Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of འབེན་
[Clear Hits]


  
 
  
  
ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་དམིགས་ཡིད་ཀྱི་སྙེ་མ།
  
  
  
  
  
 


2 occurrences of འབེན་
[Clear Hits]

 
previousཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་དམིགས་ཡིད་ཀྱི་སྙེ་མ།next

ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་དམིགས་ཡིད་ཀྱི་སྙེ་མ།

ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་དམིགས་ཡིད་ཀྱི་སྙེ་མ་ཞེས་བྱ་བ་བཞུགས་སོ། །ན་མོ་མཧཱ་མུ་དྲཱ་ཡ། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་དམིགས་ཡིད་ཀྱི་སྙེ་མ་ཞེས་བྱ་བ། དཔལ་ཕག་མོ་གྲུ་པ་དང་། གྲུབ་ཐོབ་གླིང་ཡབ་སྲས་ལ་ཕྱག་འཚལ་ལོ། །ཡོད་དང་མེད་དང་གཉིས་ཀ་དང་ནི་གཉིས་མེད་མིན། །མཐའ་བཞི་དང་བྲལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ལེགས་པར་སྟོན་པའི་དམ་པའི་ཆོས་སྒྲ་ཆེར་སྒྲོགས་པ། སྲིད་པའི་གནས་ལས་འགྲོ་བ་འདྲེན་མཛད་ཀུན་ལ་འདུད། སྔོན་ཆད་མ་བྱུང་བ་དག་འདིར་བརྗོད་མེད། །སྔོན་བྱུང་ཇི་བཞིན་འཁྲུལ་པ་མེད་པ་འདི། །སྔོན་སྦྱངས་བྱིན་རླབས་སྟོབས་ཀྱིས་སད་ལས་རྙེད། སྔོན་བསོད་རྒྱ་ཆེར་བསྐྲུན་པའི་འབྲས་ལ་བྱིན། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བརྗོད་ཚིག་ཉུང་ངུས་གདུལ་བྱའི་བློ་ལ་གསལ་བར་འགོད་པ་རྡོ་རྗེའི་ཚིག་དབང་རྣོན་ངེས་པ་དང་བྲལ་བ་རྣམས་ཚེ་འདིར་སངས་རྒྱས་ཀྱི་ས་ལ་བཀྲི་བའི་གདམས་ངག །བདེ་གཤེགས་རིན་པོ་ཆེ་ཁམས་པའི་ཁྱད་ཆོས། །ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་བཤད་པར་བྱ་བ་ལ་གསུམ་སྟེ། ཐོག་མར་དགེ་བའི་ཁྲིད། །ཐ་མར་དགེ་བའི་ཁྲིད་དོ། །དང་པོ་ལ་ཐུན་མོང་གི་སྦྱོར་བ་དང་། །ཐུན་མོང་མ་ཡིན་པའི་སྦྱོར་བའོ། །དང་པོ་ལ་བཞི་ལས། དལ་འབྱོར་རྙེད་དཀའ་ནི། རྒྱུ་ཚུལ་ཁྲིམས་ཡིན་པས། འབྲས་བུ་མི་ལུས་འདི་རྙེད་དཀའ། །ཅིའི་ཕྱིར་ན། དེ་བསྲུང་བ་ཆེས་ཉུང་བས་སོ། །ངོ་བོ་ནི་དལ་བ་བརྒྱད་འབྱོར་བ་བཅུ་སྟེ། མི་ཁོམ་པའི་གནས་བརྒྱད་ལས་ལོག་པས་དལ་བའོ། །རང་དང་གཞན་གྱི་འབྱོར་པ་ལྔ་ལྔ་སྟེ་བཅུའོ། །མིའི་ལུས་ནི་མིའི་རྟེན་ནོ། །རིན་པོ་ཆེ་ནི་དཀོན་པ་དང་། རིན་ཐང་ཆེ་བ། མཐུ་ཆེ་བ་སོགས་དང་ཆོས་མཐུན་པའོ། །མི་རྟག་པ་ནི། རང་གི་སྤྱི་བོ་ནས་རྐང་མཐིལ་ཡན་གྱི་ལུས་ཀྱི་ཆ་ཤས་རེ་རེ་ནས་བལྟས་པས། རྟག་པའི་ཆ་ཅི་ཞིག་འདུག་བརྟག་གོ། །ཕྱིའི་ཡུལ་ཁང་ནོར་རྫས་དག་ལ་མི་འཇིག་ཅིང་བདེན་པར་གྲུབ་པ་ཅི་འདུག་བལྟ། སྐད་ཅིག་མ་རེ་རེ་འགྱུར་བས་འཆི་༼༢ན༣༽བ་ལ་ཇེ་ཉེ། ནམ་འཆི་ཆ་མེད་དེ། རྒྱལ་བའི་སྲས་པོ་བཟང་པོ་དཔལ་གྱིས། དེ་རིང་ཙམ་ཡང་མི་འཆིའི་གདེངས་མེད་ཀྱང་། །རྟག་ཏུ་སྡོད་གྲབས་བྱེད་པའི་ངང་རིང་པོ། །འཆི་ཀར་བྲང་ལག་འཐབ་མོ་འཆོར་ཉེན་གདའ། །ཞེས་དང་། རྗེ་མི་ལས། ལོ་དང་ཟླ་བའི་ཆར་པ་བབ། ཞག་དང་ཟ་མའི་ཐིགས་པས་བརྡུངས། །སྒྱུ་ལུས་ཀྱི་ཁང་པ་འགྱེལ་ལ་ཁང་། །འཆི་བྲོད་ཀྱི་ཐིགས་ཚོགས་བྱེད་རེ་རན། །རན་པས་ཀྱང་མ་ཐུབ་འཕྱིས་པ་ཙམ། །ཞེས་པའོ། །དེ་ལྟར་ཡང་ཡང་བསྒོམ་ནས་ལས་འབྲས་བསམས་ཏེ། དགེ་བ་བཅུ་སྤྱད་པས་གནས་སྐབས་སུ་མཐོ་རིས། མཐར་ཐུག་སངས་རྒྱས་ཐོབ་པའི་རྒྱུ་ཡིན་ལ། མི་དགེ་བ་བཅུ་འཁོར་བཅས་ཀྱིས་ངན་སོང་གསུམ་དང་། མཐོ་རིས་ཀྱི་ཡང་སྡུག་བསྔལ་ཐམས་ཅད་སྐྱད་པ་ཡིན་ནོ། །འཁོར་བའི་ཉེས་དམིགས་ནི། གང་དུ་གནས་ཀྱང་སྡུག་བསྔལ། སུ་དང་འགྲོགས་ཀྱང་སྡུག་བསྔལ། ལས་ཅི་སྤྱད་ཀྱང་སྡུག་བསྔལ་དང་དེའི་རྒྱུ་འབའ་ཞིག་ཡིན་པས་བདེ་བའི་གནས་སྐབས་ནི་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་སྐད་དུ། མི་ཕམ་མགོན་པོས། འཁོར་བ་ཁབ་ཀྱི་རྩེ་ཙམ་ལའང་། བདེ་བ་ནམ་ཡང་ཡོད་མ་ཡིན། ཞེས་སོ། །གཏན་དུ་བདེ་བ་ནི་མྱ་ངན་ལས་འདས་པ་འབའ་ཞིག་གོ། །གཉིས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ། །ལྷག་པའི་ལྷ་བསྒོམ་པ། བླ་མའི་རྣལ་འབྱོར་རོ། །དང་པོ་ནི། འདི་གསུམ་པོ་ཕྱག་རྒྱ་ཆེན་པོ་ཡིན་པས་ངེས་དོན་གཏན་ལ་འབེབས་པའོ། །དེ་ལྟ་བས་ན་སྔོན་དུ་འགྲོ་བར་འཆད་པ་རིགས་པ་མ་ཡིན་ནོ་ཞེ་ན། སྐྱོན་མེད་དེ། འདི་དག་གི་རྣལ་འབྱོར་གྱི་རིམ་པ་བསྒོམ་པར་བྱ་བ་ནི། །མཚན་མ་དང་བཅས་པ་དྲང་བའི་དོན་དང་འབྲེལ་བས་སྔོན་དུ་བཤད་ཀྱི། དེའི་ངེས་དོན་ཕྱག་ཆེན་དུ་གཏན་ལ་འབེབས་པ་ནི། འཆད་པར་འགྱུར་བའི་དངོས་གཞི་ལས་དོན་གཞན་དུ་མེད་པའོ། །དེ་ལ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་༼༢བ༤༽བསླབ་པར་བྱ་བ་མཐའ་དག་ལ་ནན་ཏན་བྱེད་པ་ཡིན་ལ། འདིར་སྒོམ་པར་བྱེད་པ་ནི་བླ་མ་གོང་མ་དག་འདི་བཞེད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་སྙམ་པའི་བྱམས་པ་བསྒོམ་ལ། དེ་ཡང་དང་པོ་ནས་རྒྱ་ཆེན་པོ་བསྒྲུབ་པར་མ་ནུས་ན། རང་གི་སྐྱེས་མ་མདུན་དུ་བསྒོམས་ལ། བདེ་བ་སྟེ་མྱ་ངན་ལས་འདས་པ་ཐོབ་ན་སྙམ་པ་དང་། བདེ་བའི་རྒྱུ་དགེ་བའི་རྩ་བ་སྒྲུབ་པ་དང་ལྡན་ན་སྙམ་དུ་བསྒོམ། དེ་ལེགས་པར་འབྱོངས་ན་སྙིང་རྗེ་བསྒོམ་པར་བྱ་སྟེ། སྡུག་བསྔལ་ཏེ་འཁོར་བ་ན་འཁོར་བ་ལས་ཐར་ན་བསམ། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཐམས་ཅད་དང་བྲལ་ན་བསམ་པའོ། །དེ་གཉིས་ཀ་དང་པོར་མ་དང་དེ་ནས་ཉེ་ཞིང་ཡིད་ལ་གཅགས་པའི་མཛའ་བཤེས་རྣམས་ལ། དེ་ནས་སེམས་ཅན་ཐམས་ཅད་ལའོ། །སྙིང་རྗེ་ལ་རྣམ་པ་གསུམ་བཤད་དེ། འདི་ལྟར། སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པའོ། །མདོར་བཤད་པའི་གོ་རིམ་གསུམ་ནི། འཇུག་པ་ལས། དང་པོ་རང་ཞེས་བདག་ལ་ཞེན་གྱུར་ཅིང་། བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །འགྲོ་བ་གཡོ་བ་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །ཞེས་པའོ། །དེ་ལ་དང་པོ་ནི། རྟག་གཅིག་རང་དབང་ཅན་གྱི་སེམས་ཅན་འདི་རྣམས་རྟག་གཅིག་རང་དབང་ཅན་གྱི་སྡུག་བསྔལ་རྒྱུ་འབྲས་ལས་བྲལ་ན་བསམ། གཉིས་པ་ནི། ལས་ཀྱིས་གཡོ་བའི་རང་བཞིན་ཅན་གྱི་སེམས་ཅན་འདི་རྣམས་ལས་ཀྱིས་གཡོ་བའི་གཟུགས་བརྙན་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ན་ཅི་མ་རུང་སྙམ་པའོ། །གསུམ་པ་ནི། སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་སྒྱུ་མ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ན་སྙམ་དུ་བསྒོམ་པའོ། །གཡོ་བ་དང་རང་བཞིན་གྱིས་སྟོང་པ་ཞེས་པ་སྟོང་ཉིད་སྒྱུ་མ་ལྟ་བུ་ལས་ལོགས་སུ་མེད་དོ། །རྡོ་རྗེ་སྙིང་འགྲེལ་སོགས་༼༣ན༥༽ནས་གོ་རིམ་གསུམ་པ། གཤིས་སྟོང་ཉིད། གདངས་སྙིང་རྗེར་བཤད་པ་ནི་ལག་ལེན་འོག་ཏུ་ཤུགས་བསྟན་གྱིས་འབྱུང་ངོ་། །དེ་ནས་བདག་གཞན་བརྗེ་བའི་བྱང་སེམས་བསྒོམ་སྟེ། དེའང་བདག་གི་བདེ་བ་ཐམས་ཅད་གཞན་ལ་བྱིན། གཞན་གྱི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པས་དེ་དག་རང་སར་དག་པར་བསམ་ཞིང་། ལུས་ཐོག་ཏུ་ཟུག་རྔུ་ཅི་བྱུང་ཡང་། གཞན་གྱི་སྡུག་བསྔལ་མ་ལུས་པ་གྲོལ་ནས་བདག་ལ་སྨིན་ཅིང་། སེམས་ཅན་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་དུ་སེམ་མོ། །གཉིས་པ་ལྷག་པའི་ལྷ་བསྒོམ་པ་ནི། རང་ཉིད་ཀྱི་ལྷག་པའི་ལྷ་གང་ཡིན་པའི་བདག་བསྐྱེད་ཡོངས་སུ་རྫོགས་པར་གསལ་བར་ལྡན་པས་རྣམ་པ་གསལ་བ། ལྷའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་མི་ཕྱེད་པའི་མོས་པ་བརྟན་པ་ང་རྒྱལ་བརྟན་པའོ། །དེ་དག་གི་སྐུའི་དབྱིབས་སོགས་ཀྱང་རྣམ་པར་དག་པའི་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་ཤེས་པ་རྣམ་དག་དྲན་པ་ཡིན་ནོ། །དེ་ལྟར་སྒྱུ་མ་ལྟ་བུའི་སྐུའི་རྣལ་འབྱོར་ཡུན་རིང་དུ་བསྒོམས་ནས། སྐྱོན་ཇི་ལྟར་བཤད་པའི་སྔགས་ཀྱི་བཟླས་པ་ལ་འབད། དེ་ལས་སུན་ན། སྣོད་རྣམས་བཅུད་ལ་ཐིམ། དེ་གདན་ལ། དེ་རང་ལ། དེ་ས་བོན་སྔགས་འཕྲེང་ལ། དེ་ས་བོན་ལ། དེའང་མི་དམིགས་པ་འོད་གསལ་ལ་འཇུག་ཅིང་མཉམ་པར་གཞག་གོ། །དེ་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་སྐུར་གསལ་བ། སྣང་ཚད་སྐུ། གྲག་ཚད་གསུང་། དྲན་ཚད་ཆོས་ཉིད་ཀྱི་རོལ་པར་ཤེས་པའི་འཁྱེར་སོ་བྱའོ། །དེ་ལྟར་ཡང་། སྤྲོས་པ་རྨི་ལམ་ལྟར་བྱས་ནས། སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། ཅེས་འབྱུང་བས་སོ། །བླ་མའི་རྣལ་འབྱོར་ན་རང་ཉིད་ལྷར་བསྐྱེད་པའི་གཙུག་ཏུ་གདན་ཁྲི་ཕུན་སུམ་ཚོགས་པའི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་དུ་གསལ་བའི་དབུ་ཐོག་ཏུ་བརྒྱུད་རིམ་གྱི་བླ་མ་མཐོ་བརྩེགས་སུ་བསྒོམས་ནས་ངོ་བོ་ཆོས་ཉིད་དུ་གཅིག་ཅིང་། རྣམ་པ་གང་འདུལ་དུ་༼༣བ༦༽འཆར་བ་དགོས་འདོད་མ་ལུས་པ་འབྱུང་བའི་ཡིད་བཞིན་ནོར་བུར་མོས་པས། བརྟན་གཡོ་ཐམས་ཅད་ཀྱི་མཛེས་པས་མཆོད་ཅིང་། གསང་བ་དང་། དེ་ཉིད་ཀྱིའང་དགྱེས་པར་བྱས་ལ། སྐུ་གསུམ་གྱི་འབྲས་བུ་སྨིན་པའི་ས། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། ཞེས་སོགས་ཀྱིས་བརྒྱུད་རིམ་གྱི་གསོལ་བ་སྙིང་གི་ཁོངས། རུས་པའི་གཏིང་ནས་དྲག་ཏུ་འདེབས། དེ་ལས་བསྡུས་པར་སྤྲོ་ན། བླ་མ་ཉིད་བསྒོམས་ལ་མཆོད་ཅིང་། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་ཚར་ཅི་མང་གིས་བཏབ་ཀྱང་རུང་ངོ་། །ཡིད་སྐྱོ་བ་དང་། ཡིད་འབྱུང་སྐྱེ་ཞིང་ཁམས་འདུས་པ་ལ་སོགས་པ་དང་། སྙིང་མི་དགའ་བ་དང་། འདུག་ས་དེར་འདུག་མི་ཚུགས་པའི་བློ་སུན་ཁྱེར་བ་བྱུང་བ་ན། རང་གི་སྙིང་གི་དབུས་སུ་བླ་མ་ཞལ་འཛུམ་མུ་ལེ་བ། རང་ཡང་བཞིན་འཛུམ་པ། གང་མཐོང་གང་སྣང་དེ་ཡང་བླ་མ་འཛུམ་མུ་ལེ་བར་གསལ་བས་གསོལ་བ་འདེབས་པའང་གདངས་སྙན་པ། ཚིག་ལེགས་པ། བློ་ལྷོད་དེ་བ། དགའ་ཡལ་ལེ་བ། དེང་སང་དེ་བས་གདབ་བོ། །རྣམ་རྟོག་འཕྲོ་རྒོད་མང་ན་དེ་ལྟར་གྱི་ངང་ནས། བླ་མ་དང་སེམས་བསྲེས་ལ་བཅོས་མིན་དུ་གཞག་པས་གསོལ་བ་འདེབས་པ་དང་མ་ཡེངས་པར་བྱའོ། །གཉིས་པ་བར་དུ་དགེ་བའི་ཁྲིད་ལ། ལུས་གནད། ངག་གནད། སེམས་ཀྱི་གནད་དོ། །དང་པོ་ནི། རྐང་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་། ལག་པ་མཉམ་གཞག་གི་ཕྱག་རྒྱ། སྒལ་ཚིགས་དོང་རྩེ་བརྩེགས་པ་ལྟར་བསྲང་ཞིང་། དཔུང་བ་རྒོད་གཤོག་ལྟར་བརྒྱད། མགྲིན་པ་ཨོག་སྐོས་ཨོལ་མདུད་ནོན་ཙམ་བྱ། མིག་སྣ་རྩེ་ལ་གཏད་དོ། །དེའི་དགོས་པ་རིམ་པ་བཞིན། ཐུར་སེལ་དང་། མེ་མཉམ་དང་། ཁྱབ་བྱེད་དང་། གྱེན་རྒྱུ་དང་། སྲོག་འཛིན་གྱི་རླུང་དབུ་མར་༼༤ན༧༽ཚུད་ངེས་ཤིང་། དེ་ལས་ཡེ་ཤེས་སྐྱེ་བ་རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་ཡིན་ནོ། །གཉིས་པ་ནི་རླུང་རོ་ལན་གསུམ་ཕྱིར་བུས་ལ། དེ་ནས་བརྔུབས་ཏེ་འོག་ཏུ་བསྐྱུར་ནས་ཐུབ་ཐང་གཅིག་འཛིན་མི་ཐུབ་ན་ཕྱིར་བཏང་ནས་རང་བབས་སུ་གཞག་གོ། །དེ་ནས་ངག་སྨྲ་བ་བཅད་པའོ། །གསུམ་པ་ལ། སེམས་ཀྱི་གཞག་ཐབས་དང་། སེམས་ཀྱི་གཞག་ཐབས་དང་། སེམས་ཀྱི་བདར་ཤ་བཅད་པའོ། །དང་པོ་ནི། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་པས་ཀྱང་། འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། གང་ཡང་གཉིས་པོ་སྦྱོར་བར་ནུས་པ་ཡིས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། ཞེས་པས། ཤེས་རབ་སྟོང་པ་ཉིད་དང་། ཐབས་སྙིང་རྗེ་ཆེན་པོ་ཟུང་འཇུག་ཏུ་སྒོམ་པར་བྱེད་པ་ནི་གཤིས་སྟོང་ཉིད་དང་། གདངས་སྙིང་རྗེར་འཆར་བ། འཆར་བདོ་བའི་ཚེ་ཡང་སྟོང་ཉིད་དང་། སྟོང་བདོ་བའི་ཚེ་ཡང་སྙིང་རྗེར་འཆར་བས་དབྱེར་མི་ཕྱེད་པ་ཡིན་ནོ། །འདིར་ལས་དང་པོ་པ་དག་གིས་འདས་པ་ལ་མི་མནོ། །མ་འོངས་པ་ལ་མི་སེམས། ད་ལྟ་བ་ལ་མི་དཔྱད། འདི་བསྒོམ་པ་དང་། མི་བསྒོམ་བསམ་པ་ཐམས་ཅད་རབ་ཏུ་སྤངས་ནས། བཅོས་མིན་རང་བབས་སུ་མ་ཡེངས་པར་བྱའོ། །དེ་ལྟར། རྗེ་གྲུབ་ཐོབ་ཆེན་པོ་གླིང་གི་ཞལ་སྔ་ནས། མ་བཅོས་སོ་མར་གཞག་ན་རྟོགས་པ་འཆར། ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོངས་ལ། །རྟག་ཏུ་མཉམ་པར་ཞོག་ཅིག་རྣལ་འབྱོར་པ། ཞེས་སོ། །དེ་ལྟར་གཞག་པས་མི་སྡོད་པར་འཕྲོ་ན་རྦད་ཀྱིས་བཅད་ནས་དགག་གོ། །དེ་ལྟར་བསྐྱངས་པས་མང་དུ་འཕྲོས་ཏེ། སེམས་ཟིན་པས་རྟོག་པའི་འཆར་སྒོ་ཤེས་པ་ཡིན་ནོ། །དཔལ་མདའ་བསྣུན་ཆེན་པོས། བཅིངས་པར་གྱུར་ན་ཕྱོགས་བཅུར་འགྲོ་བར་རྩོམ། ཞེས་སོ། །དེས་ན་རྟོག་པ་ཅི་དགར་གཞག་ནས་མ་ཡེངས་ཙམ་གྱི་དྲན་པ་ལ་ནན་ཏན་དུ་༼༤བ༨༽བྱའོ། །དེ་ལྟར་དུ་བྱས་པས་རྟོག་པ་མི་འཕྲོ་བར་གནས་པ་འབྱུང་སྟེ། དེ་ཉིད་ཀྱིས། ཐོངས་པར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་ལྡོག་རྔ་མོང་ལྟ་བུར་བདག་གིས་རྟོགས། །ཞེས་སོ། །དེ་ནས་སྙོམས་པར་འཇུག་པའི་གནད་འདི་དགོས་ཏེ། གང་ཤར་གྱི་ཐོག་ཏུ་བཟོ་མི་བྱེད་པར་དེ་ཉིད་ལ་སྒོམ་གྱི་ངོ་ཏིར་བྱེད་པའོ། །དེ་ལྟར་ཡང་། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། དགྱེས་པ་རྡོ་རྗེར། སྐྱེ་བོ་མི་བཟད་པ་ཡི་ལས། གང་དང་གང་གིས་འཆིང་གྱུར་པ། ཐབས་དང་བཅས་ན་དེ་ཉིད་ཀྱིས། སྲིད་པའི་འཆིང་བ་ལས་གྲོལ་འགྱུར། ཞེས་དང་། གཞན་ཡང་། རྟོག་པས་རྟོག་པ་དག་བྱེད་ཅིང་། །ཞེས་པའང་གསུངས་སོ། །དེ་དག་གི་ཚེ་བྱང་ནི་ལྟ་སྟངས་གཏོད། ཤེས་པ་སེང་། རྒོད་ན་གློད། རྨུགས་ན་རིག་པ་དཔའ་བོའི་ངར་དང་ལྡན་པས་སེལ་ངེས་པའོ། །ཉོན་མོངས་པའི་རྟོག་པ་དག་མ་ཤར་ན། །གོང་དུ་བཤད་པའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ནན་ཏན་དུ་བསྒོམ་མོ། །གཉིས་པ་ལ། སེམས་ཀྱི་ངོ་བོ་ལ་བདར་ཤ་བཅད་པ་དང་། སྣང་བ་ལ་བདར་ཤ་བཅད་པའོ། །དང་པོ་ནི། དེ་ལྟར་གཞག་པའི་སེམས་ཀྱི་ངོ་བོ་དེ་ཅི་འདྲ་ཞིག་འདུག་བལྟའོ། །དེ་གསལ་སྟོད་དུ་ངེས་ན། དེ་ལས་ཇི་ལྟར་འགྱུ་བའི་ངོ་བོ་ལ་བལྟ། དེའང་། སེམས་ལས་གཉིས་པ་ཞིག་གམ། མི་གཉིས་པ་ཞིག་བལྟ། གཉིས་པ་ཞིག་ན་ཇི་ལྟར་བརྟག །གཉིས་པ་མིན་ན་ཇི་ལྟར་འགྱུ། ཇི་ལྟར་གནས་བརྟག་གོ། །གསལ་སྟོང་ཞེས་པ་ཡུལ་ཅན་དང་རང་རིག་འོད་གསལ་བ་དང་ཡུལ་སྟོང་ཉིད་དུ་ཤེས་པ་ཐ་མི་དད་པའོ། །དེ་ནས་སེམས་ཀྱི་ངོ་བོ་དེ་སྐྱེ་འགག་རྟག་ཆད་འགྲོ་འོང་ཐ་དད་དམ་གཅིག་བརྟགས་ན་སྤྲོས་པའི་ཡུལ་ལས་འདས་པའོ། །ཞེས་མངོན་སུམ་དུ་རྟོགས་ན་ཐེག་ཆེན་གྱི་ས་ནོན་པ་ཡིན་ཞེས་ཁོ་བོའི་བླ་མ་བཀའ་རྒྱུད་རིན་པོ་ཆེ་ཡབ་སྲས་རྣམས་གསུང་ངོ་། །གཉིས་པ་ནི། སྣང་བ་ཐམས་ཅད་རང་གི་སེམས་ཡིན་ཏེ། ༼༥ན༩༽རྡོ་རྗེ་གུར་ལས། དེ་བས་ཆོས་རྣམས་ཐམས་ཅད་ཀུན། རང་གི་སེམས་སུ་རྟོགས་པར་བགྱི། །ཞེས་པས་སོ། །སྤྱིར་སྣང་བ་འདི་བལྟོས་གཞི་གཅིག་གི་སྟེང་དུ་འགྱུར་བ་རབ་ཏུ་མང་སྟེ། རྨི་ལམ་དང་། སྒྱུ་མ་དང་། མངོན་སུམ་ལྟ་བུ་ཉིད་འཁྲུལ་གྱི་སྣང་བ། ཉམས་ཀྱི་སྣང་བ་དེ་ཐམས་ཅད་ཀྱང་རང་གི་སེམས་ལས་ལོགས་སུ་ཅི་ཡོད་དེ་མེད་དོ། །དེས་ན་ཆུ་ཕོར་པ་གང་ལ་རིགས་དྲུག་གིས་མཐོང་སྣང་ཐ་དད་པར་ཡོད་ཀྱང་། དོན་ལ་དེ་ཉིད་གྲུབ་པ་མེད་པ་བཞིན། སྐྱེས་བུ་གཅིག་ཉིད་ལ་དགྲས་བལྟས་ན་ཞེ་སྡང་སྐྱེ་ལ། གཉེན་གྱིས་ཆགས་སེམས། བར་མ་དག་གིས་བཏང་སྙོམས་འབའ་ཞིག་ཏུ་མཐོང་བའང་རང་རང་གི་བློས་རྣམ་པར་སྒྲོ་བཏགས་པའོ། །དེ་ལྟར་མངའ་བདག་རྒྱལ་སྲས་མཻ་ཏྲི་པས། ཆོས་རྣམས་ཐམས་ཅད་རང་གི་སེམས། ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་དུ་ངོ་བོས་སྟོང་། །ཞེས་པས་སྣང་བ་འདི་ལྟར་སྣང་བ་ཡང་རང་གི་ངོ་བོས་སྟོང་ཞིང་། སྟོང་ཉིད་དེ་མེད་དགག་ལ་འཆད་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་གཏི་མུག་པ་ཡིན་ནོ། །ཡུལ་བདེན་མེད་དུ་གཏན་ལ་ཕེབས་ན་ཡུལ་ཅན་གྱི་སྣང་བ་ལ་བདེན་འཛིན་འཇིག་གོ། །བདེན་འཛིན་དག་པའི་ལག་རྗེས་ཀྱི་སྟོང་ཉིད་བདེན་གྲུབ་ཏུ་འཆད་པ་གནས་ཚུལ་གྱི་དོན་མི་འཇིག་པ་ལ་བསམ་པ་ཡིན་གྱི། སྣང་ཚུལ་ནི་སྔ་མ་ལས་བརྒལ་དུ་མེད་དོ། །དེ་ཡང་རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེའི་ཞལ་སྔ་ནས། དོན་དམ་བདེན་པའི་དབང་དུ་ནི། བགེགས་ལས་སངས་རྒྱས་ཉིད་ཀྱང་མེད། ཅེས་དང་། དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །ཞེས་སོགས་སོ། །འདིར་ནི་སྟོང་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའོ། །ཐ་མར་དགེ་བའི་ཁྲིད་ནི། བསྔོ་བ། བསྔོ་ཡུལ་སོགས་རྒྱུ་གསུམ་དུ་དམིགས་པ་དང་བྲལ་བའི་ངང་ལ་གཞག་པ་ནི། བསྔོ་བའི་ཕར་ཕྱིན་གསུམ་དུ་དམིགས་པ་འཇིག་རྟེན་པའོ། །ཞེས་བཤད་པས། དེ་༼༥བ༡༠༽ལ་བསྔོ་བའི་རྒྱུ་ཡོད་དགེ། བསྔོ་བའི་ཡུལ་སེམས་ཅན་གྱི་ཆེད་དུ་སངས་རྒྱས། བསྔོ་བའི་ཚིག་རྒྱལ་བའི་གསུང་དྲི་མ་མེད་པ། སྨོན་ལམ་གྱི་རྒྱལ་པོ་བཟང་པོ་སྤྱོད་པ་ལ་སོགས་པ་བྱའོ། །དེ་ལྟར་ཐུན་ལས་ལྡང་བའི་གནས་སྐབས་སོགས་སུའོ། །དེ་ལྟར་བཤད་པའི་གནད་ཀྱི་ཐོ་ཡིག་ངེས་པའི་དོན་གཏན་ལ་འབེབས་པའི་ལེགས་བཤད་འདི་ནི། སྐལ་བ་དང་ལྡན་པ་ལས་གཞན་པའི་སྤྱོད་ཡུལ་མིན་པས་ཤིན་ཏུ་གསང་བ་གལ་ཆེ་བས་ནན་ཏན་དུ་མཛད་འཚལ། ཐུབ་པའི་གསུང་རབ་ཟབ་དང་རྒྱ་ཆེའི་ཚུལ། །ཚུལ་བཞིན་རྟོགས་པས་ཐོགས་མེད་ངེས་པའི་དོན། །དོན་བསྡུས་གོ་བདེར་སྦྱར་བ་ལས་བྱུང་དགེ། །དགེ་ལེགས་ཀུན་གྱི་མཐར་ཕྱིན་ཐོབ་ཕྱིར་བསྔོ། །བློ་གྲོས་དྲི་མ་མེད་པའི་ཆུ་བོ་ལས། །ལས་ཀྱིས་གཡོ་རྣམས་དྲི་མས་རྙོགས་ལ་སྤྱོད། །སྤྱོད་ཚུལ་མཚར་པ་འདི་འདྲ་བདག་གིས་མཐོང་། །མཐོང་ནས་རྒྱལ་དང་སྲས་ལ་ལྷག་པར་དད། །སྦྱིན་པ་རྒྱ་ཆེ་ཆོས་ཀྱི་སྦྱིན་པ་འདི། །འདི་དང་སྐྱེ་བར་འགྲོ་བ་ཀུན་ལ་སྨན། །སྨན་བཞེང་རྒྱལ་བའི་གོ་འཕང་ཐོབ་པ་དང་། དད་དང་དད་པས་འགྲོ་བའི་རྒྱུད་བརླན་ཤོག །ཅེས་ས་ཧོ་རའི་རྒྱལ་རིགས་ས་སྐྱོང་དོན་གྲུབ་རྡོ་རྗེ་དཔལ་བཟང་པོའི་བཀས་བསྐུལ་ནས་ཤཱཀྱའི་དགེ་སློང་ངག་དབང་ནོར་བུས་ཕོ་བྲང་ཆེན་པོ་འཕྱིང་བར་སྟག་རྩེར་སྦྱར་བའོ། །མཐོན་པོའི་དཔལ་ཡང་བརྟགས་ན་སྡུག་བསྔལ་རྒྱུ། །དམའ་ན་བརྙས་པའི་འདམ་ལས་ཐར་མི་འགྱུར། །བར་མའི་རིགས་ལས་ཆོས་བཞིན་སྤྱོད་པ་འདི། །བསོད་ནམས་བརྒྱ་ཕྲག་བསགས་པའི་མཐུ་ལགས་སོ། །འཇིག་རྟེན་བྱ་བ་བསྒྲུབས་ཀྱིན་མང་དུ་འགྲོ། །གཅིག་ཀྱང་མེད་ན་ཀུན་གྱིས་སྨོད་པའི་གནས། །གང་བྱས་བདེ་བ་དམ་པའི་ལྷ་ཆོས་འདི། །སྔོན་སྦྱངས་སྐལ་བས་བདག་གིས་ཐོབ་པ་ཡིན། །ཞེས་སོ།། །།སརྦ་མངྒལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་དམིགས་ཡིད་ཀྱི་སྙེ་མ།next