བླ་མ་དགོངས་པ་འདུས་པ་ལས་ཞྭ་ཆོས་རིན་ཆེན་པད་སྤུངས། སངས་རྒྱས་གླིང་པ།
བླ་མ་དགོངས་པ་འདུས་པ་ལས༔ ཞྭ་ཆོས་རིན་ཆེན་པད་སྤུངས་ཞེས་བྱ་བ་བཞུགས་སོ༔
རང་གཞན་སྤྱི་ལ་གཅེས་པའི་ཆོས་དྲུག༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཆོས་སྐུའི་དབྱིངས་ནས་གཟུགས་སྐུ་ཡི༔ སྤྲུལ་པ་དུ་མས་འགྲོ་བ་འདྲེན༔ མཁྱེན་བརྩེ་ནུས་མཐུའི་དཔལ་འབར་བ༔ སྐུ་གསུམ་བླ་མ་མཆོག་ལ་འདུད༔ བསྟན་པའི་རྗེས་འཇུག་སྐལ་ལྡན་རྣམས༔ འབྲལ་མེད་བླ་མའི་རྣལ་འབྱོར་བརྩོན༔ དེ་ཡི་རྟེན་འབྲེལ་ཆོས་དག་ལས༔ འདི་ལྟར་འབད་པ་ཤིན་ཏུ་གནད༔ ཞྭ་ཡི་རྒྱུ་དང་བཟོ་ལུགས་དང༔ ནང་རྫོང་གཞུག་དང་རབ་གནས་བྱ༔ གོན་པའི་དུས་དང་ཆེ་བ་དང༔ རྟེན་འབྲེལ་དགོས་ཆེད་ཁ་བསྒྱུར་རོ༔ དེ་ལྟར་སྤྱི་དོན་དགུ་དག་ལས༔ ཐོག་མར་རྒྱུ་ནི་འདི་ལྟ་སྟེ༔ རབ་ནི་དར་ཟབ་ཤེ་འུ་ལ༔ འབྲིང་པོ་རས་ཕྲུག་སྣམ་བུ་སྟེ༔ ཐ་མ་གང་འབྱོར་རྒྱུ་ལ་བྱ༔ འཛོམ་ན་ཕྱི་ནང་བང་རིམ་གསུམ༔ ཕྱིང་པ་ལ་སོགས་རྒྱངས་ཤིང་བཏང༔ བཟོ་ལུགས་ལ་ཡང་རྣམ་གསུམ་སྟེ༔ རབ་ཀྱིས་པཎ་ཞུའི་ལུགས་སུ་བྱ༔ འབྲིང་པོས་འདབ་ལྡན་རིགས་ལྔ་ལ༔ ཐ་མ་དག་གིས་ཅུག་ཞྭ་འོ༔ དང་པོ་པཎ་ཞུའི་བཟོ་ལུགས་ནི༔ མགོ་ཕོར་དིང་དང་འདབ་མ་སྟེ༔ མགོ་ཕོར་མཐོ་སྐོར་ཟླུམ་ཕྱེད་ཚད༔ ཟླུམ་པོའི་ཕྱེད་དཀྱིལ་སོར་བཞི་བསྲིང༔ དེ་ཡང་ཚེས་གསུམ་ཟླ་ལྟར་བྱ༔ དེ་འོག་རི་ལ་རྩེ་སོར་བཞི༔ མཐོ་གསུམ་འོན་ཀྱང་མགོ་ལ་ཚད༔ འདབ་མ་གཡས་གཡོན་དབུས་དང་གསུམ༔ དབུས་མ་གཡས་གཡོན་
དཀྱིལ་དུ་སླེབ༔ གཡས་གཡོན་གཉིས་ཀྱི་རྩ་བ་ལས༔ མཐོ་རེ་རྩེ་ཞེང་འདུན་ཐང་བསྐྱེད༔ དབུས་མའི་རྩ་བ་འདྲ་བ་ལས༔ རྩེ་ཞེང་ཚད་ལ་ཕྱེད་ཀྱིས་བསྐྱེད༔ རིང་ཐུང་ཀུན་ལ་མཐོ་དོ་སྟེ༔ གྱེན་དུ་བསྐྱིལ་ན་ཅུང་ཞིག་བསྟུང༔ ཐུར་དུ་འབེབ་པ་རིང་དུ་བསྲིང༔ དེ་སོགས་གང་འཐད་རིགས་པས་དཔྱད༔ ལྷུ་སྤྲད་སྲུབས་རྣམས་དམ་པར་སྦྲེལ༔ མཐའ་ལྕིབས་སྒྲོག་གུ་ལ་སོགས་པ༔ རྒྱན་རྣམས་ཀུན་གྱིས་མཛེས་པར་བརྒྱན༔ འདབ་ལྡན་རིགས་ལྔའི་བཟོ་ལུགས་ནི༔ མགོ་བོར་མཐོ་གང་ཟླུམ་སྐོར་གྱི༔ གསུམ་ཆ་གཅིག་བོར་རི་ལ་ནི༔ ཆག་གང་སྨད་ལ་མཐོ་གསུམ་སྟེ༔ སྟོད་ལ་མགོ་ཕོར་འདབ་དང་མཉམ༔ ཅུང་ཞིག་འབུར་བ་ངོ་སྒོ་བྱ༔ ངོ་སྒོའི་སྟོད་ལ་མཐོ་གང་བྱ༔ སྨད་ལ་ཆག་གང་དབྱིབས་སོག་ཁ༔ འདབ་མ་རྒྱབ་པད་འདྲ་བ་ལ༔ གཡས་གཡོན་ཕྱེད་ཚལ་ཕྱེད་པའི་དབྱིབས༔ དེ་གསུམ་བར་དུ་པད་ཆུང་རེ༔ ཡང་ན་པད་ཆུང་སྦས་ན་མཛེས༔ པདྨ་མི་བཞེད་ཟླུམ་པོར་བྱ༔ པདྨའི་རྩེ་གསུམ་མཐོ་དམན་མེད༔ མཐོ་རེ་དམའ་སར་དཔུང་པ་གཞོལ༔ ཟླུམ་པོ་རྒྱབ་མ་གཤོག་རྩེ་མཐོ༔ སྨད་ནི་མ་ལ་ཚད་བྱ་སྟེ༔ མདོར་ན་སྟོད་ལྡིར་སྨད་ཞུམ་པ༔ པདྨ་ཁ་འབུས་ལྟ་བུའི་ཚུལ༔ མཛེས་ཤིང་བག་དྲོ་རིགས་པས་དཔྱད༔ རྩེ་ལ་རྒོད་འཕྲུ་དར་སྣ་དང༔ ཉི་ཟླ་མེ་ལོང་རཏྣ་སོགས༔ མཐའ་ལྕུག་སྐུད་
རིས་མུ་ཏིག་ཚེམ༔ དབྱིབས་ལེགས་བཀོད་པ་ཕུན་ཚོགས་བྱ༔ ཅུག་ཞྭའི་ལུགས་ཀྱང་འདི་ལྟ་སྟེ༔ མགོ་ཕོར་པཎ་ཞུའི་ལུགས་དང་མཐུན༔ དེ་ལ་འདབ་མ་མཐོ་དོ་གདགས༔ ངོ་སྒོ་མཐོ་གང་ཞེང་སོར་གཉིས༔ ཅུང་ཞིག་བསྡུས་ལ་མཐའ་ལྕུག་བསྒྲིལ༔ གང་འོས་རྒྱན་ཡང་གདགས་པར་བྱ༔ དེ་ནི་ཅུག་ཞྭའི་བཟོ་ལུགས་སོ༔ དེ་ལྟར་བཟོས་པའི་ཞྭ་ཡི་ནང༔ མཐིང་ཤོག་དར་སྔོན་གང་འཛོམ་ལ༔ རིན་ཆེན་དྲི་བཟང་སྨན་སོགས་ཀྱིས༔ བྱིན་རླབས་ཙཀྲའི་དཔེའུ་རིས་ནི༔ སྣང་སྲིད་ཟིལ་གནོན་ལེགས་བྲིས་ཏེ༔ སྐུ་གདུང་རིང་བསྲེལ་ལ་སོགས་པ༔ བྱིན་རླབས་རྟེན་དང་ལྷན་ཅིག་པར༔ དར་སྣས་དྲིལ་ཏེ་རྩེ་མོར་གཞུག༔ གཞན་ཡང་གཟུངས་སྔགས་གང་འཐད་དང༔ བླ་མའི་སྐུ་བྲིས་གཞུག་པར་བྱ༔ ཞྭ་དེ་རབ་གནས་བྱས་ལ་གོན༔ རབ་གནས་དག་ནི་འདི་ལྟར་རོ༔ ཡར་ཚེས་གཟའ་སྐར་དགེ་བའི་དུས༔ ཡིད་དང་མཐུན་པའི་གནས་ཁང་དུ༔ རྩ་གསུམ་དཀྱིལ་འཁོར་གཞུང་ལྟར་རམ༔ ཡང་ན་འབྲུ་ཡི་ཚོམ་བུ་བཀོད༔ ཕྱི་ནང་གསང་མཆོད་གཏོར་ཚོགས་བཤམ༔ དལ་དབུས་ཁྲི་སྟེང་ཞྭ་བཞག་ལ༔ གུ་གུལ་དུད་བཏང་བགེགས་བསྐྲད་ནས༔ སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ༔ ཕྲིན་ལས་གང་འཐད་རང་གཞུང་བསྲང༔ བདག་བསྐྱེད་ལྷ་ཡི་རྣལ་འབྱོར་བསྒོམ༔ བཟླས་པ་ཅི་འགྲུབ་བྱས་པའི་
རྗེས༔ ཤཱུ་ཛྙཱ་ཏཱ་ཡི་སྔགས་བརྗོད་དེ༔ སྟོང་པའི་ངང་ལས་ཞྭ་དེ་ཉིད༔ གཞལ་ཡས་ཁང་དུ་གྱུར་པའི་ནང༔ ཙཀྲ་འོད་དུ་ཞུ་བ་ལས༔ དབུས་སུ་པདྨ་ཡབ་ཡུམ་དང༔ ཕྱོགས་མཚམས་རིགས་ཀྱི་ལྷ་ཚོགས་བསྐྱེད༔ དེ་ལྟར་གསལ་བའི་ལྷ་ཚོགས་ཀྱི༔ གནས་གསུམ་ཡི་གེ་འབྲུ་གསུམ་ལས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་རྣམས༔ དགྱེས་མཆོད་རྒྱུད་བསྐུལ་དགུག་གཞུག་བསྲེ༔ ཁྱད་པར་རྩ་བརྒྱུད་བླ་མ་རྣམས༔ སྤྱན་དྲངས་ཡང་ཡང་བསྟིམ་བྱ་ཞིང༔ ཙཀྲའི་སྔགས་རྣམས་ཅི་མང་བཟླ༔ སྔགས་ཀྱི་སྤྲོ་བསྡུ་ལ་སོགས་དང༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ ཤིས་པ་བརྗོད་པའི་ཆོ་ག་ཡང༔ རྒྱས་པར་གཞན་ནས་འབྱུང་ལྟར་འབད༔ དེ་ནས་ཕྱི་ནང་ལྷ་རྣམས་ལ༔ མཆོད་བསྟོད་གཏོར་མ་འབུལ་ནས་ནི༔ འདོད་པའི་དོན་ལ་གསོལ་བ་གདབ༔ ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས༔ ཙཀྲ་ལ་བསྟིམ་རྒྱས་གདབ་སྟེ༔ ཙཀྲ་ཞྭ་དང་བཅས་པ་ནི༔ རང་མོས་རྩ་བའི་བླ་མར་བསམ༔ རྗེས་ཀྱི་བྱ་བ་སྤྱི་མཐུན་བྱ༔ དེ་ལྟར་ལྡན་པའི་ཞྭ་རྣམས་ཀྱང༔ གོན་པའི་བྱེ་བྲག་དུས་འདི་ལྟར༔ པཎ་ཞུ་སྣང་སྲིད་ཟིལ་གནོན་ཞྭ༔ འདུས་ཚོགས་ཆེན་པོའི་དུས་སུ་གོན༔ འདབ་ལྡན་རིགས་ལྔ་བྱིན་རླབས་ཞྭ༔ དབང་བསྐུར་ཆོས་འཆད་དུས་སུ་གོན༔ ཅུག་ཞྭ་རྟེན་འབྲེལ་
ཞྭ་འུ་སྟེ༔ ནམ་དུ་ཡང་ནི་གོན་པར་བྱ༔ གཞན་ཡང་ཞྭ་རིགས་གསུམ་པོ་དེ༔ བྱེ་བྲག་རྣམ་པ་ཅི་བཞིན་པར༔ དུས་དང་གནས་སྐབས་ཤེས་པར་བྱ༔ མདོར་ན་བླ་མའི་རྟེན་འབྲེལ་གྱིས༔ རྒྱུན་དུ་མི་འབྲལ་འགྲོགས་པར་བྱའོ༔ པཎ་ཞུ་གོན་པའི་ཆེ་བ་ནི༔ ལྷ་འདྲེ་མི་གསུམ་ཟིལ་གྱིས་གནོན༔ ཕ་རོལ་གཞན་རྒྱུད་དབང་དུ་འགྱུར༔ བདུད་དང་བར་ཆད་འདྲེ་ངན་ཐུལ༔ ཀུན་གྱིས་བཀུར་ཞིང་ཡིད་དུ་འོང༔ བག་དྲོ་བྱིན་ཆགས་རང་སྣང་འགྱུར༔ ཐམས་ཅད་བཀའ་ཉན་བྲན་དུ་འགྱུར༔ དེ་སོགས་ཡོན་ཏན་དཔག་ཏུ་མེད༔ འདབ་ལྡན་རིགས་ལྔའི་ཆེ་བ་ཡང༔ ལན་གཅིག་སྤྱི་བོར་བཞག་པས་ཀྱང༔ གཞི་རྫོགས་དབང་ཉིད་ཐོབ་དང་མཚུངས༔ སྨིན་ཅིང་གྲོལ་བའི་དལ་དུ་འགྱུར༔ འདི་གོན་གཞན་ལ་དབང་བསྐུར་རམ༔ བྱིན་རླབས་ལ་སོགས་གང་བྱེད་ཀྱང༔ རང་གཞན་ཀུན་ལ་གཟི་བྱིན་སྐྱེད༔ དེ་དང་མཚུངས་པའི་ཡོན་ཏན་རྣམས༔ འབྱུང་འགྱུར་འདི་ལ་ཡིད་གཉིས་མེད༔ ཅུག་ཞྭ་ལ་ཡང་འདི་ལྟ་སྟེ༔ གང་གིས་མཐོང་རྣམས་དང་བ་འདྲེན༔ མོས་ནས་བཀུར་སྟི་ཕུ་དུད་བྱེད༔ རང་ཡང་རྒྱུད་དུལ་ཉམས་ལེན་འཕེལ༔ གནས་སྐབས་རྐྱེན་དང་བར་ཆད་སེལ༔ ཉོན་མོངས་རྟོག་པ་ངང་གིས་འགག༔ ཚེ་འདིའི་ཞེན་ཆགས་འཛིན་པ་འཇིག༔ དགྲ་རྐུན་ཆོམ་པོས་འཇིགས་མི་བྱེད༔
རྒྱུད་དལ་ཞི་དུལ་ལྷུན་ཆགས་ཤིང༔ སེམས་བསྐྱེད་སྙིང་རྗེ་ལྡན་པ་འབྱུང༔ ཚུལ་དུ་མཐུན་པའི་ཞྭ་དེ་ཉིད༔ གང་གིས་མཐོང་བའི་འགྲོ་བ་རྣམས༔ ངན་སོང་འཁོར་བའི་གནས་ལས་སྐྱོབ༔ པད་འབྱུང་ང་དང་འཕྲད་མཚུངས་ཤིང༔ ང་དང་ཡོན་ཏན་སྐལ་པ་མཉམ༔ འདི་མཐོང་ང་ཉིད་དྲན་ནས་ནི༔ རབ་ཀྱིས་བཀུར་སྟི་ཕུ་དུད་བྱེད༔ འབྲིང་པོས་དག་སྣང་མོས་གུས་འབུལ༔ ཐ་མས་ཀྱང་ནི་རྗེས་ཡི་རང༔ མ་དག་སྐྱེ་བོས་གཤེ་གྱུར་ཀྱང༔ འབྲེལ་པས་འཁོར་བ་མཐའ་ཅན་འགྱུར༔ ཞྭ་འདི་མཐོང་ཐོས་རེག་པ་རྣམས༔ འབྲེལ་ཚད་དོན་དང་ལྡན་པའི་ཕྱིར༔ འདི་ལ་དད་ཅིང་བརྩོན་པར་བྱ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀྱང༔ རྟེན་ཅིང་འབྲེལ་པ་ལས་བྱུང་ཕྱིར༔ འདི་ཡང་རྟེན་འབྲེལ་རྒྱུ་འབྲས་བཀོད༔ ཞྭ་ནི་བླ་མ་རྟེན་འབྲེལ་ཏེ༔ དད་པས་ཕྱག་འཚལ་རབ་ཏུ་བླང༔ གོན་ཅིང་བླ་མའི་རྣལ་འབྱོར་བསྒོམ༔ གདུང་བའི་ཡིད་ཀྱིས་གསོལ་བ་གདབ༔ གཅེས་སྤྲས་བྱ་ཞིང་གཙུག་ཏུ་བཀུར༔ ཚེ་དང་དཔལ་འབྱོར་བསོད་ནམས་དང༔ སྟོབས་དང་གཟི་བརྗིད་སྙན་གྲགས་སོགས༔ ལོངས་སྤྱོད་རྣམས་ཀྱི་རྟེན་འབྲེལ་ཡང༔ ཞྭ་ལ་ཡོད་པས་ཤིན་ཏུ་གཟབ༔ དཔོན་དང་མཆེད་གྲོགས་གོང་མ་སོགས༔ བཀུར་བར་འོས་པའི་རིགས་རྣམས་ཀྱི༔
རྟེན་འབྲེལ་ཞྭ་ལ་ཡོད་པའི་ཕྱིར༔ གུས་པས་བཀུར་སྟི་ཕུ་དུད་བྱ༔ ཕ་རོལ་ཟིལ་གྱིས་གནོན་པ་དང༔ སྣང་སྲིད་དབང་དུ་སྡུད་པ་ཡང༔ རྟེན་འབྲེལ་ཞྭ་ལས་བྱུང་བའི་ཕྱིར༔ བག་དྲོ་བརྗིད་ལྷུན་ཆགས་པར་བྱེད༔ དགོས་ཆེད་རྣམ་པ་མང་ན་ཡང༔ རང་གཞན་གནས་སྐབས་གསུམ་གྱི་དོན༔ རང་ཉིད་བཙུན་པར་བྱ་བ་དང༔ གཞན་ཡིད་དང་བ་འདྲེན་ཕྱིར་དང༔ གནས་སྐབས་རྐྱེན་ལས་སྐྱོབ་ལ་སོགས༔ དགོས་ཆེད་དུ་མ་ལྡན་པ་འོ༔ ཞྭ་ཡི་ཁ་སྒྱུར་རིམ་པ་རྣམས༔ ཞི་རྒྱས་དབང་དང་མངོན་སྤྱོད་དེ༔ ཕྲིན་ལས་ཡོངས་ལ་སྤྱོད་དང་ལྔ༔ ཞི་བའི་རིགས་ཀྱི་ལས་སྤྱོད་ཚེ༔ ཞྭ་ནི་དཀར་གསལ་མདངས་ལྡན་གོན༔ ལྷ་ཡང་བཛྲ་ཐོད་ཕྲེང་བསྐྱེད༔ རྒྱས་པའི་ལས་ལ་སྤྱོད་པའི་ཚེ༔ སེར་པོ་བརྗིད་ལྷུན་ཆགས་པ་གོན༔ ལྷ་ཡང་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་ལ་སྤྱོད་པའི་ཚེ༔ དམར་པོ་འོད་སྣུམ་ཆགས་པ་གོན༔ ལྷ་ཡང་པདྨ་ཐོད་ཕྲེང་བསྒོམ༔ དྲག་པོའི་ལས་ལ་སྤྱོད་པའི་ཚེ༔ ཞྭ་ཡང་མཐིང་ནག་རྔམ་པ་གོན༔ ལྷ་ཡང་ཀརྨ་ཐོད་ཕྲེང་བསྒོམ༔ སྣ་ཚོགས་ཕྲིན་ལས་གང་བསྒྲུབ་དུས༔ ཁ་དོག་སྣ་ཚོགས་ལས་བྱས་གོན༔ བྷུདྡྷ་ཐོད་ཕྲེང་ལྷ་ཚོགས་བསྐྱེད༔ ཞི་བའི་ཞྭ་ལ་སྤྱི་བོ་བསྲིང༔ རྒྱས་པ་དག་ལ་འདབ་མ་བསྐྱེད༔ དབང་
ལ་རྒྱན་རྣམས་མཆོག་ཏུ་གཟབ༔ དྲག་པོ་རྩེ་རྣམས་རྣོ་བར་བྱ༔ ཀུན་ལ་ཤམ་བུ་རིང་བར་བྱ༔ ཞི་རྒྱས་གཉིས་ལ་པཎ་ཞུ་མཆོག༔ དབང་དྲག་འདབ་ལྡན་རིགས་ལྔ་སྟེ༔ ཅུག་ཞྭ་ལས་རྣམས་ཀུན་གྱི་ཞྭ༔ གང་ཡང་ཆག་ཚད་ལྡན་པ་དང༔ བཟོ་སོགས་རྒྱུ་རྣམས་གཟབ་པ་གནད༔ ཀུན་ལ་གཟབ་པར་མི་བྱ་ཡང༔ ཞྭ་ནི་ཤིན་ཏུ་གཟབ་པར་གཅེས༔ འདི་དོན་རྟེན་འབྲེལ་མ་འཆུགས་ན༔ ཕྲིན་ལས་ཐོགས་མེད་གང་ཡང་འགྲུབ༔ དེ་ཕྱིར་ཕྱི་རབས་རྣལ་འབྱོར་རྣམས༔ དེ་ལྟར་དོན་རྣམས་ཤེས་བྱ་ཞིང༔ འབད་པ་དོན་ཡོད་བརྩོན་པར་བྱ༔ ས་མ་ཡ༔ གཞན་ཡང་ཞྭ་ཡི་རིགས་རྣམས་ཀྱི༔ གཙུག་ཏུ་ཙཀྲ་བཞུགས་བྱས་ཏེ༔ རབ་གནས་ལྡན་པ་སུས་གོན་པ༔ སྐྱེས་བུ་དེ་ལ་བྱིན་གྱིས་རློབ༔ གནོད་བྱེད་གདོན་གྱིས་མཐོང་མི་འགྱུར༔ ཕ་རོལ་གཞན་རྐྱེན་བར་ཆད་ཟློག༔ ཡོན་ཏན་ཀུན་འབྱུང་སུས་མཐོང་ཡང༔ ངན་སོང་འགྲོ་བའི་སྐྱེ་སྒོ་གཅོད༔ སྨིན་གྲོལ་དོན་འབྲས་ཆེན་པོ་འགྲུབ༔ དེ་ལྟར་ལྡན་ཕྱིར་བརྩོན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞྭ་ཆོས་རིན་ཆེན་པད་སྤུངས་འདི༔ པདྨས་ཕྱི་རབས་དོན་དུ་མཛད༔ བརྡ་རྟགས་བསྟོད་འབུམ་ནང་དུ་ལྟོས༔ མཚོ་རྒྱལ་བདག་གིས་ཐེམ་ལ་བཏབ༔ གསང་རྒྱ་རིན་ཆེན་གཏེར་དུ་སྦས༔ ལས་ཅན་གཅིག་དང་
འཕྲད་པར་ཤོག༔ ས་མ་ཡ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ གྷུ་ཧྱ༔ བདག་འདྲ་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་བཏོན་པའོ། །དགེའོ།། །།