Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ། ཕར་ཕྱིན་སྟོད་ཆ།


  collapse section
   
   
   
གཉིས་པ་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དོན་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousགཉིས་པ་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དོན་བཤད་པ།next

གཉིས་པ་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དོན་བཤད་པ།

གཉིས་པ་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དོན་བཤད་པ་ལ།

བསྟན་བཅོས་ཀྱི་ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་བཤད་པ་དང་གསུམ། དང་པོ་ལ་མཚན་དོན་དང་འགྱུར་ཕྱག་གཉིས་ལས། དང་པོ་ལ་མཚན་གྱི་ངོ་བོ། མཚན་འདོགས་པའི་རྒྱུ།བཏགས་པའི་དགོས་པའོ། །དང་པོ་ནི། རྒྱ་གར་ཞེས་པ་ནི། རྒྱ་གར་ལ་བ་ཧེར། ཕྱི་རོལ་ལ་བ་ཧིར་ཟེར་བས་དེ་གཉིས་སྒྲ་མཚུངས་པ་ཙམ་གྱི་སྒོ་ནས་བོད་ཡུལ་ལས་ཕྱིར་གར་བའམ་བོད་ཀྱི་རི་སྤོས་རྒྱ་ལྟ་བུ་ལས་གར་བས་ཞེས་གཙང་འབྲེ་སོགས་ཟེར་བའང་རྒྱ་གར་ཞེས་པ་བཤད་པའི་རྒྱུ་མཚན་ཅན་གྱི་སྒྲ་ཡིན་ན་དེ་ལྟར་རུང་བར་མངོན་མོད། འོན་ཀྱང་རྒྱ་གར་ནི། ཕྲེང་རྒྱུད་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝཱ་ར་ཎཱ་སཱི་ཡངས་པ་ཅན། །རྒྱལ་བོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་ཤེས། །ཞེས་གསུངས་པ་ལྟར་མཉན་ཡོད་ལ་སོགས་པའི་གྲོང་ཁྱེར་ཡོད་པའི་འཕགས་པའི་ཡུལ་ཏེ། དེ་ལ་དེ་སྐད་ཟེར་བའང་རྒྱུ་མཚན་བཤད་རྒྱུ་མེད་པ་འདོད་རྒྱལ་པའི་སྒྲ་སྟེ་ཡལ་འདབ་ཅན་ལ་ཤིང་ཞེས་པ་བཞིན་ནོ། །ཡུལ་དེར་མཁས་པ་རྣམས་ལ་གྲགས་པའི་སྐད་ལ། སཾ་སྐྲི་ཏ། ཨ་བ་སྦྲཾ་ཤ་ཟུར་ཆག་གི་སྐད། བྲ་སྐྲི་ཏ་རང་བཞིན་པའི་སྐད། བི་ཤ་ཙི་ཀ་ཤ་ཟའི་སྐད་དམ། རྒྱ་མཚོ་མཐའི་སྐད་དང་ལྔ་ལས་སྐབས་འདིར་སཾ་སྐྲི་ཏ་ལེགས་སྦྱར་གྱི་སྐད་དུའམ་སྐད་ལ་བསྟན་བཅོས་འདིའི་མིང་ནི་ཨ་བྷི་ནས་ཀཱ་རི་ཀཱ་ཞེས་ཟེར་རོ། །དེ་ཡང་གཞུང་གི་སྐབས་སུ་དུ་དང་སུ་ཞེས་སོགས་བྱུང་བ་ལ་ཞེས་བཤད་བདེ་ན་དེར་བཤད་པར་བྱ་སྟེ། སྨྲ་སྒོ་ལས། དུ་ལ་སོགས་པ་ལ་དང་མཐུན། །ཞེས་སོ། །དེས་མཚོན་ནས་ལ་ཡང་དུ་སོགས་སུ་བདེ་ན་དེར་བཤད་པར་བྱའོ། །བོད་ནི་ཁ་བ་ཅན་གྱི་ཡུལ་ཏེ་འདོད་རྒྱལ་པའི་སྒྲར་བཞེད་དོ། །དེ་ལ་བོད་དང་བོད་ཆེན་གཉིས་ཏེ་དབུས་གཙང་དང་ཁམས་ལ་རིམ་བཞིན་ཟེར་ཞེས་ཉ་ཊཱིཀ་ལས་སོ། །སྤྱིར་གངས་ལྗོངས་ལ་བོད་ཟེར་བས་བོད་ཡུལ་གྱི་མིའི་སྐད་དུའམ་སྐད་ལ། བསྟན་བཅོས་འདིའི་མིང་ཤེས་རབ་ནས་ཚིག་ལེའུར་བྱས་པ་ཞེས་བརྗོད་དོ། །དེ་ལ་བསྒྱུར་བ་དང་བཤད་པ་གཉིས་ལས།། དང་པོ་ནི། ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལཾ་ཀ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ། པྲ་ཛྙཱ་པཱ་ར་མི་ཏ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཨུ་པ་དེ་ཤ་ནི་མན་ངག ཤཱསྟྲ་ནི་བསྟན་བཅོས། ཀཱ་རི་ཀཱའ་ཚིག་ལེའུར་བྱས་པ་སྟེ་རིམ་པ་ཇི་ལྟ་བར་བསྒྱུར་ན་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ཀྱི་ཚིག་ལེའུ་བྱས་པ་ཞེས་པའོ། །


previousགཉིས་པ་བསྟན་བཅོས་མངོན་རྟོགས་རྒྱན་གྱི་དོན་བཤད་པ།next