Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

2 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


  
  
  
  
མཁན་ཆེན་ལོ་ཙཱ་བའི་ཞལ་གདམས་སྐོར་ཐར་ལམ་གསལ་བའི་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི།
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


2 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousམཁན་ཆེན་ལོ་ཙཱ་བའི་ཞལ་གདམས་སྐོར་ཐར་ལམ་གསལ་བའི་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི། next

མཁན་ཆེན་ལོ་ཙཱ་བའི་ཞལ་གདམས་སྐོར་ཐར་ལམ་གསལ་བའི་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ལོ་ཙཱ་བའི་ཞལ་གདམས་སྐོར་ཐར་ལམ་གསལ་བའི་སྒྲོན་མེ་བཞུགས། ལོ་ཆེན་དྷརྨ་ཤྲཱི།


MLP014_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ལོ་ཙཱ་བའི་ཞལ་གདམས་སྐོར་ཐར་ལམ་གསལ་བའི་སྒྲོན་མེ་བཞུགས། ན་མོ་གུ་ར་བེ། དཔལ་དུས་གསུམ་རྒྱལ་བའི་དགོངས་པ་ཅན། །ཚད་མེད་པའི་མཁྱེན་རབ་ཐུགས་རྗེའི་བདག །རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ། །རེ་ལྟོས་ལིང་སྐྱུར་གྱིས་སྐྱབས་སུ་མཆི། །དུས་རྟག་ཏུ་བརྩེ་བས་བསྐྱང་དུ་གསོལ། །རྗེ་བླ་མ་དམ་པའི་ཞབས་བསྙེན་ནས། །ལེགས་སྤྱད་ཀྱིས་འཚོ་བའི་དད་བརྩོན་ཅན། །གཅུང་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོ་ཀྱེ། །དོན་འདི་བཞིན་གསན་ནས་ཐུགས་ལ་ཞོགས། །དེང་ཁྱེད་ཀྱིས་བརྙེས་པའི་མཐོ་རིས་རྟེན། །ཆོས་ནོར་གྱི་དཔལ་འབྱོར་ཕུན་ཚོགས་ཤིང་། །རླབས་ཆེན་པོའི་བྱ་བས་བླ་མའི་བཀའ། །ཚུལ་ཇི་བཞིན་སྒྲུབ་པའི་སྐལ་བཟང་འདི། །སྔོན་དགེ་བ་སྤྱད་པའི་མཐུ་ལགས་པས། །ད་སླད་དུའང་བསོད་ནམས་བརྟན་བྱའི་ཕྱིར། །རྣམ་དཀར་གྱི་དགེ་ལ་བརྩོན་པར་མཛོད། །དུས་ཡང་ཡང་རྙེད་དཀའ་དལ་འབྱོར་ལུས། །རྙེད་པ་དོན་ཅན་གྱི་རིན་པོ་ཆེ། །འདི་རྟག་པ་མ་ཡིན་འཇིག་ངེས་ལ། །དུས་ནམ་འཆི་ཆ་མེད་ཡུད་ཙམ་ཚེ། །སྤྲིན་བར་གྱི་ཉི་ཞུར་ཙམ་ལགས་པས། །ཚེ་ཕྱི་མའི་འདུན་ཐབས་བསམ་པར་རིགས། །འདིར་སྣང་གི་འཁོར་བའི་བདེ་སྐྱིད་ཀུན། །གཉིད་ཐུམས་རེའི་རྨི་ལམ་བཟང་བ་ཙམ། །མཐོ་དམན་གྱི་བདེ་སྡུག་སྣ་ཚོགས་ཀྱང་། །དབྱར་ཉི་ཆར་ཚོགས་པའི་འཇའ་ཚོན་ལྟར། །གཅིག་ཁོ་ནས་རྟག་ཐུབ་མ་ལགས་པས། །ནོར་བསོག་བྲུན་གཉེན་གྱི་རེ་ལྟོས་བཤོལ། །འཁོར་བའི་བདེ་འབྱོར་ལ་མི་སྨོན་འཚལ། །དཀར་ནག་གི་ལས་འབྲས་བསླུ་བ་མེད། །དུས་ནམ་ཡང་འབྲལ་མེད་ཕྱི་བཞིན་འབྲང་། །དེ་སོམས་ལ་དགེ་སྡིག་བླང་དོར་གཟོབ། །ལར་དགེ་བའི་ལས་སྟོབས་ཆེན་པོ་ཡང་། །ཆགས་སྡང་གི་ཕུང་འདྲེས་བསླད་གྱུར་ན། །དུག་འདྲེས་པའི་རོ་བརྒྱའི་ཟས་མཆོག་ལྟར། །འཕྲལ་ལེགས་


MLP014_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་འདྲ་ཡང་ངན་འགྲོའི་རྒྱུ། །དེ་དགོངས་ནས་གཅིག་ཏུ་དཀར་བ་ཡི། །ལས་སྒྲུབ་པའི་ཐབས་ལ་མཁས་པར་འཚལ། །འཁོར་བ་འདིར་ཡུན་རིང་སྡུག་ཐག་བཅད། །སྡུག་བསྔལ་གྱིས་མནར་ཡུན་དེ་ཙམ་ཡིན། །དུས་ད་རེས་བླ་མའི་དེད་དཔོན་དང་། །དམ་ཆོས་ཀྱི་གྲུ་ཆེན་རྙེད་དུས་འདིར། །དད་བརྩོན་གྱི་སྐྱ་བས་ལེགས་བསྐུལ་ནས། །ཡུད་ཙམ་ལ་འཁོར་མཚོའི་ཀློང་བརྒལ་ཏེ། །རྣམ་གྲོལ་གྱི་གླིང་དུ་བདེ་བར་སྙེགས། །ང་བདག་ཏུ་འཛིན་པའི་ཕུང་འགོང་འདིས། །ཆགས་སྡང་གི་སྙིང་རླུང་ཁོར་མོར་སློང་། །ད་ཉེ་འཁོན་མེད་པའི་འགྲོ་བ་ཀུན། །ཚེ་རབས་ཀྱི་ཕ་མར་ལེགས་བསམས་ནས། །ཕན་འདོགས་ཀྱི་ལྷག་བསམ་སྙིང་སྟོབས་བསྐྱེད། །འདིར་སྣང་གི་དཔོན་དང་གྲོགས་དཔུང་སོགས། །དུས་ཉི་ཚེའི་སྐྱབས་ཡིན་བཟང་ཡང་བསླུ། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །དུས་གཏན་གྱི་རེ་ལྟོས་འཆའ་བར་མཛོད། །བློ་གཏད་ན་འཚེངས་པའི་དྲིན་ཆེན་རྗེ། །ཕ་འགྲན་ཟླ་ཀུན་བྲལ་གཏེར་བདག་གླིང་། །ཡོངས་སངས་རྒྱས་ཀུན་འདུས་སུ་ཐག་བཅད་ནས། །བློ་ལིང་སྐྱུར་གྱིས་ཕན་བདེའི་རྩ་བ་གཏོད། །གཞན་ཙབ་ཙུབ་ཅི་དྲག་མི་བསམ་པར། །བསྐྱེད་རིམ་དུ་སྣང་བ་བླ་མར་སྒོམས། །བཟླས་བརྗོད་དུ་གསོལ་འདེབས་རེམས་ནས་སྒྲུབས། །ཉམས་ལེན་མོས་གུས་ཀྱི་སྙིང་པོར་དྲིལ། །སྒྱུ་ལུས་ཀྱི་ཞབས་ཏོག་འབུམ་གསུམ་འདོན། །བཀའ་ཅི་གསུང་ཐུགས་ནི་ཅི་མཉེས་སྒྲུབས། །ཚུལ་དེ་དག་ཁ་ཙམ་མ་ཡིན་པར། །སྙིང་རང་ནས་གསོལ་བ་འདེབས་ཤེས་ན། །སྒོ་གསུམ་གྱི་སྣང་བ་བླ་མས་འཕྲོགས། །བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ། །མོས་གུས་རང་རིག་གི་གདངས་སུ་འཆར། །རང་རིག་སྐྱེ་མེད་དུ་ཁྲེས་སེ་ལུས། །དེར་བལྟས་པས་གསོལ་བ་འདེབས་མཁན་དང་། །འདེབས་ཡུལ་དང་གསོལ་འདེབས་བྱ་བ་ཀུན། །སྒྱུ་མའམ་ཆུ་ནང་གི་ཟླ་བ་ལྟར། །ཝལ་ཁྱུག་གེ་འཛིན་མེད་ཤིགས་སེ་ལུས། །གང་ཤར་རང་གྲོལ་གྱི་གཤིས་ཐོག་སླེབས། །འདི་མདོ་རྒྱུད་ཀུན་གྱི་སྙིང་གཏམ་ལགས། །ཕྲལ་གནས་སྐབས་དགེ་བའི་མཛད་པ་ཡང་། །ཉིད་བསོད་ནམས་མཐུ་དཔུང་བཙན་པའི་ཕྱིར། །ལྷ་རྣམས་ནི་བསམ་པས་འགྲུབ་པ་དང་། །རྒྱལ་པོ་རྣམས་སྨྲས་པས་འགྲུབ་པ་དང་། །དམངས་ཕལ་པ་རང་གིས་བྱས་ན་འགྲུབ། །ཚུལ་


MLP014_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་རྣམ་དབྱེ་ལེགས་དགོངས་ནས། །བླ་མ་དང་བསྟན་པའི་ཞབས་ཏོག་ལ། །རང་འདོད་ཀྱི་ཞེན་འཁྲིས་མ་ཞུགས་པར། །སྙིང་སྟོབས་ཀྱི་བརྩོན་པས་སྒྲུབ་པར་རིགས། །ལར་བྱ་བ་ཅི་དང་ཅི་མཛད་ཀྱང་། །ལུས་དུལ་ཞིང་ངག་གི་སྨྲ་ཚོད་རན། །ཡིད་རིས་མེད་ཀུན་ལ་ཕན་སེམས་བཟང་། །འཕྲལ་མཉམ་སྙོམས་ཀྱིས་ལེགས་པར་བསྐྱངས་པ་ན། །དྲི་ལྡན་གྱི་པད་མཚོར་ངང་པ་ལྟར། །ཉེ་འཁོན་མེད་ཀུན་གྱི་ཡི་གར་འོང་། །གཞན་བློ་མཐུ་མ་མཆིས་སྐྱེ་བོ་ཡིས། །ཇི་ཙམ་ཞིག་འབད་ཀྱང་ཕན་འདོགས་དཀའ། །ཚིག་ཙམ་གྱིས་རང་གཞན་ཕན་བདེ་ལ། །སྦྱོར་ནུས་རྣམས་ཅི་ཕྱིར་བཏང་སྙོམས་མཛད། །ཚུལ་དེ་དག་སྨྱོས་བཙུན་རྨོངས་པས་གདམས། །དེ་ཐུགས་ལ་བཞག་ནས་ཕྱག་ཏུ་བཞེས། །དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཞེས་པའང་དྷརྨཱ་ཤྲཱིས་ཆེད་དུ་བརྗོད་པ་དགེའོ། །༈ བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གྲུབ་ཆེན་ཨོ་རྒྱན་བསྟན་འཛིན་གྱི་གསུང་ངོར་སྙན་བསྐུལ་དུ་གདམས་པ་ལ། ཉིད་རང་སྔོན་བསགས་དགེ་བའི་ལས་སྨོན་ལམ་གྱིས་སད་པ་ལས། ད་རེས་ཆོས་སྒྲུབ་པའི་རྟེན་མི་ལུས་རིན་པོ་ཆེ་བརྙེས། མཚུངས་མེད་བླ་མ་དམ་པ་སངས་རྒྱས་དངོས་ཀྱིས་རྗེས་སུ་བཟུང་། ཟབ་དོན་གྱི་གདམས་པའི་གནད་ཐུགས་སུ་ཚུད་པས། ད་རང་གཞན་གྱི་དོན་མཐར་ཕྱིན་པའི་ཕྱིར། སྙིགས་དུས་ཀྱི་ཚེ་ཐུང་འདི་ལ། གནས་སྐབས་འཇིག་རྟེན་དང་མཐུན་འཇུག་གི་ཆོས་ཉན་འཆད་དགེ་སྦྱོར་སོགས་གང་ལས་ཀྱང་། འཆི་ཆོས་རྗེན་པའི་ཉམས་ལེན་ལ་རྩེ་གཅིག་ཏུ་དྲིལ་བར་འཚལ། དེ་ལ་རྒྱལ་བའི་གསུང་རབ་མདོ་རྒྱུད་ཀྱི་དོན་ཐམས་ཅད་ཉམས་ལེན་གྱི་གནད་བཞིར་འདུ་སྟེ། ཐོག་མར་ཉན་ཐོས་དང་ཐུན་མོང་གི་ལམ་འཁོར་བའི་བདེ་འབྱོར་ལ་མ་ཆགས་པས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེ་བ་གལ་ཆེ་བས། དེའི་ཕྱིར་དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། ལས་འབྲས་སྨིན་ཚུལ། འཁོར་བའི་ཉེས་དམིགས་རྣམས་སྙིང་ལ་ཟུག་པས་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་བསྐྱེད་དེ། ནད་པ་འཆི་ཁ་མ་སང་གི་ཚིས་མི་བྱེད་པ་ལྟར་ཚེ་འདིའི་འཁྲི་བ་བཙན་


MLP014_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་དུ་བློས་ལིང་གིས་བཏང་ནས། ཟས་གོས་གནས་མལ་མཐའ་གཉིས་སྤངས་པའི་ཚུལ་གྱིས་བསྟེན་ཀྱང་། དེ་དག་ལ་བརྟེན་ནས་ཆགས་སྡང་གི་སྡིག་པ་ཕྲ་མོ་ཡང་མི་བསོག་པར་དགེ་སྦྱོང་གི་ཆོས་བཞི་དང་མི་འབྲལ་བའི་སྒོ་ནས་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་ལ་ཡང་དག་པར་བསླབ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དུ་འབད་པས་སྐྱོང་བ་འཚལ། གཉིས་པ་བྱང་སེམས་དང་ཐུན་མོང་བའི་ལམ་ནི་མཁའ་ཁྱབ་ཀྱི་སེམས་ཅན་ཚད་མེད་པ་ཐམས་ཅད་ཀྱང་། རང་ཉིད་དང་ཕན་ཚུན་ཕ་མ་བུ་ཚ་མིང་སྲིང་ཁྱོ་ཤུག་སོགས་འཁོར་བ་ཐོག་མེད་ནས་ལན་གྲངས་དཔག་མེད་བྱས་ཏེ་ཕན་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཏུ་ངེས་ཤེས་ཀྱི་བློ་གཏིང་ཚུགས་པ་བསྐྱེད་ནས། དེ་ཐམས་ཅད་དུས་རྟག་ཏུ་སྡུག་བསྔལ་གྱིས་ཉམ་ཐག་ཅིང་། བདེ་བའི་ཐབས་ནི་མི་ཤེས། བདེ་བ་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཁོ་ན་ལ་སྤྱོད་པའི་སྨྱོན་པ་ལྟ་བུ་ཐར་དུས་དང་བཟོད་གླགས་མེད་པའི་ཁམས་གསུམ་གྱི་སྡུག་བསྔལ་ལ་རང་དབང་མེད་པར་སྤྱོད་པ་འདི་རྣམས་མཐོང་ནས། བཅོས་མིན་གྱི་བྱམས་པ་དང་། སྙིང་རྗེ་དྲག་པོས་ཐི་བྱ་ཚང་བརླག་ལྟ་བུར་གྱུར་པས་རང་དོན་གྱི་འཁྲི་བ་སྐད་ཅིག་ཀྱང་མེད་པར། བྱ་བ་ཅི་བྱེད་ཐམས་ཅད་མ་གྱུར་སེམས་ཅན་གྱི་དོན་དུ་སྤྱོད་པས་དུས་འདའ་བར་བྱས་ཏེ། ཐ་ན་ཁ་ཏོན་དགེ་སྦྱོར་ཐུན་གཅིག་བྱེད་ནའང་མཁའ་ཁྱབ་སེམས་ཅན་གྱི་ཕན་བདེའི་དོན་དུ་བསམས་ནས་ཕྱག་བཞེས་སུ་འཁེལ་བ་འཚལ། གསུམ་པ་གསང་སྔགས་བླ་མེད་ཐུན་མོང་པའི་ལམ་ནི། འཁོར་བའི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་བློའི་འཁྲུལ་ངོར་ཤར་བ་ཙམ་མ་གཏོགས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པས་འདི་ལྟར་འཁོར་བའི་སྣང་བ་དང་། དེ་ལ་ཞེན་པའི་བློ་སྣང་ཐམས་ཅད་མེད་བཞིན་དུ་སྣང་བར་ཐག་ཆོད་པའི་ངེས་ཤེས་བརྟན་པོས་བསྐྱང་བར་བྱ་ཞིང་། གདོད་ནས་གྲུབ་པའི་ཆོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་ལྷའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པར་རྟོགས་པའི་ལྟ་བ་ལ་ངེས་ཤེས་གཏིང་ཚུགས་པས། བསྐྱེད་རིམ་


MLP014_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཉམས་ལེན་དག་རྫོགས་སྨིན་གསུམ་གྱི་བྱེད་ལས་ཚང་བའི་སྒོ་ནས། སྒོ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་ལས་མི་འདའ་བ་དང་། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་བདེ་གསལ་སྟོང་པ་མི་རྟོག་པ་དང་། ཁྱབ་བརྡལ་ཆེན་པོའི་མན་ངག་གི་གནད་ལ་དབང་འབྱོར་བས་ལྷན་སྐྱེས་མི་འགྱུར་བའི་བདེ་ཆེན་མངོན་དུ་བྱེད་པ་ཞིག་ལ་འབད་འཚལ་ལོ། །བཞི་པ་ཐེག་ཀུན་རྩེ་མོ་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་ནི། སེམས་ཡེ་སྟོང་རྩ་བྲལ་ཀ་དག་ཏུ་ངོ་སྤྲད་ལ་ཁྲེགས་ཆོད་ཀྱིས་ཉམས་སུ་བླངས་ཏེ། ད་ལྟར་གྱི་རིག་པ་དྲན་བསམ་གྱི་བཅོས་སླད་མ་བྱས་པའི་ངོ་བོ་ངོས་བཟུང་དང་བྲལ་བའི་ཝལ་ལེ་སང་ངེ་ཕྱམ་བརྡལ་བ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲད་དེ། ཆོས་སྐུ་བློ་འདས་ཀྱི་དགོངས་པ་བཞི་ཆ་གསུམ་བྲལ་གྱི་ཡེ་ཤེས་ངོས་བཟུང་ནས་སྐྱོང་བ་ཐག་གཅིག་ཐོག་ཏུ་བཅད་པ་དང་། གང་ཤར་གྱི་ངོ་བོ་ལ་ཅེར་བལྟས་རང་ཤར་རང་གྲོལ་རྦ་རླབས་ཆུར་ཐིམ་པ་ལྟ་བུས་བྱུང་ཚོར་གཞིར་ཐིམ་པས་གདིང་གྲོལ་ཐོག་ཏུ་བཅའ་བར་བྱ་ཞིང་། ཡེ་ཤེས་འོད་གསལ་ལྷུན་གྲུབ་གཞི་གནས་སུ་ངོ་སྤྲད་ནས་ཐོད་རྒལ་གྱིས་ཉམས་སུ་བླང་སྟེ། ལུས་ངག་ཡིད་གསུམ་གྱི་གནད་གཟིར་ཞིང་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་ཕབ་སྟེ་ཉམས་སུ་བླངས་པས་ཇི་ལྟར་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་སྣང་ཐིག་ལེས་བརྒྱན་པ་ནི། ཁམས་བདེ་བར་གཤེགས་པའི་སྙིང་པོའམ་དང་པོའི་སངས་རྒྱས་རང་ལ་ཡོད་པའི་རང་གདངས་མཐོང་བས་ཐོག་མའི་ཀུན་ཏུ་བཟང་པོ་མཇལ་བ་དང་སྐལ་བ་མཉམ་པ་ཞེས་བྱ་སྟེ། དེ་ལེགས་པར་བསྐྱངས་པས་སྣང་བ་བཞིའི་ཡེ་ཤེས་རིམ་པར་འཆར་བ་ལགས་པས་དབང་རབ་ཚེ་འདིར་གྲོལ་བའི་ཐབས་ལ་རྩེ་གཅིག་ཏུ་འབད་པར་འཚལ་ཞིང་། ལར་སྡེ་གསུམ་རྫོགས་པ་ཆེན་པོའི་གནད་བསྡུས་ན། མཉམ་བཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་འཛིན་གྱིས་མ་བསླད་པར་རང་གསལ་རྒྱ་ཡན་དུ་གློད་ཅིང་། རྗེས་ཐོབ་ཏུ་གང་སྣང་རྨི་ལམ་གྱི་འཁྲུལ་འཁོར་ལྟར་གསལ་སྟོང་འཛིན་མེད་དུ་ཐག་བཅད་དེ་ཉམས་སུ་བཞེས་པས། མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་དེ་ཀ་རང་རྩལ་མ་འགགས་པའི་རོལ་པར་ཤར་ནས་ཡུལ་སྣང་ཐམས་ཅད་མེད་སྣང་སྒྱུ་མ་ལྟ་


MLP014_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཐག་ཆོད། དེ་ཀ་མཉམ་རྗེས་དབྱེར་མེད་བདེན་གཉིས་ཟུང་འཇུག་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་སེམས་ཅན་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མ་འདས་རུང་། དེ་ལྟར་མ་རྟོགས་པ་ལ་བཅོས་མིན་གྱི་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་མ་འགགས་པར་འཆར་ལ། ཤར་ཙམ་ཉིད་ནས་དེའི་རང་བཞིན་འཛིན་མེད་དུ་གྲོལ་བས་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱི་རྒྱུ་འབྲས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བས་ལམ་ཟབ་མོ་ལ་གཏིང་ཚུགས་པའི་ཡིད་ཆེས་སྐྱེ་བ་ཡིན་ཞིང་། མཐར་བསྒོམ་བྱ་དང་སྒོམ་བྱེད་སོགས་ཐམས་ཅད་རྟོག་པའི་འཕྲོ་འདུར་ཤེས་པས། མཁའ་ལ་བཟོ་བཅོས་མི་ཐུབ་པ་ལྟར་རང་སེམས་ཀྱི་ངོ་བོ་འདི་ལ་དབྲི་བསྣན་དང་བསལ་བཞག་བྱར་མེད་པར་རིག་ནས་སྤྲོས་པ་རང་ཞིག་ལ་འགྲོ་བས་གང་བྱུང་གིས་ཆོག་ཅིང་ཅི་བྱས་བདེ་བའི་ཚེ། མ་བཅོས་རང་བབས་ཀྱི་གནད་རྙེད་པ་ཡིན། གང་ལྟར་སྤྱོད་པ་དུས་ཚོད་དང་འབྲེལ་དགོས་པས་ལས་དང་པོ་པའི་དུས་སུ་གང་ལའང་ཆེད་འཛིན་གྱི་ཞེན་པ་མེད་པའི་ངང་ནས་ལས་འབྲས་ཀྱི་སྤང་བླང་ཕྲ་ཞིང་ཕྲ་བ་ནས་སློབ་པ་དང་། ཐེག་པ་རང་སའི་སྤྱོད་པ་ཐམས་ཅད་རྒྱལ་བའི་བཀའ་བཞིན་མ་འཁྲུལ་བར་སྤྱོད་ཅིང་། སྡོམ་གསུམ་འགལ་མེད་དུ་དྲིལ་ནས་ཉམས་སུ་བླང་། དྲོད་ཐོབ་ནས་སྤྱོད་པ་གསུམ་གྱིས་མཐར་དབྱུང་སྟེ་འབྲས་བུ་ལ་སྦྱོར་བ་ལགས། ཞེས་པ་འདིའང་སྨྱོས་བཙུན་རྨོངས་པ་དྷརྨ་ཤྲཱིས་ཆེད་དུ་བརྗོད་པ་དགེ་ལེགས་འཕེལ། ༈ ཤངས་ལུགས་ཉམས་ལེན་ཞལ་གདམས་ཕྲིན་ལས་ལ་གནང་བ། ༀ་སྭ་སྟི། གཉུག་མའི་ཡེ་ཤེས་བདེ་བ་ཆེས། །ཐུགས་རྒྱུད་ལེགས་གཏམས་བླ་མ་ལ། །ཕྱག་བྱས་སྙིང་གཏམ་བདུད་རྩིའི་བཅུད། །དད་ཅན་ཕྲིན་ལས་སྙན་དུ་གདམས། །༢རྟེན་བཟང་མི་ལུས་རིན་ཆེན་ཐོབ། །བླ་མ་སངས་རྒྱས་དངོས་དང་མཇལ། །དམ་ཆོས་སྨན་མཆོག་རྙེད་དུས་འདིར། །མདོ་དོན་དམ་པའི་ཆོས་ལ་དྲིལ། །༢འཇིགས་རུང་འཁོར་བའི་ངང་ཚུལ་བསམ། །སྐྱོ་ཤས་དྲག་པོས་ཡིད་བསྐུལ་ནས། །སྐྱབས་ཀུན་འདུས་ཞལ་བླ་མ་ལ། །རེ་ལྟོས་བཅས་པའི་གསོལ་


MLP014_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོབ། །༣འགྲོ་ཀུན་དྲིན་ཅན་ཕ་མ་རུ། །ངེས་ཤེས་བསྐྱེད་ལ་བྱམས་སྙིང་རྗེས། །དྲངས་བའི་ལྷག་བསམ་དྲག་པོ་ཡིས། །འགྲོ་སྒྲོལ་སྙིང་སྟོབས་ཕྲག་པར་ལོངས། །༤མ་དག་ལས་སྣང་ཞེན་པར་བཅས། །རྒྱུད་ལྔའི་བསྐྱེད་རིམ་འཁོར་ལོར་བསྒྱུར། །དག་རྫོགས་སྨིན་གསུམ་ལམ་འཁྱེར་གྱིས། །རིམ་པ་གཉིས་པའི་རྟེན་འབྲེལ་བསྒྲིགས། །༥གཏུམ་མོ་བདེ་བྲོད་རང་འབར་གྱིས། །ལས་རླུང་རྒྱུ་བ་དབུ་མར་ཆིངས། །ཙཎྜ་ལི་འབར་ཁམས་ཞུ་བདེའི། །འགྲོ་འོང་འགྲོས་བཞིས་བདེ་སྟོང་སྤེལ། །༦སྒྱུ་ལུས་ཆགས་སྡང་རང་གྲོལ་གྱིས། །ཅི་སྣང་ཆོས་ཀུན་སྒྱུ་མར་སྦྱོངས། །སྒྱུ་འཛིན་དྲི་མའང་ལེགས་བསལ་ནས། །གསལ་སྟོང་འཛིན་མེད་རྗེན་པར་སྐྱུར། །༧ཉིན་པར་དྲན་འདུན་དྲག་པོ་དང་། །མཚན་མོ་བརྩན་ཐབས་མན་ངག་གིས། །རྨི་ལམ་འཛིན་སྦྱོང་སྤེལ་བསྒྱུར་བཞིས། །ཉིང་འཁྲུལ་བག་ཆགས་རང་དག་འཚལ། །༨སྐྱོ་ཤས་མོས་གུས་དམ་རྫས་དང་། །སྤྱོད་ལམ་གནད་བཞིས་གཏི་མུག་མུན། །མི་རྟོག་བདེ་གསལ་དབྱེར་མེད་ཀྱིས། །འོད་གསལ་མཁའ་ལ་དྭངས་སུ་ཆུག །༩དམིགས་པ་འཆུག་མེད་འཁྲུལ་འཁོར་དང་། །བྱིན་རླབས་དག་སྣང་ལེགས་སྦྱར་ནས། །མྱུར་ལམ་འཕོ་བའི་རྣལ་འབྱོར་གྱིས། །འཁོར་བའི་ཡང་སྲིད་རྩ་བ་ཆོད། །༡༠ད་ལྟར་དྲན་འདུན་སྐྱོ་ཤས་ཀྱིས། །དགོས་དུས་མི་བསླུའི་གདེང་བཙལ་ནས། །སྐུ་གསུམ་ལམ་ཁྱེར་གནད་ཟབ་མོས། །བར་དོའི་འཁྲུལ་སྣང་སྦྱོང་བ་གཅེས། །༡༡ལར་ན་དེ་དྲུག་བསྲེ་ཐབས་ཀྱིས། །མཁའ་ལྡིང་ཤིང་རྟ་ལ་ཞོན་ནས། །སྲིད་ཞི་གཉིས་མེད་སྐུ་གསུམ་གྱི། །དགའ་སྐྱིད་བདེ་བའི་གྲོང་དེར་སོང་། །༡༢དེ་སྐད་ཤངས་པའི་སྙིང་གཏམ་བཅུས། །ཉམས་མྱོང་བདུད་རྩིའི་སྨན་མཆོག་འདི། །སྨྱོས་བཙུན་དྷརྨ་ཤྲཱིས་གདམས། །སེམས་ལ་བསྟིམས་ནས་ཉམས་སུ་ལོངས། །༡༣ ༈ ནི་གུ་ཆོས་དྲུག་གི་ཁྲིད་མཚམས་བྱེད་ལུགས་བྱ་རྒོད་པ་ཕྲིན་ལས་ཨོ་རྒྱན་ཆོས་འཕེལ་ལ་གནང་བ། ནི་གུ་ཆོས་དྲུག་གི་ཁྲིད་མཚམས་བྱེད་ན། ཐོག་མར་ཟླ་གཅིག་ཙམ་གྱི་བར་དུ་སྐྱབས་སེམས་སྔོན་དུ་འགྲོ་བས། དག་བྱེད་ཨའི་སྟོང་ར་གཅིག་པུ་ལ་སྒྲིལ་ནས་རྟགས་


MLP014_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་མ་བྱུང་ག ི་བར་དུ་བསྒོམ། དེ་རྗེས་ལུས་གནད་མེའི་སྟངས་ར་ལ་སྒྲིལ། དེས་རྟགས་ཅུང་ཟད་བྱུང་བ་དང་། གཏུམ་མོ་ཟས་སུ་ཟ་བ་ལ་གཙོ་བོར་སྒྲིལ། དེ་གཉིས་ཀའི་ཐུན་གཤམ་དུ་སྲིད་པའི་དབང་ཞུ་བ་ཚར་རེ་བསྒོམ་ཞིང་། དྲོད་གཏན་ལ་མ་ཕེབས་ཀྱི་བར་དུ་ཙབ་ཙུབ་མང་པོ་མི་བྱེད་པར་གཏུམ་མོ་རང་ལ་རྩོལ་བ་ཆེན་པོས་སྒྲིལ། མཚན་དུས་སྟན་དུ་འདིང་བ་སྦྱར་ཞིང་། དྲོད་གཏན་ལ་ཕེབས་ནས་གཏུམ་མོ་སྐོམ་དུ་འཐུང་བ་ཡང་བསྣན། དེ་རྣམས་ལ་ཟླ་ཤས་བསྒོམ། དེ་རྗེས་སྒྱུ་ལུས་ལ་སྤོས་ནས། དམིགས་པའི་གཙོ་བོ་རང་ལུས་སྣང་སྟོང་ལྷ་སྐུ། ཅིར་སྣང་སྒྱུ་མ་ལམ་ཁྱེར། འགྲོ་དྲུག་སྒྱུ་མར་འཆར་བྱེད་རྣམས་ལ་གཙོ་བོར་སྒྲིལ། སྒྱུ་ལུས་ཅི་རིགས་འབྱོངས་ནས་ཉིན་པར་སྒྱུ་ལུས་དང་། མཚན་མོ་རྨི་ལམ་བཟུང་བ་ཁ་སྦྱོར་དུ་བསྒོམས་ཀྱང་ཆོག་མོད། འོན་ཀྱང་རྨི་ལམ་ལའང་ཉིན་དུས་ནས་འདུན་པ་དང་དམིགས་པ་གལ་ཆེ་བས། སྒྱུ་ལུས་ཅུང་ཟད་གཏན་ལ་ཕེབས་ནས་རྨི་ལམ་འཛིན་པ། ཐིག་ལེ་དབང་བཞིའི་གནད་དང་། རྟོག་བཅས་ལམ་ཁྱེར་གཉིས་ལ་སྒྲིལ། སྦྱང་བ་སོགས་ཁྲིད་ཡིག་ནང་ལྟར་དམིགས་པ་གནད་ཆེ་ཞིང་ཆུན་ཆེ་བ་རེ་ལ་གཙོ་བོར་འདོན། རྨི་ལམ་ཟིན་འབྱོངས་ལ་ཅུང་ཟད་བརྟན་ནས། འོད་གསལ་ལ། མི་རྟག་སྐྱོ་ཤས་དང་བླ་མའི་མོས་གུས་གཉིས་སྔོན་འགྲོར་བཏང་། ཐབས་ལམ་རང་གདངས་དང་། སྤྱོད་ལམ་དམ་རྫས། ལམ་ཁྱེར་རྣམས་ཐུན་མཚམས་ཀྱི་སྤྱོད་པར་སྦྱར་ལ། ཐུན་གྱི་དངོས་གཞི་བཟུང་བའི་དམིགས་པ་ལས་གཙོ་བོར་བླ་མ་ལ་འཛིན་པ་ཁོ་ན་ལ་སྒྲིལ་ཞིང་ཟིན་ནས་བསྲེ་བ་གནད་གང་ཆེ་རེ་སྦྱར་བས་ཆོག །དེ་ལྟར་ཆོས་དྲུག་ལས། རྩ་བ་བཞི་པོ་དེ་ལ་བཙན་ས་ཟིན་པ་ཞིག་སྙིང་རུས་ཀྱིས་སྒོམ་དགོས། དེ་རྣམས་ཀྱི་ཞར་བྱུང་དུ། ཕྱི་མའི་མཚམས་སྦྱོར་ལ་འཕོ་བ་ཡེ་ཤེས་སྐར་ཁུང་མའི་དམིགས་པ་རེ་དང་། བར་དོ་ལ་ལོངས་སྐུ་ལམ་ཁྱེར་དང་། གནད་འཆུག་མེད་རེ་བསྒོམས་པས་ཆོག་གོ །གསོལ་འདེབས་ཤིག་རྩོམ་དགོས་ཟེར་བ། བླ་མར་རེ་གཏོས་འཆའ་ནུས་ན་ཚིག་མང་བའི་ཁ་ན་མེད་པས། བླ་མ་རིན་པོ་ཆེ། བདག་འཛིན་བློ་ཡིས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་


MLP014_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །ཞེས་གསོལ་བ་འདེབས་པ་ལས་གནད་ཆེ་བ་མེད་ཅིང་། ཚིག་ཀྱང་དེ་ཁོ་ན་བྱིན་རླབས་ཆེ་བ་ཡིན་ནོ། །ཞེས་པའང་བྱ་རྒོད་པ་ཕྲིན་ལས་ཨོ་རྒྱན་ཆོས་འཕེལ་གྱི་ངོར་དྷརྨཱ་ཤྲཱིས་སོ། །༈ སྡེ་པ་བཀྲ་ཤིས་ལ་གདམས་པ། དལ་འབྱོར་མི་ལུས་རིན་ཆེན་ཐོབ། །བླ་མ་དམ་པ་རྣམས་དང་མཇལ། །འཁོར་བའི་གཅོང་ནད་སེལ་བ་ཡི། །སྨན་མཆོག་ཆོས་དང་མཇལ་དུས་འདིར། །༡གཏན་གྱི་འདུན་མ་མ་བསྒྲུབས་ན། །ཕྱིན་ཆད་མཐུན་རྐྱེན་འཛོམ་པ་དཀའ། །དེ་ཕྱིར་བླ་མ་དཀོན་མཆོག་ལ། །རེ་ལྟོས་ལིངས་ཀྱིས་སྐྱུར་ནས་ཀྱང་། །༢འཇིགས་རུང་འཁོར་བའི་ཆུ་གཏེར་ལས། །ངེས་པར་ཐར་བའི་གསོལ་བ་འདེབས། །མཁའ་ཁྱབ་འགྲོ་ཀུན་རང་ཉིད་ཀྱི། །ཕ་མ་ཡིན་པར་ལེགས་བསམས་ནས། །༣བྱམས་དང་སྙིང་རྗེའི་ལྷག་བསམ་གྱིས། །གཞན་གྱི་ཕན་བདེ་སྒྲུབ་པ་ལ། །རྟག་ཏུ་གཡེལ་བ་མེད་པ་གཅེས། །མདོར་ན་གཉེན་བཤེས་འཁོར་འདབ་ཀུན། །༤དམ་པའི་ཆོས་ལ་ལེགས་དྲངས་ནས། །ཀུན་ཀྱང་སྡིག་སྤོང་དགེ་སྒྲུབ་དང་། །ཡིག་དྲུག་བཟླ་ལ་འབད་པར་མཛོད། །དེ་ལྟར་མཛད་པས་གཏན་འདུན་འགྲུབ། །༥ཅེས་པ་སྡེ་པ་བཀྲ་ཤིས་ཀྱི་གསུང་ངོར་དྷརྨ་ཤྲཱིས་ཆེད་དུ་བརྗོད་པའོ། །༈ ཁམས་དབོན་འགྱུར་མེད་བསོད་ནམས་ལ་གདམས་པ། ༀ་སྭ་སྟི། རབ་འབྱམས་རྒྱལ་བ་སྲས་བཅས་ཀྱི། །ཐུགས་རྗེ་ཕྲིན་ལས་འདུས་པའི་དཔལ། །ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྗེར། །སྙིང་ནས་གསོལ་འདེབས་སྐྱབས་སུ་མཆི། །གསན་དང་འགྱུར་མེད་བསོད་ནམས་ཀྱེ། །རྙེད་དཀའི་དལ་འབྱོར་ལུས་རྟེན་ཐོབ། །ཡོངས་འཛིན་བཤེས་གཉེན་དམ་པས་ཟིན། །རྒྱལ་བའི་བསྟན་དང་མཇལ་དུས་འདིར། །མདོ་དོན་དམ་པའི་ཆོས་ལ་དྲིལ། །བཀའ་དྲིན་མཉམ་མེད་བླ་མ་ལ། །སྙིང་ནས་རེ་ལྟོས་ལེགས་བཀལ་ཏེ། །ཅི་མཛད་ལེགས་མཐོང་བཀའ་བཞིན་སྒྲུབས། །མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན། །རང་གི་ཚེ་རབས་ཕ་མ་སྟེ། །སྡུག་བསྔལ་དྲག་པོས་མནར་བ་ལ། །བྱམས་དང་སྙིང་རྗེས་ཕན་པ་སྒྲུབས། །ཡུན་ཐུང་ཚེ་འདིའི་བདེ་སྐྱིད་


MLP014_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །འབད་པས་བསྒྲུབ་པའི་ཚུལ་བསམས་ན། །ནམ་གཞག་གཏན་འདུན་དམ་ཆོས་ལ། །བརྩོན་པར་མི་བྱེད་སྨྱོའམ་ཅི། །དེ་ཕྱིར་འདི་ལྟོས་དཔལ་འབྱོར་ལ། །མ་ཆགས་རང་གཞན་དོན་སྒྲུབ་ཕྱིར། །ཚུལ་ཁྲིམས་ས་གཞི་ལས་སྐྱེས་པའི། །ཏིང་འཛིན་སྡོང་བུར་ཤེས་རབ་ཀྱི། །མེ་ཏོག་མཚར་བཞད་རབ་ཆགས་ནས། །རྣམ་གྲོལ་འབྲས་བུ་སྨིན་པར་མཛོད། །ཐུབ་བསྟན་སྤྱི་དང་ཁྱད་པར་དུ། །རིག་འཛིན་པདྨའི་རིང་ལུགས་དང་། །ཡང་སྒོས་གཏེར་ཆེན་ཆོས་ཀྱི་རྗེའི། །བསྟན་པ་སྙིང་དབུས་ལེགས་བཅངས་ནས། །བཤད་སྒྲུབ་ལས་གསུམ་བྱ་བ་ཡིས། །སྤེལ་བའི་སྙིང་སྟོབས་ཕྲག་པར་ལོངས། །གནས་སྐབས་སུ་ཡང་ལུགས་གཉིས་ཀྱིས། །བསྟན་སྡེའི་ཞབས་ཏོག་སྒྲུབ་པ་ལ། །ཡུལ་དུས་བསྟུན་པའི་བྱ་བཞག་ཀུན། །རང་འཚེངས་གཞན་སྨོན་ཡོང་བ་འཚལ། །དེ་ལས་འདི་ཕྱིའི་ལེགས་ཚོགས་ཀུན། །དཔག་བསམ་ཤིང་དང་བུམ་པ་བཟང་། །ཡིད་བཞིན་ནོར་བུ་ཇི་ལྟ་བར། །རེ་འབྲས་མ་ལུས་འགྲུབ་པར་འགྱུར། །དེ་སྐད་བློ་ལྡན་ཁམས་པ་བ། །དབོན་པོ་འགྱུར་མེད་བསོད་ནམས་ལ། །རྒན་པོ་དྷརྨ་ཤྲཱིས་གདམས། །ཕྱོགས་དུས་དགེ་ལེགས་འཕེལ་གྱུར་ཅིག །ཤུ་བྷ་མསྟུ། ༈ འགྱུར་མེད་མཆོག་གྲུབ་བཟང་པོར་གདམས་པ། ༀ་སྭ་སྟི་སིདྡྷཾ། མཁྱེན་བརྩེ་ནུས་པའི་བདག་ཉིད་གཏེར་བདག་གླིང་། །བཀའ་དྲིན་འགྲན་ཟླ་མེད་པ་དེར་བཏུད་ནས། །དད་པའི་པད་མཚོར་བདག་ཡིད་ངང་མོ་གང་། །རྣམ་པར་རྩེན་ལས་སྙིང་གཏམ་མགྲིན་རྔ་འཁྲོལ། །བྱ་དཀའ་ཆོད་ཆུང་འཇིག་རྟེན་པ་ཡི་ལས། །ཇི་ལྟར་བསྒྲུབས་ཀྱང་བསླུ་བའི་ཆོས་ཅན་ཏེ། །འདི་དང་ཕྱི་མའི་སྲིད་པ་ཐམས་ཅད་དུ། །མི་བསླུ་ངེས་པ་དམ་ཆོས་ཁོ་ན་ཡིན། །དེ་སླད་གནས་སྐབས་མེད་ཐབས་མེད་འདྲ་བའི། །འཇིག་རྟེན་བདེ་བ་ཆུང་འདིར་མ་ཆགས་ཤིང་། །ལེ་ལོ་སྡིག་གྲོགས་དབང་དུ་མི་གཏོང་བར། །རྟག་ཏུ་དམ་ཆོས་ལས་ལ་བརྩོན་པར་མཛོད། །དལ་འབྱོར་མི་ལུས་འདི་འདྲ་རྙེད་དཀའ་ཞིང་། །འཇིག་སླ་འཇིག་རྟེན་ཕ་རོལ་སྐྱས་འདེགས་ཚེ། །གར་སྐྱེའི་རང་དབང་ཡོད་པའང་མ་ཡིན་པས། །ཕྱི་མ་གཏན་གྱི་དོན་ཆེན་ད་ལྟ་སྒྲུབས། །བསླུ་མེད་


MLP014_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཆོག་སངས་རྒྱས་ཆོས་དགེ་འདུན། །སྟོན་པ་ལམ་དང་གྲོགས་སུ་ལེགས་བསྟེན་ནས། །སྙིང་ནས་རེ་ལྟོས་བཅས་ཏེ་སྐྱབས་སུ་འགྲོ། །འདི་ནི་ཆོས་རྣམས་ཀུན་གྱི་རྨིང་རྡོ་ལགས། །ཉེས་སྤྱོད་བསྲུང་བའི་བསླབ་པས་མ་བསྡམས་ན། །སྒོ་གསུམ་བག་མེད་སྤྱོད་པས་ངན་འགྲོ་སྒྲུབ། །དེ་ཕྱིར་རང་གིས་ཇི་ལྟར་ཁས་བླངས་པའི། །ཚུལ་ཁྲིམས་བསླབ་པ་སྲོག་ལྟར་གཅེས་པར་སྲུངས། །སྒོམ་བློ་བགྱིད་ཀྱང་ཐོས་པའི་མིག་མེད་ན། །སྒྲུབ་ཚུལ་མི་ཤེས་ལམ་མཆོག་བརྡོག་སྣར་མཛད། །དེ་ཕྱིར་ངོམས་པ་མེད་པར་ཐོས་པའི་དོན། །བསགས་ནས་བསམ་བྱུང་རིག་པས་རྟག་ཏུ་སྐྱོངས། །མང་དུ་ཐོས་ཀྱང་ཉམས་སུ་མ་བླངས་ན། །མིག་ལྡན་འཕྱེ་བོས་འདོད་སར་ཇི་ལྟར་སླེབ། །དེ་ཕྱིར་སྒོམ་པའི་ཤེས་རབ་གྲུ་ཆེན་ལ། །ཞོན་ནས་འཁོར་བའི་མཚོ་ལས་ཐར་བར་མཛོད། །ཡང་དག་ལྟ་བའི་གདེང་གིས་མ་ཟིན་ན། །སྒོམ་སྒྲུབ་གང་བགྱིས་འདུས་བྱས་དགེ་བ་ཙམ། །དེ་ཕྱིར་འཁོར་འདས་ཆོས་ཀུན་རིག་པའི་ག །ཤིས། །བརྗོད་བྲལ་གདོད་མའི་དབྱིངས་སུ་ལ་ཟློ་འཚལ། །ལྟ་བའི་གོ་ཡུལ་བཟང་རུང་མ་བསྒོམས་ན། །ལམ་རྒྱུས་མཁས་ཀྱང་མ་ཕྱིན་ག་ལ་སླེབ། །དེ་ཕྱིར་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་གྱིས། །སྐྱེ་འཆི་བར་དོ་གསུམ་གྱི་འཁྲུལ་སྣང་སྦྱོངས། །ཤན་འབྱེད་སྤྱོད་པར་བསླབ་དུས་འཁོར་བའི་ཆོས། །མེད་སྣང་སྒྱུ་འདྲར་གོ་ཡང་མ་རྟོགས་པར། །དཀར་ནག་ལས་ཀྱི་འབྲས་བུ་མི་བསླུ་བས། །སྡིག་སྤོང་དགེ་སྒྲུབ་ལག་ལེན་མཁས་པར་མཛོད། །ཡོན་ཏན་བསམས་ལ་དེ་རྒྱུ་སྒྲུབ་ལ་འབུངས། །ཡིད་བཞིན་ནོར་བུ་ལོན་ཡང་མ་མཆོད་ན། །དེ་ལས་འདོད་པའི་འབྲས་བུ་ཅི་མི་འབྱུང་། །དེ་ཕྱིར་སྐྱབས་མཆོག་བླ་མ་དམ་པ་ལ། །ཁ་ཞེ་མེད་པའི་མོས་གུས་ཞབས་ཏོག་སྒྲུབས། །རང་བློ་རང་གིས་འཆུན་པར་མ་གྱུར་ན། །གང་དུ་བསྡད་ཀྱང་དམ་ཆོས་མི་འགྲུབ་པས། །དགེ་འདུན་ཚོགས་སམ་དབེན་པར་འདུག་ཀྱང་རུང་། །སྲིད་པའི་བདེ་འབྱོར་འདོད་པའི་རྩ་བ་ཆོད། །འཁོར་བའི་དཔོན་ལ་རེ་ལྟོས་མི་འཆའ་ཞིང་། །ལོངས་སྤྱོད་འབྱོར་གྲོགས་རྨི་ལམ་ལྟར་ཤེས་པས། །སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར། །རྟག་ཏུ་དབུ་མའི་སྤྱོད་པས་འཚོ་བར་མཛོད། །དབང་ཡོད་དུས་ཀྱང་དགྲ་འདུལ་གཉེན་སྐྱོང་བ། །ཆོས་པ་ལྟ་


MLP014_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་སྐྱེ་བོ་དྲ་མའང་མིན། །དེ་ཕྱིར་འགྲས་འདྲིས་བར་མའི་འགྲོ་ཀུན་ལ། །གང་ཕན་སྒྲུབ་པ་རབ་ཏུ་བྱུང་བའི་ལས། །གནས་སྐབས་བྱ་བྱེད་གང་ལའང་མཛངས་པའི་བློས། །ལེགས་པར་བརྟགས་ནས་འཇུག་པ་མཁས་པའི་ལུགས། །མ་བརྟགས་གྱ་ཚོམ་ཞུགས་ན་དམ་ཆོས་ཅི། །འཇིག་རྟེན་ཕུན་ཚོགས་ཕྲ་མོའང་འགྲུབ་མི་འགྱུར། །ལོ་རེའི་རྒྱགས་ཕྱེའི་ཆེད་དུ་ཞིང་པ་རྣམས། །སྐྱོ་དུབ་མེད་པར་སོ་ནམ་ལ་བརྩོན་ལ། །ནམ་ཞག་གཏན་གྱི་འདུན་མ་དམ་པའི་ཆོས། །དཀའ་བར་བསམ་ནས་མི་བསྒྲུབ་བླུན་པོ་ཡིན། །བྲེ་གང་བྲེ་དོའི་ཚོང་ལ་རྒྱལ་ཕམ་གྱི། །རྩིས་གདབ་བྱེད་ན་གཏན་འདུན་ཆོས་ཀྱི་ནོར། །བཤེས་གཉེན་དམ་པའི་ཚོང་དཔོན་ལ་བརྟེན་ནས། །དད་བརྩོན་རིན་གྱིས་མི་ཉོ་སྨྱོ་འམ་ཅི། །དང་པོར་ཁྱིམ་སྤངས་རབ་ཏུ་བྱུང་ན་ཡང་། །དགྲ་གཉེན་ཕྱོགས་ལ་ཆགས་སྡང་གིས་འཚོ་བ། །ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་འཛིན་པ་ཞེས། །སྟོན་པ་ཐམས་ཅད་གཟིགས་དེས་སྨད་པར་མཛད། །དེ་ཕྱིར་མགོ་རེག་ངུར་སྨྲིག་གོས་ཙམ་གྱིས། །རབ་ཏུ་བྱུང་བའི་གྲངས་སུ་མི་འགྲོ་བས། །འཁོར་བ་དུག་ཅན་མཚོ་ལས་ལུས་ཅན་རྣམས། །བསྒྲལ་ཕྱིར་ཐོས་བསམ་སྒོམ་ལ་འབད་པར་མཛོད། །མདོར་ན་དགེ་བའི་བཤེས་ལ་རབ་དད་ཅིང་། །གྲོགས་ལ་དག་སྣང་འགྲོ་ཀུན་ཕ་མར་བལྟ། །སྒོ་གསུམ་ཅི་བྱེད་ཆོས་དང་མི་འགལ་བས། །རང་གཞན་དོན་གཉིས་སྒྲུབ་ལ་བརྩོན་པར་མཛོད། །དེ་ལྟར་དམ་ཆོས་སྒྲུབ་ལ་གཅེས་པའི་གཏམ། །ཉུང་གསལ་འདི་འདྲ་དྷརྨ་ཤྲཱི་ཡིས། །དོན་གཉེར་འགྱུར་མེད་མཆོག་གྲུབ་བཟང་པོར་གདམས། །ཉིན་རེ་བཞིན་ཡང་འདིར་གཟིགས་ལག་ཏུ་ལོངས། །དགེ་དེས་སྐུལ་བ་པོ་ཡིས་ཐོག་དྲངས་ནས། །བདག་དང་མཐའ་ཡས་མ་གྱུར་འགྲོ་བ་ཀུན། །དམ་ཆོས་ཚུལ་བཞིན་སྤྱོད་པས་སྒྲིབ་གཉིས་ལས། །རྣམ་གྲོལ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཤུ་བྷ་མསྟུ། ༈ མཁན་ཆེན་དྷརྨ་ཤྲཱིས་གསུང་སྙན་དབུ་མཛད་ལ་སྩལ་བའི་ཞལ་གདམས་ཨེ་མ་ཧོ། ཕ་བླ་མ་དམ་པའི་ཞབས་ལ་འདུད། །ཁྱེད་དམ་ཆོས་སྙིང་ནས་མཛད་བཞེད་ན། །ཚེ་འདིར་སྣང་བཙན་ཕྱུག་ལོངས་


MLP014_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་སོགས། །ལྟར་སྣང་གི་བདེ་བ་བག་ཙམ་རེ། །དུད་འགྲོས་ཀྱང་འགྲུབ་མོད་སྙིང་པོ་ཅི། །ཚུལ་དེས་ན་དམ་ཆོས་ལས་གཞན་པའི། །བྱ་བྱེད་ཀུན་སྡུག་བསྔལ་གྱི་ཡོ་ལང་སྟེ། །བྱས་པ་དོན་མེད་དུ་ཐག་ཆོད་ལ། །ཚེ་འདིར་ཞེན་ལོག་པ་གཅིག་རང་འཚལ། །དེ་ལོག་ནས་སངས་རྒྱས་ཀྱི་རྒྱུ་དྲུང་སོང་། །བྱང་ཆུབ་ཀྱི་སེམས་ཡིན་འདི་ལྟར་སྦྱང་། །མཁའ་ཁྱབ་སེམས་ཅན་གྱི་ཕུང་པོ་ཀུན། །རང་ཉིད་དང་ཕན་ཚུན་ཕ་མ་བུ། །ཁྱོ་ཤུག་སོགས་ལན་གྲངས་དཔག་མེད་བྱས། །དེ་ཀུན་ཀྱང་བདེ་བ་འདོད་འདོད་ནས། །སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ། །དུས་རྟག་ཏུ་སྤྱོད་པས་སྨྱོན་པ་འདྲ། །དེ་བསམ་ལ་རང་ཞི་བདེ་འདོད་བློ། །རྨི་ལམ་གྱི་ནང་དུའང་མི་དྲན་པར། །མ་འགྲོ་དྲུག་སེམས་ཅན་ཕན་བདེའི་ཁུར། །ལྷག་བསམ་གྱི་ཕྲག་པར་ལེན་པ་གཅེས། །བྱམས་སྙིང་རྗེས་གཞི་སློངས་བྱང་ཆུབ་སེམས། །རི་དབང་ལྟར་མི་གཡོ་བརྟན་པར་ཟུངས། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་དང་། །རྗེ་མཉམ་མེད་མཚན་ལྡན་བླ་མ་ལ། །ཚེ་འདི་ཕྱིའི་ཕན་བདེའི་རྩ་བ་གཏོད། །བློ་སྣ་མོས་གུས་སུ་དྲིལ་བར་འཚལ། །འཁོར་ལོ་གཅིག་སྦྱར་བའི་ཤིང་རྟ་ཡིས། །དོན་འདོད་སར་སླེབས་པ་ཅང་མཆིའམ། །ཚོགས་གཉིས་པོ་ཟུང་འཇུག་འཁོར་ལོའི་འགྲོས། །བག་ཡོད་ཀྱི་ཤིང་རྟར་སྦྱོར་བ་གཅེས། །རང་ལུས་དང་སྣོད་བཅུད་ལྷའི་འཁོར་ལོ། །གསལ་སྟོང་འཛིན་མེད་ཀྱི་ངང་དུ་སྦྱོངས། །ངག་རླུང་དང་སྒྲར་གྲགས་སྔགས་ཀྱི་སྒྲ། །གྲགས་སྟོང་གཞོམ་མེད་ཀྱི་རོལ་པར་བསྲེས། །སེམས་འགྱུ་དྲན་རྩ་བྲལ་རང་རིག་ལ། །བསལ་བཞག་གི་སྒོམ་མནོའི་ལྷད་མ་ཞུགས། །བློ་གྲོས་གུ་ཡངས་སུ་རྗེན་པར་སྐྱོངས། །འཕྲལ་སྣང་གི་བྱ་སྤྱོད་མཐོ་དམའ་ལ། །ཆགས་སྡང་གི་རྟོག་པ་གང་སྐྱེས་ཀྱང་། །དེ་ཉིད་ལ་མ་ཡེངས་ཅེར་ཅེར་ལྟོས། །གཞི་མེད་རྩ་བྲལ་གྱི་དབྱིངས་སུ་སྐྱོལ། །མཐར་དུས་གསུམ་བསགས་དང་ཡོད་པའི་དགེ །ཡོངས་མཐའ་ཡས་འགྲོ་བའི་དོན་ཕྱིར་བསྔོས། །ཚུལ་དེ་སྐད་གསུང་སྙན་དབུ་མཛད་ལ། །སྙོམས་ལས་མཁན་དྷརྨ་ཤྲིས་གདམས། །འདི་ལག་ཏུ་ལོངས་ན་བདུད་རྩིའི་གཏམ། །གཞན་ཐོས་སྒྲོག་ཙམ་ལ་སྙིང་པོ་ཅི། །དགེ་ལེགས་འཕེལ།


MLP014_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཏན་གྱི་སྐྱབས་གཅིག་བླ་མ་དང་། །དཀོན་མཆོག་གསུམ་ལ་ཕྱག་བཙལ་ནས། །སྙིང་གཏམ་བདུད་རྩིའི་བཅུད་ལེན་འདི། །ཀུན་བཟང་ཕུན་ཚོགས་སྙན་དུ་གདམས། །རྙེད་དཀའི་མི་ལུས་རིན་ཆེན་ཐོབ། །མཐོང་བར་དཀའ་བའི་བཤེས་གཉེན་མཇལ། །སྡུག་བསྔལ་སྨན་མཆོག་དམ་ཆོས་དང་། །འཕྲད་དུས་ད་རེས་གཏན་བདེ་སྒྲུབས། །དོན་མེད་ཚེ་འདིའི་ཕུན་ཚོགས་ཆེད། །གཏན་འདུན་དམ་ཆོས་མི་འདོར་ཞིང་། །ཆོས་ལ་བཟོད་པ་མ་ཐོབ་བར། །ངན་འགྲོར་མི་ལྟུང་གདེང་མེད་པས། །དེ་རྒྱུ་སྡིག་ལྟུང་སྦྱོང་བ་དང་། །གཉེན་པོ་གཅིག་ཏུ་དཀར་བའི་ལས། །སྡིག་པ་ཕྲ་མོའང་མ་འདྲེས་པར། །བརྟེན་པའི་ལག་ལེན་མཁས་པར་མཛོད། །སྲིད་རྩ་བདག་འཛིན་རྟོག་པའི་གཟེབ། །ཤེས་རབ་རྣམ་གསུམ་རལ་གྲིས་ཆོད། །དངོས་འཛིན་གདོན་གྱིས་བརླམས་པའི་འགྲོར། །གཅེས་པའི་བུ་ལ་མ་བཞིན་དུ། །རྩ་བ་བཟོད་མེད་སྙིང་རྗེ་དང་། །བསམ་པ་བྱང་ཆུབ་སེམས་བསྐྱེད་དེ། །སྦྱོར་བ་ཕ་རོལ་ཕྱིན་དྲུག་གི །།རྒྱལ་སྲས་སྤྱོད་མཆོག་རེམས་ལ་སྒྲུབས། །ཅིར་སྣང་གསལ་སྟོང་ལྷ་ཡི་སྐུ། །སྒྲར་གྲགས་གཞོམ་མེད་སྔགས་ཀྱི་གདངས། །དྲན་རིག་བདེ་སྟོང་འོད་གསལ་གྱིས། །ཐ་མལ་སྣང་ཞེན་སྦྱོང་བར་མཛོད། །སྤྲོས་པའི་ཆོས་རྣམས་བློས་བླངས་ཏེ། །བློ་འདས་གནས་ལུགས་དོན་ལ་སྒྲིབ། །ཀ་དག་རང་རིག་འགྱུར་མེད་དང་། །ལྷུན་གྲུབ་སྣང་བཞིའི་རྟོག་རྩལ་སྦྱོངས། །མཉམ་བཞག་མི་རྟོག་ཡེ་ཤེས་དང་། །རྗེས་ཐོབ་སྒྱུ་མའི་ཡོ་ལང་ངང་། །རྒྱུ་འབྲས་རྟེན་འབྲེལ་འགྲོས་རིག་པས། །བླང་དང་དོར་བྱའི་ཤན་ཕྱེད་གཅེས། །སྙིང་ནས་སྙིང་གཏམ་བདུད་རྩིའི་ཚིག །བྱ་བཏང་གང་ལ་བསླབ་བྱར་གདམས། །དགེ་འདིས་འགྲོ་བའི་དགེ་ཚོགས་ཀླུང་། །ཀུན་མཁྱེན་རྒྱ་མཚོར་ཀུན་འབབ་ཤོག །ཅེས་དྷརྨ་ཤྲཱིས་སོ། །༈ ༀ་སྭ་སྟི། དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག །འགྲན་གྱི་དོ་མེད་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དད་ལྡན་དཀོན་མཆོག་དབང་པོ་ཀྱེ། །ཁྱེད་གཏན་


MLP014_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་སྒྲུབ་ན་འདི་ལྟར་མཛོད། །འཁོར་བའི་སྡུག་བསྔལ་ལེགས་བསམ་ནས། །ལས་མི་དགེ་རྩི་དུག་ལྟ་བུར་སྤོངས། །དགེ་བ་སྒྲུབ་ལ་མཁས་པར་མཛོད། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །རེ་ལྟོས་ལིང་སྐྱུར་གྱིས་བློ་ཕུགས་གཏོད། །མ་འགྲོ་དྲུག་སེམས་ཅན་ཕན་བདེའི་ཁུར། །སྙིང་སྟོབས་ཀྱིས་ཕྲག་པར་རྟག་ཏུ་ལོངས། །རྗེ་མཚན་ལྡན་བླ་མའི་རྣམ་ཐར་ལ། །ཅི་མཛད་ལེགས་མཐོང་གི་མོས་གུས་དང་། །ཅི་གསུང་ཚད་འཛིན་གྱི་ངེས་ཤེས་དང་། །ཐུགས་ཅི་མཉེས་སྒྲུབ་ལ་བསླབ་པར་འཚལ། །མ་དག་ལས་སྣང་ལྕགས་ཀྱི་ཁམས། །བསྐྱེད་རིམ་འགྱུར་རྩིའི་གནད་ཟབ་མོས། །ལྷ་སྐུ་དག་སྣང་གི་གསེར་དུ་སྒྱུར། །ཅི་མཐོང་སྣོད་བཅུད་ཀྱི་སྣང་བ་འདི། །རང་སེམས་ཀྱི་རྩལ་དུ་ཐག་བཅད་ནས། །དེ་སྣང་སྟོང་ལྷ་སྐུ་ལམ་དུ་ཁྱེར། །ཅི་སྨྲས་དང་ཅི་ཐོས་སྒྲ་གྲགས་ཀུན། །གྲགས་སྟོང་གསང་སྔགས་ཀྱི་རང་སྒྲར་སྒྱུར། །ཡིད་ཅི་འགྱུར་གྱི་རང་ངོར་ཆེར་ལྟོས་ལ། །བསལ་བཞག་གི་སྒོམ་བློའི་ལྷད་མ་འཇུག །རིག་སྟོང་རྗེན་པར་སྐྱུར་ལ་ཐོངས། །ལར་བྱ་སྤྱོད་གང་དང་ཅི་སྒྲུབ་ཀྱང་། །བྱང་ཆུབ་སེམས་ཀྱིས་གཞི་བླངས་ནས། །དམིགས་མེད་ཀྱི་རྩིས་ཟིན་དགེ་ལ་འབད། །མཐར་ཟུང་འཇུག་བསྔོ་བས་རྒྱས་གདབ་བྱ། །ཚུལ་དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས། །ཚོགས་གཉིས་སྒྲུབ་ལ་འབད་པར་འཚལ། །དེ་སྐད་དུ་དད་ཅན་མོས་པའི་ངོར། །སྨྱོས་བཙུན་དྷརྨ་ཤྲཱིས་སྨྲས། །ཐུགས་ལ་བཞག་ནས་ཕྱག་ཏུ་ལོངས། །དོན་ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །༈ ༀ་སིདྡྷི་རསྟུ། དཔལ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །མཐའ་ཡས་ཀྱི་ཡོན་ཏན་རྫོགས་པའི་སྤྲིན། །རླབས་ཆེན་ཕྲིན་ལས་ཀྱི་ཆོས་ཆར་འབེབས། །ཕ་གཏེར་བདག་གླིང་པའི་ཞབས་ལ་འདུད། །འཛིན་མེད་སྒྱུ་ལུས་ཀྱི་ས་གཞི་ལ། །རྨི་ལམ་སྤྲུལ་བསྒྱུར་གྱི་མྱུ་གུ་རྒྱས། །གསལ་སྟོང་འོད་གསལ་གྱི་ལོ་ཐོག་སྨིན། །དཔལ་ཆོས་སྐྱོང་རྒྱལ་མཚན་ལའང་འདུད། །རྗེ་བཀའ་དྲིན་ཟླ་བྲལ་རྣམ་གཉིས་ལ། །མཐོར་ཐོང་དམར་ཐོང་གསོལ་བ་འདེབས། །སྐྱིད་རུང་སྡུག་རུང་ཐུགས་རྗེས་ཟུངས། །མཆོག་གི་དངོས་གྲུབ་ལ་ཡིད་རྟོན་པས། །རྣལ་འབྱོར་ལ་


MLP014_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པ་ལྷུར་བྱེད་པ། །གྲོགས་སྐལ་བཟང་བློ་ལྡན་ལྷུན་གྲུབ་ལ། །ཡིད་འཕྲེང་བས་འགྲོ་ཆོས་སྙིང་གཏམ་སྨྲ། །ད་ཁྱོད་རང་སྙིགས་དུས་ཚེ་ཐུང་འདིར། །བྱས་པ་ལོ་འདོད་ཀྱི་བསླབ་སྦྱོང་བས། །རྗེ་མཚན་ལྡན་བླ་མའི་བཀའ་བཞིན་དུ། །སྒོམ་ཉམས་ལེན་གནད་ལ་དྲིལ་ན་འཚེངས། །དལ་འབྱོར་འདི་རྙེད་དཀའ་འཇིག་སླ་བས། །བསླུ་མེད་ཀྱི་ལས་འབྲས་སྨིན་ཚུལ་སོམས། །འཁོར་བ་འདིར་ཡུན་རིང་སྡུག་ཐང་ཆད། །སྡུག་བསྔལ་གྱིས་མནར་ཡུན་དེ་ཙམ་ཡིན། །སྐྱོ་ཤས་དང་ངེས་འབྱུང་དྲག་པོ་ཡིས། །ཚེ་འདི་ཡི་འཁྲི་བ་རྦད་ཀྱིས་ཆོད། །རང་བྱུང་ངམ་བྱ་བཏང་དེ་ལ་ཟེར། །ངེས་ལེགས་ཀྱི་ཐེག་པའི་རྨང་རྡོ་ལགས། །སྡུག་བསྔལ་གྱི་ཡོ་ལང་ལ་རྟག་སྤྱོད་པའི། །མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་ལ། །བཅོས་མིན་གྱི་བྱམས་དང་སྙིང་རྗེ་ཡིས། །མ་རྒན་འགྲོ་ཀུན་གྱི་ཕན་བདེའི་ཁུར། །ལྷག་བསམ་དྲག་པོས་ཕྲག་པར་ལོངས། །འདི་ཐེག་ཆེན་ལམ་སྤྱིའི་གཞུང་ཤིང་ཡིན། །སྲིད་པ་འདིར་ལུས་ངག་ཡིད་གསུམ་དང་། །མྱོང་ཚོར་གྱི་བདེ་སྡུག་བཏང་སྙོམས་རྣམས། །ཁུ་རྡུལ་རླུང་གསུམ་གྱི་འགྱུར་བ་ལས། །འབྱུང་བས་འཁོར་བའི་གཉིས་སྣང་རྒྱུ། །སྣང་གསུམ་སྟེ་དེ་ཉིད་སྦྱོང་བའི་ཐབས། །ཐུང་མོང་ཙམ་མ་ཡིན་ཁྱད་པར་ལམ། །མཀྵི་ཀའི་སྦྱོར་བས་ཐེབས་ཙམ་གྱིས། །ལྕགས་ཡུད་ཀྱིས་གསེར་དུ་འགྱུར་བ་ལྟའི། །ཐབས་ཟབ་མོ་གསང་སྔགས་ལམ་ལ་བརྟེན། །འཁོར་འདས་ཀྱི་ཆོས་ཀུན་རྨི་ལམ་ལྟར། །སྣང་ཙམ་ནས་རང་བཞིན་གྲུབ་པ་མེད། །དེར་སྣང་ཞིང་ཞེན་པ་འཁྲུལ་པའི་བློ། །འདི་ཀུན་རྫོབ་བདེན་གཉིས་ཟུང་འཇུག་སྟེ། །སྦྱང་གཞི་མ་ཡིན་སྦྱང་བྱ་ལགས། །དོན་དམ་པར་སྣོད་རྣམས་གཞལ་ཡས་ཁང་། །བཅུད་སེམས་ཅན་གདན་གསུམ་ཚང་བའི་ལྷ། །དེ་སྣང་ལུགས་མ་ཡིན་གནས་ལུགས་ཏེ། །གཡས་གཡོགས་པའི་གསེར་ཁམས་རང་བཞིན་ལྟར། །གཞི་གཉུག་སེམས་འོད་གསལ་བྱང་ཆུབ་སེམས། །གདོད་མ་ནས་ལྷུན་གྲུབ་བདེ་གཤེགས་ཁམས། །འདི་དོན་དམ་བདེན་གཉིས་ཟུང་འཇུག་སྟེ། །སྦྱང་བྱ་མ་ཡིན་སྦྱང་གཞི་ལགས། །སྦྱོང་བྱེད་ཀྱི་ཐབས་ནི་བསྐྱེད་རྫོགས་ཏེ། །སྦྱང་བྱའི་ཆོས་ཀུན་རྫོབ་འཁྲུལ་སྣང་འདི། །སྦྱང་གཞི་ལྟར་དག་པའི་སྣང་བར་བསྒྱུར། །དེར་སྣང་གྲགས་དྲན་རྟོག་ལྷ་དང་


MLP014_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། །འོད་གསལ་གྱི་འཁོར་ལོའི་ཁྱེར་སོ་ཡིས། །འཁོར་བའི་སྣང་ཞེན་འདི་ལེགས་སྦྱངས་པས། །འོག་མིན་གྱི་མཐར་ཐུག་འཇིག་རྟེན་པའི། །དངོས་གྲུབ་རྣམས་འབད་མེད་འགྲུབ་པར་གསུངས། །དེ་ཙམ་གྱིས་ཆོག་པར་འཛིན་པའི་བློ། །སྤངས་ནས་ཟུང་འཇུག་མངོན་སུམ་གྱི། །ལམ་རྫོགས་པའི་རིམ་པ་འབད་ནས་འཚོལ། །རྟ་རྒོད་ལྟར་འདུལ་བར་དཀའ་བའི་སེམས། །བྱེད་བཅིངས་སྲབ་སྐྱོགས་ཀྱིས་ལེགས་པར་ཆུན། །ཡུལ་ཡུལ་ཅན་འབྲེལ་པ་བཅད་བྱས་ཏེ། །གཡོ་མེད་ཀྱི་མཉམ་བཞག་གསལ་བའི་ངང་། །རང་བཞིན་འོད་གསལ་གྱི་སྣང་བ་འཆར། །རྩ་དག་པས་སྐུ་ཡི་རྡོ་རྗེར་གྲགས། །འཁོར་བའི་གཞི་ལས་རླུང་རྒྱུ་བ་བཅད། །རོ་རྐྱང་གི་འཕོ་ཆེན་དབུ་མར་བཅིངས། །རླུང་སེམས་ལ་དབང་འབྱོར་འཆི་ལས་རྒྱལ། །འདི་རླུང་དག་གསུང་གི་རྡོ་རྗེ་ལགས། །ཙཎྜ་ལི་འབར་བའི་ཡེ་ཤེས་མེ། །ཁམས་ཞུ་བདེའི་འགྲོ་འོང་འགྲོས་རྫོགས་པས། །མི་འགྱུར་བའི་བདེ་བ་མངོན་བརྙེས་པ། །འདི་ཁམས་དག་ཐུགས་ཀྱི་རྣལ་འབྱོར་ལགས། །ལར་སྒོ་གསུམ་ཕྲ་རགས་སྒྲིབ་པ་རྣམས། །ལམ་ཟབ་མོ་རྣལ་འབྱོར་གསུམ་གྱིས་སྦྱངས། །དེ་སྤྱོད་པ་གསུམ་གྱིས་མཐར་ཕྱུང་པས། །སྒྲིབ་བྲལ་གྱི་རྡོ་རྗེ་གསུམ་ལ་སྦྱོར། །དེ་ཐུགས་ལ་བཞག་ནས་ཕྱག་ཏུ་ལོངས། །རང་གཞན་གྱི་དོན་གཉིས་ལྷུན་གྲུབ་འགྱུར། །ཚུལ་དེ་སྐད་དུ་དྷརྨ་ཤྲཱི་ཞེས། །སྨྱོས་བཙུན་རྨོངས་པ་དེ་ཡིས་གདམས། །བཀྲ་ཤིས་སོ་དགེ་ལེགས་འཕེལ་བར་ཤོག །༈ སྭ་སྟི། སངས་རྒྱས་ཀྱིས་མི་རུ་རྫུས་པ་ལ། །མཚན་ལྡན་གྱི་བླ་མ་མི་ཟེར་རམ། །རེ་ལྟོས་ལིང་སྐྱུར་གྱིས་གསོལ་བ་ཐོབ། །ཐུགས་ཡིད་འདྲེས་པའི་དངོས་གྲུབ་ཞུས། །ཆགས་སྡང་གི་སྙིང་རླུང་སློང་བྱེད་པའི། །ངར་འཛིན་གྱི་འགོང་པོ་འཐུལ་བ་ལ། །བྱམས་སྙིང་རྗེའི་ལྷག་བསམ་མི་ཟེར་རམ། །མ་འགྲོ་དྲུག་གི་ཕན་བདེ་རེམས་ལ་སྒྲུབས། །སྣོད་བཅུད་དག་སྣང་དུ་སྦྱོང་བ་ལ། །ལམ་བསྐྱེད་པའི་རིམ་པ་མི་ཟེར་རམ། །སྒོ་གསུམ་ལྷ་སྔགས་འོད་གསལ་གྱིས། །མ་དག་པའི་སྣང་ཞེན་སྦྱོང་བར་མཛོད། །ཅིར་སྣང་རུང་རང་སེམས་རྩ་བྲལ་ངང་། །


MLP014_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རང་བབས་སུ་སྐྱོང་བའི་ཉམས་ལེན་ལ། །ཕྱག་རྫོགས་ཀྱི་སྒོམ་པ་མི་ཟེར་རམ། །གསལ་སྟོང་བློ་བྲལ་དུ་རྗེན་པར་སྐྱོངས། །སྒོ་གསུམ་གྱི་སྤྱོད་པ་དག་པ་ལ། །དམ་ལྡན་གྱི་སྔགས་པ་མི་ཟེར་རམ། །སྙིང་གཅེར་མོར་བཏོན་ཀྱང་མི་གཏོང་བའི། །དམ་ཚིག་དང་སྡོམ་པ་སྲོག་ལྟར་སྲུངས། །འགྲས་འདྲིས་དང་གྲགས་འབྱོར་སྤངས་བ་ལ། །བྱ་བཏང་གི་ཆོས་པ་མི་ཟེར་རམ། །ཆགས་སྡང་བདེ་འབྱོར་གྱི་ཞེན་པ་ཆོད། །འདིར་བདེ་ཕྱི་མར་སྐྱིད་པ་ལགས། །དེ་སྐད་དུ་དྷརྨ་ཤྲཱི་ཡིས། །རྡོ་རྗེ་ཡི་སློབ་བུ་དམ་ཚིག་ཅན། །བྱ་རྒོད་པ་ཀུན་བཟང་གིས་བསྐུལ་བའི་ངོར། །སྙིང་གཏམ་དུ་སྤེལ་ལོ་བཀྲ་ཤིས་ཤོག །༈ ན་མོ་གུ་ར་ཝེ། མཐོང་ན་མི་མཐུན་མེད་པའི་སྐུ། །ཐོས་ན་ཐེ་ཚོམ་གཅོད་པའི་གསུང་། །འོད་གསལ་ངང་ལས་མི་གཡོའི་ཐུགས། །ཕ་འགྲན་གྱི་དོ་མེད་བླ་མ་ལ། །རེ་ལྟོས་བཅས་ཏེ་སྐྱབས་སུ་མཆི། །སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །རྟག་ཏུ་ཐུགས་རྗེས་བསྐྱང་དུ་གསོལ། །གསན་དང་དགེ་སློང་ཆོས་འབྱོར་ཀྱེ། །འཁོར་བའི་སྡུག་བསྔལ་འཇིགས་རུང་བ། །མེ་འོབས་སུ་ལྟུང་ལྟར་སྐྱིད་མེད་པས། །ད་རེས་དལ་འབྱོར་གྱི་རྟེན་ཐོབ་དུས། །སྙིང་ནས་ཐར་པ་འཚོལ་བར་རིགས། །སྐྱབས་དམན་པ་འཇིག་རྟེན་དཔོན་སོགས་ལ། །བརྟེན་ན་ཁ་ཉེན་འཁོར་བར་སྐྱུར། །རེ་ལྟོས་སུ་བཅས་ནས་མི་བསླུ་བ། །དཀོན་མཆོག་གསུམ་སྐྱབས་སུ་བསྟེན་པར་འཚལ། །མ་རྒན་རྣམས་བོར་ནས་རང་གཅིག་པུ། །གྲོལ་འདོད་ཁྲེལ་མེད་ཀྱི་བློ་ངན་ཡིན། །དེ་སྤོངས་ལ་འགྲོ་ཀུན་སྒྲོལ་འདོད་པའི། །ལྷག་བསམ་གྱི་སྙིང་སྟོབས་བསྐྱེད་པར་མཛོད། །ཕ་བཀའ་དྲིན་སུམ་ལྡན་བླ་མ་རྗེ། །སངས་རྒྱས་ཀུན་འདུས་སུ་ངེས་ཤེས་བསྐྱེད། །ཙབ་ཙུབ་མ་མང་བློ་བཀལ་ནས། །མོས་གུས་དྲག་པོས་གསོལ་བ་ཐོབ། །མ་དག་པའི་སྣང་ཞེན་རགས་པ་འདི། །དཔལ་རྒྱུད་ལྔའི་དཀྱིལ་འཁོར་འཁོར་ལོར་སྒྱུར། །གསལ་སྣང་དང་ང་རྒྱལ་གྱི་གནད་ཟབ་མོས། །རྫོགས་རིམ་གྱི་སྨིན་བྱེད་རྟེན་འབྲེལ་བསྒྲིགས། །ལམ་གཏུམ་མོ་བདེ་དྲོད་རང་འབར་གྱིས། །རོ་རྐྱང་གི་རྒྱུ་བ་དབུ་མར་འཆིངས། །ཁམས་ཞུ་བདེའི་འགྲོས་


MLP014_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བདེ་སྟོང་སྤེལ། །ཅིར་སྣང་ཀུན་སྒྱུ་ལུས་འཛིན་མེད་ཀྱིས། །ཆགས་སྡང་གི་སྣང་སེམས་རང་སར་ཁྲོལ། །མཚན་རྨི་ལམ་འཛིན་སྐྱོང་སྤེལ་བ་དང་། །སྤྲུལ་བསྒྱུར་གྱིས་ཉིང་འཁྲུལ་རང་དག་འཚལ། །མི་རྟོག་དང་བདེ་གསལ་དབྱེར་མེད་པའི། །འོད་གསལ་གྱི་གཏི་མུག་དབྱིངས་སུ་བསྲེས། །བྱིན་རླབས་དང་དག་སྣང་འཆུགས་མེད་ཀྱིས། །ལམ་ཟབ་མོ་འཕོ་བའི་རྣལ་འབྱོར་དང་། །བར་དོ་སྐུ་གསུམ་གྱི་ལམ་ཁྱེར་རྣམས། །དགོས་དུས་སུ་མི་བསླུའི་གདེང་བཙལ་ལོ། །ལར་ཅི་སྣང་རང་སེམས་ཆོ་འཕྲུལ་ཏེ། །སེམས་ཉིད་རྩ་བྲལ་གཉུག་མའི་གཤིས། །དེ་རང་བབས་སུ་སྐྱོང་བའི་ཕྱག་རྒྱ་ཆེས། །བློ་བྲལ་གྱི་ངང་དུ་བཏབ་ན་འཚེངས། །བླ་མ་དང་ཡི་དམ་སྒྱུ་ལུས་གསུམ། །གསལ་སྟོང་བདེ་ཆེན་གྱི་ལམ་དུ་ཁྱེར། །མ་ཇོ་མོ་རྣམ་གཉིས་བཙན་ཐབས་ཀྱི། །གནད་ཟབ་མོས་མཁའ་སྤྱོད་སྒྲུབ་པར་མཛོད། །རང་ལུས་ལྷ་སྐུ་འོད་གསལ་ངང་། །རོ་མཉམ་འཆི་མེད་ཀྱི་བཙན་ས་ཟུངས། །བླ་མ་དང་མགོན་པོ་རང་སེམས་གསུམ། །དབྱེར་མེད་ཀྱི་ངང་ནས་མཆོད་གཏོར་ཕུལ། །ཕྱི་ནང་གི་བར་ཆད་སེལ་བར་ངེས། །མཐར་དུས་གསུམ་བསགས་ཡོད་དགེ་ཚོགས་ཀུན། །བླ་མེད་བྱང་ཆུབ་ཀྱི་ས་རུ་བསྔོས། །དཔལ་ཤངས་པའི་སྙིང་གཏམ་ཟབ་མོའི་གནད། །ལག་ལེན་གྱི་སྙིང་པོར་དྲིལ་བ་འདི། །སྨྱོས་བཙུན་དྷརྨ་ཤྲཱིས་བསྲིངས། །དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །༈ ན་མོ་གུ་ར་ཝེ། རྗེ་འགྲན་གྱི་ཟླ་མེད་བླ་མ་ལ། །དངོས་ཀུན་དང་བས་ཕྱག་བྱས་ནས། །གོ་རིབ་ཀྱི་ཇོ་བཙུན་མིང་སྲིང་ལ། །སྙིང་གཏམ་བསླབ་བྱ་འདི་ལྟར་གདམས། །རང་ཅག་ཀུན་འཁོར་བའི་བཙོན་དོང་འདིར། །རིགས་དྲུག་གི་སྐྱེ་བ་དཔག་མེད་བླངས། །མ་མྱོང་བྱ་བའི་སྡུག་བསྔལ་མེད། །ད་སྡུག་བསྔལ་གྱིས་མནར་ཡུན་དེས་ཆོག་པས། །ད་རེས་དལ་འབྱོར་གྱི་གྲུ་བོ་ཆེ། །བླ་མའི་དེད་དཔོན་གྱིས་ཟིན་དུས་འདིར། །ཐབས་ཤེས་ཀྱི་དར་ཆེན་ལེགས་འཕྱར་ནས། །བག་ཡོད་མཐུན་པའི་རླུང་དང་སྦྱར། །འཇིགས་རུང་འཁོར་བའི་མཚོ་བརྒལ་ནས། །ཐར་མཆོག་གི་གླིང་དུ་བགྲོད་པར་འཚལ། །ཕ་སྐྱབས་གནས་ཀུན་འདུས་བླ་མ་ལ། །


MLP014_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་མཛད་ཁྱེད་ཤེས་ཀྱིས་གསོལ་བ་ཐོབ། །ཐུགས་ཡིད་འདྲེས་པའི་བྱིན་རླབས་ཞུས། །སེམས་ཅན་ཀུན་དྲིན་ཅན་གྱི་མར་ལྟོས་ལ། །ཚུགས་ཐབས་མེད་པའི་སྙིང་རྗེ་ཡིས། །འགྲོ་ཀུན་སྒྲོལ་འདོད་ཀྱི་ལྷག་བསམ་བསྐྱེད། །མ་དག་པའི་སྣང་ཞེན་ལྕགས་ཀྱི་ཁམས། །བསྐྱེད་རིམ་དག་སྣང་གི་གསེར་འགྱུར་རྩིས། །དཔལ་རྒྱུད་སྡེ་ལྔ་ཡི་དཀྱིལ་འཁོར་གྱི། །ལྷ་སྔགས་འོད་གསལ་གྱི་གསེར་དུ་སྒྱུར། །གང་ཤར་གྱི་སྣང་བ་གང་ལ་ཡང་། །ཡིད་སྒོམ་འདོད་ཀྱི་རྟོག་པས་མ་བསླད་པར། །གླང་པོ་ཆེའི་ལྟ་སྟངས་ཀྱིས་ཅེ་རེ་ལྟོས། །ཤེས་པ་རྟེན་མེད་འཛིན་མེད་དུ། །བློས་བཅས་བཅོས་མེད་པར་ཤིགས་བཤིག་པས། །གཟུང་འཛིན་རྣམ་རྟོག་གི་གཡོགས་བུད་ནས། །རིག་པ་གསལ་སྟོང་དུ་རྗེན་གྱིས་འཆར། །དེ་ངོས་བཟུང་སྐྱོན་བཞི་བྲལ་བྱས་ལ། །སྐུ་གསུམ་རང་ཤར་དུ་ངེས་ཤེས་བསྐྱེད། །འདི་ཕྱག་ཆེན་གྱི་ཉམས་ལེན་སྙིང་པོ་ཡིན། །མཉམ་རྗེས་ཀུན་ཏུ་ཉམས་སུ་ལོངས། །དེ་ཐབས་ལམ་ཆོས་དྲུག་གིས་བསྲང་བཅུག་ན། །དུས་རིང་པོར་མི་ཐོགས་གྲོལ་འགྱུར་བས། །ལམ་རྩོལ་བའི་གནད་ཀྱི་གཏུམ་མོ་སྦོར། །འདོད་ཆགས་བདེ་སྟོང་དུ་བསྒྱུར་ན་འཚེངས། །བདེན་མེད་གནད་ཀྱི་སྒྱུ་ལུས་སྦྱོངས། །ཆགས་སྡང་གསལ་སྟོང་དུ་གྲོལ་བར་མཛོད། །རྨི་ལམ་འདུན་པའི་གནད་ཟབ་མོས། །ཉིང་འཁྲུལ་གྱི་སྣང་བ་རང་དག་འཚལ། །མོས་གུས་ཀྱི་གནད་ཀྱིས་གཏི་མུག་མུན། །འོད་གསལ་གྱི་མཁའ་ལ་དྭངས་སུ་ཆུག །དམིགས་པ་འཆུག་མེད་ཀྱི་འཁྲུལ་འཁོར་གྱིས། །མ་བསྒོམས་པར་སངས་རྒྱས་ས་ལ་འཕོ། །སྐྱོ་ཤས་ཀྱི་བར་དོའི་འཁྲུལ་སྣང་རྣམས། །རྒྱལ་བ་ལོངས་སྐུ་རང་ཤར་སྦྱོངས། །དེ་དྲུག་ཀྱང་བསྲེ་བའི་མན་ངག་གཅེས། །ཉ ིན་པར་གཏུམ་མོ་དང་སྒྱུ་ལུས་བསྲེ། །མཚན་མོ་རྨི་ལམ་དང་འོད་གསལ་བསྲེ། །འཆི་ཀར་བར་དོ་དང་འཕོ་བ་བསྲེ། །ལར་དྲུག་ཀ་ཆབས་ཅིག་ཉམས་ལེན་ན། །ཐོ་རེངས་བར་དོ་དང་འཕོ་བ་བསྒོམ། །སྔ་དྲོ་དང་ཉིན་གུང་ཕྱི་དྲོ་གསུམ། །གཏུམ་མོ་དང་རྨི་ལམ་སྒྱུ་ལུས་སྦྱོངས། །སྲོད་ནམ་གུང་གཉིས་ལ་འོད་གསལ་ངང་། །ནམ་སྨད་དུས་རྨི་ལམ་འཛིན་པ་གཅེས། །མཐར་དུས་གསུམ་བསགས་ཡོད་དགེ་ཚོགས་ཀུན། །མ་འགྲོ་དྲུག་ཕན་བདེའི་དོན་ཕྱིར་བསྔོས། །ཚུལ་དེ་སྐད་དྷརྨ་ཤྲཱི་ཡིས། །བྱ་རྒོད་པ་ཨོ་རྒྱན་


MLP014_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཟང་དང་། །འགྱུར་མེད་ཆོས་འཛོམ་གཉིས་ལ་གདམས། །ཆོས་སྙིང་ནས་བྱེད་ན་འདི་ལྟར་གྱིས། །གཞན་ལོ་འདོད་ཙམ་ལ་སྙིང་པོ་ཅི། །ཤུ་བྷཾ། ༈ དཔལ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དམིགས་མེད་ཀུན་ཁྱབ་ཀྱི་ཐུགས་རྗེ་ཅན། །ནུས་པས་འགྲོ་ཀུན་སྒྲོལ་མཛད་པ། །ཕ་གཏེར་ཆེན་བླ་མའི་ཞབས་ལ་འདུད། །གྲོགས་གསོན་དང་ཨོ་རྒྱན་རྡོ་རྗེ་ཀྱེ། །ནམ་འཆི་ཆ་མེད་ཀྱི་དྲེད་ཤ་དང་། །ལས་འབྲས་བསླུ་མེད་ཀྱི་ངེས་ཤེས་དང་། །འཁོར་བའི་བདེ་འབྱོར་ལ་མི་སྨོན་པ། །ཚུལ་འདི་གསུམ་དམ་ཆོས་སྒྲུབ་པ་ལ། །མཁར་གྱི་རྨང་རྡོ་དང་འདྲ་བ་ལགས། །བཟོད་མེད་སྡུག་བསྔལ་གྱིས་མནར་བའི་འགྲོ། །ཚེ་རབས་ཀྱི་ཕ་མར་ངེས་རྙེད་ནས། །སངས་དུས་མེད་པའི་སྡུག་བསྔལ་ལས། །སྒྲོལ་འདོད་ཀྱི་སྙིང་སྟོབས་བསྐྱེད་པར་འཚལ། །ཕ་དྲིན་ཅན་གྱི་བླ་མ་དམ་པ་ཉིད། །སངས་རྒྱས་སུ་མཐོང་བའི་མོས་གུས་དང་། །ཅི་མཛད་འགྲོ་འདུལ་གྱི་ཕྲིན་ལས་སུ། །བསམ་ནས་གསོལ་བ་རེམས་ལ་ཐོབ། །ཞབས་ཏོག་ལ་འབུམ་གསུམ་འདོན་པར་འཚལ། །དོན་འདི་གཉིས་སྔོན་འགྲོར་གྲགས་མོད་ཀྱང་། །ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །འཛིན་མེད་ཀུན་ཁྱབ་ཀྱི་སྙིང་རྗེ་དང་། །མོས་གུས་རང་རིག་སྤྲོས་བྲལ་དུ། །མ་བཅོས་པར་ཤར་བ་འདི་ལེགས་པས། །གནད་འདི་བཞིན་ཐུགས་ཀྱི་དཀྱིལ་དུ་ཞོག །ལྟ་བ་ཕྱོགས་རིས་ཀྱིས་མ་བསླད་པར། །རང་རིག་རྩ་བྲལ་གཅེར་མཐོང་ལ། །སྒྲོ་འདོགས་ཀྱི་སྤྲོས་པ་ཆོད་པར་མཛོད། །སྒོམ་པ་ལ་བསལ་བཞག་གིས་མ་བསླད་པར། །མ་བཅོས་རྣལ་མར་སྐྱུར་ལ་ཐོངས། །རང་དྭངས་རང་གསལ་དུ་མྱོང་ཙ་ན། །དེར་འཛིན་བཤིག་ལ་གོམས་པར་མཛོད། །སྤྱོད་པ་ལ་རང་འདོད་ཞེན་འཁྲིས་ཀྱིས། །མ་བསླད་འཛིན་མེད་སྒྱུ་འདྲའི་ངང་། །ལས་འབྲས་ཀྱི་བླང་དོར་ཞིབ་ཏིག་འཚལ། །འབྲས་བུ་ལ་རེ་དོགས་ཀྱིས་མ་བསླད་པར། །སྲིད་ཞི་མཉམ་ཉིད་དུ་ཟང་ཐལ་ལེ། །རང་བྱུང་ཡེ་ཤེས་སུ་ལ་བཟློ་འཚལ། །ལར་ལྟ་སྒོམ་སྤྱོད་པ་གང་ལའང་། །ཟུང་འཇུག་གི་ཕྱག་རྒྱས་ལེགས་བཏབ་སྟེ། །མཐར་འཛིན་གྱི་སྤྲོས་པ་ཆོད་པར་མཛོད། །ཚུལ་དེ་སྐད་དྷརྨ་ཤྲཱིས་གདམས། །


MLP014_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐུགས་ལ་ཞོག་དང་གྲུབ་ཆེན་པ། །བློ་ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །༈ ན་མོ་གུ་ར་ཝེ། མཚན་སྙན་ཐོས་པས་སྲིད་ཞིའི་རྒུད་པ་ཀུན། །མཐར་མཛད་འགྲན་ཟླ་ཀུན་བྲལ་ཆོས་ཀྱི་རྗེ། །རྒྱལ་ཀུན་འདུས་ཞལ་གཏེར་བདག་གླིང་པ་དང་། །མི་ཕམ་ཆོས་སྐྱོང་རྒྱལ་མཚན་སྤྱི་བོས་མཆོད། །དོན་གཉིས་ཕུན་ཚོགས་འབྲས་བུར་ཡིད་རྟོན་པའི། །གྲུབ་ཆེན་དགེ་སློང་བློ་ལྡན་ལྷུན་གྲུབ་ལ། །སྙིང་གཏམ་འཁོར་བའི་གཅོང་ནད་སེལ་བྱེད་ཀྱི། །བདུད་རྩིའི་སྨན་མཆོག་བཟང་པོ་དེ་རིང་སྦྱིན། །གང་ཁྱོད་སྔོན་བསགས་ལེགས་སྤྱད་མི་དམན་པས། །མཐོ་རིས་རྟེན་ཐོབ་སངས་རྒྱས་གཉིས་པ་ལྟའི། །ཡོངས་འཛིན་དགེ་བའི་བཤེས་གཉེན་ལེགས་བསྟེན་ནས། །ཟབ་དོན་མན་ངག་ངོམས་པ་མེད་པར་བཙལ། །དེ་དོན་ཇི་བཞིན་ཉམས་སུ་ལོངས་པ་ཡིས། །འདི་ཕྱིའི་འདུན་མའི་རྩ་བ་ལེགས་ནས་གདའ། །སླད་དུའང་སྔར་བཞིན་སྒྲུབ་ལ་མི་གཡེལ་བས། །རང་གཞན་དོན་གཉིས་འབྱོར་བ་སྤེལ་བར་མཛོད། །ཁྱད་པར་སྦྱང་གཞི་བདེ་གཤེགས་སྙིང་པོ་ལ། །སྦྱང་བྱ་གློ་བུར་དྲི་མས་གོས་པ་གང་། །སྦྱོང་བྱེད་ལས་ཉོན་སྡུག་བསྔལ་རིགས་རྒྱུན་དེ། །མ་སྤངས་བདེ་བ་ཆེན་པོའི་ལམ་དུ་བསྒྱུར། །དེ་ཡང་རྒྱལ་བས་གསུངས་པའི་ཆོ་ག་བཞིན། །རང་འབྲས་ཁྱད་འཕགས་སྔགས་མཐུའི་ནུས་པ་དང་། །ངོ་བོ་ཞུ་བདེའི་བདེ་སྟོང་རང་བཞིན་ཉིད། །བྱེད་ལས་དག་རྫོགས་སྨིན་གསུམ་ཚང་བ་སྟེ། །ཁྱད་པར་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་འཚལ། །རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྒྱུས། །རྩ་ཐིག་རླུང་གསུམ་དབུ་མར་དག་བྱས་ནས། །རྣམ་པ་བདེ་སྟོང་ལྷན་ཅིག་སྐྱེས་པ་སྟེ། །ཁྱད་པར་གསུམ་ལྡན་རྫོགས་རིམ་གོམས་པར་མཛོད། །དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་གྱིས། །མ་དག་སྣང་བ་དབྱིངས་སུ་སྦྱངས་བྱས་ནས། །རང་སེམས་འགྱུར་མེད་བདེ་སྟོང་རང་ཞལ་ཉིད། །ལྟ་བའི་ཐབས་ལ་གཅིག་ཏུ་སློབ་པར་མཛོད། །མདོར་ན་ཕྱི་ལྟར་སྤྱོད་པ་མདོ་སྡེ་བཞིན། །རྒྱུ་འབྲས་སྤང་བླང་མ་ནོར་ཞིབ་པ་གཅེས། །ནང་ལྟར་བླ་མེད་བསྐྱེད་རྫོགས་རྣལ་འབྱོར་གྱིས། །སྣང་སྤྱོད་དག་པའི་ལྷ་སྐུར་བསྒྱུར་བར་མཛོད། །


MLP014_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གསང་བ་ཨ་ཏི་ཡོ་ག་ལྟར། །ཀ་དག་གདོད་མའི་གནས་ལུགས་ལེགས་རྟོགས་ནས། །ལྷུན་གྲུབ་སྣང་བཞིའི་གསེབ་ལམ་ལ་བརྟེན་ཏེ། །དོན་གཉིས་མཐར་ཕྱིན་རྒྱལ་ས་ཟིན་པར་མཛོད། །དེ་སྐད་གྲུབ་ཆེན་བློ་ལྡན་ལྷུན་གྲུབ་ལ། །སྨྱོས་བཙུན་རྨོངས་པ་དྷརྨ་ཤྲཱིས་གདམས། །ཐུགས་ལ་བསྟིམས་ནས་ཚུལ་བཞིན་ལག་ཏུ་ལོངས། །འདི་ཕྱིའི་ཕན་བདེ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་ཆེད་དུ་བརྗོད་པ་དགེ་ལེགས་སུ་གྱུར་ཅིག །༈ ཆོས་མཛད་འགྱུར་མེད་དར་རྒྱས་ལ་གདམས་པ། དགེ་སྦྱོར་བྱེད་ལུགས་ཀྱི་ཐོ་ལ། རེ་ཞིག་ལུས་མ་འཁྲུགས་ཙམ་གྱི་བབས་དང་བསྟུན་ངོས། ལུས་ཀྱིས་ལྕོགས་ཚེ། སྔ་དྲོ་ལྟ་བུར་ཁྲིད་ཀྱི་སྔོན་འགྲོས་བློ་སྦྱོང་ཐབས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་སྨིན་ཚུལ་རྣམས་མདོར་བསྡུས་ཙམ་རེ་སྔོན་དུ་འགྲོ་བས། སྐྱབས་ཡུལ་གསལ་བཏབ་ནས་སྐྱབས་འགྲོ་བདུན་ནམ་གསུམ། སེམས་བསྐྱེད་བདུན་ནམ་གསུམ། རྡོར་སེམས་སྒོམ་བཟླས་ཀྱི་ཡིག་བརྒྱ་ཉེར་གཅིག་ཙམ་རེ། མཎྜལ་དང་གསོལ་འདེབས་ཀྱང་བདུན་ནམ་གསུམ་རེ་ཙམ་བྱས་རྗེས་དབང་བླངས་ཏེ། སྐྱབས་ཡུལ་རྣམས་བསྡུས་ལ་བླ་མའི་ཐུགས་དང་རང་སེམས་བསྲེས་ནས། དེའི་ངང་ལ་དར་ཅིག་མཉམ་པར་བཞག་ནས་བསྔོ་བ་བྱ། དེ་ནས་ལྟུང་བཤགས་སོགས་ལས་སྒྲིབ་སྦྱོང་བའི་ཁ་ཏོན་ཅི་རིགས་པ་འགྲུབ་ན་བྱས་ལ། བར་དེར་ལུས་སེམས་ཁོང་ཀློད་དེ་ལུས་དང་བསྟུན་པའི་ངལ་གསོ་ཡུན་རིང་ཐུང་ཅི་རིགས་བྱ། ཞོགས་པར་འགྲུབ་ན་ལན་ཆགས་སྦྱོང་བའི་ཆུ་གཏོར་འབྱུང་བཞི་དང་བཅས་པ་བྱས་ན་རིམ་གྲོར་ཡང་འགྲོ། གཞན་རྒྱུན་དུ་ཁྲིད་ཀྱི་ཐུན་གྱི་སྔོན་འགྲོ་ཙམ་སྔོན་དུ་བཏང་ནས། ཞི་གནས་ཤིང་བུ་རྡེའུ་ལྟ་བུ་ཕྱིའི་དམིགས་རྟེན་ལ་སེམས་འཛིན་པའམ། ཡང་ན་རྡོ་རྗེའི་བཟླས་པ་ལྟ་བུ་ལ་སེམས་འཛིན་སླ་ན་མཆོག་ཏུ་བཟང་ཞིང་ཚེ་སྒྲུབ་ཏུའང་འགྲོ། ཡང་ན་མིག་ཧད་དེ་ཤེས་པ་ཆད་དེ་རྟེན་མེད་དུ་འཇོག་པ་རྣམས་གང་བདེ་བྱ། གང་ལྟར་ཞི་གནས་ཀྱི་སེམས་འཛིན་གྱིས་ལུས་ལ་མི་གནོད་ན་ཐུན་རིང་ཐུང་གང་ལྕོགས་བསྒོམ། དེས་གནོད་ན། ཡུལ་སྣང་ཐམས་ཅད་བདེན་མེད་སྒྱུ་


MLP014_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མའམ། རྨི་ལམ་གྱི་སྣང་བ་ལྟར་ཝལ་ལེ་ཁྱུག་གེ་སྦྱངས་ནས། ཡུལ་གང་སྣང་ཐམས་ཅད་གསལ་སྟོང་འཛིན་མེད་རྗེན་ལྷག་གེ་བའི་ངང་དུ་དྲན་འཛིན་གྱི་བྱ་ར་མ་ཤོར་ཙམ་པས་ཀློད་ནས་འཇོག་ཅིང་། སྤྱོད་ལམ་དང་ཡང་བསྲེ། རེས་ཁ་ནང་ལོག་གི་དྲན་པས་སེམས་ཁོ་རང་གི་ངོ་བོ་ལ་ཅེེ་རེ་བལྟས་པ་ན། བལྟ་བྱ་ལྟ་བྱེད་བྲལ་བའི་ཡུལ་མེད་རང་གསལ་ནམ་མཁའ་ལྟ་བུའི་ངང་དེ་ཁ་ལ་བཅོས་བསླད་མེད་པར་རྗེན་ནེ་སྐྱུར་ལ་འཇོག །རྣམ་རྟོག་འཕྲོ་ན་སྤང་བླང་སོགས་གང་ཡང་མི་བྱ་བར་རྣམ་རྟོག་ཁོ་རའི་རང་ངོ་ལ་ཅེར་གྱིས་བལྟས་པས་རྦ་རླབས་ཆུར་ཐིམ་པ་བཞིན་ཡལ་བའི་ཚེ། དེ་ཁའི་ངང་ལ་མ་བཅོས་པར་རྗེན་ནེ་སལ་ལེ་ཝལ་ལེར་འཇོག །ལར་ནས་ལུས་ལ་ནད་ཀྱིས་མནར་ནའང་། སྔོན་ལས་འཕྲལ་རྐྱེན་གྱིས་ལྷོངས་པ་ཡིན་གཤིས། སྔོན་ལས་སྦྱོང་ཕྱིར། རང་ནད་ཀྱིས་གདུང་པ་བཞིན་དུ་འཇིག་རྟེན་གྱི་ཁམས་ན་ནད་པ་ཇི་སྙེད་ཡོད་པ་དེ་ཐམས་ཅད་ལའང་རང་ཉིད་བཞིན་དུ་སྡུག་བསྔལ་གྱིས་ཉམ་ཐག་པར་སྣང་། དེ་ཐམས་ཅད་རང་གི་ཚེ་རབས་སྔ་མའི་ཕ་མ་ལན་གྲངས་དཔག་མེད་བྱས་པ་ཡིན་པས། དྲིན་ལན་དུ་ནད་པ་དེ་ཐམས་ཅད་ཀྱི་ནད་རྣམས་བླང་བར་བྱའོ་སྙམ་པས། དབུགས་ལྡང་འཇུག་དང་སྦྱར་ཏེ། དབུགས་ཕྱིར་ལྡང་བའི་ཚེ་རང་གི་བདེ་བ་དང་དགེ་བ་ཐམས་ཅད་རང་ལུས་ལས་ཟླ་བ་ལྟར་སྐྱ་སྒོར་གྱིས་ཐོན་ནས་སེམས་ཅན་རྣམས་ལ་ཐིམ། དབུགས་ནང་དུ་འཇུག་ཚེ་ཡུལ་ནད་པ་རྣམས་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལས་ཉོན་སྡིག་པའི་ཚོགས་དང་། འབྲས་བུ་ནད་སོགས་སྡུག་བསྔལ་ཐམས་ཅད་ཀོ་བའི་སྐྱི་གཞར་བ་ལྟར་ནག་ཕུང་གིས་ཐོན་ནས་རང་ལ་ཐིམ་པར་བསམ་ཞིང་། ངག་ཏུའང་། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་ནད་སོགས་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག །ཅེས་བརྗོད་ཅིང་འདུན་པ་དྲག་པོ་བྱ། དགོང་མོ་ཉལ་གདོང་འགྲུབ་ན་ཀུ་སུ་ལུའི་ཚོགས་འཁོར་གྱི་དམིགས་པ་རེ་བྱས་ནའང་། གནས་སྐབས་སུ་ནད་གདོན་གྱི་གཉེན་པོར་འགྲོ་ཞིང་། མཐར་ཐུག་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཞིང་། མཐར་འཁོར་གསུམ་མི་དམིགས་པའི་ངང་ལ་བཞག་པས་


MLP014_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཚོགས་ཀྱང་འགྲུབ་པར་འགྱུར་བས་གང་ནུས་བྱའོ། །ཞེས་པའང་ཆོས་མཛད་འགྱུར་མེད་དར་རྒྱས་ལ་དྷརྨ་ཤྲཱིས་གདམས་པའོ། །དགེའོ། །དགེའོ། །དགེའོ།། །།


previousམཁན་ཆེན་ལོ་ཙཱ་བའི་ཞལ་གདམས་སྐོར་ཐར་ལམ་གསལ་བའི་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི། next