ཉིན་གསུམ་པའི་ཆོས་ཁྲིད།
རང་རེ་ནང་པ་སངས་རྒྱས་པའི་ཆོས་སྒོ་ལ་ཞུགས་ནས་ཐེག་ཆེན་མདོ་དང་སྔགས་ཀྱི་ཆོས་ཞུ་མཁན་གྱི་གང་ཟག་ཅིག་ལ། ཐོག་མར་མེད་དུ་མི་རུང་བ་སྦྱོར་བ་སེམས་བསྐྱེད་དམ་པ། བར་དུ་མེད་མི་རུང་བ་དངོས་གཞི་དམིགས་མེད་དམ་པ། རྗེས་སུ་མེད་ཐབས་མེད་པའི་བསྔོ་བ་དམ་པ་སྟེ། དམ་པ་གསུམ་དང་འབྲལ་མི་རུང་བ་ནི་མན་ངག་གི་གཞུང་འདི་ལས་གོང་ནས་གསུངས་པ་ལྟར་ཡིན་ལ། དེ་ཡང་རེས་འཇོག་ཅན་གཅིག་ཡོད་དུས་གཅིག་མེད་པ་དང་། མཚམས་རེར་ཡོད་ལ་མཚམས་རེར་མེད་པ་མིན་པར། དགེ་སྦྱོར་གང་བྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཡོད་དགོས་པ་ཡིན། དེ་ཡང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་སྟོང་ཉིད་དོན་དམ་པའི་ཡེ་ཤེས་འོད་གསལ་འདུས་མ་བྱས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་ལ་བློ་སྦྱོང་བ་ཞིག་ལ་ཚང་བ་ཡིན། འོན་ཀྱང་དོན་དངོས་པོའི་ཐོག་ནས་གཞལ་ན་རང་གཞན་སུའི་ངོས་ནས་ཡིན་ཡང་དམ་པ་གསུམ་དང་འབྲེལ་བ་ནི་སྨོན་པའི་རྗེས་འགྲོ་ཙམ་ཞིག་ལས་མེད་པའི་ཚད་ལ་ཐོན་ཡོད་ཅིང་། དེ་རྒྱུ་རྐྱེན་གང་གིས་ལན་ཞེ་ན། ནང་སེམས་འདི་དམ་པའི་ཆོས་དང་ཁ་ཐག་རིང་ནས་བདག་འཛིན་གྱི་འགོང་པོ་འདི་ཡུལ་ཕུད་མ་ནུས་པ་དང་། ཆོས་དང་སེམས་རྒྱུད་འདྲེས་པའི་གོ་སྐབས་ཡོད་མ་མྱོང་བ་དང་། གཞན་ཕན་བྱང་ཆུབ་སེམས་ཀྱི་སྟོབས་ཞན་པའི་དབང་གིས་སྐྱོན་འདི་བྱུང་བ་ཡིན། དེ་ལྟ་བུའི་སྐྱོན་བྱུང་ཚུལ་ལ་བསམ་བློ་བཏང་ན་རང་རྒྱུས་རང་ལ་མི་ཆེ་བ་ཅི་ཞིག་ཡོད་དེ། བདག་འཛིན་རྨོངས་པའི་གདོན་དེས་ཟིན་ནས་སྐྱོན་དུག་རོ་ཁོག་ལ་ཡིབ་ཡོད་པའི་ནད་དེ་ཐེར་འདོན་མ་ཐུབ་པ་དང་། དེ་ལ་ཕན་པའི་ཆོས་ཀྱི་སྨན་དང་གཏར་སྲེག་གི་དཔྱད་ཀ་རྣམས་ལས་གཅིག་ཀྱང་བྱེད་མ་ནུས་པས་བྱུང་བ་ཡིན། དེས་ན་ཆོས་སྒྲུབ་པ་ནི་སྐྱོན་སེལ་ཡོན་ཏན་ཡར་ལྡན་དུ་འགྱུར་བྱེད་ཀྱི་ཐབས་ཤིག་ཡིན་པས། དེས་རང་གཞན་འདི་དང་ཕྱི་མའི་བདེ་སྐྱིད་སྐྲུན་ཐབས་ཤིག་བྱེད་དགོས་པ་ཡིན། དེས་ན་དགོན་པ་ཞིག་གམ། ཆོས་སྡེ་ཞིག་གམ། སྡེ་ཕྱོགས་ཤིག་གམ། ཁྱིམ་ཚང་ཞིག་གི་ཇོ་སེར་དང་། ཁྱིམ་པ་ཕོ་མོ་སྤྱི་དང་སྒེར་ལ་མ་ལྟོས་པ་སུ་ཡིན་རུང་། ནང་གི་དྲོད་བཅུད་དེ་སེམས་ཀྱི་ནང་ནས་ཚུར་ཡོང་བའི་ཕྱོགས་ལ་ཡིད་ཆེས་བྱས་ནས། དམ་པའི་ཆོས་ལ་རྒྱབ་རྟེན་བཅོལ་ན། དུས་དང་རྣམ་པ་ཀུན་ཏུ་བག་དྲོ་ཤ་རེ། ཡིད་དྭངས་སང་ངེའི་དགའ་སྐྱིད་སྤྲོ་སེམས་དེ། ནུབ་པ་དང་ཟད་དུ་མེད་པ་ནི་རིན་པོ་གཏེར་ཁ་ཟད་མེད་ཅིག་རང་ཁྱིམ་ན་ཡོད་པ་དང་འདྲ་བའམ། ནང་གི་ནུས་པས་བག་དྲོ་བའི་དྲོད་བཅུད་ཀྱི་འོད་སྣང་ཞིག་རང་ཤུགས་ལ་ཡོད་པ་ཉི་མའི་དཀྱིལ་འཁོར་ལ་དྲོད་རང་ཆས་སུ་ཡོད་པ་དང་འདྲ་བར་བློ་གཏད་ས་གཅིག་ཆོག་ནང་གི་ཉི་མ་སྙིང་ནས་ཤར་བ་ཡིན་པ་དང་། དེ་འདྲའི་ཆོས་སེམས་དེ་རྒྱུད་ན་ཡོད་པའི་དྲོད་བཅུད་མེད་ཚེ་དགོན་གྲོང་སེར་སྐྱ་ཕོ་མོ། སྤྱི་པ་སྒེར་པ་སུ་ཡིན་ཡང་བླ་སྲོག་མེད་པའི་མི་དང་འདྲ་བར། བག་མི་ཕེབས་ཤིང་སེམས་སྐྱོ་བ་དང་འཚུབ་སླ་བ་གྲོགས་མེད་ཁེར་རྐྱང་གི་སྣང་བ་ཅན། ཕོ་ངན་སེམས་དང་གཤིས་ངན་གནམ། ཞེས་པ་ལྟར་དུ་སེམས་གངས་དཀར་ནས་སྡུག་གི་སྨུག་ལང་ཚེ་གཅིག་ལ་དྭངས་རྒྱུ་མེད་པ། ཟུར་དེ་ནས་ཚག་སྒྲ་ཆེན་པོ་ཞིག་གྲགས་ཀྱང་ང་ལ་གནོད་པ་བྱེད་མཁན་ཞིག་རེད་བསམས་ནས་འབྱུང་བ་དགྲ་རུ་ལངས། སྣོད་བཅུད་འཚེ་བ་ཅན་དུ་སྣང་ནས། ཕྲག་དོག་དང་འགྲན་སེམས། བརྣབ་སེམས་དང་གནོད་སེམས་ལ་སོགས་པའི་གནོད་འཚེ་གདུག་རྩུབ་ཀྱི་བསམ་སྦྱོར་ཐམས་ཅད་ཡར་བསླངས་ནས། ལུས་མཐོ་རིས་མིའི་འཇིག་རྟེན་ན་ཡོད་ཀྱང་སྣང་བ་ལྷ་མ་ཡིན་དང་ངན་སོང་གི་རྒྱུ་མཐུན་དང་མ་བྲལ་བ་ནི། འཇིག་རྟེན་ཁྱིམ་ནག་གི་མིའི་ནང་ན་ཡོད་པས་མ་ཚད་པར། དགོན་པའི་བླ་གྲྭའི་ནང་ན་ཡང་ཤིན་ཏུ་གཡེངས་པ་ལ་ལས་ཕྱི་ཚུལ་ལ་སྟོན་པའི་ན་བཟའ་གོས་ངུར་སྨྲིག་གི་རྒྱལ་མཚན་གྱི་རྟགས་རེ་འཆང་ཡོད་ཀྱང་། གཏམ་གྱི་བཤད་སྟངས་ལ་ཆ་བཞག་ན་དམ་པའི་ཆོས་ཀྱི་ཕྱོགས་ཀྱི་དྲི་ཙམ་མི་བྲོ་བའི་ཐོག་ཏུ་འཇིག་རྟེན་ཁྱིམ་པའི་སྐད་ཆ། དེ་ཡང་རྒྱུ་འབྲས་ཡང་དག་གི་ལྟ་ལ་དད་པ་ཅན་གྱི་གཏམ་མ་ཡིན་པར། ཚོང་བརྒྱབ་རབས་ཁེ་ཁུག་རབས་རྒྱག་རེས་འཛིང་རྩོད་བྱས་རབས་ཁོ་སྡུག་རབས་ང་བཟང་རབས་སོགས་དང་། དེའི་ཞོར་དུ་དཀོན་མཆོག་ལྷ་ཁང་གསུང་རབ་སོགས་དཔང་དུ་བཙུགས་ནས་མནའ་ཆེན་པོ་ཁ་ནང་དུ་མི་ཤོང་བ་སྐྱེལ་བར་བྱེད་ཅིང་། ད་དུང་རང་སྐྱོན་མི་མཐོང་བ་མ་ཚད་ཡར་འདིའི་ཁ་ཆེ་ཚུལ། མར་འདིའི་སྣ་རིང་ལུགས་སོགས་ཀྱིས་ཉིན་མཚན་གཉིས་ཀ་བག་མེད་སྤྱོད་འཆལ་ཁོ་ནས་འདའ་བས་མི་ཚེ་བཅད་ནས། ཁྱིམ་པ་སུན་འབྱིན་པས་མ་ཟད། ཆོས་གོས་འོག་གི་དུག་མདའ་ལ་ལས་རུམ་གྲི་ཡང་སྤྲད་ནས་གཟུར་འགྲོས་བྱེད་པ་དང་། ཡང་སྐྱེས་ཕོ་མོ་ཁྱིམ་ན་གནས་པའི་གང་ཟག་ཅིག་ལ་ཆ་མཚོན་ན་ནང་གི་དྲོད་བཅུད་སེམས་ཀྱི་རྒྱབ་རྟེན་མེད་པའི་རྐྱེན་གྱིས། ཡ་རབས་མ་རབས་ཀྱི་ལས་ཚུལ་གང་ཡིན་མ་ཤེས་པར། རང་ཉིད་ཡག་བྱེད་རྒྱན་བྱེད་དང་སྐྱིད་མཐའ་རིང་གི་མདུན་ལམ་གཉེར་བ་ལ་རྨོངས་པའི་དབང་གིས། མི་ཚེ་དོན་ལྡན་བྱེད་པའི་ཤེས་རིག་ཡོན་ཏན་སྦྱོང་བ་བསྐྱུར་ནས་མ་རབས་ཀྱི་ངན་སྤྱོད་ལ་འཇུག་པ་དང་། དེ་ཡང་ངན་ཆུ་སྣ་ཐུར་དུ་རྒྱུག་པ་ལྟ་བུ་བྱུང་བ་ནི། ཐོག་མེད་ནས་ད་ལྟའི་བར་དུ་ལས་ཉོན་གྱི་གོམས་ཤུགས་ཆེ་ཞིང་གོམས་ཡུན་རིང་བ་དང་། དེའི་བག་ཆགས་མཐུག་པའི་དབང་གིས་ལོབས་ཀྱང་སླ་བ་ཡིན་པ་དང་། བཟང་ཡ་རབས་དམ་པའི་ལུགས་སྲོལ་ཞིག་བསླབ་དགོས་ཚེ། བཟང་གོམས་ཀྱི་བག་ཆགས་རྒྱུད་ལ་མེད་པའི་སྟབས་ཀྱིས་དཀའ་སྣང་དུབ་སྣང་ཡོད་པ་ཡིན། སྤྱིར་ཁྱིམ་པ་ཕོ་མོ་རྣམས་ཀྱིས། ཁྱིམ་ཕྱུགས་ལས། ཚོང་ཁེ་བསྐྱེད། རྒྱུ་ནོར་རྫས། ཟས་གོས་གསོག་བྲུན། ཁྱིམ་བཟའ་བའི་ཁ་གསོ་རྒྱབ་འགེབས་སོགས་ཐོན་དགོས་ཏེ། དེ་མ་ཐོན་ཚེ་གཞིས་འཁོར་བ་མ་ཟིན་པ་རེད། དེ་འདྲ་དེ་ནི་བྱ་བྲལ་མ་རེད་མདོ་ཤོར་རེད། འོན་ཀྱང་ཆོས་འཇིག་རྟེན་གཉིས་ཀའི་བྱ་བ་གང་བསྒྲུབ་དགོས་ཀྱང་ཤེས་རིག་ཡོན་ཏན་ལ་སྦྱོང་བ་མ་བྱས། ལས་རྒྱུ་འབྲས་ཀྱི་འགྲོ་སྟངས་མ་ཤེས། དམ་པའི་ཆོས་ཀྱི་གནད་མ་རིག་སྟེ། རང་གིས་རང་ཡང་དག་པའི་ལམ་ལ་མ་བཞག་ཚེ། མིའི་ལུས་རྟེན་བླངས་ཀྱང་མིའི་ལས་ཚུལ་དང་མིའི་འགྲོ་སྟངས་མ་ཤེས་ཚེ། མི་གཞན་གྱིས་དེ་མི་གྲལ་དུ་མི་འཇོག་པར་འགྱུར་བ་ཡིན། དེ་ཡང་དཔེར་ན་མི་ཞིག་དང་ཟོག་ཅིག་གི་འཚོ་བ་སྤྱོད་སྟངས་ཀྱི་ཐབས་ཤེས་མི་འདྲ་བ་ཡིན་ཏེ། རྟ་ཟོག་སེམས་ཅན་གྱིས་སྔ་བསམ་ཕྱི་འདེང་གི་ཐབས་བཀོད་མི་ཤེས་པས་སྔུན་ན་ཡོད་པའི་རྩྭ་ཟ་ཆུ་འཐུང་ཙམ་ལས་འཁྱག་ལྟོགས་གང་བྱུང་ཡང་སྒུར་རེ་འདུག་པ་ལས་མེད་ཀྱང་། མི་ཞིག་ཡིན་ན་ཅི་འདྲའི་ཐབས་རྡུགས་ཀྱང་འཁྱགས་ནས་འཁེང་བ་ལ་ཕྱོགས་དུས་ཁོ་རང་གད་ཕུག་གམ་ཤིང་དྲུང་ལྟ་བུ་ཞིག་ཏུ་ཕྱིན། མེ་ཤིང་འཐུས་ནས་མེ་སྒོང་བཏང་སྟེ་ཁ་ལག་བསྲོ་ཨེ་ཤེས་ལྟ་བ་ཡིན། དེ་དང་འདྲ་བར་མི་དང་མིའི་བར་དུ་བཟང་ངན་བྱུང་བ་ནི་རྩ་བའི་བདེ་སྐྱིད་ཀྱི་ས་བོན་དེ་སྐྲུན་ཐབས་མ་ཤེས་ཤིང་དེ་ལ་བློ་ཁ་མ་ཕྱོགས་ནས་མ་སྦྱངས་པས་ཡིན། སྤྱིར་སྐྱིད་སྡུག་སྔོན་ལས་ལ་རག་ལས་པ་ཡིན་ཡང་། ལས་དཀར་ནག་གསོག་མཁན་གྱི་བྱེད་པ་པོ་རང་ཉིད་ལ་ཐུག་ཡོད་པས། མཛོ་མོ་བཤས་པས་མི་དགའ་བཞོས་པས་དགའ་ཞེས་པ་ལྟར་དུ། སྔར་བསགས་ཀྱི་འབྲས་བུ་ཅུང་ཟད་ཅིག་ཡོད་པ་དེ་ཟད་དུ་བཅུག་པས་མི་དགའ་བར་བསོད་ནམས་ཀྱི་ཞིང་དུ་བཏབ་ནས། དེའི་འབྲས་བུ་ལོ་ཏོག་རྒྱུན་མི་ཆད་པ་ཞིག་ཡུན་དུ་ལོངས་སྤྱོད་རྒྱུ་ཡོད་པ་དེས་དགའ་བ་ཡིན། དེ་ཡང་བྱ་བའི་སྒྲུབ་ཐབས་ཤེས་མིན་ལ་རག་ལས་ཡོད་པས། ལ་ལས་ལོག་པའི་བློ་རིག ངན་གཡོ་སྒྱུ། རྐུ་འཕྲོག་བཅོམ་གསུམ། རྔོན་རི་དྭགས། ཤོ་བག་རྒྱལ་སྐུག་སོགས་ཀྱིས་མགོ་གཡོག་མི་ལ་བྱེད་ས་ནས་ཐ་མ་རང་མགོ་ལ་ཆུ་དྲངས་ནས་ཆེ་ན་ཚེ་སྲོག་ཤོར། འབྲིང་ན་ཁྱིམ་གཞིས་བརླགས་ནས་དོམ་བུ་ལོན་གྱི་འོག་ནས་འབུད་རྒྱུ་མེད་པར་གྱུར་པ་དང་། ཆུང་ན་ཡང་རྡུང་ངན་རེག་ནས་ཁ་སྐྲང་མིག་སྐྲང་དུ་ཡོད་པ་དེ་འདྲར་འགྱུར་བ་ཡིན། ཕ་དོམ་མང་ཚང་གི་བུ་ཚ་སྡུག །དབང་མགོ་མང་ཚང་གི་ཁྱིམ་ཚང་སྡུག །ཅེས་པ་ལྟར་དུ་རྒན་རབས་ལ་བཀུར་བསྟི་གཅེས་སྐྱོང་མི་ཤེས་ཤིང་བུ་ཚ་ལ་བཟང་པོའི་ཡོན་ཏན་སློབ་མི་ཤེས་པའི་ཁྱིམ་ཚང་ལ་ཡག་པོ་ཡོང་རྒྱུ་མེད་པར་མཐར་སྡུག་པོར་འགྱུར་བ་ཡིན། དེ་ཡང་རང་བྱས་ལས་ཀྱིས་ཉོས་པ་ཡིན་ཏེ། སྐྱིད་པོ་མིན་པ་མ་བསམས་ཡང་། སྡུག་པོ་མིན་པ་མ་ཐོབ་པ་ནི་རང་ཉིད་བྱ་བའི་ཐབས་ལ་མ་མཁས་པའི་མ་གོས་ལན་ཆགས་ཀྱིས་དེ་འདྲར་སོང་བ་ཡིན། སྤྱིར་སོ་སོ་སྐྱེ་བོ་ཞིག་ཡིན་དུས་རང་གཞན་སུ་ཡིན་ཡང་ནོར་བ་འབྱུང་རྒྱུ་ཡོད་ལ། འོན་ཀྱང་ནོར་བ་བཅོས་མ་ཤེས་ནས་ནོར་བ་རྒྱུན་འབྱམས་སུ་སོང་ན་སྡུག་བསྔལ་མཐའ་མེད་ཀྱི་ལོག་ལམ་དུ་འཁྲིད་པ་ཡིན་པས། ནོར་བ་གཏན་ནས་མི་ཤོར་བ་དང་ནོར་བ་ཤོར་ན་བཅོས་ཤེས་པ་གཉིས་ཀ་མཆོག་ཡིན་པར་གསུངས་ཡོད། དེས་ན་དགོན་དང་གྲོང་། སྤྱི་དང་སྒེར། སེར་མོ་དང་སྐྱ་བོ། ཕོ་མོ་དང་རྒན་གཞོན་ལ་མ་ལྟོས་པར་ནང་གི་དྲོད་བཅུད་ཀྱི་འོད་སྣང་ནུབ་པ་མེད་པ་ཞིག རང་གི་ཁོག་ནས་འབྱུང་བར་བྱེད་པ་ལ་དམ་པའི་ལྷ་ཆོས་འདི་ལས་མ་གཏོགས་གཞན་ཞིག་ནས་རྙེད་དགོས་ན་ཁམས་གསུམ་སྲིད་པ་གསུམ་པོ་བསྐོར་ཀྱང་རྙེད་དུ་མེད་པ་ཡིན། དེས་ན་བོད་མགོ་ནག་ཆོས་ལྡན་གྱི་ས་ཆ་ལ་སྐྱེས་པའི་མི་ཞིག་ཡིན་ནས་བཟུང་ཆོས་རྣ་བས་མ་གོ་བ་ཞིག་ཨེ་ཡིན་ཡང་། ཆོས་ཟུར་དུ་བཞག་ནས་ཆོས་རྒྱུས་མ་ལོན་པ་དང་ཨེ་ལོན་སྙམ་པའི་བསམ་པ་ཙམ། རྨོངས་པའི་གཞན་དབང་གྱུར་ནས་སྐྱེ་མ་མྱོང་ནས་མ་ཤེས་པ་རེད། ཆོས་སྒྲུབ་ཅེས་པའི་ཁ་ཡིས་འདོན་པ་བཏོན་པ་དང་། ལུས་ཀྱིས་ཕྱག་སྐོར་བྱེད་པ། མཆོད་མེ་ཀོང་བུ་རྒྱུན་མི་གཅད་པ་རྣམས་ཀྱང་ཆོས་སྒྲུབ་པའི་གྲས་སུ་འགྲོ་བ་ཡིན་ཡང་། གཙོ་བོའི་ནང་གི་གཙོ་བོ་སེམས་ཀྱིས་ཆོས་བསྒྲུབས་ཏེ་སེམས་ཆོས་ལ་བསྒྱུར་བ་ནི་ཆོས་སྒྲུབ་ཚུལ་རབ་ཡིན། སེམས་ཀྱི་ཀུན་སློང་ཡག་པ་ཞིག་དང་། ཆོས་གང་བསྒྲུབས་ཐམས་ཅད་དངོས་གཞི་དམིགས་མེད་ཀྱི་ལྟ་བས་རྩིས་ཟིན་སོང་ན། མཆོད་མེ་དང་སྐོར་བ་ལ་སོགས་པ་བརྒྱ་སྟོང་ཁྲི་འབུམ་དུང་ཕྱུར་མང་པོ་རུ་འཕེལ་ཆེ་བ་ཡིན། དེ་ཡང་སྤྱིར་ལས་གང་ཡིན་ཡང་སེམས་འདི་གཙོ་བ་ཡིན་ཏེ། སེམས་ཀྱིས་ཕུང་པོ་འདི་ལ་ང་ཞེས་བཏགས་པ་སྟེ་མཚན་རྨི་ལམ་ཐུན་གཅིག་གི་འོག་ནས་ཀྱང་། ང་ཆུས་ཁྱེར་བའམ་ང་གཡང་ས་བྲག་མགོ་ནས་ལྷུང་ཡོང་སྙམ་ནས་དེ་ལ་གཟབ་ནས་སྡུག་བསྔལ་བཞིན་ཡོད་པ་ཡིན་ལ། སེམས་ནི་རྒྱལ་པོ་འདྲ་བར་ལུས་ངག་གཉིས་ཀ་ལ་བཀོད་འདོམ་བྱེད་མཁན་ཡིན་པ་དང་། ལུས་ངག་གཉིས་ཀ་སེམས་ཀྱི་བཀའ་ལ་ཉན་པའི་གཡོག་པོ་ལྟ་བུ་ཡིན་པས་སེམས་ཀྱིས་བཀོད་སྒྲིག་གང་བྱས་ཀྱང་དེའི་རྗེས་སུ་འབྲང་བ་ཡིན། དེ་ཡང་སེམས་དགའ་ན་ལུས་ཀྱིས་དགའ་བའི་འཛུམ་མདངས་ཕྱུང་ནས་དགའ་སྐྱིད་ཀྱི་གྲོ་གར་འཁྲབ་པ་དང་། སེམས་སྡུག་ན་ལུས་ཀྱང་དེ་དང་མཉམ་དུ་ཉམ་སྨད་ཅིང་ངུ་འབོད་ལ་སོགས་པ་བྱེད་པ་དང་། དེ་བས་ཐུ་ན་རང་སྲོག་རང་གིས་གཅོད་པར་བྱེད་པའང་གང་མང་མང་ཡོད་པ་ཡིན། དེ་བཞིན་དུ་སེམས་ཉོན་མོངས་དུག་ལྔའི་དབང་དུ་ཤོར་ན་སྡོམ་དམ་ཚིག་དང་འགལ་བར་བྱེད་པ་དང་། ཕ་མ་སློབ་དཔོན་ལ་མི་འཚམས་པའི་ལས་བྱེད་པ་དང་། གྲོགས་པོ་བློས་ཐུབ་སླུ་བ་དང་། རྒྱུ་འབྲས་ཁྱད་གསོད་བྱེད་པ་སོགས། མདོར་ན་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྡུག་སྡིག་པ་གཉིས་ཀ་ཁོ་ན་ལ་འབད་ནས། རྡོ་ལྕི་མོ་སྐེ་ལ་བཏགས་ནས་མཚོ་ཞབས་མེད་དུ་མཆོངས་པ་ལྟ་བུའི་ཤེས་བཞིན་དུག་འཐུང་བྱེད་པ་ཡིན། སེམས་ཀྱི་བསམ་བློ་གཏོང་ཚུལ་ལེགས་སོང་ན་མི་དགེ་སྡིག་ལ་འཛེམ། དཀར་པོ་དགེ་བའི་ལས་ལ་ཕྱོགས་ནས་ཚེ་འདི་ལ་སྐྱིད་ཅིང་ཕྱི་མ་ལ་བདེ་བ་སྟེ། ཤི་དུས་དག་ཞིང་དུ་དམིགས་པ་གཏད་ན་བདེ་བ་ཅན་དུ་ཕ་ཁྱིམ་བུ་འགྲོ་བྱེད་ཆོག་པ་སོགས་ཀྱང་། སེམས་ཀྱི་བྱེད་ལས་ཀྱི་སྟེང་ནས་ཡོང་བ་ཡིན། དེས་ན་སྐྱིད་སྡུག་ཐམས་ཅད་སེམས་ལ་རག་ལས་པ་ཡིན་པས། སེམས་བསམ་པའི་བློ་ཁ་དམ་པའི་ཆོས་ཕྱོགས་ལ་བསྐོར་ནས། བློ་གཏད་ས་བླ་མ་དཀོན་མཆོག ལས་སྐྱིད་སྡུག་སྔོན་བསགས་ཀྱི་བསྐོས་ཐང་ཡིན་པའི་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ཡོད་པའི་ཐོག་ནས། སྔར་བྱས་ཚེ་རབས་གྲངས་མེད་ཀྱི་སྡིག་ལྟུང་སྦྱོང་ཐབས་དང་། རླབས་ཆེན་ཚོགས་གཉིས་རྗོགས་པའི་ཐབས་དང་མན་ངག་ཁྱད་པར་ཅན་ཤེས་པར་བྱས་ནས། ནང་སེམས་ཀྱི་གནད་འདི་ཤེས་ན་འདིའི་སྟེང་ནས་འཁོར་འདས་གཉིས་ཀའི་གདམ་ཁ། སྐྱིད་སྡུག་གཉིས་ཀའི་འགྲོ་ལམ་གྱི་བཞི་མདོ་ནས། ཕྱོགས་གང་དུ་བསྐོར་དགོས་ཤེས་པས་མི་ཚད། གོང་ནས་ཟད་མེད་ཡིད་བཞིན་རིན་ཆེན་གྱི་གཏེར་ལ་དཔེ་བཞག་ནས་བཤད་པའི་བསྡད་ན་སེམས་རྟེན། སོང་ན་འགྲོ་རྟེན། ཚེ་འདི་ཕྱི་གཉིས་ཀའི་ལམ་གོ་ཆོད་པར་བྱེད་པའི་རྒྱུ་གཅིག་ཆོག ཅི་བསམ་འགྲུབ་པའི་ནོར་བུ། གཏན་དུ་བདེ་བའི་བང་མཛོད་ཟད་མེད་ལ་ལོངས་སྤྱོད་ཆོག་པའི་སྒོ་ཞིག་འདི་ན་ཡོད་འདུག་སྙམ་པའི་འཕྲིག་ཚུད་དགོས་པ་ཡིན། དེའི་འཕྲིག་དེ་ཆོས་ས་ཆོས་ཡུལ་དུ་སྐྱེས་པའི་མི་ཞིག་ལ་མཚོན་ན་སྔ་མ་དགོས་འཕྱིས་ཡོད་པ་ཡིན། འོན་ཀྱང་ལྷུང་ལུགས་ངན་པ་ཁ་སྦུབ་ཏུ་ལྷུང་ཡང་། ལྷུང་ས་བཟང་པོ་བྱེ་མའི་ནང་། ཞེས་པ་ལྟར་ད་ལྟ་འཕྲིག་ཚུད་པ་དེ་ཡང་། ལས་མེད་ནང་གི་ལས་ཅན་ཡིན་པས། ཤི་ཐང་དགུ་ཆད་ན་ཐེངས་དགུ། ཐག་པ་ཆད་ན་མདུད་དགུ། ཞེས་པ་ལྟར་དུ་གཟབ་པར་བྱས་ན། ད་དུང་གསོན་འདི་ངོགས་རང་དབང་ཆེ་བའི་ས་ཆ་ན་ཡོད་པ་རེད་བསམ་ནས་རང་གིས་རང་ལ་སྙིང་ཕུར་ཞིག་བཏབ་སྟེ། རང་ཉིད་ཚེ་གཅིག་ཡུན་དུ་བདེ་བའི་གོ་འཕང་ཐོབ་པས་མི་ཚད། གཞན་འབྲེལ་ཚད་ཐམས་ཅད་ཀྱིས་ཀྱང་བདེ་བ་ཟད་མི་ཤེས་པ་རྙེད་དུ་ཡོད་པའི་མི་ཟད་རིན་པོ་ཆེའི་གཏེར་སྒོ་འདི་ཕྱེ་དགོས་འདུག་བསམས་ནས། དམ་པའི་ཆོས་ལམ་ལ་ཞུགས་པ་དེ་ཉིད་གལ་ཆེ་བ་ཡིན། དེའི་ལྡེའུ་མིག་མ་ནོར་བ་གཅིག་པུ་ནི་རྒྱལ་བའི་བཀའ། མཁས་པའི་གསུང་རབ། དམ་པའི་མན་ངག མདོ་སྔགས་ཀྱི་ཆོས་འདི་དག་ཡིན་པས། དེ་ལ་འཇུག་དུས་ཐོག་མར་ཐོས་པ་དོན་དུ་གཉེར་དགོས་པ་ཡིན། ཐོས་པ་ཙམ་གྱིས་མི་ཆོག་པར་ཐོས་དོན་བསམ་དགོས་པ་དང་། བསམ་པ་གཅིག་པུས་མི་ཆོག་པར་བསམ་དོན་བསྒོམས་ནས་རང་རྒྱུད་ལ་སྦྱོར་དགོས་པ་ཡིན། ད་དེ་ལྟ་བུའི་དམ་པའི་ཆོས་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་། དུག་ལྔའི་ནད་སེལ་བའི་ཐབས་དང་གདམས་པ་རྒྱ་མཚོ་ལྟ་བུ་ཞིག་ཡོད་པ་ལས། འདིར་སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་ནི། ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །ལེགས་བཤད་བདུད་རྩི་ཤིན་ཏུ་དག་པ་འདི། །ལུང་གི་ཆོས་མཆོག་ཞལ་ནས་གསུངས་བའི་བཀའ། །མི་ཤེས་པ་དེ་བ་གླང་ཡ་སོ་ཅན། །ཞེས་གསུངས་པ་ལྟར་དུ་ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་གསང་མཛོད་ལས་ཕྱུང་། ཞལ་གྱི་བུམ་བཟང་ལས་ཐོན་པའི་ལེགས་བཤད་ཡང་དག་པ། ནད་འཆི་གསོས་ཀྱི་བདུད་རྩི་ལྟ་བུའི་ལུང་གི་ཆོས་མཆོག་ཏུ་གྱུར་པ་འདི། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པས་བསྟན་བཅོས་ཀྱང་ཡིན་པས་མ་ཚད། རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་བཀའ་དང་ཡང་རྣམ་དབྱེར་མ་མཆིས་པ་ཞིག་ཡིན་ན། གལ་སྲིད་དེ་མ་ཉན་ཚེ་ཡ་སོ་ཡོད་པ་ཙམ་ལས་བ་ལང་ཞིག་དང་འདྲ་བས་ངུར་སྒྲ་སྒྲོག་བཞིན་འགྲོ་རིགས་སོ། །ཞེས་པ་དང་། སྐལ་པ་བཟང་དག་རབ་དགའ་སྐྱེད་བྱོས་ལ། །སངས་རྒྱས་མཐོང་བའི་ངེས་ཤེས་གྱིས་ཤིག་དང་། །ཀུན་མཁྱེན་བླ་མའི་ལེགས་བཤད་འདི་མཐོང་ལས། །སངས་རྒྱས་མཇལ་ཡང་ཅུང་ཟད་ཡོད་རེ་ཀན། །ཞེས་དཔལ་སྤྲུལ་ཚང་གིས་འུ་ཅག་ལ་སྐལ་བ་བཟང་པོ་ཅན་རྣམས་ཞེས་བོས་ནས། སངས་རྒྱས་མཇལ་ཐལ་བསམ་པའི་འདུན་པ་ཡིས་དགའ་དགའ་གྱིས་དང་ཆོག་སྟེ། སངས་རྒྱས་དངོས་སུ་མཇལ་ཡང་གསུང་ཡོང་རྒྱུ་ཀུན་མཁྱེན་བླ་མའི་ལེགས་བཤད་འདིའི་ཕན་དུ་ཅང་ཡོད་རེ་ཀན་ཞེས་འགག་ལ་ཐུག་པའི་གསུང་གནང་བ་ཡིན་ན། དཔལ་སྤྲུལ་ཚང་གི་རྡོ་རྗེའི་གསུང་ལ་བློ་འགེལ་མི་རུང་བ་ནི་མི་སྲིད་པས། ཀླད་པ་སྲ་མོ་རྡོ་འདྲ་འདྲ་དང་། དྲན་པ་ལྐུགས་ཐོ་བྱོལ་སོང་འདྲ་བ་ཞིག་མིན་ན་བ་སྤུའི་འཁྲི་ཤིང་མི་ལྡང་བའི་ཐབས་ཤིག་མེད་པ་ཡིན། དེ་ལྟ་བུའི་ཀུན་མཁྱེན་རྒྱལ་བའི་དབང་པོ་ཀློང་ཆེན་པའི་གསུང་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ནང་ནས་མན་ངག་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པའི་སྐབས་ལས། བསྟན་བཅོས་སྤྱིའི་འཆད་ཐབས་ལྟར་དུ་ཐོག་མཐའ་བར་གསུམ་དགེ་བའི་ཆིངས་ཆེན་པོ་གསུམ་གྱིས་བཅིངས་ནས་འཆད་པའི་ནང་ནས་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་། འགའ་ཞིག་སོང་ནས་དེ་རིང་གི་སྐབས་སུ་བབ་པ་ནི།
༤༢ རང་བཞིན་ཤེས་པས་སྐྲག་པ་རྣམ་དྲུག་བསྟན་པ།
རང་བཞིན་ཤེས་པས་སྐྲག་པ་རྣམ་དྲུག་ནི།།
འཇིག་རྟེན་བྱ་བ་གླང་ཆེན་འདམ་ཚུད་དང༌།།
གཉེན་འབྲེལ་བརྩེ་གདུང་བཙོན་རའི་སྲུང་མ་དང༌།།
ཚེ་འདིའི་ལོངས་སྤྱོད་ཁྱི་རྒན་རུས་འཆའ་དང༌།།
མ་རིག་སྡིག་སྤྱོད་གཡང་ཁའི་དམུས་ལོང་དང༌།།
དུག་ལྔའི་ཉོན་མོངས་དུག་སྦྲུལ་གཙེས་པ་དང༌།།
ཡུལ་དྲུག་ཆགས་པ་སྦྲང་བུ་རྩིས་ཟིན་ལྟར།།
སྐྲག་པ་བསྐྱེད་ནས་རིང་དུ་དོར་བ་གཅེས།།
ཞེས་གསུངས་པ་སྟེ། འཇིག་རྟེན་གྱི་བྱ་བ་འདི་དག་ཐམས་ཅད་ཅི་ཙམ་བསྒྲུབས་པར་བྱས་པ་དེ་བཞིན་དུ་འཁོར་བའི་གཏིང་ཇེ་ཟབ་ཏུ་འགྲོ་བ་ཁོ་ན་ཡིན་པའི་རང་བཞིན་ཤེས་པས་སྐྲག་པ་རྣམ་པ་དྲུག་ནི། དཔེར་ན་གླང་པོ་ཆེ་འདམ་རྫབ་ཆེན་པོའི་ཁྲོད་དུ་ཟུག་ཡོད་ན་གླང་ཆེན་གྱི་ལུས་ཆེ་ཞིང་གདོས་པས། ཇི་ཙམ་འཕགས་པ་དེ་ཙམ་དུ་ཕྱིར་འདམ་གྱི་གཏིང་དུ་ཇེ་ཟབ་ལ་ཚུད་པ་དང་འདྲ་བ་འདི་ལ་སྐྲག་པ་བསྐྱེད་ནས་འདོར་དགོས་པ་དང་། གཉེན་ཉེ་འབྲེལ་གྱི་བརྩེ་གདུང་ནི་འཁོར་བའི་བཙོན་ར་ལས་ཐར་དུ་མི་འཇུག་བའི་སྲུང་མ་དང༌འདྲ་བ་ཡིན་པ་དང་། ཚེ་འདིའི་ལོངས་སྤྱོད་འདི་དོན་ཆུང་ལ་དཀའ་ཚེགས་ཆེན་པོའི་འབད་པ་དོན་མེད་ཆུད་ཟོས་སུ་འགྲོ་བ་ནི། དཔེར་ན་ཁྱི་རྒན་གྱིས་འཆའ་བཞིན་དུ་ཡོད་པའི་རུས་པ་དེ་ལས་འཚོ་བྱེད་ལྟོ་ལ་ཕན་པ་ཡོད་པ་ཞིག་བཟའ་རྒྱུ་ལོན་གྱིན་མེད་ཀྱང་། ཞེན་ཆགས་ཀྱིས་དེ་ལ་འཐམས་ནས་བསྐྱུར་མི་བྲ་བ་དང༌འདྲ་བ་དང་། མ་རིག་པའི་དབང་གིས་སྡིག་ལ་སྤྱོད་པ་ནི་བྲག་གཡང་མཐོན་པོའི་མགོ་ནས་དམུས་ལོང་འགྲོ་བ་དང་འདྲ་བར། ཉེན་ཆེན་པོ་ངན་སོང་གི་གནས་སུ་ལྟུང་ལ་ཁད་པར་ཡོད་པ་དང༌། དུག་ལྔའི་ཉོན་མོངས་པ་ནི་དཔེ་དུག་སྦྲུལ་གདུག་པ་ཅན་གྱིས་གཙེས་ཤིང་གནོད་པ་བྱས་པ་དང༌འདྲ་ཞིང་། འདོད་པའི་ཡོན་ཏན་ཡུལ་དྲུག་ལ་ཆགས་པ་ནི་སྦྲང་བུ་རྩི་ལ་ཆགས་པའི་རྐྱེན་གྱིས་དེ་ལ་འབྱར་ནས་ཤི་བ་དང་འདྲ་བར་སྡུག་བསྔལ་སྣ་ཚོགས་མྱོང་བ་ཡིན་པས། འདི་དག་ལ་སྐྲག་པ་བསྐྱེད་ནས་རེ་རེ་བཞིན་རིང་དུ་འདོར་བ་གཅེས་སོ།།
༤༣ འཇིག་རྟེན་མི་ཆོས་ཉེས་པ་རྣམ་དྲུག་བསྟན་པ།
འཇིག་རྟེན་མི་ཆོས་ཉེས་པ་རྣམ་དྲུག་ནི།།
ཡུལ་མཁར་འཛིན་པ་དམྱལ་བའི་ལྕགས་ཁང་དང༌།།
བུ་དང་ཆུང་མ་རལ་གྲི་ལོ་མའི་ཚལ།།
རྒྱན་དང་གོས་བཟང་མེ་ལྕེ་འབར་བ་འདྲ།།
བཟའ་བཏུང་བསྲེགས་པ་ལྕགས་ཀྱི་ཐོ་ལུམ་དང།།
བྲན་གཡོག་ལས་མི་དམྱལ་བའི་སྲུང་མ་དང༌།།
ཁྲོ་དང་འཐབ་རྩོད་མདག་མེའི་སེར་བ་ལྟར།།
དགེ་ལེགས་འཇོམས་པའི་གནས་སུ་མཁྱེན་པར་མཛོད།།
ཅེས་གསུངས་པ་སྟེ། འཇིག་རྟེན་མི་ཆོས་ཀྱི་ཉེས་པ་རྣམ་པ་དྲུག་ནི། འདིའི་རིགས་ཚང་མ་ལ་ཐ་མའི་གསལ་བྱེད་ཀྱི་གོ་དོན་ཡར་སྦྱར་ནས་བཤད་དགོས་པས། ཡུལ་མཁར་མང་པོ་འཛིན་པར་བྱེད་ནས་ཆགས་ཤིང་ཞེན་པ་ནི། དམྱལ་བའི་ལྕགས་བསྲེགས་དམར་འབར་བའི་ཁང་པར་ཆུད་པ་བཞིན་དུ་མི་འདོད་སྡུག་བསྔལ་འབྱུང་བའི་གནས་ཡིན་པར་ཤེས་པ་དང༌། བུ་དང་ཆུང་མ་ལ་ཆགས་ཞེན་གཅེས་འཛིན་བྱས་ན་སྡུག་བསྔལ་སྣ་ཚོགས་མྱོང་བ་ཡིན་པས་རལ་གྲི་ལོ་མའི་ཚལ་དང་ཁྱད་མེད་པར་མ་ཟད་མ་འོངས་པར་རལ་གྲི་ལོ་མའི་ནགས་ཚལ་སྐྱེད་བྱེད་ཀྱང་དེ་ཡིན་པར་ཤེས་པ་དང་། རྒྱན་དང་གོས་བཟང་ལ་བརྟེན་ནས་ཆགས་སྡང་སྣ་ཚོགས་སྐྱེ་བ་ཡིན་པས་མེ་ལྕེ་འབར་བས་ལུས་ལ་རེག་པ་དང་འདྲ་བ་ཡིན་པར་ཤེས་པ་དང་། བཟའ་བཏུང་ལ་བརྟེན་ནས་ཆགས་སྡང་གི་ལས་སྣ་ཚོགས་ཤིག་བསགས་པ་ཡིན་པའི་དབང་གིས་ལྕགས་བསྲེགས་ཀྱི་ཐོ་ལུམ་ཟོས་པ་དང་འདྲ་བར་ཤེས་པ་དང་། བྲན་གཡོག་ལས་མི་འཁོར་དང་ཡང་འཁོར་དེ་དག་ནི། སྡུག་བསྔལ་གྱི་ནང་ནས་ཐར་དུ་མེད་པར་འཆིང་བའི་བྱེད་པོ་ཡིན་པས་དམྱལ་བའི་སྲུང་མ་དང༌འདྲ་བར་ཤེས་པ་དང་། ཁང་ཁྱིམ་ནོར་རྫས་བྲན་ཁོལ་དག་ལ་བརྟེན་ནས་ཁྲོ་དང་འཐབ་རྩོད་སྣ་ཚོགས་འབྱུང་བ་ནི་མདག་མེའི་སེར་བ་ལྟར་ཡིན་པ་དེས་ན་འཁོར་བ་འདི་ནི་མེའི་འོབས། དུག་སྦྲུལ་གྱི་ཚང་། ཟ་བར་བྱེད་པ་སྲིན་མོའི་གླིང་དང་གཅིག་ཡིན་པས། འདི་དག་ནི་ད་ལྟ་ནས་ངན་སོང་དང་འདྲ་བའི་སྡུག་བསྔལ་མྱོང་བར་བྱེད་པས་མི་ཚད། ཕྱི་མར་ངན་སོང་གི་གནས་ལ་དངོས་སུའང་འཕེན་པར་བྱེད་པས་དགེ་ལེགས་འཇོམས་པའི་གནས་སུ་མཁྱེན་པར་མཛོད་ཅིག་ཅེས་པའོ།།
༤༤ འདོད་ལ་ཉེས་པར་ཤེས་པའི་ཆོས་དྲུག་བསྟན་པ།
འདོད་ལ་ཉེས་པར་ཤེས་པའི་ཆོས་དྲུག་ནི།།
འདོད་པས་ཚེ་འདིར་ལུས་སེམས་གདུང་བ་དང༌།།
ཕྱི་མར་ངན་འགྲོ་གཏན་དུ་འཁོར་བར་འཁྱམ།།
ཀུན་དང་རྩོད་བཅས་མི་དགེ་ངང་གིས་འཕེལ།།
དགེ་བ་འགྲིབ་ཕྱིར་དམ་པ་རྣམས་ཀྱིས་སྨད།།
ཅེས་གསུངས་པ་སྟེ། འདོད་ལ་ཉེས་པར་ཤེས་པའི་ཆོས་དྲུག་བསྟན་པ་ནི། འདོད་པའི་དབང་གིས་ཟས་ནོར་ལ་སོགས་པ་ཅི་ཙམ་ཡོད་ཀྱང་ཡིད་མི་ཚིམ་པས་མ་ཚད། དེ་དག་དོན་གཉེར་གྱི་ཆེད་དུ་ལུས་སེམས་གཉིས་ཀྱི་སྡུག་བསྔལ་མྱོང་བ་ཡིན་ཏེ། རྒྱུ་ནོར་རྫས་བསགས་པ་དེ་ཡང་ན་ལུས་ཀྱི་དཀའ་ཚེགས་སྤྱད་ནས་དངུལ་ཆུའི་ཐིགས་པ་རེ་དང་བརྗེས་ཏེ་བསགས་པ་ཞིག་གམ། ཡང་ན་སེམས་ཀྱི་རྩོལ་བ་ཆེན་པོའི་ཐབས་བཀོད་སྣ་ཚོགས་འཐེན་ནས་ལུས་ཀྱི་དཀའ་ཚེགས་སྤྱད་པ་བས་ཀྱང་ཐུ་བ་ཞིག་བྱས་ནས་རྙེད་པའམ། ཡང་ན་ཨར་ཇག་རྐུན་མ་ལ་སོགས་ཁྲིམས་མཐུན་མ་ཡིན་པའི་རྒྱུ་རྫས་སྲོག་དང་བརྗེས་ནས་བསགས་པ་ཞིག་ཡིན་པས། ཚེ་འདིར་ལུས་སེམས་གཉིས་ཀ་གདུང་བར་བྱེད་པ་དང༌། ཕྱི་མར་ཐོག་མཐའ་བར་གསུམ་དུ་རྒྱུ་རྫས་འདི་ལ་བརྟེན་ནས་མི་དགེ་བ་བསགས་ཏེ་དེ་ལ་ཞེན་ཆགས་བྱས་པས་གཏན་དུ་འཁོར་བར་འཁྱམས་པའི་རྒྱུ་ཡིན་པ་དང་། ཁྱིམ་བཟའ་ཚང་ཤ་ཕུ་ནུ་བླ་སློབ་བྲན་ཁོལ་དང་བཅས་པ་ཐམས་ཅད་མི་མཐུན་པའི་གཞི་རྩ་ཡང་ནོར་རྫས་འདིའི་ཁོང་ནས་བྱུང་བ་ཡིན་པས་ཀུན་དང་རྩོད་པ་བཅས་ཤིང་མི་དགེ་བ་ངང་གིས་འཕེལ་བ་དང་། མ་ཟད་དགེ་བ་འགྲིབ་བྱེད་ཀྱང་ཡིན་པའི་ཕྱིར་ན་དམ་པ་རྣམས་ཀྱིས་སྨད་པའི་གནས་ཀྱང་ཡིན་པས་འདོད་པའི་ཉེས་དམིགས་དེ་དག་ཤེས་དགོས་སོ་ཞེས་པའོ།།
༤༥ ཆགས་པས་འཆིང་བའི་སྐྱོན་དྲུག་བསྟན་པ།
ཆགས་པས་འཆིང་བའི་སྐྱོན་དྲུག་བསྟན་པ་ནི།།
ལུས་ནི་མི་གཙང་ཀུན་གྱི་སྣོད་དང་ནི།།
རྩ་རྒྱུས་རུས་པ་འབྲེལ་བའི་དྲ་བ་དང༌།།
རྣག་དང་ཆུ་སེར་ངན་སྐྱུགས་གཤང་གཅིའི་རྫིང༌།།
བུ་ག་དགུ་ཡི་ལམ་དང་བཅས་པ་དང༌།།
སྣོད་དྲུག་དོན་ལྔ་སྲིན་བུའི་གྲོང་ཁྱེར་དང༌།།
གདོས་བཅས་ནད་ཀུན་འབྱུང་བའི་རང་བཞིན་དུ།།
མི་ཤེས་ལུས་ལ་ཆགས་པས་བསླུ་བར་འགྱུར།།
ཞེས་གསུངས་པ་སྟེ། གང་ཆགས་པའི་ཡུལ་དུ་གྱུར་པའི་ལུས་འདི་ནི་ཞིབ་ཏུ་བརྟགས་ཤིང་དཔྱད་ན་མི་གཙང་བའི་རྫས་སོ་དྲུག་གི་བདག་ཉིད་ཅན་ཤ་དང་ཁྲག་དང་ཀླད་པ་དང་སྣབས་ལུད་ལ་སོགས་པའི་སྣོད་ཡིན་པ་དང་ནི། རྩ་དང་རྒྱུས་པ་རུས་པ་དག་འབྲེལ་བའི་དྲ་བ་ཞིག་ལ་ལུས་ཞེས་བཏགས་པའི་ཕྱིར་དང༌། རྣག་དང་ཆུ་སེར་ངན་སྐྱུགས་གཤང་གཅིའི་རྫིང༌བུ་བུ་ག་དགུ་ཡི་ལམ་དང་བཅས་པ་དང༌། ཕོ་བ་རྒྱུ་མ་ལོང་ག་ལ་སོགས་པ་སྣོད་དྲུག་དང་། གློ་སྙིང་མཆིན་མཚེར་སོགས་ཀྱི་དོན་ལྔ་པོ་གང་ལ་སེམས་ཀྱང་སྲིན་བུ་མང་པོ་ཆགས་སའི་གྲོང་ཁྱེར་ཡིན་པ་སྟེ། དཔེར་ན་མི་གཅིག་གི་ལུས་ཀྱི་ཁྲག་གི་ནང་དུ་ཡོད་པའི་སྲིན་བུ་ཕྲ་མོ་རྩིས་གྲངས་མི་ཐེབས་པ་ཡོད་པ་ལྟ་བུ་ཡིན་པ་དང་། ལུས་གདོས་བཅས་འདིའི་འབྱུང་བ་འཁྲུགས་པའི་ནད་ཐམས་ཅད་ལུས་རང་ཉིད་ལས་བྱུང་བ་སྟེ། དེ་ལྟ་བུའི་སྡུག་བསྔལ་གྱི་གཞི་མ་མི་གཙང་བའི་ཕུང་པོ་ཡིན་པར་རྨོངས་པའི་དབང་གིས་མ་ཤེས་ནས་འདི་ལ་ཆགས་ཞེན་བྱས་པས་བསླུ་བར་འགྱུར་བ་ཡིན་ནོ་ཞེས་པའོ།།
༤༦ དོན་མེད་སྙིང་པོ་མེད་པའི་ཆོས་དྲུག་བསྟན་པ།
དོན་མེད་སྙིང་པོ་མེད་པའི་ཆོས་དྲུག་ནི།།
སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་རྣམས་ཀུན།།
མི་རྟག་མྱུར་དུ་འཇིག་པས་ཆུ་བུར་འདྲ།།
གང་ཡང་སྙིང་པོ་མེད་པས་ཆུ་ཤིང་འདྲ།།
འཁྲུལ་བས་བྱིས་པ་བསླུས་པས་སྨིག་རྒྱུ་འདྲ།།
མེད་བཞིན་སྣ་ཚོགས་སྣང་བས་སྒྱུ་མ་འདྲ།།
བག་ཆགས་དབང་གིས་སྣང་བས་རྨི་ལམ་འདྲ།།
རིང་དུ་མི་གནས་འགྱུར་བས་གློག་དང་འདྲ།།
དེ་ལྟར་ཤེས་རྣམས་སྲིད་པའི་ཕ་རོལ་འགྲོ།།
ཞེས་གསུངས་པ་སྟེ། དོན་མེད་སྙིང་པོ་མེད་པའི་ཆོས་དྲུག་བསྟན་པ་ནི། སྣ་ཚོགས་ཡུལ་དུ་སྣང་བའི་ཆོས་རྣམས་ཐམས་ཅད་མི་རྟག་པར་མྱུར་དུ་འཇིག་པས་ཆུ་བུར་འདྲ་བས་དོན་མེད་སྙིང་པོ་མེད་པ་དང་། གང་ཡང་སྙིང་པོ་མེད་པའི་ཆ་ནས་ཆུ་ཤིང་དང་འདྲ་བ་དང་། འཁྲུལ་བས་བསླུས་པའི་ཆ་ནས་བྱིས་པ་སླུ་བའི་སྨིག་རྒྱུ་དང་འདྲ་བ་དང་། མེད་བཞིན་སྣ་ཚོགས་སྣང་བས་སྒྱུ་མ་དང་འདྲ་བ་དང་། བག་ཆགས་དབང་གིས་སྣང་བས་རྨི་ལམ་དང་འདྲ་བ་དང་། ཡུན་རིང་དུ་མི་གནས་པར་འགྱུར་བས་འཁྱུག་ཙམ་གྱི་གློག་དང་འདྲ་བ་དེ་ལྟ་བུའི་ཚུལ་ཤེས་པ་རྣམས་སྲིད་པའི་རྒྱ་མཚོའི་ཕ་རོལ་འགྲོ་བ་ཡིན་ནོ། །འདིའི་དོན་དངོས་སུ་ཚུལ་བཞིན་དུ་རྟོགས་པ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་གི་རྗེས་ཐོབ་ཏུ་འབྱུང་བ་ཡིན་ཡང་ད་ལྟ་རྗེས་མཐུན་པའི་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་གྱིས་ཆོས་རྣམས་རང་བཞིན་སྟོང་ཞིང་བདག་མེད་པ་ཡིན་པའི་གོ་བ་ཆགས་པར་བྱས་ནས་རིམ་གྱིས་སྲིད་པའི་ཕ་རོལ་ཏུ་འགྲོ་དགོས་སོ།།
༤༧ ཆོས་བྱེད་ཐ་མ་འཇུག་པའི་ཚུལ་དྲུག་བསྟན་པ།
ཆོས་བྱེད་ཐ་མ་འཇུག་པའི་ཚུལ་དྲུག་ནི།།
འཁོར་བའི་སྡུག་བསྔལ་མཐོང་བས་ལམ་སྣ་འཚོལ།།
ཅི་བྱས་དོན་མེད་གོ་བས་ཁེ་གྲགས་ཆུང༌།།
ང་རྒྱལ་འདོད་བློ་ཆུང་བས་དམན་ས་འཛིན།།
དད་བརྩོན་གྲོགས་དང་འགྲོགས་པས་ཉམས་ལེན་བརྩོན།།
ཐེག་ཆེན་རིགས་སྐྱེས་དམན་པས་བློ་མི་ཁེངས།།
ཤེས་བྱའི་གནས་ལ་དད་པས་གང་ལའང་མོས།།
དམ་པ་རྣམས་ཀྱི་འཇུག་སྒོ་དང་པོ་ཡིན།།
ཞེས་གསུངས་པ་སྟེ། ཆོས་བྱེད་རབ་འབྲིང་ཐ་གསུམ་རིམ་བགྲོད་གྱིས། །ཞེས་གསུངས་པ་ལྟར་དུ། ཆོས་བྱེད་པའི་གང་ཟག་དེ་རབ་འབྲིང་ཐ་གསུམ་དུ་ཕྱེས་པའི་ཐ་མ་ཞིག་ཡིན་ཡང་ཆོས་དྲུག་པོ་འདི་དང་ལྡན་དགོས་ལ། དེ་ཡང་འཁོར་བའི་སྡུག་བསྔལ་ལ་སྡུག་བསྔལ་ཆེ་བ་ཡིན་པར་ཤེས་ནས་དེ་ལས་ངེས་པར་ཐར་དགོས་སྙམ་པའི་ངེས་འབྱུང་གི་ཀུན་སློང་ཡོད་དགོས་པ་ཡིན་ཏེ། ཕྱོགས་ག་ཤེད་ཅིག་ཏུ་དོན་ག་གེ་མོ་ཞིག་བསྒྲུབ་པར་སོང་ན་ལམ་འདི་བརྒྱུད་ནས་སོང་ན་ཕྱོགས་དེར་ཐོན་པ་ཡིན་པའི་ལམ་སྣེ་དེ་ཐོག་མར་རྙེད་དགོས་པ་བཞིན་དུ། ལོག་ལམ་ངན་འགྲོར་འགྲོ་བའི་ལམ་དང་། བདེ་འགྲོ་མཐོ་རིས་ལ་འགྲོ་བའི་ལམ་སོགས་མུན་པའི་ལམ་ཕྱིན་ཅི་ལོག་པ་གར་ཡང་ཕྱིན་མི་ཐུབ་པའི་ལམ་ཕུག་རྡུགས་ཀྱང་ཡོད་པ་དེས་ན། ཆོས་པ་ལས་དང་པོ་བ་ཞིག་གིས་དང་པོར་ཡང་དག་པའི་ལམ་སྣེ་དེ་རྙེད་དགོས་པས། ལམ་སྣེ་ཁྲིད་མཁན་གྱི་བླ་མས་ཇི་ལྟར་བསྟན་པ་བཞིན་དུ་རང་ཉིད་ཀྱང་དེར་འཇུག་དགོས་པ་ལས་གཞན་དུ་བླ་མས་ལམ་བསྟན་པའི་ནང་དུ་རང་ཉིད་མ་སོང་ན། བོང་བུ་འཁྱག་ཐོག་ཏུ་དེད་པ་བཞིན་དུ་བླ་མས་རྗེས་ནས་ཡར་འཕུལ་རྒྱག་བྱེད་དུ་མེད་པ་ནི་བླ་མས་མི་ཚད་རྫོགས་པའི་སངས་རྒྱས་དངོས་སུ་བྱོན་ཡང་ཐབས་མེད་པ་སྟེ། སེམས་ཅན་གཅིག་གི་དོན་དུ་སངས་རྒྱས་སྟོང་བྱོན་ཡང་མཐུ་རྡུགས་ས་ཡོད་པས་ཉམས་ལེན་གནད་ཐོག་ཏུ་འཁེལ་དགོས་ན་ཀུན་སློང་རྣམ་དག་ངེས་འབྱུང་བྱང་སེམས་བཅོས་མིན་བསྐྱེད་པ་ལ་བརྩོན་ནས་དང་པོར་ལམ་སྣ་འཚོལ་དགོས་པ་དང་། འཇིག་རྟེན་གྱི་བྱ་བ་ཆོས་བརྒྱད་དོན་གཉེར་ལ་སོགས་པ་གང་ཡིན་ཡང་ཚེ་འདི་སྣང་གི་བྱ་བ་ལ་སྙིང་པོ་མེད་པར་གོ་ནས་ཁེ་གྲགས་ཆུང༌བར་བྱས་ན་ཆོས་ལམ་ལ་བར་ཆད་མི་འབྱུང་བ་དང་། ང་རྒྱལ་མི་ཆེ། དགོས་རྒྱུ་མི་མང་བར་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་དམན་ས་འཛིན་དགོས་པ་དང་། གྲོགས་དད་པ་དང་བརྩོན་འགྲུས་ཅན་དང་འགྲོགས་པའི་སྒོ་ནས་ཉམས་ལེན་ལ་བརྩོན་པ་དང་། ཐེག་ཆེན་གྱི་རིགས་སུ་སྐྱེས་ནས་ཐེག་ཆེན་གྱི་ཆོས་ཉམས་ལེན་བྱེད་པའི་ཐེག་ཆེན་པ་ཞིག་ཡིན་བཞིན་དུ་དམན་པའི་ལམ་ཞིག་གིས་བློ་མི་ཁེངས་པའམ་སེམས་འཚེང་བར་མི་བྱེད་པ་དང་། ཤེས་བྱ་རིག་པའི་གནས་སྤྱི་དང་བྱེ་བྲག་ཐམས་ཅད་ལ་སྦྱོང་བར་བྱེད་ཅིང་། དེ་ལས་ཀྱང་ཁྱད་པར་དུ་མདོ་སྔགས་རིག་པའི་གནས་གང་ཡིན་ཐམས་ཅད་ལའང་མོས་པ་ཡོད་པ་ཡང་དག་པའི་ལམ་ལ་དད་པས་འཇུག་པ་རྣམས་ནི་དམ་པའི་རིགས་ཅན་རྣམས་ཀྱི་འཇུག་སྒོ་དང་པོ་ཡིན་ནོ་ཞེས་པ་སྟེ། འདི་དག་ནི་ཆོས་བྱེད་ཐ་མ་ཞིག་ལ་དགོས་ཀྱི་རབ་ལ་མི་དགོས་ཞེས་པའི་དོན་མིན་པར། དང་པོའི་ལམ་ལས་དང་པོ་པ་ནས་རིམ་བརྒྱུད་ཀྱི་ལམ་གྱི་འཇུག་སྒོ་མས་ནས་ཡར་འཛེགས་ཀྱི་ཚུལ་དུ་གསུངས་པའོ། །གོང་གི་དོན་ཚན་དྲུག་པོ་འདི་མ་ཚང་དུས་ཆོས་པ་མིན་ཅིང་ལམ་སྣ་མ་ཟིན་པ་ཡིན་པས། སྐྱེ་རྟགས་རང་གིས་རང་ལ་བཤད་ན་ཐར་བའི་ལམ་སྣེ་ཟིན་མི་འདུག་ཅེས་ལུང་བསྟན་ཆོག་པ་ཡིན་ནོ།།
༤༨ ཆོས་བྱེད་འབྲིང་གི་དགོས་པའི་ཆོས་དྲུག་བསྟན་པ།
ཆོས་བྱེད་འབྲིང་གི་དགོས་པའི་ཆོས་དྲུག་ནི།།
སོ་ནམ་རྨོ་རྐོ་ཞིང་ཆུའི་མུ་མི་བསྲུང༌།།
ལང་ཚོ་ཁེ་སྤོགས་ཚོང་གི་ཁུར་མི་ཁུར།།
ངོ་བསྲུང་བང་ཆེན་གཉེན་བཤེས་སེམས་མི་འཛིན།།
ཞེ་སྡང་ཕྱོགས་རིས་འཐབ་རྩོད་བྱ་བ་དོར།།
གསོག་བྲུན་ཕྱི་རྩིས་གནས་ཀྱི་མཁར་ལེན་སྤང༌།།
འདུ་འཛིའི་བདུད་ལས་མི་ཆེན་བཤེས་འདྲིས་མེད།།
ཆོས་མཛད་རྣམས་ཀྱི་འཇུག་སྡོམ་གཉིས་པའོ།།
ཞེས་གསུངས་པ་སྟེ། ཆོས་བྱེད་འབྲིང་གི་དགོས་པའི་ཆོས་རྣམ་པ་དྲུག་ནི། དཔེ་ཞིང་པའི་ས་ཆའི་མི་ཞིག་ལ་མཚོན་ན་སོ་ནམ་རྨོ་རྐོ་ཡི་ལས་ལ་ཞུགས་ནས་ཞིང་དང་ཆུའི་ལས་ཀའི་སྣེ་ལ་བསྡད་ནས་མུ་སྲུང་བཞིན་མི་འདུག་པ་དང་། དེ་བཞིན་དུ་འབྲོག་པ་ཡིན་ཡང་ཕྱུགས་འཚོ་སྐྱོང་དང་རུ་སྐྱ་ཁལ་འགེལ་ལ་སོགས་པ་ཁྱིམ་གྱི་ཁ་འཛིན་མི་བྱེད་པ་དང་། ལང་ཚོ་དང་ལུས་སྟོབས་རྒྱས་པའི་སྟོབས་ཤུགས་ཡོད་དགུ་ཚོང་ཁེ་སྤོགས་དང་ལོ་འདོད་སྙན་གྲགས་ཤིག་གི་དོན་དུ་བསྐྱལ་བའི་ཁུར་མི་འཁུར་བ་དང་། ངོ་བསྲུང་གི་དོན་དུ་འདི་ཡི་ངོ་བཅག་ན་མི་རུང་། ཁོའི་ངོ་ལ་མ་བལྟས་ན་མི་ཉན་སྙམ་པ་དེ་ལྟར་མ་བྱེད། བང་ཆེན་བྱས་ནས་ཆ་ཁུར་ནས་སྡེ་གཉིས་ཐོད་པ་གཏུགས། སྡེ་གསུམ་ཀླད་ཡུ་བསྐོར་ཏེ། གྱོད་བཤད་གཉེན་སྒྲིག་ལ་སོགས་པ། འདྲེས་ར་མགོ་སྲེག་ས་མིན་པར་ཐོན་ནས་ཁུར་ཐང་མང་པོ་བླངས་ནས་གཉེན་བཤེས་དག་གི་འདོད་བློ་སྐོང་བཞིན་འཚོ་ན་ཆོས་བྱེད་པའི་དུས་ཚོད་ཡོད་པ་མིན་པས་དེ་ལྟར་མི་བྱེད་པ་དང་། ཞེ་སྡང་གི་ཀུན་སློང་སྔོན་དུ་སོང་ནས་རང་ཕྱོགས་རྒྱལ་རྒྱུའི་ཕྱོགས་རིས་འཐབ་རྩོད་ཀྱི་བྱ་བ་ལུས་ངག་ཡིད་གསུམ་གྱི་ཐོག་ནས་དོར་བར་བྱེད་པ་དང་། ཕུག་རོན་གྱིས་རིལ་མ་གསོག་པ་བཞིན་དུ་རྒྱུ་ནོར་གསོག་བྲུན་བྱེད་ཅིང་། ཡུན་རིང་ཕྱི་མའི་རྟག་འཛིན་གྱི་འཚོ་རྩིས་འདུག་སའི་གནས་ཀྱི་གཞི་རྒྱ་ཆེར་བསྐྱེད་བྱེད་པ་ལ་སོགས་པ་སྤོང་བར་བྱེད་པ་དང་། སྤྱིར་ན་བདུད་ཀྱི་ལས་དེ་ལ། ཕྱིའི་དགྲ་གཉེན་ཆགས་སྡང་གི་བདུད། འབྱུང་པོ་ལོག་འདྲེན་གྱི་བདུད། དཔོན་གྲོགས་བདུད་གཅོད་ཀྱི་བདུད། ཟས་ནོར་འཛིན་ཆགས་ཀྱི་བདུད་ལ་སོགས་པ་དང་། ནང་གི་ང་བདག་རྩ་བའི་བདུད། ཉོན་མོངས་དུག་རྒྱས་ཀྱི་བདུད། རྣམ་རྟོག་འཕེལ་འགྲིབ་ཀྱི་བདུད། ཐེ་ཚོམ་ཡིད་གཉིས་ཀྱི་བདུད་ལ་སོགས་པ་མང་ལ། དེ་དག་ལས་འདིར་དཔོན་གྲོགས་བདུད་གཅོད་ཀྱི་བདུད་གཙོ་བོར་གསུངས་པ་སྟེ། དེ་ཡང་མི་ཆེན་དང་། བླ་ཆེན་དང་། ཚོང་དཔོན་ཆེན་པོ་ལ་སོགས་མི་སྣ་སྐད་གྲགས་ཅན་ངོ་ཤེས་ན་དགའ་སྣང་ཤར་ནས་མཐོ་འདེམས་ཀྱི་བཤེས་གྲོགས་འཚོལ་བ་ནི་ཆོས་པ་ཞིག་གིས་མི་རུང་བ་རེད། གང་ཟག་ལ་ལ་ཕྱུག་པོ་མཐོན་པོར་འབྲེལ་འདྲིས་ཐོབ་དུས་དགའ་ཁུལ་བྱེད་ཀྱང་ལོངས་སྤྱོད་དང་མངའ་ཐང་ནི་རང་རང་སོ་སོ་ལ་དབང་བས། རང་ཉིད་ལ་ཕན་པ་ཡོད་པའི་བྱ་བ་རང་གིས་མ་བསྒྲུབས་ན་དེ་དག་གིས་དངོས་གྲུབ་སྦྱིན་དཀའ་བ་ཡིན། དེ་དག་ནི་ཆོས་མཛད་པ་འབྲིང་ཞིག་གི་ཚད་ལ་བླངས་ཏེ་སྡོམ་བྱས་པ་སྟེ། སེམས་ཀྱི་ཐོག་ཏུ་སྔོན་མའི་ཆོས་དྲུག་དེ་ཡོད་པ་གཞིར་བཞག་ནས་ལུས་ཀྱི་ཐོག་གི་ཆོས་དྲུག་པོ་འདི་དག་དང་ལྡན་དགོས་སོ་ཞེས་པའོ།།
༤༩ རྣལ་འབྱོར་རབ་ཀྱི་དུར་ཁྲོད་ཆོས་དྲུག་བསྟན་པ།
རྣལ་འབྱོར་རབ་ཀྱི་དུར་ཁྲོད་ཆོས་དྲུག་ནི།།
ཐ་མལ་འགོ་བས་མི་དང་མི་འགྲོགས་ཤིང༌།།
སྒོ་གསུམ་སྤྱོད་སྦས་ཅི་བྱེད་མིས་མི་མཐོང༌།།
ཟས་གོས་མི་གཉེར་རོ་ཟས་རོ་གོས་འཚོ།།
ཉམ་ང་མེད་པས་མཁའ་འགྲོའི་སྤྱོད་པ་བྱེད།།
གསང་སྤྱོད་ཉམས་སྐྱོང་ཐ་མལ་སྤྱོད་པ་སྤང༌།།
ཆོས་ཉིད་ངང་གནས་བདེ་ཆེན་རྟོགས་པ་སྟེ།།
ཐར་ལམ་བགྲོད་རྣམས་འཇུག་སྲོལ་གསུམ་པར་བཞེད།།
ཅེས་པ་ནི་རྣལ་འབྱོར་པ་རབ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་མཁན་ཞིག་གི་ཚད་ནས་གསུངས་པ་སྟེ། ཐ་མལ་གྱི་སྤྱོད་པ་འགོ་མི་ཡོང་བའི་ཆེད་དུ་མི་དང་མི་འགྲོགས་པར་གཅིག་པུར་འདུག་དགོས་ཤིང༌། སྒོ་གསུམ་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་དད་མེད་ལོག་ལྟ་ཅན་ལ་སྦས་ནས་ཅི་བྱེད་མིས་མི་མཐོང༌བར་བྱེད་པ་དང་། ཟས་གོས་ཆེད་དུ་མི་གཉེར་བ་ནི་རྒྱ་གར་བའི་ལུགས་ལྟར་དུ་བྱས་ན། དུར་ཁྲོད་དུ་རོ་ཟས་འབྲས་ཆན་ཁལ་རེ་དང་། རོ་གོས་རས་ཡུག་རེས་དྲིལ་ནས་རོ་བསྐྱལ་བར་བཤད་པ་ལྟར་དུ་དེས་འཚོ་བར་བྱེད་པའམ། ཡང་ན་བཅུད་ལེན་གྱིས་འཚོ་བ་ལ་སོགས་པ་བྱེད་པ་དང་། དུར་ཁྲོད་གཉན་ས་དང་། རི་ཁྲོད་དབེན་པའི་གནས། ས་སྤྱོད་ཀྱི་ཞིང་ཁམས་ལ་སོགས་པའི་ངེས་མེད་གནས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ནས་རྒྱུ་བ་ན་ཉམ་ང་མེད་པས་མཁའ་འགྲོ་མ་ལ་ཆོས་བསྟན་པ་སོགས་བྱེད་པ། དཔེར་ན་གུ་རུ་རིན་པོ་ཆེ་རྒྱ་གར་གྱི་དུད་ཁྲོད་རྣམས་ཀྱི་མཆོད་རྟེན་ལ་རྒྱབ་བརྟེན་ནས་ལོ་དུ་མར་བཞུགས་པའི་ཚུལ་རྣམ་ཐར་ལས་བྱུང་བ་ལྟར་དང་། རྫོགས་ཆེན་གྱི་སྐབས་ནས་གསུངས་པའི་སྤྱོད་པ་བདུན་ནམ་ཉེར་གཅིག་ལ་སོགས་པ་དེ་དག་དང་བསྟུན་ན། འདི་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ཞེས་པ་དེ་ཡིན། སྦྱོར་སྒྲོལ་ཏན་གན་གྱི་གསང་སྤྱོད་ཀྱི་ཉམས་བསྐྱངས་ནས་ཐ་མལ་འཁྲུལ་བའི་སྤྱོད་པ་སྤོང༌བར་བྱེད་པ་དང་། ཆོས་ཉིད་དམིགས་བསམ་བྲལ་བའི་ངང་དུ་གནས་ནས་བདེ་ཆེན་ཡེ་ཤེས་ཀྱི་རྟོགས་པ་རྒྱུད་ལ་བརྙེས་པ་སྟེ། དེ་དག་ནི་གྲུབ་པ་ཐོབ་པའི་རྣལ་འབྱོར་གྱི་སྤྱོད་པས་ཐར་ལམ་ལ་ཞུགས་པ་དང་ཐར་ལམ་བགྲོད་པའི་འཇུག་སྲོལ་གསུམ་པ་རབ་ཀྱི་སྤྱོད་པ་ཡིན་པར་བཞེད་དོ།།
༥༠ ཡང་རབ་ཕྱོགས་བྲལ་རྣལ་འབྱོར་ཆོས་དྲུག་བསྟན་པ།
ཡང་རབ་ཕྱོགས་བྲལ་རྣལ་འབྱོར་ཆོས་དྲུག་ནི།།
རང་ཡུལ་མི་ཡུལ་གང་ལའང་མ་ཆགས་དང༌།།
རྟག་དང་ཆད་པའི་མཐའ་གཉིས་ལས་གྲོལ་དང༌།།
ཉེ་རིང་གང་གིས་ངོ་མི་ཤེས་པ་དང༌།།
ས་གཅིག་མི་ཞེན་སྤྲིན་ལྟར་འཕྱོ་བ་དང༌།།
ཚོགས་དྲུག་ཡུལ་སྣང་གྲོགས་སུ་འཆར་བ་དང༌།།
བཟང་ངན་གང་ལའང་ངོས་གཟུང་མེད་པ་སྟེ།།
རྣམ་གྲོལ་ལམ་བཟང་འཇུག་སྒོ་བཞི་པ་ཡིན།།
ཞེས་གསུངས་པ་སྟེ། ཡང་རབ་ཕྱོགས་བྲལ་གྱི་རྣལ་འབྱོར་དེ་ནི་རབ་ཀྱིས་མི་ཚད་ཡང་རབ་ཏུ་གྱུར་པ་ཞིག་ཡིན་པས་རང་ཡུལ་མི་ཡུལ་གང་ལའང་མ་ཆགས་པ་དང༌། གཉིས་ལ་མི་གནས་པའི་ཡེ་ཤེས་ཀྱི་དོན་རྟོགས་ནས་རྟག་དང་ཆད་པའི་མཐའ་གཉིས་ལས་གྲོལ་བ་དང༌། ཉེ་དང་རིང་བའི་ས་ན་ཡོད་པའི་མི་ཐམས་ཅད་ཀྱི་ངོ་མི་འཛིན་པས་ན་གང་གིས་ཀྱང་ངོ་མི་ཤེས་པ་དང༌། ས་གཅིག་ལ་མི་ཞེན་པས་གནས་མི་འཆའ་ཞིང་རྟེན་གཞི་མི་བཙུགས་པ་སྤྲིན་ནམ་མཁའ་ནས་གཡོ་བའི་རང་བཞིན་ཅན་གནས་གཅིག་ཏུ་འདུག་པའི་ངེས་པ་མེད་པ་ལྟར་འཕྱོ་བ་དང༌། ཚོགས་དྲུག་གི་ཡུལ་སྣང་གང་ཤར་ཡང་ཤར་གྲོལ་བདེ་བ་ཆེན་པོའི་ལམ་ཁྱེར་གཟུང་འཛིན་གྱི་སྣང་བ་ཐམས་ཅད་ཡེ་ཤེས་སུ་ཤར་ནས་རྨ་བྱས་དུག་ཟོས་ན་སྒྲོ་མདོངས་མཛེས་པའི་གྲོགས་སུ་འགྱུར་བ་ལྟར་གྲོགས་སུ་འཆར་བ་དང༌། བཟང་ངན་བླང་དོར་གྱི་ཆོས་ལས་འདས་པ་གང་ལའང་ངོས་གཟུང་མེད་པ་སྟེ་དེ་དག་ནི་རྣམ་གྲོལ་ལམ་བཟང་ལ་འཇུག་པའི་སྒོ་བཞི་པ་ཡིན་ནོ།།
༥༡ སྒྲུབ་པར་འདོད་པས་དོགས་པ་དྲུག་སྤང་བར་བསྟན་པ།
བསྒྲུབ་པར་འདོད་པས་དོགས་པ་དྲུག་སྤང་སྟེ།།
མ་མགུ་དོགས་དང་མཐུན་འཇུག་ངོ་སྲུང་སྤང༌།།
མེད་ཀྱིས་དོགས་ནས་ནོར་དང་རྫས་མི་བསོགས།།
སྡུག་གིས་དོགས་ནས་ཕྱི་རྩིས་བྱ་བ་སྤང༌།།
དམས་ཀྱིས་དོགས་ནས་མཐོན་པོའི་ས་མི་སྒྲུབ།།
ཉེས་ཀྱིས་དོགས་ནས་མི་ཆོས་འདུན་མ་དོར།།
མཐོས་ཀྱིས་དོགས་ནས་གཞན་གྱི་སེམས་མི་དཀྲུགས།།
ཞེས་གསུངས་པ་སྟེ། ཆོས་རྣམ་དག་བསྒྲུབ་པར་འདོད་པས་སེམས་ཐག་བཅད་ནས་ཆོས་མིན་གཞན་ལ་བློ་གཏོད་དུ་ཡོད་པ་མིན་པས་བློ་ཐག་རང་གིས་བཅད་སྣ་ཐག་མགོ་ལ་བརྫེས་ནས་རང་ཐག་རང་གིས་བཅད་དགོས་པ་ལས། གཡག་སྣ་ལོའི་སྣ་ཐག་མི་ལག་ལ་ཤོར་ཚེ་གཞན་དབང་དུ་གྱུར་ནས་དེས་གང་དུ་ཁྲིད་ཀྱང་རྗེས་སུ་འབྲང་པ་ལས་ཐབས་མེད་པ་ཡིན་པ་དེས་ན་རང་དབང་རང་གིས་མ་བཟུང་ནས། མ་མགུ་དོགས་ཀྱིས་མཐུན་འཇུག་ངོ་སྲུང་བྱས་ན་ཁྱིམ་མི་གཉེན་ཉེ་ཡིན་ཡང་མགུ་ཐབས་མི་ཐོན་ཞིང་འབྲལ་ངེས་ཅན་ཡིན་པས། ཉིན་ཁ་ཤས་ལ་སྡུག་མཉམ་ཁུར་བྱེད་པ་ལས་རང་གཞན་གཏན་བདེའི་ལམ་ཞིག་རྙེད་ན་རང་གཞན་ཐམས་ཅད་ལ་ཕན་པ་ཆེ་བས་མཐུན་འཇུག་དང་ངོ་སྲུང་སྤོང་བར་བྱེད་པ་དང་། རྒྱུ་ནོར་མེད་ན་མི་རིགས་སྙམ་གྱིས་དོགས་ནས་ནོར་དང་རྫས་མི་གསོག་པ་དང་། སྡུག་པོ་ཐ་མོ་ཡོང་གིས་དོགས་ནས་ཡུན་རིང་གི་འདེང་རྒྱག་དང་དེའི་ཚོད་རྩིས་བྱ་བ་སྤང༌བ་དང་། དམའ་ས་ཐ་ས་ཞིག་ཏུ་ལྷུང་གིས་དོགས་ནས་མཐོན་པོའི་ས་སྒྲུབ་པར་མི་བྱེད་པ་དང་། འདུན་མ་ཉེས་ཐལ་ཞེས་པ་ཞིག་འཇིག་རྟེན་གྱི་ངོས་ནས་རེད་འགྲོ་བསམས་ནས་མིའི་ཆོས་ལུགས་ཀྱི་གྲོས་འདུན་བྱེད་པ་དོར་དགོས་པ་དང་། རང་བས་གཞན་མཐོས་ཀྱིས་དོགས་ནས་དེ་མར་འབེབས་ཐབས་བྱས་ནས་གཞན་གྱི་སེམས་དཀྲུགས་པ་མི་བྱེད་པ་སྟེ་ཆོས་དྲུག་པོ་དེ་དག་ཚང་དགོས་སོ།།
༥༢ ཉམས་ལེན་གནད་ཀྱི་མཚམས་དྲུག་བཅད་པ་བསྟན་པ།
ཉམས་ལེན་གནད་ཀྱི་མཚམས་དྲུག་བཅད་པ་ནི།།
ཆགས་སྡང་བྲལ་བས་ཕྱི་ཡི་མཚམས་བཅད་དང༌།།
སོག་འཇོག་མེད་པས་ནང་གི་མཚམས་བཅད་དང༌།།
གཟུང་འཛིན་བྲལ་བས་གསང་བའི་མཚམས་བཅད་དང༌།།
བཟང་པོར་རེ་བའི་ཡར་གྱི་མཚམས་བཅད་དང༌།།
ངན་པར་དོགས་པའི་མར་གྱི་མཚམས་བཅད་དང༌།།
བྱ་བྱེད་དམིགས་འཛིན་བར་གྱི་མཚམས་བཅད་དང༌།།
འདི་དྲུག་ལྡན་ན་བར་ཆད་འབྱུང་མི་སྲིད།།
ཅེས་གསུངས་པ་སྟེ། ཆགས་པའི་སེམས་དང་སྡང་བའི་སེམས་དང་བྲལ་བས་ཕྱི་ཡི་མཚམས་བཅད་དགོས་པ་ལས་མཚམས་ཐོ་ཞིག་གིས་མི་དང་འབྲེལ་བ་བཅད་དང་མ་བཅད་ཡོད་པ་མིན་ཏེ། ལུས་མཚམས་ཀྱི་ནང་དུ་ཡོད་ཀྱང་། སེམས་མཚམས་ཀྱི་ཕྱི་རུ་བུད་ནས་ཆགས་སྡང་གཉིས་ཀྱི་འཁོར་ལོ་བསྐོར་ནས་སྟོང་གསུམ་རི་རབ་གླིང་བཞི་རུ་འགྲིམས་ན། ཁང་སྟོང་ནང་དུ་བེམ་གོག་བཞག་ཀྱང་ཕན་པ་ཆེ་བ་མིན་པའི་ཕྱིར། ནོར་རྫས་གསོག་འཇོག་མེད་པས་ནང་གི་མཚམས་བཅད་དགོས་པ་ལས་ཆོས་པ་ཞིག་གིས་ཟས་ནོར་གསོག་བྲུན་དགོས་པ་མིན་ཏེ། ཆོས་པ་རི་ལ་བསྡད་ན་ཟན་གོང་གྱེན་དུ་འགྲིལ་ཡོང་། ཞེས་པའི་དཔེ་ལྟར་མཐུན་རྐྱེན་ལྷས་སྒྲུབ་པ་ཡིན་པས། ཆོས་པ་མུ་གེས་ཤི་བའི་དཔེ་མེད་པའི་ཕྱིར། གཟུང་འཛིན་གྱི་སེམས་འཁྲུལ་རྟོག་ཐ་མལ་པ་དང་བྲལ་བའི་བཙན་ས་ཟིན་པར་བྱས་ནས་གསང་བའི་མཚམས་བཅད་དགོས་པ་དང༌། དེའི་སྟེང་དུ་ཡར་བཟང་པོ་ཞིག་ཨེ་རེད་སྙམ་ནས་རེ་བའི་ཡར་གྱི་མཚམས་གཅོད་པར་བྱེད་དགོས་པ་དང༌། མར་ངན་པ་ཞིག་གི་སར་ཨེ་ལྷུང་སྙམ་པའི་མར་གྱི་དོགས་པའི་མཚམས་གཅོད་པར་བྱེད་དགོས་པ་དང༌། ཉམས་ལེན་དམིགས་གཏད་ཅན་ཕར་བསྐྱུར་ནས། འདི་བྱ་འདི་བྱེད་ཀྱི་དམིགས་པ་དང་འཛིན་པ་མ་ཞུགས་པའི་བར་གྱི་མཚམས་གཅོད་པར་བྱེད་པ་སྟེ། འདི་དྲུག་དང་ལྡན་ན་ཆོས་པ་སད་ཀྱིས་མི་ཁྱེར་ཞིང་ཆོས་ལམ་ལ་བར་ཆད་མི་འབྱུང་བ་ཡིན་པ་ལས་མཚམས་དྲུག་པོ་འདི་མ་ཆོད་ན་ལུས་བཙོན་ལ་བཟུང་བ་ཙམ་ཞིག་གིས་མཚམས་ཀྱི་གོ་ཆོད་པ་མིན་པས་སྒོ་འདག་སྦྱར་བྱས་ཀྱང་ཕན་མ་ཐོགས་པ་རེད་ཅེས་པའི་དོན་ཏོ།།
༥༣ སངས་རྒྱས་སྒྲུབ་པའི་རག་ལས་ཆོས་དྲུག་བསྟན་པ།
སངས་རྒྱས་བསྒྲུབ་པའི་རག་ལས་ཆོས་དྲུག་ནི།།
བསྒྲུབ་པའི་རྟེན་མཆོག་དལ་འབྱོར་རག་ལས་དང༌།།
མ་བསྒྲུབས་མི་གྲོལ་སྒྲུབ་ལ་རག་ལས་དང༌།།
སྒྲུབ་པ་ལེགས་པར་ཤེས་ལ་རག་ལས་དང༌།།
ཤེས་པ་དང་པོའི་ཐོས་ལ་རག་ལས་དང༌།།
ཐོས་ཏེ་གནད་འགྲོ་བསམ་ལ་རག་ལས་དང༌།།
ཐམས་ཅད་དགེ་བའི་བཤེས་ལ་རག་ལས་སོ།།
ཞེས་གསུངས་པ་སྟེ། དང་པོར་སྒྲུབ་པར་བྱེད་པའི་ལུས་རྟེན་མཆོག་དལ་འབྱོར་ཚང་བའི་མི་ལུས་ཡིན་ལ། དེ་ལ་ལྷ་བས་ལྷག་པའི་ལུས་རྟེན་ཞེས་གྲགས་ལ། དེ་ཡང་ཚེ་རིང་ནད་མེད་གཟུགས་བཟང་གི་ཆ་ནས་ལྷ་ལ་མི་འགྲན་ཡང་། ཆོས་ཉམས་ལེན་བྱེད་པའི་ཆ་ནས་ལྷས་ཀྱང་འགྲན་དུ་མེད་པའི་ལུས་ཡིན་པས་ལྷ་བས་ལྷག་པའི་ལུས་ཡིན་ལ། ཆོས་འགྲུབ་མིན་དལ་འབྱོར་གྱི་རྟེན་མཆོག་འདི་ཡོད་མིན་ལ་རག་ལས་པ་ཡིན་པས་སྟོང་ལོག་མ་བྱེད་ཅེས་པའང་ཤུགས་ཀྱིས་གོའོ། །ད་རེས་ཀྱི་ལུས་རྟེན་འདིའི་ཐོག་ནས་སྒྲུབ་ལ་བརྩོན་ནས་བསྒྲུབས་འབྲས་མངོན་དུ་བྱེད་ཐུབ་མིན་ནི་སྒྲུབ་པ་ལ་རག་ལས་པས་དལ་འབྱོར་གྱི་རྟེན་ཐོབ་ནས་ཡོད་སྙམ་སྟེ་རང་གར་བསྡད་ནས་མ་བསྒྲུབས་ན། དལ་བ་ཚང་ཡང་འབྱོར་བ་མ་ཚང་བ་དང་། དེ་འདྲའི་དལ་འབྱོར་གྱི་ལུས་རྟེན་དེ་ཡང་རྒྱུན་དུ་ཐོབ་པ་མིན་པས་སྒྲུབ་པ་ལ་བརྩོན་དགོས་པ་དང་། སྒྲུབ་པ་དེ་ཡང་དང་པོར་ལེགས་པར་ཤེས་དགོས་པས་དེ་ཤེས་པ་ལ་རག་ལས་པ་དང༌། ཤེས་པ་དེ་ཡང་ཐོག་མར་ཐོས་དགོས་པས་དང་པོའི་ཐོས་པ་ལ་རག་ལས་པ་དང༌། རང་གར་གོ་བ་ཙམ་གྱིས་ཅི་ཡང་མི་འོང་བས་ཐོས་ཏེ་གནད་དུ་འགྲོ་བ་ནི་བསམ་པ་ལ་རག་ལས་པ་དང༌། ཐོས་པ་དེའང་འཆད་མཁན་ལ་རག་ལས་པས་སངས་རྒྱས་བསྒྲུབ་དགོས་ན་ཐམས་ཅད་དགེ་བའི་བཤེས་ལ་རག་ལས་སོ་ཞེས་མདོར་བསྡུས་པའོ།།
༥༤ བཟང་པོའི་མཚན་ཉིད་རྣམ་པ་དྲུག་ལྡན་བསྟན་པ།
བཟང་པོའི་མཚན་ཉིད་རྣམ་པ་དྲུག་ལྡན་ནི།།
བསོད་ནམས་བསགས་པས་རིགས་བཟང་ངང་རྒྱུད་དུལ།།
མཁྱེན་རབ་རྒྱས་པས་ཤེས་བྱའི་དོན་ལ་མཁས།།
ཤེས་རབ་འཕགས་པས་ཆོས་ཉིད་ཕྱོགས་བྲལ་རྟོགས།།
ཉམས་ལེན་བརྩོན་པས་ཉམས་རྟོགས་གྲུབ་རྟགས་ཐོན།།
ཐུགས་རྗེ་ཐབས་མཁས་གཞན་དོན་སྐྱོ་ངལ་མེད།།
གདམས་པའི་གནད་ལྡན་ལམ་སྣ་ཁྲིད་པར་ནུས།།
འགྲོ་མཆོག་སྐྱེ་བོ་དམ་པའི་ཚུལ་འདི་དགེ།
ཞེས་གསུངས་པ་སྟེ། བཟང་པོ་དམ་པའི་སྐྱེས་བུ་ཞིག་གི་མཚན་ཉིད་རྣམ་པ་དྲུག་དང་ལྡན་པ་ནི། སྐྱེ་བ་སྔོན་མར་བསོད་ནམས་བསགས་པའི་སྟོབས་ཀྱིས་ད་ལྟ་རིགས་བཟང་པོའི་རྒྱུད་དུ་འཁྲུངས་ཤིང་། ངང་རྒྱུད་ཞི་ཞིང་དུལ་བ་ཐམས་ཅད་དགའ་བའི་ཡུལ་ཡིན་པ་དང་། མཁྱེན་རབ་ཀྱི་རྩལ་རྒྱས་པས་ཤེས་བྱའི་དོན་ལ་མ་རྨོངས་པར་མཁས་པ་དང་། ཤེས་རབ་གཞན་ལས་ཁྱད་པར་དུ་འཕགས་པས་ཆོས་ཉིད་གནས་ལུགས་རྣལ་མའི་དོན་ཕྱོགས་བྲལ་ཡོངས་སུ་རྫོགས་པ་རྟོགས་པ་དང་། ཉམས་ལེན་ལ་བརྩོན་པར་བྱས་ནས་ཉམས་དང་རྟོགས་པ་ཡོད་པའི་རྟགས་སུ་གྲུབ་པའི་རྟགས་སྒོ་གསུམ་ལ་ཐོན་པ་དང་། སྤྱིར་ན་གྲུབ་རྟགས་དེ་ལ་ཐུན་མོང་འཇིག་རྟེན་པའི་གྲུབ་པ་དང་། ཐུན་མིན་མཆོག་གི་གྲུབ་པ་རིག་འཛིན་རྣམ་བཞིའི་ས་ལ་གཤེགས་པ་ལ་སོགས་པ་ཁྱད་པར་མང་དུ་ཡོད་པས། ནམ་མཁའ་ལ་བྱ་ལྟར་ལྡིང་བ་དང་ས་འོག་ཏུ་བྱི་ལྟར་འཛུལ་བ་དང་ཆུ་ལ་ཉ་ལྟར་འཕྱོ་བ་སོགས་སྤྱིར་གྲུབ་རྟགས་ཡིན་པའང་ཡོད་ཀྱང་། གཙོ་བོ་དགོས་དོན་དངོས་རང་རྒྱུད་ཉོན་མོངས་པའི་འཆིང་བ་བཅད་ཐུབ་ཡོད་ན་གྲུབ་རྟགས་མཚན་ཉིད་པ་ཡིན་ལ། གལ་ཏེ་ཉོན་མོངས་ཇེ་ཆེར་སོང་ཡོད་ན་རྡོ་ལ་རི་མོ་བྲིས་ཀྱང་ལོག་པའི་རིག་སྔགས་ཀྱི་མཐུ་ཡིན་ངེས་ལ། ལྕགས་དམར་ལིང་མུ་སྟེགས་པས་ཀྱང་ལྕེས་ལྡག་ཐུབ་ཅིང་། ནམ་མཁར་བྱའང་འཕུར་བཞིན་ཡོད་པ་དང་། ས་འོག་ཏུ་འབུ་ཡང་འཛུལ་བཞིན་ཡོད་པས་ལྷག་པའི་ཡ་མཚན་མེད་དོ། །ཐུགས་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་དོན་སྒྲུབ་པ་ལ་ང་དཀའ་འདུག་སྡུག་འདུག་བསྐྱུར་ལ་ཐོང་སྙམ་པ་ལྟ་བུ་མིན་པར། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་གཞན་དོན་དུ་ཆོས་འཚོལ་བ་ལྟ་བུ་དང་། རྒྱལ་ཚབ་བྱམས་པས་མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་པ་ལྟར་དུ་ཅི་བྱེད་གཞན་དོན་དུ་འགྱུར་བ་དང་གཞན་དོན་མཛད་པ་ལ་སྐྱོ་ངལ་མེད་པ་དེ་དག་ནི་བཟང་པོའི་མཚན་ཉིད་ཡིན་པ་དང་། ཡང་དམ་པའི་མཚན་ཉིད་ཅན་གྱི་སྐྱེས་བུ་དེ་ལ་གདམས་པའི་གནད་ཕྱིན་ཅི་མ་ལོག་པ་ལྡན་པས་འབྲེལ་ཚད་དོན་ལྡན་དུ་གྱུར་ནས་སེམས་ཅན་མང་རབ་ཀྱི་ལམ་སྣ་འཁྲིད་པར་ནུས་པ་སྟེ། དེ་འདྲའི་མཚན་ཉིད་དྲུག་ལྡན་གྱི་སྐྱེ་བོ་དེ་འགྲོ་བ་རྣམས་ལས་མཆོག་ཏུ་གྱུར་པ་རྣམ་པ་མི་ཡིན་ཡང་དོན་ལ་མི་ལས་འདས་པའི་དམ་པའི་ངང་ཚུལ་ཅན་ཡིན་ནོ་ཞེས་པའོ།།
༥༥ སློབ་མ་དམ་པས་བསྟེན་པའི་ཆོས་དྲུག་བསྟན་པ།
སློབ་མ་དམ་པས་བསྟེན་པའི་ཆོས་དྲུག་ནི།།
སྲིད་པར་སྐྱོ་ཞིང་འཁྲུལ་སྣང་ཡིད་འབྱུང་དང༌།།
ཆོས་མིན་བྱ་བ་དགོས་མེད་བཞག་པ་དང༌།།
འདུ་འཛི་རྣམ་གཡེང་དགྲ་ལྟར་སྤང་བ་དང༌།།
ཁེ་གྲགས་ལོ་འདོད་རེ་ལྟོས་མེད་པ་དང༌།།
ཉེ་འབྲེལ་ངོ་སྲུང་འབྲེལ་ཐག་ཆོད་པ་དང༌།།
དགྲ་གཉེན་ཉེ་རིང་ཆགས་སྡང་བོར་བ་དང༌།།
འཇིག་རྟེན་བློས་བཏང་དམ་ཆོས་བསྒྲུབ་པའོ།།
ཞེས་གསུངས་པ་སྟེ། སྲིད་པ་ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་བློ་གཏོད་མི་ཕེར་བ་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པར་ཤེས་ནས་སྐྱོ་ཞིང་། འཁྲུལ་སྣང་འཁོར་བའི་བྱ་བཞག་འདི་འཁྲུལ་རྟོག་གིས་ཕར་བཏགས་པ་ཙམ་མ་གཏོགས་ཐ་སྙད་ཚད་མས་གྲུབ་པ་ཞིག་མེད་པར་ཤེས་ནས་འཁོར་བའི་འཁྲུལ་སྣང་འདིས་ཡིད་འབྱུང་བ་དང༌། དམ་པའི་ཆོས་མིན་པའི་བྱ་བ་གཞན་པ་གང་ཡིན་ཡང་དགོས་མེད་དུ་འཇོག་པར་བྱེད་པ་དང༌། འདུ་འཛི་རྣམ་གཡེང་ལ་སོགས་པའི་བདུད་ལས་ཐམས་ཅད་དགྲ་ལྟར་སྤང་བ་དང༌། འཇིག་རྟེན་གྱི་ཁེ་དང་གྲགས་པ་བུ་བཟང་རྟ་མགྱོགས་དང་། མིང་གྲགས་ལ་སོགས་པའི་ལོ་འདོད་ལ་རེ་ལྟོས་མེད་པ་དང༌། ཉེ་འབྲེལ་གྱི་ངོ་སྲུང་བ་སོགས་ཀྱི་འབྲེལ་ཐག་ཆོད་པ་དང༌། དགྲ་གཉེན་ལ་ཉེ་རིང་དང་ཆགས་སྡང་བོར་བ་དང༌། མདོར་ན་འཇིག་རྟེན་གྱི་ཕྱོགས་བྱ་བཞག་སོ་ཚིས་ངོ་སྲུང་ལ་སོགས་པ་ཐམས་ཅད་བློས་བཏང་བ་སོགས་དྲུག་པོ་ནི་སློབ་མ་དམ་པ་ཞིག་ལ་མེད་ཐབས་མེད་པའི་ཆོས་དྲུག་ཡིན་ཞེས་པའོ།།
༥༦ སྣ་ཐག་གཞན་ལ་མ་ཤོར་ཆོས་དྲུག་བསྟན་པ།
སྣ་ཐག་གཞན་ལ་མ་ཤོར་ཆོས་དྲུག་ནི།།
བྲན་ཁོལ་མ་སྐྱེས་དབང་མེད་མི་འབབ་དང༌།།
ཁྱིམ་ཐབ་མ་བྱས་གཉིས་འདུས་འཆིང་རེས་མེད།།
ཆེན་པོར་མ་སྐྱེས་གང་འདོད་ཆོས་ལ་སྤྱོད།།
ཤོལ་འདེབས་སྒྲོག་མེད་ནམ་དྲན་གང་དགར་སྤྱོད།།
མི་འགྲུབ་དམ་བཅའི་ཁས་བླངས་མེད་པ་དང༌།།
ལས་ངན་དམག་དཔུང་སྡུག་བསྔལ་མཚོ་མ་བརྡོལ།།
འདི་འདྲའི་རང་དབང་ཡོད་རྣམས་སྤྲོ་བར་རིགས།།
ཞེས་གསུངས་པ་སྟེ། གཞན་གྱི་བྲན་གཡོག་དང་ཁོལ་པོ་ཁོལ་མོར་མ་སྐྱེས་པས་དབང་མེད་རང་ཐོག་ཏུ་མི་འབབ་པ་དང༌། རབ་ཏུ་བྱུང་བ་ཞིག་ལ་མཚོན་ན་ཁྱིམ་ཐབ་མ་བྱས་པས་ཅིག་ཤོས་ཀྱིས་ཆོས་སྒྲུབ་ན་ཅིག་ཤོས་དེས་བར་དུ་གཅོད་པའི་གཉིས་འདུས་ཀྱི་འཆིང་རེས་སམ་འཆིང་ཐག་མེད་པ་དང་། ཆེན་པོའི་རིགས་སུ་སྐྱེས་ན་དེའི་རིགས་རྒྱུད་འཛིན་དགོས་པ་ལ་སོགས་པའི་འཆིང་བ་ཡོད་ལ་དེ་འདྲར་མ་སྐྱེས་པས་རང་གང་འདོད་ཀྱིས་ཆོས་ལ་སྤྱོད་དུ་ཡོད་པ་སྟེ། ཧ་ཅང་ཕྱུག་པའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང༌། །རྟག་ཏུ་རབ་བྱུང་མང་བར་ཤོག །ཅེས་སྨོན་གྱི་ཡུལ་ཡིན་པ་དང་། བཤོལ་འདེབས་ཀྱིས་མ་བྱེད་ཟེར་མཁན་མེད་པ་རྟ་ལ་སྒྲོག་མེད་པ་དང་འདྲ་བས་ཆོས་ནམ་དྲན་དང་ཆོས་རྗེས་སུ་གང་དགར་སྤྱོད་ཆོག་པ་དང་། མི་འགྲུབ་དམ་བཅའི་ཁས་བླངས་རང་གི་ནུས་པའི་ཚོད་ལ་བསམ་བློ་མ་བཏང་ནས། ས་ག་ཤེད་གཅིག་ལ་འདུག་ཆད་དང་། འགན་འཁྲི་ཆེ་གེ་མོ་ཞིག་ལོ་གྲངས་དུ་མའི་བཅད་བཀག་གི་བར་དུ་འཁུར་དགོས་པ་བྱས་ཡོད་ན་ཆོས་སྒྲུབ་པ་ལ་རང་དབང་མེད་པའི་འགལ་རྐྱེན་ཡིན་པས་དེ་ལྟར་མེད་པ་དང༌། ལས་ངན་གྱི་དཔུང་ཚོགས་དམག་ལྟ་བུ་མང་པོ་བྱུང་བ་ལ་བརྟེན་ནས་ལུས་སེམས་ཀྱི་སྡུག་བསྔལ་སྣ་ཚོགས་པ་རྒྱ་མཚོ་ཆེན་པོ་བཞིན་དུ་ཟད་པར་མེད་པར་བརྡོལ་ན་ཆོས་སྒྲུབ་པའི་འགལ་རྐྱེན་ཡིན་པས་དེ་འདྲ་མེད་པ་སྟེ། དེ་དག་དང་བྲལ་བའི་རང་དབང་ཡོད་པ་རྣམས་ཀྱིས་སྤྲོ་བར་བསྐྱེད་རིགས་སོ་ཞེས་པའོ།།
༥༧ བསྒོམ་ཞིང་བསྒྲུབ་པའི་འཚོ་བ་ཆོས་དྲུག་བསྟན་པ།
བསྒོམ་ཞིང་བསྒྲུབ་པའི་འཚོ་བ་ཆོས་དྲུག་ནི།།
མཐའ་གཉིས་མ་ལྷུང་ཡོ་བྱད་རང་འཚོ་དང༌།།
ཟས་ཀྱི་ཚོད་རིག་འགྲང་ལྟོགས་ཆ་སྙོམས་དང༌།།
འབྱུང་འཁྲུགས་ནད་ཀྱི་ཁམས་མ་འཁྲུགས་པ་དང༌།།
ཁ་ཟས་བཟང་པོའི་ལུས་བརྒྱགས་མ་གྱུར་དང༌།།
ཧ་ཅང་ངན་ཆེས་འབྱུང་བ་མ་རྒུད་དང༌།།
ཉིན་མཚན་ཚོད་ཟིན་དུས་མིན་ཟ་བ་སྤོང༌།།
འདི་ནི་དགེ་སྦྱོར་གནད་དུ་འགྲོ་བའི་གྲོགས།།
ཞེས་གསུངས་པ་སྟེ། དམ་པའི་ཆོས་ཉམས་སུ་བླངས་ནས་སྒོམ་སྒྲུབ་བྱེད་པ་ཞིག་གི་འཚོ་བ་ལ་ཆ་མཚོན་ན་མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས་པས། ཡོད་ཆེ་ནས་གསོག་འཇོག་ལ་སོང་བའི་མང་པོ་མ་ཡིན་པ་དང་། ཉུང་ཆེས་ནས་སྒྲུབ་རྒྱགས་མ་འདང་ནས་ཟད་འགྲོ་བ་མ་ཡིན་པ་སྟེ། རང་རེའི་ས་ཆ་འདིར་རྒྱ་གར་གྱི་དགེ་སློང་ལྟ་བུའི་འཚོ་བ་ཉིན་རེའི་བསོད་སྙོམས་ལ་བརྟེན་པའི་ལུགས་ཡོད་པ་མིན་པས་མཐའ་གཉིས་ལ་མ་ལྷུང་བའི་འཚོ་བ་སྒྲུབ་རྒྱགས་རང་ལ་ཡོད་དགོས་པ་དང༌། ཟས་ཀྱི་ཚོད་དེའང་འགྲངས་མི་ཆེ་ཞིང་ལྟོགས་མི་ཆེ་བ་སྟེ། དེ་ཡང་ལུས་ཀྱི་ཆ་བཞིའི་ཆ་གཅིག་སྟོང་པ། ཆ་གཉིས་ཟས། ཆ་གཅིག་སྐོམ་དུ་བཤད་དེ། ཡན་ལག་བརྒྱད་པ་ལས། ལྟོ་བའི་ཆ་གཉིས་ཟས་ཀྱིས་ཏེ། །ཆ་གཅིག་སྐོམ་གྱིས་ཡིན་པར་བཞེད། །རླུང་ལ་སོགས་པའི་གནས་དག་ཏུ། །ཆ་བཞི་པ་ནི་ཡང་དག་བཞག །ཅེས་པ་ལྟར་རམ། ཡང་ན་ཟས་ཀྱི་གཞི་ལས་འབྱུང་བ་ལྟར། ཆ་གསུམ་གྱི་ཆ་གཉིས་ཟས་དང་སྐོམ། ཆ་གཅིག་སྟོང་པར་བཞག་གོ །དེ་ཡང་ལྟོགས་ན་སྲིན་བུའི་ཚོགས་ལ་གནོད་པ་དང་། ནད་འགའ་ཞིག་ལྡང་བ་དང་། བྱ་བ་ལ་འཇུག་པར་མི་ནུས་ལ། འགྲངས་དྲགས་ན་དྲི་ང་བ་དང་། ནད་མང་དུ་འབྱུང་བ་དང་། ཏིང་ངེ་འཛིན་ལས་སུ་མི་རུང་བ་ལ་སོགས་པའི་ཉེས་པ་འབྱུང་བར་བཤད་དེ། སྤྱོད་འཇུག་ལས། རན་པ་ཙམ་དུ་བཟའ་བར་བྱ། །ཞེས་པ་དང་། འགྲང་ལྟོགས་སྙོམས་པའི་སྒྱུ་ལུས་བདེ། །ཞེས་གསུངས་པ་ལྟར་བྱས་ན་འཕྲོད་བསྟེན་གྱི་ཕྱོགས་ནས་ཀྱང་འཚམས་པ་ཡིན་པ་དང༌། འབྱུང་བཞི་ནང་འཁྲུགས་ཀྱི་འདུ་བ་ཆ་མི་སྙོམས་པའི་ནད་མེད་པའི་ཐབས་བྱེད་པ་དང་། དེ་དག་ཀྱང་འདུལ་བ་ལས་དུས་རུང་དང་། ཐུན་ཚོད་ལ་སོགས་པའི་སྨན་བཅང་ཚུལ་གསུངས་པ་དང་ཕྱོགས་མཐུན་པར་གནས་དུས་དང་བསྟུན་དགོས་ལ། ཡང་ཁ་ཟས་བཟང་པོ་བཅུད་ཆེན་འབའ་ཞིག་ཟོས་ན་ལུས་ཀྱི་ཤ་རྒྱགས་པར་གྱུར་ནས་དོགས་མི་བདེ་བ་དང་དེས་རྐྱེན་གྱིས་ནད་མང་པོ་བསྐྱེད་པ་དང་། མ་ཚད་གཉིད་ལ་དགའ་བ་དང་། ཟས་ཀྱིས་མི་ངོམས་པ་ལ་སོགས་པའི་སྐྱོན་མང་པོ་འབྱུང་བས་དེ་འདྲར་མ་གྱུར་པ་དང༌། ཡང་ལུས་ཕུང་གི་བཅུད་ཀྱིས་མ་འདངས་ནས་ལུས་ཟུངས་ཧ་ཅང་ངན་ཆེས་ནས་འབྱུང་བ་མར་རྒུད་པ་དང༌། ཉིན་མཚན་གྱི་ཚོད་ཟིན་པ་ནུབ་མོ་མར་ཉལ་ཤེས་པ་དང་། ནངས་མོ་ཡར་ལང་ཤེས་པ་ཉལ་ཚོད་ལང་ཚོད་ཀྱི་ཚད་ལ་འཆར་གཞི་ཡོད་ཅིང་བཟའ་བ་ཡང་དུས་ཐོག་ནས་ཟ་བ་ལས་དུས་མིན་གྱི་ཟ་བ་སྤོང༌བ་སྟེ། འདི་དག་ནི་རྒྱུན་གྱི་འཚོ་བའི་ཐོག་ནས་དགེ་སྦྱོར་གནད་དུ་འགྲོ་བའི་གྲོགས་ཡིན་ནོ་ཞེས་པའོ།།
༥༨ དད་བརྩོན་སྐུལ་འདེབས་རྐྱེན་གྱི་ཆོས་དྲུག་བསྟན་པ།
དད་བརྩོན་སྐུལ་འདེབས་རྐྱེན་གྱི་ཆོས་དྲུག་ནི།།
རྐྱེན་ངན་བསྟུད་ལས་མི་རྟག་རྒྱུད་ལ་སྐྱེས།།
རྒྱུ་འབྲས་ཤེས་ནས་ལས་ངན་དུག་བཞིན་སྤོང༌།།
མོས་གུས་ཚུད་པས་བླ་མ་སངས་རྒྱས་མཐོང༌།།
ཆོས་ལ་ངེས་པས་དགེ་སྦྱོར་བྲོད་པ་སྐྱེ།།
དགེ་འདུན་དད་པས་ཡར་འདྲེན་སྐྱེལ་མ་ཞུ།།
སངས་རྒྱས་འདོད་པས་བརྩོན་པས་ཅི་ཐོབ་བྱེད།།
སྐལ་བཟང་དམ་པ་རྣམས་ཀྱི་ལུགས་ཡིན་ནོ།།
ཞེས་གསུངས་པ་སྟེ། དྲིན་ཕ་མ་བརྒྱ་ཡི་ཁ་ཏ་བས། །སྡང་དགྲ་བོ་གཅིག་གི་གློ་རྒྱག་དགའ། །ཞེས་པ་ལྟར་དུ་རྐྱེན་ངན་མང་པོ་བསྟུད་མར་ཐོག་ལ་བབས་པ་དཔེར་ན་རྗེ་མི་ལ་རས་པ་ལ་ཨ་ཁུ་ཨ་ནེས་མནར་གཅོད་ཀྱི་དྲིན་གྱིས་ཆོས་ལམ་ལ་ཞུགས་པ་བཞིན་དུ། མི་རྟག་སྟོན་པའི་སློབ་དཔོན་གྱི་སྐུལ་མ་ལས་མི་རྟག་རྒྱུད་ལ་སྐྱེས་པ་ཡིན་པ་དང་། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཤེས་པས་ལས་ངན་སྡིག་པའི་བྱ་སྤྱོད་དུག་བཞིན་དུ་རང་ཤུགས་ཀྱིས་སྤོང༌བ་ཡིན་ཡང་། རང་རེ་བོད་ལ་མཚོན་ན་ཁྱིམ་ལ་གནས་པ་མང་ཆེ་བས་དཀོན་མཆོག་གསུམ་ལ་དད་པ་བྱེད་ཅིང་། ཚེ་འདི་ཕྱི་གཉིས་ཀ་ལ་བདེ་ན་སྐྱིད་ན་སྙམ་པས་མ་ཚད་ཚེ་ཕྱི་མར་ལས་འབྲས་མྱོང་བ་པོ་ཡོད་པར་འཛིན་པ་དང་། རང་མི་གཅེས་པ་དང་བདེ་འབྲས་མི་འདོད་པ་ཞིག་མིན་ཡང་། ལས་འབྲས་ཀྱི་རྣམ་གཞག་དེ་ཡང་དག་པ་ཞིག་མ་ཤེས་ནས་རྒྱུ་འབྲས་འཆོལ་ཉོག་ཏུ་སྤྱད་པ་ཡིན་པས་ལས་འབྲས་ཀྱི་རྣམ་གཞག་ལེགས་པར་ཤེས་པ་ནི་གལ་ཆེའོ། །མོས་གུས་ཡོད་ན་བླ་མ་སངས་རྒྱས་སུ་མཐོང་བ་དང་བླ་མ་སངས་རྒྱས་སུ་མཐོང༌བས་བྱིན་རླབས་རང་རྒྱུད་ལ་ཞུགས་པ་ཡིན་པ་དང་། ཆོས་ཀྱི་ནང་དོན་ཤེས་ནས་ངེས་པས་དེའི་དོན་ཉམས་སུ་བླངས་ཏེ། དེ་མ་གཏོགས་པའི་ཐབས་གཞན་མི་འདུག་སྙམ་པའི་བྲོད་པའམ་སྤོབས་པ་དང་སྤྲོ་བ་སྐྱེ་དུས། བརྩོན་གང་དགེ་ལ་སྤྲོ་བ་ཡིན་པས་ཆོས་ཀྱི་རྣམ་གྲངས་དུ་མ་ལ་འཇུག་པའི་ནང་གི་སེམས་སྟོབས་སྐྱེ་བ་ཡིན་པ་དང་། དགེ་འདུན་ལ་དད་པ་ཞེ་སྙིང་ནས་ཡོད་པས་ཡར་འདྲེན་ཐར་ལམ་གྱི་སྐྱེལ་མ་ཞུ་བ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་པ་ཡིན་ན། བརྩོན་པ་དྲག་པོས་སངས་རྒྱས་བྱང་སེམས་ཀྱི་རྣམ་ཐར་ལ་སློབ་ཅིང་དགེ་བའི་ཆོས་ཅི་ཐོབ་གང་ཐོབ་ཀྱིས་སྒྲུབ་པར་བྱེད་དགོས་ལ། སངས་རྒྱས་ཐོབ་འདོད་དེ་ཡང་འཁོར་བའི་སྡུག་བསྔལ་ལ་བསམས་ནས་རང་ཉིད་ཀྱི་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་དགོས་འདུག་སྙམ་ན། བསམ་རྒྱུ་སྡུག་པོ་མིན་པར་བསམ་པ་ཙམ་དང་སྨོན་ལམ་བཏབ་པ་ཙམ་གྱིས་བསོད་ནམས་རླབས་ཆེན་བསགས་པ་ཡིན་ཡང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་འདུག སྟོབས་བཅུའི་སྟོབས་དང་དབང་བཅུའི་དབང་ལ་སོགས་པ་སྤངས་རྟོགས་ཀྱི་ཡོན་ཏན་མཐར་མ་ཕྱིན་ཚེ་སེམས་ཅན་ལ་ཕན་འདོགས་ཐུབ་པ་མི་འདུག་སྙམ་པ་ནི། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ཅིང་། དེ་དུས་ཐེག་ཆེན་ཚོགས་ལམ་གྱི་སྣེ་ཟིན་པ་ཡིན་པས་ལམ་མ་ནོར་བ་དེའི་རྔ་མ་ལ་བཟུང་རྔོག་མ་ལ་འཐམས་ནས། ལོང་བས་བ་རྔ་བཟུང་བཟུང་བྱས་ཏེ་མ་བཏང་ན་དགེ་བ་མ་སྐྱེས་པ་སྐྱེ། སྐྱེས་པ་འཕེལ་ཞིང་། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་དངོས་བཞི་ལ་རིམ་གྱིས་བསླབས་ནས་རིམ་གྱིས་ས་ལམ་གྱི་མངོན་རྟོགས་སྐྱེ་བ་ཡིན། གང་ལྟར་ཐར་བའི་ལམ་སྣ་ཟིན་ཚེ་གོམ་གང་སོང་ཡང་ཐར་བའི་ལམ་དེ་ལས་འཕྱུག་འགྲོ་ས་མེད་པས་རྫོགས་པའི་སངས་རྒྱས་ལ་ཐག་ཇེ་ཉེར་འགྲོ་བ་ཡིན་པས་མ་ཚད། མྱུར་ལམ་ཁྱད་པར་ཅན་དང་འཕྲད་ན་རྐང་འགྲོས་དང་ཉི་ཟླའི་འགྲོས་ཁྱད་བཞིན་ཡོད་པས་སངས་རྒྱས་ཀྱི་གོ་འཕང་ལ་ལྷག་ཏུ་ཉེ་བ་སྟེ། དེ་ལྟ་བུའི་སྐུལ་འདེབས་རྐྱེན་གྱི་ཆོས་དྲུག་དང་ལྡན་པར་བྱེད་པ་ནི་སྐལ་བཟང་དམ་པ་རྣམས་ཀྱི་ལུགས་ཡིན་ནོ།།
༥༩ རང་རྒྱུད་འདུལ་སྦྱོང་གདུལ་བའི་ཆོས་དྲུག་བསྟན་པ།
རང་རྒྱུད་འདུལ་སྦྱོང་གདུལ་བའི་ཆོས་དྲུག་ནི།།
ལོག་བློ་མི་རྒོད་ཆོས་བློ་མི་འགྱུར་བ།།
ཞེ་བཅད་བཟོད་དཀའ་སྡུག་བསྲན་ཐུབ་པ་དང༌།།
འཁོར་བའི་ཉེས་མཐོང་སྐྲག་པས་ཡིད་འབྱུང་དང༌།།
སྣོད་ངན་སྐྱོན་མེད་རང་རྒྱུད་དག་པ་དང༌།།
ཐོས་བསམ་ཆེ་བས་ཆོས་མཆོག་བསྟན་པ་རྟོགས།།
དབང་དང་དམ་ཚིག་ཟབ་མོའི་སྣོད་གྱུར་པ།།
མཚོ་གླིང་རིན་ཆེན་སྣོད་ལས་དཀོན་པར་སྣང༌།།
ཞེས་གསུངས་པ་སྟེ། རང་བློ་ངན་གོམས་སུ་སོང་བ་བཅོས་ནས་ཡང་དག་པའི་ལམ་དུ་བཞག་པའི་འདུལ་སྦྱོང་བྱེད་ཐབས་ཀྱི་ཆོས་དྲུག་ནི། ལོག་པའི་བློ་སྣ་གསོད་གཅོད་རྐུ་འཕྲོག་དང་། ངན་གཡོ་འཕྲུལ་སྟབས་སོགས་མི་དགེ་བའི་ལས་ཀྱི་ཕྱོགས་ལ་འཇུག་པའི་བློ་སྣ་མི་རྒོད་ཅིང་ཆོས་དང་འདྲེས་པའི་བློ་ནམ་ཡང་མི་འགྱུར་བར་བྱེད་པ་དང་། ཆོས་ཕྱོགས་ལ་ཞེ་བཅད་དང་བཟོད་དཀའ་བའི་གནས་ལ་སྡུག་བསྲན་ཐུབ་པ་ཞིག་དགོས་ཏེ། འཇིག་རྟེན་བྱ་བའི་ཁ་མགོ་རྣ་ཞིག་གི་དོན་དུ་སྲོག་ཀྱང་གཏོང་ཐུབ་པ་ཡིན་ན་རང་གཞན་གཏན་གྱི་བདེ་བའི་འདུན་མ་དམ་པའི་ཆོས་ཀྱི་ཕྱོགས་ལ་ཅིའི་ཕྱིར་ན་སྡུག་བསྲན་མི་བྱེད། དེས་ན་བཟོད་དཀའ་སྡུག་བསྲན་བྱེད་ས་ནི་ལྟོ་གོས་གཏམ་གསུམ་ཡིན་ལ། དེ་ལས་ཀྱང་གཏམ་གྱི་ཐད་ནས་སྡུག་བསྲན་མ་ཐུབ་སྟེ་ལོག་ལམ་དུ་ཞུགས་པ་ཤིན་ཏུ་ནས་ཀྱང་མང་བ་ཡིན་པས་གཟབ་དགོས་སའི་གནས་གལ་ཆེན་ཡིན། ཆོས་བཤད་པ་དེ་བོས་ཁ་སྐོར་བ་བཞིན་དུ་ཁ་ཕྱིར་བསྐོར་ནས་བཤད་རྒྱུ་ཞིག་མ་ཡིན་པས། རང་འདེང་རང་ལ་བརྒྱབ་ནས་བཤད་ན། ང་ནི་ཆུང་ནས་དམ་པ་ཡིན་པའི་མཚན་བཏགས་ནས་ཞུགས་ས་བཟང་པོ་ཆོས་ལམ་ལ་ཞུགས་དུས། དམ་པའི་སྐྱེ་སྤྲུལ་ཡིན་པའི་བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་དང་མཚན་མ་ཡོད་པ་མིན་ཡང་། བླ་མ་བཀའ་དྲིན་ཅན་ཚོའི་བཀའ་དྲིན་གྱིས་ཆུང་དུས་ནས་ཚོགས་གཏོར་བཅས་པ་བཞིན་དུ་ཡར་འཛུགས་འཛུགས་བྱས་ནས་བཞག་པས་མ་ཚད། དེ་ལ་དབང་ལུང་གདམས་ཁྲིད་མང་པོའི་རྒྱུན་གནང་ནས་མར་གྱིས་ཁོག་སྣུམ་བརྒྱབ། མ་འོངས་བསྟན་རྒྱུན་སྤེལ་དགོས་པའི་བཀའ་གནང་ནས་དཀར་རྒྱན་གྱིས་སྒྲོས་བཏོད་པ་བྱས། འོན་ཀྱང་མི་ཚེའི་ལོ་རྒྱུས་ཀྱི་འཕེལ་འགྲིབ་ཀྱི་ནང་དུ་སྐྱིད་སྡུག་དར་རྒུད་མང་པོ་ཞིག་བརྒྱུད་པའི་ལོ་ཉུང་གི་དུས་ལྟ་བུ་ལ་མཚོན་ན། ལ་རྒྱ་རུས་པའི་བསམ་བློའི་ཐོག་ནས་ཚུགས་རེ་བཟུང་བའི་བསམ་བློ་ཤུགས་ཆེ་བ་མ་གཏོགས། ཐོག་མ་ཉིད་ནས་བསྟན་པ་རང་རྒྱུད་ལ་ཆ་ཚང་བཞུགས་པའིཚུར་ཉན་རྒྱལ་བསྟན་སྲོག་གིས་བསྲུངས་ནས་མ་སེམས་ཅན་གྱི་དོན་དུ་སངས་རྒྱས་བསྒྲུབ་དགོས་བསམ་པའི་སེམས་བསྐྱེད་ཀྱིས་ཟིན་ཡོད་པ་ནི་དཀའ་བའི་ཚད་ལ་སླེབས་ཡོད་དེ། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས་རང་མཚང་རང་གིས་མི་ཤེས་པ་ཅི་ཡོད། དེང་སང་ལོ་ན་ཡར་སོན་ལ་ཐོན་ཏེ་འདས་པའི་ལོ་རྒྱུས་རྣམས་ཉམས་མྱོང་ལ་སོང་ནས་ཆོས་འཇིག་རྟེན་གཉིས་ཀའི་ཐད་ནས་མྱོང་བ་མང་པོ་ཞིག་རང་ཐོག་ལ་ཡོང་བ་དེས་རྨུས་ནས། དབེན་པའི་ཁྲོད་འདིར་བྲོས་པས་མ་ཟད་ཆོས་མིན་གཞན་པའི་བློ་གཏད་མེད་པ་མྱོང་བས་གྲུབ་པ་ཡིན། དེ་ཡང་ཆོས་མི་ལ་བཤད་པའི་བླ་མའི་མཚན་ཉིད་མ་དགོས་ཆོས་ཚུར་ཉན་པའི་སློབ་མ་བཟང་པོ་ཞིག་གི་ཆ་ཚད་མི་ལྡན་པས་ཁུ་སིམ་པོར་སྡོད་དགོས་པ་ཞིག་ཡིན་ཡང་། དུས་ཀྱི་འཕེལ་འགྲིབ་ཀྱིས་བསྟན་པའི་ཕྲ་ཉག་འདི་འདྲ་བ་ལ་ཐུག་དུས་ཆོས་བརྒྱུད་རེ་སྤེལ་ཏེ་བསྟན་པའི་སྲོག་མཐུད་པའི་དབུགས་ལམ་རེ་ཉན་སོང་ནའང་སྐལ་བ་བཟང་པོ་རེད་བསམས་པའི་ཐོག་གིས་བཤད་རྒྱུན་སྤེལ་བ་ལ་འཇུག་བཞིན་པ་འདི་འདྲ་ཡིན། གྱོང་གཏོང་དགོས་པའི་ལྟོ་གོས་གཏམ་གསུམ་གྱི་ཕྱོགས་ནས་ང་འདྲ་ཞིག་ལ་ཆ་མཚོན་ན་སྲོག་གཅོད་ཀྱི་ཤན་པ་མདུན་དུ་ཐོན་ཡོང་རུང་ཁེ་ཁ་ཁོ་ལ་སྤྲོད་པར་མ་ཟད་བསྔོ་བ་སྨོན་ལམ་བཟང་པོ་ཞིག་གིས་མཚམས་སྦྱོར་བྱས་ནས་དེ་ལ་སྡིག་པ་མ་འབྱུང་བར་ཤོག་ཅེས་ཟེར་ཐུབ་ངེས་ཡིན་སྙམ་བཞིན་ཡོད། འོན་ཀྱང་བསམ་པའི་ཐོག་ནས་དེ་འདྲ་ཞིག་ཡོད་ཀྱང་སྦྱོར་བའི་ཐོག་ནས་སོ་སོ་སྐྱེ་བོ་ཡིན་པས་ཅི་འོང་མི་ཤེས་ལ། ད་གང་ལྟར་ཡང་ཆོས་པ་ཞིག་ཡིན་དུས་བཀའ་གདམས་གོང་མའི་རྣམ་ཐར་ལྟར་གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་བ་ནི་རང་རྒྱུད་འདུལ་སྦྱོང་གི་ཆོས་ཀྱི་གཙོ་བོ་ཡིན། དེ་ནས་འཁོར་བའི་ཉེས་པའམ་སྡུག་བསྔལ་གྱིས་སྐྲག་ནས་འཁོར་བ་ལས་ཡིད་འབྱུང་བ་དང༌། རང་རྒྱུད་ལ་སྣོད་ངན་གྱི་སྐྱོན་མེད་པའི་གཙང་ཞིང་དག་པ་ཞིག་དགོས་ཏེ། སྣོད་ངན་ལ་བཅུད་ཚོགས་པ་མིན་ཅིང་། སྣོད་བཟང་ན་བཅུད་ཀྱང་འབོ་ཟགས་ཉམས་རུལ་དང་སླད་སྐྱོན་ལ་སོགས་པ་མེད་པར་འཛིན་ཐུབ་པའི་ཕྱིར། དེའི་འཕྲོར་ཐོས་བསམ་སྐྱེས་སྦྱོང་གི་ཤེས་རབ་མི་དམན་པས་ཆོས་མཆོག་ཟབ་མོ་བསྟན་པ་རྟོགས་ཐུབ་པ་དང་། སྣོད་དག་པས་དབང་དང་དམ་ཚིག་ཟབ་མོའི་སྣོད་དུ་གྱུར་པ་སྟེ། དེ་ལྟ་བུའི་རང་རྒྱུད་བྱི་དོར་ལེགས་པའི་གང་ཟག་དེ་ཆོས་ཟབ་མོ་འཛིན་པའི་ནུས་པའམ་མཚན་ཉིད་དང་ལྡན་པ་རྒྱ་མཚོའི་གླིང་གི་རིན་པོ་ཆེའི་སྣོད་བཟང་པོ་ལས་ཀྱང་རྙེད་པ་དཀོན་པར་སྣང་ངོ་།།
༦༠ ཉམས་ལེན་རྐྱེན་ངན་མི་འཕྲོགས་ཆོས་དྲུག་བསྟན་པ།
ཉམས་ལེན་རྐྱེན་ངན་མི་འཕྲོགས་ཆོས་དྲུག་ནི།།
ལུས་ཀྱི་སྡུག་བསྔལ་སྣ་ཚོགས་ཐུབ་པ་དང༌།།
ངག་གི་མི་དགེ་དོན་མེད་འཆལ་གཏམ་ཐུབ།།
སེམས་ཀྱི་བདེ་སྡུག་ལེགས་ཉེས་ཟུག་རྔུ་ཐུབ།།
མི་མེད་དབེན་པར་སྐྱོ་ངལ་འཇིགས་སྐྲག་ཐུབ།།
འདུ་འཛིའི་གྲོང་དུ་ཡེངས་མེད་གཉེན་པོ་ཐུབ།།
སྲུང་སྡོམ་བསླབ་པས་ཡུལ་རྐྱེན་ངན་པ་ཐུབ།།
དེ་དག་ལྡན་ན་ཆོས་ལམ་བདེ་བར་འགྲུབ།།
ཞེས་གསུངས་པ་སྟེ། ཉམས་ལེན་རྐྱེན་ངན་གྱི་དབང་དུ་མི་འགྲོ་བར་བྱེད་པའི་རྐྱེན་ཐུབ་ཀྱི་ཆོས་དྲུག་ནི། དེ་ལ་སྤྱིར། དཀའ་མོའི་ལས་མ་བྱས་ན། དཀོན་པོའི་རྒྱུ་དང་མི་ཐུག ཅེས་པ་དང་། གཟར་མོའི་བྲག་ལ་མ་འགོས་ན། བདེ་མོའི་ཐང་ལ་མི་ཐོན། ཞེས་པའི་དཔེ་ལྟར་ཡིན་པས་ཆོས་ཕྱིར་དཀའ་སྤྱད་ལ་བཟོད་དགོས་པ་དང་། བྱེ་བྲག་འཇིག་རྟེན་ཁྱིམ་པ་དག་གིས་དབྱར་དགུན་སྟོན་དཔྱིད་དུས་དང་རྣམ་པ་ཀུན་ཏུ་མནོག་ཆུང་ཚེ་འདིའི་བྱ་བའི་དོན་དུ། དཀའ་ཚེགས་སྡུག་བསྔལ་དྲག་པོའང་བཟོད་ཅིང་བསྲན་ཐུབ་པ་ཡིན་ན། ཆོས་ཕྱོགས་ཀྱི་བྱ་བ་ལ་དེ་བས་ཀྱང་བཟོད་འོས་པ་དང་། ཁྱད་པར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་དམ་ཆོས་བྱང་ཆུབ་སྒྲུབ་པ་ལ་ཆོས་ཚིག་བཞི་རེའི་དོན་དུ་ཅི་འདྲའི་དཀའ་སྤྱད་མཛད་འདུག་སྙམ་ནས་དཀའ་སྡུག་བཟོད་ཐུབ་པར་བྱེད་པ་དང༌། ངག་གིས་ཀྱང་མི་དགེ་དོན་མེད་ཀྱི་འཆལ་གཏམ་སྤང་ཐུབ་དགོས་ཏེ། དོན་མེད་འཆལ་གཏམ་གྱིས། ཆུང་ན་རྣམ་གཡེང་འཕེལ་ཞིང་དུས་ཚོད་གྲོན་པར་བྱེད་པ་དང་། ཆེ་ན་འཁོན་དང་ཚིག་རྩུབ་ལ་སོགས་པ་མི་དགེ་སྣ་ཚོགས་འདྲེན་པ་ཡིན་པས་རབ་ན་ངག་བཅད་སོགས་བྱེད་པ་དང་། སེམས་དགའ་བའི་དུས་སུ་ཁེངས་ནས་དགའ་མི་ཆེ་བ་དང་། སྡུག་ནས་ཡིད་མི་བདེ་བའི་ཟས་རྙེད་དུས་ཁོང་དུ་མི་ཆུད་པར། དམ་པའི་ཆོས་ཀྱིས་སྐྱིད་ན་གོང་གནོན་སྡུག་ན་སྐྱོ་གྲོགས་བྱེད་ཐུབ་པ་ཞིག་དགོས་པ་དང་། མི་མེད་དབེན་པའི་རི་ཁྲོད་ན་སྡོད་ཚེ་འདུག་ཚུགས་ཤིང་འདྲེ་སྲིན་ལ་སོགས་པ་ལ་འཇིགས་སྐྲག་མེད་པ་དང་། འདུ་འཛི་ཅན་གྱི་གྲོང་ནང་དུ་ཐོན་ཚེ་ཡེངས་མེད་ཀྱི་གཉེན་པོ་དྲན་པ་དང་ཤེས་བཞིན་མ་བྲལ་བ་དང་། བརྟུལ་ཞུགས་བརྟན་པར་མ་གྱུར་གང་དང་གང་། །ཡུལ་དང་གྲོགས་ལ་བརྟེན་ནས་མཐོ་དམན་བྱེད། །གསུངས་པས་བསླབ་པ་མིག་གི་འབྲས་བུ་བཞིན་དུ་སྲུང་བ་ལ་འདུན་པ་དྲག་པོས་བསླབས་པས། ཡུལ་རྐྱེན་ངན་པའི་དབང་དུ་མི་འགྲོ་བར་ཐུབ་པ་སྟེ་ཆོས་དྲུག་པོ་དེ་དག་དང་ལྡན་ན་ཆོས་ལམ་བདེ་བར་འགྲུབ་པ་ཡིན་ནོ།།
༦༡ ཐར་ལམ་ཡོན་ཏན་འདྲེས་པ་རྣམ་དྲུག་བསྟན་པ།
ཐར་ལམ་ཡོན་ཏན་འདྲེས་པ་རྣམ་དྲུག་ནི།།
ཐུན་མོང་ཆོས་འདྲེས་ཕྱི་མའི་བྱང་ཆུབ་སྒྲུབ།།
གསང་སྔགས་ཆོས་འདྲེས་སྐུ་གསུམ་ལམ་དུ་སློང༌།།
མཐར་ཐུག་གནད་འདྲེས་མཐར་འཛིན་གོལ་ས་ཆོད།།
ཐེག་ཆེན་ཆོས་འདྲེས་ཅི་བྱེད་གཞན་དོན་སྤྱོད།།
ཉན་རང་ཆོས་འདྲེས་འཁོར་བའི་བྱ་བ་དོར།།
དེ་འདྲའི་གང་ཟག་ཆོས་དང་རང་རྒྱུད་འདྲེས།།
ཞེས་གསུངས་པ་སྟེ། ཐུན་མོང་ཐེག་པ་ལས་བསྟན་པའི་ཆོས་རྣམས་རང་རྒྱུད་ལ་འདྲེས་ན་ཐར་བའི་ལམ་སྣ་ཟིན་ནས་ཕྱི་མའི་བྱང་ཆུབ་འགྲུབ་པ་ཡིན་པ་དང་། དེ་བཞིན་དུ་གསང་སྔགས་ཀྱི་ཆོས་དང་རང་རྒྱུད་འདྲེས་ན་གསང་སྔགས་སོ་སོའི་རང་བཞེད་ལྟར་དུ་སྐུ་གསུམ་ལམ་དུ་སློང༌ནུས་པ་དང་། མཐར་ཐུག་གི་གནད་དང་འདྲེས་ན་ཡོད་མེད་ཡིན་མིན་རྟག་ཆད་སྐྱེ་འགག་ལ་སོགས་པའི་མཐར་འཛིན་གྱི་གོལ་ས་ཆོད་པ་དང་། ཐེག་ཆེན་གྱི་ཆོས་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རང་རྒྱུད་དང་འདྲེས་ན། བྱ་བ་འདི་ལྟ་བུ་ཞིག་བྱེད་སྙམ་པའི་དམིགས་གཏད་ཅན་གྱི་བྱ་བཞག་གང་བྱེད་ཀྱང་། ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ཟིན་ནས་དངོས་ཤུགས་བརྒྱུད་གསུམ་དུ་གཞན་དོན་ལ་འགྱུར་བ་ཡིན་པ་དང་། ཉན་རང་གི་ཆོས་དང་འདྲེས་ནས་འཁོར་བ་ལ་ངེས་འབྱུང་སྐྱེས་པའི་སྟོབས་ཀྱིས་འཁོར་བའི་བྱ་བ་དོར་བ་སྟེ། དེ་འདྲའི་གང་ཟག་གི་རྒྱུད་ཆོས་དང་འདྲེས་པའོ།།
༦༢ མངོན་ཞེན་ཨ་འཐས་འཇིག་པའི་ཆོས་དྲུག་བསྟན་པ།
མངོན་ཞེན་ཨ་འཐས་འཇིག་པའི་ཆོས་དྲུག་ནི།།
ཡུལ་དྲུག་རྫུན་པས་འཁྲུལ་བར་ཐག་ཆོད་དང༌།།
བྱ་བྱེད་དོན་མེད་འཁྲུལ་བར་ཐག་ཆོད་དང༌།།
མངོན་ཞེན་སླུ་བས་འཁྲུལ་བར་ཐག་ཆོད་དང༌།།
སྙན་གྲགས་བསྟོད་བཀུར་འཁྲུལ་བར་ཐག་ཆོད་དང༌།།
དགྲ་གཉེན་ངེས་མེད་འཁྲུལ་བར་ཐག་ཆོད་དང༌།།
བདེན་མེད་ཤེས་ན་འཁྲུལ་སྣང་འཁྲུལ་འཛིན་ཞིག།
ཅེས་གསུངས་པ་སྟེ། གཟུགས་སོགས་ཡུལ་དྲུག་རྫུན་པ་སྒྱུ་མའི་དཔེ་བརྒྱད་ལྟར་དུ་མེད་བཞིན་སྣང་བ་ཡིན་པར་ཤེས་ནས་དེ་ལྟར་སྣང་བ་ནི་འཁྲུལ་བ་ཡིན་པར་ཐག་ཆོད་པ་དང༌། ཚེ་འདིའི་བྱ་བྱེད་ཐམས་ཅད་དོན་མེད་འཁྲུལ་བ་ཡིན་པར་ཐག་ཆོད་པ་དང༌། མངོན་པར་ཞེན་ཅིང་ཆགས་པ་ཐམས་ཅད་སླུ་བྱེད་ཡིན་པར་ཤེས་ནས་འཁྲུལ་བར་ཐག་ཆོད་པ་དང༌། སྙན་གྲགས་བསྟོད་བཀུར་སོགས་ལ་སྙིང་པོ་མེད་པར་ཤེས་ནས་འཁྲུལ་བ་ཡིན་པར་ཐག་ཆོད་པ་དང༌། དགྲ་གཉེན་ལ་ངེས་པ་མེད་པ་ཚེ་སྟོད་ཀྱི་དགྲ་ཚེ་སྨད་ཀྱི་གཉེན་དུ་འགྱུར་བ་ལ་སོགས་པ་འཁྲུལ་བས་ཀུན་ཏུ་བརྟགས་པ་ཡིན་པས་འཁྲུལ་བ་ཡིན་པར་ཐག་ཆོད་པ་དང་། དེ་ལྟ་བུའི་འཁྲུལ་སྣང་ཐམས་ཅད་དོན་ལ་མེད་པ་མེད་བཞིན་ཡོད་པར་སྣང་བ་བསླུ་བའི་ཆོས་ཅན་ཡིན་པར་ཤེས་ན། འཁྲུལ་འཁོར་གྱི་ཨ་མའི་གནད་གསང་གི་སྒོ་བརྒྱབ་ན་འཕྲུལ་འཁོར་གྱི་ལྷུ་ལག་ཐམས་ཅད་འགུལ་མི་བཏུབ་པ་བཞིན་དུ་བདེན་འཛིནགྱི་འཁྲུལ་བ་ཞིག་ནས་བདེན་མེད་ཀྱི་དོན་རྟོགས་པ་ཡིན་ནོ་ཞེས་པའོ།།
༦༣ དལ་འབྱོར་དོན་དང་བཅས་པའི་ཆོས་དྲུག་བསྟན་པ།
དལ་འབྱོར་དོན་དང་བཅས་པའི་ཆོས་དྲུག་ནི།།
འབྱོར་ཡང་དོན་མེད་སླུ་བས་སྒྲུབ་ལ་འབད།།
ཐོས་ཀྱང་ཚིག་ཕྱིར་འཆོར་བས་སྒྲུབ་ལ་འབད།།
ཤེས་ཀྱང་སྙིང་པོ་སྟོར་བས་སྒྲུབ་ལ་འབད།།
བསམས་ཀྱང་རྣམ་རྟོག་མཆེད་ཕྱིར་སྒྲུབ་ལ་འབད།།
བཤད་ཀྱང་གོ་ཡུལ་ལུས་པས་སྒྲུབ་ལ་འབད།།
མ་བསྒྲུབས་མངོན་དུ་མི་སྣང་སྒྲུབ་ལ་འབད།།
ཅེས་གསུངས་པ་སྟེ། ཤིན་ཏུ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་ལུས་རྟེན་ད་ལྟ་ཐོབ་ཡོད་ཀྱང་དེ་དོན་དང་ལྡན་པ་ཞིག་མ་བྱས་ཚེ་དོན་མེད་ཀྱི་བྱ་བས་བསླུ་བར་འགྱུར་བས་དོན་ཡོད་པའི་བྱ་བ་དམ་པའི་ཆོས་ནན་ཏན་དུ་སྒྲུབ་པ་ལ་འབད་པར་བྱེད་དགོས་པ་དང་། ཐོས་བསམ་གྱི་གཟུགས་བརྙན་ཙམ་ཞིག་བྱས་ཀྱང་ཐོས་པ་ཁ་ཕྱིར་བལྟས་སུ་སོང་ནས་ཚིག་རྐྱང་པའི་རྗེས་སུ་ཤོར་ན་ཅི་ཡང་མི་འོང་བས་སྒྲུབ་པ་ལ་འབད་དགོས་པ་དང་། ཐོས་དོན་ཤེས་པ་ཙམ་ཁོ་ན་ཡོད་ཀྱང་སྙིང་པོ་དོན་གྱི་ཉམས་ལེན་སྟོར་བས་སྒྲུབ་ལ་འབད་དགོས་པ་དང་། ཐོས་པས་དོན་ཤེས་ནས་དེ་ལ་བསམ་གཞིག་བྱས་པ་ཙམ་ཡོད་ཀྱང་རྣམ་རྟོག་མང་པོ་སྤྲོ་ཞིང་མཆེད་པའི་རྒྱུ་ཡིན་པས་སྒྲུབ་པ་ལ་འབད་དགོས་པ་དང་། དེ་ལྟར་དུ་ཐོས་བསམ་བྱས་པ་དེ་གཞན་ལ་བཤད་ཀྱང་ཐོས་པ་གོ་ཡུལ་དུ་ལུས་པས། རྒན་པོས་གནའ་སྒྲུང་བཤད་པ་དང་འདྲ་བར་དེ་ལྟར་ཟེར་དར་བསམ་པ་ཞིག་ཏུ་འགྲོ་བས་སྒྲུབ་ལ་འབད་པ་གནད་ཆེ་བ་བསྟན་པ་སྟེ། མདོར་ན་མ་བསྒྲུབས་ན་མངོན་དུ་མི་འགྱུར་པས་སྒྲུབ་ལ་འབད་དགོས་སོ་ཅེས་པའོ།།
༦༤ འཁོར་བ་བློས་བཏང་བློ་སྦྱོང་ཆོས་དྲུག་བསྟན་པ།
འཁོར་བ་བློས་བཏང་བློ་སྦྱོང་ཆོས་དྲུག་ནི།།
དོན་མེད་སླུ་བས་འཇིག་རྟེན་བྱ་བ་བཏང༌།།
སྲེད་པ་འཕེལ་བས་འདོད་ཡོན་ཞེན་པ་བཏང༌།།
སྙིང་པོ་མེད་པས་འདུན་གྲོས་ངན་པ་བཏང༌།།
ཐམས་ཅད་འདོར་བས་ནོར་རྫས་ཞེན་པ་བཏང༌།།
འདུས་བྱས་བྲལ་བས་གཉེན་འདུན་གདུང་སེམས་བཏང༌།།
ཕུང་ཁྲོལ་རྩ་བ་ཆགས་སྡང་གཟུང་འཛིན་བཏང༌།།
དེ་དག་བཏང་ན་དམ་ཆོས་ངང་གིས་འགྲུབ།།
ཅེས་གསུངས་པ་སྟེ། འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་དོན་མེད་འཁྲུལ་བའི་རང་བཞིན་གྱི་སླུ་བྱེད་ཤ་སྟག་ཡིན་པས་གཏང་བར་བྱ་བ་དང་། འདོད་ཡོན་ནི་ལན་ཚྭའི་ཆུ་ལྟར་ཇི་ལྟར་སྤྱད་བཞིན་ངོམས་པ་མེད་པར་སྲེད་པ་སླར་ཡང་འཕེལ་བ་ཡིན་ཕྱིར་ཞེན་པ་གཏང་དགོས་པ་དང་། འདུན་གྲོས་ངན་པ་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་པའི་གྲོས་མགོ་བཤམས་པ་དང་བློ་འདོན་བྱེད་པ་རྣམས་ལའང་སྙིང་པོ་མེད་པས་གཏང་བར་བྱ་བ་དང་། ནོར་རྫས་ཐམས་ཅད་མཐར་འདོར་ནས་བསྐྱུར་བ་ཡིན་པས་དེ་ལ་ཞེན་པ་གཏང་བར་བྱ་བ་དང་། གཉེན་འདུན་ཐམས་ཅད་ཀྱང་འདུས་བྱས་འབྲལ་བའི་ཆོས་ཅན་ཡིན་པས་གདུང་སེམས་གཏང་བར་བྱ་བ་དང་། ཕུང་ཁྲོལ་ཆག་སྒོ་ཐམས་ཅད་ཀྱི་རྩ་བ་ཆགས་སྡང་དང་གཟུང་འཛིན་ཡིན་པས་དེ་གཏང་བར་བྱ་བ་སྟེ། དེ་དག་བཏང་ན་དམ་ཆོས་ངང་གིས་འགྲུབ་པ་ཡིན་ནོ།།
༦༥ རྒྱུ་འབྲས་ངེས་ཤེས་བསྐྱེད་པའི་ཆོས་དྲུག་བསྟན་པ།
རྒྱུ་འབྲས་ངེས་ཤེས་བསྐྱེད་པའི་ཆོས་དྲུག་ནི།།
སྡེ་སྣོད་ཉན་ལ་རྒྱུ་འབྲས་ཡིད་ཆེས་བྱ།།
ཆུ་ཐིགས་བུམ་ཁེངས་དཔེ་ཡིས་ཚོགས་གཉིས་བསགས།།
མེ་ཕྲས་ནགས་ཚལ་བསྲེགས་དཔེས་སྡིག་པ་སྤང༌།།
སྐྱིད་སྡུག་སྔོན་ལས་གྱུར་པས་བསོད་ནམས་བསགས།།
དུས་གཅིག་ཚོགས་རྫོགས་མིན་པས་རིམ་གྱིས་སློབ།།
བདག་འཛིན་ཡོད་པར་ལས་ཡོད་ཡིད་ཆེས་བྱ།།
ཞེས་གསུངས་པ་སྟེ། ལས་རྒྱུ་འབྲས་ལ་ངེས་ཤེས་ཤིག་མ་བསྐྱེད་ན་དམ་པའི་ཆོས་འགྲུབ་པ་མིན་པས། རྒྱུ་འབྲས་ལ་ཡིད་ཆེས་སྐྱེད་པའི་ཆོས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་སྡེ་སྣོད་གསུམ་པོ་ཉན་ན། རྒྱུ་འབྲས་བསླུ་མེད་ཀྱི་གནད་ཤེས་པས་རྒྱུ་འབྲས་ལ་ཡིད་ཆེས་རང་ཤུགས་ཀྱིས་ཡོང་བ་ཡིན་པ་དང་། ཚོགས་གཉིས་ཆུང་རིམ་ནས་བསགས་ནས་སོགས་པའི་ཚུལ་ནི། ཆུ་ཐིགས་བསགས་ནས་བུམ་པ་ཁེངས་པའི་དཔེ་ཡིས་ཤེས་པར་བྱས་ཏེ། རིམ་གྱིས་ཚོགས་གཉིས་རྒྱ་ཆེན་གསོག་པར་བྱེད་པ་དང་། སྡིག་པ་ཆུང་ངུ་ཡིན་ཡང་འཛེམ་དགོས་པ་ལས་སྡིག་པ་ཆུང་འདུག་སྙམ་ནས་བརྙས་བཅོས་བྱེད་རྒྱུ་མེད་པ་ནི། མེ་སྟག་ཕྲ་མོས་ཀྱང་ནགས་ཚལ་ཆེན་པོ་བསྲེགས་པའི་དཔེ་ཡིས་ཤེས་པར་བྱས་ཏེ་སྤོང་བར་བྱེད་པ་དང་། ད་ལྟའི་ལུས་ཐོག་གི་སྐྱིད་སྡུག་ཐམས་ཅད་སྔོན་བསགས་ཀྱི་ལས་ཀྱི་འབྲས་བུ་ཡིན་པས་བསོད་ནམས་བསག་དགོས་པ་དང་། དུས་གཅིག་ལ་ཚོགས་མཉམ་དུ་རྫོགས་པ་དཀའ་ཡང་རིམ་གྱིས་བསླབས་ནས་ཚོགས་རྗོགས་པར་བྱེད་པ་སྟེ། མདོར་ན་བདག་ཏུ་འཛིན་པ་འདི་ཡོད་པའི་ཚེ་ལ་ལས་ཡོད་ལ། ལས་ལ་འབྲས་བུ་ཡོད་པས་ལས་འབྲས་ཀྱི་ཆ་ཕྲ་མོ་ནས་ཀྱང་སྤང་བླང་བྱེད་པར་གཟབ་དགོས་སོ་ཞེས་པའོ།།
༦༦ ཉན་བྱེད་སྣོད་ཀྱི་སྐྱོན་དྲུག་སྤང་བ་བསྟན་པ།
ཉན་བྱེད་སྣོད་ཀྱི་སྐྱོན་དྲུག་སྤང་བ་ནི།།
དུས་ལ་མ་བབས་རྫ་སོ་མ་བཏང་དང༌།།
རྣ་བ་མི་གཏོད་ཁ་བུབ་ལྟ་བུ་དང༌།།
ཐོས་པ་མི་བརྟན་ཞབས་རྡོལ་ལྟ་བུ་དང༌།།
ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུ་དང༌།།
ལམ་དུ་མི་འགྲོ་དྲི་མས་སྦགས་འདྲ་དང༌།།
ཚིག་གིས་ང་རྒྱལ་སྣོད་ངན་གང་འདྲ་བའི།།
སྐྱོན་རྣམས་སྤངས་ཏེ་ལེགས་པར་རབ་ཏུ་ཉོན།།
ཞེས་གསུངས་པ་སྟེ། ལས་དང་པོ་བ་དེ་རྫ་མ་ཞིག་ལ་དཔེ་བླངས་ནས་དེ་སོ་མ་བཏང་བ་སྟེ་མེ་ལ་མ་བསྲེགས་པར་ནང་དུ་ཆུ་བླུགས་ན་འཇིག་པ་བཞིན་དུ། ལས་དང་པོ་བ་ལ་བློ་སྦྱོང་དང་སྔོན་འགྲོའི་ཆོས་སྔོན་ན་མ་བཤད་ནས་ཟབ་དང་རྒྱ་ཆེའི་གཞུང་དངོས་གཞི་དོན་བསྟན་པར་བྱས་ཀྱང་། དོན་ཕྱིན་ཅི་མ་ལོག་པར་མི་གོ་བས་མ་ཚད་ལས་འབྲས་ཀྱི་རྣམ་གཞག་ལ་སོགས་པ་བློ་ལྡོག་གི་ཆོས་ཙམ་གོ་མ་མྱོང་བ་ཞིག་ལ་ཆོས་སྐད་མཐོན་པོ་ཅི་འདྲ་བཤད་ཀྱང་། དེའི་རྒྱུད་ལ་ཕན་མི་ཐོགས་པའི་ཁར་རྒྱུད་ཆུད་ཟོས་སུ་འགྲོ་བའང་ཡོད་པ་དང་། ཆོས་ལ་རྣ་བ་མི་གཏོད་ན་སྣོད་ཁ་སྦུབས་ཀྱི་སྟེང་དུ་ཆུ་བླུགས་ཀྱང་ནང་དུ་ཆགས་རྒྱུ་མེད་པ་དང་འདྲ་བ་དང་། ཐོས་ཀྱང་ཞེ་ལ་བརྟན་པོར་མ་བཟུང་ན་སྣོད་ཞབས་རྡོལ་གྱི་ནང་དུ་བཅུད་བླུགས་པ་དང་འདྲ་བར་མི་ཚོགས་པ་དང༌། ཉོན་མོངས་པ་དང་འདྲེས་བཞིན་ཆོས་ཉན་ན་དུག་ཅན་གྱི་སྣོད་དུ་ཁ་ཟས་བཟང་པོ་བཞག་པ་བཞིན་དུ་ཕན་མི་ཐོགས་པ་དང༌། ཆོས་ལམ་དུ་མི་འགྲོ་བ་འཇིག་རྟེན་དང་འདྲེས་ན། དྲི་མས་སྦགས་པའི་ཁ་ཟས་ལྟར་དུ་མ་རུང་བར་འགྱུར་བ་དང༌། ཚིག་ཁ་ཤས་འགྲེལ་ཤེས་པས་ང་རྒྱལ་ནས་ང་ནི་གཞན་ལས་ལྷག་པ་ཡིན་བསམས་ནས་བསྡད་ན། སྣོད་ངན་མི་གཙང་བས་གང་བ་དང་འདྲ་བ་ཡིན་པས་སྐྱོན་དེ་རྣམས་སྤངས་ཏེ་ལེགས་པར་རབ་ཏུ་ཉོན་དགོས་ཏེ། བཅོམ་ལྡན་འདས་ཀྱིས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གསུངས་པའི་ཕྱིར་རོ།།
༦༧ ཡང་དག་ཐོས་པ་དམ་པའི་ཆོས་དྲུག་བསྟན་པ།
ཡང་དག་ཐོས་པ་དམ་པའི་ཆོས་དྲུག་ནི།།
ཤེས་རབ་མཆོག་ལྡན་དོན་གཉེར་གཟུ་བོར་གནས།།
བཤེས་གཉེན་བསྟེན་དང་ཐོས་པས་མི་ངོམས་ཤེས།།
མང་པོ་ལ་བརྟེན་མཁས་རྣམས་མཉེས་བྱས་ཤིང༌།།
མང་པོ་ཐོས་པས་སྣ་ཚོགས་ཆོས་སྒོ་ཕྱེད།།
མང་དུ་ཐོས་པས་ཡང་ཡང་ངེས་བྱས་ཤིང༌།།
མང་པོ་ཐོས་དང་དྲིས་ཤིང་བརྩད་པ་སྟེ།།
རྒྱ་མཚོ་འདྲ་བའི་ཆོས་མཛོད་འཛིན་པར་འགྱུར།།
ཞེས་གསུངས་པ་སྟེ། ཐོས་པ་བྱེད་མཁན་དེ་ཤེས་རབ་མཆོག་དང་ལྡན་པ་ཞིག་ཡིན་པས་མ་ཚད། དོན་གཉེར་མེད་པ་ཁྱི་ལ་སྐར་མ་བསྟན་པ་དང་འདྲ་བ་མིན་པར་དོན་གཉེར་དང་ལྡན་ཞིང་། ཐོག་མ་ཉིད་ནས་ཕྱོགས་རིས་ཤིག་ལ་བློ་རྩེ་བཏད་ནས་ཐོས་པ་ཕྱོགས་རིས་དང་ཁ་འཛིན་ལ་འཆེལ་བ་དེ་ལྟ་བུ་ཞིག་མ་ཡིན་པར་བློ་གཟུ་བོར་གནས་པ་དང་། དགེ་བའི་བཤེས་གཉེན་བསྟེན་ཅིང་དེའི་མདུན་ནས་ཆོས་ཉན་པའི་སྐབས་སུ་ཕྱོགས་རེ་བ་ཙམ་གྱིས་སེམས་ཁ་མི་གང་བར་ཐོས་པས་མི་ངོམས་པར་ཤེས་པ་དང་། བཤེས་གཉེན་དམ་པ་མང་པོ་ལ་བརྟེན་ནས་མཁས་པའི་བཤེས་གཉེན་རྣམས་ཀྱི་ཐུགས་མཉེས་ཐབས་བྱས་ཤིང༌ཆོས་མང་པོ་ཐོས་པས། ཐོས་པ་རྒྱ་ཆེན་དུ་སོང་ནས་ཆོས་སྒོ་སྣ་ཚོགས་པ་མང་པོའི་སྒོ་རང་ངོས་ནས་འབྱེད་ཐུབ་པ་དང་། མང་དུ་ཐོས་པས་རང་བློ་ལ་ཡང་ཡང་ངེས་པར་བྱས་ཤིང༌། མང་པོ་ཐོས་པ་དང་དྲིས་ཤིང་བརྩད་ཅིང་སྒྲོ་འདོགས་བཅད་པ་སྟེ། དེ་ལྟར་བྱས་པས་རྒྱ་མཚོ་འདྲ་བའི་ཟབ་དང་རྒྱ་ཆེའི་ཆོས་མཛོད་འཛིན་པར་འགྱུར་བ་ཡིན་ནོ།།
༦༨ བསམ་པ་དག་པའི་ཆོས་དྲུག་བསྟན་པ།
དེ་ནས་བསམ་པ་དག་པའི་ཆོས་དྲུག་ནི།།
ཚིག་འདིས་དོན་ནི་ཅི་ཞིག་བསྟན་སྙམ་དང༌།།
དབྱེ་ན་གང་ཡིན་བསྡུ་ན་ཇི་ལྟ་བུ།།
རྣམ་གྲངས་ཅི་ཞིག་གང་གི་ཕྱོགས་སུ་གཏོགས།།
དྲིལ་ནས་ཉམས་ལེན་མཐའ་ནི་གང་ཡིན་ཞེས།།
ལེགས་པར་བསམས་པས་རིན་ཆེན་ཆོས་སྒོ་འབྱེད།།
ཅེས་གསུངས་པ་སྟེ། ཐོས་པ་བྱས་པའི་ཚིག་འདིས་བསྟན་བྱའི་སྙིང་པོ་དངོས་དེ་གང་ཡིན་སྙམ་པ་དང༌། དེ་ལ་ཕར་དབྱེ་ན་དོན་གང་དང་གང་ཕྱེར་ཡོད་ཅིང་། ཚུར་བསྡུ་ན་དོན་ཇི་ལྟ་བུ་ཞིག་ཏུ་འདུ་བ་དང་། ཚིག་འདིས་ཆོས་ཀྱི་རྣམ་གྲངས་ཅི་ཞིག་བསྟན་པ་དང་། དེ་ཡང་བཀའ་དང་བསྟན་བཅོས། མདོ་དང་རྒྱུད་སྡེ་ཐེག་པའི་རིམ་པ་གང་གི་ཕྱོགས་སུ་གཏོགས་པ་ཡིན་པ་དང་། དེའི་ནང་དོན་གྱི་གནད་དྲིལ་ནས་ཉམས་སུ་བླངས་ན་ཉམས་ལེན་གྱི་སྙིང་པོ་གང་བསྟན་པ་ཡིན་ཞེས་བསམ་པའི་སྐབས་སུ་དེ་དག་ལེགས་པར་བསམས་པས་རིན་པོ་ཆེ་དང་འདྲ་བའི་རྒྱལ་བའི་ཆོས་མཛོད་ཀྱི་སྒོ་འཕར་ལེགས་པར་འབྱེད་པ་ཡིན་ཞེས་ཐོས་བསམ་བྱེད་ཚུལ་བསྟན་པའོ།།
༦༩ སྒོམ་པ་དག་པའི་ཆོས་དྲུག་བསྟན་པ།
དེ་ནས་སྒོམ་པ་དག་པའི་ཆོས་དྲུག་ནི།།
གནས་ལུགས་མ་རྨོངས་རྟག་ཆད་མཐའ་ལས་གྲོལ།།
ཐེག་ཆེན་ལམ་གྱུར་སྟོང་ཉིད་སྙིང་རྗེར་འབྲེལ།།
ཆོས་ཉིད་ངང་གནས་བྱིང་རྒོད་ཡེངས་བ་མེད།།
ཞི་ལྷག་ཟུང་འབྲེལ་ཉམས་རྟོགས་གོང་དུ་འཕེལ།།
རེ་དོགས་གཟུང་འཛིན་དམིགས་པ་མཚན་མ་མེད།།
ཉོན་མོངས་སྒྲིབ་པའི་གཉེན་པོར་གྱུར་པ་སྟེ།།
བསམ་གཏན་པ་དེ་སྲིད་པའི་ཕ་རོལ་འགྲོ།།
ཞེས་གསུངས་པ་སྟེ། དེ་ནས་སྒོམ་པ་དག་པའི་ཆོས་དྲུག་ནི། གནས་ལུགས་དོན་གྱི་ལྟ་བ་ལ་མ་རྨོངས་པས་རྟག་ཆད་མཐའ་འཛིན་གྱི་ལྟ་བ་ལས་གྲོལ་བ་དང་། སྒོམ་པ་ཐེག་ཆེན་གྱི་ལམ་དུ་གྱུར་པས་སྟོང་ཉིད་དང་སྙིང་རྗེ་གཉིས་ཟུང་དུ་འབྲེལ་བ་སྟེ། དེ་ཡང་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་པ་དང་སྟོང་ཉིད་དངོས་སུ་རྟོགས་པ་ནི་ལམ་ཞུགས་ལས་དང་པོ་བ་ལ་དཀའ་བ་ཡིན་ཡང་། སྟོང་ཉིད་རྗེས་མཐུན་པ་དང་བྱང་ཆུབ་སེམས་ཀྱི་རྩ་བ་སྙིང་རྗེའི་གཞི་མ་ཚུགས་ན་ཐེག་ཆེན་གྱི་སྒོམ་དུ་མི་འགྱུར་བ་ཡིན་པས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ཞིག་རྒྱུད་དུ་ཡོད་ན་ཐེག་ཆེན་གྱི་ལམ་ནས་གང་བྱས་དགེ་བར་འགྱུར་བ་ཡིན་ནོ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་གནས་པས་སྒོམ་སྐྱོན་བྱིང་རྒོད་དང་ཡེངས་བ་མེད་པ་དང་། རང་ལམ་སྐབས་ཐོབ་ཀྱི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་ཉམས་རྟོགས་ཀྱི་ཡོན་ཏན་གོང་དུ་འཕེལ་བ་དང་། རེ་དོགས་དང་གཟུང་འཛིན་བྲལ་བས་མཚན་མ་ཅན་གྱི་དམིགས་གཏད་མེད་པ་དང་། ཉོན་མོངས་དང་བྲལ་བས་སྒྲིབ་པའི་གཉེན་པོར་གྱུར་པ་སྟེ། དེ་འདྲའི་ཆོས་དྲུག་དང་ལྡན་པའི་བསམ་གཏན་པ་དེ་སྲིད་པའི་ཕ་རོལ་ཏུ་འགྲོ་བ་ཡིན་ནོ།།
༧༠ རྐྱེན་གྱིས་རྫི་བ་མེད་པའི་ཆོས་དྲུག་བསྟན་པ།
རྐྱེན་གྱིས་རྫི་བ་མེད་པའི་ཆོས་དྲུག་ནི།།
བསྟོད་སྨད་སྒྲ་ལ་བྲག་ཅར་ཤེས་པ་དང༌།།
གཞན་གྱི་ཆགས་སྡང་འདུན་མ་བྱེད་པ་དང༌།།
རང་གི་བྱེད་སྤྱོད་ཆོས་ལས་མི་འགལ་དང༌།།
ཡོ་བྱད་སྦྱིན་འབྲས་གསོག་བྲུན་མི་བྱ་དང༌།།
ནད་གདོན་དགེ་སྐུལ་སྤང་ལོ་མི་བྱ་དང༌།།
དག་སྣང་མོས་གུས་རྒྱུན་ཆད་མེད་པ་སྟེ།།
མི་མཐུན་རྐྱེན་རྣམས་བསྒྱུར་བའི་དཔའ་བོ་ཡིན།།
ཅེས་གསུངས་པ་སྟེ། བསྟོད་སྨད་ཀྱི་ཚིག་གི་སྒྲ་ལ་དགའ་སྡུག་མེད་པ་བྲག་ཅ་དང་འདྲ་བའི་སྣང་བ་འཛིན་པ་དང་། གཞན་གྱི་ཆགས་སྡང་ལ་བློ་བཞག་ནས་དེ་ལ་འདུན་པ་གཏད་ནས་བསམ་བློ་མི་གཏོང་བ་དང༌། རང་གི་བྱེད་སྤྱོད་ཐམས་ཅད་དམ་པའི་ཆོས་སྡེ་སྣོད་གསུམ་གྱི་དགོངས་དོན་ལས་མི་འགལ་བར་བྱེད་པ་དང༌། ད་ལྟ་ཡོ་བྱད་ཀྱིས་འབྱོར་བ་ནི་སྔར་སྦྱིན་པ་གཏོང་བའི་འབྲས་བུ་ཡིན་པས་ཕྱིས་ཀྱང་གསོག་བྲུན་མི་བྱ་བར་གཏོང་བར་བྱེད་པ་དང༌། ནད་གདོན་བྱུང་བ་ལ་བརྟེན་ནས་ངེས་འབྱུང་རྒྱུད་ལ་སྐྱེས་ཏེ་དགེ་བའི་སྐུལ་མར་སོང་བ་མང་བས། ནད་གདོན་ལ་ཚིག་པ་ཟོས་ནས་སྤང་ལོ་མི་བྱ་བ་དང༌། གཞན་གྱི་ངང་ཚུལ་ཇི་ལྟར་མཐོང་གང་ལྟར་སྣང་ཡང་། རང་ཉིད་མ་དག་པའི་མིག་སྔར་མ་དག་པ་མཐོང་བ་ལས་དོན་དངོས་སུ་དེ་ལྟར་མིན་སྙམ་ནས་དག་སྣང་སྦྱོང་ཞིང་། བླ་མ་དང་ཆོས་ལ་མོས་གུས་རྒྱུན་ཆད་མེད་པར་བྱེད་པ་དེ་དག་ནི་མི་མཐུན་རྐྱེན་ངན་གྱིས་གླགས་མི་ཁེལ་ཞིང་། རྐྱེན་ངན་རྣམས་ལམ་དང་གྲོགས་སུ་སྒྱུར་ནུས་པའི་དཔའ་བོ་ཡིན་ནོ།།
༧༡ དྲི་མ་བསམ་ངན་སྤང་བའི་ཆོས་དྲུག་བསྟན་པ།
དྲི་མའི་བསམ་ངན་སྤང་བའི་ཆོས་དྲུག་ནི།།
སྙན་གྲགས་ཆེ་བ་བསྒྲུབ་པའི་བསམ་ངན་དང༌།།
རྙེད་དང་ལོངས་སྤྱོད་བསྒྲུབ་པའི་བསམ་ངན་དང༌།།
ཡུལ་སྣང་བདེན་པར་འཛིན་པའི་བསམ་པ་དང༌།།
ལུས་ངག་འདོད་པས་བསྐོལ་བའི་བསམ་པ་དང༌།།
ཚེ་འདིའི་འཚོ་བ་བསྒྲུབ་པའི་བསམ་པ་དང༌།།
རང་ཉིད་གཅིག་པུ་ཐར་འདོད་བསམ་པ་སྟེ།།
བདུད་ཀྱི་བྱིན་རླབས་ལས་བྱུང་མཁས་པས་སྤང༌།།
ཞེས་གསུངས་པ་སྟེ། སྙན་པ་གྲགས་པ་ཞིག་རང་ཉིད་ལ་ཨེ་ཐོབ་བསམས་ནས་དེ་འབའ་ཞིག་གི་ཆེད་དུ་བྱ་བ་འདྲ་མིན་སྣ་ཚོགས་བསྒྲུབ་པ་དེ་བསམ་པ་ངན་པ་ཡིན་པ་སྟེ། འདི་ལ་བསམ་པའི་ཀུན་སློང་གིས་དམ་པའི་སྐྱེས་བུ་འགའ་རེས་བསྟན་པའི་རྒྱལ་མཚན་སྒྲེང་བའི་ཆེད་དུ། བསྟན་འཛིན་གྱི་སྐྱེས་བུའི་དབུ་འཕང་དེ་ཕྱོགས་གང་དང་གང་ནས་མཐོ་བའི་ཆེད་ལ་སོགས་པ་ཐབས་ལ་མཁས་པའི་མཛད་པ་ཡང་ཡོད་ལ། ཡང་ལ་ལས་དེ་དང་འདྲ་བའི་ཚུལ་རང་འདོད་དང་འདྲ་མ་འདྲེས་སུ་བྱས་ནས་ཐ་མར་བསྟན་དོན་དུ་མ་སོང་བར་བསྟན་བླ་འཚོང་བའི་བྱ་སྤྱོད་དུ་སོང་བའང་ཡོད་པ་ཡིན། གང་ལྟར་རང་འདོད་མེད་པའི་གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་ན་བསམ་ངན་གྱི་གྲས་སུ་མི་འགྲོ་བ་ཡིན་ངེས། རྙེད་པ་དང་བཀུར་བསྟི་དང་ལོངས་སྤྱོད་དག་བསྒྲུབ་དགོས་སྙམ་པའི་བསམ་ངན་འདི་ཆོས་པའི་མིང་འཛིན་པའི་རང་འདོད་ཅན་ལ་འབྱུང་ཉེ་བ་ཡིན་ལ། འོན་ཀྱང་རང་གཞན་སུ་ཡིན་ཡང་འདོད་ཡོན་གྱི་ལོངས་སྤྱོད་ལ་ཞེན་པ་དང་བྲལ་བ་ནི་དཀོན་ལ། སྤྱིར་མི་ཞིག་ཡིན་ནས་ཟས་གོས་ཤིག་མེད་ན་འདུག་ཐབས་མེད་པས་བླ་གྲྭ་སུ་ཡིན་ཡང་མིའི་འཚོ་བ་ཟ་གོན་ལ་བརྟེན་ཡོད་པས་ཟས་གོས་དང་ཉེར་སྤྱོད་ཙམ་ནི་དགོས་པས་མ་ཚད་ཡོད་ཆོག་པའང་ཡིན་པ་དང་། ཕ་མས་ཀྱང་ད་སྔོན་ཡན་དུ་གསོས་པ་ཡིན་པས་དེ་ལ་ཟོས་དོམ་ཞིག་སྤྲད་ཀྱང་མི་འོས་པ་མིན་ལ། དེ་དག་གིས་ཀྱང་སྡེ་སྣོད་འཛིན་པ་ཞིག་གསོ་སྐྱོང་བྱས་པས་རང་ལ་ཡང་བསོད་ནམས་ཆེན་པོ་ཐོབ་པ་ཡིན། དེ་ལས་གཞན་དུ་ལོངས་སྤྱོད་ལ་འདོད་ཆེན་ཞེན་ཆེའི་དབང་གིས་གསོག་འཇོག་ཆེ་ན། དེ་བསམ་པ་ངན་པ་ཡིན་པས་མི་ཚད། དེའི་རྗེས་སུ་སྤྱོད་པ་ངན་པ་དང་། དེ་ལས་གྲགས་པ་ངན་པ་སོགས་ངན་པ་ཐམས་ཅད་མཉམ་དུ་བྱུང་ནས་རང་གནོད་གཞན་གནོད་ཐམས་ཅད་དམྱལ་བ་ལ་འཁྲིད་པར་བྱེད་ཡོང་པ་དང་། དེའི་དུས་སུ་ཕོ་མ་བྱས་བྱ་མ་ལེགས་པ་ཡིན་པས། དེ་དག་གི་ཕྱོགས་ལ་འདེང་རྒྱག་རྒྱུ་ནི་གལ་ཆེ་བ་ཡིན། ཡུལ་སྣང་བདེན་པར་འཛིན་པའི་བསམ་པ་འཁྲུལ་བའི་དབང་དུ་སོང་བའི་ཕྱིན་ཅི་ལོག་གི་བསམ་པ་དང་། འདོད་པའི་ཁ་མ་གང་བའི་དབང་གིས་ལུས་ངག་གཉིས་ཀ་སྐད་ཅིག་ཙམ་ཡང་མི་དལ་བར་གཡོག་ཏུ་བཀོལ་བའི་བསམ་པ་དང༌། ཕྱི་མིའི་དོན་ཆེན་ལ་བསམ་བློ་མི་འཁོར་བར་ཞག་གཅིག་འདུག་པའི་ཚེ་མེད་ཀྱང་ལོ་བརྒྱ་འདུག་པའི་བསམ་པ་བཟུང་ནས་ཚེ་འདིའི་འཚོ་བ་སྒྲུབ་པའི་བསམ་པ་དང༌། ཕྱི་མའི་དོན་བསྒྲུབ་པའི་བསམ་པ་ཙམ་འཁོར་ཡང་རང་ཉིད་གཅིག་པུ་འཁོར་བའི་སྡུག་བསྔལ་ལས་ཐར་བ་འདོད་པའི་བསམ་པ་སྟེ། དེ་དག་ནི་བདུད་ཀྱིས་བྱིན་རླབས་ལས་བྱུང་བ་སྟེ་བདུད་དགའ་རབ་དབང་ཕྱུག་སྡེ་དང་བཅས་པས། མྱོས་བྱེད་དང་རྨོངས་བྱེད་ལ་སོགས་པའི་མདའ་མང་པོ་འཕངས་པས། ལ་ལའི་སྙིང་ལ་ཕོག་ནས་བསམ་པ་ངན་པ་དེ་འདྲ་འཆར་བ་ཡིན་པས་མཁས་པ་རྣམ་དཔྱོད་ཅན་གྱིས་སྤང་དགོས་པ་ཡིན་ནོ།།
༧༢ དབང་པོ་ཡུལ་ཕྱིར་མ་འབྲངས་ཆོས་དྲུག་བསྟན་པ།
དབང་པོ་ཡུལ་ཕྱིར་མ་འབྲངས་ཆོས་དྲུག་ནི།།
རང་ཡུལ་ཆགས་སྡང་དུག་གིས་མ་ཐེབས་དང༌།།
འདོད་ཡོན་རང་དགའི་གདུང་བས་མ་ཟིན་དང༌།།
འཇིག་རྟེན་ཆོས་བརྒྱད་མཚོན་གྱིས་མ་བཏབ་དང༌།།
སྤྱོད་ལམ་གཡོ་སྒྱུའི་དྲི་མས་མ་གོས་དང༌།།
སྣ་ཚོགས་འདུ་འཛིའི་རླུང་གིས་མ་བསྐྱོད་དང༌།།
ཉིན་མཚན་ཆོས་སྤྱོད་བཟང་པོས་འདའ་བ་སྟེ།།
དམ་པ་རྣམས་ཀྱི་ཚུལ་ལ་འཇུག་པར་བྱ།།
ཞེས་གསུངས་པ་སྟེ། ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་པ་ལྟར་རང་ཡུལ་ལ་བསྡད་ན་ཆགས་སྡང་གི་རྐྱེན་མང་པོ་ཡོད་པས་དེའི་དུག་གིས་མ་ཐེབས་པ་དང༌། སྤྱིར་འདོད་པའི་ཡོན་ཏན་དང་ཁྱད་པར་རང་ཉིད་གང་ལ་དགའ་ཞིང་འདུན་པ་དེའི་གདུང་བས་མ་ཟིན་པ་ཞིག་དང་། རྙེད་བདེ་གྲགས་བསྟོད་ལ་སོགས་པ་འཇིག་རྟེན་ཆོས་བརྒྱད་ཀྱི་མཚོན་གྱིས་མ་བཏབ་པ་དང༌། སྤྱོད་ལམ་གང་ཡིན་ཡང་དྲང་ཞིང་གཡོ་སྒྱུའི་དྲི་མས་མ་གོས་པ་དང༌། འདུ་འཛི་འདྲ་མིན་སྣ་ཚོགས་པ་རླུང་གིས་བསྐྱོད་པ་བཞིན་དུ་ཁོམ་པ་གཏན་ནས་མེད་དེ་གཡེངས་པ་དེ་འདྲ་མ་ཡིན་པ་དང༌། ཉིན་མཚན་གྱི་དུས་ལ་ཐོ་རངས་འདི་སྒོམ། སྔ་དྲོ་འདི་འདོན། ཕྱི་དྲོའི་ཐུན་ལ་འདི་བྱེད་དགོས། སྲོད་ཐུན་ལ་ཅི་སྒོམ་ལ་སོགས་པ་སྤྱོད་ཡུལ་ཐམས་ཅད་པོ་འཆར་གཞི་ཡོད་པ་མ་གཏོགས། ཟོག་ཉལ་ཉལ་དང་ཟོག་ལང་ལང་ནི་ཁྱིམ་ན་གནས་པའི་ཆོས་པ་ཞིག་ཡིན་ཡང་མི་རུང་ན། སེར་མོ་བ་ཞིག་ཡིན་ཚེ་དེ་བས་ཀྱང་ཆོས་སྤྱོད་བཟང་པོས་དུས་འདའ་བར་བྱ་དགོས་ལ། འོ་ན་ཆོས་སྤྱོད་ཡིན་ལ་བཟང་པོ་མ་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ་ཁ་བཏོན་འདོན་ཞོར་དང་ཁ་བརྡ་བཤད་ཞོར། བསྙེན་པ་བགྲང་ཞོར་དུ་དམིགས་གཏད་ཀྱི་གསལ་སྣང་དང་བསྐྱེད་རྫོགས་ཅི་ཡང་མེད་པ་ནི། ལྟུང་བཤགས་ཚ་གསུར་བཏང་ཡང་དམིགས་གཏད་ནི་མི་འདུག །ཅེས་པ་ལྟ་བུར་སོང་ན་ཆོས་སྤྱོད་བཟང་པོ་དང་ཚད་ལྡན་མ་ཡིན་པས་དེ་འདྲ་མིན་པའི་ཆོས་སྤྱོད་བཟང་པོས་འདའ་བ་སྟེ། དེ་ལྟ་བུའི་དམ་པ་རྣམས་ཀྱི་ཚུལ་ལ་འཇུག་པར་བྱ་དགོས་སོ།།
༧༣ དད་པས་ཁམས་གསོ་ཐུབ་པའི་ཆོས་དྲུག་བསྟན་པ།
དད་པས་ཁམས་གསོ་ཐུབ་པའི་ཆོས་དྲུག་ནི།།
མོས་པའི་དད་པས་གསོལ་འདེབས་བླ་མ་སྒོམ།།
གུས་པའི་དད་པས་དཀོན་མཆོག་མཆོད་ལ་བརྩོན།།
ཡིད་ཆེས་དད་པས་ཡི་དམ་སྒོམ་སྒྲུབ་བྱེད།།
དང་བའི་དད་པས་ཆོས་ཉིད་དོན་ལ་གཞོལ།།
མི་ལྡོག་དད་པས་རྐྱེན་ངན་གྲོགས་སུ་བསྒྱུར།།
མཐར་འཛིན་དད་པས་རང་རྒྱུད་ཆོས་དང་བསྲེ།།
དེ་ཕྱིར་ཐར་ལམ་སྒྲུབ་པ་ཤིན་ཏུ་གཅེས།།
ཞེས་གསུངས་པ་སྟེ། སྤྱིར་ན་དང་འདོད་ཡིད་ཆེས་ཀྱི་དད་པ་གསུམ་དང་། དེའི་སྟེང་དུ་ཕྱིར་མི་ལྡོག་པའི་དད་པ་བསྣན་པའི་བཞི་རུ་གསུངས་ཀྱང་། འདིར་དྲུག་ཏུ་དབྱེ་བར་བྱས་ནས་དད་པས་ཁམས་དང་སྣང་བ་གསོས་ཏེ་དྭངས་པ་འདྲེན་ཐུབ་པའི་ཆོས་དྲུག་བསྟན་པ་སྟེ། མོས་པའི་དད་པས་བླ་མ་ལ་གསོལ་བ་འདེབས་པ་དང་སྒོམ་པ་སྟེ་འབྲུག་པ་ཀུན་ལེགས་ཀྱིས་དགོང་མོ་ནམ་དཀྱིལ་ཞིག་ལ་བླ་མ་ལ་མོས་གུས་འཁྲུངས་ནས་བླ་མ་མཁྱེན་ཞེས་སྐད་ཆེན་པོས་བོས་པའི་ཕྱི་ཉིན་འུར་སློང་བྱུང་ཞེས་ཆད་ལས་འགེལ་བ་ལ་ཕྱོགས་དུས། འབྲུག་ར་ལུང་ཆོས་ཀྱི་དགོན་ནང་ནས། །ནམ་ཕྱེད་བླ་མ་དྲན་པ་མཐོལ་ལོ་བཤགས། །ཞེས་གསུངས་པ་ཡིན། དེ་བཞིན་དུ་མོས་པའི་དད་པས་བླ་མ་ལ་གསོལ་བ་བཏབ་ནས་སྒོམ་པར་བྱེད་པ་དང་། གུས་པའི་དད་པས་དཀོན་མཆོག་ལ་ཕྱག་དང་ཞེ་སས་མཆོད་པ་ལ་བརྩོན་པ་དང་། ཡིད་ཆེས་ཀྱི་དད་པས་ལྷག་པའི་ལྷ་ཡི་དམ་ལ་ཐུགས་དམ་བཅོལ་ནས་སྒོམ་སྒྲུབ་བྱེད་པ་དང་། དང་བའི་དད་པས་དྭངས་གསལ་འཕོ་འགྱུར་དང་བྲལ་བའི་ཆོས་ཉིད་ཀྱི་དོན་ལ་གཞོལ་བར་བྱེད་པ་དང་། མི་ལྡོག་པའི་དད་པ་བརྟན་པོ་སུན་སྣང་མེད་པས་ལམ་སྒྲུབ་ཚེ་རྐྱེན་ངན་ཡིན་ཡང་གྲོགས་སུ་བསྒྱུར་ཐུབ་པ་དང་། མཐར་འཛིན་དད་པ་ཞེས་པ་ནི་རྟག་ཆད་ཀྱི་མཐར་ལྟུང་བ་ལ་གོ་བ་མིན་པར་རྒྱུན་རིང་གཉུག་སྲིང་དུས་ཀྱི་མཐའ་ལ་ཐུག་ཀྱང་དད་པ་ནམ་ཡང་མི་ལྡོག་པའི་མཐར་འཛིན་པའི་དད་པས་རང་རྒྱུད་ཆོས་དང་རིམ་གྱིས་བསྲེ་བ་ཡིན་པ་སྟེ་དེའི་ཕྱིར་དད་པ་དང་མ་བྲལ་བར་ཐར་ལམ་སྒྲུབ་པ་ཤིན་ཏུ་གཅེས་སོ།།
༧༤ སྲུང་སྡོམ་ངོ་ལྐོག་མེད་པའི་ཆོས་དྲུག་བསྟན་པ།
སྲུང་སྡོམ་ངོ་ལྐོག་མེད་པའི་ཆོས་དྲུག་ནི།།
བསྟན་པའི་རྩ་བ་ཚུལ་ཁྲིམས་ཤེས་པ་དང༌།།
ངན་སོང་སྣ་ཁྲིད་སྡིག་པར་ཤེས་པ་དང༌།།
སྲུང་སྡོམ་མེད་ན་ཆོས་རྩ་རུལ་བ་དང༌།།
ཡོན་ཏན་ཀུན་གྱི་རྟེན་ཏུ་ཤེས་པ་དང༌།།
མཐོ་རིས་འཛེག་པའི་སྐས་སུ་ཤེས་པ་དང༌།།
ཐར་བ་བགྲོད་པའི་བཞོན་པར་ཤེས་པ་སྟེ།།
ཁྲིམས་གཙང་བསྲུང་ལ་གཅེས་སྤྲས་ནན་ཏན་བྱ།།
ཞེས་གསུངས་པ་སྟེ། སྲུང་སྡོམ་ངོ་ལྐོག་མེད་པའི་ཆོས་དྲུག་ནི་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཚུལ་ཁྲིམས་ཡིན་པར་ཤེས་པ་དང༌། ངན་སོང་གི་གནས་སུ་སྣ་འཁྲིད་བྱེད་ནི་སྡིག་པ་མི་དགེ་བ་ཡིན་པར་ཤེས་པ་དང༌། ཚུལ་ཁྲིམས་མ་བསྲུངས་ནས་སྡོམ་པ་མེད་ན་ཆོས་ཀྱི་རྩ་བ་རུལ་བ་ཡིན་པར་ཤེས་པ་དང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་པ་བཞིན་དུ་དེ་ཡོན་ཏན་ཀུན་གྱི་རྟེན་ཏུ་ཤེས་པ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ནི་མཐོ་རིས་སུ་བགྲོད་པའི་ཐེམ་སྐས་སུ་ཤེས་པ་སྟེ། སྐས་མེད་ན་ཁང་པའི་རྩེག་གོང་མར་འགྲོ་མི་ཐུབ་པ་དང་རྐང་པ་མེད་ན་གོམ་པ་འདོར་མི་ཐུབ་པ་བཞིན་དུ་ཚུལ་ཁྲིམས་ཀྱི་རྐང་པ་མེད་ན་ཐར་ལམ་ལ་སྙེག་ཐུབ་པ་མིན་པ་དང་། རྟ་མེད་ན་ཐག་རིང་གི་སར་རྐང་ཐང་གོམ་བགྲོད་ཀྱིས་མི་ཆོད་པ་བཞིན་དུ་ཐར་བར་བགྲོད་པའི་བཞོན་པར་ཤེས་པར་བྱས་སྟེ། ཁྲིམས་གཙང་གང་སྲུང་བར་ཁས་བླངས་པ་དེ་ཉིད་ལ་སྐྱོན་གྱིས་མ་གོས་པར་སྲུང་བ་ལ་གཅེས་སྤྲས་ནན་ཏན་བྱེད་དགོས་སོ།།
༧༥ གཉེན་པོས་རྐྱེན་ངན་ཐུབ་པའི་ཆོས་དྲུག་བསྟན་པ།
གཉེན་པོས་རྐྱེན་ངན་ཐུབ་པའི་ཆོས་དྲུག་ནི།།
ཉན་ཐོས་བཞིན་དུ་དགྲ་ལྟས་སྤོང་བ་དང༌།།
ཕ་རོལ་ཕྱིན་ལྟར་ཡོངས་སུ་སྦྱོང་བ་དང༌།།
སྔགས་ལྟར་ཐབས་ཀྱིས་ལམ་དུ་བསྒྱུར་བ་དང༌།།
ཡང་ཟབ་གནད་ཀྱིས་རང་སར་གྲོལ་བ་དང༌།།
མཐའ་བྲལ་ངང་དུ་རང་ཞིར་བཏང་བ་དང༌།།
བྱ་བཙལ་མེད་པར་ཡོངས་ལ་ལ་བཟླ་སྟེ།།
བློ་རིགས་བསྟུན་ནས་གང་ལྟར་སྒོམ་བྱེད་ཀྱང༌།།
འགག་ལ་ཉོན་མོངས་རང་དགྲར་མ་ཤོར་གཅེས།།
ཞེས་གསུངས་པ་སྟེ། གཉེན་པོ་ལ་བརྟེན་ནས་རྐྱེན་ངན་ཉོན་མོངས་ཀྱི་ཚོགས་གཞོམ་ཐུབ་པའི་ཆོས་དྲུག་པོ་ནི། ཉན་ཐོས་བཞིན་དུ་སྤང་བྱ་ཉོན་མོངས་པ་ལ་དགྲར་བལྟས་ནས་གཉེན་པོའི་མཚོན་ཐོགས་ཏེ་སྤང་གཉེན་གཡུལ་སྤྲད་ནས་འཇོམས་པ་དང་། ཕ་རོལ་ཕྱིན་པའི་ཐེག་པ་ལྟར་སྟོང་ཉིད་དང་སྙིང་རྗེའི་རྩིས་ཟིན་པར་བྱས་ནས་སྨན་གྱིས་སྦྱངས་པའི་དུག་བཞིན་དུ་ཉོན་མོངས་རང་མཚན་པས་རང་རྒྱུད་ལ་མི་གོས་པར་བྱེད་པ་དང་། སྔགས་ཕྱི་རྒྱུད་སྡེ་གསུམ་ལྟར་དུ་ཐབས་ཁྱད་པར་ཅན་གྱིས་ལྕགས་གསེར་དུ་བསྒྱུར་བ་བཞིན་དུ་ཉོན་མོངས་ཡེ་ཤེས་ཀྱི་ངོ་བོར་བསྒྱུར་ནས་ཉོན་མོངས་པས་མི་གནོད་པར་བྱེད་པ་དང་། ཡང་ནང་རྒྱུད་སྡེ་གསུམ་གྱི་སྤྱིའི་དགོངས་དོན་ལྟར་དུ་ཉོན་མོངས་པ་སྤྲིན་བཞིན་དུ་རང་སར་གྲོལ་བར་བྱེད་པ་དང༌། མཐའ་བྲལ་གཉིས་མེད་ཆེན་པོ་སྟེ་ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་རང་ཞིར་བཏང་བ་ཨ་ནུའི་ལུགས་ལྟར་བྱེད་པ་དང༌། བྱ་བཙལ་མེད་པར་ཅོག་གཞག་བཞིའི་ངང་དུ་ཡོངས་ལ་ལ་བཟླ་བ་ཨ་ཏིའི་ལུགས་ཏེ། མདོར་ན་གང་ཟག་རང་རང་གི་བློ་རིགས་དང་བསྟུན་ནས་གང་ལྟར་སྒོམ་པར་བྱེད་ཀྱང༌། འགག་རྩ་ལ་ཉོན་མོངས་པ་རང་གི་དགྲ་རུ་མ་ཤོར་བར་གཅེས་སོ།།
༧༦ སྣོད་ལྡན་སློབ་མ་བཟང་པོའི་ཆོས་དྲུག་བསྟན་པ།
སྣོད་ལྡན་སློབ་མ་བཟང་པོའི་ཆོས་དྲུག་ནི།།
མི་གཞི་ལེགས་ཤིང་ངོ་ཚ་ཁྲེལ་ཡོད་ལྡན།།
གསུང་བཞིན་སྒྲུབ་ཅིང་དད་མོས་ཕུན་སུམ་ཚོགས།།
ལུས་སྲོག་དོར་ནས་སྒྲུབ་ལ་སྙིང་རུས་ཆེ།།
གྲོགས་ལ་བརྩེ་ཞིང་སྙིང་རྗེས་རང་རྒྱུད་བརླན།།
སྐྱོ་དུབ་མེད་པས་བཟོད་ལྡན་ཕན་བདེ་བྱེད།།
སྒོ་གསུམ་ཞི་ཞིང་དམ་ཚིག་སྡོམ་ལ་གནས།།
དེ་ནི་སྐལ་བཟང་ཆོས་ཀྱི་བདུད་རྩིའི་སྣོད།།
ཅེས་གསུངས་པ་སྟེ། སྣོད་ལྡན་སློབ་མ་བཟང་པོའི་ཆོས་དྲུག་བསྟན་པ་ནི། སློབ་མ་ལ་ཡོན་ཏན་མེད་ན་སློབ་ཆོག་པ་ཡིན་ཡང་མི་གཞི་ངན་ན་བཅོས་དཀའ་བ་ཡིན་ཞེས། སྔོན་གྱི་དགེ་བའི་བཤེས་གཉེན་དག་གིས་གསུངས་པ་ལྟར་དུ་མི་གཞི་ལེགས་དགོས་པས། མི་གཞི་ལེགས་ཤིང་། རང་ངོ་ལ་ལྟོས་ནས་ངོ་ཚ་ཤེས་པ་དང་གཞན་ངོས་ལ་ལྟོས་ནས་ཁྲེལ་ཡོད་པ་དང་ལྡན་པ་དང་། བླ་མའི་བཀའ་གསུང་བཞིན་དུ་སྒྲུབ་ཅིང་ཆོས་དང་བླ་མར་དད་པ་དང་གུས་པ་ཕུན་སུམ་ཚོགས་པ་ཡོད་པ་དང་། ལུས་སྲོག་འདོར་དགོས་ཀྱང་མི་འཛེམ་པར་སྒྲུབ་པར་བྱེད་པ་ལ་སྙིང་རུས་ཆེ་བ་དང་། མཆེད་གྲོགས་ལ་བརྩེ་གདུང་ཆེ་ཞིང་སྙིང་རྗེའི་ཆབ་ཀྱིས་རང་རྒྱུད་བརླན་པ་དང་། བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་བཟོད། །ཅེས་གསུངས་པ་བཞིན་དུ་ཆོས་ཕྱིར་དཀའ་བ་སྤྱད་པའི་བཟོད་པ་དང་ལྡན་ཞིང་སེམས་ཅན་ཕན་པ་དང་བདེ་བའི་ཐབས་ལ་བརྩོན་པ་བསྐྱེད་པ་དང་། སྒོ་གསུམ་མ་དུལ་པ་མིན་པའི་ཞི་ཞིང་དམ་ཚིག་དང་སྡོམ་པ་ཇི་ལྟར་ཁས་བླངས་པ་ལ་གནས་པ་སྟེ་དེ་འདྲའི་ཆོས་དྲུག་ཚང་བའི་སྐྱེས་བུ་དེ་ནི་སྐལ་བཟང་ཆོས་ཀྱི་བདུད་རྩིའི་སྣོད་ཡིན་ནོ།།
༧༧ ཁོམ་ལྡན་རྙེད་དཀའ་བསམ་པའི་ཆོས་དྲུག་བསྟན་པ།
ཁོམ་ལྡན་རྙེད་དཀའ་བསམ་པའི་ཆོས་དྲུག་ནི།།
མི་ལུས་ཐོབ་དཀའ་ད་རེས་འབད་པ་ཐོན།།
བླ་མ་རྙེད་དཀའ་ཡོན་ཏན་འབྲས་བུ་ལོངས།།
ཆོས་དང་ཕྲད་དཀའ་བརྩོན་པས་ཉམས་སུ་ལོངས།།
ཟབ་དོན་ཐོས་དཀའ་སྙན་བརྒྱུད་སྙིང་པོ་བསྒྲུབ།།
འཁྲུལ་སྣང་བཅད་དཀའ་གཉིས་མེད་དོན་ལ་སྦྱང༌།།
མཐུན་རྐྱེན་ཚོགས་དཀའ་འཛོམ་དུས་ཉམས་ལེན་འབུངས།།
འདིར་བདེ་ཕྱི་མར་བདེ་བའི་འདུན་གྲོས་ཡིན།
ཅེས་གསུངས་པ་སྟེ། རྒྱལ་སྲས་ཞི་བ་ལྷས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་པ་ལྟར་དུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པར་དཀའ་ཞིང་རྙེད་ན་དོན་ཆེ་བ་ད་རེས་ཐོབ་པའི་དུས་འདི་ལ་འབད་པར་མ་བྱས་ན་ཕྱི་ནས་ལུས་རྟེན་འདི་འདྲ་རྙེད་དཀའ་བ་ཡིན་ཏེ། རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་དང་ཚོགས་བསགས་སྒྲིབ་སྦྱོང་དགོས་པས་མ་ཚད། རྐྱེན་སྨོན་ལམ་དག་པས་མཚམས་སྦྱོར་བྱེད་དགོས་པའི་ཕྱིར། དེས་ན་ད་རེས་ཐར་བའི་ལམ་སྣ་ཞིག་མ་ཟིན་ཚེ། འདི་ལྟ་བུའི་རྒྱུ་རྐྱེན་ཚོགས་པ་ནི་དཀའ་བ་ཡིན་པར་ཤེས་པར་བྱས་ནས། དལ་འབྱོར་གྱི་སྙིང་པོ་སྒྲུབ་པ་ཉམས་ལེན་ལ་བརྟེན་ནས་ལེན་པའི་ཕྱོགས་ལ་འབད་པར་བྱེད་པ་དང་། བླ་མ་མཚན་ཉིད་དང་ལྡན་པ་སྙིགས་མའི་དུས་ན་ཉིན་མོའི་སྐར་མ་ལྟར་དུ་དཀོན་ལ། གལ་ཏེ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ཡོད་ཀྱང་དེ་སྦས་པའི་ཚུལ་གྱིས་བཞུགས་པ་ཞིག་ཡིན་པ་ལས། ང་ཡིན་ཟེར་མཁན་ལ་མཚན་ཉིད་ཀྱང་ཨེ་ཚང་མི་ཤེས་པས། རང་ཉིད་ལ་ལས་འབྲེལ་ཡོད་པའི་བླ་མ་རྙེད་དུས་ཡོན་ཏན་གྱི་འབྲས་བུ་ལོན་པར་བྱེད་པ་དང་། དེ་བཞིན་དུ་ཆོས་དང་ཡང་ཕྲད་པར་དཀའ་བས་བརྩོན་པས་ཉམས་སུ་ལོངས༌ཤིག ཁྱད་པར་དུ་ཟབ་མོའི་དོན་ཐད་ཀར་བཤད་པའི་གདམས་ངག་ཐོབ་དཀའ་བས་སྙན་བརྒྱུད་ཟབ་མོའི་ཆོས་རྣམས་ཀྱི་སྙིང་པོ་སྒྲུབ་པས་ཉམས་སུ་ལེན་དགོས་པ་དང་། འཁྲུལ་སྣང་གཅོད་དཀའ་བ་ཁ་ཡིས་མེད་པར་སྨྲས་ཀྱང་དོན་ལ་མེད་མ་ཐུབ་པར་ལག་པ་ཁབ་དང་ཕྲད་ན་ཚ་སྣང་ཡོད་པ་འདི། ཁ་བཤད་ཙམ་གྱིས་ཆོད་པ་ཞིག་མིན་པས་གཉིས་མེད་ཀྱི་སྒོམ་པའི་དོན་ལ་སྦྱང༌དགོས་པ་དང་། དེ་ལྟ་བུའི་མཐུན་རྐྱེན་ཚོགས་དཀའ་བ་བླ་མས་ཆོས་གསུངས་ཀྱང་རང་ངོས་ཀྱི་རྒྱུ་རྐྱེན་མ་ཚོགས་པས་ཉན་དུ་མ་བྱུང་བ་དང་། བླ་མ་ལ་དད་པ་སྐྱེ་དུས་བླ་མས་ཆོས་མི་གསུངས་པ་ལྟ་བུའམ། གསུངས་ནའང་དབང་པོ་རྒུད་པའི་མཐར་ལྷུང་ནས་སྒོམ་སྒྲུབ་ཀྱི་གེགས་སུ་འགྲོ་བ་སོགས་མཐུན་རྐྱེན་མི་ཚོགས་པ་མང་ལ། དེ་ལྟར་མ་ཡིན་པར་མཐུན་རྐྱེན་འཛོམས་པའི་དུས་འདིར་ཉམས་ལེན་ལ་འབུངས་རན་པ་ཡིན་པ་སྟེ། འདི་དག་ནི་འདི་དང་ཕྱིར་མར་བདེ་བའི་འདུན་གྲོས་བྱས་པ་ཡིན་པས་འདིས་བློ་སྒོ་ཕྱེས་ནས་དམ་པའི་ཆོས་ལམ་ལ་ཞུགས་པའི་ལམ་སྣེ་ཟིན་ཤག་ཤག་དང་རང་བློ་རང་ལ་ཁེལ་བ་ཞིག་བྱེད་དགོས་པ་ཡིན་ནོ། །ཁ་རང་ལ་བསྐོར་ནས་བཤད་ན་ད་རེས་ཆོས་ལྡན་གྱི་མི་ལུས་ཐོབ་ཡོད་པས་དལ་འབྱོར་དོན་ལྡན་བྱེད་དགོས་ཟེར་ཁུལ་བྱེད་ཀྱང་། དོན་ནང་ཉམས་ལ་བསམས་ན་གཞོན་ཚེ་སྟོད་ཀྱི་ཉི་མ་ཟད་ནས་ཚེ་སྨད་ལ་ཐུག་བཞིན་ཡོད་ན་ཡང་། ད་དུང་བློ་སྣ་མ་ཁུག་པས་ཁ་བཤད་ཤེས་རུང་དོན་ཐོག་ལ་མ་ཁེལ་ནས་ལྷག་ཡོད་པ་ནི་དལ་འབྱོར་གྱི་ཆོས་སོ་བཞི་བོ་ཙམ་ཡང་མ་ཚང་བས་ཡིན། དེ་ཡང་དད་པ་ལྟ་བུ་ལ་མཚོན་ན། དེ་ཡང་ཡོད་ལ་མེད་དུ་གྱུར་ཡོད་ཚེ་དལ་འབྱོར་གྱི་ཆོས་ལས་གཅིག་མ་ཚང་བ་ཡིན། དེའི་རྐྱེན་གྱིས་སྡོམ་དམ་ཚིག་ལ་སྐྱོན་ཞུགས་ན་གཉིས་མ་ཚང་བ་ཡིན། དེ་བཞིན་དུ་ཞིབ་ཏུ་དཔྱད་ན་དལ་འབྱོར་ཚང་ཞེས་པ་ནི་དཀའ་བའི་ཚད་དུ་ཐོན་པ་དང་། ད་ལྟ་ཚང་ཡང་ད་ལྟ་མི་ཚང་བ་ཡང་སྲིད་པས། རང་རྒྱུད་ལ་བྱི་དོར་སྣོད་གཙང་འཁྲུད་བྱས་པ་ལྟ་བུའི་ནང་དུ་བཅུད་ཆོས་ཀྱི་བདུད་རྩི་སེལ་དྲི་མ་མེད་པའི་གཙང་མ་ཞིག་ཐོབ་དགོས་པ་ཡིན། དེ་ཡང་ཁུངས་དག་ཅིང་ཡིད་རྟོན་དུ་རུང་བ་བྱིན་རླབས་ཀྱི་བརྒྱུད་པ་ཡོད་པ་ཞིག་དགོས་པས། ཚིག་གི་བརྒྱུད་པ་ཙམ་ཞིག་ཐོབ་པས་མི་ཆོག་པར་ཟབ་མོའི་གདམས་ངག་ཉམས་ལེན་གྱི་དོན་བརྒྱུད་དང་ལྡན་པ་ཞིག་ཡོད་དགོས་པ་ཡིན། དེ་ཇི་ལྟ་བུ་ཞིག་ལ་ལྡན་པ་ཡིན་ཞེ་ན། རྟོགས་པའི་ཡེ་ཤེས་ནང་དུ་བརྙེས་ནས་ཐུགས་རྗེ་ནུས་པའི་བྱིན་རླབས་ཐོབ་ནས་ཕ་རོལ་པོའི་སྣང་བ་བསྒྱུར་ཐུབ་པས་རྒྱུད་མ་རུང་པ་འདུལ་ནུས་པ་ཞིག་ལ་ཡོད་པ་ཡིན་པས། ཐར་བའི་ལམ་སྣ་མ་ནོར་བ་ཞིག་ཟིན་དགོས་ཚེ་བླ་མ་ལམ་སྟོན་གྱི་འདྲེན་པ་དེ་གནད་ཆེ་བ་ཡིན། དེ་ཡང་བླ་མ་ལ་ལར་ནང་རྟོགས་པའི་ཡོན་ཏན་མངའ་ན་ཡང་གདུལ་བྱ་འདུལ་བའི་དུས་བབ་ཀྱི་དབང་གིས་ཆོས་མ་བསྟན་པ་དང་། ལ་ལས་བཤད་པའི་ཁ་མགོ་ལག་མགོ་ཤོམ་བཞིན་ཡོད་ཀྱང་ཚིག་ཕྱོགས་ལ་འཆེལ་ནས་ཉམས་ལེན་གྱི་གནད་མ་ཐོན་པས་སློབ་མའི་རྒྱུད་འདུལ་མི་ཐུབ་པ་དང་། ལ་ལ་ཕྱི་ནང་གཉིས་ཀ་མེད་པ་ང་འདྲ་བ་དང་། མདོར་ན། འདྲ་འོ་འདྲ་འོ་ནོར་ར་རེ། །ཞེས་རྫོགས་ཆེན་གྱི་སྐབས་སུ་འདྲ་ནོར་གྱི་འཕྲང་བཅོ་བརྒྱད་གསུངས་པ་ལྟར་དུ་བླ་མ་ཡང་དག་ཅིག་རྙེད་པ་ནི་གོང་ནས་གསུངས་པ་བཞིན་ཏུ་ཤིན་ཏུ་དཀའ་བ་ཡིན། དེ་མ་རྙེད་ཚེ་ཐར་བའི་ལམ་སྣ་ཟིན་ཐབས་ཡོད་པ་མིན། སྐྱེ་བ་ཚེ་འདིའི་ཐོག་ཏུ་འདི་སྣང་གི་རྟོག་པ་མ་འགགས་ནས་སྣང་བ་རྣམ་རིག་གསལ་བའི་དུས་འདིར་ཐར་ལམ་མ་ཟིན་ཚེ་ཤི་བའི་རྗེས་ནས། ཆེ་གེ་མོ་ཞིག་གིས་བདེ་འགྲོ་ཐོབ་སོང་ཚུལ་དང་ཐར་ལམ་ཟིན་སོང་བ་ཟངས་མདོག་དཔལ་རིའི་སྒོ་རྩ་ནས་འགྲོ་བཞིན་ཡོད་འདུག་ཅེས་པ་ཙམ་གྱིས། ཁོང་རང་གིས་རང་སྣང་དག་པའི་ངོར་ཤར་བ་འདྲ་ཡིན་ན་མ་གཏོགས་སེམས་ཅན་ལས་ཀྱི་རྗེས་སུ་མི་འབྲང་བར་ཉེ་ལམ་བརྒྱུད་ས་ཡོད་པ་མིན། འོན་ཀྱང་དགེ་བའི་ར་མདའ་གཟུངས་སྔགས་ཁྱད་པར་ཅན་བཟླ་བ་དང་། གསང་སྔགས་ཟབ་མོའི་དཀྱིལ་འཁོར་ལ་བརྟེན་ནས་གཏན་དུ་གནས་ནས་འདྲེན་ཐབས་མེད་པ་ཞིག་ཀྱང་མིན་ནོ། །དེས་ན་གཙོ་བོའི་ནང་གི་གཙོ་བོ་ནི། རང་ཉིད་ཚོགས་ལམ་ཆུང་ངུ་ནས་ཞུགས་ན་ཐར་བ་སྒྲུབ་པའི་ཐབས་མདོ་སྔགས་དགོངས་པ་གཅིག་ཏུ་བབས་པ་ཡིན་པས། དེ་ལ་བརྩོན་པར་བྱེད་པ་གལ་ཆེ་བ་ལས་སྔས་མགོའི་བླ་མ་བཟང་ཡང་འོ་བརྒྱལ་གཏན་ནས་མི་དགོས་པར་འདྲེན་ཐུབ་པའི་ཐུགས་རྗེ་ཡ་བྲལ་བ་ཞིག་ཡོད་པ་མིན་ཏེ། བཅོམ་ལྡན་འདས་ཀྱི་མདུན་ནས་གཅུང་ལྷས་བྱིན་གསོན་པོར་དམྱལ་བར་སོང་བ་ལ། བཅོམ་ལྡན་འདས་ཀྱིས་ཐུགས་མ་བརྩེ་བ་དང་བཅོམ་ལྡན་འདས་ལ་ཐུགས་རྗེ་མེད་པ་ག་ལ་ཡིན་ཡང་ཐབས་མེད་པས་ཡིན། དེས་ན་ཐམས་ཅད་ཀྱིས་ཆོས་ཚིག་རེ་ཐོས་པ་ཡན་ཆད་རང་རྒྱུད་ཀྱི་ཉམས་ལེན་གྱི་གནད་ལ་འཁེལ་བར་བྱེད་པ་ནི་གནད་ཆེ་བ་ཡིན། སྤྱིར་འདིའི་མན་ངག་དྲུག་ཚན་དུ་ཡོད་པ་འདི་དག་མང་ཆེ་ཤོས་ཚིག་རྐང་པ་བརྒྱད་རེས་བསྟན་པ་དང་། ཁ་ཤས་དེ་བས་མང་དང་དེ་བས་ཉུང་ཡང་ཡོད་ལ། གང་ལྟར་ཐོག་མའི་ཚིག་རྐང་དང་པོ་འདིས་མན་ངག་དྲུག་གི་གནད་བསྡུས་ནས་མཚམས་སྦྱོར་མདོར་བསྟན་གྱི་ཚུལ་དང་། བར་གྱི་ཚིག་རྐང་གཞན་རྣམས་ཀྱིས་མན་ངག་རེ་རེ་བཞིན་དུ་རྒྱས་པར་དབྱེ་བ་དང་། ཐ་མ་ན་ཡོད་པའི་ཚིག་རྐང་གཅིག་འདིས་དགོས་པ་དང་བཅས་པའི་མན་ངག་དྲུག་ཚན་དེའི་དོན་བསྡུས་པ་ཞིག་གོ།