Nitartha Digital Library
Tibetan
 
previousགནས་གཉིས་པ་དབང་པོ་བསྟན་པའི་འགྲེལ་པ།next

གནས་གཉིས་པ་དབང་པོ་བསྟན་པའི་འགྲེལ་པ།

གཉིས་པ་དབང་པོ་བསྟན་པ་ལ། དབང་པོའི་རང་བཞིན། འདུས་བྱས་ཆོས་ཀྱི་སྐྱེ་ཚུལ། རྒྱུ་རྐྱེན་འབྲས་བུའིི་འབྱུང་ཚུལ་དང་གསུམ། དང་པོ་ལ། དབང་པོར་འཇོག་ཚུལ། གྲངས་ངེས། ངོ་བོ། རབ་དབྱེ་དང་བཞི་ལས། དང་པོ་ལ། བྱེ་སྨྲའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ནི། ལྔ་པོ་རྣམས་ནི་དོན་བཞི་ལ། །དབང་བྱེད་བཞི་རྣམས་གཉ ིས་ལ་ལོ། །ལྔ་དང་བརྒྱད་པོ་དེ་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །ཞེས་པ་སྟེ། མིག་དབང་སོགས་ལྔ་ནི་དོན་བཞི་ལ་དབང་བྱེད་དེ། ལུས་བསྲུང་བ། ལུས་མཛེས་པ། ཡུལ་ལ་དམིགས་པ། རང་འབྲས་རྣམ་ཤེས་བསྐྱེད་པ་དང་བཞི་ལ་དབང་བྱེད། ཕོ། མོ། སྲོག །ཡིད་དབང་དང་བཞི་ནི་དོན་གཉིས་གཉིས་ལ་དབང་བྱེད་དེ། ཕོ་དབང་གིས་རྟེན་གྱི་གང་ཟག་ཕོ་ཉིད་དུ་མཚོན་པ་དང་། ཕོའི་རང་བཞིན་ལ་དབང་བྱེད། མོ་དབང་གིས་ཀྱང་དེ་བཞིན་དུ་དབང་བྱེད། སྲོག་དབང་གིས་ཕུང་པོའི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བ་དང་། འབྱུང་བ་གནས་པར་དབང་བྱེད། ཡིད་དབང་གིས་ལུས་ངག་གི་ལས་ཡིད་དང་མཐུན་པར་འཇུག་པ་ལ་དབང་བྱེད། ཚོར་དབང་ལྔ་དང་རྣམ་བྱང་གི་དབང་པོ་བརྒྱད་པོ་རྣམས་ནི་ཀུན་ནས་ཉོན་མོངས་དང་རྣམ་བྱང་ལ་རིམ་བཞིན་དབང་བྱེད་དོ། །གཉིས་པ་ནི། རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག །མོ་ཉིད་ཕོ་ཉིད་ལ་དབང་ཕྱིར། །ལུས་ལས་མོ་དབང་ཕོ་དབང་དག །རིགས་གནས་ཀུན་ནས་ཉོན་མོངས་དང་། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་བ་རྣམས་དང་ནི། །དད་སོགས་དབང་པོ་ལྔར་འདོད་དོ། །མྱ་ངན་འདས་སོགས་གོང་ནས་གོང་། །འཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང་། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །ཞེས་པ་སྟེ། མིག་སོགས་དབང་པོ་དྲུག་ལ་དབང་པོ་ཞེས་བྱ་ཏེ། དང་པོ་ལྔ་རང་རང་གི་དོན་གཟུགས་སོགས་དང་། ཡིད་དབང་གིས་ཆོས་ཐམས་ཅད་ལ་དམིགས་པར་དབང་བྱེད་པའི་ཕྱིར། ཕོ་མོའི་དབང་པོས་དེ་གཉིས་ཀྱི་རང་བཞིན་ལ་དབང་བྱེད་པ་དང་། དེ་གཉིས་ལུས་དབང་ཡིན་ཏེ་རང་འབྲས་ལུས་ཤེས་ཀྱི་བདག་རྐྱེན་བྱེད་པའི་རིགས་གནས་ནང་གཟུགས་དྭངས་པ་ཡིན་པའི་ཕྱིར། སྲོག་དབང་ཕུང་པོའི་རིགས་འདྲ་གནས་པར་དབང་བྱེད་པ་དང་། ཚོར་དབང་རྣམས་ཀུན་ནས་ཉོན་མོངས་རྒྱས་པ་ལ་དབང་བྱེད་པ་དང་། དད་སོགས་དབང་པོ་ལྔ་རྣམ་བྱང་གི་ཆོས་གོང་འཕེལ་དུ་འགྱུར་བ་ལ་དབང་བྱེད་པ་དང་། མི་ཤེས་པ་ཀུན་ཤེས་པའི། ཀུན་ཤེས་པའི། ཀུན་ཤེས་ལྡན་དབང་གསུམ་གྱིས་ལྷག་མེད་མྱང་འདས་སོགས་གོང་ནས་གོང་དུ་འཐོབ་པ་ལ་དབང་བྱེད་པའི་ཕྱིར།

གཉིས་པ་གྲངས་ངེས་ལ། བྱེ་སྨྲའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ནི། སེམས་ཀྱི་རྟེན་དང་དེའི་བྱེ་བྲག །གནས་དང་ཀུན་ནས་ཉོན་མོངས་ཉིད། །ཚོགས་དང་རྣམ་བྱང་ཇི་སྙེད་པ། །དབང་པོ་དག་ཀྱང་དེ་སྙེད་དུ། །ཞེས་པ་སྟེ། སེམས་རྣམ་པར་ཤེས་པ་ཚོགས་དྲུག་གི་རྟེན་བྱེད་པའི་དབང་དུ་བྱས་ནས་དབང་པོ་དྲུག་བཞག །སེམས་ཅན་དེའི་བྱེ་བྲག་ཕོ་མོ་ལ་དབང་བྱེད་པ་དང་། ཕུང་པོའི་རིགས་འདྲ་གནས་བྱེད་དང་། ཀུན་ནས་ཉ ོན་མོངས་ལ་དབང་བྱེད་དུ་བྱས་ནས་ཚོར་བའི་ཕུང་པོ་ལྔ། རྣམ་བྱང་གི་ཚོགས་ལ་དབང་བྱེད་དུ་བྱས་ནས་རྣམ་བྱང་གི་དབང་པོ་བརྒྱད་རྣམས་རིམ་བཞིན་དེ་དང་དེའི་དབང་པོར་བཞག་གོ །གཉིས་པ་ནི། ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། །བཅུ་བཞི་རེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །ཞེས་པ་སྟེ། ཡང་ན་གང་ཟག་གཅིག་འཁོར་བར་སྐྱེ་བའི་དབང་དུ་བྱས་ནས་ཀུན་ནས་ཉོན་མོངས་ཀྱི་དབང་པོ་བཅུ་བཞི། དེར་འཇུག་པའི་རྟེན་གྱི་དབང་དུ་བྱས་ནས་མིག་སོགས་དབང་པོ་དྲུག །དེར་སྐྱེ་དབང་དུ་བྱས་ནས་ཕོ་མོའི། དེར་གནས་དབང་དུ་བྱས་ནས་སྲོག་དབང་། དེར་ཡུལ་ཉེ་བར་ལོངས་སྤྱོད་དབང་དུ་བྱས་ནས་ཚོར་དབང་ལྔ་བཞག་པའོ། །དེ་བཞིན་ལྡོག་པ་ལ་སྟེ། ཟག་མེད་དུ་འཇུག་དབང་དུ་ཕྱི་མ་བརྒྱད་བཞག་པ་ཡིན་ཏེ། དེར་འཇུག་རྟེན་གྱི་དབང་དུ་དད་སོགས་དབང་པོ་ལྔ། དེར་སྐྱེ་དབང་དུ་མི་ཤེས་པ་ཀུན་ཤེས་པ། དེར་གནས་དབང་དུ་ཀུན་ཤེས་པའི། གནས་ནས་ཟག་མེད་ཀྱི་བདེ་བ་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཀུན་ཤེས་ལྡན་པའི་དབང་པོ་བཞག་པའོ། །

གསུམ་པ་ངོ་བོ་ནི། ཕོ་མོ་དད་སོགས་ལྔ་སྲོག་དབང་རྣམས་གོང་འོག་ནས་འབྱུང་། འདིར་ཚོར་དབང་ལྔ་དང་། དྲི་མེད་ཀྱི་དབང་པོ་གསུམ་ལས། དང་པོ་ནི། ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོའོ་སིམ་པ་ནི། །བདེ་བའོ་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །གཞན་ན་དེ་ཡིད་བདེ་བ་ཡིན། །སེམས་ཀྱི་སིམ་པ་མ་ཡིན་པ། །ཡིད་མི་བདེ་བའོ་བཏང་སྙོམས་ནི། །བར་མའོ་གཉིས་ཀའི་མི་རྟོག་ཕྱིར། །ཞེས་པ་སྟེ། སིམ་པ་མ་ཡིན་པར་རང་སྟོབས་ཀྱིས་གདུང་བར་ཉམས་སུ་མྱོང་བའི་ལུས་ཚོར་ལ། ཚོར་བ་སྡུག་བསྔལ་གྱི་དབང་པོར་འཇོག །སིམ་པར་ཉམས་སུ་མྱོང་བའི་ལུས་ཚོར་དང་། བསམ་གཏན་གསུམ་པ་ན་སེམས་ཀྱི་ཚོར་བ་དེ་ནི་བདེ་བའི་དབང་པོར་འཇོག །གསུམ་པའི་སེམས་བདེ་ལས་གཞན་པའི་སིམ་པར་ཉམས་སུ་མྱོང་བའི་ཡིད་ཚོར་ལ་ཡིད་བདེར་འཇོག །སིམ་པ་མ་ཡིན་པར་རང་སྟོབས་ཀྱིས་གདུང་བར་ཉམས་སུ་མྱོང་བའི་ཡིད་ཚོར་ལ་ཡིད་མི་བདེར་འཇོགསིམ་གདུང་བར་མ་ཙམ་དུ་མྱོང་བའི་སེམས་བྱུང་ལ་བཏང་སྙོམས་ཀྱི་དབང་པོར་འཇོག་སྟེ། དེ་སིམ་གདུང་གཉིས་ཀར་མི་རྟོག་པའི་ཕྱིར། དེ་ལ་དབང་ཤེས་དང་ཡིད་ཤེས་ཀྱི་ཆ་གཉིིས་ཀ་ཡོད་དོ། །གཉིས་པ་དྲི་མེད་ཀྱི་དབང་པོ་གསུམ་ནི། མཐོང་སྒོམ་མི་སློབ་ལམ་ལ་དགུ། །ཞེས་པ་སྟེ། མཐོང་ལམ་གྱིས་མི་ཤེས་པ་ཀུན་ཤེས་པའི་དབང་པོ་བསྡུས། སྒོམ་ལམ་གྱིས་ཀུན་ཤེས་པའི་དེ་བསྡུས། མི་སློབ་ལམ་གྱིས་ཀུན་ཤེས་ལྡན་དབང་བསྡུས་ཤིང་། དེ་རེ་རེ་ལའང་དབྱེ་ན་དགུ་དགུ་ཡོད་དེ། དང་པོའི་ངོ་བོར་གྱུར་པའི་དད་སོགས་ལྔ། ཡིད་དབང་། ཚོར་བདེ། ཡིད་བདེ། བཏང་སྙོམས་དང་དགུར་ཡོད་པའི་ཕྱིར། དེས་ཕྱི་མ་གཉིས་འགྲེ།

བཞི་པ་དབང་པོའི་དབྱེ་བ་ལ། དབང་པོ་ཡིན་མིན་གྱི་སྒོ་ནས། དེ་རྙེད་གཏོང་གི་ཚུལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་འཐོབ་ལ་དཔྱད། དབང་པོའི་ལྡན་ཚུལ་ལ་དཔྱད་པའོ། །དང་པོ་ལ་གཉིས་ཚན་གྱི། གསུམ་ཚན་གྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། ཟག་པ་དང་བཅས་མ་བཅས་ཀྱི། རྣམ་སྨིན་ཡིན་མིན་གྱི། རྣམ་སྨིན་དང་བཅས་པའི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། གསུམ་ཡིན་གསུམ་ནི་དྲི་མ་མེད། །གཟུགས་ཅན་སྲོག་དང་སྡུག་བསྔལ་དག །ཟག་དང་བཅས་པ་དགུ་རྣམ་གཉིས། །ཞེས་པ་སྟེ། བཤད་མ་ཐག་པའི་དྲི་མེད་ཀྱི་དབང་པོ་གསུམ་ནི་མཐའ་གཅིག་ཏུ་ཟག་མེད་ཡིན་ཏེ། འཕགས་ལམ་གྱི་ངོ་བོར་གྱུར་པའི་དེ་ཡིན་པའི་ཕྱིར། གཟུགས་ཅན་གྱི་དབང་པོ་བདུན་དང་། སྲོག །ཚོར་སྡུག །ཡིད་མི་བདེ་དང་བཅུ་ནི་ཟག་བཅས། དད་སོགས་ལྔ། ཚོར་བདེ། ཡིད་བདེ། བཏང་སྙོམས། ཡིད་དབང་དང་དགུ་ལ་ཟག་བཅས་ཟག་མེད་གཉིས་ཀ་ཡོད་དོ། །གཉིས་པ་ནི། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས། །ཐ་མ་བརྒྱད་དང་ཡིད་མི་བདེ། །མ་གཏོགས་པ་སྟེ། ཞེས་པས། སྲོག་རྣམ་སྨིན་སྐྱེས་ཡིན་བྱས་པ་ལ། ཁོ་ན་རེ། དགྲ་བཅོམ་པ་འགའ་ཞིག་ཚེ་འདོར་ལེན་ལ་དབང་ཐོབ་པ་མ་ཡིན་པར་འགྱུར་ཞེ་ན། འདིའི་ལན་ལ་ཚེ་ལ་རྣམ་སྨིན་གྱིས་ཁྱབ་པ་དང་། མ་ཁྱབ་པར་འདོད་པའི་ལུགས་གཉིས་ལས། དང་པོ་དགྲ་བཅོམ་པ་འཆི་ཀར་གྱུར་པ་ན་ལོངས་སྤྱོད་རྣམས་སྦྱིན་པར་གཏང་ནས། ཚེ་འདིའི་འཐུད་དང་ཕྱི་མའི་འཐུད་དུ་གྱུར་ཅིག་ཅེས་བརྗོད་པ་ལས། ཚེ་འདོར་བ་ལྟ་བུ་ལ་བྱེད། གཉིས་པ་ནི། བཞི་པའི་རབ་མཐའ་ཐོབ་པའི་དགྲ་བཅོམ་པ་འགའ་ཞིག་གིས་འབྱུང་བ་བྱིན་གྱིས་བརླབས་ནས། དེ་དང་དུས་མཉམ་དུ་གྱུར་པའི་སྲོག་ཀྱང་རྒྱས་པ་ལ་བྱེད། འདི་དབྱངས་སྒྲོག་གི་ལུགས་སོ། །གཟུགས་ཅན་གྱི་དབང་པོ་བདུན། ཚོར་བ་ཡིད་བདེ་མ་གཏོགས་པ་གཞན་བཞི་དང་བཅུ་གཉིས་ལ་རྣམ་སྨིན་ཡིན་མིན་གཉིས་ཀ་ཡོད། ཐ་མ་རྣམ་བྱང་གི་དབང་པོ་བརྒྱད་དང་ཡིད་མི་བདེ་རྣམ་སྨིན་དུ་མ་གཏོགས་སོ། །གསུམ་པ་ནི། དེ་གཅིག་ནི། རྣམ་པར་སྨིན་བཅས་བཅུ་རྣམ་གཉིས། །ཞེས་པ་སྟེ། བཤད་མ་ཐག་པའི་ཡིད་མི་བདེ་དེ་གཅིག་པུ་རྣམ་སྨིན་དང་བཅས་པ་ཡིན། ཡིད་དབང་། ཚོར་བ་གཞན་བཞི། དད་སོགས་ལྔ་སྟེ་བཅུ་ལ་རྣམ་སྨིན་དང་བཅས་མ་བཅས་གཉིས་ཀའི་ཆ་ཡོད་པའོ། །གཉིས་པ་གསུམ་ཚན་གྱི་སྒོ་ནས་དབྱེ་བ་ལ། དགེ་སོགས་གསུམ་གྱི། ཁམས་གསུམ་གྱི། མཐོང་སྤང་སོགས་གསུམ་གྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། ཡིད་དང་ཚོར་གཞན་དད་ལ་སོགས། །དགེ་བ་བརྒྱད་ཡིད་མི་བདེ་བ། །རྣམ་གཉིས་ཡིད་དང་ཚོར་གཞན་ནི། །རྣམ་གསུམ་གཞན་ནི་རྣམ་པ་གཅིག །ཅེས་པ་སྟེ། རྣམ་བྱང་དབང་པོ་བརྒྱད་མཐའ་གཅིག་ཏུ་དགེ་བ། ཡིད་མི་བདེ་ལ་དགེ་མི་དགེ་གཉིས་ཀའི་ཆ་ཡོད། ཡིད་དབང་། ཚོར་བ། གཞན་བཞི་སྟེ་ལྔ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡོད། དེ་རྣམས་ལས་གཞན་གཟུགས་ཅན་གྱི་དབང་པོ་བདུན་སྲོག་དབང་དང་བརྒྱད་ནི་རྣམ་པ་གཅིག་ཏུ་ལུང་མ་བསྟན་ཡིན། གཉིས་པ་ནི། དྲི་མེད་མ་གཏོགས་འདོད་པར་གཏོགས། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་གཟུགས་ཅན་དང་། །བདེ་བའང་མ་གཏོགས་གཟུགས་མེད་གཏོགས། །ཞེས་པ་སྟེ། དྲི་མེད་ཀྱི་དབང་པོ་གསུམ་མ་གཏོགས་པ་བཅུ་དགུ་འདོད་པར་གཏོགས། དེའི་སྟེང་ནས་ཕོ་མོའི། ཚོར་བ་སྡུག་བསྔལ། ཡིད་མི་བདེ་སྟེ་བཞི་མ་གཏོགས་པའི་བཅོ་ལྔ་གཟུགས་སར་གཏོགས། དེའི་སྟེང་ནས་གཟུགས་ཅན་རྣམས་དང་། བདེ་བ་མ་གཏོགས་པའི་ལྷག་མ་བརྒྱད་གཟུགས་མེད་ཀྱི་སར་གཏོགས་སོ། །གསུམ་པ་ནི། ཡིད་དང་ཚོར་བ་གསུམ་རྣམ་གསུམ། །གཉིས་ཀྱི་སྤང་བྱ་ཡིད་མི་བདེ། །དགུ་ནི་སྒོམ་པས་ལྔ་པོ་ནི། །སྤང་བར་བྱ་མིན་ཡང་གསུམ་མིན། །ཞེས་པ་སྟེ། ཡིད་དབང་། ཚོར་བདེ། ཡིད་བདེ། བཏང་སྙོམས་རྣམས་ལ་མཐོང་སྤང་སྒོམ་སྤང་དེ་གཉིས་ཀ་མིན་པའི་ཆ་ཡོད། ཚོར་བ་ཡིད་མི་བདེ་ལ་མཐོང་སྒོམ་གྱི་སྤང་བྱའི་ཆ་ཡོད། གཟུགས་ཅན་གྱི་དབང་པོ་བདུན། སྲོག །ཚོར་བ་སྡུག་བསྔལ་ཏེ་དགུ་སྒོམ་སྤང་ཡིན། ཟག་མེད་ཀྱི་དད་སོགས་ལྔ་སྤང་བྱ་མིན་ཡང་ཟག་བཅས་ཀྱི་དེ་ལྔ་སྒོམ་སྤང་ཡིན། དྲི་མེད་ཀྱི་གསུམ་སྤང་བྱ་མ་ཡིན་པའི་དོན་ནོ། །

གཉིས་པ་རྙེད་གཏོང་གི་ཚུལ་ལ། དབང་པོ་རྙེད་ཚུལ་དང་། གཏོང་ཚུལ་གཉིས། དང་པོ་ལ། འདོད་པའི་དབང་དུ་དང་། ཁམས་གོང་གི་དབང་དུ་བྱས་པ་གཉིས། དང་པོ་ལ། མངལ་སྐྱེས་ཀྱི་དབང་དུ་དང་། རྫུས་སྐྱེས་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། འདོད་པར་དང་པོར་རྣམ་སྨིན་གཉིས། །རྙེད་དེ། ཞེས་པ་སྟེ། འདོད་པར་སྲོག་ཡིད་བཏང་སྙོམས་ལུས་དབང་དང་བཞི་དང་པོར་ཅིག་ཅར་དུ་རྙེད་ཀྱང་། རྣམ་སྨིན་སྐྱེས་ཀྱི་དབང་དུ་བྱས་ན། སྲོག་ལུས་དབང་གཉིས་ཅིག་ཅར་དུ་རྙེད་ཀྱི་གཞན་གཉིས་མིན་ཏེ། དེ་གཉིས་ཉིང་མཚམས་སྦྱོར་ཚེ་ཉོན་མོངས་ཅན་དུ་ངེས་པའི་ཕྱིར། གཉིས་པ་ནི། རྫུས་ཏེ་སྐྱེ་བས་མིན། །དེ་ཡིས་དྲུག་གམ་བདུན་ནམ་བརྒྱད། །ཅེས་པ་སྟེ། རྫུས་སྐྱེས་ལ་དེ་ལྟར་ངེས་པ་མ་ཡིན་ཏེ། རྣམ་སྨིན་སྐྱེས་ལ་མཚན་གཏན་མེད་དང་། གང་རུང་གཅིག །གཉིས་ཀ་དང་ལྡན་པ་གསུམ་ལས། དང་པོ་མིག་དབང་སོགས་ལྔ་དང་སྲོག་དབང་དང་དྲུག་ཅིག་ཅར་དུ་རྙེད། གཉིས་པས་གོང་གི་དྲུག་དང་ཕོ་མོའི་དེ་གང་རུང་ག །ཅིག་དང་བདུན་ཅིག་ཅར་དུ་རྙེད། གསུམ་པས་ཕོ་མོའི་མཚན་གཉིས་ཀ་དང་བརྒྱད་ཅིག་ཅར་དུ་རྙེད་པའོ། །གཉིིས་པ་ཁམས་གོང་གི་དབང་དུ་བྱས་པ་ནི། གཟུགས་ན་དྲུག་གོ་གོང་མར་གཅིག །ཅེས་པ་སྟེ། གཟུགས་ཁམས་ན་མིག་སོགས་ལྔ་དང་། སྲོག་དབང་དང་དྲུག་ཅིག་ཅར་དུ་རྙེད། དེའི་གོང་མ་གཟུགས་མེད་དུ་རྣམ་སྨིན་སྐྱེས་སྲོག་གཅིག་བུ་ཡིན་ནོ། །གཉིས་པ་གཏོང་བའི་ཚུལ་ལ། ཁམས་གོང་གི་དང་། འདོད་པའི་དབང་དུ་བྱས་པ་གཉིས། དང་པོ་ནི། གཟུགས་མེད་དག་དུ་འཆི་བ་ནི། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། །འགག་པར་འགྱུར་རོ་གཟུགས་ན་བརྒྱད། །ཅེས་པ་སྟེ། གཟུགས་མེད་དུ་འཆི་བའི་ཚེ་སྲོག་ཡིད་བཏང་སྙོམས་གསུམ་ཅིག་ཅར་དུ་འགག །གཟུགས་ཁམས་ན་མིག་དབང་སོགས་ལྔ་དང་གོང་གི་གསུམ་སྟེ་བརྒྱད་ཅིག་ཅར་དུ་འགག་གོ །གཉིས་པ་ལ། འདོད་པར་བཅུའམ་དགུའམ་བརྒྱད། །ཅེས་པ་སྟེ། ཅིག་ཅར་བའི་དང་། རིམ་གྱིས་པའི་དབང་དུ་བྱས་པ་གཉིས། དང་པོ་ལ། མཚན་གཉིས་ལྡན། གཅིག་ལྡན། གཏན་མེད་གསུམ་ལས། དང་པོ་ནི། མིག་སོགས་དབང་པོ་ལྔ། སྲོག །ཡིད་བཏང་སྙོམས་ཕོ་མོ་གཉིས་ཏེ་བཅུ་ཅིག་ཅར་དུ་འགག །གཉིས་པ་ནི། དགུ་ཅིག་ཅར་དུ་འགག །གསུམ་པ་བརྒྱད་ཅིག་ཅར་དུ་འགག་གོ །གཉིས་པ་ནི། རིམ་གྱིས་འཆི་བ་དག་ལ་བཞི། །དགེ་ལ་ཐམས་ཅད་དག་ཏུ་ལྔ། །ཞེས་པ་སྟེ། རིམ་འཆི་ལ། སྲོག་ཡིད་བཏང་སྙོམས་ལུས་དབང་དང་བཞི་ཅིག་ཅར་དུ་འགག །དེ་ཉོན་མོངས་ཅན་དང་ལུང་མ་བསྟན་འཆི་བའི་དབང་དུ་བྱས་ལ། དགེ་སེམས་དང་བཅས་འཆི་ན་དེའི་སྟེང་དད་སོགས་དབང་པོ་ལྔ་ཅིག་ཅར་དུ་འགག་གོ །

གསུམ་པ་དགེ་སྦྱོང་ཚུལ་གྱི་དབང་པོ་དུས་འཐོབ་ནི། འབྲས་བུ་ཐ་མ་གཉིས་དགུས་འཐོབ། །གཉིས་ནི་བདུན་ནམ་བརྒྱད་དམ་དགུས། །བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། །ཞེས་པ་སྟེ། འབྲས་བུ་ཐ་མ་རྒྱུན་ཞུགས་དང་དགྲ་བཅོམ་གཉིས་དབང་པོ་དགུ་དགུས་ཐོབ་སྟེ། ལམ་རྗེས་བཟོད་ཀྱི་ངོ་བོར་གྱུར་བའི་དད་སོགས་དབང་ལྔ། ཡིད་དབང་བཏང་སྙོམས་མི་ཤེས་པ་ཀུན་ཤེས་པའི་ལམ་རྗེས་ཤེས་ཀྱི་ངོར་གྱུར་ཀྱི་ཀུན་ཤེས་པའི་དབང་པོ་དགུས་རྒྱུན་ཞུགས་འབྲས་འཐོབ། སྒོམ་ལམ་སྐད་ཅིག་ཐ་མའི་ངོར་གྱུར་ཀྱི་དད་སོགས་ལྔ། ཡིད་དབང་། ཚོར་བ་བདེ་བ། ཡིད་བདེ། བཏང་སྙོམས་གསུམ་གང་རུང་གཅིག །ཀུན་ཤེས་པའི། མི་སློབ་ལམ་གྱི་ངོར་གྱུར་ཀུན་ཤེས་ལྡན་དབང་དང་དགུས་དགྲ་བཅོམ་པའི་འབྲས་བུ་འཐོབ་པའི་ཕྱིར། རིམ་གྱིས་པའི་ཕྱིར་འོང་མི་འོང་གཉིས་འཇིག་ལམ་གྱིས་ཐོབ་ཚེ། དད་སོགས་ལྔ་ཡིད་དབང་བཏང་སྙོམས་དང་བདུན་ལ་བརྟེན་ནས་ཐོབ་པའི་ཕྱིར། དེ་གཉིས་འདས་ལམ་གྱིས་ཐོབ་ཚེ་དབང་པོ་བརྒྱད་བརྒྱད་ལ་བརྟེན་ནས་ཐོབ་སྟེ། སྒོམ་ལམ་གྱི་ངོར་གྱུར་ཀྱི་དད་སོགས་ལྔ་ཡིད་དབང་། བཏང་སྙོམས་དང་ཀུན་ཤེས་པའི་དབང་པོ་དང་བརྒྱད་ལ་བརྟེན་ནས་ཐོབ་པའི་ཕྱིར་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གི་འབྲས་བུ། རྒྱུན་ཞུགས་ཐོབ་བྱེད་ཀྱི་དབང་པོ་དགུ་ལ་བརྟེན་ནས་ཐོབ། དེ་སྔོན་གྱི་ཕྱིར་མི་འོང་གི་འབྲས་བུ། ལམ་རྗེས་བཟོད་ཀྱི་ངོར་གྱུར་དད་སོགས་ལྔ། ཡིད་དབང་། ཚོར་བདེ། ཡིད་བདེ། བཏང་སྙོམས་གསུམ་གང་རུང་གཅིག །མི་ཤེས་པ་ཀུན་ཤེས་པའི། ལམ་རྗེས་ཤེས་ཀྱི་ངོར་གྱུར་ཀུན་ཤེས་པའི་དབང་པོ་དགུས་ཐོབ་པའི་ཕྱིར། བསྟན་བཅོས་རབ་ཏུ་བྱེད་པ་ལས། དགྲ་བཅོམ་འབྲས་བུ་དབང་པོ་བཅུ་གཅིག་གིས་ཐོབ་པར་བཤད་པ་ཡང་ཡོད་པའི་དོན་ནོ། །

བཞི་པ་དབང་པོའི་ལྡན་ཚུལ་ལ། ངེས་ལྡན་གྱི་དབང་དུ་དང་། སྲིད་ལྡན་གྱི་དབང་དུ་བྱས་པ་གཉིས། དང་པོ་ལ། ཕན་ཚུན་ངེས་ལྡན་གྱི་དབང་དུ་དང་། དབང་པོ་དེ་ལ་དབང་པོ་གཞན་ངེས་ལྡན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །ཞེས་པ་སྟེ། བཏང་སྙོམས་སྲོག་ཡིད་སུམ་པོ་ཕན་ཚུན་ངེས་ལྡན་ཡིན་ཏེ། དེ་གང་རུང་གཅིག་ལྡན་ན་གཞན་གཉིས་ལྡན་པས་ཁྱབ་པའི་ཕྱིར། གལ་ཏེ་འགོག་པར་གནས་པའི་རྒྱུད་ལ་སྲོག་དབང་ཡོད་པའི་ཕྱིར། དེ་གཉིས་ཡོད་པར་ཐལ་ཞེ་ན། མ་ཁྱབ་སྟེ། དེ་གཉིས་ཀྱི་ཐོབ་པ་ཡོད་པ་ལ་དེ་གཉིས་དང་ལྡན་པར་འཇོག་པའི་ཕྱིར། གཉིས་པ་ནི། བདེ་ལུས་ལྡན་ལ་བཞི་དག་དང་། །མིག་སོགས་ལྡན་ལ་ལྔ་དང་ལྡན། །ཡིད་བདེ་ལྡན་ལ་སྡུག་བསྔལ་ལྡན། །བདུན་དང་མོ་ཡི་དབང་སོགས་ལྡན། །བརྒྱད་དང་ཀུན་ཤེས་ལྡན་པ་ཡི། །དབང་པོ་ལྡན་ལ་བཅུ་གཅིག་ལྡན། །ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། །ཞེས་པ་སྟེ། བདེ་དབང་དང་ལུས་དབང་གཉིས་ལ་ངེས་ལྡན་གསུམ་སྟེ་བཞི་བཞི་ལྡན། མིག་དབང་ལ་ངེས་ལྡན་གསུམ་ལུས་དབང་དང་ལྔ་ལྡན། སྣ་དབང་སོགས་བཞི་ཡང་ལྔ་ལྔ་དང་ལྡན། ཡིད་བདེ་དང་ལྡན་པ་ལ་ངེས་ལྡན་གསུམ་བདེ་བ་དང་ལྔ་ལྡན། སྡུག་བསྔལ་དང་ལྡན་ལ་ངེས་ལྡན་གསུམ། ལུས་དབང་ཚོར་བ་སྡུག་བསྔལ། བདེ་བ། ཡིད་བདེ་དང་བདུན་ལྡན། ཕོ་མོ་གང་རུང་དང་ལྡན་ན་གོང་གི་བདུན་དང་བརྒྱད་ལྡན། ཀུན་ཤེས་ལྡན་དབང་ལ་གདགས་གཞི་དབང་པོ་དགུ་སྲོག་དང་བཅུ་གཅིག་ལྡན། ཀུན་ཤེས་པའི་དབང་ལྡན་ལ་གདགས་གཞི་དགུ་སྲོག་དང་བཅུ་གཅིག་ལྡན། མི་ཤེས་པ་ཀུན་ཤེས་ལྡན་དབང་ལ་གདགས་གཞི། སྲོག་ལུས་དབང་། ཚོར་བ་སྡུག་བསྔལ་དང་བཅུ་གསུམ་ལྡན་པའི་ཕྱིར། གདགས་གཞི་དགུ་ནི། དད་སོགས་ལྔ། ཡིད་དབང་། ཚོར་བདེ། ཡིད་བདེ། བཏང་སྙོམས་དང་དགུ་ལ་བྱེད་དོ། །གཉིས་པ་སྲིད་ལྡན་ལ། ཉུང་ལྡན་གྱི་དབང་དུ་དང་། མང་ལྡན་གྱི་དབང་དུ་བྱས་པ་གཉིས། དང་པོ་ནི། དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །གཟུགས་མེད་བྱིས་པའང་དེ་བཞིན་ཏེ། །བཏང་སྙོམས་སྲོག་ཡིད་དགེ་རྣམས་དང་། །ཞེས་པ་སྟེ། དགེ་རྩ་མེད་པ་ལ་དབང་པོ་ཉུང་ངུ་ལྡན་ཏེ། ལུས་དབང་། ཚོར་བ་ལྔ། སྲོག་ཡིད་བདེ་དང་བརྒྱད་ལྡན་སྲིད་པའི་ཕྱིར། གཟུགས་མེད་ཀྱི་བྱིས་པ་ལའང་དེ་བཞིན་ལྡན་ཏེ་བཏང་སྙོམས། སྲོག །ཡིད། དད་སོགས་ལྔ་དང་ལྡན་པའི་ཕྱིར། གཉིས་པ་མང་ལྡན་གྱི་དབང་དུ་བྱས་པ་ནི། མང་པོར་ལྡན་ལ་བཅུ་དགུ་སྟེ། །དྲི་མ་མེད་རྣམས་མ་གཏོགས་སོ། །མཚན་གཉིས་འཕགས་པ་ཆགས་བཅས་ཀྱང་། །མཚན་གཅིག་དྲི་མེད་གཉིས་མ་གཏོགས། །ཞེས་པ་སྟེ། མཚན་གཉིས་ལྡན་གྱི་འདོད་པའི་སོ་སྐྱེ་ལ་མང་པོ་ལྡན་ཏེ། དྲི་མེད་ཀྱི་གསུམ་མ་གཏོགས་བཅུ་དགུ་ལྡན། མཐོང་ལམ་འཕགས་པ་ཆགས་བཅས་ལ། ཕོ་མོའི་མཚན་གང་རུང་གཅིག་མ་གཏོགས་པ་བཅོ་བརྒྱད་ཀུན་ཤེས་པའི་དབང་པོ་དང་བཅུ་དགུ་ལྡན། ཉན་ཐོས་སྒོམ་ལམ་པ་ལ་ཡང་། གོང་གི་བཅོ་བརྒྱད། ཀུན་ཤེས་པའི་དབང་པོ་དང་བཅུ་དགུ་ལྡན་པའོ། །

གཉིས་པ་འདུས་བྱས་ཆོས་ཀྱི་སྐྱེ་ཚུལ་ལ། གཟུགས་ཅན་དང་། དེ་མ་ཡིན་པའི་སྐྱེ་ཚུལ་གཉིས། དང་པོ་ནི། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུ་སྟེ། །དབང་པོ་གཞན་ལྡན་རྫས་བཅུའོ། །ཞེས་པ་སྟེ། འདོད་པར་དབང་པོས་ཟིན་པ་མེད་པའི་རྡུལ་ཕྲ་རབ་གཅིག་སྐྱེ་བའི་ཚེ། འབྱུང་བཞི་སྒྲ་མ་གཏོགས་པའི་དོན་བཞི་སྟེ་བརྒྱད་ཅིག་ཅར་དུ་སྐྱེ། ལུས་དབང་དང་ལྡན་ལ་སྔར་གྱི་བརྒྱད་ལུས་དབང་དང་དགུ་ཅིག་ཅར་དུ་སྐྱེ། མིག་དབང་དང་ལྡན་པ་ལ་གོང་གི་དགུ་སྟེ་བཅུ་ཅིག་ཅར་དུ་སྐྱེ། དེས་དབང་པོ་གཞན་ལའང་རིགས་འགྲེ།

གཉིས་པ་གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལ། མཚུངས་ལྡན་འདུ་བྱེད་དང་ལྡན་མིན་འདུ་བྱེད་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ་ནི། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཐམས་ཅད་འདུས་བྱས་མཚན་ཉིད་དང་། །ཐོབ་པའོ། །ཞེས་པ་སྟེ། གཙོ་སེམས་གཅིག་སྐྱེ་ཚེ་རང་གི་སེམས་བྱུང་དང་ཅིག་ཅར་སྐྱེ་ཞིང་འདུས་བྱས་ཐམས་ཅད་རང་གི་མཚན་ཉིད་སྐྱེ་འགག་གནས་པ་མི་རྟག་པ་བཞི་དང་ཅིག་ཅར་དུ་སྐྱེ་བས་ཁྱབ་སྟེ། འདུས་བྱས་ཡིན་ན་དེ་བཞི་ལྡན་དགོས་པས་སོ། །རྒྱུད་ཀྱིས་བསྡུས་པའི་འདུས་བྱས་ཡིན་ན་རང་གི་ཐོབ་པ་དང་ཅིག་ཅར་སྐྱེ་བས་ཁྱབ་སྟེ་འཐོབ་བྱའི་ཆོས་དེ་རྒྱུད་ལ་ལྡན་བྱེད་ཀྱི་རྫས་གཅིག་ཡོད་དགོས་པའི་ཕྱིར།

གཉིས་པ་ལ། སེམས་བྱུང་སྤྱིའི་རྣམ་བཞག །གཙོ་སེམས་འཁོར་དུ་སེམས་བྱུང་དུ་འགྲོ་དཔྱད། ཞར་ལ་སེམས་བྱུང་འགའ་ཞིག་གི་ཁྱད་པར་དང་གསུམ། དང་པོ་ལ། ངེས་པའི་མཚུངས་ལྡན་དེ་དང་མ་ངེས་པའི་མཚུངས་ལྡན་འདུ་བྱེད་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ་ནི། སེམས་བྱུང་རྣམ་ལྔ་སྟེ། །ས་མང་ལ་སོགས་ཐ་དད་ཕྱིར། །ཞེས་པ་སྟེ། ངེས་པའི་མཚུངས་ལྡན་གྱི་སེམས་བྱུང་རྣམས་ལ་སྐྱེ་ཚུལ་ལྔ་ཡོད་དེ། སེམས་ཀྱི་ས་མང་པོ་པ། ཉོན་མོངས་ཆེན་པོའི་ས་པ། མི་དགེ་བའི་ས་པ། ཉོན་མོངས་ཆུང་ངུའི་ས་པ་སྟེ་ཐ་དད་པ་ལྔ། གཉིས་པ་ལ། གོང་གི་ལྔ་ལས། དང་པོ་ནི། ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་པ་སྟེ། ཚོར་བ་སོགས་བཅུ་པོ་འདི་ལ་སེམས་ཀྱི་ས་མང་པོ་པ་ཞེས་བྱ་སྟེ། གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བས་སོ། །གཉིས་པ་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་པ་སྟེ། དད་སོགས་བཅུ་པོ་འདི་ལ་དགེ་བའི་ས་པ་ཞེས་བྱ་སྟེ། དགེ་བ་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བས་སོ། །གསུམ་པ་ནི། རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །ཞེས་པ་སྟེ་རྨོངས་སོགས་དྲུག་པོ་འདི་ལ་ཉོན་མོངས་པ་ཆེན་པོོའི་ས་པ་ཞེས་བྱ་སྟེ། དབང་ཤེས་ཡིད་ཤེས་མཐོང་སྤང་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་པ་ཅན་གྱི་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བས་སོ། །བཞི་པ་ནི། མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ། །ཞེས་པ་སྟེ། དེ་གཉིས་ལ་མི་དགེ་བའི་ས་པ་ཞེས་བྱ་སྟེ་གཙོ་སེམས་མི་དགེ་བ་ཀུན་གྱི་འཁོར་དུ་འགྲོ་བས་སོ། །ལྔ་པ་ནི། ཁྲོ་བ་དང་། །འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་ཚིག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས། །ཞེས་པ་སྟེ། བཅུ་པོ་དེ་ལ་ཉོན་མོངས་པ་ཆུང་ངུའི་ས་པ་ཞེས་བྱ་སྟེ། ཡིད་ཤེས་དང་སྒོམ་སྤང་ཁོ་ནའི་ཉོན་མོངས་ཅན་གྱི་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བའི་ཕྱིར་རོ། །

གཉིས་པ་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ་དང་བཞི་དང་གཞན་འགྱུར་བཞི་སྟེ་བརྒྱད་ནི་མ་ངེས་པ་ཞེས་བྱ་སྟེ། གོང་གི་ལྔ་པོ་གང་རུང་དུ་མ་ངེས་ཤིང་དེ་ལས་ལོག་པའི་ཕྱིར་རོ། །གཉིས་པ་ལ། འདོད་པའི་དབང་དུ་བྱས་པ་དང་། ཁམས་གོང་གི་དབང་དུ་བྱས་པ་གཉིས། དང་པོ་ལ། དགེ་བའི་དབང་དུ། མི་དགེ་བའི་དབང་དུ། ལུང་མ་བསྟན་གྱི་དབང་དུ་བྱས་པ་དང་གསུམ། དང་པོ་ནི། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །ལ་ལ་དག་ཏུ་འགྱོད་པ་བསྣན། །ཞེས་པ་སྟེ། འདོད་པའི་གཙོ་སེམས་དགེ་བའི་འཁོར་དུ་སེམས་བྱུང་ཉེར་གཉིས་འབྱུང་སྟེ། སེམས་ཀྱི་ས་མང་པོ་པ་བཅུ། དགེ་བའི་ས་པ་བཅུ། རྟོག་དཔྱོད་གཉིས་རྣམས་འབྱུང་བས་སོ། །གཉིས་པ་ནི། མི་དགེ་ལ་ནི་མ་འདྲེས་དང་། །ལྟ་དང་ལྡན་ལ་ཉི་ཤུ་འབྱུང་། །ཉོན་མོངས་བཞི་དང་ཁྲོ་སོགས་དང་། །འགྱོད་པ་དང་ནི་ཉི་ཤུ་གཅིག །ཅེས་པ་སྟེ། དེ་ཡང་མ་རིག་པ་ལ་མ་འདྲེས་པའི་དང་། འདྲེས་པའི་མ་རིག་པ་གཉིས་ལས། དང་པོ་ནི། འདོད་ཆགས་སོགས་ཉོན་མོངས་བཞི་གང་རུང་དང་མི་ལྡན་པའོ། །གཉིས་པ་ནི། དེ་བཞི་གང་རུང་དང་ལྡན་པའོ། །དང་པོ་དང་ལྡན་པའི་གཙོ་སེམས་མི་དགེ་བའི་འཁོར་དུ་སེམས་བྱུང་ཉི་ཤུ་འབྱུང་སྟེ། སེམས་ཀྱི་ས་མང་པོ་པ་བཅུ། ཉོན་མོངས་ཆེན་པོའི་ས་པ་དྲུག །མི་དགེ་བའི་ས་པ་གཉིས། རྟོག་དཔྱོད་གཉིས་རྣམས་འབྱུང་བས་སོ། །ལྟ་བ་དང་ལྡན་པའི་གཙོ་སེམས་མི་དགེ་བའི་འཁོར་དུ་དེ་ཉི་ཤུ་འབྱུང་ངོ་། །འདིར་ལྟ་བ་ཟུར་དུ་མི་སྨོས་ཏེ། ཤེས་རབ་ཀྱི་ཁོངས་སུ་གཏོགས། མ་རིག་པ་ཟུར་དུ་མི་བགྲང་སྟེ། རྨོངས་པའི་ཁོངས་སུ་གཏོགས། གཏི་མུག་མེད་པ་དགེ་བའི་ས་པར་མི་བགྲང་སྟེ། ཤེས་རབ་ཀྱི་ཁོངས་སུ་གཏོགས། བརྗེད་ངས་ཟུར་དུ་མི་བགྲང་སྟེ། རང་ཡུལ་མི་གསལ་བའི་དྲན་པའི་ཁོངས་སུ་གཏོགས། རྣམ་གཡེང་ཟུར་དུ་མི་བགྲང་སྟེ། ཏིང་ངེ་འཛིན་ཉོན་མོངས་ཅན་ཡིན་པས་དེའི་ཁོངས་སུ་གཏོགས། ཤེས་བཞིན་མ་ཡིན་པ་ཟུར་དུ་མི་བགྲང་སྟེ། ཤེས་རབ་ཀྱི་ཁོངས་སུ་གཏོགས། འདྲེས་པ་ནི་འདོད་ཆགས་འཁོར་དུ་ལྡན་པའི་གཙོ་སེམས་མི་དགེ་བའི་འཁོར་དུ་སེམས་བྱུང་ཉེར་གཅིག་འབྱུང་སྟེ། གོང་གི་ཉི་ཤུ་དང་འདོད་ཆགས་འབྱུང་བས་སོ། །དེས་ཁོང་ཁྲོ་སོགས་གསུམ་དང་། ཁྲོ་བ་སོགས་བཅུ་དང་། འགྱོད་པ་རྣམས་རིགས་འགྲེ། གསུམ་པ་ལུང་མ་བསྟན་གྱི་དབང་དུ་བྱས་པ་ནི། བསྒྲིབས་ལ་བཅོ་བརྒྱད་ལུང་མ་བསྟན། །གཞན་ལ་བཅུ་གཉིས་དག་ཏུ་འདོད། །གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེ་བསྣན་ནོ། །ཞེས་པ་སྟེ། བསྒྲིབས་ལུང་མ་བསྟན་གྱི་གཙོ་སེམས་ཀྱི་འཁོར་དུ་བཅོ་བརྒྱད་འབྱུང་སྟེ། སེམས་ཀྱི་ས་མང་པོ་པ་བཅུ། ཉོན་མོངས་ཆེན་པོའི་ས་པ་དྲུག །རྟོག་དཔྱོད་རྣམས་འབྱུང་བས་སོ། །མ་བསྒྲིབས་ལུང་མ་བསྟན་དུ་གྱུར་པའི་གཙོ་སེམས་ཀྱི་འཁོར་དུ་བཅུ་གཉིས་འབྱུང་སྟེ། སེམས་ཀྱི་ས་མང་པོ་པ་བཅུ། རྟོག་དཔྱོད་གཉིས་རྣམས་སོ། །གཉིད་ནི་གང་ལ་ཡོད་པ་དེ་ལ་བསྣན་ཏེ་དེ་ཀུན་དང་མི་འགལ་བའི་ཕྱིར་རོ། །གོང་དུ། ལ་ལ་དག་ཏུ་འགྱོད་པ་བསྣན་ཅེས་པ་ནི། གང་ལ་ཡོད་པ་དེ་ལ་བསྣན་ཏེ་འགྱོད་པ་ལའང་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡོད་པས་སོ། །གཉིས་པ་ཁམས་གོང་གི་དབང་དུ་བྱས་པ་ལ། དཔྱད་བྱའི་སེམས་བྱུང་ངོས་བཟུང་བ་དང་། དེ་ཇི་ལྟར་འབྱུང་བ་གཉིས། དང་པོ་ནི། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །རྟོག་པའང་བསམ་གཏན་ཁྱད་པར་ཅན། །དེ་ཡི་གོང་ན་དཔྱོད་པ་ཡང་། །ཞེས་པ་སྟེ། འགྱོད། གཉིད། མི་དགེ་རྣམས་བསམ་གཏན་དང་པོ་དག་ན་མེད། དེའི་དངོས་གཞི་ཁྱད་པར་ཅན་ན་རྟོག་པའང་མེད། དེའི་གོང་མ་བསམ་གཏན་གཉིས་པ་ཡན་ཆད་ན་དཔྱོད་པ་ཡང་མེད་པའི་དོན་ནོ། །གཉིས་པ་ནི། དང་པོ་ཙམ་གྱི་དགེ་སེམས་ལ། །ཞེས་སོགས་སུ་བསྒྱུར་རོ། །

གསུམ་པ་སེམས་བྱུང་འགའ་ཞིག་གི་ཁྱད་པར་ལ། སེམས་བྱུང་བརྒྱད་ཀྱི་ཁྱད་པར་དང་། སེམས་སེམས་བྱུང་གི་མིང་གི་རྣམ་གྲངས་གཉིས། དང་པོ་ནི། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོ་འཇིགས་མི་ལྟ། །དགའ་དང་གུས་ཉིད་ངོ་ཚ་ཤེས། །དེ་གཉིས་འདོད་དང་གཟུགས་དག་ན། །རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ང་རྒྱལ་ཁེངས་པའོ་རྒྱགས་པ་ནི། །རང་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་སུ་གཏུགས་པའོ། །ཞེས་པ་སྟེ། ངོ་ཚ་མེད་དང་ཁྲེལ་མེད་ལ་ཁྱད་ཅི་ཞེ་ན། ངོ་ཚ་མེད་པ་ནི་ཡུལ་ཁྱད་པར་ཅན་ལ་མ་གུས་པའི་སེམས་བྱུང་། ཁྲེལ་མེད་པ་ནི་རང་རྒྱུད་ཀྱི་ཁ་ན་མ་ཐོ་བ་ལ་འཇིགས་པར་མི་ལྟ་བའོ། །དྲི་བ་གསལ་བྱེད་དུ་སྦྱར་ནས། དགའ་བ་ལ་ཉོན་མོངས་ཅན་གྱི་དགའ་བ་དང་། ཡང་དག་པའི་དགའ་བ་གཉིས། དང་པོ་ནི། བུ་དང་ཆུང་མ་སོགས་ལ་ཆགས་སྲེད། གཉིས་པ་ནི། གང་ཟག་ཡོན་ཏན་ཅན་ལ་དང་བའི་དད་པའོ། །དེ་གཉིས་འདོད་གཟུགས་སུ་གཏོགས་ཀྱི་གཟུགས་མེད་དུ་མི་གཏོགས་ཏེ། དེ་གཉིས་ཡུལ་གཞན་ལ་དམིགས་ནས་འབྱུང་ལ། གཟུགས་མེད་ཁམས་པ་རྣམས་ཕན་ཚུན་གཅིག་གིས་གཅིག་མིག་ཡུལ་དུ་མི་རུང་བའི་ཕྱིར། རྟོག་པ་ནི་སེམས་རྩིང་བའི་དང་། དཔྱོད་པ་ནི་དེ་ཞིབ་པའི་རྣམ་པ་ཅན་ཉིད་དོ། །ང་རྒྱལ་ནི་ཁེངས་སེམས་ཀྱི་སེམས་བྱུང་རྫས་ཡོད། རྒྱགས་པ་ནི། རང་གི་རིགས་དང་ཆོས་ལ་ཆགས་ནས་ཡོངས་སུ་གཏུགས་པའི་སེམས་བྱུང་ངོ་། །གཉིས་པ་ནི། སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་སེམས་དང་སེམས་བྱུང་དང་། །རྟེན་དང་དམིགས་དང་རྣམ་བཅས་དང་། །མཚུངས་པར་ལྡན་པའང་རྣམ་པ་ལྔ། །ཞེས་པ་སྟེ། སེམས་ཡིད་རྣམ་ཤེས་གསུམ་དོན་གཅིག་ཅིང་། སེམས་སེམས་བྱུང་ལ་རྟེན་བཅས་ཞེས་བྱ་སྟེ། བདག་རྐྱེན་ལ་བརྟེན་པ་དང་། དམིགས་བཅས་ཞེས་བྱ་ཏེ། རང་ཡུལ་ལ་དམིགས་པ་དང་། རྣམ་བཅས་ཞེས་བྱ་སྟེ། རང་གི་དམིགས་པ་དེ་ཉིད་ལ་རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་དཔྱོད་པའི་ཕྱིར། མཚུངས་ལྡན་ཞེས་བྱ་སྟེ། མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། ལྔ་མཚུངས་ནི། རྟེན། དམིགས་པ། རྣམ་པ། དུས། རྫས་མཚུངས་པ་ལྔའོ། །རྣམ་པ་མཚུངས་ཏེ། མིག་ཤེས་དང་དེའི་འཁོར་བྱུང་གི་སེམས་བྱུང་གཉིས་གཟུགས་ཀྱི་རྣམ་པ་གཅིག་ཉིད་ཡུལ་དུ་བྱེད་པར་མཚུངས་པའི་ཕྱིར།

གཉིས་པ་ལྡན་མིན་འདུ་བྱེད་ལ། དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། ཆོས་གཞན་གྱི་ཁྱད་པར་བསྟན་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་སྙོམས་འཇུག་པ་དང་། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང་། །ཞེས་པ་སྟེ། ཐོབ་པ། མ་ཐོབ་པ། སྐལ་མཉམ། འདུ་ཤེས་མེད་པ། དེའི་སྙོམས་འཇུག །འགོག་སྙོམས། སྲོག །སྐྱེ་བ། རྒ་བ། གནས་པ། མི་རྟག་པ། མིང་གི་ཚོགས། ཡི་གེའི་ཚོགས། ངག་གི་ཚོགས་ལ་སོགས་བཅུ་བཞིའོ། །

གཉིས་པ་ལ། ཐོབ་སོགས་གསུམ་བཤད། འདུ་ཤེས་མེད་པ་སོགས་གསུམ་བཤད། སྲོག་སོགས་ལྔ་བཤད། མིང་སོགས་གསུམ་བཤད་པ་དང་བཞི། དང་པོ་ལ། ཐོབ་མ་ཐོབ་བཤད་པ་དང་། སྐལ་མཉམ་བཤད་པའོ། །དང་པོ་ནི། ཐོབ་མ་ཐོབ་ཀྱི་ངོ་བོ་དང་། ཁྱད་ཆོས་གཉིས། དང་པོ་ནི། ཐོབ་པ་རྙེད་དང་ལྡན་པའོ། །ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱིའོ་འགོག་གཉིས་ཀྱི། །ཞེས་པ་སྟེ། འཐོབ་བྱའི་ཆོས་དེ་རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་གི་རྒྱུད་ལ་ལྡན་བྱེད་ཀྱི་རྫས་གཅིག་ལ་འཇོག །དེ་ལ་དབྱེ་ན། རྙེད་ཐོབ་དང་ལྡན་ཐོབ་གཉིས། དང་པོ་ནི། འཕགས་རྒྱུད་ལ་མཐོང་ལམ་གསར་ལྡན་བྱེད་པའི་རྫས་གཅིག་ལ་བྱེད། གཉིས་པ་ནི། སོ་སྐྱེའི་རྒྱུད་ལ་ཉོན་མོངས་ཡེ་ནས་ལྡན་བྱེད་ཀྱི་རྫས་སོ། །མ་ཐོབ་པ་ནི། འཐོབ་བྱའི་ཆོས་དེ་རྟེན་གྱི་གང་ཟག་དེའི་རྒྱུད་ལ་ལྡན་པ་ལ་གེགས་བྱེད་ཀྱི་རྫས། དེ་ལ་གཉིས། རྙེད་པའི་མ་ཐོབ་པ་དང་། ལྡན་པའི་མ་ཐོབ་པའོ། །དང་པོ་ནི། སྦྱོར་ལམ་པའི་རྒྱུད་ལ་མཐོང་ལམ་སྐྱེ་བ་ལ་གེགས་བྱེད་ཀྱི་རྫས། གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་ལས་ཉམས་ཏེ་སླར་དེ་ལྡན་པ་ལ་གེགས་བྱེད་ཀྱི་རྫས། མ་ཐོབ་པ་དེ་ཡང་རང་རྒྱུད་དུ་གཏོགས་པའིི་འདུས་བྱས་རྣམས་ཀྱིའོ་ཞེས་སྤྱིར་བསྟན་ནས། དམིགས་བསལ་ནི། རྒྱུད་ཀྱིས་བསྡུས་པའི་འདུས་བྱས་མ་ཡིན་ཡང་འགོག་པ་གཉིས་ཀྱིི་ཐོབ་པ་ཡོད་པའོ། །གཉིས་པ་ཁྱད་ཆོས་ལ། ཐོབ་པའི་དང་། མ་ཐོབ་པའི་ཁྱད་ཆོས་གཉིས། དང་པོ་ལ། སྤྱིར་བསྟན་དང་། དམིགས་བསལ་གཉིས། དང་པོ་ནི། དུས་གསུམ་པ་ཡི་རྣམ་པ་གསུམ། །དགེ་ལ་སོགས་ཀྱི་དགེ་ལ་སོགས། །དེར་གཏོགས་རྣམས་ཀྱི་རང་ཁམས་པ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །སློབ་དང་མི་སློབ་མིན་གྱི་གསུམ། །སྤང་བྱ་མིན་པའི་རྣམ་གཉིས་འདོད། །ཅེས་པ་སྟེ། འཐོབ་བྱའི་ཆོས་ལ་དུས་གསུམ་ཀ་ཡོད་དེ། དེའི་དཔེ་ནི། ཁ་སང་གི་བསམ་སྡོམ་དེ་རིང་གི་སྡོམ་པ་ལ་ལྟོས་ཏེ་འདས་པ། འདས་ཆོས་དེ་ལ་ཐོབ་པ་དུས་གསུམ་ཀ་ཡོད། མཚན་གཞི་ནི། ཁ་སང་གི་དུས་ཁོ་རང་ལྡན་བྱེད་ཀྱི་རྫས་གཅིག་ལ་དེའི་ཐོབ་པ་འདས་པ། ཁ་སང་གི་བསམ་སྡོམ་སང་གི་དུས་སུ་ལྡན་བྱེད་ཀྱི་རྫས་གཅིག་ལ་དེའི་ཐོབ་པ་མ་འོངས་པ། དེ་རིང་གི་དུས་སུ་ཁོ་རང་གང་ལ་ལྡན་བྱེད་ཀྱི་རྫས་གཅིག་ལ་ཁོའི་ཐོབ་པ་ད་ལྟར་བར་འཇོག །འཐོབ་བྱའི་ཆོས་ད་ལྟར་བ་དང་མ་འོངས་པ་གཉིས་ལའང་དེས་འགྲེ་ཤེས་པར་བྱའོ། །དགེ་སོགས་གསུམ་གྱི་ཐོབ་པ་ནི་གོ་རིམ་བཞིན་དུ་དགེ་ལ་སོགས་པ་ཡིན་པའི་དོན་ནོ། །འཐོབ་བྱའི་ཆོས་ཁམས་གསུམ་པོ་དེར་གཏོགས་པ་རྣམས་ཀྱི་ཐོབ་པ་ནི་རང་རང་གི་ཁམས་སུ་གཏོགས་པ་ཡིན་ནོ། །འཐོབ་བྱའི་ཆོས་སར་མ་གཏོགས་པ་རྣམས་ལ་མུ་བཞི་སྟེ། འཐོབ་བྱའི་ཆོས་དེ་ཁམས་གསུམ་གྱི་སར་མ་གཏོགས་ལ། དེའི་ཐོབ་པ་དེ་རྣམས་ཀྱིས་བསྡུས་པའི་མུ་གསུམ་དང་། འཐོབ་བྱའི་ཆོས་དེ་ཁམས་གསུམ་གང་རུང་གི་སར་མ་གཏོགས་ལ། དེའི་ཐོབ་པ་ཡང་དེ་གསུམ་གང་རུང་གིས་མ་བསྡུས་པའི་མུ་དང་བཞི་ཡོད་པས་སོ། །དེ་དག་གི་མཚན་གཞི་རིམ་བཞིན་འདོད་པའི་རྟེན་ཅན་གྱི་གང་ཟག་གི་རྒྱུད་ཀྱི་སོ་སོར་བརྟགས་མིན་གྱི་འགོག་པ་དང་། གཟུགས་དང་གཟུགས་མེད་ཀྱི་རྟེན་ཅན་གྱི་སོ་སོར་བརྟགས་མིན་གྱི་འགོག་པ་དང་། བྱིས་པའི་ལམ་གྱིས་ཐོབ་པའི་འགོག་པ་དང་། འགོག་བདེན་དང་ལམ་བདེན་ལྟ་བུའོ། །སློབ་མི་སློབ་ཀྱི་སྒོ་ནས་དབྱེ་ན། རང་གང་ལ་ལྡན་པའི་རྟེན་ཅན་སློབ་པ་འཕགས་པར་མཚོན་བྱེད་ཀྱི་འདུས་བྱས་ཀྱི་ཡོན་ཏན་ལ་སློབ་པའི་ཆོས་སུ་འཇོག །མི་སློབ་པར་མཚོན་པར་བྱེད་པའི་དེའི་རྒྱུད་ཀྱི་ཡོན་ཏན་ལ་མི་སློབ་པའི་ཆོས་སུ་འཇོག །སློབ་པ་འཕགས་པ་དང་། མི་སློབ་པ་གང་རུང་མིན་པར་མཚོན་བྱེད་ཀྱི་འདུས་བྱས་ཀྱི་ཡོན་ཏན་གཅིག་ལ་དེ་གཉིས་གང་རུང་མིན་པའི་ཆོས་སུ་འཇོག །འཕགས་པ་སློབ་མི་སློབ་ཀྱི་འགོག་བདེན་དེ་གཉིས་ཀྱི་ཆོས་མིན་ཡང་། དེ་གཉིས་ཀྱི་ཐོབ་པ་དེ་གཉིས་ཀྱི་ཆོས་སུ་འཇོག །བརྟགས་འགོག་དེ་སོ་སྐྱེའི་ཐོབ་པ་དང་། བརྟགས་མིན་གྱི་འགོག་པའི་ཐོབ་པ་དང་། ཟག་བཅས་ཀྱི་ཐོབ་པ་གསུམ་པོ་གང་རུང་མིན་པའི་ཆོས་སུ་འཇོག །འཐོབ་བྱའི་ཆོས་སྤང་བྱ་མིན་པ་ལ་དེའི་ཐོབ་པ་སྤང་བྱ་ཡིན་མིན་གཉིས་ཡོད་དེ། བརྟགས་མིན་གྱི་འགོགས་པ་དང་། འཕགས་པའི་སོ་སོར་བརྟགས་འགོག་ལྟ་བུའོ། །གཉིས་པ་དམིགས་བསལ་ནི། །ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེས། །མངོན་ཤེས་སྤྲུལ་པ་མ་གཏོགས་པ། །བསྒྲིབས་པའི་གཟུགས་ཀྱིའང་འདོད་པ་ན། །གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་པ་སྟེ། དུས་གསུམ་ཞེས་པའི་དམིགས་བསལ་འཆད་པ་ནི། མ་བསྒྲིབས་ལུང་མ་བསྟན་ལ་ཐོབ་པ་ལྷན་སྐྱེས་ཡོད་ཀྱི་སྔར་སྐྱེས་དང་ཕྱིས་སྐྱེས་མེད། དེའི་ཡང་དམིགས་བསལ་ནི། མངོན་ཤེས་ལུང་མ་བསྟན་དང་སྤྲུལ་སེམས་ལུང་མ་བསྟན་ལ་སྔར་སྐྱེས་དང་ཕྱིས་སྐྱེས་ཡོད་སྲིད། བསྒྲིབས་པའི་རིག་བྱེད་ཀྱི་གཟུགས་ཀྱིའང་ཐོབ་པ་ལྷན་སྐྱེས་ཁོ་ན་ཡིན་གྱི་སྔ་ཕྱི་སྐྱེས་མེད། འདོད་པ་ན་སྤྱོད་པའི་གཟུགས་ཅན་གྱི་དགེ་མི་དགེའི་ཐོབ་པ་སྔར་སྐྱེས་མེད་ཅིང་ཕྱིས་སྐྱེས་དང་ད་ལྟར་སྐྱེས་གཉིས་ཡོད་དོ། །གཉིས་པ་མ་ཐོབ་པའི་ཁྱད་ཆོས་ལ། སྤྱིར་བསྟན་དང་། གཏོང་ཚུལ་གཉིས། དང་པོ་ནི། མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །འདས་མ་སྐྱེས་ཀྱི་དེ་རྣམ་གསུམ། །འདོད་སོགས་གཏོགས་དང་དྲི་མེད་ཀྱིའང་། །ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ། །ཞེས་པ་སྟེ། དགེ་ལ་སོགས་ཀྱི་དགེ་ལ་སོགས། །ཞེས་པའི་ལོག་ཕྱོགས་འཆད་པ་ནི། འཐོབ་བྱའི་ཆོས་དགེ་མི་དགེ་ལུང་མ་བསྟན་གང་ཡིན་ཡང་། དེའི་མ་ཐོབ་པ་མ་བསྒྲིབས་ལུང་མ་བསྟན་དུ་ངེས། དུས་གསུམ་ཞེས་པའི་ལོག་ཕྱོགས་ནི་འཐོབ་བྱའི་ཆོས་ལ་དུས་གསུམ་ཡོད་དེ། དཔེར་མཚོན་ན་ཁ་སང་གི་དགེ་སློང་གི་སྡོམ་པ་དེ་རིང་ལ་ལྟོས་ཏེ་འཐོབ་བྱའི་ཆོས་འདས་པ་ཡིན་དེ་ལ་མ་ཐོབ་པ་དུས་གསུམ་སྟེ། སྔོན་ཐོག་མེད་ནས་ཁ་སང་གི་སྡོམ་པ་ལྡན་པ་ལ་གེགས་བྱེད་ཀྱི་རྫས་ཤིག་ལ། ཁ་སང་སྡོམ་པའི་མ་ཐོབ་པ་སྔར་སྐྱེས། སྡོམ་པ་དེ་སང་ཉིན་ཕན་ཆད་དུ་ལྡན་པ་ལ་གེགས་བྱེད་པའི་རྫས་ཤིག་ལ་དེའི་མ་ཐོབ་པ་ཕྱིས་སྐྱེས། སྡོམ་པ་དེ་དེ་རིང་ལྡན་པ་ལ་གེགས་བྱེད་པའི་རྫས་ཤིག་ལ་དེའི་མ་ཐོབ་པ་ད་ལྟར་བར་འཇོག །དེས་མ་སྐྱེས་པ་སྟེ་མ་འོངས་པ་ལའང་མ་ཐོབ་པ་དུས་གསུམ་ཡོད་པ་མཚོན། འཐོབ་བྱའི་ཆོས་ད་ལྟར་བ་ལ་མ་ཐོབ་པ་སྔར་སྐྱེས་དང་ཕྱིས་སྐྱེས་ཡོད་ཀྱི་ད་ལྟར་སྐྱེས་མེད་དེ། ཁོ་རང་དུས་སུ་ཐོབ་པའི་ཕྱིར། འཐོབ་བྱའི་ཆོས་ཁམས་གསུམ་གང་རུང་དུ་གཏོགས་པ་ལ་དེ་མ་ཐོབ་པ་ཁམས་གསུམ་ཅི་རིགས་སུ་གཏོགས་པ་ཡོད་དེ། རྟེན་གྱི་གང་ཟག་གང་དུ་སྐྱེས་པའི་ས་དེར་གཏོགས་པའི་ཕྱིར། དྲི་མེད་ལམ་བདེན་གྱི་མ་ཐོབ་པའང་ཁམས་གསུམ་ཅི་རིས་སུ་གཏོགས་སོ། །ལམ་བདེན་གྱི་མ་ཐོབ་པ་དྲི་མེད་མིན་ཏེ། དེ་སོ་སྐྱེའི་རྒྱུད་ལ་ཡོད་པའི་ཟག་བཅས་ཡིན་པའི་ཕྱིར་ཏེ། འཕགས་ལམ་མ་ཐོབ་པའི་རྒྱུད་ལ་ཡོད་པའི་དེ་ཡིན་པའི་ཕྱིར། ཁྱབ་སྟེ། འཕགས་ལམ་མ་ཐོབ་པའི་གང་ཟག་སོ་སོ་སྐྱེ་བོར་འདོད་པའི་ཕྱིར་རོ། །གཉིས་པ་གཏོང་ཚུལ་ནི། དེ་ཐོབ་དང་། །ས་འཕོས་ནས་ནི་རྣམ་ཉམས་འགྱུར། །ཞེས་པ་སྟེ། མ་ཐོབ་པ་དེ་རྒྱུ་གང་གིས་གཏོང་ན། རྟོགས་པའི་མ་ཐོབ་པ་རྟོགས་པ་དེ་ཐོབ་པ་དང་སའི་མ་ཐོབ་པ་ས་འཕོས་ནས་ཉམས་པར་འགྱུར་ཏེ། ཚོགས་ལམ་པའི་རྒྱུད་ལ་སྦྱོར་ལམ་པའི་མ་ཐོབ་པ་ཡོད་པ་དེ། སྦྱོར་ལམ་དེ་ཐོབ་པ་དང་། བསམ་གཏན་དང་པོའི་རྒྱུད་ལ་གཉིས་པའི་མ་ཐོབ་པ་ཡོད་པ། གཉིས་པར་ས་འཕོས་པའི་ཚེ་གཏོང་བའི་ཕྱིར་རོ། །འོ་ན་དད་ལྡན་གྱི་རྒྱུད་ལ། དད་པའི་ཐོབ་པ་ལྡན་པར་བྱེད་པའི་ཐོབ་པ་ཡོད་དམ་མེད། ཡོད་ན་དེ་ཐུག་མེད་དུ་འགྱུར། མེད་ན་དད་པའི་ཐོབ་པ་དོན་མེད་དོ་ཞེ་ན། རང་དུས་ལ་ལྟོས་ན་ཐུག་མེད་དུ་མི་འགྱུར་ཡང་། ཕྱི་མཐའ་ལ་ལྟོས་ན་ཐུག་མེད་དུ་འགྱུར་བ་ཡོད་དེ། དད་ལྡན་གྱི་རྒྱུད་ལ་དད་པ་དང་། དེ་ལྡན་བྱེད་ཀྱི་ཐོབ་པ་དང་། དེ་ལྡན་བྱེད་ཀྱི་ཐོབ་པའི་ཐོབ་པ་གསུམ་ཡོད་དེ་ལས་གཞན་པ་མེད། དེའི་སྐད་ཅིག་གཉིས་པ་ན་ཆོས་གསུམ་པོ་དེ་ལྡན་བྱེད་ཀྱི་ཐོབ་པ་གསུམ་དང་། ཐོབ་པའི་ཐོབ་པ་གསུམ་སྟེ་དྲུག་ཡོད། སྐད་ཅིག་གསུམ་པ་ན་སྐད་ཅིག་གཉིས་པའི་སྐབས་ཀྱི་དྲུག །དང་པོའི་སྐབས་ཀྱི་གསུམ་སྟེ་དགུ་དང་། ཐོབ་པའི་ཐོབ་པ་དགུ་སྟེ་བཅོ་བརྒྱད་ཡོད། དེ་བཞིན་དུ་སྐད་ཅིག་ཕྱི་མ་ཕྱི་མ་ལ་སྦྱར་ཏེ་བཤད་པས་ཐོབ་པའི་ཕྱི་མཐའ་ཐུག་མེད་དུ་འགྲུབ་པས་སོ། །ཇི་སྐད་དུ་འགྲེལ་པར། ཅི་མ་ཐོབ་པ་དང་ཐོབ་པ་དག་གི་ཡང་སོགས་ནས་རྗེས་ཀྱི་ཐོབ་པ་དང་བཅས་པས་བཅོ་བརྒྱད་དུ་འགྱུར་རོ་ཞེས་པའི་བར་གསུངས་སོ། །གཉིས་པ་ནི། སྐལ་མཉམ་སེམས་ཅན་འདྲ་བའོ། །ཞེས་པ་སྟེ། སྐལ་མཉམ་ཞེས་པའི་རྫས་ནི་སེམས་ཅན་རྣམས་ཀྱི་འདྲ་བ་སྟེ་རིས་མཐུན་པ་ཞེས་ཀྱང་བྱའོ། །

གཉིས་པ་འདུ་ཤེས་མེད་པ་སོགས་གསུམ་ལ་གསུམ་ནི། འདུ་ཤེས་མེད་པ་པ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའོ་རྣམ་སྨིན་དེ་འབྲས་ཆེ། །དེ་བཞིན་འདུ་ཤེས་མེད་སྙོམས་འཇུག །བསམ་གཏན་ཐ་མར་འབྱུང་འདོད་པས། །དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། །འཕགས་པའི་མ་ཡིན་དུས་གཅིག་ཐོབ། །འགོག་པ་ཞེས་པའང་དེ་བཞིན་ཉིད། །འདི་གནས་དོན་དུ་སྲིད་རྩེ་སྐྱེས། །དགེ་བའོ་གཉིས་སུ་མྱོང་འགྱུར་དང་། །མ་ངེས་འཕགས་པའི་སྦྱོར་བས་འཐོབ། །ཐུབ་པའི་བྱང་ཆུབ་ཀྱིས་འཐོབ་བྱ། །དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོ་མིའི་ནང་དུ། །ཞེས་པ་སྟེ། དེ་ལ་གསུམ་ལས་དང་པོ་འདུ་ཤེས་མེད་པ་ནི། འདུ་ཤེས་མེད་པར་སྐྱེས་པའི་གང་ཟག་གིས་དེར་སེམས་སེམས་བྱུང་མ་ལུས་པ་འགོག་པའོ། །དེ་ཡང་འདུ་ཤེས་མེད་པའི་སྙོམས་འཇུག་གི་རྣམ་སྨིན་གྱི་འབྲས་བུ་ལུང་མ་བསྟན་ཡིན། དེའི་གནས་ནི་འབྲས་བུ་ཆེ་བ་དང་གྲོང་དང་དགོན་པའི་ཚུལ་དུ་ཡོད། གཉིས་པ་དེའི་སྙོམས་འཇུག་ནི་འདུ་ཤེས་མེད་པ་དེས་སེམས་སེམས་བྱུང་མ་ལུས་པ་འགོག་པ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་འཇུག་གིས་ཀྱང་དེ་འགོག་པར་བྱེད། རྒྱུ་ནི་བཞི་པའི་རབ་ཐ་ལ་བརྟེན་ནས་ངེས་པར་འབྱུང་བའི་ཚུལ་དུ་སྐྱེ་བར་འདོད། ངོ་བོ་དགེ་བ། དེ་ཡང་སྐྱེས་ནས་མྱོང་འགྱུར་གྱི་ཚུལ་དུ་སྐྱེ་བར་འདོད། རྟེན་གྱི་གང་ཟག་འཕགས་པའི་མིན་གྱི་སོ་སྐྱེ་ཁོ་ནའི་རྒྱུད་ལ་སྐྱེ་བར་འདོད། ཐོབ་པ་དུས་གཅིག་ཁོ་ན་ཡིན་གྱི་སྔར་སྐྱེས་ཕྱིས་སྐྱེས་གཉིས་ཀ་མེད། གསུམ་པ་འགོག་པའི་སྙོམས་འཇུག་ཅེས་པའང་འདུ་ཤེས་མེད་པའི་སྙོམས་འཇུག་དེ་བཞིན་དུ་སེམས་སེམས་བྱུང་མ་ལུས་པ་འགོག་པ་ཉིད་དོ། །འདི་ནི་ཟག་བཅས་ཀྱི་ཚོར་འདུ་ཉེར་ཞི་ལ་གནས་པའི་དོན་དུ་ཡིན། དངོས་ཀྱི་སེམས་རྟེན་སྲིད་རྩེའི་སྙོམས་འཇུག་ལ་བརྟེན་ནས་སྐྱེ་ཞིང་། དེའི་སས་བསྡུས་ཀྱི་ཟག་བཅས་ཡིན། ངོ་བོ་དགེ་བའོ། །འགོག་སྙོམས་བསྒོམས་པ་ལས་སྲིད་རྩེར་སྐྱེས་ཤིང་སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གཉིས་ཀྱིས་སྲིད་རྩེར་སྐྱེ་བའི་ལས་ཅན་ཡིན་ཞིང་། དེར་སྐྱེ་བར་ནི་མ་ངེས་སོ། །རྟེན་གྱི་གང་ཟག་ཐེག་ཆེན་འཕགས་པའི་སྦྱོར་བ་དང་བཅས་པས་ཐོབ། ཐུབ་པ་སངས་རྒྱས་ཀྱིས་བླ་ན་མེད་པའི་བྱང་ཆུབ་བརྙེས་པའི་ཚུལ་གྱིས་འཐོབ་བྱ་ཡིན། དང་པོ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་མིན་ཏེ། བྱང་སེམས་སོ་འཕགས་གཉིས་ཀའི་རྒྱུད་ལ་མེད་པའི་ཕྱིར། བྱང་འཕགས་ཀྱི་རྒྱུད་ལ་བདེན་པ་མངོན་རྟོགས་བཅུ་དྲུག །སྲིད་ཉོན་སྤོང་བྱེད་ཀྱི་བར་ཆད་མེད་ལམ་དགུ། དེ་ལས་གྲོལ་བའི་རྣམ་གྲོལ་ལམ་དགུ་སྟེ་སྐད་ཅིག་མ་སུམ་ཅུ་རྩ་བཞི་བར་མ་ཆད་དུ་ཐོབ་ཅིང་འགོག་སྙོམས་དེ་སེམས་སེམས་བྱུང་མ་ལུས་པ་འགགས་པའི་སྙོམས་འཇུག་ཡིན་པའི་ཕྱིར། འདུ་ཤེས་མེད་པའི་དང་འགོག་པའི་སྙོམས་འཇུག་གཉིས་ཀ་འདོད་གཟུགས་ཀྱི་རྟེན་ལ་སྐྱེ་བ་ཡོད་ཅིང་། འགོག་པའི་སྙོམས་འཇུག་ནི་དང་པོར་ཐོབ་པ་འདོད་པ་མིའི་ནང་དུ་ཡིན་ཞིང་། ཐོབ་ཟིན་གནས་པ་གཉིས་ཀའི་རྟེན་ལ་ཡོད་པའོ། །

གསུམ་པ་སྲོག་སོགས་གསུམ་བཤད་པ་ལ། དང་པོ་ནི། སྲོག་དང་། མཚན་ཉིད་བཤད་པའོ། །དང་པོ་ནི། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་པ་སྟེ། ཕུང་པོའི་རིགས་འདྲ་གནས་པའི་རྟེན་བྱེད་པའི་ཚེ་ལ་འཇོག་པ་ཡིན། བྱེད་ལས་ནི། འདོད་གཟུགས་གཉིས་སུ་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད། གཟུགས་མེད་དུ་རྣམ་ཤེས་ཀྱི་རྟེན་བྱེད་པའོ། །གཉིས་པ་ནི། མཚན་ཉིད་དག་ནི་སྐྱེ་བ་དང་། །དགའ་དང་གནས་དང་མི་རྟག་ཉིད། །དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བ་བསྐྱེད་བྱ་སྐྱེད་བྱེད་མིན། །ཞེས་པ་སྟེ། འདུས་བྱས་ཡིན་ན་རང་གི་མཚན་ཉིད་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་ཉིད་དེེ་བཞིས་མཚོན་དགོས་ཏེ། དེ་བཞི་དང་ལྡན་པས་ཁྱབ་པའི་ཕྱིར། འོ་ན་བུམ་པའི་སྐྱེ་བ་ལ་སྐྱེ་བ་ཡོད་དམ་མེད། མེད་ན་འདུས་བྱས་མིན་པར་འགྱུར་ཞིང་། ཡོད་ན་སྐྱེ་བ་ཐུག་མེད་དུ་འགྱུར་རོ་ཞེ་ན་སྐྱོན་མེད་དེ་བུམ་པ་ལྟ་བུ་གཅིག་སྐྱེ་བ་ན། ཆོས་དགུ་ཅིག་ཅར་དུ་སྐྱེ་སྟེ། བུམ་པ་དེའི་སྐྱེ་བ། རྒ་བ། གནས་པ། མི་རྟག་པ། སྐྱེ་བའི་སྐྱེ་བ། རྒ་བའི་རྒ་བ། གནས་པའི་གནས་པ། མི་རྟག་པའི་མི་རྟག་པ་སྟེ་དགུ་ཅིག་ཅར་དུ་སྐྱེ་བས་སོ། །བུམ་པའི་སྐྱེ་བ་དེས་བུམ་པ་བསྐྱེད་པའི་ཚེ་ཆོས་བརྒྱད་ཅིག་ཅར་དུ་བསྐྱེད་དེ། ཁོ་རང་མ་གཏོགས་པ་བརྒྱད་སྐྱེད་པའི་ཕྱིར། བུམ་པའི་སྐྱེ་བའི་སྐྱེ་བ་དེ་བུམ་པའི་སྐྱེ་བ་གཅིག་བུ་བསྐྱེད་པ་ལ་འཇུག །དེ་བཞིན་དུ་གནས་པས་ཀྱང་བདག་ཉིད་མ་གཏོགས་པ་ཆོས་གཞན་བརྒྱད་གནས་པར་བྱེད་ལ། གནས་པ་ནི། རྩ་བའི་གནས་པ་དེ་ཁོ་ན་གནས་པར་བྱེད་དོ། །དེ་བཞིན་དུ་རྒས་པ་དང་། མི་རྟག་པ་ལའང་སྦྱར་རོ། །འོ་ན་སྐྱེ་བ་ཁོ་ནས་ཆོས་བརྒྱད་སྐྱེད་པར་བྱེད་ན། མ་འོངས་པ་ཐམས་ཅད་ཅིག་ཅར་དུ་བསྐྱེད་པར་འགྱུར་རོ་ཞེ་ན་མིན་ཏེ། རྒྱུ་རྐྱེན་གྱི་ཚོགས་པ་མེད་པར་ནི། སྐྱེ་བ་ཁོ་ནས་བསྐྱེད་བྱ་དེ་སྐྱེད་པར་བྱེད་པ་མིན་པའི་ཕྱིར་རོ། །

བཞི་པ་མིང་སོགས་གསུམ་བཤད་པ་ནི། མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། །འདོད་དང་གཟུགས་གཏོགས་སེམས་ཅན་སྟོན། །རྒྱུ་མཐུན་ལུང་བསྟན་མིན། ཞེས་པ་སྟེ། དོན་གྱི་ངོ་བོ་ཙམ་སྟོན་པར་བྱེད་པའི་མཉན་བྱ་ལ་མིང་དུ་འཇོག །དཔེ་ནི། གཟུགས་ཞེས་པ་ལྟ་བུ། དེ་དུ་མ་ཚོགས་པ་ནི་མིང་གི་ཚོགས་ཏེ། དཔེར་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཞེས་པ་ལྟ་བུ། སོགས་ཁོངས། དོན་གྱི་ངོ་བོ་ཁྱད་པར་དང་བཅས་སྟོན་པའི་མཉན་བྱ་ལ་ངག་ཏུ་འཇོག །དཔེ་ནི་འདུས་བྱས་མི་རྟག་ཅེས་པ་ལྟ་བུ། དེ་དུ་མ་ཚོགས་པ་ནི་ཚིག་གི་ཚོགས། དེ་གཉིས་ཀའི་གསལ་བྱེད་དུ་གྱུར་པའི་སྐད་གདངས་ཀྱི་ངོ་བོ་ལ་ཡི་གེར་འཇོག །དཔེ་ནི་ཨ་ཞེས་པ་ལྟ་བུ། དེ་དུ་མ་ཚོགས་པ་ཡི་གེའི་ཚོགས་སུ་འཇོག །དེས་ན་མིང་ཚིག་ཡི་གེ་གསུམ་གཟུགས་ཕུང་དང་། ཚོགས་གསུམ་འདུ་བྱེད་ཀྱི་ཕུང་པོར་འདོད་དོ། །ཚོགས་གསུམ་པོ་འདོད་གཟུགས་སུ་གཏོགས་ཀྱི་གཟུགས་མེད་ན་མེད། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པས་སེམས་ཅན་དུ་སྟོན་པ། བྱུང་བ་གསུམ་གྱི་ནང་ནས་རྒྱུ་མཐུན་ཁོ་ན་ལས་བྱུང་བ། ངོ་བོ་མ་བསྒྲིབས་ལུང་མ་བསྟན་ནོ། །

གསུམ་པ་ཆོས་གཞན་གྱི་ཁྱད་པར་བསྟན་པའི་སྒོ་ནས་དོན་བསྡུ་བ་ནི། དེ་བཞིན། །སྐལ་མཉམ་རྣམ་པར་སྨིན་པའང་ཡིན། །ཁམས་གསུམ་པ་སྟེ་ཐོབ་རྣམ་གཉིས། །མཚན་ཉིད་རྣམས་ཀྱང་སྙོམས་འཇུག་དང་། །མི་ལྡན་པ་དག་རྒྱུ་མཐུན་པ། །ཞེས་པ་སྟེ། བཤད་མ་ཐག་པ་དེ་བཞིན་དུ་སྐལ་མཉམ་དེ་སེམས་ཅན་དུ་སྟོན་པ་དང་རྒྱུ་མཐུན་གྱི་རྒྱུ་ལས་བྱུང་བ་དང་། མ་བསྒྲིབས་ལུང་མ་བསྟན་ཏེ་ཁྱད་ཆོས་གསུམ་ལྡན་ནོ། །འོ་ན་རྒྱུ་མཐུན་གྱི་རྒྱུ་ལས་བྱུང་བ་ཁོ་ན་ཡིན་ནམ་ཞེ་ན། རྣམ་སྨིན་གྱི་རྒྱུ་ལས་བྱུང་བ་ཡིན། སས་བསྡུས་ཚུལ་ཁམས་གསུམ་ཆར་དུ་གཏོགས་པ་ཡོད། ཐོབ་པའང་རྒྱུ་མཐུན་དང་། རྣམ་སྨིན་གྱི་རྒྱུ་སྟེ་གཉིས་ལས་བྱུང་བ་ཡིན། མཚན་ཉིད་རྣམས་ཀྱང་རྒྱུ་དེ་གཉིས་དང་ལྡན། གོང་དུ་བཤད་པའི་སྙོམས་འཇུག་གཉིས་དང་མི་ལྡན་པའི་འདུ་བྱེད་དག་རྒྱུ་མཐུན་པ་ལས་བྱུང་བ་ཁོ་ནའོ། །

གསུམ་པ་རྒྱུ་རྐྱེན་འབྲས་བུའི་རྣམ་བཞག་ལ། རྒྱུ་འབྲས་སྤྱིར་བསྟན་དང་། རྐྱེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རྒྱུ། འབྲས་བུ། དེ་གཉིས་ཐུན་མོང་གི་ཆོས་བཤད་པ་དང་གསུམ། དང་པོ་ལ། དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། དུས་ཀྱི་སྒོ་ནས་དོན་བསྡུ་བ་དང་གསུམ། དང་པོ་ནི། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་པ་སྟེ། རྣམ་པ་དྲུག་སྟེ་བྱེད་རྒྱུ་ནས་རྣམ་སྨིན་གྱི་རྒྱུའི་བར་དུའོ། །བསྡུ་ན་བྱེད་རྒྱུ་གཅིག་པུར་འདུས་ཏེ། དེ་ནུས་ལྡན་དང་། ནུས་མེད་གཉིས་སུ་འདུས་པའི་ཕྱིར། ལྷག་མ་ལྔ་ཡང་གཉིས་སུ་འདུས་ཏེ། མཉམ་པ་དང་མི་མཉམ་པ་གཉིས་ལས། སྤྱིར་མཉམ་པའི་དབང་དུ་བྱས་ནས་ལྷན་ཅིག་འབྱུང་རྒྱུ། བྱེ་བྲག་ཤེས་པར་མཉམ་པའི་ཆ་ནས་མཚུངས་ལྡན་གྱི་རྒྱུ་བཤད། གཉིས་པ་ལ་རིགས་འདྲ་མི་འདྲ་གཉིས་ལས། དང་པོ་ལ། སྤྱིར་འདྲ་བའི་དབང་དུ་བྱས་ནས་སྐལ་མཉམ་གྱི་རྒྱུ། བྱེ་བྲག་ཉོན་མོངས་ཅན་དུ་འདྲ་བའི་ཆ་ནས་ཀུན་འགྲོའི་རྒྱུ། རིགས་མི་འདྲ་བའི་དབང་དུ་བྱས་ནས་རྣམ་སྨིན་གྱི་རྒྱུ་བཞག་པའི་ཕྱིར་རོ། །གཉིས་པ་ལ་དྲུག་ལས། དང་པོ་བྱེད་རྒྱུ་ནི། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་པ་སྟེ། རང་སྐྱེ་བ་ལ་གེགས་མི་བྱེད་ཅིང་རང་ལས་དོན་གཞན་པའི་ཆོས་ཤིག་བྱེད་རྒྱུར་འཇོག །དེ་ཡང་ནུས་ལྡན་དང་ནུས་མེད་གཉིས་ཡོད་ཅིང་། དེ་ཡང་རང་ཕན་འདོགས་དང་ཕན་གནོད་མེད་པ་དང་། གནོད་བྱེད་དེ་གསུམ་ལས། དང་པོའི་དབང་དུ་ནུས་ལྡན། གཉིས་པའི་དབང་དུ་ནུས་མེད་བཞག་ལ། ཕྱི་མ་བྱེད་རྒྱུར་མི་འཇོག་སྟེ། དཔེར་ན་བུམ་པ་འཇིག་པའི་ཐོ་བ་སོགས་དེའི་བྱེད་རྒྱུ་མིན་པ་བཞིན་ནོ། །གཉིས་པ་ལྷན་ཅིག་འབྱུང་རྒྱུ་ལ། ངོ་བོ། མཚན་གཞི། སེམས་ཀྱི་རྗེས་འཇུག་ངོས་བཟུང་བ། རྗེས་སུ་འཇུག་ཚུལ་དང་བཞི། དང་པོ་ནི། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་པ་སྟེ། ཕན་ཚུན་རྒྱུ་འབྲས་སུ་གྱུར་པའི་རྒྱུ་ཞིག་ལ་འཇོག་པའོ། །གཉིས་པ་ནི། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །ཞེས་པ་སྟེ། ཚོགས་པ་གཅིག་ན་གནས་པའི་འབྱུང་བཞི་བཞིན་དང་། སེམས་ཀྱི་རྗེས་འཇུག་རྣམས་དང་སེམས་བཞིན་དང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་དང་། མཚན་གཞི་འདུས་བྱས་ཕན་ཚུན་རྒྱུ་འབྲས་ཡིན་པ་བཞིན་ནོ། །གསུམ་པ་ནི། སེམས་ལས་བྱུང་དང་སྡོམ་གཉིས་དང་། །སེམས་དང་དེ་དག་གི་མཚན་ཉིད། །ཅེས་པ་སྟེ། སེམས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་དང་། དེ་ལ་བརྟེན་པའི་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གཉིས་དང་། སེམས་དེ་དག་གི་མཚན་ཉིད་སྐྱེ་སོགས་རྣམས་སོ། །བཞི་པ་ནི། སེམས་ཀྱི་རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པས་སོ། །ཞེས་པ་སྟེ། སེམས་དང་དེའི་རྗེས་འཇུག་གཉིས་དུས་གཅིག་པ་ཡིན་ཏེ། སེམས་འདས་པས་དེའི་རྗེས་འཇུག་འདས་པའི་ལྷན་ཅིག་འབྱུང་རྒྱུ་བྱེད། སེམས་ཀྱི་རྗེས་འཇུག་འདས་པ་རྣམས་ཀྱིས་སེམས་འདས་པའི་ལྷན་ཅིག་འབྱུང་རྒྱུ་བྱེད། ད་ལྟ་བ་དང་མ་འོངས་པ་ལའང་དེའི་ཕྱིར་སེམས་ཀྱི་འབྲས་བུ་དེ་དེའི་རྗེས་འཇུག་རྣམས་ཀྱི་ཡང་འབྲས་བུར་ལྡན་པས་འབྲས་བུ་གཅིག་པ་དང་། སེམས་དགེ་བས་སེམས་དགེ་བ་བསྐྱེད་པ་དང་། སེམས་བྱུང་མི་དགེ་བས་སེམས་མི་དགེ་བ་བསྐྱེད་པ་སོགས་རིགས་གཅིག་གོ །མཐའ་གཅིག་ཏུ་མ་ངེས་ཏེ་སེམས་དགེ་མི་དགེའི་རང་གི་མཚན་ཉིད་སྐྱེ་སོགས་ལུང་མ་བསྟན་བསྐྱེད་པ་ཡོད་པའི་ཕྱིར་རོ། །གསུམ་པ་སྐལ་མཉམ་གྱི་རྒྱུ་ལ། ངོ་བོ་སྤྱིར་བསྟན་པ་དང་། ནང་མཚན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་པ་སྟེ། འབྲས་བུ་རང་དང་འདྲ་བར་སྐྱེད་པའི་རྒྱུ་གཅིག་ལ་དེའི་རྒྱུར་འཇོག་པའོ། །གཉིས་པ་ལ། ཉོན་མོངས་ཅན་གྱི་དང་། དེ་མིན་པའི་སྐལ་མཉམ་གྱི་རྒྱུ་གཉིས། དང་པོ་ནི། རང་རིས་ས་པའོ་སྔར་སྐྱེས་རྣམས། །ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་པ་སྟེ། ཁྱད་ཆོས་གསུམ་སྟེ། རང་དང་སྤང་བྱ་རིས་གཅིག་པ། ས་གཅིག་པ། འབྲས་བུའི་སྔར་སྐྱེས་ཡིན་པ་རྣམས་སོ། །དེ་ཡང་སྤང་བྱ་རིགས་ལྔ་ལས་སྡུག་བསྔལ་མཐོང་སྤང་གིས་དེའི་སྐད་ཅིག་ཕྱི་མའི་རྒྱུ་བྱེད་ཀྱི་གཞན་གྱི་མི་བྱེད་པ་ནས། སྒོམ་སྤང་སྐད་ཅིག་སྔ་མས་དེ་སྐད་ཅིག་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་ཀྱི་གཞན་གྱི་མི་བྱེད་པ་དང་། ས་དགུ་ལས་འདོད་ཉོན་གྱིས་འདོད་ཉོན་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་གཞན་མི་བྱེད་པ་ནས། སྲིད་ཉོན་གྱིས་སྲིད་ཉོན་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་ཀྱི་གཞན་གྱི་མི་བྱེད་པ་དང་། འབྲས་བུའི་སྔ་རོལ་དུ་སྐྱེས་པ་གཅིག་དགོས་ཀྱི་འབྲས་བུ་དང་དུས་མཉམ་དང་ཕྱིས་བྱུང་བས། འབྲས་བུ་དེའི་སྐལ་མཉམ་གྱི་རྒྱུ་མི་བྱེད་དོ། །ཟག་མེད་ས་དགུ་ལ་བརྟེན་པའི་ལམ་ནི་ཕན་ཚུན་མཉམ་པས་མཉམ་པ་དང་། མཉམ་པ་ཁྱད་པར་ཅན་གྱི་རྒྱུ་བྱེད་པ་གཉིས་ཡིན། དང་པོ་ནི། སྡུག་བསྔལ་ཆོས་བཟོད་སྐད་ཅིག་དང་པོས་དེ་སྐད་ཅིག་གཉིས་པའི་སྐལ་མཉམ་གྱི་རྒྱུ་བྱེད་པ་ལྟ་བུའོ། །གཉིས་པ་ནི། སྡུག་བསྔལ་ཆོས་བཟོད་ཀྱིས་སྡུག་བསྔལ་ཆོས་ཤེས་ནས་ཟད་མི་སྐྱེ་ཤེས་པའི་བར་གྱི་རྒྱུ་བྱེད་པ་ལྟ་བུ། གཉིས་པ་ནི། སྦྱོར་བྱུང་དེ་ཉིད་ཁོ་ནའི་ཡིན། །ཐོས་དང་བསམ་བྱུང་ལ་སོགས་པ། །ཞེས་པ་སྟེ། སྦྱོར་བྱུང་འཇིག་རྟེན་པའི་ལམ་ལ་ཡང་། མཉམ་པས་མཉམ་པ་དང་། ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་བྱེད་པ་དེ་གཉིས་ཁོ་ན་ཡིན་ཏེ། དཔེར་ན་ཐོས་བསམ་ལས་བྱུང་བ་དང་། སོགས་ཁོངས་ནས་སྒོམ་བྱུང་རྣམས་མཉམ་པ་དང་། ཁྱད་པར་ཅན་ཁོ་ནའི་རྒྱུ་ཡིན་གྱི་དམན་པའི་མིན་པ་བཞིན་ནོ། །བཞི་པ་མཚུངས་ལྡན་གྱི་རྒྱུ་ནི། མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་པ་སྟེ། ཐུན་མོང་མ་ཡིན་པའི་བདག་རྐྱེན་གཅིག་ལ་བརྟེན་པར་མཚུངས་པ་ཅན་གྱི་སེམས་སེམས་བྱུང་གཉིས་ནི། ཕན་ཚུན་མཚུངས་ལྡན་གྱི་རྒྱུའོ། །ལྔ་པ་ཀུན་འགྲོའི་རྒྱུ་ནི། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། །ཞེས་པ་སྟེ། འབྲས་བུ་དང་རང་འདྲ་བར་བསྐྱེད་པའི་རྒྱུ་གཅིག་ལ་ཀུན་འགྲོའི་རྒྱུར་འཇོག །དེ་ཡང་རང་དང་ས་གཅིག་པ་དང་། འབྲས་བུའི་སྔར་བྱུང་བ་གཅིག་དགོས་ཀྱི་རང་དང་སྤང་བྱ་རིགས་གཅིག་པ་མི་དགོས་ཏེ། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་གིས་སྒོམ་སྤང་འདོད་ཉོན་གྱི་ཀུན་འགྲོའི་རྒྱུ་བྱེད་པ་ཡོད་པའི་ཕྱིར་རོ། །དྲུག་པ་རྣམ་སྨིན་གྱི་རྒྱུ་ནི། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་པ་སྟེ། མི་དགེ་བ་དང་དགེ་བ་ཟག་བཅས་གཉིས་རྣམས་ཁོ་ནའོ། །གསུམ་པ་དོན་བསྡུ་བ་ནི། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ། །གསུམ་པོ་དག་ནི་དུས་གསུམ་པ། །ཞེས་པ་སྟེ། ཀུན་འགྲོ་སྐལ་མཉམ་གྱི་རྒྱུ་ནི་འདས་ད་ལྟ་བ་སྟེ་འདས་པས་ད་ལྟར་བ་དང་། ད་ལྟར་བས་མ་འོངས་པའི་རྒྱུ་བྱེད་པའི་ཕྱིར། ལྷན་ཅིག་འབྱུང་བ་མཚུངས་ལྡན་རྣམ་སྨིན་གསུམ་པོ་ནི་དུས་གསུམ་པ་སྟེ་མ་འོངས་པས་མ་འོངས་པ་བསྐྱེད་པའང་ཡོད་པའི་ཕྱིར། འདིར་བྱེད་རྒྱུ་མ་བཤད་དེ། བྱེད་རྒྱུའི་རྒྱུ་ནི་དུས་ངེས་པ་མ་བསྟན་པས་དུས་ཐམས་ཅད་པ་དང་དུས་དང་བྲལ་བར་ཡང་རིག་པར་བྱའོ། །

གཉིས་པ་འབྲས་བུ་ལ། མཚན་གཞི། འབྲས་བུ་གང་རྒྱུ་དུ་ལས་བྱུང་ཚུལ། འབྲས་བུ་སོ་སོའི་ངོ་བོ་དང་གསུམ། དང་པོ་ནི། འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །འདུས་མ་བྱས་ལ་དེ་དག་མེད། །ཅེས་པ་སྟེ། འདུས་བྱས་བྲལ་བ་འགོག་པ་དང་བཅས་པ་འབྲས་བུ་ཡིན་ཏེ། བསྟན་བཅོས་ལས། འབྲས་བུའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དང་། སོ་སོར་བརྟགས་པས་འགོག་པ་ཞེས་འབྱུང་བས་སོ། །འོ་ན་འགོག་བདེན་གྱི་རྒྱུ་ཡོད་པར་འགྱུར་རོ་ཞེ་ན། འདུས་མ་བྱས་ལ་རྒྱུ་དྲུག་པོ་དེ་དག་མེད་ལ། དེ་ཡང་དང་པོ་མེད་དེ། ཁོ་འབྲས་བུ་སྐྱེ་རུང་དུ་མེད་པའི་ཕྱིར། གཉིས་པ་དང་བཞི་པ་མེད་དེ། ཕན་ཚུན་རྒྱུ་འབྲས་སུ་མེད་པའི་ཕྱིར། གསུམ་པ་དང་ལྔ་པ་མེད་དེ། ཁོའི་རིགས་མཐུན་གྱི་རྒྱུ་མེད་པའི་ཕྱིར། དྲུག་པ་མེད་དེ། ཁོའི་རྒྱུར་གྱུར་པའི་མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་མེད་པའི་ཕྱིར། གཉིས་པ་ནི། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །བདག་པོའི་འབྲས་བུ་དང་པོའི་ཡིན། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །ཞེས་པ་སྟེ། རྣམ་སྨིན་གྱི་འབྲས་བུ་ནི་རྒྱུ་དྲུག་གི་ནང་ནས་ཐ་མ་རྣམ་སྨིན་གྱི་རྒྱུའི་འབྲས་བུ་ཡིན། བདག་འབྲས་ནི་རྒྱུ་དང་པོ་བྱེད་རྒྱུའི་འབྲས་བུ་ཡིན། རྒྱུ་མཐུན་ནི་སྐལ་མཉམ་དང་ཀུན་འགྲོའི་འབྲས་བུ་ཡིན། སྐྱེས་བུ་བྱེད་འབྲས་ནི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱི་འབྲས་བུ་ཡིན། གསུམ་པ་ནི། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །བྲལ་བ་བློ་ཡིས་ཟད་པའོ། །གང་གི་སྟོབས་ཀྱིས་གང་སྐྱེས་པའི། །འབྲས་དེ་སྐྱེས་བུའི་བྱེད་ལས་སྐྱེས། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་པ་སྟེ། རྣམ་སྨིན་གྱི་འབྲས་བུ་ནི་མ་བསྒྲིབས་ལུང་མ་བསྟན་པའི་ཆོས་ཤིག་ལ་བྱེད། །དེ་ཡང་སེམས་གྱི་རྒྱུད་ཀྱིས་བསྡུས་པར་འཇོག་ཅིང་། རྒྱུ་ལུང་དུ་བསྟན་པ་ལས་ཕྱིས་འབྱུང་སྟེ། མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་ལས་ཕྱིས་འབྱུང་བའི་འབྲས་བུ་ཡིན་པའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་ནི། རྒྱུ་དེ་དང་རིགས་འདྲ་བར་སྐྱེས་པའི་འབྲས་བུ་གཅིག་ལ་འཇོག །བྲལ་འབྲས་ནི་བློ་བར་ཆད་མེད་ལམ་གྱིས་རང་གི་སྤང་བྱ་ཟད་པར་སྤངས་པའི་སྟོབས་ཀྱིས་ཐོབ་པའི་འགོག་པའོ། །སྐྱེས་བུའི་བྱེད་འབྲས་ནི་རྒྱུ་གང་སྐྱེས་པའི་སྟོབས་ཀྱིས་འབྲས་བུ་གང་རང་གི་ངང་གིས་སྐྱེས་པའི་འབྲས་བུ་དེའོ། །བརྟགས་འགོག་ལ་ནི་གང་གི་སྟོབས་ཀྱིས་གང་ཐོབ་པའི་ཞེས་སྦྱར་རོ། །འབྲས་བུ་དེ་རྒྱུའི་སྔོན་བྱུང་མ་ཡིན་པར་དུས་མཉམ་པའི་ཕྱིས་འབྱུང་བའི་འདུས་བྱས་ནི། རྒྱུ་འདུས་བྱས་ཁོ་ནའི་བདག་འབྲས་སོ། །དེ་ལྟར་ཡང་རྒྱལ་སྲས་མར། འབྲས་བུ་ལས་རྒྱུ་ཕྱི་བ་ནི་མེད་དོ། །ཞེས་སོ། །

གསུམ་པ་རྒྱུ་འབྲས་གཉིས་ཀའི་ཐུན་མོང་གི་ཆོས་ལ། འབྲས་བུ་འཛིན་པ་དང་འབྱིན་པའི་ཁྱད་པར་དང་། འབྲས་བུ་གང་རྒྱུ་གང་ལས་བྱུང་ཚུལ་ལོ། །དང་པོ་ནི། ལྔ་པོ་ད་ལྟར་འབྲས་བུ་འཛིན། །གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ད་ལྟར་གྱི་དང་འདས་པ་དག །གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་པ་སྟེ། སྤྱིར་རྒྱུས་འབྲས་བུ་བསྐྱེད་པའི་ནུས་པ་ལ་འཛིན་པ་དང་དངོས་སུ་བསྐྱེད་པ་ལ་འབྱིན་པར་འཇོག །དེས་ན་བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་པོ་ད་ལྟར་བའི་འབྲས་བུ་འཛིན་པ་ཡིན་ཏེ། དེ་དག་ལ་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་པའི་ཕྱིར། ལྡན་མཚུངས་ཀྱི་རྒྱུ་གཉིས་ནི་ད་ལྟ་བའི་འབྲས་བུ་རབ་ཏུ་འབྱིན་པར་བྱེད་དེ་འབྲས་བུ་རང་དང་ལྷན་ཅིག་ཏུ་བསྐྱེད་པའི་ཕྱིར། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་གཉིས་ནི་ད་ལྟར་གྱི་འབྲས་བུ་དང་འདས་པའི་འབྲས་བུ་དག་ཁོ་ན་ཡིན་ཏེ། སྐད་ཅིག་གཞན་གྱིས་བར་མ་ཆོད་པར་གཉིས་པ་ལ་འབྲས་བུ་བསྐྱེད་ན་ད་ལྟར་བ་དང་། བར་ཆོད་པས་བསྐྱེད་ན་བདག་འབྲས་འབྱིན་ཞིང་མ་འོངས་འབྲས་འབྱིན་མེད་པའི་ཕྱིར། རྣམ་སྨིན་གྱི་རྒྱུ་ནི་འདས་པ་ཁོ་ནས་འབྲས་བུ་འབྱིན་པར་འགྱུར་ཏེ། ལྷན་ཅིག་གམ་དེ་མ་ཐག་ཏུ་འབྲས་བུ་འབྱིན་པ་མེད་པས་སོ། །གཉིས་པ་ནི། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། །རྣམ་སྨིན་ཀུན་འགྲོ་དེ་གཉིས་དང་། །སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེས། །སེམས་དང་སེམས་ལས་བྱུང་བ་ཡིན། །མཚུངས་ལྡན་མ་གཏོགས་གཞན་དེ་བཞིན། །ཞེས་པ་སྟེ། སྤྱིར་འབྲས་བུ་དེ་ལ་སེམས་སེམས་བྱུང་གིས་བསྡུས་པ་དང་། མ་བསྡུས་པ་གཉིས། དང་པོ་ལ་བཞི་སྟེ། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས་དང་། དེ་གཉིས་ཀྱི་ལྷག་མ་མ་བསྒྲིབས་ལུང་མ་བསྟན་དང་། ཟག་མེད་སྐད་ཅིག་དང་པོའི་ལྷག་མ་དེ་སྐད་ཅིག་གཉིས་པ་མན་ཆད་ཀྱི་དགེ་བ་རྣམས་དང་། ཟག་མེད་སྐད་ཅིག་དང་པོའི་དགེ་བ་སྟེ་བཞིར་ཡོད་པའི་ཕྱིར། དེ་ཡང་གོ་རིམ་བཞིན་ཉོན་མོངས་ཅན་གྱི་འབྲས་བུ་ནི་རྣམ་སྨིན་གྱི་རྒྱུ་མ་གཏོགས་པ་ལྔ་ལས་བྱུང་དེ་ལས་མ་བྱུང་སྟེ་རྣམ་སྨིན་གྱི་འབྲས་བུ་ནི། མ་བསྒྲིབས་ལུང་མ་བསྟན་ཞིག་ལ་བཤད་དེ། ཁོ་ཉོན་མོངས་ཅན་ཡིན་པའི་ཕྱིར། རྣམ་སྨིན་གྱི་འབྲས་བུ་ནི་ཀུན་འགྲོའི་རྒྱུ་མ་གཏོགས་པ་ལྔ་ལས་བྱུང། དེ་ལས་མ་བྱུང་སྟེ་ཀུན་འགྲོ་ནི་ཉོན་མོངས་ཅན་ཞིག་ལ་བཤད་ལ། ཁོ་མ་བསྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར། ལྷག་མ་མ་བསྒྲིབས་ལུང་མ་བསྟན་དང་ཟག་མེད་སྐད་ཅིག་གཉིས་པ་མན་ཆད་ཀྱི་འབྲས་བུ་ནི། རྣམ་སྨིན་དང་ཀུན་འགྲོའི་རྒྱུ་དེ་གཉིས་མ་གཏོགས་པ་བཞི་ལས་བྱུང་། དེ་གཉིས་ལས་མ་བྱུང་སྟེ། རིམ་བཞིན་མི་དགེ་བ་དང་དགེ་བ་ཟག་བཅས་ཀྱི་འབྲས་བུ་མིན་པའི་ཕྱིར་དང་། ཉོན་མོངས་ཅན་མིན་པའི་ཕྱིར། ཟག་མེད་སྐད་ཅིག་དང་པོ་འཕགས་ལམ་ནི། རྣམ་སྨིན་ཀུན་འགྲོ་སྐལ་མཉམ་གྱི་རྒྱུ་ལས་མ་གཏོགས་པའི་རྒྱུ་ལྷག་མ་གསུམ་ལས་སྐྱེས། དང་པོ་གཉིས་ལས་མ་བྱུང་སྟེ། གོང་གི་གཏན་ཚིགས་དེའི་ཕྱིར། སྐལ་མཉམ་གྱི་རྒྱུ་ལས་མ་བྱུང་སྟེ། ཁོ་ཟག་མེད་ཀྱི་རིགས་འདྲ་སྔོན་སོང་མིན་པའི་ཕྱིར། དེ་དག་ནི་སེམས་དང་སེམས་ལས་བྱུང་བའི་དབང་དུ་བྱས་པ་ཡིན། གཉིས་པ་དེ་གཉིས་ཀྱིས་མ་བསྡུས་པའི་འབྲས་བུ་རྣམས་ནི་མཚུངས་ལྡན་གྱི་རྒྱུ་མ་གཏོགས་པ་གཞན་གོང་དུ་བཤད་པ་དེ་བཞིན་དུ་རྒྱུ་བཞི་དང་། གསུམ་དང་། གཉིས་ལས་སྐྱེ་བ་ཡོད་དོ། །དེ་མཚུངས་ལྡན་གྱི་རྒྱུ་ལས་མ་བྱུང་སྟེ། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གང་ཡང་མེད་པའི་ཕྱིར།

གཉིས་པ་རྐྱེན་བྱེ་བྲག་ཏུ་བཤད་པ་ལ། རྐྱེན་གྱི་རྣམ་བཞག་སྤྱིར་བཤད་པ་དང་། དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། དེ་དག་གི་ཁྱད་ཆོས་གཞན་བཤད་པ་དང་གསུམ། དང་པོ་ནི། །རྐྱེན་ནི་བཞི་པོ་དག་ཏུ་གསུངས། །ཞེས་པ་སྟེ། རྐྱེན་ལ་དབྱེ་ན། རྒྱུ་རྐྱེན། དེ་མ་ཐག་རྐྱེན། དམིགས་རྐྱེན། བདག་རྐྱེན་དང་བཞིར་གསུངས་པའི་ཕྱིར། གཉིས་པ་ནི། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་ཆོས་རྣམས་ཐམས་ཅད་དོ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་པ་སྟེ། གོང་དུ་བཤད་པའི་རྒྱུ་ལྔ་རྒྱུའི་རྐྱེན་ཡིན་ཏེ། རང་འབྲས་ཀྱི་ངོ་བོ་ལ་ཕན་འདོགས་བྱེད་ཡིན་པས་སོ། །སྐྱེས་པ་ད་ལྟར་བ་དང་འདས་པས་བསྡུས་པའི་སེམས་སེམས་བྱུང་ཕལ་ཆེ་བ་རྣམས་མཚུངས་པ་དེ་མ་ཐག་རྐྱེན་ཡིན་ཏེ། རང་འབྲས་རིག་པ་ཕྱི་མའི་ཉེར་ལེན་བྱེད་ནུས་ཀྱི་ཤེས་པ་ཡིན་པའི་ཕྱིར། ལྷག་མེད་མྱ་ངན་ལས་འདའ་ཁ་མའི་དགྲ་བཅོམ་པ་ཐ་མའི་སེམས་སེམས་བྱུང་རྣམས་དེ་མ་ཐག་རྐྱེན་མ་ཡིན་ཏེ། རང་འབྲས་རིག་པ་ཕྱི་མའི་ཉེར་ལེན་མ་ཡིན་པའི་ཕྱིར། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དམིགས་རྐྱེན་ཡིན་ཏེ། གཟུགས་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པ་ནས། ཆོས་ཐམས་ཅད་ཡིད་ཀྱི་རྣམ་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་བར་དུ་ཡིན་པས་སོ། །འདི་ལ་གཉིས་ཏེ་དམིགས་རྐྱེན་ནུས་ལྡན་དང་ནུས་མེད་གཉིས། དང་པོ་ནི་འདུས་བྱས་ཐམས་ཅད་དོ། །གཉིས་པ་ནི་འདུས་མ་བྱས་རྣམས་སོ། །བྱེད་རྒྱུ་ཞེས་བྱ་བ་དེ་བདག་པོའི་རྐྱེན་དུ་བཤད་དོ། །རྐྱེན་འདི་གཉ ིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡོད་དེ། རྣམ་ཤེས་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་རྣམ་ཤེས་དེའི་དམིགས་རྐྱེན་མིན་ཡང་། བདག་རྐྱེན་ཡིན་པས་སོ། །གསུམ་པ་ཁྱད་ཆོས་ལ། རྐྱེན་གང་གིས་འབྲས་བུ་གང་ལ་བྱ་བ་བྱེད་ཚུལ། འབྲས་བུ་གང་རྐྱེན་དུ་ལས་འབྱུང་ཚུལ། འབྱུང་བ་འབྱུང་འགྱུར་གཉིས་རྐྱེན་དང་རྐྱེན་ཅན་དུ་འགྱུར་ཚུལ་དང་གསུམ། དང་པོ་ནི། རྒྱུ་གཉིས་པོ་དག་འགག་པ་ལ། །བྱ་བ་བྱེད་དོ་གསུམ་པོ་ནི། །སྐྱེ་ལའོ་དེ་ལས་གཞན་པ་ཡིས། །རྐྱེན་དག་དེ་ལས་ལྡོག་པ་ཡིན། །ཞེས་པ་སྟེ། རྒྱུ་ལྔ་ལས་ལྷན་ཅིག་འབྱུང་རྒྱུ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ནི་འགག་པ་ལ་མངོན་དུ་ཕྱོགས་པའི་འབྲས་བུ་ད་ལྟར་བ་ལ་བྱེད་དེ། རྒྱུ་འབྲས་དུས་མཉམ་པའི་ཕྱིར། རྒྱུ་ལྷག་མ་གསུམ་པོ་ནི་འབྲས་བུ་སྐྱེ་རུང་མ་འོངས་པ་ལ་བྱ་བ་བྱེད་དེ། རང་འབྲས་ཕྱི་མ་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ལས་གཞན་པའི་རྐྱེན་ཕྱི་མ་གསུམ་པོ་ནི། སྔ་མ་དེ་དག་ལས་གོ་རིམ་ལྡོག་ནས་བྱ་བ་བྱེད་དེ། དེ་མ་ཐག་རྐྱེན་གྱིས་འབྲས་བུ་མ་འོངས་པ་ལ་བྱ་བ་བྱེད། དམིགས་རྐྱེན་གྱིས་ད་ལྟར་བ་ལ། བདག་རྐྱེན་གྱིས་དུས་ཀུན་ཏུ་བྱ་བ་བྱེད་དོ། །གཉིས་པ་ནི། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་པ་སྟེ། སེམས་སེམས་བྱུང་རྣམས་རྐྱེན་བཞིས་བསྐྱེད་པའི་འབྲས་བུ་ཡིན་ཏེ། དངོས་པོ་ཡིན་པས་རྒྱུ་རྐྱེན་དང་བདག་རྐྱེན་གྱི་དང་། ཤེས་པ་ཡིན་པས་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་གྱི་འབྲས་བུ་ཡིན་པས་སོ། །དམིགས་རྐྱེན་མ་གཏོགས་གསུམ་གྱིས་འགོག་སྙོམས་དང་། འདུ་ཤེས་མེད་པའི་སྙོམས་འཇུག་གཉིས་བསྐྱེད་དེ། དངོས་པོ་ཡིན་པས་རྒྱུ་རྐྱེན་དང་བདག་རྐྱེན་གྱི་འབྲས་བུ་ཡིན་ལ། སྙོམས་པར་འཇུག་ཁ་མའི་སེམས་ལས་བྱུང་བས་དེ་མ་ཐག་རྐྱེན་གྱི་འབྲས་བུ་ཡིན་པས་སོ། །དེ་ལས་གཞན་ལྡན་པ་མིན་པ་ལྷག་མ་དང་གཟུགས་ཅན་གྱི་དངོས་པོ་རྣམས་རྒྱུ་རྐྱེན་དང་བདག་རྐྱེན་གཉིས་ལས་སྐྱེས་ཏེ་དངོས་པོ་ཡིན་པས་སོ། །རྐྱེན་ལ་བཞིར་གྲངས་ངེས་ཤིང་དབང་ཕྱུག་སོགས་རྐྱེན་མ་ཡིན་ཏེ། དབང་ཕྱུག་ནི་འབྲས་བུ་རིམ་བསྐྱེད་མ་ཡིན་པར་ཁས་བླངས་ཤིང་། རྐྱེན་ནི་འབྲས་བུ་རིམ་བསྐྱེད་སོགས་ཡིན་པའི་ཕྱིར། གསུམ་པ་ནི། དེའི་རྒྱུ་འབྱུང་བ་རྣམ་པ་གཉིས། །འབྱུང་ལས་གྱུར་པའི་རྣམ་པ་ལྔ། །འབྱུང་གྱུར་རྣམ་གསུམ་ཕན་ཚུན་དུ། །འབྱུང་བ་རྣམས་ཀྱི་དེ་རྣམ་གཅིག །ཅེས་པ་སྟེ། འབྱུང་བ་རྒྱུར་བཅས་དང་། འབྱུང་འགྱུར་རྒྱུར་བྱས་པ་གཉིས་ལས། དང་པོ་ལའང་འབྱུང་བ་བསྐྱེད་པ་དང་། འབྱུང་འགྱུར་བསྐྱེད་པ་གཉིས། དང་པོའི་ཚེ་འབྱུང་བ་དེའི་རྒྱུ་འབྱུང་བ་ནི་རྣམ་པ་གཉིས་ཏེ། རང་དང་དུས་མཉམ་གྱི་འབྱུང་བ་བསྐྱེད་པས་ལྷན་ཅིག་འབྱུང་རྒྱུ་དང་། རིགས་འདྲ་ཕྱི་མ་བསྐྱེད་པས་སྐལ་མཉམ་གྱི་རྒྱུར་འགྱུར་བའི་ཕྱིར་རོ། །འབྱུང་འགྱུར་བསྐྱེད་ཚེ་བྱེད་རྒྱུ་ཁོ་ནར་འགྱུར་བ་ལས་དེ་ཡང་བྱེད་ཚུལ་ལྔ་སྟེ། འབྱུང་འགྱུར་ཕྱི་མ་སྐྱེད་པར་བྱེད། དེ་ཉིད་འབྱུང་བ་ཕྱི་མ་ལ་རྟེན་པར་བྱེད་པ། བརྟེན་པ་གནས་པར་བྱེད། གནས་པ་རྒྱུན་མི་ཆད་པར་བྱེད། འབྱུང་བ་རྒྱས་པའིི་སྟོབས་ཀྱིས་འབྱུང་བ་གོང་འཕེལ་དུ་བྱེད་པའི་ཕྱིར། ཕྱི་མ་ལ་འབྱུང་འགྱུར་རྒྱུར་བྱས་ནས་འབྱུང་འགྱུར་བསྐྱེད་པ་དང་། འབྱུང་བ་བསྐྱེད་པ་གཉིས་ལས། དང་པོ་ནི། འབྱུང་འགྱུར་མི་དགེ་བ་གསུམ་དུ་འགྱུར་བ་ཡོད་དེ། དེས་འབྱུང་འགྱུར་ཉོན་མོངས་ཅན་བསྐྱེད་ཚེ། སྐལ་མཉམ་དང་ཀུན་འགྲོའི་རྒྱུ་གཉིས་སུ་འགྱུར། འབྱུང་འགྱུར་མ་བསྒྲིབས་ལུང་མ་བསྟན་བསྐྱེད་ཚེ། རྣམ་སྨིན་གྱི་རྒྱུར་འགྱུར་བའི་ཕྱིར། གཉིས་པ་ནི། དེས་འབྱུང་བ་རྣམས་ཀྱི་རྒྱུ་བྱེད་པའི་ཚེ་དེ་རྣམ་སྨིན་གྱི་རྒྱུ་གཅིག་པུར་འགྱུར་ཏེ། ལུས་ངག་གི་ལས་དེ་དབང་པོ་དང་ཚོགས་པ་གཅིག་པའི་འབྱུང་བའི་རྒྱུ་ཡིན་པས་སོ། །

གཉིས་པ་དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པ་ལ། བཅུ་གཉིས་སུ་དབྱེ། ཉི་ཤུར་དབྱེ། སེམས་ཀྱི་ཐོབ་པ། རྙེད་ཚུལ་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། དང་པོ་ནི། དཔེའི་སྒོ་ནས་མདོར་བསྟན་པ་དང་། སོ་སོའི་རང་བཞིན་ནོ། །དང་པོ་ནི། འདོད་ཡིད་དགེ་དང་མི་དགེ་དང་། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །གཟུགས་དང་གཟུགས་མེད་པ་དག་ན། །མི་དགེ་ལས་གཞན་ཟག་མེད་གཉིས། །ཞེས་པ་སྟེ། འདོད་ཁམས་ན་སེམས་ཡིད་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་པ་དང་མ་བསྒྲིབས་པ་དེ་བཞི་ཡོད། གཟུགས་གཟུགས་མེད་ན། མི་དགེ་བ་ལས་གཞན་པའི་གསུམ་གསུམ་ཡོད། སློབ་པ་ཟག་མེད། མི་སློབ་པ་ཟག་མེད་གཉིས་ཏེ་བཅུ་གཉིས་ཡོད་དོ། །གཉིས་པ་ལ། འདོད་པ། གཟུགས། གཟུགས་མེད་ཀྱི་དབང་དུ་བྱས་པ་དང་གསུམ། དང་པོ་ནི། འདོད་སེམས་དགེ་བ་ལས་སེམས་དགུ། །དེ་ནི་བརྒྱད་པོ་ཁོ་ན་ལས། །མི་དགེ་བ་ནི་བཅུ་དག་ལས། །དེ་ལས་བཞི་སྟེ་བསྒྲིབས་དེ་བཞིན། །མ་བསྒྲིབས་པ་ནི་ལྔ་དག་ལས། །དེ་ལས་མཇུག་ཐོགས་སེམས་བདུན་ནོ། །ཞེས་པ་སྟེ། དང་པོ་དགེ་བའི་དབང་དུ་བྱས་པ་ནི། སྤྱིར་ཚེ་བདུན་ཡོད་དེ། རྒྱུན་དང་ས་མཚུངས་པའི་ཚེ། ཉིང་མཚམས་སྦྱོར་བའི་ཚེ། སྙོམས་འཇུག་གི་ཚེ། དེ་ལས་ལྡང་ཚེ། སྤྲུལ་པ་ལ་འཇུག་ཚེ། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེའོ། །དང་པོའི་ཚེ། རང་རང་གི་མཇུག་ཏུ་རང་གི་རིགས་འདྲ་ཕྱི་མ་འབྱུང་ཞིང་། ས་མཚུངས་པའི་ཚེ། འདོད་སེམས་གཅིག་གི་མཇུག་ཏུ་བཞི་ཀ་འབྱུང་། ཁམས་གོང་མ་ཡང་དེ་བཞིན་ཉིང་མཚམས་སྦྱོར་ཚེ་གང་གིས་གང་དུ་དང་། དེའི་འབྲས་བུ་གཉིས་ལས། དང་པོ་ནི། འདོད་པའི་དགེ་བ་དང་། མ་བསྒྲིབས་གཉིས་ཀྱིས་ཁམས་གོང་མ་གཉིས་ཆར་དུ་ཉིང་མཚམས་སྦྱོར་བར་བྱེད། གཟུགས་ཀྱི་དེ་གཉིས་ཀྱིས་ཁམས་གོང་དུ་ཉིང་མཚམས་སྦྱོར་བར་བྱེད། གཟུགས་མེད་ཀྱི་སེམས་གསུམ་ཀས་གཟུགས་དང་འདོད་པ་གཉིས་ཆར་དུ་སྦྱོར། གཟུགས་ཀྱི་གསུམ་ཀས་འདོད་པར་སྦྱོར་རོ། །གཉིས་པ་འབྲས་བུ་ནི། འདོད་པ་ནས་ཡར་ཉིང་མཚམས་སྦྱོར་ཚེ། གཟུགས་ཀྱི་བསྒྲིབས་ལུང་མ་བསྟན་དང་། གཟུགས་མེད་ཀྱི་བསྒྲིབས་ལུང་མ་བསྟན་གཉིས་འབྱུང་། གཟུགས་མེད་ཀྱི་འོག་མ་གཉིས་སུ་ཉིང་མཚམས་སྦྱོར་ཚེ། གཟུགས་ཀྱི་བསྒྲིབས་པ་དང་། འདོད་པའི་མི་དགེ་བ་དང་། བསྒྲིབས་པ་གཉིས་འབྱུང་། སྙོམས་འཇུག་གི་ཚེ་སེམས་གང་གིས་སྙོམས་པར་འཇུག་པ། ཡུལ་གང་ལ། ཚུལ་ཇི་ལྟར་དུ་སྙོམས་པར་འཇུག་པ། སྙོམས་པར་ཞུགས་པའི་འབྲས་བུ་དང་བཞི་ལས། དང་པོ་ནི། ཁམས་གསུམ་གྱི་དགེ་སེམས་གསུམ་གྱིའོ། །གཉིས་པ་ནི། ཁམས་གོང་མ་གཉིས་ཀྱི་དགེ་སེམས་སློབ་མི་སློབ་ཀྱི་སེམས་ཟག་མེད་བཞི་ལ་འཇུག །གསུམ་པ་ནི། འདོད་པའི་དགེ་སེམས་དེ་གཟུགས་ཀྱི་དགེ་སེམས་དང་ཟག་མེད་གཉིས་ལ་འཇུག་གི་གཟུགས་མེད་ལ་མི་འཇུག་སྟེ། གཟུགས་མེད་དེ་འདོད་པ་ལས་རིང་བ་རྣམ་པ་བཞིས་རིང་བའི་ཕྱིར། བཞི་ནི། དམིགས་པ། རྣམ་པ། རྟེན། གཉེན་པོའོ། །གཟུགས་ཀྱི་དགེ་སེམས་ཀྱིས་གཟུགས་མེད་དང་ཟག་མེད་གཉིས་ཏེ་གསུམ་ལ་འཇུག །གཟུགས་མེད་ཀྱི་དགེ་སེམས་ནི། སློབ་པ་ཟག་མེད་དང་། མི་སློབ་པ་ཟག་མེད་གཉིས་ལ་འཇུག །བཞི་པ་སྙོམས་པར་ཞུགས་འབྲས་ནི། འཇུག་ཡུལ་གྱི་སེམས་དེ་དག་སྙོམས་པར་འཇུག་བྱེད་ཀྱི་སེམས་ཀྱི་རྗེས་སུ་འབྱུང་། བཞི་པ་སྙོམས་འཇུག་ལས་ལངས་པའི་ཚེ། འཇུག་ཡུལ་གྱི་སེམས་རྗེས་སུ་འཇུག་བྱེད་ཀྱི་སེམས་འབྱུང་། ལྔ་པ་ནི། སེམས་གང་གིས་གང་ལ་འཇུག་པ་དང་། སྤྲུལ་པ་ལས་ཞུགས་པའི་འབྲས་བུ་གཉིས། དང་པོ། གཟུགས་ཀྱི་དགེ་སེམས་ཁོ་ནས་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་ལ་འཇུག །གཉིས་པ་ནི། གཟུགས་ཀྱི་དགེ་སེམས་ཀྱི་མཇུག་ཏུ་འདོད་པའི་སྤྲུལ་སེམས་ལུང་མ་བསྟན་འབྱུང་། དྲུག་པ་སྤྲུལ་པ་ལས་ལངས་ཚེ། འདོད་པའི་གཟུགས་ཀྱི་སྤྲུལ་སེམས་ཀྱི་རྗེས་སུ་འདོད་གཟུགས་ཀྱི་དགེ་སེམས་འབྱུང་། བདུན་པ་གཟིར་བའི་ཚེ་འོག་མའི་དགེ་སེམས་འབྱུང་། དེ་དག་གཞུང་དང་སྦྱར་བ་ནི། འདོད་སེམས་དགེ་བའི་མཇུག་ཏུ་སེམས་དགུ་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི་འབྱུང་། ཁམས་གོང་མ་གཉིས་སུ་ཉིང་མཚམས་སྦྱོར་ཚེ་གོང་མ་གཉིས་ཀྱི་བསྒྲིབས་ལུང་མ་བསྟན་གཉིས་འབྱུང་། སྙོམས་འཇུག་གི་ཚེ་གཟུགས་ཀྱི་དགེ་སེམས་དང་ཟག་མེད་གཉིས་ཏེ་གསུམ་རྣམས་འབྱུང་བའི་ཕྱིར། འདོད་སེམས་དགེ་བ་དེ་ནི་བརྒྱད་ཀྱི་མཇུག་ཏུ་འབྱུང་སྟེ། རང་སའི་བཞི་དང་སྙོམས་འཇུག་ལས་ལང་ཚེ། གཟུགས་ཀྱི་དགེ་སེམས་དང་ཟག་མེད་གཉིས་དང་གཟུགས་ཀྱི་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ། གཟུགས་ཀྱི་བསྒྲིབས་པ་དང་བརྒྱད་ལས་འབྱུང་བའི་ཕྱིར། འདོད་པའི་མི་དགེ་བ་ནི་བཅུ་དག་ལས་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ། རང་སའི་བཞི། ཉིང་མཚམས་སྦྱོར་ཚེ། གཟུགས་ཀྱི་སེམས་གསུམ། གཟུགས་མེད་ཀྱི་གསུམ་སྟེ་བཅུ་ལས་འབྱུང་བའི་ཕྱིར། ཁོ་ལས་བཞི་འབྱུང་སྟེ་རང་སའི་བཞི་འབྱུང་བའི་ཕྱིར། མི་དགེ་བ་དེ་ཇི་ལྟ་བ་བཞིན་དུ་འདོད་པའི་བསྒྲིབས་ལུང་མ་བསྟན་ལ་སྦྱར། འདོད་པའི་མ་བསྒྲིབས་པ་ནི་སེམས་ལྔ་ལས་འབྱུང་སྟེ། ས་མཚུངས་པའི་ཚེ། རང་སའི་བཞི། སྤྲུལ་འཇུག་གི་ཚེ། གཟུགས་ཀྱི་དགེ་སེམས་དང་ལྔ་ལས་འབྱུང་བའི་ཕྱིར། ཁོ་ལས་མཇུག་ཐོགས་སུ་སེམས་བདུན་འབྱུང་སྟེ། ས་མཚུངས་ཚེ་རང་ས་བཞི། ཁམས་གོང་མ་གཉིས་སུ་ཉིང་མཚམས་སྦྱོར་ཚེ། གོང་མ་གཉིས་ཀྱི་ཉོན་མོངས་ཅན་གཉིས། སྤྲུལ་པ་ལས་ལངས་ཚེ་གཟུགས་ཀྱི་དགེ་སེམས་ཏེ་བདུན་འབྱུང་བའི་ཕྱིར། གཉིས་པ་གཟུགས་ཀྱི་དབང་དུ་བྱས་པ་ནི། གཟུགས་ན་དགེ་ལས་བཅུ་གཅིག་གོ །དེ་ནི་དགུ་ཡི་མཇུག་ཐོགས་སུ། །བསྒྲིབས་པ་བརྒྱད་ལས་དེ་ལས་དྲུག །མ་བསྒྲིབས་པ་ནི་གསུམ་ལས་སོ། །དེ་ལས་དྲུག་སྟེ། ཞེས་པ་སྟེ། གཟུགས་ཀྱི་དགེ་བ་ལས་བཅུ་གཅིག་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་ཚེ་འདོད་པའི་མི་དགེ་བ་དང་བསྒྲིབས་པ་གཉིས། གཟུགས་ཀྱི་བསྒྲིབས་པ། གཟུགས་མེད་ཀྱི་བསྒྲིབས་པ། སྙོམས་འཇུག་གི་ཚེ། གཟུགས་མེད་ཀྱི་དགེ་བ་ཟག་མེད་གཉིས། སྤྲུལ་འཇུག་གི་ཚེ་འདོད་པའི་མ་བསྒྲིབས་པ། སྙོམས་འཇུག་ལས་ལངས་ཚེ། འདོད་པའི་དགེ་སེམས་ཏེ་བཅུ་གཅིག་འབྱུང་བའི་ཕྱིར། གཟུགས་ཀྱི་དགེ་བ་དེ་ནི་དགུའི་མཇུག་ཐོགས་སུ་འབྱུང་སྟེ། ས་མཚུངས་པའི་ཚེ་རང་སའི་གསུམ། སྙོམས་འཇུག་གི་ཚེ་འདོད་པའི་དགེ་བ། དེ་ལས་ལངས་ཚེ་གཟུགས་མེད་ཀྱི་དགེ་བ་ཟག་མེད་གཉིས། སྤྲུལ་པ་ལས་ལངས་ཚེ་འདོད་པའི་མ་བསྒྲིབས་པ། ཉོན་མོངས་ཅན་གྱིས་གཟིར་ཚེ་གཟུགས་མེད་ཀྱི་བསྒྲིབས་པའི་མཇུག་ཐོགས་སུ་འབྱུང་བའི་ཕྱིར། གཟུགས་ཀྱི་བསྒྲིབས་པ་སེམས་བརྒྱད་ལས་འབྱུང་སྟེ། ས་མཚུངས་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་ཚེ་གཟུགས་མེད་ཀྱི་གསུམ། འདོད་པའི་དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་གཉིས་ཏེ་བརྒྱད་ལས་འབྱུང་བའི་ཕྱིར། དེ་ལས་དྲུག་འབྱུང་སྟེ་ས་མཚུངས་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་ཚེ་འདོད་པའི་མི་དགེ་བ་དང་བསྒྲིབས་པ་གཉིས། ཉོན་མོངས་ཅན་གྱིས་གཟིར་ཚེ་འདོད་པའི་དགེ་བ་སྟེ་དྲུག་འབྱུང་བའི་ཕྱིར། གཟུགས་ཀྱི་མ་བསྒྲིབས་པ་ནི་སེམས་གསུམ་ལས་འབྱུང་སྟེ། རང་སའི་གསུམ་ལས་འབྱུང་བས་སོ། །དེ་ལས་དྲུག་འབྱུང་སྟེ་ས་མཚུངས་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་ཚེ་འདོད་པའི་མི་དགེ་བ་དང་བསྒྲིབས་པ་གཉིས། གཟུགས་མེད་ཀྱི་བསྒྲིབས་པ་སྟེ་དྲུག་འབྱུང་བའི་ཕྱིར་རོ། །གསུམ་པ་གཟུགས་མེད་ཀྱི་དབང་དུ་བྱས་པ་ནི། གཟུགས་མེད་པའང་། །དེ་ཡི་ཚུལ་ལོ་དགེ་བ་ལས། །སེམས་དགུ་དག་གོ་དེ་དྲུག་གི །བསྒྲིབས་པ་ལས་བདུན་དེ་དེ་བཞིན། །སློབ་པ་བཞི་ལས་དེ་ལས་ལྔ། །མི་སློབ་པ་ནི་ལྔ་ལས་སོ། །དེ་ལས་སེམས་ནི་བཞི་དག་གོ །ཞེས་པ་སྟེ། གཟུགས་མེད་ཀྱི་མ་བསྒྲིབས་པའང་ནི། སེམས་གསུམ་ལས་འབྱུང་སྟེ། རང་སའི་གསུམ་ལས་སོ། །ཁོ་ལས་དྲུག་འབྱུང་སྟེ་ས་མཚུངས་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་ཚེ་གཟུགས་ཀྱི་བསྒྲིབས་པ། འདོད་པའི་བསྒྲིབས་པ་དང་། མི་དགེ་བ་སྟེ་དྲུག་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་དགེ་བ་ལས་སེམས་དགུ་འབྱུང་སྟེ། ས་མཚུངས་ཚེ་རང་སའི་གསུམ་ཉིང་མཚམས་སྦྱོར་ཚེ་གཟུགས་ཀྱི་བསྒྲིབས་པ། འདོད་པའི་བསྒྲིབས་པ་དང་། མི་དགེ་བ་གཉིས། སྙོམས་འཇུག་གི་ཚེ་ཟག་མེད་གཉིས་དེ་ལས་ལངས་ཚེ་གཟུགས་ཀྱི་དགེ་བ་སྟེ་དགུ་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་དགེ་བ་དེ་ནི་དྲུག་གི་མཇུག་ཐོགས་སུ་འཇུག་སྟེ། རང་སའི་གསུམ་དང་སྙོམས་འཇུག་གི་ཚེ་གཟུགས་ཀྱི་དགེ་བ་དང་། ལྡང་ཚེ་ཟག་མེད་གཉིས་ལས་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་བསྒྲིབས་པ་ལས་བདུན་འབྱུང་སྟེ། ས་མཚུངས་ཚེ་རང་སའི་གསུམ། ཉིང་མཚམས་སྦྱོར་ཚེ་གཟུགས་ཀྱི་བསྒྲིབས་པ་འདོད་པའི་བསྒྲིབས་པ། མི་དགེ་བ། གཟུགས་མེད་ཀྱི་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་ཚེ་གཟུགས་ཀྱི་དགེ་བ་སྟེ་བདུན་འབྱུང་བའི་ཕྱིར། གཟུགས་མེད་ཀྱི་བསྒྲིབས་པ་དེ་ཡང་གྲངས་དེ་བཞིན་དུ་བདུན་ལས་འབྱུང་སྟེ། རང་སའི་གསུམ་དང་། ཉིང་མཚམས་སྦྱོར་ཚེ་འདོད་གཟུགས་ཀྱི་དགེ་བ་དང་། བསྒྲིབས་པ་བཞི་ལས་སོ། །སློབ་མི་སློབ་ཀྱི་དབང་དུ་བྱས་ན་སློབ་པའི་སེམས་ཟག་མེད་ནི་སེམས་བཞི་ལས་འབྱུང་སྟེ། སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ། རྒྱུན་གྱི་ཚེ་རང་གི་རིགས་འདྲ་སྔ་མ་དང་བཞི་ལས་འབྱུང་བའི་ཕྱིར། དེ་ལས་ལྔ་འབྱུང་སྟེ་སྙོམས་འཇུག་ལས་ལངས་ཚེ། ཁམས་གསུམ་གྱི་དགེ་བ་གསུམ། རྒྱུན་གྱི་ཚེ་རང་གི་རིགས་འདྲ་ཕྱི་མ། རྟོགས་པ་འཕེལ་ཚེ་མི་སློབ་པའི་སེམས་ཟག་མེད་དེ་ལྔ་འབྱུང་བའི་ཕྱིར། མི་སློབ་པའི་སེམས་ཟག་མེད་ནི་ལྔ་ལས་འབྱུང་སྟེ། སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་གསུམ། རྟོགས་པ་འཕེལ་དབང་དུ་བྱས་ན་སློབ་པའི་ཟག་མེད་རྒྱུན་གྱི་ཚེ་རང་གི་རིགས་འདྲ་སྔ་མ་སྟེ་ལྔ་ལས་འབྱུང་བའི་ཕྱིར། ཁོ་ལས་བཞི་འབྱུང་སྟེ། སྙོམས་འཇུག་ལས་ལངས་ཚེ། ཁམས་གསུམ་གྱི་དགེ་བ་གསུམ་རྒྱུན་གྱི་ཚེ་རང་གི་རིགས་འདྲ་ཕྱི་མ་སྟེ་བཞི་འབྱུང་ངོ་། །གལ་ཏེ་བཞི་ལས་མི་འབྱུང་བ་མི་འཐད་དེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་ཡོད་པར་བཤད་པ་དང་འགལ་བའི་ཕྱིར་ཞེ་ན་སྐྱོན་མེད་དེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ནས་འོག་མའི་ཉོན་མོངས་མངོན་དུ་གྱུར་ཚེ། མི་སློབ་པ་ཟག་མེད་ཀྱི་ཐོབ་པ་མ་བཏང་བས་སློབ་པའི་སེམས་ཟག་མེད་མངོན་དུ་འགྱུར་བ་མེད་པའི་ཕྱིར། འོ་ན་འབྲས་བུ་ལས་ཉམས་པའི་དོན་ཅི་ཞེ་ན། ཉོན་མོངས་མངོན་དུ་གྱུར་པ་དང་། སློབ་པའི་ཟག་མེད་ཀྱི་ཐོབ་པ་ལྡན་པ་ཙམ་ལ་དགོངས་སོ། །གཉིས་པ་ཉི་ཤུར་དབྱེ་བ་ནི། བཅུ་གཉིས་དེ་དག་ཉི་ཤུར་ཡང་། །གསུམ་དུ་སྐྱེས་ནས་ཐོབ་པ་དང་། །སྦྱོར་བྱུང་དགེ་རྣམས་གཉིས་ཕྱེ་ན། །རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ། །བཟོ་ཡི་གནས་དང་སྤྲུལ་པ་དང་། །འདོད་ན་ལུང་བསྟན་མིན་རྣམ་བཞི། །གཟུགས་ན་བཟོ་མ་གཏོགས་པའོ། །ཞེས་པ་སྟེ། གོང་དུ་བཤད་པའི་སེམས་བཅུ་གཉིས་པོ་དེ་དག་ནང་ཚན་གྱི་སྒོ་ནས་ཉི་ཤུར་དབྱེ་རུང་སྟེ། ཁམས་གསུམ་གྱི་དགེ་བ་ལ་སྐྱེས་ནས་ཐོབ་པ་དང་། སྦྱོར་བྱུང་གཉིས་གཉིས་ཕྱེ་བ་དྲུག་དང་། ཁམས་གསུམ་གྱི་བསྒྲིབས་པ་གསུམ། འདོད་པའི་མི་དགེ་བ་སྟེ་བཅུ་དང་འདོད་པའི་བསྒྲིབས་པ་ལ་རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་དང་། བཟོའི་གནས་དང་། སྤྲུལ་སེམས་དང་བཞི་དང་། གཟུགས་ན་བཟོ་གནས་མ་གཏོགས་པ་གསུམ་དང་། གཟུགས་མེད་ཀྱི་མ་བསྒྲིབས་པ་དང་། སློབ་མི་སློབ་ཀྱི་སེམས་ཟག་མེད་གཉིས་ཏེ་ཉི་ཤུར་ཡོད་པའི་ཕྱིར། གསུམ་པ་སེམས་ཀྱི་ཐོབ་པ་བྱེ་བྲག་ཏུ་བཤད་པ་ནི། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །དྲུག་དང་དྲུག་དང་གཉིས་རྙེད་དོ། །གཟུགས་སྐྱེས་དགེ་ལ་གསུམ་དག་གོ །སློབ་པ་ལ་བཞི་ལྷག་ལ་དེ། །ཞེས་པ་སྟེ། སེམས་མངོན་འགྱུར་བའི་ཐོབ་ཚུལ་དེ་ལྟར་ཡིན་ན། ཐོབ་པ་རྙེད་ཚུལ་ཇི་ལྟར་ཡིན་ཞེ་ན། རང་འགྲེལ་དུ། སྐྱེ་དང་སྙོམས་པར་འཇུག་པ་དང་། །འདོད་ཆགས་བྲལ་དང་ཡོངས་ཉམས་དང་། །དགེ་རྩ་ཉིང་མཚམས་སྦྱོར་བའི་ཚེ། །ཞེས་པའི་དོན་ནི། ཁམས་གསུམ་དུ་སྐྱེས་ཚེ། དེ་དག་གི་དགེ་བའི་ཐོབ་པ་དེ་འབྱུང་ལ། སྙོམས་པར་འཇུག་ཚེ་འཇུག་ཡུལ་གྱི་དགེ་བའི་ཐོབ་པ་དེ་འབྱུང། འོག་ས་ལ་འདོད་ཆགས་དང་བྲལ་ཚེ་གོང་སའི་དགེ་བའི་ཐོབ་པ་དེ་འབྱུང་། གོང་སའི་ཆགས་བྲལ་ལས་ཉམས་ཚེ་འོག་སའི་བསྒྲིབས་པའི་ཐོབ་པ་དེ་འབྱུང་། ལོག་ལྟས་དགེ་རྩ་བཅད་ནས་དགེ་བའི་ཉིང་མཚམས་སྦྱོར་ཚེ་དགེ་བའི་ཐོབ་པ་དེ་འབྱུང་། གཞུང་དང་སྦྱར་ན། འདོད་པའི་རྟེན་ཅན་གྱི་ཉན་ཐོས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ནས། འདོད་པའི་ཉོན་མོངས་པ་མངོན་དུ་གྱུར་ཚེ་སེམས་དྲུག་གི་ཐོབ་པ་ཅིག་ཅར་དུ་རྙེད་དེ། འདོད་པའི་དགེ་མི་དགེ་ཁམས་གསུམ་གྱི་བསྒྲིབས་པ་དང་གསུམ། སློབ་པ་ཟག་མེད་དེ་དྲུག་གི་ཐོབ་པ་ཅིག་ཅར་རྙེད་པའི་ཕྱིར། ཡང་འདོད་པའི་རྟེན་ཅན་གྱི་ཉན་ཐོས་དགྲ་བཅོམ་པ་རང་གི་འབྲས་བུ་ལས་ཉམས་ནས་འདོད་པའི་ཆགས་བྲལ་ལས་མ་ཉམས་པས་གཟུགས་ཀྱི་ཉོན་མོངས་མངོན་དུ་གྱུར་པའི་ཚེ། སེམས་དྲུག་གི་ཐོབ་པ་ཅིག་ཅར་རྙེད་དེ། གཟུགས་ཀྱི་དགེ་བ་འདོད་གཟུགས་གཉིས་ཀྱི་སྤྲུལ་སེམས་གཉིས། ཁམས་གོང་མ་གཉིས་ཀྱི་བསྒྲིབས་པ་གཉིས། སློབ་པ་ཟག་མེད་དང་དྲུག་གི་ཐོབ་པ་ཅིག་ཅར་རྙེད་པའི་ཕྱིར། དགྲ་བཅོམ་གྱི་འབྲས་བུ་ལས་ཉམས་ནས་གཟུགས་མེད་ཀྱི་ཉོན་མོངས་ཅན་མངོན་དུ་གྱུར་ཚེ་གཉིིས་རྙེད་དེ། དེ་ཉིད་དང་སློབ་པའི་ཐོབ་པ་གཉིས་རྙེད་པའི་ཕྱིར། གཟུགས་སུ་སྐྱེས་ཚེ་གསུམ་ཅིག་ཅར་དུ་རྙེད་དེ། གཟུགས་ཀྱི་དགེ་བ་དེའི་སྟོབས་ཀྱིས་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་ཏེ་གསུམ་གྱི་ཐོབ་པ་རྙེད་པའི་ཕྱིར། འདོད་པའི་རྟེན་ཅན་གྱི་སྦྱོར་ལམ་པས་བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་ནས་སྡུག་བསྔལ་ཆོས་བཟོད་ཐོབ་པའི་ཚེ། ཐོབ་པ་བཞི་ཅིག་ཅར་རྙེད། སློབ་པ་ཟག་མེད། གཟུགས་ཀྱི་དགེ་བ། དེའི་སྟོབས་ཀྱི་སྤྲུལ་སེམས་གཉིས་ཏེ་བཞིའི་ཐོབ་པ་ཅིག་ཅར་རྙེད་པའི་ཕྱིར་རོ། །ཆོས་མངོན་རིན་ཆེན་སྙེ་མ་ལས། དབང་པོ་བསྟན་པ་ཞེས་བྱ་བ་སྟེ་གནས་གཉིས་པའོ།། །།


previousགནས་གཉིས་པ་དབང་པོ་བསྟན་པའི་འགྲེལ་པ།next