗེ་སྤྱང་ཀི ཤར་སྒོར་རྡོ་རྗེ་བྱ་རྒོད། ལྷོ་སྒོར་རྡོ་རྗེ་འུག་པ། ནུབ་སྒོར་རྡོ་རྗེ་བྱ་རོག བྱང་སྒོར་རྡོ་རྗེ་སེང་གེ མེར་རྡོ་རྗེ་བྱ་ཁྱུང་། སྲིན་པོར་རྡོ་རྗེ་ཁྲ། རླུང་དུ་རྡོ་རྗེ་རི་སྐེགས། དབང་ལྡན་དུ་རྡོ་རྗེ་བཞད། ཐམས་ཅད་ཁ་དོག་ནག་པོ་ཕྱག་གཉིས་གཡས་ཐམས་ཅད་རྡོ་རྗེ། གཡོན་མགོ་སོགས་རང་མིང་གི་ཕྱག་མཚན་འཛིན་པ། ཞབས་གཡོན་བརྐྱང་བའི་སྟབས་ཀྱི་རོའི་གདན་ལ་བཞུགས་པ། དྲག་ཤུལ་ཆེན་པོར་ཁྲོས་པའི་མ་ཧེའི་ཞལ་གདངས་ཤིང་ཕེཾ་སྒྲོག་པ། སྤྱན་གསུམ་པ། སྐྲ་བརྫེས་པ་ལ་ཐོད་པས་བརྒྱན་ཏེ་བཅོམ་ལྡན་འདས་ལ་བལྟ་བ། མཚམས་མ་བཞི་མ་གཏོགས་གཅེར་བུ་མཚན་མ་གྱེན་དུ་བསྒྲེང་བ། གཙོ་འཁོར་ཐམས་ཅད་ཀྱི་སྙིང་གར་རང་རང་གི་ས་བོན། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དབང་བསྐུར། ལུས་གང་། དྲི་མ་དག ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། གཙོ་བོ་ལ་མི་བསྐྱོད་པ། ཕྱོགས་ལ་སོ་སོའི་དེ་བཞིན་གཤེགས་པས་རྒྱས་བཏབ་བོ།། དེ་ནས་བསྡུས་པ་སྔར་གྱི་སྔགས་ཀྱིས་སམ། རྒྱས་པར་སྤྲོ་ན། ཧཱུྃ། དགྲ་བོ་མཐར་བྱེད་འཚུབས་མས་དཀྲུགས་པའི་ཁྲག །མི་བཟད་བསྒུལ་བ་རླུང་འཁོར་རལ་པའི་བྱིངས། །བསད་པའི་རོ་ཚོགས་ལང་ལོང་རྒྱུ་བ་ཅན། །དམར་གྱི་ཨརྒྷཾ་ཆེན་པོར་ཀུན་ནས་སྦྲེང་། །ནག་པོ་ཧ་ལ་ཧ་ལ་ཞུ་བའི་ཆུ། །དུག་རླངས་འཁྲུགས་པས་དགྲ་བོ་རྨོངས་རེངས་དང་། །སྨྱོ་འབོག་བརྒྱལ་དང་འཆི་བར་བྱེད་པའི་རྦས། །མ་ལུས་བརྫིས་པའི་ཞབས་ཟུང་རྣམ་པར་བཀྲུ། །མི་རོ་ལས་བཏོན་རྒྱུ་མའི་ཐག་པ་ལ། །གཡུལ་ངོར་སྣ་ཚོགས་མཚོན་བསྣུན་བསད་གཏུབས་པའི། །མགོ་ལག་དབང་པོ་དོན་ལྔ་སྣོད་རྒྱུས་པ། །དུར་ཁྲོད་ཆེན་པོའི་མེ་ཏོག་འཕྲེང་བར་སྦྲེལ། །དད་པ་དྲེགས་པ་རྔམས་ནས་འཁོལ་འགྱུར་བ། །རབ་འཇིགས་དུ་བ་འཚུབས་པའི་མུན་པའི་མཐིངས། །མེ་སྟག་སྐར་མདའ་ལྟུང་དང་རྒྱུག་བྱེད་པའི། །གདུག་པའི་དྲི་ཅན་ཐམས་ཅད་སྤོས་སུ་སྦྱར། །ཉིན་མོར་བྱེད་པ་བསད་པའི་དམར་བའི་ཁྲག །ཕྱོགས་ཀྱི་དགོང་ལ་འཐུག་པོར་བྱུག་འདོད་པའི། །རོ་རས་སྦྲང་ཆེན་གྱིས་སྦངས་སྦར་བའི་ངར། །མ་ལུས་མུན་ལ་མཐར་བྱེད་གཏུམ་པོར་བཏང་། །གླང་ཆེན་ཟླ་བོར་ཞེ་སྡང་མེས་བཞུ་ཞིང་། །མྱོས་བྱེད་ཀྱིས་རྦད་འགྲམ་པ་ནས་ཟགས་པའི། །འགིའུ་ཝཾ་དྲི་བཟང་བུང་བའི་གཏེར་འཛིན་པ། །སིམ་པ་བསྐྱེད་པའི་བྱུག་པ་མཆོག་ཏུ་བྱས། །ཕྱོགས་རྣམས་དཔུང་བཞིའི་སྤྲིན་གྱིས་བཀབ་ནས་སུ། །མཚོན་ཆའི་གློག་གཡོ་མདའ་རྣོན་ལྕེ་འབབ་པས། །བདུད་བཞི་ཁ་བཏགས་བླ་ཚེ་སྲོག་དབུགས་སོགས། །གཡུལ་ངོར་རྒྱལ་བའི་དགའ་སྟོན་ཆེན་པོར་བསྒྲིགས། །སྡིག་སྤྱོད་རྣམས་ལ་ཆད་ལས་བཟོད་དཀའ་བར། །ལྷུང་བས་གཡོན་ཅན་རང་དང་དེ་ཡི་ཕྱོགས། །དཔའ་འཁུམས་ཅི་བྱ་གཏོལ་མེད་ངུ་བའི་སྒྲ། །ཆོས་ཀྱི་དར་ཆེན་འཕྱར་བའི་རོལ་མོར་འབུལ། །མདུན་དུ་ཡཾ་ལས་རླུང་། དེའི་སྟེང་དུ་རཾ་ལས་མེ། དེའི་སྟེང་དུ་མི་མགོའི་སྒྱེད་བུ་གསུམ་གྱི་ཁར་ཨ་ལས་ཐོད་པའི་སྣོད། ནང་དུ་ཤ་ལྔ་བདུད་རྩི་ལྔ། སྟེང་དུ་ཨོཾ་ཨཱཿཧཱུྃ། གོ་རིམ་བཞིན་གནས་པ་དེ་ལས་འོད་ཟེར་འཕྲོས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་སྤྱན་དྲངས་པ་དང་ལྷན་ཅིག་ཡི་གེ་གསུམ་ཡང་དེ་ལ་ཐིམ་པ་སྦྱངས་སྦེལ་སྦར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་བུ་གུ་ཅན་དུ་གྱུར་པས་གསོལ། མཉེས་པར་བསམ་མོ། ཧཱུྃ། ཆོས་དབྱིངས་མ་བཅོས་མཁྱེན་པའི་ཐུགས། །འཇམ་དཔལ་རྒྱུ་ཡི་བྱང་སེམས་སྐུ། །ཨུཏྤལ་རལ་གྲི་རབ་བསྣམས་ཤིང་། །ཟུར་ཕུད་ལྔ་ལྡན་གུར་ཀུམ་མདོག །ཟླ་གདན་ལ་བཞུགས་ཡེ་ཤེས་ཀྱི། །སྐུ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཉི་མའི་དཀྱིལ་འཁོར་བདུད་འཇོམས་ལ། །སངས་རྒྱས་སྲས་བཅས་འདྲེན་པ་ཡི། །འཇམ་དབྱངས་ཐུགས་ཁྲོས་ཧཱུྃ་ནག་པོ། །དངོས་གྲུབ་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོས་པས་སྲིད་གསུམ་སྦྱོང་། །སྤྲོ་ཞིང་བསྡུས་པས་མ་ཧེའི་ཞལ། །ལྗགས་དྲིལ་ཕེཾ་གྱི་འབྲུག་སྒྲ་སྒྲོག །སྲིཿཥྚྀུ་གསུང་འཇིགས་ལ་ཕྱག་འཚལ། །དབུ་དགུ་སུམ་ཅུ་རྩ་བཞི་ཕྱག །བཅུ་དྲུག་ཞབས་ཅན་དཔའ་བོ་ཆེ། །མིག་སྨན་བརྡར་ལྟའི་སྐུ་མཆོག་ནི། །འཇིགས་དུས་མེ་འདྲའི་གཤིན་རྗེ་གཤེད། །གནག་དང་དམར་དང་སེར་ཞལ་དབུས། །དཀར་དང་དུང་མདོག་གནག་ཞལ་གཡོན། །སྔོ་དང་དམར་དང་སེར་ཞལ་གཡས། །ཞལ་དགུས་སྲིད་གསུམ་གསོལ་བ་པོ། །གྲི་གུག་རྩེ་གཅིག་གཏུན་ཤིང་དང་། །ཆུ་གྲི་འཕང་མདུང་དགྲ་སྟ་མདུང་། །མདའ་དང་ལྕགས་ཀྱུ་དབྱུག་ཐོ་དང་། །ཁ་ཊྶཱཾ་འཁོར་ལོ་རྡོ་རྗེ་དང་། །ཐོ་བ་རལ་གྲི་ཌཱ་མ་རུ། །གཡས་པའི་ཕྱག་ན་བསྣམས་པའོ། །ཐོད་པ་མགོ་བོ་ཕུབ་དང་རྐང་། །ཞགས་པ་གཞུ་དང་རྒྱུ་མ་དང་། །དྲིལ་བུ་ལག་པ་དུར་རས་དང་། །གསལ་ཤིང་ཕུག་དང་མེར་བཅས་ཐབ། །རོ་སྣོད་སྡིགས་མཛུབ་བ་དན་དང་། །རླུང་རས་ཕྱག་ན་བསྣམས་པ་པོ། །གཉིས་ནི་གླང་ཆེན་ཀོ་རློན་གོན། །མི་དང་མ་ཧེ་གླང་དང་ནི། །བོང་བུ་རྔ་མོ་ཁྱི་དང་ལུག །ཅེ་སྤྱང་གཡས་ཀྱི་ཞབས་བརྒྱད་གནོན། །བྱ་རྒོད་འུག་པ་བྱ་རོག་དང་། །ནེ་ཙོ་ཁྱུང་དང་རི་སྐེགས་དང་། །སྔགས་ཅན་བཞད་བྱ་བརྒྱད་པོ་ལ། །གཡོན་ཞབས་འཇིགས་ལ་ཕྱག་འཚལ་ལོ། །མཉམ་ཉིད་མི་གཡོ་དུར་ཁྲོད་རྗེ། །ལྟུང་བའི་ལྷ་གཉིས་སྡིག་པའི་སྐུ། །སྡིགས་མཛུབ་དྲག་པོས་གདུལ་དཀའ་འདུལ། །གོ་བཟློག་མནན་ནས་རབ་ཏུ་གསོལ། །ལིདྒ་ལངས་ཤིང་རྟོག་པ་སྤངས། དཔའ་བོ་མནན་ནས་གཉིས་མེད་རོལ། །ལྷ་མིན་ཀུན་སོགས་དབང་པོས་བཏུད། །མུན་སེལ་ཐུགས་ཀྱི་མངོན་གྱུར་པ། །རྣམ་རྟོག་གཤིན་རྗེ་འདྲ་བ་རྣམས། །ཉིད་རོལ་པ་ཡི་རྣམ་རྟོག་གིས། །གར་མཁན་རལ་གྲི་འབར་བ་ཡིན། །གཉུག་མའི་གནས་ལ་འགོད་པའོ། །འཇམ་དཔལ་ཡེ་ཤེས་སྙིང་རྗེ་ཁྲོ། །ཨེ་མ་སྲིད་གསུམ་དགུག་པ་སེལ། །བུ་ལ་མ་བྱམས་གཤེ་བ་ལྟར། །བཅོས་མའི་ཁྲོ་བྱད་ཁྱོད་ཕྱག་འཚལ།། ཞེས་པས་བསྟོད། དེ་ནས་གཙོ་བོའི་སྙིང་གར་ཉི་མ་ལ་ཧཱུྃ་མཐིང་ནག་མཐའ་མར་སྔགས་འཕྲེང་རབ་ཏུ་འབར་བ་ལའམ། ལས་དང་རྗེས་སུ་མཐུན་པའི་སྤྲོ་བསྡུ་ལ་དམིགས་ནས། ཨོཾ་སྲཱིཿཥྚྀུཿབི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ྄། སྙིང་པོ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ྄། ཉེ་སྙིང་། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་ར་མ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། རྩ་བའི་སྔགས་སོ། །དེ་ལས་སྐྱོ་ན་རྣམ་དག་བསྒོམ་པར་བྱ་སྟེ། དམ་པའི་དོན་དུ་རྣམ་དག་པ། །དུས་ནི་དཔའ་བོ་ཆེན་པོའི་གཟུགས། །ཞལ་བརྒྱད་ཐུན་ཚོད་བརྒྱད་ཡིན་ནོ། །དགུ་པ་ཐུན་ཚོད་སྤྱི་ཡིན་ནོ། །ཕྱག་དང་ཞབས་གཉིས་ཟླ་བ་དང་། །ཟླ་བ་ཕྱེད་དང་ཡང་དག་སྦྱོར། །བཞོན་པ་བཅུ་དྲུག་དུས་དང་ནི། །ཟླ་བ་ཡི་ནི་ཞག་ཏུ་ཤེས། །ཞལ་ནི་གཟའ་དགུ་དག་ཏུ་ཤེས། །ཕྱག་ནི་རྒྱུ་སྐར་དག་དང་སྦྱོར། །ཞབས་ནི་འཕོ་བ་བཅུ་གཉིས་དང་། །དུས་བཞི་ཡང་ནི་དེ་བཞིན་ནོ། །མཚོན་ཆ་རྣམས་ནི་སྟོང་པ་དང་། །སྙིང་རྗེ་དག་ནི་བཅུ་དྲུག་གཉིས། །གླང་ཆེན་ལྤགས་པ་བགེགས་ཆེན་ཏེ། །དྲག་པོའི་གཟུགས་ནི་སྡུག་བསྔལ་བ། །སེལ་བར་བྱེད་པའི་གཙོ་བོའོ། །ཁ་དོག་ནག་པོ་བྱམས་པ་ཆེ། །ཐོད་པའི་རྒྱན་ནི་མི་འགྱུར་བའོ། །དཀྱིལ་འཁོར་ལྷ་ནི་ཐམས་ཅད་དག །རང་བཞིན་འབྱུང་བའི་དུས་དག་གོ །སྔགས་གསུམ་དག་པ་སྐུ་གསུམ་མོ། །ལྷ་རྣམས་ཉིད་ཀྱི་རང་མིང་ནི། །དང་པོར་ཨོཾ་དང་ཧཱུྃ་ཕཊ྄་མཐའ། །ཐོད་པར་བཏུང་བའི་དུས་དག་གོ །དཀྱིལ་འཁོར་བྱང་ཆུབ་ཕྱོགས་ཡིན་ནོ། །བཞོན་པ་ས་རི་སནྟི་ཀ །མདོག་སོགས་དེ་བཞིན་གཤེགས་པ་སྟེ། །དག་པ་ཐམས་ཅད་ཤེས་པའོ།། ཞེས་བརྗོད་ཅིང་བསྟན་པར་བྱའོ། །དེ་ནས་བདུད་རྩི་ལྔ་ལ་སོགས་པ་དང་། ཤ་ཁྲག་རུས་པ་ལ་སོགས་དང་། བཟའ་བཏུང་འབྲས་བུ་ཐམས་ཅད་ཐོད་པའམ་རུ་སྦལ་གྱི་ཁོག་པར་བཅས་ལ། གཏོར་མ་ཨོཾ་ཨཱཿཧཱུྃ། དག་པར་རབ་འབྱམས་ཀྱི་མདངས། ནམ་མཁའི་སྣོད་ཆེན་པོར་ཕྱི་ནང་གསང་བར་འབྱུང་བའི་དཀྱིལ་འཁོར་གྱི་ཁར། བདུད་དང་བདུད་ཀྱི་ཕྱོགས་དང་དགྲ་བོ་ཐམས་ཅད་བསྒྲལ་བའི་ཤའི་ཁོར་ཡུག་ཆེན་པོས་བསྐོར་བ། ཁྲག་ཞག་ཀླད་པའི་རྒྱུ་མཚོ་རྦ་ཀློང་འཁྲུག་པ། རུས་པ་སྣ་ཚོགས་པའི་རི་བོ། ལྷ་བ་དང་དྭངས་མའི་རོལ་པའི་ཆུ་གཏེར་ཆེན་པོས་དཀྲིས་པ། སྙིང་དང་གློ་བ་དང་། མཆིན་པ་དང་། མཚེར་པ་དང་། མཁལ་མ་དང་། རྒྱུ་མ་དང་། ནང་ཁྲོལ་གཞན་དང་། མགོ་ལག་དང་། མིག་ལ་སོགས་པ་དབང་པོ་ཐམས་ཅད་སྤུངས་པའི་ལྷུན་པོ། མཐོང་ན་བྲེད་པའི་གཟུགས་ཐམས་ཅད་པར་འཆར་བ། མི་སྡུག་པའི་སྒྲ་ཐམས་ཅད་ཀྱིས་ཁོལ་བ། བམ་ཞིང་མྱགས་པ། རུལ་ཞིང་སུམས་པ་ལ་སོགས་པའི་དྲི་ང་བ་ཐམས་ཅད་འཚུབས་པ། ཕྱོགས་བཅུའི་བམ་ཕོ་མོ་ཐམས་ཅད་སིང་ང་རོ་ལེན་མ་རྣམས་ཀྱིས་དེར་འདོར་བ། པགས་པ་ཁྲག་གིས་སྦགས་པ་ཐམས་ཅད་གཡབ་མོ་དང་བཅས་ཏེ་རེག་བྱར་འཐིབས་པ། གཞན་ཡང་འཇིག་རྟེན་གསུམ་གྱི་བཟའ་བ་དང་བཏུང་བ་དང་བཅའ་བ་དང་མྱང་བ་དང་བལྡག་པ་དང་གཞིབ་པའི་ཟས་ཀྱི་གནས་ཐམས་ཅད་སྣང་བ། ཡོངས་འདུ་དང་འཛམ་བུ་དང་དཔག་བསམ་གྱི་ཤིང་ལ་སོགས་པའི་འབྲས་བུ། མ་རྨོས་པ་ལ་སོགས་པའི་འབྲུ། བི་ཛ་པཱུ་ར་ལ་སོགས་པའི་སྨན། འཆི་མེད་ཀྱི་བདུད་རྩི་ལ་སོགས་པའི་བཅུད་ཐམས་ཅད་ཆགས་པ། དབང་དུ་བྱེད་པའི་ལ་དུ། ཉམས་པའི་སྲོག་དབུགས་བླ་ཚེ་ཁར་རྗེ་དབང་ཐང་རླུང་རྟ་ལ་སོགས་པའི་ཁྱིམ་གྱི་འཁོར་ལོ་སྒང་གཤོང་དུ་འཁོར་བ། རྨང་སྲིད་པའི་གཏིང་དུ་བཅས་པ། མཐོ་དགུང་སྔོན་གྱི་དབྱིངས་སུ་སླེབ་པ། རྒྱ་ནམ་མཁའི་མཐའ་ཚུན་ཆད་དུ་བརྡལ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་ཧབ་ཧབ་རྒྱུག་ཅིང་། དུངས་དུངས་པོར་འཁྲུངས་ནས་རྔམ་རྔམ་པོར་རྐན་སྒྲ་གཏོག་བཞིན་པས་དུར་ཁྲོད་ཀྱི་རོ་ལ་བྱ་རྒོད་ཀྱིས་རུབ་པ་ལྟ་བུར་ཐུགས་ཀྱི་རེ་བ་མ་རྫོགས་ཀྱི་བར་དུ་གསོལ་བར་འགྱུར། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆེན་པོ་ཆོས་ཀྱི་རྒྱལ་པོ་ལ་སོགས་པ་འབྱུང་པོའི་ཚོགས་རྣམས་མུ་རན་ལ་འཁོད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ནས་མཆོད་པའི་བར་ཚོགས་ཞིང་བཞིན་བྱས། དེ་ནས་ཧཱུྃ་ཞེས་བརྗོད་པས་ལྷ་རྣམས་ཀྱི་ལྗགས་བྱིན་གྱིས་བརླབས་ནས་ཉེ་སྙིང་གི་མཐར། བཛྭ་བྷཻ་ར་བ་ཨ་དྷི་པ་ཏི། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ྄་སྭཱ་ཧཱ། ལན་བདུན་ལ་སོགས་པས་ཕུལ། དེ་ནས་འབྱུང་པོ་རྣམས་ལ། ཨོཾ་བྷཱུ་ཙ་ར་ནཾ། ཡ་པ་ཏཱ་ལ་ཙཱ་རཱ་ནཾ། མ་ན་ཁེ་རཱ་ཙཱ་ནཾ། ཏ་བུརྦྦུ་དྷི་ག་ནཾ། ཀ་དཀྵི་ཎཱ་དྷི་ག་ཏ་ནཾ། ཧཱུྃ་པཉྩྨི་མཱ་དྷི་ག་ཏཱ་ནཾ། ཕཊ྄་ཨུཏྟ་ར་ཨ་དྷི་ག་ཏཱ་ནཾ། ཨོཾ་ཨཱི་སྲཱིཿཡཥྚྀུ་བ། ཝི་ཀྵོ་ཀྲྀ་ཀོ་ཏ་ཨེ་ན་ཡ་ན་དེ་ཧཱུྃ་བྷྱཿཕཊ྄་སརྦ་བྷཱུ་ཏེ་བྷྱཿ ཞེས་པས་སྦྱིན། ལས་ཀྱི་བྱེ་བྲག་གི་འཕྲིན་ལས་བཅོལ། ཅི་འདོད་པའི་དངོས་གྲུབ་བླང་། ཁྱད་པར་དུ་བླ་མ་སྨོད་པར་བྱེད་པ་དང་། དཀོན་མཆོག་གསུམ་ལ་གནོད་བྱེད་དང་། བསྟན་ལ་གནོད་པར་བྱེད་པ་དང་། སེམས་ཅན་ཀུན་ལ་གནོད་བྱེད་དང་། སྔགས་རྒྱུད་ལ་གནོད་བྱེད་པའི་མི། འདི་རྣམས་ཁྱེད་ཀྱིས་གསད་དུ་གསོལ། ཞེས་སོ། །གནང་བ་བྱིན་པས་བསམ། ཡི་གེ་བརྒྱ་པ་བརྗོད། ཨོཾ་ཨཱཿཧཱུྃ་མུཿ མགྲོན་རྣམས་རང་གནས་སུ་གཤེགས། བདག་བསྐྱེད་ཀྱི་ལྷ་ཐམས་ཅད་རང་ལ་བསྟིམ། དཔའ་བོ་གཅིག་པའི་ང་རྒྱལ་གྱིས་སྨོན་ལམ་བཏབ། རྗེས་ཀྱི་སྤྱོད་ལམ་ལ་ཅི་བདེ་བར་འཇུག་གོ །བསྙེན་པའི་ཆོ་གའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་བྱ་བར་འདོད་པས། སྔོན་ལ་བསྙེན་པ་བྱས་ནས་ལས་དང་རྗེས་སུ་མཐུན་པའི་གནས་སུ། ས་བསླང་བའི་ཕྱིར་བདེ་བའི་སྟན་ལ་འདུག་པས་བདག་བསྐྱེད་རྫོགས་པར་བསྒོམ། མདུན་དུ་མེ་ཏོག་གི་ཚོམ་བུ་མཐའ་མཆོད་པས་བསྐོར་བ་བྱས་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་ནས་ཐལ་མོ་རྩེ་གསུམ་པའི་ཕྱག་རྒྱ་ས་ལ་བརྡབས་པས་སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་སྐུ་ཕྱེད་ཙམ་ས་ནས་འཐོན་པ་ལ། ཨོཾ་པྲི་ཐི་ཝཱི་དེ་ཝཱི་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱཱ། ཤཔྟ་རྣམས་ཀྱིས་མཆོད། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ། སེམས་ཅན་རྣམས་ཀྱི་དོན་དུ་དཀྱིལ་འཁོར་བྱེད་པས་བདག་ལ་ས་བྱིན་ཅིག་ཅེས་བརྗོད་པས། ཁྱོད་དཀྱིལ་འཁོར་གྱི་བདག་པོ་ཡིན་པས་དཀྱིལ་འཁོར་གྱིས་ཤིག་ཅེས་གནང་བ་བྱིན་ནས། སླར་ཡང་ས་ལ་ཐིམ། བདུད་རྩི་འཁྱིལ་བའི་ང་རྒྱལ་གྱིས། ཨོཾ་བིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ྄། ཅེས་བརྒྱ་བཟླས་ཤིང་གང་ལ་དམིགས་པའི་ས་དེ་ཚོན་སྐུད་དང་ཕུར་བུས་བསྐོར། ས་བརྐོ་བ་ལ་སོགས་པ་དགོས་ན་སའི་ལྷ་མོ་ནམ་མཁར་བཞུགས་སུ་གསོལ་ཏེ་ལྟོ་འཕྱེ་བརྟགས་ནས་བརྐོ། རོ་ལྔ་བསལ་གཏེར་དང་རྗེས་མཐུན་གྱི་སས་དབུས་ཅུང་ཟད་མཐོ་བའི་སྟེགས་བུ་དང་བཅས་པ་བྱ། དེ་ནས་དྲིའི་བྱུག་པས་དཀྱིལ་འཁོར་ཉིས་འདབ་ཙམ་བྱས་པའི་དབུས་སུ་རྡོ་རྗེ་སློབ་དཔོན་ཆས་སུ་ཞུགས་པ་དང་ཕྱོགས་བཞིར་སློབ་མ་བཀོད་མཆོད་པ་བཤམས་བདག་བསྐྱེད་རྫོགས་པར་བསྒོམས་ནས། ས་གཞི་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེའི་ས་གཞིར་བསམས་ལ། སེམས་ཅན་ཀུན་ཀྱི་སེམས་ཆེན་པོ།། སོགས་ཀྱིས་གསོལ་བ་གདབ། དེ་ནས་བདག་བསྐྱེད་བསྡུས་ནས། སློབ་དཔོན་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པ་མིག་མ་དང་ཨ་ལས་ཉི་ཟླ་འོད་ཟེར་དང་ལྡན་པས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ། རྐང་པའི་འོག་ཏུ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་འོད་འབར་བ་བསམས་ཏེ་རྡོ་རྗེའི་བལྟ་བ་དང་རྡོ་རྗེའི་འགྲོས་ཀྱིས་བྱང་ཤར་ནས་བརྩམས་ཏེ་སྐོར་བ་གསུམ། ཧཱུྃ་ཧའི་ཟློས་པས་བགེགས་བསྐྲད། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་པས། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་བགེགས་མཐར་བྱེད་སྟོད་ཕུར་བུ་སྨད་རྩེ་མོ་གཅིག་པའི་རྡོ་རྗེ་ཕུར་བུའི་རྣམ་པར་སྣང་བས་བགེགས་རྣམས་ཀྱི་མགོ་བོར་གནས་པ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚུ་ན་ཕཊ྄་ཕཊ྄། ཀཱི་ལཱ་ཡ་ཀཱི་ལཱ་ཡ། སརྦ་པཱ་པཱཾ་ཕཊ྄་ཕཊ྄་ཧཱུྃ་ཧཱུྃ་ཧཱུྃ་བཛྭ་ཀཱི་ལཱ་ཡ། བཛྭ་དྷ་ར་ཨཱ་ཛྙྱཱ་པ་ཡ་ཏི། བཛྭ་བིགྷྣ་ནཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟཾ་ཀཱི་ལཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། སྔགས་ཀྱིས་གདབ་པས་སྤྱི་བོ་ནས་གསང་བའི་བར་ཕུག་སྟེ་གཡོ་འགུལ་མེད་པར་གྱུར། དངོས་སུ་ལས་ཀྱི་རྡོ་རྗེས་ཕུར་སྐོར་བྱེད་ཅིང་ཕྱོགས་བཅུར་གདབ་བོ། །ས་ཡོངས་སུ་བཟུང་བའོ། །དེ་ནས་དཀྱིལ་འཁོར་གྱི་སར་ས་བསླང་པ་བཞིན་གྱིས་ས་ལྷ་ལྷག་གནས་བྱ། ལྷ་གནས་མ་འཆོལ་བར་ཚོམ་བུ་བཀོད་མཆོད་པས་བསྐོར། སྟོང་པ་ཉིད་ནས་བསྟོད་པའི་བར་བྱས། མཁྱེན་པར་གསོལ་བ་ནི། བདུག་སྤོས་འཐུལ་རོལ་མོ་དང་པུས་བཙུགས་ཀྱིས། བཅོམ་ལྡན་འཇམ་དཔལ་རྡོ་རྗེ་ནི། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །བདག་ནི་གཤིན་རྗེ་གཤེད་དཀྱིལ་འཁོར། །མགོན་པོ་བདག་གིས་བྲི་བར་འཚལ། །སློབ་མ་རྣམས་ལ་ཕན་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་དག་ལ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །སངས་རྒྱས་ཐམས་ཅད་བདག་ལ་དགོངས། །འཁོར་ལོ་འགྲོ་བའི་དོན་མཛད་དེ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །གསང་སྔགས་ཀྱི་ནི་ལྷ་གཞན་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །འབྱུང་པོ་ཡང་དག་རྫོགས་པ་ཡིན། །སངས་རྒྱས་བསྟན་ལ་མངོན་དགའ་བ། །གང་སུ་ལྷ་ཡི་མིག་ཅན་ཀུན། །ཆེ་གེ་ཞེས་བྱའི་རྡོ་རྗེ་ཡིས། །གཤིན་རྗེའི་དཀྱིལ་འཁོར་ལས་བྱུང་བའི། །ཇི་ལྟར་ཉེ་བར་སྤྱོད་ནུས་པ། །འགྲོ་རྣམས་དོན་དུ་བྲི་བར་བྱ། །བདག་དང་སློབ་མར་བཅས་པ་ཀུན། །ཐུགས་རྗེས་ཉེ་བར་གཟུང་ནས་ནི། །ཐམས་ཅད་དཀྱིལ་འཁོར་ལ་གཞུག་ཕྱིར། །བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ལན་གསུམ་ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་གསེར་དངུལ་གྱི་བུམ་པ་ཁ་དོག་དཀར་པོར་བསྒྱུར་བ་ལྷ་གྲངས་སམ་བཅུ་གཉིས་སམ་དྲུག་ལ་སྣ་ཚོགས་པདྨ་ལ་གྲི་གུག་སོགས་སོ་སོའི་མཚན་མ། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བྲིས་པ་ནང་རྫས་ལྔ་ཚན་ལྔ་ཆུས་སུམ་གཉིས་བཀང་བ་མགུལ་ཆིངས་ཉིས་རིམ་མམ་ཤིང་བཟང་པོའི་ཡལ་གས་བརྒྱན་པ་དེ་ནས་བསངས། བུམ་པ་རྣམས་སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་དབུས་སུ་པདྨའི་སྡོང་པོ་ལ་ཉི་ཟླ། དེའི་སྟེང་དུ་ས་བོན་ལས་ཕྱག་མཚན། དེ་ལས་ལྷར་སྐད་ཅིག་གིས་བསྐྱེད། ལས་ཐམས་ཅད་པར་བགེགས་མཐར་བྱེད་ཡེ་ཤེས་པ་གཞུག་པ་ནས་བསྟོད་པའི་བར་བྱ། བཟླས་པའི་མཐར་མཆོད་ཡོན་ལ་ཡིག་བརྒྱ་ཅི་རིགས་པ་བཟླས་པའི་ཆུས་རེག་པའི་ཚེ་ན་བདུད་རྩིའི་ཆུའི་རང་བཞིན་དུ་ཞུ། ལས་ཐམས་ཅད་པ་བགེགས་བསྲུང་བའི་ཕྱིར་མི་ཞུ་བར་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པར་བསམ། བུམ་པ་ལྷག་གནས་སོ། །དེ་ནས་སློབ་མ་རྣམས་ཤར་ཕྱོགས་སུ་ཁྲུས་བྱས་མཎྜྻལ་ཕུལ། རྡོ་རྗེ་སློབ་དཔོན་གཙོ་བོར་མོས་པ་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ཀྱིས་གསོལ་བ་བཏབ། བླ་མས་ཀྱང་། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་ནས། དེ་བས་ཀྱང་ནི་དཀོན་པ་སྟེ། །དེ་ལྟར་ཡིད་བཞིན་ནོར་བུའི་མཆོག །དེད་དཔོན་བཟང་དང་བཅས་པ་བླང་། །གལ་ཏེ་བག་མེད་གང་གྱུར་ན། །སྡུག་བསྔལ་རྒྱ་མཚོ་སྐྱེད་པར་བྱེད།། ཅེས་བརྗོད་ཅིང་གཅིག་གི་ལག་པ་ནས་བཟུང་ནས། བུ་ཚུར་ཐེག་པ་ཆེན་པོ་ལ། །སོགས་ཀྱིས་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས་ཐུན་མོང་དང་། བདག་ཅག་དུས་འདི་ནས་གཟུང་ནས། ཇི་སྲིད་གཉིས་མེད་ལ་གནས་པ། །དེ་ཡིས་ཚངས་སྤྱོད་གཉིས་མེད་པར། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུངས།། ཞེས་པ་ཁྱད་པར་དང་། དེ་ནས་སློབ་མའི་འབྱུང་བའི་འོད་ཀྱི་གོང་བུ་ལས་ཨོཾ་ཨཱཿཧཱུྃ་དུ་གྱུར་པས་གཡས་གཡོན་གང་ནས་རླུང་རྒྱུ་བ་དེ་ནས་བསྡུས་ཏེ་ཐུགས་ཀ་ནས་བརྒྱུད་གསང་གནས་ནས་འཐོན་མདུན་དུ་རྡོ་རྗེ་སེམས་དཔར་གསལ་བའི་སྙིང་མགྲིན་སྤྱི་བོར་ཧཱུྃ་ཨཱཿ ཨོཾ་ཞེས་བརྗོད་ཅིང་དྲིས་ཐིག་ལེ་བྱ། སྙིང་གར་ཁྲོ་བོའི་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་སྤྱན་དྲངས། དེ་དག་ལ་རིམ་པ་བཞིན་ཐིམ་པར་བསམ་ཞིང་ཨོཾ་ཨཱཿཧཱུྃ་ཞེས་གནས་གསུམ་དུ་རྡོ་རྗེ་བཞག་གོ །མཆོད་པ་ཕུལ་རང་རིགས་ཀྱི་སྔགས་བརྒྱ་རྩ་བརྒྱད་ཟློས་སུ་གཞུག དེ་ནས་སོ་ཤིང་མེ་ཏོག་གི་འཕྲེང་བ་ཅན་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཏབ་པ་སྦྱིན་ནས་སློབ་མས་རང་གི་སོའི་རྩ་བ་ལ་དྲུད་ནས་བཛྭ་ཧཱ་ས་ཧ་ཞེས་ཚོམ་བུ་ལྔ་བཀོད་པའི་མནྜལ་གྱི་ཁར་དོར་བས་གང་དུ་ལྷུང་བའི་ཕྱོགས་ཀྱི་ཞི་སོགས་ཀྱི་ལས་གང་འགྲུབ་པའི་མཚན་མ་བཤད་དོ།། ཨོཾ་སྲཱིཿབི་ཤུད་སོགས་ཀྱིས་ཁྱོར་ཆུ། དེ་ནས་བསྲུང་སྐུད་ལ་རིགས་ཀྱི་སྙིང་པོ་བཟླས་པ་མདུད་པ་གསུམ་པ་དཔུང་པ་གཡོན་པར་བཏགས་ཏེ། བུད་དྷ་མཻ་ཏྲཱི་རཀྵ་རཀྵ། ཞེས་པས་བསྲུང་། ཀུ་ཤ་ལས་ཐམས་ཅད་པའི་སྔགས་བཏབ་པ་སྔས་དང་སྟན་དུ་སྦྱིན། བྱ་བ་གཞན་གྱིས་བློ་མ་ཡེངས་པར་སྙིང་པོའི་དོན་དཔལ་གཤིན་རྗེ་གཤེད་འབའ་ཞིག་ལ་སེམས་པར་གྱིས་ཤིག ཅེས་བཤད་དེ་རྨི་ལམ་བརྟག་པའི་ཕྱིར་དཀྱིལ་འཁོར་གྱི་ཁང་པར་ཉལ་དུ་བཞག་གོ །མདུན་གྱི་དཀྱིལ་འཁོར་ཐབས་ཤེས་རབ་ཀྱི་རང་བཞིན་དུ་གནས་པར་བསམ། སློབ་མ་ལྷག་པར་གནས་པའོ། །ནང་པར་དཀྱིལ་འཁོར་ཡང་དག་པར་མཆོད་ནས་སྟེང་གི་ནམ་མཁར་གཤེགས་སུ་གསོལ། ཚོམ་བུ་བསྡུ། ས་བྱི་དོར་བྱས། རང་སྐད་ཅིག་གིས་ལྷར་གསལ་བའི་མདུན་དུ་ཚོན་སྣ་ལྔའི་སྐུད་པ་སོ་སོར་བཀལ་བ་ཨོཾ་ཧཱུྃ་ཏྲཱཾ་སྲཱིཿཨཿལས་བྱུང་བའི་ཕྱག་མཚན་ལྷ་དེ་ཡོངས་སུ་གྱུར་པ་ལས་རིགས་ལྔར་གྲུབ་པ་ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་བཅུག་མཆོད། སླར་ཞུ་བ་སྐུད་པར་གནས་པ་དེའི་སྣ་སྒྲུབ་གྲོགས་ལ་ཛཿཞེས་པས་གཏད་ཅིང་། ཨོཾ་ཨ་ནྱོ་སོགས་ཀྱིས་བསྒྲིལ། དེ་ནས་རྡོ་རྗེ་སློབ་དཔོན་ནུབ་ཏུ་འདུག་ནས། རྡོ་རྗེ་ཁུ་ཚུར་གཡོན་དུ་གཟུང་ལ་གཙོ་བོར་བསྒོམས་པའི་ལྟོ་བར་ཁུ་ཚུར་བཞག་ལ། ཛྫཿཛྫཿཛྫཿཞེས་པས་སློབ་མའི་ལག་པ་གཡས་སུ་སྦྱིན། ཨོཾ་བཛྭ་ས་མ་ཡ་སུ་ཏྲཾ་མ་ཏི་ཀྲ་མ་ཧཱུྃ་ཞེས་གྱེན་དུ་བཏབ་པའི་སྒྲས་དེ་བཞིན་གཤེགས་པ་དག་འགྲོ་བའི་དོན་གྱི་དུས་ལ་བབ་པར་བསྐུལ། རང་བཞིན་གྱི་དཀྱིལ་འཁོར་དུ་དམིགས། ཚངས་ཐིག་རྣམས་གདབ། དེ་ནས་ལས་ཀྱི་ཐིག་སྐུད་གཞན་གྱི་ལག་ལེན་བཞིན་བཏབ་པ་དང་། ཡེ་ཤེས་ཀྱི་ཐིག་བཏབ་པ་རོ་གཅིག་ཏུ་འདྲེས་པར་བསམ་ཞིང་། ཐིག་སྐུད་མཆོད་དེ། ཡེ་ཤེས་པ་སྔགས་ཀྱིས་གཤེགས། ཚོན་སྣ་ལྔ་ཡང་ཨོཾ་སོགས་ས་བོན་ལྔ་ལས་བྱུང་བའི་དྲི་དང་བདུད་རྩིས་བསངས། སྔ་མ་བཞིན་གྱིས་བྱིན་བརླབ་བྱས། ཨོཾ་བཛྭ་ས་མ་ཡ་ཧཱུྃ་ཞེས་བཟླས། ཆོས་ཀྱི་དབྱིངས་དེ་དག་པས་ན། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །རྒྱལ་བ་འཇམ་དཔལ་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཞེས་བརྗོད་ཅིང་བྱང་ཤར་ནས་རེ་ཁཱ་ལྔ་བྱས་པར་ཐོད་པ་བཀབ་སྟེ་རྐང་པས་མནན་ནས་ཚོན་པྲ་བརྟག་ཅིང་མཚན་ཕྱེད་ཀྱི་དུས་ནས་འཇིགས་བྱེད་ཀྱི་སྦྱོར་བས་བྲི་ཞིང་མཚན་མ་ལ་ཡང་སྒྲུབ་ཐབས་ནས་བཤད་པ་བཞིན་གྱིས་སོ། །དེ་ནས་བུམ་པ་གཙོ་བོ་དབུས། གཞན་བརྒྱད་ཕྱོགས་མཚམས། ལས་ཐམས་ཅད་པ་བྱང་ཤར་དུ་བཞག་སྟེ། ཁྱོད་ཀྱིས་བགེགས་ཐམས་ཅད་སྲུང་བར་གྱིས་ཤིག ཨོཾ་བིགྷྣཱན་ཏ་ཀྲྀ་ཏ་ཧཱུྃ་ཕཊ྄། ཟླའོ། །དེ་ནས་མཆོད་རྫས་ཞབས་ཀྱིས་མནན་པའི་སྲོག་ཆགས་རྣམས་ཀྱི་ཤའི་ཞལ་ཟས། ཕྱོགས་མཚམས་བརྒྱད་དུ་ཚིལ་ཆེན་གྱི་མར་མེ་བརྒྱད་ཀྱང་དེ་བཞིན། སྒོ་དང་གྲྭ་བཞིར་ཁྲག་གི་ཨརྒྷཾ་ཐོད་པར་བླུགས་པ། གསུར་ཆེན་གྱི་བདུག་པ། དགྲ་བོའི་མགོ་ལ་སོགས་པའི་མེ་ཏོག་ཀྱང་ཕྱོགས་མཚམས། གཞན་ཡང་བདུད་རྩི་བཅུ་དང་གཏོར་མ་དང་། ཚོགས་ཀྱི་ཡོ་བྱད་དེ་མཆོད་པའི་ཁྱད་པར་ཇི་སྙེད་པ་ཡང་བཀོད་དོ། །སྤྱན་གཟིགས་ལ་སོགས་པ་བཀོད་པར་ཁྱད་པར་འཕགས་པར་བྱ། རྡོ་རྗེ་སློབ་དཔོན་གྱིས་རྡོར་དྲིལ་བཟུང་འབར་བའི་བལྟ་བ་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་བ་བྱས། སུམྦྷ་ནིའི་སྔགས་ཀྱི་བསྲུང་བར་བྱས་ནས། བདག་བསྐྱེད། དེ་ནས་དཀྱིལ་འཁོར་བསང་གཏོར་བྱས་ནས་སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་མདུན་བསྐྱེད་བུམ་པ་དང་བཅས་པ་ལ་ལྷ་ཚོགས་བསྐྱེད། ནམ་མཁའ་ལ་གནས་པ་དེ་འབར་བའི་བལྟ་བ་དང་། ཡི་གེ་ཛ་སྦྱོར་བས་ཤྲཱི་བཛྭ་བྷཻ་ར་བ་མཧཱ་མཎྜྻལ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། ཞེས་པས་གཉིས་སུ་མེད་པར་གྱུར་པས་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྲུབ་པ་གཙོ་འཁོར་ཐམས་ཅད་ཀྱི་སྙིང་གར་རང་རང་གི་ས་བོན་ནས་བསྟོད་པའི་བར་བྱའོ། །རྒྱས་པར་འདོད་ན། ཚེ་བདག་གི་ལས་བྱང་བཞིན་གྱིས་བསྒྲལ་ལས་ཀྱི་བསྟབ་པའི་བར་འདོན་པ་ཅུང་ཟད་བསྒྱུར་བས་ཀྱང་མཆོད་དོ། །མཆོད་པའི་རིམ་པའོ། །དེ་ནས་སློབ་དཔོན་གྱིས་གྲུབ་ན་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ། བདག་འཇུག་བྱས་ཏེ་སློབ་མ་ཕྱི་རོལ་དུ་བཀུག ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་བཏབ། དེ་ནས་ཕྱོགས་བཞི་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ།། སོགས་ཀྱིས་གསོལ་བ་བཏབ། སྡོམ་པ་ཐུན་མོང་རིགས་ལྔ་སྤྱི་མཐུན་དག་པའི་དམ་ཚིག་སྔར་བཞིན་ཕོག བུམ་པས་ཁྲུས་བྱས་གདོང་བཅིང་། དེ་ནས་སློབ་མ་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་དར་ཟབ་ཀྱིས་བརྒྱན་པར་བསྐྱེད། ཨཱཿཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་འཕྲེང་བ་ལེན་དུ་གཞུག་རྡོ་རྗེ་ནས་འཛིན་དུ་བཅུག ཞལ་བཞི་པ་དང་ཏ་ཀྲྀ་ཏ་བཞིའི་སྔགས་ཀྱིས་བགེགས་བསྐྲད། ཁྱོད་ནི་གང་ཞིག་ཅི་ལ་དགའ།། ཞེས་དྲི། སྐལ་བ་བཟང་ལ་བདག་དགའོ།། ཞེས་ལན་བཏབ། དེ་ནས་སེམས་བསྐྱེད་པ་ཡོལ་བའི་ནང་དུ་འོང་བ་ན། ཨོཾ་བོ་དྷི་ཙིཏྟ་ཨུ་པ་ཏ་ཡཱ་མི། ཞེས་ལན་གསུམ་བརྗོད་དུ་བཅུག དེའི་སྙིང་གར་རྡོ་རྗེ་བདུད་རྩི་དང་བཅས་པས་རྒྱས་བཏབ། དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་པ་དེ་ཁོ་ན་ཉིད་ཀྱི་གནས་ཆེན་པོ་འདི་ནི་ཕྱིན་ཅི་མ་ལོག་པར་བརྟག་པར་བྱས་ཏེ་གང་དག་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ་དད་པ་ཆུང་བ་དག་དང་ཡོངས་སུ་མ་སྨིན་པ་རྣམས་ལ་སྨྲ་བར་མི་རིགས་སོ། །གལ་ཏེ་སྨྲས་ན་མགོ་བོ་འགས་པར་འགྱུར་རོ།། ཡི་གེ་གསུམ་གྱིས་གནས་གསུམ་བྱིན་གྱིས་བརླབས་ཏེ་རྡོ་རྗེ་དང་བཅས་པའི་བདུད་རྩི་ཐིག་ལེར་བྱས་པའི་སྒོ་ནས་སོ། །དེ་ཉིད་ཉི་ཟླ་ཁ་སྦྱོར་རེ་རེ་འཁོད་པར་བསམ་ཞིང་། དེ་ནས་ཕན་ཡོན་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་སྤྱི་མཐུན་མཐའ་མའི་མཐར་ཨོཾ་བཛྭ་སཏྭ་ཧཱུྃ། གཉིས་ཀ་དང་རྡོ་རྗེ་སློབ་དཔོན་བཀའ་གཉན་པ་ཡང་སྤྱི་བཞིན་བྱས་ནས། བདག་ནི་དེང་ནས་གཟུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས་རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག ཅེས་ལན་གསུམ་གསོལ་བ་བཏབ། སྦྱར་བའི་སྤོས་ཀྱིས་བདུག་ཅིང་དེ་ནས་སློབ་མ་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་རིན་པོ་ཆེ་དང་དར་ཟབ་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་བཀུག་སྟེ་དེ་ལ་ཞུགས་པར་བསམ་ཞིང་། ཨོཾ་བཛྭ་ཨཱ་བེ་ཤ་ཡ་ཨཱ། ཞེས་རོལ་མོ་དང་བཅས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་ཏིཥྛ་བཛྭ་ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཀོད་པས་བརྟན་པར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་དང་བཅས་པས་བསྟོད་པ་ཚིགས་སུ་བཅད་པས་ཀྱང་འདོན་ཅིང་དཀྱིལ་འཁོར་ལ་སྐོར་བ་བྱས་ཤར་དུ་ཚོམ་བུ་ལྔ་བཀོད་པའི་མཎྜྻལ་དཀྱིལ་འཁོར་དུ་དམིགས་ཏེ། མཧཱ་པཱུ་ཛ་སུ་པྲ་ཏིཥྛ་བཛྭ་ཧོཿཞེས་བརྗོད་དེ་མེ་ཏོག་དོར། ལྷ་གང་ལ་བབས་པ་དེ་ཁྱོད་ཀྱི་ལྷ་ཞེས་བརྡ་སྤྲད། མེ་ཏོག་དེ་གང་ལ་ཕོག་པ་དེ་ཉིད་ཀྱི་གཙུག་པུད་དུ་བཅིངས་པར་བསམ་ལ། པྲ་ཏི་གྲྀ་བཛྭ་ཧོཿམིག་གཉིས་སུ་ཨོཾ། དེ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་མཐོང་བར་བསྒོམ་སྟེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཡེ་ཤེས་མཆོག་ཏུ་གསལ་བར་བྱེད། །ཧེ་བཛྭ་པཱ་ཤ། གདོང་གཡོགས་བཀྲོལ་ཏེ། ཨོཾ་བཛྭ་ཙཀྵུ་མཧཱ་མཎྜྻལ་པྲ་བེ་ཤ་ཡ་ཕཊ྄། ཆོས་རྣམས་གཟུགས་བརྙན་ལྟ་བུའི་དངོས། །དག་ཅིང་གསལ་ལ་མ་རྙོགས་པར། །གང་རྟོག་ཞིང་ཁམས་རྣམ་དག་མཆོག །བླ་ན་མེད་པའི་གནས་མཆོག་ཡིན། །རྡོ་རྗེ་ཐུགས་རྗེའི་རྒྱུན་གནས་པས། །སྤྲུལ་བའི་དཀྱིལ་འཁོར་རྒྱུན་མི་འཆད། །བདེན་པའི་བྱིན་གྱིས་བརླབས་ཀྱིས་མཐོང་། །ཕུན་སུམ་ཚོགས་ཀུན་འདིས་འགྲུབ་འགྱུར། །དངོས་གྲུབ་བསྒྲུབ་ཕྱིར་དམ་ཚིག་སྐྱོང་། །གསང་སྔགས་དོན་ལ་བརྩོན་པར་གྱིས། །དེ་ནས་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་བསྟན་ནོ།། འཇུག་པའོ། །དེ་ནས་སྲོད་ལ་སློབ་མ་གཙོ་བོར་བསྐྱེད།བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། བུམ་པ་ཐམས་ཅད་ཀྱི་ཆུ་གཙོ་བུམ་དུ་བསྡུས་ནས་དེ་སྤྱི་བོར་དབང་བསྐུར་ཞིང་། རྣལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་འབྱོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དབྱངས་ཀྱིས། ཇི་ལྟར་བལྟམས་པ་དུས་ཀྱི་ཚེ། །ལྷ་རྣམས་ཀུན་གྱིས་དབང་བསྐུར་ལྟར། །དེ་ལྟར་དེ་བཞིན་གཤེགས་ཀུན་གྱིས། །རིགས་ཀྱི་བུ་ཁྱོད་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡེ་ཧཱུྃ། ཨཱཿཁཾ་བཱི་ར་ཧཱུྃ། ཞེས་སྤྱི་བོ་ནས་བླུགས་པས་དྲི་མ་སྦྱངས། ཅོད་པན་ལས་ཐམས་ཅད་པས་བསངས། སྭ་བྷཱ་ཝས་སྦྱངས། ཨོཾ་ཧཱུྃ་ཏྲཱཾ་སྲཱིཿཨཱཿལས་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་དེ་དག་ཡོངས་སུ་གྱུར་པ་ལས་རྣམ་སྣང་མི་བསྐྱོད་རིན་འབྱུང་སྣང་མཐའ་དོན་གྲུབ་རྣམས་སུ་གྱུར་པས། སངས་རྒྱས་ཀུན་དངོས་ཅོད་པན་དབང་། །རྫོགས་སངས་རྒྱས་ཉིད་རབ་བསྒྲུབ་ཕྱིར། །ཅོད་པན་མཆོག་གི་དབང་བསྐུར་བས། །འཁོར་ལོ་སྒྱུར་རྒྱལ་མགོན་དབང་བསྐུར། །ཨོཾ་ལཾ་མཾ་པཾ་ཏཾ་ཧཱུྃ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩྨ་ཧཱུྃ། མགོ་ལ་བསྐྱོན། སྲཱིཿལས་སྣང་མཐའ། དེ་ལས་འོད་འཕྲོས་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿརྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་མཆོག་གི་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཤཱུནྱ་ཏཱ་ཛྙྱཱ་ན་བཛྭ་ཨ་བྷི་ཥིཉྩྨ་མི། རྡོ་རྗེ་ལག་པ་གཡས་པར་གཏད། ཨ་ལས་དོན་གྲུབ་གཞན་འདྲ།ཆོས་ཀྱི་དྲིལ་བུ་བླ་མེད་དོན། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོག་པའི། །ཐམས་ཅད་སྟོང་ཉིད་དོན་སྟོན་པའི། །དྲིལ་བུའི་དབང་བསྐུར་བླ་ན་མེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་པ་ཏ་ལེ་དྷརྨ་དྷཱ་ཏུ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཧཱུྃ། དྲིལ་བུ་གཡོན་པར་གཏད། ཆོས་ཐམས་ཅད་བདེ་སྟོང་མཉམ་པ་ཉིད་དུ་བསྒྲུབས་ནས། ཨོཾ་བཛྭ་ཨ་དྷི་པ་ཏི་ཧྶཾ། ཨོཾ་བཛྭ་ཨ་བྷི་ཥིཉྩྨ་མཱཾ། ཏིཥྛ་བཛྭ་ས་མ་ཡ་ཧཱུྃ། ཨོཾ་བཛྭ་སཏྭ་ཧྶཾ། བཛྭ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡ་ཧཱུྃ། ཀྱེ་དཔལ། ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ།། འདི་སྟེ་སོགས་སྤྱི་མཐུན།ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ཏིཥྛ་ཨེ་ཥ་སྟཱཾ་དྷཱ་ར་ཡ་མི་སྲཱིཿཧི་ཧི་ཧི་ཧོ་ཧཱུྃ་ཨོཾ། ཐོག་མཐར་མེད་པའི་སེམས་དཔའ་ནི།། ཞེས་པའི་ཤླཽ་ཀས་རྡོ་རྗེ་ལག་པ་གཡས་པར་གཏད་ཐུགས་ཀྱི་དམ་ཚིག འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཤླཽ་ཀས་གཡོན་པས་དྲིལ་བུ་ཆོས་ཀྱི་དཀྲོལ། གསུང་གི་དམ་ཚིག བསྣོལ་བའི་ཕྱག་རྒྱས། སྲིད་པ་ངོ་བོ་ཉིད་ཀྱིས་དག། ནས། བྱེད་པར་འགྱུར་བྱས། འཁོར་བའི་བདེ་བ་ཤིན་ཏུ་ཆུང་། །དུཿཁ་ཆེན་པོ་དག་པའི་ཕྱིར། །མཆོག་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་དག་རྟག་ཏུ་སྐྱོངས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་བདེ་བ་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱའོ། །ཇི་སྲིད་འཁོར་བའི་གནས་མཆོག་ཏུ། །ཐབས་མཁས་མཆོག་ཆེན་བཞུགས་པའི་ཚེ། །དེ་སྲིད་སེམས་ཅན་མཚུངས་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་མཆོག་ཐབས། །བསོད་ནམས་བྱིན་རླབས་ཀྱིས་བསྒྲུབས་པའི། །དམ་ཚིག་འདི་དག་རྟག་ཏུ་སྲུངས། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །ཕྱག་རྒྱ་ཆེན་པོའི་བརཏལ་ཞུགས་མཆོག །སངས་རྒྱས་ཀུན་གྱིས་གནང་བ་སྦྱིན། །སྐུའི་དམ་ཚིག་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་དབང་དབུ་དགུ་ནས། །སྐུ་མཆོག་ནི། བདུད་དཔུང་འཇོམས་ཕྱིར་དབང་བསྐུར་རོ། །གྲི་གུག་རྩེ་གཅིག་ནས། ཌཱ་མ་རུས། བདུད་དཔུང་འཇོམས་ཕྱིར་དབང་བསྐུར་རོ།། གཡས་པའི་ཕྱག་མཚན་རྣམས་དང་། ཐོད་པ་མགོ་བོ་ནས། བ་དན་རས། བདུད་དཔུང་འཇོམས་ཕྱིར་དབང་བསྐུར་རོ།། གཡོན་པའི་ཕྱག་མཚན་རྣམས་ཀྱིས་དབང་བསྐུར། གསུམ་གའི་མཐར་ཡི་གེ་བཅུ་པ་བརྗོད། དེ་དག་གི་བར་བསྟོད་པ་བཞིན་ནོ།། གླང་ཆེན་ལྤགས་པ་བགེགས་ཆེན་ཏེ། དྲག་པོའི་གཟུགས་ནི་སྡུག་བསྔལ་བ། །སེལ་བར་བྱེད་པ་གཙོ་བོའི་གོས། བདུད་དཔུང་། ཉེ་བའི་སྙིང་པོ། སྦྲུལ་དང་ཐོད་འཕྲེང་མི་འགྱུར་བ། །གཙོ་བོའི་རྒྱན་འཕྲེང་སྔགས་དང་།གསུངས་ཆོས་ཀྱི་ཕྱག་རྒྱ། སློབ་དཔོན་འཇིགས་བྱེད་དུ་གསལ་པའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང་། ཁྱེད་རང་རྣམས་འཇིགས་བྱེད་དུ་གསལ་བའི་ཐུགས་ཀ་ནས་ཞུགས། ཉི་མའི་སྟེང་གི་ཧཱུྃ་ཡིག་མཐིང་ནག་གི་མཐར་འཁོད་པའི་མོས་པ་གྱིས། སྙིང་པོ་ཉེ་སྙིང་རྩ་སྔགས་འཕྲེང་སྔགས་ཀྱི་བཟླས་ལུང་སྦྱིན། བཅོམ་ལྡན་འདི་ལ་དང་། བཅོམ་ལྡན་བདག་གིས་སོགས་བརྗོད། དྲག་པོ་ལས་ཀྱི་དབང་། འཇམ་དབྱངས་ཡེ་ཤེས་སྙིང་རྗེ་ཁྲོས།། ནས། བཅོས་མའི་ཁྲོ་བྱེད་ཁྱོད་ཀྱིས་གཟུང་།། ཞེས་བསྒྲལ་བའི་ཆས་རྣམས་གཏད། མུན་སེལ་ཐུགས་ཀྱི་མངོན་གྱུར་པ།། ནས། གཉུག་མའི་གནས་ལ་འགོད་པར་བགྱི།། ཞེས་ཚོགས་གདབ་ལས་བྱ། ལ་སོགས་པ་སྦྱོར་བའི་རྫས་ཀྱིས། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་པ་ནི། །དངོས་དང་ཡིད་ལས་བྱུང་བ་དག །ནམ་མཁའ་མཉམ་པ་སྙེད་ཀྱིས་མཆོད།། ཅེས་པས་མཆོད་པའི་དབང་། དགང་གཟར་བླུགས་གཏད། ཞི་དང་རྒྱས་དང་། སོགས་ལས་རབ་འབྱམས་ཀྱི་དབང་། རལ་གྲི་སོགས་གཏད། རལ་གྲི་མིག་སྨན་སོགས་དང་། དེ་ནས། རྡོ་རྗེ་སློབ་དཔོན་དུ་བྱེད་པའི་ཕྱིར་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨའི་སྟེང་སེང་གེའི་ཁྲིའི་དབུས་སུ་སློབ་མ་བཞག སྟེང་ནས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་ཅིང་། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཞེས་པས་གསོལ་བ་བཏབ། རྣལ་འབྱོར་གཙོ་བོར་བསྐྱེད། དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་གཏམས་པ་རྣམས་ཀྱིས་པའི་ཚོགས་ཐམས་ཅད་ཀྱིས་བུམ་པས་དབང་བསྐུར་ཅིང་། ཨོཾ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར།། ནས། རྡོ་རྗེ་སྙེམས་ཚུལ་བདག་མཛོད་ཅིག། ཞེས་པའི་གླུས་དབང་བསྐུར། སྒྲུབ་ཐབས་བཞིན་དག་པ་བསྟན། དེ་ནི་བུམ་དབང་ངོ་། །དེ་ནས་ནམ་གུང་ལ་བབ་པ་ན་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབས་ནས། ཁྱབ་བདག་བདག་ལ་སྨན་པ་དང་།། ཞེས་པའི་ཤླཽ་ཀས་གསོལ་བ་བཏབ་མིག་དར་བཅིངས། སློབ་དཔོན་རྡོ་རྗེ་འཇིགས་བྱེད་ཕྱག་རྒྱ་རོ་ལངས་མར་གསལ་བ་རྡོ་རྗེ་པདྨ་གཉིས་སུ་མེད་པར་སྙོམས་པར་ཞུགས་པས་ཕུང་ཁམས་སྐྱེ་མཆེད་ཡན་ལག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བའི་ཐིག་ལེ་གསང་བ་གཉིས་ཀྱི་ཁས་ལྕེ་ཐོག་ཏུ། དབང་བསྐུར་རྡོ་རྗེ་ཆེན་པོ་ལ།། ཞེས་པས་སྟེར། ཨ་ཧོ་མཧཱ་སུ་ཁ་ཞེས་པས་མིད། གསལ་སྟོང་གི་ཡེ་ཤེས་ལ་ཅུང་ཟད་མཉམ་པར་ཞོག མིག་དར་བཀྲོལ་ལོ། །གསང་དབང་ངོ་། །དེ་ནས་བུད་མེད་ཀྱི་སྒྱུ་མའི་དཀྱིལ་འཁོར་དུ་ཐོ་རངས་མཎྜྻལ་ཕུལ། མིག་དར་བཅིངས། སྔར་བཞིན་གསོལ་བ་བཏབ། སློབ་མའི་ལག་པར་ཕྱག་རྒྱ་མའི་ལག་པ་བཟུང་སྟེ། ཇི་སྲིད་རང་གི་བདེ་འདོད་པ། །དེ་ཉིད་རོལ་དང་སྒེག་པ་ཡི། །དེ་སྲིད་ཕྱག་རྒྱ་ལྷན་ཅིག་ཏུ། །གཉུག་མ་འདི་ཡིས་མཆོད་པར་བྱ།། ཞེས་བརྗོད་ཅིང་གཏད། སློབ་མ་འཇིགས་བྱེད་དང་ཕྱག་རྒྱ་མ་ཡུམ་རོ་ལངས་མར་གསལ་བཏབ་སྟེ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་གསང་བའི་དེ་བཞིན་ཉིད་དུ་གཤེགས་པར་གྱུར་བའི་མཐར་ཐུག་པ་དེའི་ཚེ། གང་ཡང་ཉམ་ང་བློས་ཐོངས་ཚེ། །སྐད་ཅིག་སྐད་ཅིག་དབྱེར་མེད་པ། །བདེ་བ་ཆེན་པོའི་བདག་ཉིད་སད། །མ་ནི་མཁན་པོ་སྒྲ་མཁན་དང་། །ཚད་མ་རྟོག་གེའི་སྤྱོད་ཡུལ་མིན། །དགག་ཅིང་བསྒྲུབ་ལས་འདས་པ་ན། །བརྗོད་བྲལ་ལྷན་ཅིག་སྐྱེས་དགར་གསུངས། །འདི་དག་བདེ་བར་སྐྱོབ་བྱེད་རྣམས། །བསླབ་གཞི་འདུལ་སྡོམ་དམ་ཚིག་ཀུན། །ངེས་པར་བསྲུང་ཕྱིར་སེམས་བདག་ཉིད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དཀོན་མཆོག་གསུམ་གྱི་དགྲ་བསད་ཅིང་། །འདོད་ལ་ངེས་པར་ཆགས་ཕྱིན་སྤྱད། །གཞན་གྱི་ལོངས་སྤྱོད་བག་མེད་བླང་། །དངོས་ཀུན་རྫུན་སོགས་སྒྱུ་མར་སྨྲ། །ཚོགས་དྲུག་བདེ་ཆེན་ལོངས་སྤྱོད་སྤྱད། །གྲུབ་པ་ལྔ་དང་ལྕགས་ཀྱུ་ལྔ། །ལོངས་སྤྱོད་ལྔ་སོགས་རྒྱུན་ཏུ་སྤྱད། །རྟག་ཏུ་སེམས་ལ་དངོས་གྲུབ་བསྒྲུབ། །དུས་གསུམ་རྟག་པའི་སྐུ་རུ་གནས། །ཞེས་ངོ་སྤྲད་པས་སོ་སོ་རང་རིག་པའི་རྐྱེན་གྱིས་སླར་གསང་གནས་ནས་གཙུག་ཏོར་གྱི་བར་དུ་དེ་བཞིན་དུ་གཤེགས་པ་ན། མིག་དར་བཀྲོལ། སློབ་དཔོན་སྟོན་པའི་ཆས་གཡས་སྐྱབས་སྦྱིན་གཡོན་མཉམ་བཞག་གི་ཕྱག་རྒྱས་སེམས་ཅན་གྱི་དོན་བསྒྲུབ་པའི་ཚུལ་དུ་ལངས་ནས་རྣལ་འབྱོར་གྱི་དབང་པོ་ཐམས་ཅད་དང་མགྲིན་གཅིག་པས། །ཨོཾ། ངས་ཁྱོད་འདི་ལྟར་ལུང་བསྟན་ཏེ། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །སྲིད་པ་མཆོག་ཏུ་བསྒྲུབ་པའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ཨོཾ་ཡ་མཱནྟ་ཀྲྀ་ཏ་ཧཱུྃ་མི་བྷུར་བྷུ་ཝཿསྭཿ དེ་ནས་དབུགས་དབྱུང་སྦྱིན་བྱ་སྟེ། །དེ་རིང་ཁྱོད་བདག་ལེགས་པར་རྙེད། །མི་ཡི་སྲིད་པ་དོན་དང་བཅས། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། །སེམས་ཉིད་རང་འབྱུང་བ་ཡི་གཏེར། །ཕུན་སུམ་ཚོགས་པ་ཉེ་བར་གནས། །གསང་སྔགས་མཉམ་མེད་སེམས་ལས་འགྲུབ། །ཟག་པ་མེད་པའི་དཀྱིལ་འཁོར་ཆེ། །མཐོང་བ་འམ་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བྱང་ཆུབ་སེམས་མཆོག་རྨད་བྱུང་རྙེད། །འགྲོ་བ་ཀུན་གྱི་སྐྱེ་གནས་མཆོག །བདུད་བཞི་འཇོམས་ཤིང་དུཿཁ་ཡི། །སྐྱེ་རྒ་ན་འཆི་འཇིག་པར་བྱེད། །སྲིད་པའི་ངོ་བོ་ཉིད་དག་པའི། །ཕྱག་ན་རྡོ་རྗེར་དེང་གྱུར་ཏོ། །དབང་གསུམ་པའོ།། དེ་ནས་ཐོ་རངས་སེམས་ཀྱི་དཀྱིལ་འཁོར་དུ་སེམས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། བྱང་ཆུབ་ཆེན་པོའི་རྒྱུར་གནས་པའི། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །སྐྱེ་མཆེད་ཁམས་ནི་མང་པོ་ཀུན། །ལྷ་དང་ལྷ་མོའི་དཀྱིལ་འཁོར་མཆོག །ཡེ་ནས་རང་བྱུང་ཡེ་ཤེས་ཆེ། །བདག་ཉིད་ཆེན་པོ་རྟག་པའི་ལྷ། །མ་བསྒྲུབས་རྡོ་རྗེ་སེམས་དཔའ་གནས།། ཞེས་པས་སོ། །བཞི་པ་ཚིག་དབང་ངོ་། །དེ་ནས་རྣལ་འབྱོར་ཕོ་མོ་གྲངས་མཉམ་པའམ་ཕྱག་རྒྱ་གཅིག་དང་བཅས་པའི་དཔའ་བོའི་ཚོགས་གྲལ་རིམ་བཞིན་དུ་བྱས་ཚོགས་ཀྱི་ཡོ་བྱད་ཐམས་ཅད་བསགས། ལས་ཀྱི་རྡོ་རྗེ་བསང་སྦྱང་བྱས་ཏེ་སྦྱངས་རྟོགས་སྦར་ཞིང་ཚོགས་བྱིན་དབབ་སྤྱན་དྲངས་མཆོད་པ་བྱས། གཟུགས་ཀྱི་གར། སྙན་པའི་གླུ། དྲིའི་བྱུག་པ། གཏོར་མ་ཕུལ། དེ་ནས་སློབ་དཔོན་ལ་ལས་ཀྱི་རྡོ་རྗེས་ཕྱག་བྱས་རྣལ་འབྱོར་སྣོད་དུ་བདུད་རྩི་གཞན་བཟའ་བ་ལ་སོགས་པ་སྡེར་འོས་པར་བཤམས་ནས་འབུལ། ནང་གི་སྦྱིན་སྲེག་གི་ངེས་པས་ལོངས་སྤྱོད། རེག་བྱའི་དོན་དུ་ཕྱག་རྒྱ་དང་རྡོ་རྗེ་པདྨ་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པའི་བདེ་བ་བསྒོམ། དེ་ནས་བདག་བསྐྱེད་བསྡུས། ལྷག་མ་བཏང་། དགེ་བ་བླ་ན་མེད་པའི་བྱང་ཆུབ་བསྔོའོ། །རོལ་མོ་དང་མཆོད་པའི་བྱེ་བྲག་གིས་སྐོར་བ་བྱས་མཆོད་ཅིང་བསྟོད་ནས། བཟོད་གསོལ་བཤགས་པ་བྱས་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་སྙིང་གར་བསྡུས་རྡུལ་ཚོན་ཨ་ཀཱ་རོའི་སྔགས་ཀྱིས་བསྡུས་ཆུ་བོ་ཆེན་པོར་དོར་རོ། །དུག་གསུམ་གདུག་པ་ཉོན་མོངས་བྱེད་མཁན་རྣམས། །གཞོམ་ཕྱིར་རྒྱལ་བའི་ཡབ་ཅིག་འཇམ་པའི་དཔལ། །ཁྲོས་པའི་མེ་ཕུང་ཉི་མ་འབུམ་ཕྲག་གིས། །བསྒྲུབས་འདྲ་དུས་མཐའི་འཇིག་རྟེན་འདི་ན་ལོངས། །རང་བཟོས་དཔྱད་གསུམ་ཚད་གདུང་འབའ་ཞིག་གི །འབབ་པར་འཕངས་པར་ངལ་ལ་སྙིང་རྗེ་རྗེས། །འདོད་སེར་རྟོལ་བྱས་གླང་ཆེན་པདྨའི་མིག །ཐལ་ཀར་དེས་སྦྱར་ཆོ་ག་འདྲ་བ་གར། །གྲུབ་པ་སྟོན་ཀའི་ལེགས་བཤད་ཟླ་བའི་དཔྱིད། །མ་ལུས་འཕོས་དགོངས་རྡོར་འཆང་མ་དྲིས་མཚོ། །གསུམ་བདུན་རྟོག་པའི་ཆུ་ཀླུང་ཆེར་བརྫུས་ནས། །མྱུལ་བར་འོངས་པའང་རོ་མཉམ་ཉིད་དུ་སོང་། །རྡོ་རྗེ་འཇིགས་བྱེད་མཉེས་པར་བྱེད་པའི་རིམ་པ་འདི་ཡང་། པདྨ་དཀར་པོས་ལ་ལི་ཏའི་སྒྲུབ་ཐབས། དེ་ཉིད་ཀྱི་མཛད་པའི་དབང་ཆོག དེར་ཁ་འཕངས་པ་ཨ་མོ་གྷ་བཛྭས་མཛད་པ་རྣམས་ཇི་ལྟ་བར་རྒྱལ་བྱེད་ཚལ་དུ་སྦྱར་བ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །སརྦ་མདྒ་ལཾ།། །།


previousརྭ་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག་དང་བཅས་པ་གདུག་པ་གཞོམ་པའི་མེ་ཕུང་།next