Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
  collapse section
  collapse section
   
སྐུ་ཚེ་འདིའི་མཛད་པ་བདག་ཅག་གདུལ་བྱ་དམན་པ་རྣམས་དང་མཐུན་པར་འཇུག་པ། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་སྐུའི་སྐྱེ་སྲིད་ཇི་ལྟར་བཟུང་བའི་ཚུལ།
   
   
   
   
   
   
   
   
  expand section
   


 
previousསྐུ་ཚེ་འདིའི་མཛད་པ་བདག་ཅག་གདུལ་བྱ་དམན་པ་རྣམས་དང་མཐུན་པར་འཇུག་པ། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་སྐུའི་སྐྱེ་སྲིད་ཇི་ལྟར་བཟུང་བའི་ཚུལ། next

སྐུ་ཚེ་འདིའི་མཛད་པ་བདག་ཅག་གདུལ་བྱ་དམན་པ་རྣམས་དང་མཐུན་པར་འཇུག་པ། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་སྐུའི་སྐྱེ་སྲིད་ཇི་ལྟར་བཟུང་བའི་ཚུལ།


MLP003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

༈ ད་ནི་སྐུ་ཚེ་འདིའི་མཛད་པ་བདག་ཅག་གདུལ་བྱ་དམན་པ་རྣམས་དང་མཐུན་པར་འཇུག་པ་ཆེ་ལོང་ཙམ་ཞིག་སྒྲོ་འདོགས་དང་སྐུར་པའི་མཐའ་གཉིས་སྤངས་ཏེ་བརྗོད་པར་བྱ་བ་ལ་ལྔ་སྟེ། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་སྐུའི་སྐྱེ་སྲིད་ཇི་ལྟར་བཟུང་བའི་ཚུལ། སྐུ་སྐྱེད་རིམ་གྱིས་བསྲིངས་ཏེ་བསྟན་པ་ལ་ཞུགས་ནས་གསན་སྦྱོང་ཇི་ལྟར་མཛད་པའི་ཚུལ། ལས་འཕྲོ་བཟང་པོས་ཟབ་གཏེར་གྱི་བཀའ་བབས་ཤིང་སྒྲུབ་པ་ཐུགས་ཉམས་སུ་ཇི་ལྟར་བཞེས་ཚུལ། དབང་བཞིའི་རྟོགས་པའི་ཉམས་མྱོང་ཐུགས་རྒྱུད་ལ་རིམ་པར་འཕེལ་བས་སྐལ་བ་དང་འཚམས་པར་འགྲོ་དོན་མཛད་ཚུལ། དེ་ལྟར་མཛད་པས་རང་གི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པའི་ཚུལ་ལོ། །དང་པོ་ནི། རྒྱལ་ཚབ་མ་ཕམ་མགོན་པོས། རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང་། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་གསུངས་པ་ལྟར་ལྐོག་ཏུ་གྱུར་པའི་དོན་རྣམས་གཟིགས་པའི་མངོན་ཤེས་ཐོགས་པ་མེད་པ་མངའ་བས་རིགས་མཐོ་ཞིང་གཙང་བར་འཁྲུངས་ན་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པར་འགྱུར་བ་གཟིགས་ནས་སྐུའི་སྐྱེ་སྲིད་བཟུང་བའི་ཕྱིར། རེ་ཞིག་ཐོག་མར་རིགས་རུས་ཕུན་སུམ་ཚོགས་པ་ཉིད་ཆོ་འབྲང་གིས་མ་སྨྲས་པའི་ཚུལ་བརྗོད་པར་བྱ་སྟེ། དེ་ཡང་རྗེ་འདིའི་རིགས་ནི་དང་པོ་འོད་གསལ་གྱི་ལྷ་ལས་ཆད་པ་ཡིན་ཏེ། སྔོན་གྱི་དུས་ན་ལྷ་ཡི་བུ་གཟུགས་མཛེས་ཤིང་ཡིད་དུ་འོང་བ་ཞིག་རྨུ་ཐག་ལ་བརྟེན་ནས། རུ་མཚམས་ཁ་རག་གི་རི་བོའི་རྩེར་བབས་ཀྱང་ཟེར། ཤུན་གྱི་བྲག་རྩེར་བབས་ཀྱང་ཟེར་ཏེ། གང་ལྟར་ཡང་མི་རྣམས་ཀྱིས་མཐོང་བས་ཡ་མཚན་དུ་གྱུར་ཏེ། བླ་ཡི་གནས་སུ་བཀུར་བ་ལས་མི་ཡི་གྲིབ་ཀྱིས་ལྷ་ཡི་བུ་ཉིད་སྨྱོས་པར་གྱུར་པ་ན། སྨྱོས་ཞེས་རིགས་རྒྱུད་ལ་མིང་དུ་ཆགས་ཤིང་། དེའི་མིང་ལ་སྨྱོས་བྱ་ཁྲུང་དཀར་པོ་ཞེས་གྲགས་ཏེ། དེས་རྨུ་ལྕམ་དིང་མོ་བཙུན་ཁབ་ཏུ་བཞེས་པ་ལ་སྲས་སྨྱོས་རྗེ་བཙན་པོ་བྱུང་། དེས་གདོང་བཟའ་དཀར་མོ་ལེགས་ཁབ་ཏུ་བཞེས་པ་ལ་སྲས་སེང་གེ་ཤཱཀ་བྱུང་། དེས་རྨུ་བཟའ་སྨན་མོ་བཙུན་ཁབ་ཏུ་བཞེས་པ་ལ་སྲས་གྲ་མཁར་རྗེ། རྗེ་


MLP003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཕན། ཡགས་རྗེ། གུར་རྗེ་བཞི་བྱོན་པའི་དང་པོ་གྲ་མཁར་རྗེས་ཆབ་ལ་རྫིང་བཅོས་ཏེ་ཡུལ་གཡར་མོ་གཞུང་དུ་བྱོན། དེ་ལ་སྲས་ཐུགས་རྗེ་དང་ཞང་ངེ་གཉིས་བྱུང་བའི། ཞང་ངེས་གཡོར་སྟོད་ཞལ་གྱི་ཁྲིམས་མོ་གུར་མཁར་དུ་བྱོན། ཁ་རག་དང་འབྲང་སིལ་བཟུང་། དེའི་སྲས་འབྲི་ལྡེ། དེའི་སྲས་འབྲི་ཆུང་། དེའི་སྲས་དཔལ་གྱི་ཡོན་ཏན། དེའི་སྲས་སློབ་དཔོན་ཚུལ་ཡོན། དེའི་སྲས་གུ་རུ། དེའི་སྲས་ལྷ་ཕན། དེ་ཡན་ཆད་སྔགས་རྙིང་མ་སྒྱུ་འཕྲུལ་གྱི་བཤད་སྒྲུབ་ལ་གཙོ་བོར་མཛད། ཆོས་སྐྱོང་ལྷ་མོ་སྲོག་སྒྲུབ་ལྕགས་ཕུར་ཅན་བརྟེན་པ་སོགས་ཀྱི་རྒྱུན་མ་ཆད་པ་ཉིད་ལས། སློབ་དཔོན་ལྷ་ཕན་གྱི་སྲས། སྨྱོས་མཐུ་རྒྱལ་དང་། སྤང་ལ་མེ་ཤོར་ཞེས་པའི་མཆེད་གཉིས་བྱོན་ཞིང་། དེ་དུས་གསར་མའི་ཡོ་ག་ལ་སྦྱངས་པས་དེ་ཕྱིན་ཆད་གསར་རྙིང་འདྲེས་མར་སོང་། མཐུ་རྒྱལ་ལ་སྲས་དྲུག་བྱུང་བའི་ཆེ་ཤོས་སྨྱོས་ལོ་ཙཱ་བ་ཡོན་ཏན་གྲགས་ཀྱིས་ཆུང་ངུ་ནས་ཡབ་ཆོས་རྣམས་ལ་སྦྱངས་ཤིང་། ཁྱད་པར་མངའ་བདག་ཡེ་ཤེས་རྒྱལ་མཚན་སོགས་ལས་གསང་འདུས་ཡེ་ཤེས་ཞབས་ལུགས་བསླབ། རྒྱ་གར་དུ་ལན་གསུམ་བྱོན་ནས་འདུས་པ་ཡེ་ཤེས་ཞབས་ལུགས། དགྲ་ནགཏྲག་ཤད་སོགས་ཞུས། དེ་ལ་སྲས་བཞིའི་ཆེ་ཤོས་སྨྱོས་གཙང་ཚ་རྡོ་རྗེ་བླ་མ་ནི་ཕ་རྒྱུད་སྐོར་གསུམ་དང་བདེ་མཆོག་སོགས་ལ་མཁས། བོད་ཀྱི་མི་ཆེན་བཞིར་གྲགས་པའི་གཅིག་ཡིན། དེ་ལ་སྲས་གསུམ་གྱི་འབྲིང་པོ་དཔལ་གྱི་སེངྒེ། དེ་ལ་སྲས་གཉིས་ཀྱི་ཆེ་བ་སྨྱོས་ནག་གྲགས་པ་དཔལ་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐྱེ་བར་ཞང་རིན་པོ་ཆེས་ལུང་བསྟན། དེ་ལ་སྲས་བདུན་བྱུང་བའི་གསུམ་པ་རྒྱལ་བ་ལྷ་ནང་པ་ཞེས་འབྲི་གུང་འཇིག་རྟེན་མགོན་པོའི་སློབ་མ། སྨྱོས་འགར་ཆོས་གསུམ་ཟེར་བའི་སློབ་མ་ཡ་གྱལ་གྱི་སྨྱོས་དེ་ཡིན། འདི་ཞང་རིན་པོ་ཆེས་ནག་པོ་སྤྱོད་པ་ཆུང་བའི་སྐྱེ་བར་ལུང་བསྟན། དེ་དང་ཡུམ་མི་གཅིག་པའི་མཆེད་ཡ་སྨྱོས་བཀྲ་ཤིས་དབང་ཕྱུག་སྟེ། དེ་རྣམས་ལ་ཕྱི་རུས་སུ་གྲགས། ནང་རུས་ནི་སྨྱོས་བཀྲ་ཤིས་དབང་ཕྱུག་གི་སྲས་སུ་མཐིང་མ་སྨྱོས་ཞིག་ཆེན་པོ་གྲགས་པ་རྡོ་རྗེ་དབུ་རུ་སྨད་ཀྱི་སྙེ་མདར་འཁྲུངས། ཆུང་ངུ་ནས་དད་པ་དང་བློ་གྲོས་ཕུལ་དུ་བྱུང་། ཁ་ཆེ་པཎ་ཆེན། མི་ཏྲཱ་ཛོ་ཀིརྡོ་རྗེ་གདན་པ། དཱ་ན་ཤཱི་ལ་སོགས་


MLP003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་གྱི་པཎ་གྲུབ་དུ་མ་དང་། བོད་ཀྱི་གསང་སྔགས་རྙིང་མའི་བསྟན་པའི་བདག་པོ་གླན་ཉ་ཚལ་བ་དང་། གསར་མའི་བདག་པོ་ཏྲའོ་མགོན་པོ། ཙ་རི་སྒྱེར་སྒོམ། འབྲི་སྟག་གཉིས་སོགས་དབུས་གཙང་རུ་བཞིའི་མཁས་གྲུབ་ཐམས་ཅད་ལ་གཏུགས་ཏེ་ཐུགས་བཅུད་བླངས། ཁྱད་པར་གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱི་གཏེར་ཆོས་ཐམས་ཅད་ཀྱི་བདག་པོར་གྱུར་ཅིང་། བྱང་ལས་ཀྱི་མཁའ་འགྲོའི་བཀའ་བབས་ཏེ། མངའ་བདག་ཉིད་ཀྱི་ལུང་བྱང་ལས། སྦར་རྗེས་ཅན་གྱི་བྱང་ཕྱོགས་སུ༔ ལས་ཀྱི་མཁའ་འགྲོས་བྱིན་བརླབས་པ༔ རུས་སྨྱོས་དམ་ཉམས་སྒྲོལ་ལ་བརྩོན༔ བྱ་མཐིང་མ་ཞེས་བྱ་བ་འབྱུང༔ ཞེས་པ་ལྟར་ཉང་རིན་པོ་ཆེ་ཡབ་སྲས་ཀྱི་ཐུགས་ཀྱི་སྲས་མཁས་ཤིང་གྲུབ་ལ་མཐུ་སྟོབས་འགྲན་ཟླ་མེད་པ་དེས་རྡོ་མཐིང་མ་དང་། ཡར་ཀླུང་གུ་རུ་དགོན་པ་བཏབ་ནས། སྐལ་ལྡན་གྱི་སློབ་མ་མང་པོ་སྨིན་གྲོལ་ལ་བཀོད། དེས་མཁའ་འགྲོའི་རིགས་ཅན་གྱི་ཇོ་མོ་བཞི་ཁབ་ཏུ་བཞེས་པ་ལ་སྲས་དྲུག་འཁྲུངས་པ་ལས། མཁའ་འགྲོས་བྱིན་པའི་སྲས་བཞིའི་ནང་ཚན། ཞང་ལྕམ་མའི་སྲས་ཚིག་གཉིས་པ་སྨྱོས་སྒོམ་ཆེན་པོ་པདྨ་རྡོ་རྗེ། དེའི་སྲས་སྨྱོས་སྟོན་ཨ་མི་ཀིརྟི། དེའི་སྲས་སྨྱོས་སྟོན་གྲགས་པ་བཀྲ་ཤིས། དེའི་སྲས་སྨྱོས་སྟོན་གྲགས་པ་རིན་ཆེན། དེའི་སྲས་སྨྱོས་གྲགས་པ་འོད་ཟེར་དང་། སྨྱོས་གྲགས་པ་རྒྱལ་མཚན་གཉིས་ཀྱི་དུས་ཧོར་རྒྱལ་པོའི་འཇའ་ས། རྒྱལ་བུའི་ལིང་ཇི། ཏི་ཤྲཱིའི་བཀའ་ཤོག་རྣམས་ཐོབ། གོང་མའི་ལུང་གིས་བོད་ཀྱི་སྔགས་པ་ཐམས་ཅད་ཀྱི་འགོ་ལ་བསྐོས། རྡོ་མཐིང་མ། ཡར་ཀླུང་གུ་རུ་དང་ཁྲ་ཚང་སོགས་ཡབ་མེས་ཀྱི་དགོན་པ་རྣམས་ད་ཀན་དུ་བཏོན། ཕག་མོ་གྲུབ་པའི་སྐུ་སྲུང་བའི་གཙོ་བོ་མཛད། ཀུན་མཁྱེན་ཀློང་ཆེན་པ་སོགས་སློབ་མ་ཁྱད་པར་ཅན་ཡང་མང་དུ་འཐོན། དེ་ལས་སྨྱོས་གྲགས་འོད་ཀྱི་སྲས་བརྒྱུད་དེང་སང་ཡར་ཀླུང་ན་ཡོད་པ་རྣམས་ཡིན། གྲགས་པ་རྒྱལ་མཚན་གྱི་སྲས་སྨྱོས་ཇོ་འབུམ་དཔལ་གྱིས་ཡར་རྒྱབ་ཏུ་བྱོན་ནས་ཕྲིན་ལས་བསྐྱངས། དེའི་སྲས་འཕགས་པ་དཔལ་ཞེས་ཆོས་རྫོང་ཇོ་གདན་པའི་གྲྭ་པ་མཛད་པ་ལས་ཕྱིས་སྲིད་སྤེལ་ཞིང་། ཀུན་སྤང་རྗེ་རབ་ཏུ་བྱུང་བའི་དཔང་པོ། ལྷའི་དཔང་པོ་དེ་ཞང་བློན་དང་། མིའི་དཔང་པོ་དེ་འཕགས་པ་དཔལ་ཡིན་ཞེས་བྱུང་


MLP003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ཡིན། དེའི་སྲས་སྨྱོས་བསོད་ནམས་གྲགས་པ། དེའི་སྲས་དོན་གྲུབ་རྣམ་རྒྱལ། དེའི་སྲས་མགོན་པོ་ཚེ་དབང་། དེའི་སྲས་རྣམ་རྒྱལ་ལྷུན་གྲུབ། དེའི་སྲས་ཚེ་དབང་རྡོ་རྗེ་སྟེ། དེ་ཐམས་ཅད་ཀྱང་ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་། བསྙེན་སྒྲུབ་ལས་གསུམ་ལ་ནུས་པ་འཐོན་པའི་སྔགས་འཆང་རིམ་པར་བྱོན་པ་ལས། ཡབ་སྨྱོས་ཚེ་དབང་རྡོ་རྗེ་དང་། ཡུམ་སྤ་གོར་གྱི་རིགས་ཚེ་རིང་བུ་དགའ་གཉིས་ཀྱིས་སྲས་སུ་ལང་གྲོ་ལོ་ཙཱ་བའི་རྣམ་འཕྲུལ་ཀུན་མཁྱེན་མདོ་སྔགས་བསྟན་འཛིན་བཟང་པོ་འཁྲུངས་ཏེ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱི་སྔོན་རབ་གསལ་བར་སད་པས་དར་རྒྱས་ཆོས་གླིང་གི་གདན་སར་སྤྱན་དྲངས། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་ཤིང་སྨིན་གྲོལ་ཕྲིན་ལས་ཀྱིས་ཕྱོགས་ཀུན་ཁྱབ་པར་མཛད། དེས་ཡུགས་རྫོང་བའི་སྲས་མོ་དགོས་དགོས་འཛོམ་ཞེས་པ་ཁབ་ཏུ་བཞེས་པ་ལ་སྲས་ལྕམ་སྲིང་གཉིས་འཁྲུངས་པ་ལས། གཅེན་ནི་བདག་ཉིད་ཆེན་པོ་འདིའི་ཡབ་སྟེ། དེ་ཡང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཡང་སྲིད་སྨྱོས་སྟོན་གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོའམ་ཨོ་རྒྱན་ཚེ་འཕེལ་ཞེས་སྔ་འགྱུར་བཀའ་གཏེར་ཐམས་ཅད་ཀྱི་བསྟན་པའི་བདག་པོ་མཁས་གྲུབ་ཆེན་པོར་གྱུར་ཅིང་། བཤད་སྒྲུབ་ཀྱི་ཕྲིན་ལས་བསྐྱངས་པའི་བུ་སློབ་མང་དུ་ཐོན་པ་སོགས་རྙིང་མའི་བསྟན་འཛིན་ཞིག་ལ་སུས་ཀྱང་འགྲན་པར་མི་ནུས་པ་ཡིན་ནོ། །དེ་ལྟར་རིགས་རུས་ཕུན་སུམ་ཚོགས་པ་དེ་ཡང་ཆོ་འབྲང་གིས་མ་སྨས་པའི་ཚུལ་ནི། རྗེ་འདིའི་ཡུམ་ཡང་ཤཱཀྱ་ལི་ཙ་བཱི་ལས་མཆེད་པ་བོད་ཆོས་རྒྱལ་གྱི་གདུང་དྲི་མ་མེད་པའི་རྒྱུད་དུ་འཁྲུངས་པ་སྟེ། དེ་ཡང་མངའ་བདག་གནམ་ལྡེ་འོད་སྲུང་གི་སྲས་དཔལ་འཁོར་བཙན། དེ་ལ་སྲས་གཉིས་ཀྱི་བགྲེས་པ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཙང་སྟོད་དུ་བཞུགས། དེ་ལ་སྲས་གསུམ་གྱི་འབྲིང་པོ་འོད་ལྡེ། དེ་ལ་སྲས་བཞིའི་གསུམ་པ་ཁྲི་ཆུང་ནི་ཡར་ཀླུང་དུ་བྱོན། དེའི་སྲས་འོད་སྐྱིད་འབར། དེ་ལ་སྲས་བདུན་གྱི་དང་པོ་ཁྲི་ལྡེ་འབར། དེ་ལ་སྲས་དྲུག་བྱུང་བའི་ནང་ནས། མངའ་བདག་གཡུ་ཐོག་པའི་བརྒྱུད་པ་བཞིར་གྱེས་པ་ལས། མངའ་བདག་སྣ་མོ་བ་དུམ་པོ་ཆེ་བའི་རྒྱུད་ཡར་རྒྱབ་ཏུ་མཆེད་དེ། ཐོག་མར་གྲྭ་ཡི་རྟགས་རྗེ་མཁར་བཟུང་།


MLP003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བདེ་སྐྱིད་གླིང་པ་མཆེད། དེ་ལས་འཇད་ཟླུམ་པོ་བ་མཆེད་པ་ལས་རིམ་པར་བརྒྱུད་དེ། སྐར་ནག་གི་རྩིས་རིགས་རྒྱ་མཚོའི་ཕ་རོལ་དུ་སོན་པ་རྗེ་དོན་གྲུབ་དབང་རྒྱལ་སྐུ་མཆེད་ཀྱི་སྲས་མོ། ལྷ་འཛིན་དབྱངས་ཅན་སྒྲོན་མ་ཞེས་ཤེལ་དཀར་རྡོ་རྗེ་མཚོའི་སྤྲུལ་པར་ལུང་གིས་ཟིན་པའི་རང་བཞིན་གྱི་རྣལ་འབྱོར་མ། དེས་པ་དང་བག་ཡོད་པ་དང་གཏོང་བ་སོགས་དམ་པའི་ཡོན་ཏན་དུ་མས་བརྒྱན་པ་དེ་ནི་རྗེ་འདིའི་ཡུམ་ཡིན་ནོ། །དེ་ལྟར་རང་གཏེར་གབ་རྒྱ་ཅན་གྱི་ལུང་བྱང་ལས། སུམ་ཅུ་ཁ་རལ་སྙིགས་མ་ལྔ་བདོའི་དུས༔ བསམ་ཡས་ལྷོ་ནུབ་གྲྭ་ཞེས་གཡོ་རུའི་ས༔ ལུང་པ་བྱང་བལྟ་དོར་མ་བརྐྱང་འདྲའི་ཚིགས༔ སྲིན་མོ་འཛེགས་འདྲའི་དགེ་བསྙེན་སྔགས་ཞོལ་དུ༔ བུདྡྷ་ཛྙཱ་ནའི་སྤྲུལ་པ་ཚེ་མིང་ཕ༔ ཤེལ་དཀར་མཚོ་སྒྲོལ་སྤྲུལ་པ་དབྱངས་མིང་མས༔ བསྐྱེད་པའི་རྣལ་འབྱོར་སྔགས་ཀྱི་བརྟུལ་ཞུགས་ཅན༔ མེ་ཁམས་ཁྱི་ཡི་ལོ་པ་པདྨའི་མིང༔ གཟུགས་བྱད་ཧ་་ཅང་མི་རིང་མི་ཐུང་བ༔ མདོག་སྣུམ་རིན་ཆེན་རིགས་ཀྱི་རྟགས་འཆང་བ༔ པདྨ་ང་ལ་མོས་པ་ལྷག་པར་བྱེད༔ བཅོ་བརྒྱད་ལོ་ལ་གཏེར་སྒོ་དང་པོ་འབྱེད༔ ཅེས་ལུང་བསྟན་པ་ལྟར། ཡབ་རྗེ་རིག་འཛིན་ཆེན་པོ་དགུང་ལོ་སུམ་ཅུ་རྩ་ལྔ་དང་། ཡུམ་དགུང་ལོ་ཉི་ཤུ་རྩ་གཉིས་བཞེས་པ་ཤིང་མོ་བྱའི་ལོ་ལ་ལྷུམས་སུ་ཞུགས་ཏེ། དེའི་ཚུལ་ནི་སྐུ་ཚེ་སྔ་མའི་རྟེན་འཆི་སྲིད་འོད་གསལ་གྱི་དབྱིངས་སུ་བསྡུས་པས་རྣམ་ཐར་བཞི་ལྡན་གྱི་ཡེ་ཤེས་ནམ་མཁའ་ལྟར་དག་པའི་དབྱིངས་སུ་རོ་གཅིག་ཏུ་གྱུར་པའི་ཚེ། རང་རིག་གི་མདངས་མ་འགགས་པའི་རོལ་པ་དཔའ་བོ་དང་མཁའ་འགྲོར་སྣང་བའི་གླུས་འདི་སྐད་ཅེས། ཨ་ཧོ་རྣལ་འབྱོར་རིག་པའི་རྡོ་རྗེ་ཀྱཻ། །བྱང་ཕྱོགས་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ན། །ལས་དང་སྨོན་ལམ་གདུལ་བྱའི་རྟེན་འབྲེལ་འཛོམ། །དེ་རུ་གཤེགས་ཤིག་ངེད་རྣམས་སྡོང་གྲོགས་སོ། །ཞེས་བསྐུལ་བའི་རྐྱེན་གྱིས་སད་དེ་ལུགས་ལྡོག་གི་སྣང་གསུམ་ཡེ་ཤེས་ཀྱི་རླུང་དང་བཅས་པ་ལས། སྐད་ཅིག་ལ་འོད་གསལ་གྱི་སྣང་བའི་ཉེ་རྒྱུའི་དབང་གིས་རགས་པའི་ཡུལ་སྣང་འཆར་བ་དང་ལྷན་ཅིག་ཟུང་འཇུག་གཉུག་མའི་སྐུ་རྟེན་ཧེ་རུ་ཀའི་རྣམ་པར་བཞེངས་ནས་དཔའ་བོ་དང་རྣལ་འབྱོར་མ་དུ་མའི་འཁོར་དང་བཅས་ཏེ་མཁའ་ལ་བྱོན་


MLP003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། འཇིག་རྟེན་གྱི་ཁམས་ཚད་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་ལ་མི་རྟོག་པའི་གཟིགས་ངོར་ས་ལེར་མ་འགགས་པར་སྣང་བའི་མཐར། ཡུམ་གྱི་མངལ་རིན་པོ་ཆེའི་ཕོ་བྲང་དག་པར་གཟིགས་ནས། དྲན་ཤེས་བཞིན་དང་ལྡན་པས་དེར་ཞུགས་ཤིང་། གཉིས་འཛིན་དབྱིངས་སུ་ནུབ་པས་སྡུག་བསྔལ་གྱི་སྣང་བ་མེད་པར་བདེ་བ་ཆེན་པོའི་ངང་ལ་གནས་ཏེ་ལྷུམས་སུ་ཞུགས་སོ། །དེའི་ཚེ་ཡབ་རྗེའི་མནལ་ལམ་དུ་བུད་མེད་མཚན་ལྡན་ཞིག་གིས་ཧྲཱིཿདམར་སྙིམ་པ་གང་ཕུལ་བ་ཞལ་དུ་གསོལ་བ་དང་། ཡུམ་གྱི་མནལ་ལམ་དུ་བུ་མོ་སྙིང་སྡུག་མ་བྱ་བས་མཆོད་རྟེན་ཁྲུ་གང་པ་ཙམ་ཞིག་གཏད་ནས། ངེད་རང་ཚོའི་རྟེན་གཙོ་ཡོང་བ་ཡོད་པས་གཉེར་ཚགས་དམ་པ་གྱིས་ཟེར་བ་དང་། ཡང་བུད་མེད་སྐྲ་རྒྱབ་ལྷས་མགྲོན་རྒྱན་ཅན་དང་དཔྲལ་གཡུ་ཅན་གཉིས་འོངས་ནས་ལྟོས་དང་ཟེར་བ་གཟིགས་པས་བྱིས་པ་མང་པོས་བསྐོར་བའི་དབུས་ན་གཞོན་ནུ་སྣུམ་བག་ཅན་སྐྱེ་མཆེད་མཚར་བ་བེར་ཟླུམ་ཅན་ཞིག་ཧོར་སྟེགས་ཀྱིས་འདུག་པ་སུ་ཡིན་དྲིས་པས། གཅིག་ན་རེ། འདི་ཁྱེད་རང་གི་བྱིས་པ་ཡིན་འདི་ཡི་བདག་ངེད་གཉིས་ཀྱིས་བྱེད་པ་ཡིན་ཟེར། གཞན་ཡང་ཉི་མ་ཤར་བ། གཙང་ཆབ་ལས་སྒྲོལ་འདོན་བྱེད་པ། རོལ་མོ་འཁྲོལ་བ་སོགས་ཡ་མཚན་པ་མང་པོ་རྨིས། སད་པའི་ཚེ་གསལ་སྟོང་བདེ་བས་བརྒྱན་པའི་ཉམས་དང་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་འབྱམས་ཤིང་། དད་པ་དང་སྙིང་རྗེ་ཐུགས་ལ་རྩོལ་མེད་དུ་འཆར། སྐུ་ལུས་བདེ་ཞིང་ཡངས་བ་དང་ཟོ་མདོག་ཀྱང་བཟང་བར་གྱུར། ཟླ་གྲངས་ཐེམས་ཀྱི་བར་དུ་ལྷུམས་སུའང་མི་མ་ཡིན་གྱི་སེམས་ཅན་དུ་མའི་དོན་མཛད་དེ་ཐར་པའི་ས་བོན་བཞགདེ་ནས་མེ་ཕོ་ཁྱི་ཡི་ལོ་དཔྱིད་ཟླ་ར་བ་དབོས་ཉ་བའི་ཡར་ངོའི་ཚེས་དགུའི་མཚན་གྱི་ཐུན་ཐ་མར་ཉེ་བ་ཚེས་ཞག་བཅུ་པས་སླེབས་པ་སྐར་མ་ལག་གི་རྐང་པ་དང་པོའི་དུས་སུ། ས་གཡོ་བ་དང་། འོད་ཆེན་པོའི་སྣང་བ་དང་། མཁའ་ལ་འཇའ་ཚོན་འཁྲིགས་པ་སོགས་ངོ་མཚར་བའི་དགེ་མཚན་དུ་མ་དང་བཅས་ཏེ། གྲྭ་ནང་དར་རྒྱས་ཆོས་གླིང་གི་དགོན་པའི་གནས་ཀྱི་ཁྱད་པར་འོད་གསལ་རྩེ་ཞེས་བྱ་བའི་གཟིམས་སྤྱིལ་དུ་ཡུམ་ལ་གནོད་པ་མེད་པར་བདེ་
བར་སྐུ་བལྟམས། དེ་མ་ཐག་ཡབ་རྗེ་ཉིད་ཀྱིས་སྐུ་ཁྲུས་དང་དབང་རྗེས་གནང་བྱིན་རླབས་སོགས་བསྲུང་བའི་ཆོ་ག་དང་། བློ་རྣོ་བའི་རྟེན་འབྲེལ་ཡང་མཛད། མེས་པོ་མཁས་པ་དོན་འགྲུབ་དབང་རྒྱལ་གྱིས་བཙས་ཀླུང་བརྩི་བ་སོགས་རྩིས་ལས་བྱུང་བའི་རྟེན་འབྲེལ་དང་། འཁྲུངས་སྐར་ལག་གི་རྐང་པ་དང་པོའི་ཡི་གེ་ལ་གྲས་པའི་མཚན་ཀུན་དགའ་དངོས་གྲུབ་རིན་ཆེན་དབང་གི་རྒྱལ་པོ་ཞེས་གསོལ། དྲན་ཤེས་ཁྱད་པར་ཅན་མངའ་བས་འཁྲུངས་མ་ཐག་གི་ཡུལ་དུས་བྱ་སྤྱོད་ཀྱི་རྣམ་པ་རྣམས་དང་། དེ་ནས་བཟུང་ལོ་གསུམ་གྱི་བར་ཛོ་ཀི་སྔོ་སངས་ཐོར་ཚུགས་ཅན་རུས་རྒྱན་འཆང་བ་དང་། བུད་མེད་མཛེས་སྡུག་ཅན་གཉིས་ཀྱིས་སྲི་ཞུ་བྱས་པའི་སྔོན་གནས་རྣམས་ད་ལྟའང་ཐུགས་ལ་གསལ་བར་མངའ་ཞིང་། ལོ་གསུམ་ཕྱིན་ཆད་ནས་གལ་གེགས་ཆེ་དུས་ཕལ་ཆེར་འབྱུང་བ་ལྟར་ལས། རེས་སྣང་རེས་མི་སྣང་བ་དང་། ཕྱིས་སྐོར་མནལ་ལམ་དུ་ཡང་ཡང་འབྱུང་བས་དབུགས་དབྱུང་བར་བྱེད་ཅེས་གསུངས་སོ། །


previousསྐུ་ཚེ་འདིའི་མཛད་པ་བདག་ཅག་གདུལ་བྱ་དམན་པ་རྣམས་དང་མཐུན་པར་འཇུག་པ། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་སྐུའི་སྐྱེ་སྲིད་ཇི་ལྟར་བཟུང་བའི་ཚུལ། next