Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
ཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའི་འགྲེལ་པ།
   
   
   
   
   
   


 
previousཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའི་འགྲེལ་པ། next

ཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའི་འགྲེལ་པ།


MLP020_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའི་འགྲེལ་པ་བཞུགས་སོ། །ༀ་སྭ་སྟི། ད་ནི་ཐིག་ཚོན་གྱི་ཆོ་ག་དེ་དག་དོན་ཅུང་ཟད་བཀྲོལ་ཏེ་བཤད་པར་བྱའོ། །འདི་ལ་ཐིག་དང་ཚོན་གྱི་བྱ་བ་གཉིས། ཐིག་ལའང་གཉིས་ཏེ་གནམ་ཐིག་དང་། ས་ཐིག་གོ ༑དང་པོ་ལའང་བཞི་སྟེ། རྒྱུ། ཚད། བྱིན་གྱིས་བརླབ་པ། གདབ་པའི་ཐབས་སོ། །དང་པོ་སྐུད་རྒྱུ་ཞི་བ་ལ་མེ་ཏོག་པདྨའི་རྒྱུས་པ་དང་། ཁྲོ་བོ་ལ་ཞིང་གི་རྒྱུས་ཆེན་ལ་བྱ་བར་གསུངས་ཀྱང་། ཐུན་མོང་དུ་རས་བལ་གཙང་མ་དཔའ་བོའི་རིན་ཞེས་པ་རིན་ལ་མ་རྩོད་པ་ཉོས་ལ་བུ་མོ་མཚན་ལྡན་ལོ་བཅུ་དྲུག་མས་བཀལ་བའི་སྣལ་མ་ཁ་དོག་ལྔའམ་ཉི་ཤུ་རྩ་ལྔ་སྟེ། སྒྱུ་འཕྲུལ་ཞི་བ་རྡོ་རྗེ་ལས་རིམ་ལས། པདྨའི་རྒྱུས་ལ་ཁ་དོག་བསྒྱུར། །བཅུ་དྲུག་ཕྱག་རྒྱས་ལེགས་བཀལ་ཏེ། །སྣལ་མ་གཅིག་ལ་ལྔ་ལྔར་ལྡན། །ཡེ་ཤེས་རང་བཞིན་ཤེས་པར་བྱ། །ཞེས་དང་། ཁྲོ་བོ་ལས་རིམ་ལས། བ་སུ་ཏ་ཡི་རྒྱུས་ཆེན་ལ། །དམ་ཚིག་ཡེ་ཤེས་སྐུ་གསུམ་ལྔ། །ཞེས་བ་སུ་ཏ་དམ་ཚིག་དང་། རྒྱུས་ཆེན་ཡེ་ཤེས་ཀྱི་རྒྱུར་གསུངས་སོ། །ཞི་ཁྲོ་ཐུན་མོང་དུ་རས་བལ་ལ་བྱ་བར་རུང་བ་ནི། ཕུར་པའི་པདྨ་ལས་རིམ་ལས། དེ་རྗེས་དཀྱིལ་འཁོར་ཐིག་གདབ་བརྩམ། །ཤེས་རབ་མཚན་དང་ལྡན་པ་དེས། །སྐྱོན་མེད་རས་བལ་བསྒྱུར་བ་ཡི། །ཁ་དོག་ལྔ་ནི་བཀལ་བྱས་ཏེ། ཞེས་དང་། ཧཱུྃ་ཀཱ་རའི་ཡང་དག་གི་དཀྱིལ་ཆོག་ལས་ཀྱང་། ཐིག་སྐུད་རས་གསར་པའི་རྒྱུ་ལ་བྱུང་བ་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཀལ་བར་བྱ་སྟེ། ཞེས་སོ། །


MLP020_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཚད་ནི། རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ཏེ། དཀྱིལ་འཁོར་ཁྲུ་གང་བ་ལ་གདབ་པའི་ཐིག་སྐུད་ནི་ཁྲུ་དོ་པ་ཡིན་ནོ། །འདིར་ཉིས་འགྱུར་བྱ་རྒྱུའི་དཀྱིལ་འཁོར་གྱི་དོན་ཤྲདྡྷཱས་རྩ་ཐིག་ལ་ངོས་བཟུང་ནས། དེ་ཉིས་འགྱུར་སྣ་ཚོགས་རྡོ་རྗེའི་རྩེ་ཚུན་ཆད་ཀྱི་ཚད་དུ་བྱས་ཏེ་རྟ་བབས་སྒོ་ཚད་གཅིག་མར་འདོད་པ་དང་། ཕྲེང་བ་མཁན་པོའི་དཀྱིལ་འཁོར་མདའ་ཐིག་ལ་བྱས་ནས། དེ་ཉིས་འགྱུར་དུར་ཁྲོད་སྤངས་པའི་འོད་ཕྲེང་ཚུན་གྱི་ཚད་དུ་བྱས་ཏེ་རྟ་བབས་སྒོ་ཚད་གསུམ་མར་འདོད་ལ། འདི་རྟ་བབས་སྒོ་ཚད་གཉིས་མར་བྱས་པའི་ཚེ་ཕྱི་མ་ལྟར་ཁས་བླངས་པས་དུར་ཁྲོད་ཡོད་པའི་ཕྱོགས་ལ་འགྲིགས་ཤིང་། དུར་ཁྲོད་མེད་པའི་ཕྱོགས་ལ་སྔ་མ་ལྟར་བྱས་ན་དེ་ཉིས་འགྱུར་གྱི་རྭ་རྩེའམ་འོག་གཞིའི་འཁོར་ལོའི་རྩེ་མ་སྙོགས་ཤིང་། ཕྱི་མ་ལྟར་ན་སྒོ་ཚད་གཉིས་ཀྱིས་མ་ལངས་མོད་ཀྱི། འོན་ཀྱང་ཉིས་འགྱུར་དུ་བྱ་བར་གསུངས་པ་ནི་དཀྱིལ་འཁོར་དང་འཚམ་པར་བྱ་ཞེས་པའི་དོན་ཡིན་པའི་གནད་ཀྱིས། འོད་ཕྲེང་དག་གི་ཕྱི་རོལ་དུ་ཐིག་རོ་མ་ལུས་པར་གདབ་དགོས་པའི་ཕྱིར་ན། སློབ་དཔོན་དང་ཐིག་གཡོག་གི་ལག་པས་བཟུང་བའི་ཆ་མ་གཏོགས་པ་མཐའི་ཁོར་ཡུག་གི་ཚད་ལ་རིང་བ་མི་རུང་ཞིང་། གཞན་དུ་ཟླུམ་ཐིག་ནི་རྐྱང་ཐིག་ལ་ལྟོས་མི་དགོས་པའི་ཕྱིར། རྟ་བབས་སྒོ་ཚད་གསུམ་མ་དང་། གཉིས་མ་དང་། གཅིག་མ་གསུམ་གང་བྱེད་ཀྱང་རུང་སྟེ། འོག་གཞིའི་རྭ་རྩེ་ཚུན་གྱི་ཚད་དང་མཉམ་ཙམ་གྱིས་ཀྱང་དགོས་པ་འགྲུབ་ཅིང་དེ་ལས་ཐུང་དུ་མི་རུང་ངོ་། །སྦོམ་ཕྲ་ནི་སྒོའི་ཉི་ཤུའི་ཆ་སྟེ་རྩིག་པའི་རེ་ཁཱ་དང་མཉམ་པས་ཆ་ཕྲན་གཅིག་གི་ལྔའོ། །དེ་སྐད་དུ་འང་གལྤོ་དང་མཉམ་སྦྱོར་གྱི་དཀྱིལ་ཆོག་ལས། རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །ཞེས་སོ། །གསུམ་པ་ནི། སྐུད་པ་རྣམས་དཔའ་བོ་འབྲུ་ལྔར་མོས་ལ། མདུན་གྱི་ནམ་མཁར་སྤྱན་དྲངས་པའི་རྒྱལ་བ་རྣམས་འབར་བའི་ལྟ་སྟངས་ཀྱིས་བསྐུལ་བས། སྦྱོར་བ་མཛད་པའི་བྱང་སེམས་ཡེ་ཤེས་ལྔའི་རང་བཞིན་འོད་ལྔའི་རྣམ་པར་བྱུང་བ་ཐིག་སྐུད་ལ་ཕོག་པས་ཡེ་ཤེས་ལྔའི་རང་བཞིན་ཅན་དུ་གྱུར་པར་བསམ་ལ། དང་པོ་སྲད་བུ་ལྔ་སོ་སོ་དང་། དེ་ནས་གཅིག་


MLP020_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྒྲིལ་བ་སོགས་སོ་སོའི་དཀྱིལ་ཆོག་ལྟར་བྱ་བ་གཅེས་སོ། །དེ་དག་ཀྱང་མཉམ་སྦྱོར་དཀྱིལ་ཆོག་ལས། རིན་ཆེན་ཐོད་པའི་སྣོད་བཞག་ལ། །རིགས་ཀྱི་ཡི་གེའི་སྔགས་ཀྱིས་བསྐྱེད། །མ་ཏི་ཀྲ་མ་ཧཱུྃ། ༀ་ཨཱཿཧཱུྃ། མིག་གི་ལྟ་བ་བཀུག་བྱས་པའི། །སངས་རྒྱས་རིགས་རྣམས་གཞུག་པར་བྱ། །ཉི་ཟླ་འབར་བའི་ལྕགས་ཀྱུ་ཡིས། །དེ་གཉིས་གཅིག་ཏུ་གནས་པར་བསྒོམ། །མཆོད་འབུལ་བསྟོད་པས་མཉེས་བྱས་ནས། །གཙོ་བོའི་སྔགས་བརྗོད་བསྒྲིལ་བར་བྱ། །ཞེས་དང་། ཞི་བ་རྡོ་རྗེ་ལས་རིམ་ལས། གཙང་མའི་སྣོད་དུ་ལེགས་བཀོད་དེ། །ཉི་ཟླ་འབར་བའི་གདན་དག་ལ། །ཐུགས་ལས་ཡི་གེ་འབྲུ་གྲངས་བཞིན། །ཕྱོགས་བཅུ་དུས་བཞི་མདུན་དྲངས་ཏེ༑ ༑མཆོད་སྦྱར་གསོལ་བ་གདབ་པར་བྱ། །སྦྱོར་བའི་ཡེ་ཤེས་གྲངས་མཉམ་དང་། །རྡོ་རྗེ་གསུམ་བྱིན་ངེས་པར་བསྟིམ། །དང་པོ་རང་བཞིན་མཉམ་བྱས་ཏེ། །ཅུང་ཟད་མཆོད་ལ་བརྟག་པར་བྱ། །ཞེས་ཡི་དམ་ཐུན་མོང་གི་བྱིན་རླབས་གསུངས་པ་བཞིན་ནོ། །བཞི་པ་གདབ་ཚུལ་ནི། རྡོ་རྗེ་རྒྱལ་པོ་ལྷར་གསལ་བས་གཟུངས་མའམ། སློབ་མ་ཡུམ་དུ་མོས་པ་ལ་ཛཿཛ་ཞེས་བླངས་ཏེ། ཐིག་བྱང་ཆུབ་སེམས་ཀྱི་རང་བཞིན་དཀར་བྲེང་གིས་བྱུང་བར་བསམ་ལ། རང་གི་མཐེ་བོང་དང་གུང་མོ་འོག་ཏུ་ཕྱོགས་པས་ཐིག་སྐུད་བཟུང་ཞིང་གཅུས་ཏེ་ནམ་མཁའ་ལ་གྱེན་དུ་སེ་གོལ་གྱིས་གདབ་སྟེང་ཕྱོགས་སུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་པར་བསམ། ཡང་འོག་ཏུ་ཕྱོགས་ཏེ་བར་སྣང་ལ་གདབ་པས་འོག་གི་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར་པར་བསམ་པ་སྟེ། གལྤོ་ལས། ཡེ་ཤེས་ལྔ་ལྡན་གནམ་ཐིག་གིས། །སྟེང་གི་འཇིག་རྟེན་དཀྱིལ་འཁོར་འགྱུར། །ས་ཐིག་འོག་གི་འཇིག་རྟེན་ཡང་། །དཀྱིལ་འཁོར་ཆེན་པོར་འགྱུར་བའོ། །ཞེས་དང་། སྐོར་ཕྱོགས་ནི། གདབ་ཚུལ་སློབ་དཔོན་ནུབ་ཏུ་འདུག ། ཅེས་སོགས་ཏེ། བདེ་འདུས་ཞི་བའི་ཐིག་ཆོག་སློབ་དཔོན་གྱིས་མཛད་པ་ལས། སློབ་དཔོན་ཆུ་བདག་ཕྱོགས་གནས་ལ། །སློབ་མ་བརྒྱ་བྱིན་ཕྱོགས་གནས་ཏེ། །ཚངས་ཐིག་དང་པོ་གདབ་པར་བྱ། །གཤིན་རྗེ་གནོད་སྦྱིན་ཕྱོགས་གནས་ཏེ། །ཚངས་ཐིག་གཉིས་པ་གདབ་པར་བྱ། །མེ་དང་འབྱུང་པོར་གནས་ནས་ནི། །ཤར་གྱི་ཐིག་ནི་གདབ་པར་བྱ། །རླུང་དང་བདེན་བྲལ་


MLP020_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གནས་ཏེ། །ནུབ་ཀྱི་ཕྱོགས་ནི་དེ་བཞིན་གདབ། །སློབ་དཔོན་རླུང་གནས་བྱང་གི་ཐིག །མེ་དང་བདེན་བྲལ་གནས་ནས་ལྷོ། །མཚམས་ཀྱི་ཐིག་གཉིས་དེ་བཞིན་གདབ། །ཅེས་དང་། པདྨ་ལས་རིམ་ལས་ཀྱང་། དེ་ནས་སློབ་དཔོན་ཆུ་བདག་འདུག །ཤི་ཤ་བརྒྱ་བྱིན་ཕྱོགས་སུ་འདུག །གནམ་ཐིག་ཚངས་ཐིག་དང་པོ་གདབ། །ཅེས་པ་ནས། ཟུར་ཐིག་གཉིས་ཀྱང་ཤེས་པར་བྱ། །ཞེས་གསུངས་པའི་བར་རོ། །དེའི་འཕྲོས་ལས། རྡོ་རྗེ་དྲིལ་བུ་ཐོགས་ལ་གདབ། །སྒྲ་རྣམས་ཀྱང་ནི་བཀྲོལ་བར་བྱ། །ཡེ་ཤེས་ཐིག་གདབ་རིམ་པའོ། །ཞེས་གསུངས་པས་རྡོར་དྲིལ་དང་བཅས་པས་ཕྱོགས་མ་འཁྲུལ་བར་གདབ་ཅིང་། འགྲོ་ཚུལ་ཡང་། ནག་པོ་པས། བློ་ལྡན་རྒྱབ་ཀྱིས་འགྲོ་བར་བྱ། ཞེས་པ་ལྟར། ཚངས་ཐིག་དང་ལོགས་ཐིག་ལ་གཡས་སྐོར་རྒྱབ་འགྲོས་ཀྱིས་འགྲོ་ཞིང་། ཟུར་ཐིག་གཉིས་ལ་སྐོར་ཕྱོགས་སུ་འགྲོ་བ་ལས་རྒྱབ་འགྲོས་མི་དགོས་སོ། །གཉིས་པ་ལས་ཐིག་ལའང་། རྒྱུ། ཚད། བྱིན་རླབས། གདབ་ཚུལ་དང་བཞི། དང་པོ་ནི༑ སྒྱུ་འཕྲུལ་ལས། ཞི་བ་ལ་རས་བལ་ལམ། ཁྲོ་བོ་ལ་ཞིང་ཆེན་གྱི་རྒྱུ་མའམ། གཞན་ལས་རོ་སྐྲ་ལའང་བྱ་བར་བཤད་དོ། །ཧེ་རུ་ཀ་གལྤོ་ལས། ཤི་བའི་སྐྲ་ཡི་སྐུད་པའམ། །བ་སུ་ཏ་ཡིས་ཐིག་སྐུད་བྱ། །ཞེས་དང་། ཞི་བ་ལས་རིམ་ལས། ཁ་དོག་གསུམ་ལྡན་སྣལ་མ་དགུ། །རས་བལ་ལས་བཀལ་སྐུ་གསུང་ཐུགས། །ཞེས་སོགས་སོ། །འོན་ཀྱང་ཞི་ཁྲོ་ཐུན་མོང་དུ་རས་བལ་གཙང་མ་མཚན་ལྡན་མས་བཀལ་བའི་སྐུད་པ་ཁ་དོག་གསུམ་སྒྲིལ་ལམ་དགུ་སྒྲིལ་དུ་བྱས་པ། ཚད་ཀྱང་སྔར་དང་འདྲ་བ་སྟེ། པདྨ་ལས་རིམ་ལས། དེ་རྗེས་ལས་ཐིག་བརྩམ་པར་བྱ། །ཉེས་པའི་སྐྱོན་མེད་རས་བལ་དཀར། །མཚན་ལྡན་གཟུངས་མ་གོང་མས་བཀལ། །ཤིན་ཏུ་སྙོམས་ལ་འཇུར་མདུད་མེད། །རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ༑ ༑སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །ཞེས་སོ། །བྱིན་རླབས་ནི། སྐུད་པ་རྣམས་འབྲུ་གསུམ་དུ་མོས་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་བ་ཐིག་སྐུད་ལ་ཐིམ་པས། དེ་ཉིད་ཀྱིས་སྐུ་གསུང་ཐུགས་གསུམ་མམ་དགུ་ཕྲུག་


MLP020_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གི་རང་བཞིན་དུ་གྱུར་པར་བསམ་སྟེ། གལྤོ་ལས། ས་ཐིག་གསུམ་སྒྲིལ་སྐུ་གསུང་ཐུགས། །ཞེས་སོ། །སྦགས་པའི་ཐིག་སྐུད་བརྐྱངས་ཏེ་སློབ་དཔོན་སློབ་མ་ལྷ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་དམ་ཚིག་གི་ཐིག་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་བཏབ་པར་བསམ་ལ་རྡོར་དྲིལ་བཞག་སྟེ་ཐིག་ཆེན་བརྒྱད་པོ་སྐོར་ཕྱོགས་དང་གོ་རིམ་ཡེ་ཐིག་བཞིན་དུ་བྱས་ནས་གདབ་སྟེ། པདྨ་ལས་རིམ་ལས། རྡོ་རྗེ་དྲིལ་བུ་བོར་ནས་ནི། །གདབ་པའི་རིམ་པ་གོང་ལྟར་བྱ༑ ༑ཞེས་སོ། །ཡང་གནས་སྐབས་བྱ་སླ་བའི་ཆེད་དུ་ལོགས་བཞིའི་སྔོན་དུ་ཟུར་ཐིག་གཉིས་བཏབ་ཀྱང་མི་འགལ་ཏེ། རྡོ་རྗེ་གུར་གྱི་ལེའུ་བརྒྱད་པར། དང་པོ་ཚངས་པའི་ཐིག་དང་ནི། །གཉིས་པར་མཚམས་ཀྱི་ཐིག་དང་ནི། །གསུམ་པར་ངོས་ནི་བཞི་པའི་ཐིག །ཐིག་ནི་རབ་ཏུ་གདབ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་གནམ་སའི་ཐིག་གདབ་པའི་ཚེ། སྐུད་པ་ཆད་པ་དང་། ཤོར་བ་དང་། ཕྱོགས་འཁྲུལ་པའི་སྐྱོན་རྣམས་སྒྲིམ་པོའི་བློས་སྤངས་ནས་གདབ་སྟེ། སྙིང་པོ་ལས། མཁས་ལྡན་ཆེན་པོས་སྒྲིམ་སྟེ་བྱ། །ཞེས་དང་། རྡོ་རྗེ་ལས་རིམ་ལས། ཐིག་སྐུད་ཆད་ན་སློབ་དཔོན་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནས་པར་འགྱུར། །དེ་ཕྱིར་མཁས་པས་སྒྲིམ་སྟེ་བྱ། །ཞེས་དང་། བདེ་འདུས་ཀྱི་དཀྱིལ་འཁོར་བྱ་བའི་ལས་རིམ་ལས་ཀྱང་། ཐིག་སྐུད་ཆད་ན་སློབ་དཔོན་ལ་ངན༔ ཟུར་ཐིག་ཉམས་ན་སློབ་མ་འཆི༔ རིང་ཐུང་འཆོར་ན་ན་བར་འགྱུར༔ ཕྱོགས་མཚམས་འཁྲུགས་ན་ཉེས་པར་འགྱུར༔ ཞེས་གསུངས་སོ། །ཡང་ལས་རིམ་ལས། ཀུན་ཏུ་བྱ་བར་བྱས་པ་དང་༔ ཏིང་འཛིན་ལྡན་པས་ཡེ་ཤེས་ལས༔ ཡེ་ཤེས་ཐིམ་པ་ངེས་མཆོད་དེ༔ དམ་ཚིག་ཕྱག་རྒྱ་མུཿ ཡིས་གཤེགས༔ དེ་ནས་ཉེས་པ་གང་ཡང་མེད༔ ཞེས་པས་ཐིག་སྐུད་གཉིས་ལ་གཏང་རག་གི་ཚུལ་དུ་ཡེ་ཤེས་ལ་ཡེ་ཤེས་ཐིམ་པར་བསམ་ལ་མཆོད་དེ། དམ་ཚིག་གི་ཕྱག་རྒྱ་བཅས་ལ་བཛྲ་མུཿཞེས་པས་གཤེགས་སུ་གསོལ། དེ་ལྟར་བྱས་པས་ཐིག་སྐུད་ལ་འགོམ་པ་སོགས་ཐལ་ཡང་ཉེས་པ་མི་འབྱུང་ངོ་། །དེ་བཞིན་དུ་དཀྱིལ་འཁོར་ལ་བཏབ་པའི་ཐིག་རབ་གནས་


MLP020_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་དེ་ལའང་འགོམ་པའི་ཉེས་པ་སེལ་བའི་ཕྱིར་ཧྲཱིཿཞེས་སྒྲ་རིང་པོར་བརྗོད་པར་དཀྱིལ་འཁོར་གྱི་ཐིག་ལྷ་བློས་ནམ་མཁའ་ལ་བཏེགས་ནས་ཐིག་ཕྲན་གྱི་ཆ་དབྱེ་བ་དང་། ཚོན་བཀྱེ་བ་སོགས་ཐིག་གི་འོག་ཏུ་འཛུལ་བར་མོས་ནས་བྱ་བར་གསུངས་ཏེ། སྔ་མ་ལས། རབ་གནས་ལྡན་པའི་ཐིག་འགོམ་ན། །བདེ་གཤེགས་སྐུར་པ་བཏབ་དང་མཚུངས། །སངས་རྒྱས་ཆོས་ལས་རིང་འགྱུར་བས། །ཧྲཱིཿསྒྲའི་ཕྱག་རྒྱས་འཛུལ་བར་བྱ། །ཞེས་སོ། །གནམ་སའི་ཐིག་གདབ་པའི་གོ་རིམ་ཡང་། སྒྱུ་འཕྲུལ་མཁན་པོ་ཕལ་ཆེར། ཐོག་མར་ལས་ཐིག་བཏབ་ནས། དེ་རྗེས་སྐུ་གསུང་ཐུགས་རེ་རེ་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པར་བསམ་ལ་ཡེ་ཐིག་འདེབས་པའི་ཕྱག་ལེན་མཛད་མོད། འདིར་ཡེ་ཐིག་ཐོག་མར་འཆད་པ་བརྗོད་པ་ཉུང་བས་འཆད་བདེ་བ་དང་། དེར་མ་ཟད་སྒྱུ་འཕྲུལ་ལས་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། བི་མ་ལས་ཐིག་གི་པིཎྜརྠ་ལས། རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །དེ་ནས་ས་ཐིག་འཆད་པ་བཞིན། །ཉེས་པ་བྲལ་བར་གདབ་པར་བྱ། །ཡང་ན་ཡེ་ཤེས་དམ་ཚིག་པའི། །རྗེས་ལ་རབ་གནས་གདན་ཕྱིར་གདབ། །ཅེས་སྔ་ཕྱི་འདམ་ཁར་གསུངས་པ་དང་། ཚད་ལྡན་གྱི་གཞུང་མང་པོར་ཡེ་ཐིག་སྔོན་ལ་འདེབས་པའི་ཁུངས་ཀྱང་མཐོང་བའི་ཕྱིར་རོ། །དེའང་རྔམ་གློག་ལས། ཐིག་གཡོག་ལས་ཀྱི་སེམས་མ་སྟེ། །མཚན་ལྡན་བྱིན་གྱིས་བརླབས་ནས་ནི༑ ༑ཕྱག་རྒྱ་གར་དང་བཅས་པ་ཡིས། །རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །དེ་ནས་ས་ཐིག་གདབ་པ་ཡང་། །འདུལ་བའི་དབང་གི་བྱེ་བྲག་ལས། །མཎྜལ་ཚད་ནི་ངེས་པ་མེད། །སོར་བཞི་པ་ལས་བརྩམས་ནས་ནི། །ཇི་སྲིད་དཔག་ཚད་ཐུག་བར་རོ། །ཞེས་དང་། བདེ་འདུས་ཞི་བ་འདུས་པའི་རྩ་རྒྱུད་ལས། དང་པོར་ནམ་མཁར་དགོངས་ཐིག་གདབ༔ དེ་ནས་ས་ཐིག་རིམ་པ་བཞིན༔ ཞེས་དང་། པདྨ་ལས་རིམ་ལས་ཀྱང་། ཡེ་ཤེས་ཐིག་གདབ་རིམ་པའོ། །དེ་རྗེས་ལས་ཐིག་བརྩམ་པར་བྱ། །ཞེས་སོགས་མང་ངོ་། །འོན་ཀྱང་འདིར་སྤྱིར་བཏང་ཙམ་དུ་བཀོད་པ་སྟེ། བྱེ་བྲག་དཀྱིལ་ཆོག་སོ་སོའི་ལུགས་བཞིན་མ་འདྲེས་པར་ལག་ཏུ་ལེན་པ་གཅེས་སོ། །དེ་ལྟར་ཐིག་གདབ་སྤྱིར་བཤད་པས་ཁོག་ཕུབ་ནས། ད་ནི་ལས་ཐིག་


MLP020_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆ་དབྱེ་བ་སོགས་འཆད་པར་འདོད་པས། དེ་ཡང་ཅུང་ཟད་ཕྱེ་སྟེ་བཤད། །ཅེས་སྨྲས་སོ། །དེ་ལ་ཐོག་མར་ཐིག་གཞི་སྟེགས་བུའི་ཚད་ནི་ཕྱི་དཀྱིལ་འཁོར་གྱི་ཚད་སྔར་དྲངས་མ་ཐག་པའི་རྔམ་གློག་གི་ལུང་དེ་ལས། སོར་བཞི་ནས་དཔག་ཚད་ཀྱི་བར་མ་ངེས་པར་གསུངས་པ་ནི་ལྷག་པ་གཟུགས་བརྙན་དང་། ཏིང་ངེ་འཛིན་མ་ཕྱེ་བའི་སྐབས་ཏེ། སྙིང་པོ་ལས། ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པ། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་དང་། ཐར་ལོའི་འགྱུར་ལས། རྒྱང་གྲགས་ཙམ་ནི་དཔག་ཚད་སྦྱོར། །མཁའ་དབྱིངས་བསམ་མི་ཁྱབ་པ་རུ། །སངས་རྒྱས་དཀྱིལ་འཁོར་བསམ་པར་བྱ༑ ༑ཞེས་ལྷག་པ་ཏིང་འཛིན་གྱི་དཀྱིལ་འཁོར་དུ་གསུངས་ཤིང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཆུང་འབྲིང་ཆེ་གསུམ་ལས། ཆུང་ཚད་གཉིས་ནི། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཞེས་སོ། །འབྲིང་ཚད་གཉིས་ནི། ཡང་ན་ལུས་ནི་གསུམ་གྱི་ཚད། །ཡང་ན་ཁྲུ་ནི་བཅུ་དྲུག་གོ །ཞེས་སོ། །ཆེ་ཚད་གཉིས་ནི། ཉི་ཤུའམ་ཉི་ཤུ་རྩ་ལྔ་བྱ། །ཞེས་གསུངས་པའི་ཕྱིར། འདིར་ཁྲུ་གང་ཚད་ལས་མི་ཆུང་བའི་ཞེས་སྨྲས་པ་ནི༑ དེ་ཆུང་ཚད་ཡིན་པས་དེ་ལས་ཆུང་དུ་མི་བཏུབ་པའི་ཐ་ཚིག་གོ །སྟེགས་བུ་དེའི་རྣམ་པ་ནི༑ དབུས་མཐོ་ཞིང་། མཐའ་ཀུན་ནས་སྙོམས་པ་སྟེ། འོན་ཀྱང་ཤར་མཐོ་ན་ཚེ་ཐུང་། བྱང་མཐོ་ན་ནོར་རྫས་འཛད། ཅེས་གསུངས་པས་ཤར་དང་བྱང་ཅུང་ཟད་དམའ་བར་བྱའོ། །ཇི་ལྟར་རིགས་པའི་སོགས་ནི་ཚངས་ཐིག་ཟུར་ལ་སོགས་པའི་ཐིག་གདབ་ཚུལ་ཐམས་ཅད་ཞིབ་མོར་སྟོན་པ་སྟེ་ཀློག་པས་གྲུབ་པའོ། །གདབ་ཚུལ་རྣམ་པ་གཞན་དུ་ན་འདི་ལྟར་ཤེས་པར་བྱ་སྟེ། ཐོག་མར་ཚངས་ཐིག་དང་པོ་གདབ། །དེ་དབུས་ཚད་བཏབ་དཀྱིལ་འཁོར་དཀྱིལ། །དེ་སྟེང་བཟུང་ནས་ཟླུམ་སྐོར་གཅིག །དེ་དང་ཚངས་ཐིག་ཕྲད་ས་རུ། །བཟུང་སྟེ་སྔ་མའི་སྲད་བུ་ལས། །ཅུང་ཟད་རིང་ངམ་ཐུང་དུ་བཅུག །དེ་ཡིས་གར་སླེབས་ཟླུམ་སྐོར་དེའི། །ཕྱི་དང་ནང་དུ་ཕྱོགས་ཟུར་གྱི། །བྱ་རྗེས་དེ་སྟེང་ཚངས་ཐིག་དང་། །ཟུར་ཐིག་གཉིས་པ་གདབ་པར་བྱ༑ ༑དབུས་ནས་ཕྱོགས་རེར་ཟུར་ཐིག་སྟེང་། །ཆ་མཉམ་དགུ་ཡི་མཚན་མ་བྱ། །དེ་སྟེང་


MLP020_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་རེ་ཆ་ཆེན་ནི། །དགུ་དགུ་བཅོ་བརྒྱད་གདབ་པར་བྱ། །དང་པོ་ཕྱེད་གདབ་ཕྱི་མ་གདབ།། གཉིས་པ་ཆ་བཞིར་བགོ་བར་བྱ། །གསུམ་པ་བཞི་པ་མི་གདབ་བཞག །ལྔ་པ་དབུས་དོར་མཐར་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱེད་མ་གདབ། །བདུན་པ་བརྒྱད་པ་བཞི་བཞིར་བགོ །དགུ་པ་དབུས་དོར་མཐའ་གཉིས་གདབ། །ཅེས་རྟ་བབས་བརྒྱད་མ་དང་། བཞི་མའི་ཚེ༑ ཆ་མཉམ་བརྒྱད་ཀྱི་མཚན་མ་བྱ། །ཞེས་དང་། བརྒྱད་བརྒྱད་བཅུ་དྲུག་གདབ་པ་བྱ། །ཞེས་དང་། བདུན་པ་བཞིར་བགོ་བརྒྱད་དབུས་དོར། །ཞེས་བརྗོད་དོ། །ཡང་སྒོ་སྦྲག་གི་ཚེ། དགུ་དགུ་བཅོ་བརྒྱད་གདབ་པར་བྱ། །དེ་ལ་ཆ་ཆེན་ནང་མ་གསུམ། །ཕྱེད་དུ་གཏུབས་ཏེ་དྲུག་ཏུ་བྱ། །དང་པོ་ཕྱེད་གདབ་ཕྱི་མ་ཕྱེད། །གཉིས་པའི་ནང་དུ་ཆ་ཕྲན་གཅིག །གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །དེ་ནི་ནང་གི་སྒོ་ཡིན་ནོ། །ཆ་ཆེན་བཞི་པ་ཕྱི་ཡི་ཁྱམས། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །ཅེས་སོགས་སྔར་བཞིན་ཏེ༑ གཞན་དུ་བྲིས་པ་ལས་འདིར་བྱ་སླའོ། །འོན་ཀྱང་གཞུང་དུ་ཐོག་མར་མདའ་ཐིག་ནས་འདེབས་པ་ནི། རྩ་ཐིག་སོགས་ངོས་བཟུང་སྟེང་གོ་བ་ལ་ཕན་པའི་ཆེད་དང་། མཉམ་སྦྱོར་གྱི་དཀྱིལ་ཆོག་ལས་ཀྱང་། ཐིག་ནི་ཕྱི་ནས་བཏབ་པ་ལ། །ཚོན་རྩི་ནང་ནས་བཀྱེ་བར་བྱ། །ཞེས་གསུངས་པའི་དགོངས་པའང་ཡིན་ནོ། །ཡང་ཆ་ཆེན་བཅོ་བརྒྱད་དང་བཅུ་དྲུག་ཏུ་དབྱེ་བ་འདི་ནི། རྡོ་རྗེ་ལས་རིམ་ལས། ཕྱོགས་རེར་དགུ་དགུ་སྟེ་སོ་དྲུག་གི་སྟེང་ཚངས་ཟུར་རྩིས་ཏེ༑ མཆོག་གི་ཐིག་ཕྲན་བཞི་བཅུ་བཞི། །ལེགས་པར་ཁ་དོག་ཕྱེ་ཡང་རུང་། །ཞེས་དང་། བདེ་འདུས་རྩ་རྒྱུད་ལས། ཐིག་ནི་བཅུ་དྲུག་དག་ཏུ་གདབ༔ ཅེས་དང་། ཤྲདྡྷཱས་ཀྱང་། ངོས་བཞིའི་ཆ་ནི་དབྱེ་བྱས་ཏེ། །རེ་རེའང་ཆ་ཆེན་བཅུ་དྲུག་ཏུ། །སོ་སོར་རྣམ་པར་དབྱེ་བར་བྱ། །ཞེས་གསུངས་པའི་དོན་ཏེ་སྤྱིར་བཤད་པའོ། །བྱེ་བྲག་རྟ་བབས་བརྒྱད་མ་དང་། བཞི་མ་ལས་འཕྲོས་ཏེ་དཀྱིལ་འཁོར་སོ་སོའི་ཐིག་བཤད་པ་ལས། ཐོག་མར་སྒྱུ་འཕྲུལ་ཞི་བའི་ཐིག་གདབ་ཚུལ་འདི་ནི་དཀྱིལ་འཁོར་འབྲིང་པོའི་འདེབས་ཚུལ་ཏེ། བསྡུས་པ་ལ་བར་ཁྱམས་མེད་པའི་གྲུ་ཆད་ལ་སྒོ་གཏོད་པ་དང་། རྒྱས་


MLP020_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕོ་བྲང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་རེ་རེ་ལའང་རྩིབས་བཞི་ལྟེ་བ་དང་བཅས་པས་མཚན་པའོ། །འདིའི་རྟ་བབས་བརྒྱད་མའི་འགོད་རིམ་དང་། འགོད་གཞི་འཁོར་ལོ་བྱེད་པ་ཞི་བ་ལ་ཁོར་ཡུག་གསུམ་ལས་མི་བྱེད་པ་སོགས་ཀྱི་དོན་ནི་འབྱམས་ཀླས་པར། ཞི་བ་འབྲིང་པོའི་བློས་བསླང་རྣམ་བཞག་ཏུ་བྲིས་ཡོད་པར་སྤྲོ་ན་དེར་བལྟ་བར་བྱ་སྟེ། ཁྲོ་བོ་ཡང་དེས་ཁོག་ཕུབ་པ་ཡོད་དོ། །ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལ། ཞི་བ་རྡོ་རྗེ་དབྱིངས་སྟེང་དང་། ཚོགས་ཆེན་འདུས་པ་འོག་ཁང་དུ་བྱས་པའི་ཁྲོ་བོ་ལ་སྒོ་དགུ་བརྩེགས་སུ་བྱེད་པ་ནི་ཧཱུྃ་ཀཱ་རའི་རྒྱ་མདུད་འགྲེལ་པ་ལས། གཞལ་ཡས་ཁང་མཐའ་ཐུག་པ་མེད་པའི་ཁྱམས་དགུ་ལས་མེ་དཔུང་འབར་བ་ནི། ཐེག་པ་དགུའི་རྟོགས་པའི་ཡེ་ཤེས་དགུ་ཡོངས་སུ་རྫོགས་པའི་ཕྱིར་སྒོ་དགུ་བརྩེགས་སུ་མཐོང་སྟེ། ཁྱམས་མཐོ་དམན་གྱི་ཆས་བརྩེགས་པའོ། །ཞེས་དང་། སྤྱིར་སྒོ་དགུར་གྱུར་པ་ནི་ཕྱོགས་དང་པོའི་དབང་གིས་ཤར་ནས་སྨོས་པའོ། །བརྩེགས་པ་ནི་སྒོ་རིམ་པ་དགུ་པར་འོག་གཞིའི་ཆས་ཕྱེ་བའོ། །དེ་དག་ལ་ཐིག་ཉི་ཤུ་རྩ་བདུན་ནོ༑ ༑ཞེས་གསུངས་པའི་རྗེས་སུ་འབྲངས་ནས་བྲིས་པ་སྟེ་རང་གི་རྗེ་བླ་མའི་དགོངས་པའོ། །དེའང་འདིའི་དབུས་ཀྱི་ཟླུམ་སྐོར་གསུམ་ནི། ཆེ་མཆོག་དང་དབང་མཆོག་བཛྲ་ཧེ་རུ་ཀ་གསུམ་གྱི་སའོ། །དེ་ནས་རིམ་པར་རྩིབས་བརྒྱད་ལ་རྒྱུད་ལུང་གི་ཁྲོ་བོ་བརྒྱད། གློ་འབུར་དང་། གྲུ་ཆད་ལ་གཽ་རཱི་མ་བརྒྱད། བར་ཁྱམས་དང་པོར་སེངྷ་མ་བརྒྱད་དང་། དེའི་སྒོར་ནང་གི་སྒོ་མ་བཞི། གཉིས་པར་སྤོར་མ་བརྒྱད་དང་བར་གྱི་སྒོ་མ། གསུམ་པར་དབང་མོ་ཉེར་བརྒྱད། བཞི་པར་མཁའ་འགྲོ་སོ་གཉིས། ལྔ་པར་མ་བདུན་སྲིང་བཞི། དྲུག་པར་གིང་བཅོ་བརྒྱད། བདུན་པར་ཁྲོ་བོ་དྲུག་ཅུ། བརྒྱད་པར་ཕོ་ཉ་སུམ་བརྒྱ་དྲུག་ཅུ། དགུ་པར་མ་མོ་དྲུག་ཅུ། ཕྱོགས་བཞིའི་རྟ་བབས་ལ་རིག་འཛིན་རྣམས་བཞུགས་པར་བཤད་དོ། །ལ་ལ་ནི་ཞི་དཀྱིལ་དབུས་སུ་བཅུག་པའི་སྒོ་སྦྲགས་བཅུ་གཅིག་ཏུ་མཛད་པ་སོགས་ལ་ཁུངས་གསལ་པོ་མ་མཐོང་། ཁྲོ་དཀྱིལ་གྱི་གཙོ་བོ་འགོད་ས་མི་རྙེད་པའི་སྐྱོན་གནས་སོ། །ཡང་སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པའི་ཀུན་འདུས་ཀྱི་བེར་ཀ་ཡིག་ཆུང་ལས། གཞལ་ཡས་སྒོ་དགུ་བརྩེགས་གྲུ་ཆད་


MLP020_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྒོ་སྣམ་ཁྱམས་ལྔ་ལ་ཡོད་པ་བརྒྱད། གཅིག་མུ་ཁྱུད་ལ་ཡོད་ན་མུ་ཁྱུད་ཟླུམ་པོ་ལ་སྒོ་གདོང་དུ་འཚལ་ལ་བསམ། ཞེས་རགས་པ་བཀོད་པ་དང་། རྩ་རྒྱུད་དུ། འཁོར་ལོ་དྲུག་བརྩེགས་རྡོ་རྗེ་མུ་ཁྱུད་བདུན་དུ་འདོད་པའང་ཡོད་གསུངས་ཏེ། དེ་དག་སྔོན་གྱི་མཁས་པ་རྣམས་ཀྱིས་མ་བཀྲལ་བས་གྱ་ཚོམས་སུ་བྱ་བར་རིགས་པ་མ་ཡིན་ནོ། །འདིར་ཐིག་གི་ཆ་གསུམ་ནང་མ་འཁོར་ལོ་དང་། ཕྱི་མ་གཉིས་ཀ་བསྡོམས་ཏེ་ཆ་ལྔར་བགོས་པའི་ནང་མ་བཞིས་སྒོ་བརྒྱད་དང་། ཕྱི་མས་ཕྱི་སྒོར་འགྱུར་བའི་ཕྱག་ལེན་འདི་ནི་དཀྱིལ་འཁོར་ཆེ་ཆུང་གང་ལྟར་ཡང་སྦྱར་ཆོག་པས་བྱ་སླ་བའི་ཆེད་དེ། གཞན་དུ་གནས་ཁང་ཡངས་པ་དང་། སྦྱིན་བདག་འབྱོར་བ་ཅན་གྱིས་དཀྱིལ་འཁོར་ཆེན་པོ་བཞེངས་པའི་ཆ་གསུམ་ནང་མ་དང་། ཕོ་བྲང་བར་མས་སྒོ་བརྒྱད། ཕྱི་མ་ཆ་གསུམ་གྱི་ནང་མ་ཁྱམས་དང་། ཕྱི་མ་གཉིས་ལ་སྒོ་བཏོན་ཏེ། ཕྱི་རོལ་དུ་དེའི་སྒོ་ཚད་དང་མཉམ་པའི་རྟ་བབས་སོགས་བྱས་ན་རྭ་རྩེ་ནས་ཕྱི་རོལ་གྱི་ཁོར་ཡུག་བསྐོར་ཆོག་པ་སོགས་ལག་ལེན་དུ་བྱ་སླ་ཞིང་མཛེས་པ་ཞིག་འབྱུང་ངོ་། །འོན་ཀྱང་དཀྱིལ་འཁོར་ཆུང་ངུའི་ཚེ་ཆ་གསུམ་བར་མ་ལ་སྒོ་བརྒྱད་བརྩེགས་བྱ་དཀའ་བའི་གནས་སུ་གྱུར་པས་འདིར་མ་བྲིས་སོ། །དོང་སྤྲུགས་ཀྱི་པདྨ་བརྒྱའི་འགོད་ལུགས་ནི། བརྒྱད་ལྡན་ལས་རིམ་ལས། མུ་ཁྱུད་དྲུག་སྐོར་རིམ་པ་ལྔ། །བཞི་བརྒྱད་བཅུ་དྲུག་སུམ་ཅུ་གཉིས། །ཐ་མ་བཞི་བཅུར་འགྱུར་བ་ཡིན། །ཞེས་པ་ལྟར་རོ། །འདིར་སྒོ་རྐྱང་འགྲམ་ལོག་དང་བྲལ་བ་དང་། རྟ་བབས་ཆ་མི་མཉམ་པར་མཛད་པ་སོགས་ནི་བརྟག་པའི་གནས་ཏེ། རྒྱུ་མཚན་བློས་བསླང་རྣམ་བཞག་ཏུ་བཤད་གྲུབ་བོ། །ད་ནི་རྟ་བབས་བཞི་མ་ལས་འཕྲོས་པའི་དཀྱིལ་འཁོར་སོ་སོའི་གདབ་ཚུལ་ནི། གཏེར་མ་ཕལ་ཆེ་བར་ལྷ་སྣམ་མི་དགོས་པའི་ཁྱམས་སྤངས་ཏེ་ཞི་བ་བསྡུས་པ་དང་འདྲ་བར་བྱས་མོད། འོན་ཀྱང་འཇོམས་བྱེད་ཀྱི་དཀྱིལ་ཆོག་ཏུ་ཁྱམས་བཤད་པས་གཞན་མ་རྣམས་ལའང་ཡོད་མེད་འདམ་ཁར་བྱས་ན་རུང་ངམ་སྙམ་མོ། །བདེར་འདུས་ཞི་བ་ལས། འདིར་རྟ་བབས་བཞི་མར་བཤད་པ་ནི། སློབ་དཔོན་གྱི་ཐིག་ཆོག་ལས། ཆ་གཅིག་ཆ་བཞིར་རྟ་བབས་ཏེ།


MLP020_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། བདུན་པའི་ཆ་ཕྲན་བཞི་རུ་གདབ། །ཅེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། དེ་ནས་ས་ཐིག་རིམ་པ་བཞིན༔ དགུ་དགུའི་བདག་ཉིད་བཅོ་བརྒྱད་དུ༔ ཆ་ཡི་རྣམ་པ་ལ་སོགས་བགོ༔ ཞེས་དང་། ཞི་བ་ཞེ་གཉིས་ཀྱི་སྒྲུབ་ཐབས་ལས་ཀྱང་། རྣམ་ཐར་བཞི་ཡི་སྒོ་ཁྱུད་ལ། །རྣམ་ཐར་བརྒྱད་ཀྱི་རྟ་བབས་ལྡན། །ཞེས་བརྒྱད་མར་གསུངས་པའང་ཡོད་པས་མཐའ་གཅིག་ཏུ་མ་ངེས་སོ། །ཕྱི་རོལ་གྱི་ཁོར་ཡུག་ཀྱང་། ཐིག་ཆོག་ལས། དང་པོ་འཇིག་རྟེན་ཕྱོགས་སྐྱོང་ལ༔ གཉིས་པ་རྡོ་རྗེའི་ར་བ་སྟེ༔ གསུམ་པ་མེ་རི་རབ་ཏུ་བྲི༔ ཞེས་དང་། དཀྱིལ་འཁོར་བྱ་བའི་རིམ་པ་ལས། ཕྱོགས་སྐྱོང་སྣམ་བུ་དཀར་པོའི་སྣ་ཚོགས་པདྨ་ཞེས་འབྱུང་བས། འདིར་སྒྱུ་འཕྲུལ་ཞི་བ་ལྟར་པདྨ་བྱས་མོད། འདམ་གར་གསུངས་པའི་ཕྱིར། པད་རའི་ཚབ་ཏུ་ཕྱོགས་སྐྱོང་སྣམ་བུ་བྱ་བའམ། རྣམ་པ་གཅིག་ཏུ་ན་པདྨའི་ལྟེ་བའི་ཁ་ཁྱེར་ལ་ཕྱོགས་སྐྱོང་བཀོད་ཀྱང་མི་འགལ་ལམ་སྙམ་མོ། །འདི་ནང་གི་ཕོ་བྲང་དགུ་ལ་རྟ་བབས་བྱེད་པ་ནི་མི་རིགས་ཏེ། ཐིག་ཆོག་ལས། དབུས་ཀྱི་ཕོ་བྲང་དགུ་པོ་ལ༔ སྒོ་རྒྱན་རྟ་བབས་མེད་པའོ༔ ཞེས་གསུངས་པའི་ཕྱིར་རོ། །ཁྲོ་བོའི་སྐབས་འདིར་ནང་སྒོ་རྣམས་ལ་རྟ་བབས་མི་བྱེད་པ་དང་། བྱེད་པའི་ལུགས་གཉིས་ལས། དང་པོ་ནི་རྩ་རྒྱུད་ཀྱི་ལེའུ་བརྒྱད་པར། དེ་ལས་དཀྱིལ་འཁོར་ཆེན་པོ་དགུ། །ཀུན་ཀྱང་འཁོར་ལོ་རྩིབས་བཞི་པ༑ ༑གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན། །དེ་དག་ཕྱི་ཁྱམས་སྒོ་རྣམས་དང་། །སྒོ་རྒྱན་ལྕགས་རི་ལྡན་པ་ནི། །ཚོན་སྣ་ལྔ་ཡིས་ལེགས་པར་བྲིས། །ཞེས་ནང་སྒོ་ལ་སྒོ་རྒྱན་ལས་མ་གསུངས་པའི་ཕྱིར། གཉིས་པ་ནི། བརྐྱེད་རྫོགས་འབྲིང་པོའི་མངོན་རྟོགས་ལས། ཀུན་ཀྱང་སྒོ་བཞི་པ༑ ཕྲིན་ལས་རྣམ་པ་བཞིའི་བརྡར་རྟ་བབས་བཞི་པ། ཞེས་གསུངས་སོ། །དེས་ན་འདིར་བླ་མའི་ཕྱག་ལེན་དུ་རྟ་བབས་མེད་པའི་ཕྱོགས་མཛད་དོ། །རྟ་བབས་ཀྱི་སྣམ་བུ་ནི་བརྒྱད་མ་དང་། བཞི་པ་མཆོད་རྟེན་གྱི་དབྱིབས། བཞི་མ་སྤྱི་འགྲེ་ལྟར་གསུམ་ལས། དང་པོ་ནི། སྒྲུབ་ཐབས་རིན་ཆེན་ཕྲེང་བ་ཞེས་བྱ་བ་སྒོམ་ཁོག་ཆེན་མོར་གྲགས་པ་ལས། རྣམ་པར་ཐར་པ་བརྒྱད་དང་ལྡན་པས་རྟ་བབས་བརྒྱད་དང་ལྡན་པའོ། །ཞེས་གསུངས་པ་ལྟར་དེང་སང་


MLP020_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་འདི་མཛད་དོ། །གཉིས་པ་ནི། ཞི་བའི་ཐིག་ཆོག་ཏུ། རྟ་བབས་མཛེས་པའི་མཆོད་རྟེན་འདྲ། །ཞེས་པ་ལ་འཁྲིས་པ་འདྲ་སྟེ། པུ་ཤུ་བང་རིམ་བརྩེགས་ལ་མཆོད་རྟེན་འདྲ་བར་གསུངས་པ་ལྟར་འདྲ་བ་ཡིན་པས་དགོས་པའི་ངེས་པ་མེད་དོ། །ཡང་རྣམ་པ་གཅིག་ཏུ་ན། གསང་རྫོགས་ལས་རྟ་བབས་མཆོད་རྟེན་གཟུགས་སུ་བཤད་པའི་ལྷན་པ་ཤོར་བ་སྙམ་མོ། །གསུམ་པ་ནི་རྩ་རྒྱུད་ལས། བ་སུ་ཏའམ་རྒྱུས་པ་ཡིས། །ཐིག་ནི་བཅུ་དྲུག་གདབ་པར་བྱ། །ཞེས་ཆ་ཆེན་བཅུ་དྲུག་ཏུ་གསུངས་པས་སྣམ་ཕྲན་བཞིར་འགྱུར་བའི་ཕྱིར་འདིར་ཡང་ཞི་བ་ལྟར་བཞི་མ་དང་བརྒྱད་མ་འདམ་ཁ་གསུངས་པ་འདྲའོ། །ཕུར་པ་སྤུ་གྲིའི་གྲུ་ཆད་ལ་ཐོད་བརྩིགས་བྱེད་པ་ནི་བློས་བསླངས་ཀྱི་དུས་སུ་གཞལ་ཡས་ཁང་ཕྱི་མ་ལས་མཐོ་བར་བཞེད་པས་མུ་ཁྱུད་ཀྱི་ཐོད་ཕྲེང་ལྟ་བུ་མ་ཡིན་ཞིང་། འདིའི་སྒོ་ལ་སྒོ་ཁྱུད་སོགས་མེད་པས་བྲི་བའི་དུས་སུ་སྒོའི་ཐད་དུ་རྩིག་པ་གཅོད་མི་དགོས་ཏེ། སྒོ་གོང་གི་རྩིག་པ་ཡོད་པའི་ཕྱིར་རོ། །བཀའ་བརྒྱད་གསང་རྫོགས་ལའང་ཕོ་བྲང་ནང་མའི་ཐིག་འདི་དང་འདྲ་བ་ལས། དེའི་སྟེང་གདུང་བཞི་བསྣོལ་བའི་ལིང་ཚེ་དགུར་འཁོར་ལོ་རྩིབས་བཞིའི་ལྟེ་བར་ཟླ་གམ་ལོགས་སྒོ་ཅན་རེ་མཛད་དོ། །ཟླ་གམ་འདི་ལ་ལྟེ་བར་ཟླུམ་པོ་ཉིད་གཤགས་ཆོག་པས་ཐིག་མི་དགོས་ཀྱང་། གཞན་དུ་དབང་གི་ཐབ་ཁུང་ལྟ་བུ་ཟླ་གམ་དགོས་པའི་རིགས་ལ། དེའི་ཐིག་ནི། ཚངས་ཟུར་སྤྱི་ལྟར་བཏབ་པའི་རྗེས། །དབུས་ནས་ཤར་དུ་བསྐོར་ཐིག་གི །བཞི་ཆ་འཕགས་པར་སྲད་བུ་བཟུང་། །ཤར་གྱི་གཡས་གཡོན་ཟུར་ཐིག་བར། །བསྐོར་བའི་མདུན་ལོགས་བཅད་པས་འབྱུང་། །པད་འདབ་བརྒྱད་ནི་ཚངས་ཟུར་རྣམས། །ཐམས་ཅད་ཕྱེད་མར་བཅད་པས་གྲུབ། །རྩིབས་བཞིར་ཚངས་རྩེ་བཞི་པོ་སྦྲེལ། །རྩིབས་བརྒྱད་དེ་སྟེང་ཟུར་རྩེའང་སྦྲེལ། །རྩིབས་བཅུ་ཚངས་ནས་ཚངས་གཅིག་བར། །དུམ་བུ་ཕྱེད་གསུམ་གཞལ་བ་ཡི། །ཕྱེད་གཉིས་དོར་བའི་ཆ་གཅིག་པོས། །ལྷོ་དང་བྱང་གི་ཚངས་ཐིག་ནས། །ཤར་ནུབ་གཉིས་ཀྱི་ཚངས་ཐིག་བར། །གཉིས་རེ་གཞལ་བས་སྒང་པོ་བརྒྱད། །ཕྱེད་བཅད་མཚན་མ་བརྒྱད་བཏབ་བོ། །དེ་སྟེང་ཤར་ནུབ་ཚངས་ཐིག་བཅད། །མཚན་མ་བཅུ་པོ་གསལ་བར་བཏབ། །མཚན་མ་


MLP020_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཉིས་བར་བཞག་ནས། །སྲད་བུ་བརྐྱངས་ཏེ་རིམ་པར་གདབ། །དེ་ཡིས་འཁོར་ལོ་རྩིབས་བཅུ་འབྱུང་། །ཞེས་པ་རྣམས་ཀྱང་ཞར་ལ་འཕྲོས་པ་སྟེ། ཐིག་གི་ཆོ་ག་ཅུང་ཟད་དཀྲོལ་བའོ། །གཉིས་པ་ཚོན་གྱི་བྱ་བ་ལའང་བཞི་སྟེ། རྒྱུ། ཚད། བྱིན་རླབས། བཀྱེ་བའི་ཐབས་སོ། །དང་པོ་ལའང་འབྱོར་པ་རབ་འབྲིང་ཐ་གསུམ་ལས། འབྱོར་པ་རབ་འབྲི་བའི་ཡོན་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་དུ་བྱས་ན། སྔོན་པོ་ཨིནྡྲ་ནཱི་ལ། དཀར་པོ་དངུལ་ལམ་ཤེལ། སེར་པོ་པུ་ཤ་རཱ་གའམ་གསེར། དམར་པོ་པདྨ་རཱ་གའམ་བྱི་རུ། ལྗང་གུ་མརྒད་དམ་གཡུ་ལས་བྱ་སྟེ། ཧེ་རུ་ཀ་གལྤོ་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྫས། །པུ་ཤ་རཱ་ག་གསེར་དང་ནི། །པདྨ་རཱ་ག་མརྒད་དང་། །ཨིནྡྲ་ནཱི་ལ་ཚོན་དུ་སྦྱར། །ཞེས་དང་། རྡོ་རྗེ་ལས་རིམ་ལས། ཨིནྡྲ་ནཱི་ལ་ཟླ་འོད་དང་། །པུ་ཤ་རཱ་ག་བྱི་རུ་ཟངས། །མརྒད་ཏ་ལས་བྱ་སྟེ་དགྱེ། །ཞེས་སོ། །འབྱོར་པ་འབྲིང་རྒྱལ་ཕྲན་རྣམས་ཀྱིས་འབྲུ་ལྔ་དང་སྨན་ལྔ་གང་རུང་རང་མདོག་གམ། ཚོན་རྩིས་ཁ་དོག་བསྒྱུར་བ་ལས་བྱ་སྟེ། གལྤོ་ལས། མི་ཡི་དབང་པོས་སོ་ནམ་འབྲས། །བྲ་འོ་རམ་བུ་དེས་དམར་དང་། །ལྗང་གུ་སྲན་མ་ལ་སོགས་པ། །ཞེས་དང་། རྡོ་རྗེ་མེ་ལོང་ལས། འབྲས་དང་སཱ་ལུ་ལ་སོགས་པ། །ཁ་དོག་བསྒྱུར་བ་དེ་བཞིན་ནོ། །སྨན་དང་། ཞེས་སོ༑ ༑འབྱོར་པ་ཆུང་བ་འབངས་ཕལ་པས་ནི། བཀྲ་ཤིས་པའི་ས་ཕྱོགས་ནས་བྱུང་བའི་ས་ཚོན་རང་མདོག་གམ་ཁ་དོག་བསྒྱུར་བ་ལ་བྱ་སྟེ། སྔ་མའི་འཕྲོས་ལས། འབྱོར་བ་ཆུང་བ་ཡིས། །འབྱུང་ཁུངས་ལྔ་ཡིས་བྲི་བར་བྱ། །ཞེས་དང་། གལྤོ་ལས། རྡོ་ཐལ་བ་བླ་སྡོང་རོས་དང་། །རྒྱ་སྐྱེགས་དམར་པོ་བྱ་བ་དང་། །རམ་ལས་བྱས་དང་འབྲུ་བསྲེགས་པ། །ཐལ་བའི་རྡུལ་ཚོན་དག་ཏུ་བཤད། །ཅེས་པ་སྟེ། དེ་དག་ནི་ཕྱིའི་ཚོན་ནོ། །ནང་དུ་དྲག་པོའི་ཚོན་ནི། གལྤོ་ལས། དུར་ཁྲོད་ཐལ་ཆེན་ལྡོང་རོས་དང་། །དེ་ཡི་སོ་ཕག་དུར་ས་དང་། །སོལ་བས་བྲི་བ་ཁྲོ་བོའོ། །ཞེས་གསུངས་ཀྱང་། ཁྲོ་དཀྱིལ་བཞེངས་པའི་ཚོན་ལྔ་ལ་ཐལ་ཆེན་ཅུང་ཟད་རེ་བསྲེ་བ་ཕྱག་ལེན་ནོ། །གསང་བའི་ཚོན་ནི། ཞི་ཁྲོ་ཐུན་མོང་ལ་འབྲས་བུ་ཆེན་པོ་ལྔ། བསྒྲལ་


MLP020_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རཀྟའམ། ཡུམ་མཚན་ལྡན་གྱི་པདྨའི་རཀྟས་བྲི་བར་བཤད་དེ། གལྤོ་ལས། རི་མོ་གཅིག་པ་ཞེས་བྱ་བ། །དེ་དག་ཐམས་ཅད་རི་མོ་གཅིག །ཆགས་པའི་རཀྟ་བྱང་ཆུབ་སེམས། །དཀྱིལ་འཁོར་ཀུན་གྱི་ཚོན་རྩིར་བཤད། །ཅེས་སོ། །ད་ནི་ཐུན་མོང་དུ་ཉེ་བར་མཁོ་བ་རྡུལ་ཚོན་བསྒྱུར་བའི་ལག་ལེན་ཅུང་ཟད་བྲི་བར་བྱ་སྟེ༑ ཀུན་གྱི་གཞི་མ་དཀར་པོ་ནི། །རཱ་ག་རབ་ལ་ཅོང་ཞི་ཐ། །གཏུན་བརྡུང་ཆུ་བསིལ་གྱིས་བཏུལ་ཏེ། །དར་གྱི་ཚགས་མས་འཚག་པ་གཅེས། །དམར་རྩི་ཞོས་བྱུག་ཉི་འོད་ལ། །བསྲེགས་ནས་མ་སྐམ་ཙམ་གྱི་དུས། །ས་བསྲེས་རང་མདོག་མ་ཐོན་བར། །ལེགས་པར་མཉེད་པས་དམར་ལེགས་འབྱུང་། །དེ་བརླན་མ་བྲལ་རྡོ་ཞོ་ནི། །བཏུལ་པོ་དང་སྦྱར་ལེགས་འཕུར་ན། །མཐིང་གི་མདངས་འོད་ཟིལ་གྱིས་གནོན། །རམ་བཏུལ་དེ་དང་ས་སྦྱར་ནས། །མཉེ་ན་ལྕགས་ཁ་འབྱུང་བར་འགྱུར། །བ་མོས་མ་རེག་སྟོན་དུས་ཀྱི། །སྤང་རྒྱན་སྐེད་གཏུབ་བྱས་པ་ཡིས། །རྩེ་མོའི་ཆ་རྣམས་ཞིབ་མོར་བརྡུང་། །དེ་དང་ས་བསྲེས་སླར་བརྡུངས་ནས། །ཉི་མའི་འོད་དུ་མཉེ་ཞིང་བསྲེག །ལན་གཉིས་ལན་གསུམ་སྒྱུར་བ་ན། །ཁ་དོག་སྔོན་པོ་ཕྱི་བཞིན་ལེགས། །དེ་ལ་རྡོ་ཞོ་བཏུལ་པོ་ནི། །ཞིབ་བཏགས་ཅུང་ཟད་བཏབ་བྱས་ནས། །བརྡུང་ཞིང་མཉེ་ནས་ཉི་འོད་ལ། །བསྲེགས་པས་ཁ་དོག་ལྗང་གུ་འབྱུང་། །གྲོ་ལྗང་གཞོན་ནུས་ཧ་ལོའི་འདབ། །སྲན་མ་གཞོན་ནུ་སོགས་བརྡུངས་ནས། །ས་བསྲེགས་མཉེ་ཞིང་ཉི་མར་སྐམ། །འདིས་ཀྱང་ཁ་དོག་ལྗང་ལེགས་འོང་། །ཡུང་བ་ཞིབ་བཏགས་ཞོར་སྦྱར་ནས། །ས་དཀར་བསྲེས་ལ་གྲིབ་སྐམ་བྱ། །བཙོ་མ་གསེར་གྱི་ཁ་དོག་འཛིན། །ཡང་ན་ཞོ་དང་མ་སྦྱར་ཡང་། །སྔར་བཞིན་བྱས་པས་སེར་པོ་འོང་། །དེ་ཉིད་རྡོ་ཞོའམ་བུལ་ཏོག་དང་། །སྦྱར་བས་ངུར་སྨྲིག་བཟང་པོར་འབྱུང་། །:སྤང་༼སྦང་༽མའི་ཕྱེ་དང་སྣུམ་སྦྱར་ནས། །མེར་བསྲེགས་མིག་སྨན་མདོག་དང་མཚུངས། །ཞེས་མདོ་ཙམ་སྨྲས་པ་སྟེ། ཞིབ་པར་མཁས་པའི་ལག་ལེན་ལ་ལྟ་བ་གཅེས་སོ། །གཉིས་པ་ཚད་ནི། གཞིའི་ཚོན་གྱི་ཚད་འཕང་ལ་རེ་ཁཱའི་ཕྱེད་ཕྱེད་དེ་རེ་ཁཱའི་འཕང་དུ་ནི་ཆ་ཕྲན་གྱི་ལྔ་ཆའོ། །ཞེས་གསུངས་ཀྱང་། སྲབ་འཐུག་སྙོམས་ཤིང་། ཁྲིའུ་རིས་མེད་པར་བཀྱེ་བའོ། །


MLP020_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བྱིན་རླབས་ནི། ཚོན་རྣམས་སྣོད་གཙང་མར་བླུགས་པ་ལ་རིགས་ལྔའི་ས་བོན་བྲིས་པ་ཕྱོགས་མ་འཁྲུལ་བར་བཀོད་ལ། རིགས་ལྔ་ཡབ་ཡུམ་ལྔའམ། རྒྱལ་བ། རྒྱས་པ་ཟེར་བའང་འདུག རིགས་ཆུང་དང་བཅས་པ་ལྔ་ཚན་ལྔར་གསལ་བ་རྗེས་ཆགས་ཀྱིས་ཞུ་བ་ལས་དོན་ཡེ་ཤེས་ལྔ་མཚོན་པའི་རྟགས་རཏྣ་ལྔར་གྱུར་པར་བསམ་པ་སྟེ། ལས་རིམ་ལས། སྣོད་བླུགས་རིམ་འདྲེས་དག་བྱས་ལ། །ཧཱུྃ་སོགས་ཡིག་འབྲུ་གཅིག་ཀྱང་ལྔར། །ཁ་དོག་རྗེས་སུ་མཐུན་བྱས་ལ། །ཡོངས་གྱུར་ཉི་ཤུ་རྩ་ལྔའི་ལྷ། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཞེས་སོགས་དང་། པདྨ་ལས་རིམ་ལས། དེ་ལ་རིགས་ཀྱི་ཡི་གེ་བཀོད། །ཅེས་དང་། ལྷ་རྣམས་འོད་ཞུ་ཚོན་ལ་ཐིམ། །རཏྣ་ལྔ་རུ་གྱུར་པར་བསམ། །ཞེས་དང་། གལྤོར། ཡི་གེ་འབྲུ་ལྔས་བྱིན་བརླབས་པ། །ཕྱག་མཚན་རིགས་ལྔ་ཡབ་ཡུམ་གྱུར། །ཞེས་སོགས་གསུངས་པ་ལྟར་རོ༑ ༑བཞི་པ་དགྱེ་ཚུལ་ནི། ཐོག་མར་སློབ་དཔོན་ཤར་དུ་ཞལ་ཕྱོགས་པས་ཚོན་ལ་བཀོད་པའི་ཡིག་འབྲུ་རྣམས་མཐེབ་སྲིན་གྱིས་བླངས་ཏེ། ཁུང་བུ་དགང་བ་ནི། རྣམ་སྣང་མངོན་བྱང་ལས། ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །ཞེས་སོ། །དེ་ལ་ལག་པ་ལ་དཔའ་བོ་འབྲུ་ལྔ་བཀོད་དེ། ཚོན་པྲ་བརྟགས་པའི་དོན་དུ་གཡོན་པའི་:ཁ་༼ཁུ་༽ཚུར་གྱིས་དབང་ལྡན་ནས་བརྩམས་ལ་མཛུབ་གང་བའི་པཉྩ་རེ་ཁཱ་འདྲེན་ཏེ། ཀློང་གསལ་གྱི་རྒྱུད་ལས། ཚོན་རེ་སྒོ་ཡི་ཉི་ཤུ་ཆ། །དཔངས་ནི་མདའ་ཙམ་བྲི་བར་བྱ། །ཞེས་དང་། པདྨ་ལས་རིམ་ལས། བྱང་ཤར་མཚམས་ཀྱི་རེ་ཁཱ་ལ། །ས་བོན་པྲ་ནི་བརྟག་པར་བྱ། །ནག་པོ་དཀར་པོ་སེར་པོ་དམར། །ལྗང་གུ་རྣམ་ལྔ་མཉམ་པར་སྦྱར། །མཛུབ་གང་དུ་ནི་བྲི་བར་བྱ། །ཞེས་སོ། །དེ་རྗེས་སློབ་མ་རྣམས་ཀྱིས་ཀྱང་། །སོར་མོར་འབྲུ་ལྔ་བཀོད་དེ་ཅི་བདེར་བྲིའོ། །དེ་ཡང་རྡུལ་ཚོན་ཁ་དོག་ལྔ་སོ་སོར་ཕྱེ་བའི་དགོས་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །དེ་ལྟར་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོ་


MLP020_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །ཅེས་སོ། །དེ་ལྟར་སྤྱིར་བསྟན་ནས། བྱེ་བྲག་ཏུ། ཇི་ལྟར་དགྱེ་བའི་རིམ་པ་ནི། །ཞེས་སོགས་ནི། ཚོན་དགྱེ་བའི་ཁྱད་པར་གྱི་ཆོ་ག་རྣམས་ཞིབ་མོར་སྟོན་པ་སྟེ་གཞུང་བཀླགས་པས་འགྲུབ་པའི་ཕྱིར་མ་བཀྲོལ་ལོ། །ཚོན་དགྱེ་བ་གྲུབ་ནས་མཚན་མ་དགོད་པ་ནི། དེ་ལྟར་དཀྱིལ་འཁོར་སོ་སོ་ཡི། །ཞེས་སོགས་ཏེ། རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི༑ ༑འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་དང་། ལས་རིམ་ལས། དཀྱིལ་འཁོར་རྣམ་པ་གསུམ་དག་ཏུ། །གཞུང་ཉིད་ཀྱིས་ནི་གསལ་བར་གསུངས། །ཡན་ལག་གཟུགས་སུ་སྙིང་པོ་འདི། །ཉི་ཟླ་པདྨའི་རིམ་བཞུགས་པ། །དཀྱིལ་འཁོར་སྐུ་ཡི་མཚན་ཉིད་ཡིན། །ཕྱག་རྒྱ་གསལ་བཀོད་ཐུགས་དཀྱིལ་འཁོར། །སྐུའམ་ཡང་ན་ཧཱུྃ་མཱུྃ་བྲི། །མཆོག་དང་འབྲིང་པོས་ཕྱེ་བ་ནི། །དཀྱིལ་འཁོར་གསུམ་དུ་ཕྱེ་བར་བྱ། །ཞེས་སོ། །མདོར་ན་སོ་སོའི་སོགས་ཏེ། ཚོན་རྩི་སྲབ་ན་དབུལ་པོར་འགྱུར། འཐུག་ན་མཛེ་འབྱུང་། ཚོན་ཐལ་ཤོར་ན་ནད་འབྱུང་བ་སོགས་གསུངས་ཤིང་། ཁྱད་པར་དུ་ཚོན་པྲ་བརྟག་པའི་ཚེ། སློབ་དཔོན་ཀུ་ཀུ་རཱ་ཛས། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་ལ། །འཆིའམ་ན་བར་འགྱུར་བ་ཡིན། །ལྷག་ཆད་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་གསུངས་པས་བག་ཡོད་པས་བྲིའོ། །གང་ཞིག་བློ་གྲོས་སོགས་ཏེ། ཐིག་ཚོན་གྱི་བྱ་བ་རྣམས་ཇི་བཞིན་མ་གྲུབ་པས་སྐྱོན་དུ་གྱུར་ན༑ དྲག་པོའི་སྦྱིན་སྲེག་དང་སྔགས་བཟླ་བ་སོགས་སོ་སོའི་སྙིང་པོའི་ཆོ་ག་དང་། གཙོ་བོར་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྐྱོན་ཐམས་ཅད་སེལ་བ་ཡིན་པས་འབད་དེ་ཉམས་སུ་བླང་ངོ་། །དེ་དག་ཀྱང་ཞིབ་པར་དཀྱིལ་ཆོག་སོ་སོ་དང་། བླ་མའི་ཕྱག་ལེན་མཐོང་བ་གོམས་པ་ལ་རག་ལས་པས་བླ་མའི་མན་ངག་ཐོབ་པ་ལ་བརྩོན་པར་བྱ་ཡི། འདིར་བརྗོད་པ་ནི་མདོ་ཙམ་མོ། །དེ་ལྟར་གཏེར་ཆེན་བླ་མ་ཆོས་ཀྱི་རྗེའི། །ཞབས་རྡུལ་སྤྱི་བོའི་པདྨོར་རྟག་བཞུགས་ཤིང་། །སྙིང་དབུས་དོ་རར་མཚན་དཔེའི་གར་རྩེན་པའི། །སྐལ་བཟང་སྔགས་བཙུན་དྷརྨ་ཤྲཱིས་སྦྱར། །འདིས་ཀྱང་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་མཐོན་པོར་ཕྱིན་པའི་རྒྱུར་གྱུར་ཅིག། །།


previousཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའི་འགྲེལ་པ། next