ཚེ་རིང་མའི་འགྲེས་བྱང་།
ཧཱུྃ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སྐུ་མདོག་དཀར་མོ་གཞོན་ཚུལ་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །ཕྱག་གཡོན་ཚེ་ཡི་བུམ་པ་འཛིན། །བུམ་པའི་སྟེང་ན་དཔལ་བེའུ་དང་། །གཡུང་དྲུང་རིན་ཆེན་འཁྱིལ་པས་བརྒྱན། །ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །རིན་ཆེན་དུ་མས་མཛེས་པར་བརྒྱན། །བཀྲ་ཤིས་ཚེ་ཡི་གཙོ་མོ་སྟེ། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །གངས་དཀར་སྟེང་ན་བཞུགས་པ་མོ། །མཆོད་གཏོར་འདི་བཞེས་སྲིད་རྣམས་སྲུངས། །རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་མཐིང་གི་ཞལ་བཟང་མ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །སྐུ་མདོག་སྔོ་བསངས་འཚེར་བག་ཅན། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས། །གཡོན་པས་ལྷ་ཡི་བ་དན་འཕྱར། །སྐུ་ལ་དར་དཀར་ན་བཟའ་གསོལ། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །མཆོད་གཏོར་འདི་བཞེས་སྣང་གསལ་གྱི། །བདེན་མཐོང་པྲ་ཡི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་མི་
གཡོ་བློ་བཟང་མ། །གསང་མཚན་རྡོ་རྗེ་བཞད་པ་མོ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཆིབས་སུ་རྒྱ་སྟག་ཁྲ་བོ་ཆིབས། །ཕྱག་གཡས་རིན་ཆེན་སྡེར་བཟང་ནང་། །ལྷ་ཡི་ཞལ་ཟས་སྣ་ཚོགས་བསྣམས། གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །མཆོད་གཏོར་འདི་བཞེས་རྨ་གཡང་གི །རོ་མཆོག་ཟས་ཀྱི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་ཅོད་པན་མགྲིན་བཟང་མ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །སྐུ་མདོག་དམར་མོ་མདངས་དང་ལྡན། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །ཕྱག་གཡས་ཡིད་བཞིན་ནོར་བུ་དང་། །ཕྱག་གཡོན་རིན་ཆེན་སྒྲོམ་བུ་བསྣམས། །སྣང་སྲིད་ཐམས་ཅད་དབང་སྡུས་ལ། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །མཆོད་གཏོར་འདི་བཞེས་བང་མཛོད་ཀྱི། །འབྲུ་ནོར་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་གཏད་དཀར་འགྲོ་བཟང་མ། །གསང་མཚན་རྡོ་རྗེ་གར་མཁན་མ། །སྐུ་མདོག་སྔོ་ལྗང་མདངས་དང་ལྡན། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །ཕྱག་གཡས་རྩྭ་མཆོག་དཱརྦ་དང་། །གཡོན་
པས་སྦྲུལ་གྱི་ཞགས་པ་བསྣམས། །ཕྲིན་ལས་ཐོགས་པ་མེད་པ་ཡི། །མཐུ་དང་ནུས་པ་འདིར་སྟོན་ཅིག །མཆོད་གཏོར་འདི་བཞེས་རྐང་བཞི་ཡི། །རྟ་ཕྱུགས་། འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ཅེས་ཚེ་རིང་མཆེད་ལྔའི་གསོལ་ཀ། གར་དབང་དྲུག་པས་མཛད་པ་ལ། ཨ་རཱ་གས་ཚིག་གི་བསྒྱུར་སོ་ཅུང་ཞིག་གིས་སྦྱར་བའོ།། །།